དཀར་ཆག
This name comes from the volume’s file name in the source
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 103 · folio 1a
༄༅། །དཀར་ཆག་བཞུགས་སོ།།
Vol. 103 · folio 1b
༄༅། །བཔཱུརཱུཔཾམདྷྱེདྭིགཎཛལ་ནིདྷྱབྲྀཏརུཙིཾ།།
༄༅། །ཚོགས་གཉིས་རྒྱ་མཚོ་འཁྱིལ་པའི་དབུས་སུ་བལྟ་བས་མི་ངོམས་གཟུགས་ཀྱི་སྐུ། །
Vol. 103 · folio 2a
སུ མེ རུ ཤྲཱི དཱི པྟཾ ཀུ སུ མ ཛ ལ སི ཀྟཾ བྷ བཏྲྀ ཥུ། །
མཚན་དཔེའི་དཔལ་འབར་གསེར་གྱི་རི་དབང་གུར་གུམ་ཆབ་ཀྱིས་བཀྲུས་པ་ལ། །
Vol. 103 · folio 2b
པྲ བྷཱུ སྭ དྦུ ཉྫནྱཾྲྲྲྲྲ རུ ཙི ར མ ཡུ ཏེ རླེ པི ཏ ས མཾ། ཤིརཿ ཿརཿ ཤཱ ཀྱ ཤྲཻ ཥྛཾ བྷ བ ཏི ཛ ཡ ཀེ ཏྭ རྩྩི ཏ བ དཾ། །
ཉི་གཞོན་འབུམ་གྱིས་བྱུག་པ་བཞིན་དུ་སྲིད་པ་གསུམ་ན་ལྷང་ངེ་བ། །རྒྱལ་བའི་ཏོག་གྱུར་ཤཱཀྱའི་གཙོ་བོའི་ཞབས་ཀྱི་པད་མོ་སྤྱི་བོས་མཆོད།
Vol. 103 · folio 3a
༄༅།། ཐོག་མཐའ་དབུས་བྲལ་རང་བཞིན་དག་པའི་ཆོས་ཀྱི་དབྱིངས་སུ་རྣམ་ཀུན་ཡོངས་རྫོགས་ལྷུན་གྲུབ་སྐུ། །གཞན་རྐྱེན་མཚན་མའི་ཡུལ་ལས་རིང་སོང་མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་གནས་བརྙེས་པས། །ས་བཅུའི་དབང་ཕྱུག་རྒྱལ་སྲས་རྣམས་ངོར་ངེས་པ་ལྔ་ལྡན་
ཀུན་ནས་ལོངས་སྤྱོད་ཡོངས་རྫོགས་གཟུགས། །ཉི་དང་འོད་བཞིན་མཐའ་ཀླས་ཞིང་དུ་སྤྲུལ་པ་དང་བཅས་སྤྲོ་མཛད་བདེར་གཤེགས་རྣམས་ལ་འདུད། །ཡོད་མེད་ལ་སོགས་མཐའ་བརྒྱ་ལས་གྲོལ་བསམ་བརྗོད་ཡུལ་མིན་གཟོད་ནས་རབ་ཞིའི་དབྱིངས་དེ་དང་། །དྲི་མེད་ཡེ་ཤེས་
རྟོག་བྲལ་འོད་ཅན་དམིགས་པའི་མུན་པ་ཀུན་ནས་འཇོམས་བྱེད་ཉི་མ་ཆེ། །དེ་དག་ཉིད་ཀྱང་ངོ་བོ་རྒྱུ་རྐྱེན་འབྲས་བུའི་ཚུལ་གྱིས་བརྗོད་བྱར་གནས་པའི་ལུང་དང་བཅས༑ །སྲིད་པའི་རིམས་ནད་འཕྲོག་པའི་རྩི་ཆེན་དམ་པའི་ཆོས་ལ་རྟག་ཏུ་གུས་པས་བསྙེན་པར་བགྱི། །རང་གི་
དོན་ལ་རིང་ནས་སྨོད་ཅིང་གཞན་དོན་ཁོ་ན་རྟག་པར་ལྷུར་ལེན་འཁོར་བ་ན། །སྲིད་མཐའི་བར་དུ་སྒྱུ་མའི་རོལ་བས་དམ་པའི་དོན་སྤྱོད་སྙིང་སྟོབས་ཆེན་པོའི་གོ་ཆ་ཅན། །རིག་དང་གྲོལ་བའི་ཡོན་ཏན་གྱིས་མཛེས་རྒྱལ་བའི་མྱུ་གུ་བྱང་ཆུབ་གདུང་འཛིན་ཐམས་ཅད་དང་། །རང་རྒྱལ་
ཉན་ཐོས་ཞུགས་གནས་བརྒྱད་བཅས་ཐེག་པ་གསུམ་གྱི་འཕགས་ཚོགས་རྒྱ་མཚོ་སྤྱི་བོས་མཆོད། །ཛམྦུས་མཚན་པའི་གླིང་མཆོག་འདི་ན་ཐུབ་པའི་བསྟན་པ་ཉིན་མོར་བྱེད་པའི་དཔལ་འཛིན་པ། །གང་གི་གྲགས་པ་ཟླ་རིས་གསར་པས་སླར་ཡང་མཛེས་བྱས་མུན་པའི་བརྟུལ་
ཞུགས་ཅན་རྣམས་ཀྱང་། །སྣང་བ་དམ་པའི་གོ་འཕང་ལ་སྦྱོར་རྒྱན་དྲུག་ཆེ་བཞི་རྨད་བྱུང་གཉིས་སོགས་ཟླ་མེད་པའི། །གཙུག་ལག་མཆོག་གི་ཤིང་རྟ་ཆེ་རྣམས་ཞབས་ཀྱི་པདྨོ་བྱང་ཆུབ་བར་དུ་སྤྱི་བོས་བརྟེན། །མ་སྨད་བློ་གྲོས་ལང་ཚོ་བརྟས་པས་ལེགས་བཤད་ལྷ་མོའི་འཇོ་
Vol. 103 · folio 3b
སྒེག་ལ་ཆགས་རོལ་རྩེད་ཀྱིས། །ཡང་ཡང་བསྐུལ་བའི་རིག་ལམ་མང་པོའི་ཟུར་མིག་གཡོ་ལྡན་སྨྲ་བའི་དབང་ཕྱུག་དཔལ་བརྩེགས་སོགས། །རྒྱལ་བའི་གསུང་རབ་ཡིད་བཞིན་ནོར་མཆོག་གངས་ཅན་བརྡ་ཡི་གཟིང་གི་འཁྲུལ་འཁོར་ལ་བརྟེན་ནས། །ན་ཡོངས་སུ་དྲངས་མཛད་འཇིག་རྟེན་
མིག་རྣམས་ཚེ་རབས་ཀུན་ཏུ་བཀའ་དྲིན་དྲན་པས་ཕྱག་བགྱིར་འོས། །བློ་ལྡན་འགའ་ཞིག་གཙུག་ལག་རྒྱ་མཚོ་རྣམ་དཔྱོད་ཧུབ་ཀྱིས་ངོམས་པ་མེད་པར་བཏུང་བ་ཡིས། །དགོངས་འགྲེལ་བྱེད་པའི་ཉམས་སྟོབས་རྫོགས་པས་ལོག་སྨྲའི་དཔུང་ཚོགས་ཁེངས་པའི་ཡན་ལག་འཕྲོག་རྣམས་དང་། །
འགའ་ཞིག་ཐོས་དོན་མཉམ་པར་བཞག་པས་ཏིང་འཛིན་མང་པོར་འཇུག་དང་ལྡང་བའི་རྣལ་འབྱོར་ཅན། །རབ་འབྱམས་རྒྱ་མཚོའི་ཤཱཀྱའི་སྲས་ཀྱི་སློབ་མ་རྣམས་ལ་སྤྱི་བོས་བཏུད་ནས་ཕྱག་བགྱིའོ། །ཀི་ལཱ་ཤ་ཡི་ར་བས་ཡོངས་བསྐོར་གངས་ཅན་འདི་ན་ལྷ་ཡི་རིགས་འཁྲུངས་ས་སྐྱོང་བ། །དགེ་
བཅུའི་ཁྲིམས་ཀྱིས་སྐྱེ་དགུ་རབ་སྲུང་རྒྱལ་བའི་བསྟན་པ་མི་ནུབ་རྒྱལ་མཚན་ཆེ་དེ་ཡང་། །ཕྲག་པར་ཁྱེར་ནུས་གསང་བའི་བདག་པོའི་སྙིང་སྟོབས་གྱིས་བརླིངས་རྒྱལ་བའི་མྱུ་གུ་དེ་དག་ལ། །རབ་ཏུ་དང་བའི་ག་བུར་རྡུལ་གྱིས་ཀུན་ནས་བྲན་པའི་ཡིད་ཀྱིས་མོས་པ་གཅིག་ཏུ་ཕྱོགས། །གང་
ཞིག་དོན་ཀུན་གྲུབ་པ་ཐུགས་རྗེ་ཅན། །གང་གི་གསུང་གསང་མི་ཤིགས་རྡོ་རྗེའི་སྒྲ། །གང་ཡང་བརྗོད་པ་ཀུན་བྲལ་ཆོས་ཀྱི་སྒོ། །གང་དག་བསྡུ་བར་ནུས་པ་སུ་ཞིག་ཡོད། །འོན་ཏང་གདུལ་བྱའི་སྣོད་དུ་ཉེར་འཚམས་པའི། །ལེགས་གསུང་རོ་མཆོག་དགྲ་བཅོམ་ཆེ་རྣམས་དང་། །གསང་བ་
འཛིན་ཐུགས་གཞལ་བྱར་འོངས་པ་ལས། །འཛམ་གླིང་འདི་ན་འབྱམས་སུ་ཀླས་པར་བཞུགས། །དེ་ལས་བྱང་ཕྱོགས་འདི་ན་བསོད་ནམས་ཀྱི། །ཟོད་ཅན་སྐྱེས་བུའི་སྙིང་སྟོབས་ལྷན་ཅིག་ཏུ། །དུས་ལས་མི་ཡོལ་རྒྱལ་བའི་ཐུགས་རྗེའི་རླབས། །གཡོས་པས་གསུང་རབ་རིན་ཆེན་ཉུང་ཤས་
ལོན། །དེ་ཉིད་མི་ཟད་ཆོས་ཀྱི་དགའ་སྟོན་དུ། །བཀྱེ་སླད་པར་གྱི་འཁྲུལ་འཁོར་ལ་དྲངས་པའི། །དཀར་ཆག་མུ་ཀ་ཏི་ཀ་ལྟར་མཛེས་པའི་ཕྲེང་། །སྡེབ་ལེགས་ཚིག་གི་སྲད་བུར་བརྒྱུ་བར་བྱ། །དེ་ཡང་ཐོག་མར་བདག་ཅག་གི་སྟོན་པ་འདིས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་བཀའ་བསྡུའི་བྱུང་
Vol. 103 · folio 4a
བ་དང་བཅས་པ། དེ་ལས་འཕགས་བོད་ཀྱི་ཡུལ་དུ་ཇི་ཙམ་ཕེབས་ཤིང་བསྟན་པ་དེ་བསྐྱངས་ཚུལ་དང་བཅས་པ། དེ་མིའི་དབང་པོས་ཇི་ལྟར་པར་དུ་བསྒྲུབས་པའི་ཚུལ། བཞུགས་བྱང་དཀར་ཆག་དངོས། དེའི་དགོས་ཆེད་ཕན་ཡོན་
བསྔོ་སྨོན་དང་བཅས་པ་སྟེ་སྐབས་ལྔ་རིམ་པ་བཞིན་དུ་གླེང་བར་བྱའོ། །དེ་ལས་དང་པོ་ཆོས་ཀྱི་འཁོར་ལོའི་རྣམ་གཞག་བཀའ་བསྡུའི་བྱུང་བ་དང་བཅས་པ་འཆད་པ་འདི་ལ། སྤྱིར་དམ་པའི་ཆོས་ངོས་གཟུང་བ། ཁྱད་པར་ལུང་གི་ཆོས་འཁོར་བསྐོར་ཚུལ། ཡང་
སྒོས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཚུལ། དེ་དག་བསྡུ་བ་པོ་རྣམས་ཀྱིས་སོ་སོར་བསྡུས་ཚུལ་ལོ། །དང་པོ་ནི། ངོ་བོའི་སྒོ་ནས་མདོར་བསྟན། ངེས་ཚིག་དང་དབྱེ་བའི་སྒོ་ནས་རྒྱས་པར་འཆད་པ་གཉིས་ལས། དང་པོ་ནི་བདག་ཅག་གི་སྟོན་
པ་རྣམ་འདྲེན་ཤཱཀྱའི་དབང་པོ་འདི་ཉིད་ཀྱིས་གྲངས་མེད་དཔག་ཏུ་མེད་པའི་བསྐལ་པ་རྒྱ་མཚོ་རྣམས་སུ་སངས་རྒྱས་ཀྱི་ཞིང་རྒྱུ་མཚོ་ཡོངས་སུ་སྦྱངས་ཤིང་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པ་དང་། སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་མཛད་ནས་ཇི་སྙེད་པའི་ཆོས་ཐམས་
ཅད་ལུས་པ་མེད་པའི་ཚུལ་གྱིས་ཇི་ལྟ་བར་མཁྱེན་ནས་མངོན་པར་བྱང་ཆུབ་སྟེ་གདུལ་བར་བྱ་བ་རྣམས་ལ་རྣམ་པ་ཐམས་ཅད་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཕྲིན་ལས་ཐམས་ཅད་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལ་དམ་པའི་ཆོས་ཞེས་བྱ་
བ་དེ་ཉིད་གང་ཞེ་ན། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར། གང་ལ་ཚུལ་བཞིན་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་སྟེ།
འགོག་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་ཆོས་རྣམས་དང་ཚད་ལྡན་གྱི་བཀའ་བསྟན་བཅོས་རྣམས་ཡིན་ཞིང་དེའང་སྔ་མ་ནི་བརྗོད་བྱ་དང་། ཕྱི་མ་ནི་རྗོད་བྱེད་ཀྱི་ཚུལ་གྱིས་སོ། །གཉིས་པ་ནི། སྤྱིར་ཆོས་ཞེས་བྱ་བའི་སྒྲ་ནི། དོན་བཅུ་ལ་འཇུག་སྟེ། རྣམ་
Vol. 103 · folio 4b
བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་འབྱུང་བ་ལྟར་ཆོས་ཀྱི་སྒྲ་ཤེས་བྱ་ལ་འཇུག་པ་ནི་དཔེར་ན་མདོ་ལས། ཆོས་
གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་སམ། ཞེས་དང་། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། ཞེས་པ་ལ་སོགས་པ་ལྟ་བུའོ། །ལམ་ལ་འཇུག་པ་ནི། དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་
ཡིན་ནོ། །ཞེས་པ་ལྟ་བུ་དང་། མྱང་འདས་ལ་འཇུག་པ་ཆོས་ལ་སྐྱབས་སུ་སོང་བ་ཞེས་པ་ལྟ་བུ། ཡིད་ཀྱི་ཡུལ་ལ་འཇུག་པ་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ། བསོད་ནམས་ལ་འཇུག་པ། བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་
ཅིག་ཏུ་ཆོས་སྤྱོད། ཅེས་པ་ལྟ་བུ། ཚེ་ལ་འཇུག་པ། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན། ཞེས་པ་ལྟ་བུ། གསུང་རབ་ལ་འཇུག་པ། དགེ་སློང་ཆོས་ཤེས་པ་ནི། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ཞེས་
པ་ལྟ་བུ། འབྱུང་འགྱུར་ལ་འཇུག་པ། འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ། །ཞེས་དང་། ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སམ། ཞེས་པ་ལྟ་བུ། ངེས་པ་ལ་འཇུག་པ། དགེ་སྦྱོང་གི་ཆོས་བཞི་ཞེས་དང་། དགེ་སློང་དག་
སྲོག་གཅོད་པ་ནི་ཆོས་མ་ཡིན་ལ། སྲོག་གཅོད་པ་སྤོང་བ་ནི་ཆོས་ཡིན་ནོ། །ཞེས་སོགས་འབྱུང་བ་ལྟ་བུ། ལུགས་ལ་འཇུག་པ། ཡུལ་ཆོས་དང་རིགས་ཆོས་ལྟ་བུ་རྣམས་སོ། །ཡང་ན་ཆོས་ཀྱི་སྒྲ། ལེགས་བྱས་དང་། གཤིན་རྗེ་དང་། རིགས་པ་དང་།
རང་བཞིན་དང་། ཀུན་སྤྱོད་དང་། མྱ་ངན་ལས་འདས་པ་སྟེ་དོན་དྲུག་ལ་འཇུག་སྟེ། ཨ་མཱ་ར་ཀོ་ཥ་ལས། དྷརྨ་བསོད་ནམས་གཤིན་རྗེ་རིགས། །རང་བཞིན་སྤྱོད་དང་ཟླ་བའི་བཏུང་། །ཞེས་བཤད་པས་སོ། །དེ་དག་ལ་ཅིའི་ཕྱིར་ཆོས་ཞེས་བྱ་ཞེ་ན།
Vol. 103 · folio 5a
ཌུདྷཱྀ྅་འཛིན་པ་ལའོ་ཞེས་པའི་བྱིངས་ཀྱི་ནུས་པས་འཛིན་པའི་ཕྱིར་དྷརྨ་སྟེ་ཆོས་ཞེས་བྱའོ། །དེའང་འདོད་འཇོ་ལས་ཐམས་ཅད་འཛིན་པས་ན་ཆོས་སོ་ཞེས་འབྱུང་ངོ་། །འོ་ན་དེ་དག་གིས་ཅི་ཞིག་འཛིན་པ་ཡིན་ཞེ་ན། ཤེས་བྱ་
རྣམས་ཀྱིས་ནི་རང་དང་སྤྱིའི་མཚན་ཉིད་འཛིན་པ་སྟེ། དཔེར་ན་ས་ནི་སྲ་བའོ། །ཆུ་ནི་གཤེར་བའོ། །མེ་ནི་ཚ་བའོ། །རླུང་ནི་ཡང་ཞིང་གཡོ་བའོ། །ཞེས་པ་ལྟ་བུ་རང་མཚན་དང་། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་
ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་པ་ལྟ་བུ་སྤྱི་མཚན་འཛིན་པ་དང་། ལམ་དང་མྱང་འདས་ནི་འཁོར་བར་ལྟུང་བ་ལས་འཛིན་པ་དང་། ཡིད་ཡུལ་གྱིས་ནི་ཡིད་འཛིན་པ་དང་། བསོད་
ནམས་ཀྱིས་ངན་འགྲོར་ལྟུང་བ་ལས་འཛིན་པ་དང་། ཚེའམ་སྲོག་གིས་ནི་ལུས་སམ་རིས་མཐུན་འཛིན་པ་དང་། གསུང་རབ་ཀྱིས་ནི་དོན་ཕྱིན་ཅི་མ་ལོག་པར་འཛིན་པ་དང་། འབྱུང་འགྱུར་གྱིས་འབྱུང་རྒྱུའི་ཆོས་དེ་འཛིན་པ་དང་། ངེས་པས་ངེས་པར་བྱ་
བའི་གཞི་འཛིན་པ་དང་། ལུགས་ཀྱིས་ནི་རང་དང་མཚུངས་པའི་སྤྱོད་པ་འཛིན་པ་དང་། རིགས་པས་ནི་འཁྲུལ་པའི་ཕྱོགས་ལས་འཛིན་པ་རྣམས་ཏེ་གཞན་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་ལྟར་ཆོས་དེ་དག་གི་ནང་ནས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་
ནི་གོང་དུ་མཚན་ཉིད་བསྟན་ནས་ངོས་བཟུང་བའི་ཆོས་དེ་དག་ཡིན་ཞིང་། དེ་དག་ལ་ནི་དམ་པའི་ཆོས་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་མཆོག་ཡིན་པས་སམ། དམ་པ་ཞེས་བྱ་བ་རྫོགས་པའི་སངས་རྒྱས། །ཆོས་ནི་དེས་བསྟན་པ་ཡིན་པས་སམ།
ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དམ་པའི་ཆོས་དེ་ལ་དབྱེ་ན་བརྗོད་བྱ་རྟོགས་པའི་དམ་པའི་ཆོས་དང་། རྗོད་བྱེད་ལུང་གི་དམ་པའི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་
Vol. 103 · folio 5b
གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དེ་ལ་རྟོགས་པའི་དམ་པའི་ཆོས་ཀྱང་གཉིས་ཏེ། སྐྱེས་བུ་དམ་པ་རྣམས་གང་དུ་འགྲོ་བའི་འགོག་བདེན། བསམ་པའི་ཡུལ་ལས་འདས་པའི་ཞི་བ་ཆེན་པོ། གཉིས་སུ་མེད་པའི་
མཚན་ཉིད་ཅན་རྟོགས་པའི་སྟོབས་ཀྱིས་ཐོབ་པ་དང་། གང་གིས་འགྲོ་བའི་ལམ་བདེན་དྲི་མ་དག་ཅིང་རང་བཞིན་གྱིས་འོད་གསལ་བ། སྒྲིབ་པའི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་ཡེ་ཤེས་འཁོར་བཅས་རྟོགས་པའི་ངོ་བོར་གྱུར་པའོ། །དེའང་སྔ་མ་ནི་འཕགས་
བཞིའི་ཐུགས་རྒྱུད་ཀྱི་གཉེན་པོས་སྤང་བྱ་སྤངས་པའི་ཆགས་བྲལ་ཉིད་ཀྱི་ངོ་བོ་དང་། ཕྱི་མ་ནི་གང་གིས་ཆགས་པ་དང་བྲལ་བར་བྱེད་པའི་གཉེན་པོའི་རང་བཞིན་ཉིད་དེ། འདི་དག་གི་ཚུལ་རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །
དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་
ཏན་གསུམ་གསུམ་གྱིས་རིག་བྱ། །བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པ་ལྟར་རོ། །ལུང་གི་དམ་པའི་ཆོས་ཀྱང་
ངོ་བོའི་སྒོ་ནས་དབྱེ་ན་ལེགས་པར་གསུངས་པའི་བཀའ་དང་། བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་གཉིས་ཏེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་
དང་དེ་ཡི་དགོངས་འགྲེལ་བ། །ཞེས་གསུངས་སོ། དེ་ལས་དང་པོ་བཀའ་ནི་རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །
Vol. 103 · folio 6a
དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་པ་ལྟར། བརྗོད་བྱ་དོན་ལྡན་གི་ཆོས་དང་ཉེ་བར་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བའི་ཐབས་སུ་གྱུར་པ། འབྲས་བུ་མྱ་ངན་ལས་འདས་པ་ཞི་བའི་
ཕྱོགས་སུ་གཞོལ་ཞིང་འབབ་པའི་ངག །བདག་རྐྱེན་གཙོ་བོར་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའོ། །ཡང་ན་འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཞིང་། །ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་
བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་གསུངས་པ་ལྟར་རོ། དེའང་ངེས་ཚིག་གི་དབང་དུ་བྱས་ན། སུ་བྷཱཥི་ཏ། ཞེས་ལེགས་པར་གསུངས་པ་སྟེ། རྣམ་བཤད་རིགས་པར་དེ་ལ་ཕྱིན་ཅི་མ་ལོག་པར་ཡང་དག་པར་
གསུངས་པའི་ཕྱིར་ལེགས་པར་གསུངས་པའོ། །ཞེས་སོ། དེའང་ཇི་ལྟ་བུར་ལེགས་པར་གསུངས་སྙམ་ན། དེ་ཉིད་ལས། ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་སྟེ། ཡང་དག་པར་བསླང་བ་ཉིད་ཀྱིས་དང་།
དབང་དུ་མཛད་པ་ཉིད་ཀྱིས་དང་། འཇུག་པ་ཉིད་ཀྱིས་དང་། རབ་ཏུ་བསྟན་པ་ཉིད་ཀྱིས་དང་། རབ་ཏུ་དབྱེ་བ་ཉིད་ཀྱིས་དང་། རྟེན་ཉིད་ཀྱིས་དང་། གོ་བར་མཛད་པ་ཉིད་ཀྱིས་དང་། གདགས་པ་ཉིད་ཀྱིས་དང་། དུས་ཉིད་ཀྱིས་དང་། ཡོན་
ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཞེས་བསྟན་པ་སྟེ། དེའང་རིམ་པ་བཞིན་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་པའི་ཕྱིར་དང་། རེས་འགའ་བ་མ་ཡིན་
པར་རྒྱུན་དུ་གསུངས་པའི་ཕྱིར་དང་། སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བའི་ཕྱིར་དང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་དང་། དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པར་གསུངས་པའི་ཕྱིར་དང་། དབྱངས་གཅིག་
Vol. 103 · folio 6b
གིས་འཇིག་རྟེན་མཐའ་ཡས་ཁྱབ་པར་མཛད་པའི་ཕྱིར་རམ། །འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པས་གོ་བར་མཛད་དེ་གསུངས་པའི་ཕྱིར་དང་། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་དང་། གདུལ་བྱ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་
ཕྱིར་དང་། ཡོན་ཏན་དྲུག་ཅུ་དང་ལྡན་པ་རྣམས་ལ་གསུངས་པའི་ཕྱིར་རོ། །དེ་ལ་དབྱངས་ཀྱི་ཡན་ལག་ལྔ་ནི། འབྲུག་སྒྲ་ལྟར་ཟབ་པ་དང་། སྙན་ཅིང་འཇེབས་ལ་རྣར་སྙན་པ་དང་། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། རྣམ་པར་གསལ་ཞིང་རྣམ་
པར་རིག་པར་བྱེད་པ་དང་། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་རྣམས་ཏེ། དེ་དག་ལ་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་ལྔ་ཡོད་པས། མཉན་པ་ལ་སོགས་པའི་བྱ་བ་ལྔ་བྱེད་པ། ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས། ཡོན་ཏན་ལྔ་
ནི་རྒྱ་ཆེན་དང་། །སྙན་དང་རིགས་དོན་ལྡན་ཉིད་དང་། །གཟུང་སླ་སྣ་ཚོགས་ཅི་འདོད་ཉིད། །འདི་དག་ལྔ་ཡི་ཡན་ལག་སྟེ། །མཉན་དང་རྣམ་པར་མི་གཡེང་དང་། །རྣམ་གྲོལ་ཁོང་དུ་ཆུད་པ་དང་། །སྨིན་པར་བྱེད་པ་ཡིན་ཏེ་དེས། །ཐུབ་ཆེན་
གསུང་ནི་ཡན་ལག་ལྔ། །ཞེས་ལེགས་པར་བཤད་དོ། །གསུང་གི་ཡོན་ཏན་དྲུག་ཅུ་ནི། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འབྱུང་བ་ཐུབ་པ་དགོངས་རྒྱན་དུ་འདི་ལྟར་འབྱུང་སྟེ། མཉེན་པ་ནི་སེམས་ཅན་གྱི་ཁམས་ལ་དགེ་བའི་རྩ་བ་
སྟོན་པར་བྱེད་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་ལ་རེག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འང་། མ་ནི་ཡི་གེ་བཟང་བ་ཉིད་ཀྱི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་བླ་
ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ཉིད་ནི་ཉོན་མོངས་པའི་བག་ལ་ཉལ་དང་། བག་ཆགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་སོ་སོར་གྲགས་པ་ཉིད་ཀྱི་ཕྱིར་རོ། །སྙན་ཞིང་འཇེབས་པ་ནི། མུ་སྟེགས་
Vol. 103 · folio 7a
ཅན་བློ་གྲོས་ངན་པ་ཅན་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་སྒྲུབ་པས་ངེས་པར་འབྱུང་བའི་ཕྱིར་རོ། །མི་ཚུགས་པ་ནི་ཕ་རོལ་གྱི་སྨྲ་བ་པོ་ཐམས་ཅད་ཀྱིས་དཔྱས་པར་བྱ་བ་མ་
ཡིན་པ་ཉིད་ཀྱི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདུལ་བ་ནི་འདོད་ཆགས་ཀྱི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་བའི་བདེ་བའི་ཐབས་ཉིད་ཀྱི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་པ་ན་ཡང་དག་པར་ངེས་པར་འབྱུང་བ་ཉེ་བར་
སྟོན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་གྱིས་འདུ་བ་ཉེ་བར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རྣ་བར་སྙན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་ཉིད་ཀྱི་ཕྱིར་རོ༑ །ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་
ལྷག་མཐོང་གི་རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་ལོག་པར་ངེས་པ་སེལ་བའི་ཕྱིར་རོ། །ཡོངས་སུ་གདུལ་བ་མེད་པ་ནི་སྒྲུབ་པ་པོ་འགྱོད་པ་མེད་པའི་
ཕྱིར་རོ། །ཀུན་ཏུ་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱི་དཔེ་
མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ། །དགའ་བར་བྱ་བ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མངོན་པར་དགའ་བར་འོས་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་ཀྱིས་སྤྲོས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཀུན་ཤེས་པར་བྱ་བར་
གཞུག་ཏུ་འོས་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པ་ཉིད་ཀྱིས་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་གཞུག་ཏུ་འོས་པ་ནི་བསམ་པར་བྱ་བའི་ཆོས་ཡང་དག་པར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་པ་ནི་ཇི་ལྟར་
Vol. 103 · folio 7b
འོས་པ་གདུལ་བྱ་ལ་སྟོན་པ་ཉིད་ཀྱི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་
ཟབ་པ་ཉིད་ཀྱི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་དབྱངས་ནི་གཟུང་བར་འོས་པ་ཉིད་ཀྱི་ཕྱིར་རོ། །དྲི་ཟའི་གླུ་དབྱངས་ནི་སྙན་པ་ཉིད་ཀྱི་ཕྱིར་རོ། །ཀ་ལ་པིངྐའི་སྒྲ་དབྱངས་ནི་རྒྱུན་མི་འཆད་པ་དང་འཇིག་པའི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་ཐག་རིང་པོར་གྲགས་པ་ཉིད་ཀྱི་ཕྱིར་
རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་གྲུབ་པ་ཐམས་ཅད་ལ་བཀྲ་ཤིས་པ་ཉིད་ཀྱིས་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྒྲ་བཟུང་བ་ནི་དོན་རྟོགས་པར་བྱེད་པའི་མཚན་ཉིད་ཅན་གྱི་སྒྲ་རྟོགས་པར་བྱ་བའི་དོན་དུའོ། །དབྱངས་བཟུང་བ་ནི་ཐག་རིང་པོར་དེ་དང་དེའི་བརྡ་རྟོགས་
པར་བྱེད་པའི་དོན་ཏོ། །གྲགས་པ་བཟུང་བ་ནི་དེ་དང་དེའི་དབྱངས་ཀྱི་བརྡ་རྗེས་སུ་སྟོན་པར་རྟོགས་པར་བྱེད་པའི་དོན་ཏོ། །ལྷའི་དབང་པོའི་དབྱངས་ལྟར་སྙན་པ་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་དང་གླགས་ཚོལ་བ་ཐམས་ཅད་ལས་རྒྱལ་བའི་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །མ་ཁེངས་
པ་ནི་བསྟོད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་པ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་ལུང་སྟོན་པ་ཐམས་ཅད་ལ་མཚན་ཉིད་རྣམ་པ་ཐམས་ཅད་ལ་རྗེས་སུ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཟུར་བཅག་པ་མེད་པ་ནི་དྲན་པ་
ཉམས་པས་དེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་གདུལ་བྱའི་བྱ་བ་རྣམས་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །མ་ཞན་པ་ནི་འཇིགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་
རིག་པའི་གནས་ཐམས་ཅད་མཁས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དེའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིར་རོ། །འབྲེལ་པ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །
Vol. 103 · folio 8a
སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་སྒྲ་གཅིག་ལས་སྒྲའི་རྣམ་པར་རིག་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅའ་བ་ཇི་ལྟ་བ་བཞིན་པའི་ཕྱིར་རོ། །
མི་འགྱུར་བ་ནི་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་བརྟབས་པ་ནི་རྟབ་རྟབ་པོར་མི་གསུང་བའི་ཕྱིར་རོ། །འཁོར་ཡུག་ཀུན་ཏུ་གྲག་པ་ནི་རིང་བ་དང་། ཉེ་བའི་འཁོར་དུ་མཚུངས་པར་ཐོས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པའི་དོན་ཐམས་ཅད་
དཔེའི་ཆོས་སུ་བསྒྱུར་བ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །ཡང་ན་ལེགས་པར་གསུངས་པ་ནི། མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ།
ཡོངས་སུ་བྱང་བ། ཞེས་གསུངས་པའི་ཚུལ་གྱིས་ཏེ། དེའང་སློབ་དཔོན་ཐོགས་མེད་ཀྱིས། ཐོག་མར་དགེ་བ་ནི་ཉན་པ་རྣམས་རབ་ཏུ་དགའ་བ་བསྐྱེད་པའོ། །བར་དུ་དགེ་བ་ནི་རབ་ཏུ་སྦྱོར་བ་རྣམས་ཚེགས་ཆུང་ངུས་མཐའ་གཉིས་རྣམ་པ་སྤངས་པ་དབུ་མའི་ལམ་ལ་ཡང་དག་པར་བརྟེན་
པའོ། །ཐ་མར་དགེ་བ་ནི་ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་དང་། ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བའི་མཐར་གྱུར་པའི་ཕྱིར་རོ། །དོན་བཟང་པོ་ནི་ཕན་པ་དང་བདེ་བ་དང་ལྡན་པའི་ཕྱིར་རོ། །ཚིག་འབྲུ་བཟང་
པོ་ནི་མིང་གི་ཚོགས་ལ་སོགས་པར་ལེགས་པར་སྦྱར་བ་དང་། ཚིག་ཏུ་འདོན་པ་ཟུར་ཕྱིན་པ་དང་ལྡན་པའོ། །མ་འདྲེས་པ་ནི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཚད་མེད་པའི་ཕྱིར་ཐམས་ཅད་ཀྱི་མཆོག་ཏུ་བྱུང་བའོ། །ཡོངས་སུ་དག་པ་
ནི་རང་བཞིན་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་རྒྱུད་རྣམ་པར་གྲོལ་བའོ། །ཞེས་སོ། །གཞན་ཡང་མདོ་ལས། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་
Vol. 103 · folio 8b
པ། མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བའོ། །ཞེས་དང་། དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བ། ཕྱེ་བ། རྒྱུ་བ། བཅད་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པའོ་ཞེས་གསུངས་པ་རྣམས་ཀྱང་དབྱིག་གཉེན་གྱིས་
རྣམ་བཤད་རིགས་པ་ལས་ལེགས་པར་གསུངས་པ་ཞེས་མདོར་བསྟན་ནས་ཡན་ལག་ཕྱི་མ་རྣམས་དེའི་ཚུལ་རྒྱས་པར་བཤད་པ་ཡིན་པར་གསུངས་སོ། །དེ་ལྟ་བུའི་གསུང་རབ་ལ་དབྱེ་སྒོ་དུ་མ་ཡོད་པ་ལས་བདག་རྐྱེན་གྱི་སྒོ་ནས་དབྱེ་ན་གསུམ་སྟེ། ཞལ་ནས་གསུངས་པའི་བཀའ་དང་།
བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའོ། །དང་པོ་ནི་མདོ་སྡུད་པ་ལྟ་བུ་བཅོམ་ལྡན་འདས་ཉིད་ཀྱིས་ཞལ་ནས་གསུངས་པའི་ཚུལ་བསྟན་པ་དང་། གཉིས་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་གསུམ་སྟེ། སློབ་དཔོན་སེང་གེ་བཟང་པོས། འདི་ན་ལ་
ལར་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་མཛད་པའི་བདག་ཉིད་ཅན་ཕྱག་ལ་སོགས་པས་བྱིན་གྱིས་རློབ་སྟེ། དཔེར་ན་ས་བཅུ་བ་ལ་སོགས་པའི་མདོ་སྟོན་པར་མཛད་པ་ལྟ་བུའོ། །ལ་ལར་ནི་གསུང་གིས་བྱིན་གྱི་རློབ་སྟེ། དཔེར་ན་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལ་སོགས་
པ་ལྟ་བུའོ། །ལ་ལར་ནི་ཐུགས་ཀྱིས་བྱིན་གྱིས་རློབ་སྟེ། དཔེར་ན་ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པའི་མདོ་ལ་སོགས་པ་ལྟ་བུའོ། །ཞེས་བཤད་པ་ལྟར་དང་། གསུམ་པ་ནི། བཀའ་བསྡུ་བ་པོ་རྣམས་ཀྱིས། མགོར་གླེང་གཞི། བར་དུ་མཚམས་སྦྱོར། མཐར་མཐུན་འགྱུར་
ལ་སོགས་པ་བཀོད་པ་རྣམས་ཏེ། སྙིང་རྗེ་ཆེན་པོ་པད་དཀར་ལས། ཀུན་དགའ་བོ། དེ་ན་དགེ་སློང་དག་གིས་ཁྱོད་ལ་དེ་སྐད་དྲིས་པ་དང་འདི་སྐད་ལུང་སྟོན་ཅིག །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུལ་
མ་ག་དྷཱ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས། ཞེས་སོགས་ནས། དོན་དང་ཚིག་དང་ཡི་གེ་གང་དང་གང་དག་གིས་རྣམ་གྲངས་གང་དང་གང་གསུངས་པ་དེ་ལ་ཁྱོད་ཀྱིས་གླེང་གཞི་དང་བཅས་པ་དང་། རྒྱུ་དང་བཅས་པ་དང་། རྐྱེན་དང་བཅས་པ་དང་། དོན་བཟང་པོ་དང་། ཚིག་འབྲུ་
Vol. 103 · folio 9a
བཟང་པོ་རྒྱས་པར་སྟོན་ཅིག །མདོ་སྡེའི་མཇུག་ཏུའང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྲིས་ཤིག། །ཀུན་དགའ་བོ་ཆོས་ཀྱི་ཚུལ་
འདི་དེ་ལྟར་ཡང་དག་པར་བསྡུ་བར་བྱའོ། །ཞེས་དང་ལུང་ལས་ཀྱང་། གནས་མ་དྲན་ན་གྲོང་ཁྱེར་དྲུག་པོ་གང་རུང་སྨྱོས་ཤིག །ཅེས་སོགས་རྗེས་སུ་གནང་བར་མཛད་པའོ། །བྱིན་གྱིས་བརླབས་པའི་སྐབས་སུ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་བོད་ཀྱི་མཁས་པ་
རྣམས་ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ། ཐུགས་བདེན་པས་བྱིན་གྱིས་བརླབས་པ་སྟེ་གསུམ་དུ་དབྱེ་ཞིང་། རིམ་བཞིན་སོ་སོའི་མཚན་གཞིར། ཤེས་རབ་སྙིང་པོ་སོགས་དང་། གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་
རིག་སྔགས་སྨྲས་པ་སོགས་དང་། ནམ་མཁའ་དང་ལྗོན་ཤིང་སོགས་ལས་ཆོས་ཀྱི་སྒྲ་འབྱུང་བ་རྣམས་སུ་བཞག་པ་ནི་དོན་གྱིས་འཐད་མོད་ཀྱི། འཕགས་ཡུལ་པའི་མཁས་པ་དག་གིས་བཤད་པ་ནི་སྔར་མ་མཐོང་ངོ༌། །ཡང་ན་བཀའ་ཐམས་ཅད་བརྗོད་བྱ་བསླབ་པ་གསུམ་གཙོ་བོར་གྱུར་
པའི་སྒོ་ནས་རྗོད་བྱེད་སྡེ་སྣོད་གསུམ་དུ་དབྱེ་ན། མདོ་སྡེ། འདུལ་བ། མངོན་པ་གསུམ་མོ། །དེ་ཡང་། ལྷག་པ་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད། དེ་བཞིན་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་
བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་འདུལ་བའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་མངོན་པའི་སྡེ་སྣོད་ཀྱི་མཚན་ཉིད་དོ། །དེ་དག་གི་མཚན་གཞི་ནི་རིམ་པ་བཞིན། ཤེས་ཕྱིན་འབུམ་པ་
སོགས་དང་། ལུང་སྡེ་བཞི་སོགས་དང་།མངོན་པ་སྡེ་བདུན་སོགས་སོ། །དེ་དག་གི་མིང་དོན་ཡང་། སྤྱིར་སྡེ་སྣོད་ཅེས་བྱ་བ་ལེགས་སྦྱར་པི་ཊ་ཀ་སྟེ། དེ་གང་བུ་དང་། བྲེའོ་ཆེ་ལ་འཇུག་པའི་ཕྱིར། དོན་མང་པོ་འདུས་པས་བྲེའོ་ཆེ་ལྟ་བུ་སྟེ། བྲེའོ་ཆེ་ལ་བྲེའུ་ཆུང་མང་པོ་འདུས་པ་བཞིན་
Vol. 103 · folio 9b
ནོ། །དེ་ལྟར་ཡང་སློབ་དཔོན་ཐོགས་མེད་ཀྱིས། ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་ཕྱིར་ཏེ་ཞེས་བྱ་བའི་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཞེས་དང་། འགྲེལ་བཤད་དུ། ཅིའི་ཕྱིར་གསུམ་པོ་དང་གཉིས་པོ་དེ་དག་ལ་སྡེ་སྣོད་ཅེས་བྱ་ཞེ་ན། དེའི་ཕྱིར་བསྡུ་བའི་
ཕྱིར་ཏེ། དཔེར་ན་སྣོད་གང་དུ་འབྲུ་ཏྲེ་བཅུ་ཤོང་ཞིང་འདུས་པའི་སྣོད་དེ་ལ་སྣོད་ཅེས་བྱ་བ་དང་འདྲ་བར་གསུམ་པོ་དང་གཉིས་པོ་འདིར་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་། ཚིག་ཐམས་ཅད་འདུས་པས་སྡེ་སྣོད་ཅེས་བྱའོ། །ཡང་ན་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་ཆོས་
ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་དུ་ཤེས་པར་བྱ་བའི་དོན་ཐམས་ཅད་འདུས་པས་ན་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །ཞེས་གསུངས་སོ། །བྱེ་བྲག་ཏུ་མདོ་སྡེ་ཞེས་བྱ་བ་སཱུ་ཏྲ་སྟེ་དོན་གྱི་སྡོམ་སྨོས་པ་ཡིན་ལ་དེའང་རྣམ་པ་བཞི་སྟེ། མདོ་སྡེ་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་
དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡུལ་གང་དུ་གང་ཟག་གང་གི་ཕྱིར་གསུངས་པ་སྨོས་པས་གནས་དང་། །ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མཚན་ཉིད་སྨོས་པས་མཚན་ཉིད་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྨོས་པས་ཆོས་དང་དགོངས་
པའི་དོན་ཟབ་མོ་དག་སྟོན་པས་དོན་ནོ། །འདུལ་བ་ཞེས་བྱ་བ་ནི་བི་ན་ཡ་སྟེ། མདོ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཞེས་བཞི་ཚན་གཉིས་ཀྱིས་
བཤད་པ། ལྟུང་བ་ནི་ལྟུང་བ་སྡེ་ལྔ་དང་། ལྟུང་བ་དེ་དག་གང་ལས་འབྱུང་བ་ནི། མི་ཤེས་པ། བག་མེད་པ། ཉོན་མོངས་པ་མང་བ། །མ་གུས་པ་རྣམས་དང་། ལྟུང་བ་དེ་དག་ལས་ལྡང་བ་ནི་སྤོང་བའི་སེམས་པ་སོར་ཆུད་པ་དང་། ལྟུང་བ་ལས་ངེས་པར་འབྱུང་བ་ནི། །
ཆད་པའི་ལས་ཁས་ལེན་པ་དང་། རྗེས་ནས་གནང་བ་དང་། བག་ཡངས་སུ་བྱ་བ་དང་། རྟེན་གྱུར་པ་དང་། ཡང་དག་པར་སོ་སོར་རྟོག་པ་དང་། ཆོས་ཉིད་ཐོབ་པ་རྣམས་སོ། །དེ་ལྟར་གནས་བཞི་པོ་དེ་སྟོན་པས་འདུལ་བའི་ཕྱིར་རམ། གང་ལ་བརྟེན་ནས་བསླབ་པ་བཅའ་བ་
Vol. 103 · folio 10a
གང་ཟག །བསླབ་པ་བཅས་པ་དངོས། དེ་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་སྟེ་རྣམ་པ་བཞི་སྨོས་པའི་ཕྱིར་རོ། །མངོན་པ་ཞེས་བྱ་བ་ནི། ཨ་བྷི་སྟེ། མདོ་རྒྱན་ལས། མངོན་དུའི་ཕྱིར་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་
ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་རྒྱུ་མཚན་བཞིས་དེ་ལྟར་བརྗོད་དེ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་བདེན་པ་ལ་སོགས་པ་སྟོན་པའི་ཕྱིར་དང་། ཆོས་རེ་རེ་ལའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་སོགས་ཞིབ་མོར་ཕྱེ་ནས་ཡང་དང་ཡང་དུ་སྟོན་པའི་ཕྱིར་དང་། ཕས་
རྒོལ་ཟིལ་གྱིས་གནོན་པའི་ཆོས་ཡིན་པའི་ཕྱིར་དང་། འདིས་མདོ་སྡེའི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྡེ་སྣོད་གསུམ་པོ་དེ་ཉིད་དུ་རྣམ་པར་བཞག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཐར་པ་སྒྲུབ་པ་རྣམས་ཀྱི་སྤང་བྱའི་གཙོ་བོ། ལམ་གོང་མ་ལ་ཐེ་ཚོམ་ཟ་བ་དང་།
རང་ལམ་ལ་སྤྱོད་པ་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་སྟེ་གསུམ་ཡིན་པའི་ཕྱིར། དེ་དག་གི་གཉེན་པོ་སྡེ་སྣོད་གསུམ་གསུངས་པ་སྟེ། སྡེ་སྣོད་དང་པོ་ནི་གང་ཞིག་དོན་གང་ལ་ཐེ་ཚོམ་པ་དེ་ལ་ངེས་པར་བྱ་བའི་ཕྱིར་བཤད་པ་གང་ཞིག །གཉིས་པ་ནི། ཁ་ན་མ་
ཐོ་བ་དང་བཅས་པའི་ཡོངས་སུ་སྤྱད་པ་འདོད་སྲེད་ཀྱི་དབང་གིས་གསོག་འཇོག་བྱེད་པ་སོགས་བཀག་པའི་སྒོ་ནས་འདོད་པ་བསོད་ཉམས་ལ་རྗེས་སུ་སྦྱོར་བའི་མཐའ་སྤོང་བ་དང་། ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་པ། ཚུལ་ཁྲིམས་དག་ཅིང་མ་ཞེན་པ་ལྷག་པར་རྙེད་ན། བརྒྱ་
སྟོང་རི་བའི་གོས་ལ་སོགས་པའང་རྗེས་སུ་གནང་བའི་སྒོ་ནས་བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའ་སྤོང་བ་སྟེ་མཐའ་གཉིས་སྤོང་བའི་སྤྱོད་པ་སྟོན་པའི་ཕྱིར་དང་། གསུམ་པ་ནི། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་བཤད་པ་ཡིན་པས་སོ། །ཡང་
ན་བརྗོད་བྱ་བསླབ་པ་གསུམ་དུ་ངེས་པས། རྗོད་བྱེད་སྡེ་སྣོད་གསུམ་དུ་འཇོག་སྟེ། གོང་དུ་མཚན་ཉིད་སྨོས་པའི་སྐབས་ལྟར་རམ། །སློབ་དཔོན་ཐོགས་མེད་ཞབས་ཀྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་
Vol. 103 · folio 10b
སེམས་སྒྲུབ་པ་ཡིན་ཏེ། དེ་ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པ་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ནི་ལྷག་པའི་ཤེས་རབ་སྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པ་རབ་ཏུ་འབྱེད་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །ཡང་
ན་ཤེས་པར་བྱ་བ་གསུམ་གྱི་ཕྱིར་སྡེ་སྣོད་གསུམ་དུ་འཇོག་སྟེ། ཆོས་དོན་བཤད་པ་དང་། ཆོས་དོན་སྒྲུབ་པ་དང་། ཆོས་དོན་འབེལ་བའི་གཏམ་གཏན་ལ་དབབ་པ་རྣམས་ཀྱི་ཆེད་དུ་རིམ་པ་བཞིན་དུ་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་དང་དོན་ནི། མདོ་སྡེ་རྒྱན་གྱི་འགྲེལ་བཤད་
ལས། མིང་དང་ཚིག་དང་ཡི་གེ་རྣམས་ལ་ཆོས་ཞེས་བྱའོ། །དེས་བརྗོད་པར་བྱ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་ནི་དོན་ཞེས་བྱའོ། །ཡང་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ལ་ནི་ཆོས་ཞེས་བྱའོ། །དགོངས་པ་བཞི་དང་ལྡེམ་པོ་དག་
བཞི་ལ་ནི་དོན་ཞེས་བྱའོ། །ཡང་ན་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ་དགེ་བ་བཅུ་ལ་ནི་ཆོས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་ནི་དོན་ཞེས་བྱ་སྟེ་ཞེས་འབྱུང་ཞིང་། གཞན་ནི་གོ་སླ་ལ། འདུལ་
བས་ཆོས་དོན་ཇི་ལྟར་སྒྲུབ་པ་ནི། དེ་ཉིད་ལས། འདུལ་བ་ལ་བརྟེན་ནས་མི་གཙང་བ་སྒོམ་པ་ལ་སོགས་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ན་ཚིག་དང་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་། ཕུང་པོ་དང་། ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ།
མཐོ་རིས་ཀྱི་མཚན་ཉིད་ཀྱི་ཆོས་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དོན་རྣམས་རྟོགས་པར་འགྱུར་བས་ན་འདུལ་བས་ནི་ཆོས་དང་དོན་མངོན་དུ་བྱེད་དོ། །ཞེས་གསུངས་སོ། །འདི་དག་ལ་དགོངས་ནས་མདོ་རྒྱན་དུ། །སྡེ་སྣོད་དག་ནི་གསུམ་མ་མ་གཉིས་ཀྱང་རུང་། །
བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །ཞེས་འབྱུང་ངོ་། །ཡང་ན་བཀའ་ཐམས་ཅད་སྡེ་སྣོད་གཉིས་སུ་དབྱེར་རིགས་ཏེ། གདུལ་བྱའི་གང་ཟག་གི་དབང་དུ་བྱས་ན། །ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སོ། །དེའང་བཤད་མ་ཐག་
Vol. 103 · folio 11a
པའི་སྡེ་སྣོད་གསུམ་སོ་སོ་ལ་གཉིས་གཉིས་སུ་དབྱེ་བ་སྟེ།་ དམན་པ་ལ་མོས་པ་རྣམས་ཀྱི་ངོར་གསུངས་པ་དང་། རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱི་ངོར་གསུངས་པའི་ཁྱད་པར་གྱིས་སོ། །དེ་ལ་ཐོགས་མེད་ཞབས་ཀྱིས། གསུམ་པོ་དེ་ཉིད་ཐེག་པ་དམན་
པ་དང་། ཐེག་པ་མཆོག་གི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ཞེས་གསུངས་པ་ལྟར། ཁྱད་པར་འབྱེད་བྱེད་དངོས་ནི་ཐེག་པ་ཆེ་ཆུང་གིས་ཏེ། ཐེག་ཆེན་ལ་ཞུགས་པའི་གང་ཟག་ལ་བྱང་ཆུབ་སེམས་དཔའ་
ཞེས་དང་། །དམན་པའི་ཐེག་པ་ལ་ཞུགས་པའི་གང་ཟག་ལ་ཉན་ཐོས་ཞེས་བྱ་བའི་ཕྱིར་རོ། །རང་རྒྱལ་ལ་ཡང་འགའ་ཞིག་ཏུ་ཐེག་པ་འབྲིང་ལ་ཞུགས་པའི་གང་ཟག་ཏུ་གསུངས་ཀྱང་འདིར་ནི་ཐེག་དམན་པ་ཉིད་དུ་སྡུད་དོ། །དེ་ལ་སྤྱིར་ཐེག་པ་ཞེས་བྱ་བ་ནི་ཡཱ་ན་སྟེ། ཁྱོགས་
དང་བཞོན་པ་དང་། ལམ་སོགས་ལའང་འཇུག་པས་ན་འགྲོ་བའི་དོན་ཅན་ཡིན་ཞིང་། །ལམ་བདེན་འཁོར་བཅས་ལ་དེའི་སྒྲ་འཇུག་སྟེ། སློབ་པའི་གང་ཟག་གི་ལམ་བདེན་ནི། འདིས་འདོང་བར་བྱེད་པས་ཐེག་པ། མི་སློབ་པའི་ལམ་བདེན་ནི་འདིས་འདོངས་པས་ཐེག་པ་
ཞེས་བྱ་བ་ཉིད་ཀྱི་ཕྱིར་རོ། །ཐེག་པ་དམན་པ་ཞེས་བྱ་བ་ནི། ཐེག་པ་འདིས་གང་ཞིག་སྒྲིབ་གཉིས་ལྷག་མེད་དུ་འཇོམས་མི་ནུས་པའི་ཕྱིར་ནུས་པ་དམན་པའམ། ཆེན་པོ་བདུན་གྱི་ལྡོག་ཕྱོགས་སུ་གྱུར་པས་དམན་པའོ། །ཐེག་ཆེན་ཞེས་བརྗོད་པ་ནི་ཆེན་པོ་བདུན་དང་ལྡན་པའི་
ཕྱིར་ཏེ། རྗེ་བཙུན་མ་ཕམ་པས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །
ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཏེ། །དེའང་མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པའི་དོན་དང་ལྡན་པའི་ཕྱིར་དམིགས་པ་ཆེན་པོ་དང་། རང་གཞན་གྱི་དོན་གཉིས་སྒྲུབ་པའི་ཕྱིར་སྒྲུབ་པ་ཆེན་པོ་
Vol. 103 · folio 11b
དང་། འདི་རྟོགས་པའི་དུས་ན་གང་ཟག་དང་ཆོས་ཀྱི་བདག་མེད་རྣམ་གཉིས་ཤེས་པའི་ཕྱིར་ཡེ་ཤེས་ཆེན་པོ་དང་། བསྐལ་པ་གྲངས་མེད་གསུམ་སོགས་སུ་རྟགས་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་ཀྱིས་སྒྲུབ་པའི་ཕྱིར་བརྩོན་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོས་སྲིད་པ་ཡོངས་
སུ་མི་གཏོང་བཞིན་དུ་ཉོན་མོངས་པས་མ་གོས་པའི་ཕྱིར་ཐབས་ལ་མཁས་པ་ཆེན་པོ་དང་། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་སོགས་འདིས་འགྲུབ་པས་གྲུབ་པ་ཆེན་པོ་དང་། ཡང་ནས་ཡང་དུ་རྫོགས་པར་བྱང་ཆུབ་པོ་དང་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མཛད་པ་
སྟོན་པས་སམ། ལྷུན་གྲུབ་དང་རྒྱུན་མི་འཆད་པའི་ཕྲིན་ལས་སྟོན་པའི་ཕྱིར་ཕྲིན་ལས་ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །འདིར་སྡེ་སྣོད་ཀྱི་སྐབས་སུ་རིག་པ་འཛིན་པའི་སྡེ་སྣོད་དང་། ཐེག་པའི་སྐབས་སུ་རྡོ་རྗེ་ཐེག་པ་མ་འདུས་སོ་ཞེ་ན། དེ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་
དང་། ཐེག་པ་ཆེན་པོར་དོན་གྱིས་འདུས་མོད་ཀྱི། ཐུན་མོང་གི་དེ་ལས་ཆེས་ཁྱད་པར་དུ་འཕགས་པའི་གནད་གསང་ཡོད་པའི་ཕྱིར་ཟུར་དུ་བཀོལ་ནས་དེ་དག་གི་ཚུལ་རྒྱས་པ་འོག་ཏུ་བརྗོད་པར་བྱའོ། །ཡང་ན་བདེ་བར་གཤེགས་པའི་བཀའ་རྣམས་རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་
ཡན་ལག་བཅུ་གཉིས་སུ་དབྱེ་རིགས་ཏེ། ཇི་སྐད་དུ། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་
ཡན་ལག་བཅུ་གཉིས་སོ། །ཞེས་པ་ལྟར་ཏེ། དེ་ལ་དང་པོ་མདོ་སྡེ་ནི་འདུས་བྱས་འདུས་མ་བྱས་རྣམ་ངེས་སུ། དེ་ལ་ཚིག་རྐྱང་ལྷུག་གིས་མདོ་མདོར་བརྗོད་པ་དེ་ནི་མདོའོ། །ཞེས་བཤད་པ་བཞིན་དུ་སྨོས་པའི་ཚུལ་གྱིས་ཚིག་ལྷུག་པས་དོན་མདོར་བསྟན་པའི་གསུང་རབ་
ཡིན་ཞིང་། སྨོས་པའི་ཚུལ་གྱིས་གསུངས་པའང་། ཕན་ཡོན་བཅུའི་ཕྱིར་དུ་སྟེ། ཀུན་བཏུས་ལས། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པས་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་བཞག་པར་སླ་བ་དང་། བཤད་སླ་བ་དང་། གཟུང་
Vol. 103 · folio 12a
སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་
བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། །འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །ཞེས་སོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི། མདོའི་
སྡེ་དེ་ཉིད་ཀྱི་བར་མཐའ་རྣམས་སུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ་དག་དང་། བརྟག་པར་བྱ་བ་གཞན་ཡོད་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་གང་ཡིན་པ་རྣམས་སོ། །ལུང་དུ་བསྟན་པའི་སྡེ་ནི། ཉན་ཐོས་ལ་སོགས་པ་འདས་པ་དང་སྐྱེ་བ་ལུང་སྟོན་པ་རྣམས་དང་།
བྱེ་བྲག་ཏུ་དགོངས་པ་གསལ་བར་བསྟན་པའི་ཕྱིར་ངེས་དོན་གྱི་མདོ་སྡེ་རྣམས་སོ། །ཚིགས་སུ་བཅད་པའི་སྡེ་ནི། ཚིགས་བཅད་རྐང་པ་གཉིས་ནས་དྲུག་པའི་བར་གྱིས་གསུངས་པ་རྣམས་སོ། །ཆེད་དུ་བརྗོད་པའི་སྡེ་ནི་གཞན་གྱིས་མ་བསྐུལ་བར་ཐུགས་དགྱེས་
པའི་ཚུལ་གྱིས་ཆེད་དུ་གསུངས་པར་སྣང་བ་སྟེ། སྒྲ་སྦྱོར་བམ་གཉིས་སུ། གང་ཟག་འགའ་ཞིག་གི་ཕྱིར་བཤད་པ་མ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གཞག་པའི་ཕྱིར་གཞན་གྱིས་མ་བསྐུལ་མ་གསོལ་བར་ཆེད་དུ་བརྗོད་ཅིང་གསུངས་པ་ལ་བྱ་སྟེ།
དཔེར་ན་ཕྱི་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་པར་འཇོག་ལས་བཞེངས་ཏེ་གདན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་མདོ་ལས་གསུངས་པ་ལྟ་བུ་སྟེ་ཆེད་དུ་རྗོད་པའི་སྡེ་ཞེས་བྱ་ཞེས་དང་། གཞན་ཡང་རྣམ་
བཤད་རིགས་པར། གང་ཟག་གི་ཆེད་དུ་མ་ཡིན་གྱི། བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ། ཞེས་གསུངས་པ་ལྟར་རོ། །གླེང་གཞིའི་སྡེ་ནི་གང་ཟག་གི་ཆེད་དུ་གསུངས་པ་དང་། བྱུང་བ་དང་བཅས་པའི་བསླབ་པ་གསུངས་པ་རྣམས་ཏེ།
Vol. 103 · folio 12b
སྟོབས་བཅུ་དཔལ་བཤེས་གཉེན་གྱིས། གང་ཅུང་ཟད་གཞིར་བྱས་ནས་གསུངས་པ་དེ་ནི་གླེང་གཞིའི་སྡེའོ་ཞེས་བཤད་དོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་ཏེ་གསུངས་པ་རྣམས་ཏེ། བམ་གཉིས་ལས། ཆོས་ཉན་པ་རྣམས་ཀྱིས་གོ་ཞིང་རྟོགས་པར་
བྱ་བའི་ཕྱིར་སྔོན་བཏགས་པར་བྱ་བ་གཞན་ལས་དྲངས་ཏེ་དཔེ་རྒྱས་པར་བསྟན་པས་ན་རྟོགས་པར་བརྗོད་པའི་སྡེ་ཞེས་བྱ་ཞེས་སོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་གྱི་གཏམ་རྒྱུད་སོགས་གསུངས་པ་རྣམས་སོ། །སྐྱེས་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ་རྣམས་ཏེ་
ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལྟ་བུའོ། །ཤིན་ཏུ་རྒྱས་པའི་སྡེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་ཆེན་འབའ་ཞིག་སྟོན་པ་རྣམས་ཏེ། དེ་ལ་རྣམ་པར་འཐག་པའི་སྡེ་དང་མཚུངས་པ་དང་བྲལ་བའི་སྡེ་ཞེས་ཀྱང་བྱའོ། །དེའང་ཀུན་བཏུས་ལས། སེམས་ཅན་
ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང་། རྒྱས་པ་དང་། རྒྱ་ཆེ་བ་དང་། ཟབ་པའི་རྣམ་པར་ཆོས་སྟོན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་བྲལ་ཞེས་བྱ་ཞེ་ན།
མཚུངས་པ་མེད་པའི་ཕྱིར་རོ། །ཞེས་སོ། །འདི་སྐབས་ཐེག་དམན་པ་དག་མདོ་སྡེའི་ལེའུ་གྲངས་རྒྱས་པ་རྣམས་ནི་ཤིན་ཏུ་རྒྱས་པའི་མདོ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་འདོད་པའང་ཡོད་དོ། །རྨད་དུ་བྱུང་བའི་སྡེ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་
རྒྱས་རྣམས་ཀྱི་མཁྱེན་པ་དང་རྫུ་འཕྲུལ་དང་བྱིན་རླབས་སོགས་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་རྣམས་སོ། །གཏན་ལ་དབབ་པའི་སྡེ་ནི། གོང་དུ་ཆོས་རྣམས་ཀྱི་མཚན་ཉིད་ཅི་ལྟ་བར་གཏན་ལ་ཕབ་ནས་མདོ་སྡེ་ལ་སོགས་པའི་དོན་གསལ་བར་གསུངས་པ་རྣམས་སོ། །དེ་
ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ་སྔར་བཤད་པའི་སྡེ་སྣོད་རྣམས་སུ་སོ་སོར་བསྡུ་ན་འདི་ལྟར་ཤེས་དགོས་ཏེ། མདོའི་སྡེ་ནས་ཆེད་དུ་བརྗོད་པའི་བར་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །དེ་ནས་གླེང་གཞིའི་སྡེ་ལ་སོགས་པ་བཞི་ནི་འདུལ་བའི་སྡེ་སྣོད་དེ།
Vol. 103 · folio 13a
དེ་ལ་དང་པོ་ནི་ལྟུང་བ་བསླབ་བྱ་དང་བཅས་པ་སྟོན་པ་གཙོ་བོ་ཡིན་ལ། ཕྱི་མ་རྣམས་ནི་དེའི་འཁོར་རོ། །དེ་ནས་ཤིན་ཏུ་རྒྱས་པའི་སྡེ་སོགས་གཉིས་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཡིན་ཏེ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་
དང་ལྡན་པའི་ཕྱིར་རོ། །དེ་ནས་གཏན་ལ་དབབ་པའི་སྡེ་གཅིག་པུ་ནི་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་ཤེས་པར་བྱའོ། །ཡང་ན་བཀའ་ཐམས་ཅད་གདུལ་བྱའི་དབང་པོའི་རིམ་པས་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་དབྱེར་རིགས་ཏེ། མདོ་སྡེ་དགོངས་པ་ངེས་
འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝཱ་རཱ་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ།
མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། ཞེས་དང་། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་
མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ས་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། ཞེས་དང་།
བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་
ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བསྟན་བཅོས་ནི། སྤྱིར་ལེགས་སྦྱར་གྱི་སྐད་དུ་ཤཱསྡུ་ཞེས་པ།
Vol. 103 · folio 13b
ཨ་མཱ་ར་ཀོ་ཥར། ནིརྡེ་ཤ་གྲནྠ་ཡོཿཤཱསྟྲཿ། ཞེས་ངེས་པར་བསྟན་པ་དང་། གཞུང་ལུགས་ལ་འཇུག་པར་བཤད་པ་ལྟར། ས་སྡེ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུ་རུ་ལེན། །
བསྟན་བཅོས་རྣམ་པ་དགུ་ཡིན་ནོ། །ཞེས་བསྟན་བཅོས་རྣམ་པ་དགུའི་རྣམ་གཞག་མཛད་པ་ལས། དོན་དང་ལྡན་པའི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་རྣམ་གསུམ་ནི་འདིར་བཤད་བྱ་ཡིན་པས། དེའི་དབང་དུ་
བྱས་ནས་བསྟན་བཅོས་ཀྱི་མཚན་ཉིད་ནི། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །
ཞེས་བཤད་པ་ལྟར། བདེ་བར་གཤེགས་པའི་བཀའི་དབང་དུ་བྱས་ནས་རྩོམ་པ་པོ་རྣམ་གཡེང་མེད་པའི་བློ་གྲོས་ཅན་གྱིས་བཤད་པའི་ངག་གང་ཞིག །ཐར་བ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའོ། །འོ་ན་མཚན་ཉིད་དེ་དང་ལྡན་པའི་བསྟན་བཅོས་ཀྱི་ངེས་ཚིག་ཅི་ལྟ་བུ་ཞེ་
ན། ཤཱ་ས་ན་འཆོས་པ༑ ཏྲ་ཡ་སྐྱོབ་པ་བསྡུས་པས་ཤཱསྟྲ་སྟེ་ཉན་པ་པོའི་རྒྱུད་ཀྱི་ཉོན་མོངས་པ་འཆོས་པ་དང་། ངན་འགྲོར་ལྟུང་བ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཞེས་བྱ་སྟེ། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །
འཁོར་བའི་འཇིགས་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།།ཞེས་སོ། །སྒྲ་བཤད་འདི་གསུང་རབ་ལའང་དོན་གྱིས་འཇུག་སྟེ། དེ་ཉིད་ལས། དེ་ལྟ་བས་ན་སངས་
རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་འཆོས་པ་དང་སྐྱོབ་པའི་ས་ཡོན་ཏན་གྱི་ཕྱིར་ཡང་དོན་གཟུང་བ་ལ་འབད་པར་བྱའོ། །ཞེས་འབྱུང་ངོ༌། །དེ་ལྟར་བསྟན་བཅོས་དེ་ལ། བྱེད་ལས་ཀྱི་སྒོ་ནས་དབྱེ་ན། རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས་དང་།
Vol. 103 · folio 14a
ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས་དང་། འཁྲུགས་པ་གོ་རིམས་སུ་སྡེབ་པའི་བསྟན་བཅོས་དང་གསུམ་དུ་བཤད་པ་ལས། དང་པོ་ནི། མངོན་པ་མཛོད་ལྟ་བུ། གཉིས་པ་མངོན་རྟོགས་རྒྱན་ལྟ་བུ། གསུམ་པ་མདོ་སྡེ་རྒྱན་ལྟ་བུའོ། །བཤད་བྱ་བཀའི་སྒོ་ནས་
བསྟན་བཅོས་ཀྱི་དབྱེ་བ་གཉིས་སུ་འགྱུར་ཏེ། བཀའ་སྤྱིའི་དགོངས་འགྲེལ་དང་། བྱེ་བྲག་གི་དགོངས་འགྲེལ་ལོ། །དང་པོ་ནི་ཀ་ཙན་ལ་སོགས་བརྡ་སྤྲོད་པ་དང་། སྡེ་བདུན་སོགས་ཚད་མ་རིག་པའི་བསྟན་བཅོས་རྣམས་སོ། །གཉིས་པ་ནི། འཁོར་ལོ་དང་པོའི་ལྟ་བའི་ཆ་འགྲེལ་བ་
བྱེ་བྲག་ཏུ་བཤད་པ་སོགས་མངོན་པའི་བསྟན་བཅོས་རྣམས་དང་། སྤྱོད་པའི་ཆེ་འགྲེལ་བ་མདོ་རྩ་སོགས་འདུལ་བའི་བསྟན་བཅོས་རྣམས་དང་། འཁོར་ལོ་བར་པའི་ལྟ་བའི་ཆ་འགྲེལ་བ་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱེད་པ་དབུ་མ་རིགས་ཚོགས་དྲུག་སོགས་དང་།
སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པ་མངོན་རྟོགས་རྒྱན་སོགས་སོ། །སྤྱོད་པའི་ཆ་འགྲེལ་པ་བསླབ་པ་ཀུན་བཏུས་སོགས་དང་། ལྟ་སྤྱོད་གཉིས་ཆར་འགྲེལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་སོ། །འཁོར་ལོ་ཐ་མའི་ལྟ་བའི་ཆ་འགྲེལ་པ་
མདོ་སྡེ་རྒྱན་དང་རྣམ་འབྱེད་གཉིས། རྒྱུད་བླ་སོགས་དང་། སྤྱོད་པའི་ཆ་འགྲེལ་བ་སྡོམ་པ་ཉི་ཤུ་པ་སོགས་སོ། །ཡང་ན་བསྟན་བཅོས་རྣམས་བརྗོད་བྱའི་སྒོ་ནས་དབྱེ་བས་གསུམ་སྟེ། ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པའོ། །ཇི་སྙེད་
པ་སྟོན་པའང་ཕལ་པ་དང་མཆོག་གཉིས་ལས་སྔ་མ་ནི་ལུགས་ཀྱི་བསྟན་བཅོས་སོགས་དང་། ཕྱི་མ་ནི་རིག་པའི་གནས་ལྔའི་བསྟན་བཅོས་རྣམས་ཏེ། དེ་ལས་ནང་རིག་པ་སྟོན་པ་ནི་ཕུང་པོ་ལྔ་ཡི་རབ་བྱེད་སོགས་སོ། །ཇི་ལྟ་བ་སྟོན་པ་བདེན་པ་རྣམ་ངེས་དང་། སུམ་ཅུ་པ་དང་། དབུ་
མ་རྒྱན་སོགས་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པ་བྱང་ས་དང་དགོངས་རྒྱུན་སོགས་སོ། །ལུང་གི་ཆོས་འཁོར་བསྐོར་ཚུལ་བྱེ་བྲག་ཏུ་འཆད་པ། ཆོས་འཁོར་གྱི་ངོ་བོ། ངེས་ཚིག །དབྱེ་ཚུལ་གྱི་སྒོ་ནས་རྒྱས་པར་འཆད་པ་དང་གསུམ་གྱི་དང་པོ་ནི། །སྤྱིར་ཆོས་ཀྱི་
Vol. 103 · folio 14b
འཁོར་ལོ་ཞེས་བྱ་བ་སྟོན་པས་གསུངས་པའི་དམ་པའི་ཆོས་ཡིན་པ་གང་ཞིག །མི་མཐུན་ཕྱོགས་འཇོམས་ནུས་པ་སྟེ། དེའང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས། ཞེས་བཤད་
པ་ལྟར། འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་ནི་འདོང་བར་འདོད་པའི་སར་མྱུར་དུ་འགྲོ་བ་དང་། ཡུལ་གཞན་དུ་འདོར་ཞིང་གཞན་དུ་འཇུག་པ་དང་། གྲོང་དང་གྲོང་རྡལ་སོགས། མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པ་དང་། གནས་ལ་ལར་འཕར་ཞིང་ལ་ལར་
འབབ་པ་ལྟར། སྐད་ཅིག་བཅོ་ལྔས་བདེན་པ་རྟོགས་པའི་ཕྱིར་མྱུར་དུ་འགྲོ་བ་དང་། བར་ཆད་མེད་ལམ་འདོར་བ་དང་། རྣམ་གྲོལ་ལམ་མངོན་དུ་བྱ་བའི་ཕྱིར་འཇུག་པའམ། བདེན་པའི་དམིགས་པ་གཞན་འདོར་ཞིང་། གཞན་དུ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་འཇིག་
ལྟ་སོགས་ཉོན་མོངས་པ་མ་རྒྱལ་བ་རྣམས་ལས་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་པ་དང་། རྣམ་གྲོལ་ལམ་གྱིས་ཉོན་མོངས་བྲལ་བའི་ཐོབ་པ་དང་། ལྷན་ཅིག་སྐྱེས་པའི་སྒོ་ནས་རྒྱལ་བ་རྣལ་དུ་དགོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་ནས་
འཕར་བ་དང་། འདོད་པའི་ཁམས་ལ་དམིགས་ནས་འབབ་པ་ལ་སོགས་པ་རྣམས་ཀྱི་ཕྱིར། ཆོས་འཁོར་ནི་མཐོང་ལམ་ཁོ་ནའོ་ཞེས་སོ། །དེའི་ཁུངས་ཀྱང་། མཛོད་འགྲེལ་ལས་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ག་ལས་ཞེ་ན། འཕགས་པ་ཀཽཎྜི་ནྱ་
ལ་དེ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་བཤད་དོ། །ཡང་ན་མཛོད་ལས། ཚིག་རྐང་སྔ་མའི་འཕྲོར་རྩིབས་སོགས་ཀྱིས་ཞེས་པ་བཙུན་པ་དབྱངས་སྒྲོགས་ཀྱི་འདོད་པ་སྟེ། དེས་ནི་འཕགས་ལམ་ཡན་ལག་བརྒྱད་འཁོར་ལོ་དང་མཚུངས་
པས་མཐོང་ལམ་ཆོས་འཁོར་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་དང་། རྟོགས་པ་དང་།རྩོལ་བ་དང་། དྲན་པ་རྣམས་ནི་རྩིབས་ལྟ་བུ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ། ཏིང་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་པའི་ཕྱིར་རོ། །
Vol. 103 · folio 15a
ཞེས་བཤད་པ་མཛོད་ཊཱི་ཀ་ལས་འབྱུང་ངོ་། །མདོ་སྡེ་པ་རྣམས་ཀྱིས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་ག་དེ་སྟོན་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་དང་བཅས་པ་ཆོས་འཁོར་དུ་འདོད་དེ། སློབ་དཔོན་རྒྱལ་པོའི་སྲས་ཀྱིས། དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་དེ་ཉིད་
ཆོས་ཀྱི་འཁོར་ལོ་ཡང་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པའི་ཕྱིར་རོ། ཞེས་དང་། མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་ཡང་ཆོས་ཀྱི་འཁོར་ལོ་ཡིན་ཏེ། གདུལ་བའི་སྐྱེ་བོའི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བའི་ཕྱིར་རོ། །ཞེས་བཤད་པས་སོ། །རང་ལུགས་
ཐེག་ཆེན་པ་ལྟར་ན། ཚོགས་ལམ་ནས་མི་སློབ་ལམ་གྱི་བར་ལམ་ལྔ་པོ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དབུ་མ་པ་ཆོས་བཤེས་ཀྱིས། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་རོ། །ཞེས་
བཤད་ཅིང་རྣམ་གྲོལ་གྱི་ལམ་ཡང་ཆོས་ཀྱི་འཁོར་ལོ་ཐམས་ཅད་གྱི་མཆོག་ཏུ་གྱུར་པ་སྟེ། རྒྱ་ཆེ་རོལ་པའི་མདོར། བྱམས་པ་ཆོས་ཀྱི་འཁོར་ལོ་དེ་ནི་གཏིང་མི་དམིགས་པའི་ཕྱིར་ཟབ་པའོ། །འཁོར་ལོ་དེ་ནི་གཉིས་དང་བྲལ་བའི་ཕྱིར་བལྟ་དཀའ་བའོ། །འཁོར་ལོ་དེ་ནི་ཡིད་ལ་བྱེད་པས་
ཡིད་ལ་བྱ་བ་མ་ཡིན་པའི་ཕྱིར། ཁོང་དུ་ཆུད་པར་དཀའ་བའོ། འཁོར་ལོ་དེ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རྣམ་པར་ཤེས་པ་དཀའ་བའོ། །འཁོར་ལོ་དེ་ནི་སྒྲིབ་པ་མེད་པའི་རྣམ་པར་ཐར་པས་ཐོབ་པའི་ཕྱིར་རྙོག་པ་མེད་པའོ། །འཁོར་ལོ་དེ་ནི་དཔེ་གཞག་
པ་དང་བྲལ་བའི་ཕྱིར་ཕྲ་བའོ། །འཁོར་ལོ་དེ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ཐོབ་པའི་ཕྱིར་སྙིང་པོའོ། །འཁོར་ལོ་དེ་ནི་སྔོན་གྱི་མཐར་མ་བྱུང་བའི་ཕྱིར་མི་ཕྱེད་པའོ། །འཁོར་ལོ་དེ་ནི་སྤྲོས་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་སྤྲོས་པ་མེད་པའོ། །འཁོར་ལོ་དེ་ནི་ཤིན་ཏུ་མཐར་ཐུག་པའི་
ཕྱིར་མི་འཁྲུགས་པའོ། །འཁོར་ལོ་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །བྱམས་པ་ཆོས་ཀྱི་འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ངོ་བོ་ཉིད་ཀུན་ཏུ་བསྟན་པ་འཇིག་པའི་འཁོར་ལོའོ། །སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་།
Vol. 103 · folio 15b
འབྱུང་བ་མེད་པའི་འཁོར་ལོའོ། །ཀུན་གཞི་མེད་པའི་འཁོར་ལོའོ། །རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའི་ཆོས་ཀྱི་ཚུལ་ལ་རྟོག་པའི་འཁོར་ལོའོ། །སྟོང་པ་ཉིད་ཀྱི་འཁོར་ལོའོ། །མཚན་མ་མེད་པའི་འཁོར་ལོའོ། །སྨོན་པ་མེད་པའི་འཁོར་ལོའོ། །མངོན་པར་འདུ་བྱ་བ་མེད་པའི་
འཁོར་ལོའོ། །དབེན་པའི་འཁོར་ལོའོ། །འདོད་ཆགས་དང་བྲལ་བའི་འཁོར་ལོའོ། །འགོག་པའི་འཁོར་ལོའོ། །དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་འཁོར་ལོའོ། །ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་འཁོར་ལོའོ། །ཡང་དག་པའི་མཐའ་རྣམ་པར་མི་འཁྲུགས་པའི་
འཁོར་ལོའོ། །ཆགས་པ་མེད་ཅིང་སྒྲིབ་པ་མེད་པའི་འཁོར་ལོའོ། །རྟེན་ལ་འཇུག་ཅིང་གཉིས་སུ་ལྟ་བ་ལས་ཡང་དག་པར་འདས་པའི་འཁོར་ལོའོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་རྒྱུན་མི་
གཅོད་པའི་འཁོར་ལོའོ། །འཇུག་པ་མེད་ཅིང་མངོན་པར་འགྲུབ་པ་མེད་པའི་འཁོར་ལོའོ། །ཤིན་ཏུ་དམིགས་སུ་མེད་པའི་འཁོར་ལོའོ། །བླང་བ་མེད་པ་དང་དོར་བ་མེད་པའི་འཁོར་ལོའོ། །བརྗོད་དུ་མེད་པའི་འཁོར་ལོའོ། །རང་བཞིན་གྱིས་ཇི་ལྟ་བ་བཞིན་གྱི་འཁོར་ལོའོ། །ཡུལ་གཅིག་
ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་འཁོར་ལོའོ། །སེམས་ཅན་གདུལ་བའི་ཕྱིར་ཕྱད་པར་བྱིན་གྱིས་རློབ་ཅིང་ལྡོག་པ་མེད་པའི་འཁོར་ལོའོ། །གཉིས་སུ་མེད་ཅིང་སྒྲོ་བཏགས་པ་མེད་པ་དོན་དམ་པའི་ཚུལ་ལ་འཇུག་པའི་འཁོར་ལོའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་
པར་འདུ་བའི་འཁོར་ལོའོ། །འཁོར་ལོ་དེ་ནི་ཚད་ཐམས་ཅད་ལས་ཤིན་ཏུ་འདས་པས་དཔག་ཏུ་མེད་པའོ། །འཁོར་ལོ་དེ་ནི་གྲངས་ཐམས་ཅད་དང་བྲལ་བས་གྲངས་མེད་པའོ། །འཁོར་ལོ་དེ་ནི་སེམས་ཀྱི་ལམ་ལས་ཡང་དག་པར་འདས་པས་བསམ་གྱིས་མི་ཁྱབ་པའོ། །འཁོར་
ལོ་དེ་ནི་གཞལ་བ་དང་བྲལ་བས་མཚུངས་པ་མེད་པའོ། །འཁོར་ལོ་དེ་ནི་སྒྲ་སྐད་ཀྱི་ཚིག་གི་ལམ་ཐམས་ཅད་དང་བྲལ་བས་བརྗོད་དུ་མེད་པ་སྟེ། ཚད་མེད་པ། དཔེ་མེད་པ། དཔེ་དང་བྲལ་བ། ནམ་མཁའ་དང་མཚུངས་ཤིང་འདྲ་བ། ཆད་པ་མེད་པ། རྟོག་པ་མེད་པ། རྟེན་
Vol. 103 · folio 16a
པ་ལ་འཇུག་པ་དང་མི་འགལ་བ། ཞི་བ། ཤིན་ཏུ་ཉེ་བར་ཞི་བ། དེ་ཁོ་ན། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ། གཞན་དུ་མི་འགྱུར་བ། སེམས་ཅན་ཐམས་ཅད་ཀྱི་སྒྲར་བརྗོད་པ། བདུད་ཚར་གཅོད་པ། མུ་སྟེགས་
ཅན་རྣམས་ཕམ་པར་བྱེད་པ། འཁོར་བའི་ཡུལ་ལས་ཤིན་ཏུ་འདས་པ། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ། འཕགས་པའི་གང་ཟག་རྣམས་ཀྱིས་ཡོངས་སུ་ཤེས་པ། རང་སངས་རྒྱས་རྣམས་ཀྱིས་རྟོགས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་
བཟུང་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའོ། །ཞེས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ལམ་དེ་དག་བརྗོད་བྱར་སྟོན་པའི་གསུང་རབ་ཆོས་འཁོར་ཡིན་པ་ནི་གོང་དུ་དྲངས་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་གིས་ཀྱང་གྲུབ་ལ། སློབ་དཔོན་
དབྱིག་གཉེན་གྱིས་ཀུན་རྫོབ་ཀྱི་ཆོས་ཀྱི་ངོ་བོ་བསྟན་པའི་རང་བཞིན་གྱི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཞེས་དང་། མཁས་པ་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་། ཐུབ་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་མ་ལུས་པ་སྟེ། ཆོས་ནི་བསྟན་པའི་ཆོས་གཙོ་བོར་བྱས་པའོ། །ཞེས་
བཤད་པའི་ཕྱིར་དང་། ཤེས་ཕྱིན་དང་མངོན་པ་སོགས་ཀྱི་མིང་ཡང་གཞུང་ལུགས་ལ་འཇུག་པ་མི་འགལ་བ་བཞིན་དུ་འདིར་ཡང་རིགས་པའི་ཕྱིར་རོ། །ཡང་ན་ཆོས་འཁོར་དངོས་རྟོགས་པའི་ཆོས་དང་ཚོགས་སྦྱོར་གྱི་ལམ་དེའི་ཡན་ལག་ཡིན་ཞིང་། གསུང་རབ་ནི་དེ་དག་
གཞན་རྒྱུད་ལ་གོ་བར་བྱེད་པའི་ཕྱིར་ཆོས་འཁོར་བསྐོར་བ་ཞེས་བྱ་བར་བཤད་ཀྱང་ལེགས་པའི་ཕྱོགས་གཅིག་ཡིན་ནོ། །དེ་ལ་འདིར་བསྟན་བྱར་གྱུར་པའི་ལུང་གི་ཆོས་འཁོར་གྱི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་ །མྱ་ངན་ལས་འདས་པའི་རྒྱུ་འབྲས་
ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱའི་གཙོ་བོར་གྱུར་པའི་ངག་གི་རྣམ་པར་སྣང་བའི་རྣམ་རིག་གོ། །དེའི་མཚན་གཞིའང་། བདག་རྐྱེན་སངས་རྒྱས་ཀྱི་ཡེ་ཤེས་དང་། རྒྱུའི་རྐྱེན་གདུལ་བྱའི་རྒྱུད་དག་པ་གཉིས་ལ་བརྟེན་ནས། གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་
Vol. 103 · folio 16b
རྣམ་པར་སྣང་བ་ཉིད་ཡིན་གྱི། བཅོམ་ལྡན་འདས་ལ་ངག་ཀུན་ནས་སློང་བའི་བག་ཆགས་མི་མངའ་བའི་ཕྱིར་དང་། ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་མེད་པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པས་བཞེད་པའི་དབང་གིས་བསྟན་པ་ནི་མ་ཡིན་ནོ། །དེ་ལྟ་
བས་ན་ཐེག་ཆེན་གྱི་མདོ་སྡེ་འགའ་ཞིག་ལས། བདེ་བར་གཤེགས་པས་ཆོས་ཚིག་འབྲུ་གཅིག་ཀྱང་མ་བསྟན་པར་བཤད་པའང་དོན་འདི་ལ་དགོངས་ཤིང་། རྒྱན་སྣང་ལས་ཀྱང་། སངས་རྒྱས་ཀྱིས་ཆོས་བསྟན་པ་ནི་ཞེས་བྱ་བ་ནི། གང་གི་ཕྱིར་རྣམ་པར་རྟོག་པ་རང་གི་རྣམ་པ་ལ་ཕྱི་རོལ་
གྱི་རང་བཞིན་དུ་སྒོ་བཏགས་ནས་འཇུག་པའི་ཕྱིར། དེ་མ་ཡིན་པ་ལ་དེར་འཛིན་པས་རང་ཉིད་མ་རིག་པའི་རང་བཞིན་ཡོད་ན་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པ་དེ་བས་ན་རྟག་ཏུ་མཉམ་པར་བཞག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་
ཤེས་ཀྱི་མཐུས་མོས་པ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པ་རྣམས་ལ་མ་འཆོལ་བར་རང་གི་ཤེས་པའི་སྣང་བ་སྟོན་པར་སྣང་བ་ཉེ་བར་སྐྱེ་སྟེ། དེ་བས་ན་དེ་ལྟ་བུའི་རྟོགས་པའི་རྗེས་སུ་འབྲངས་ནས་དེ་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་རྣམ་པར་གཞག་གོ། །
ཞེས་དང་། དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཡིན་ནོ་ཞེས་བྱ་ནས་མཆོད་པར་བྱ་བ་དེ་བཞིན་དུ།
ད་ལྟར་བའི་ཆོས་སྨྲ་བ་རྣམས་ཀྱི་སྟོན་པའང་བཅོམ་ལྡན་འདས་ལས་བརྒྱུད་ནས་འོངས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྐྱེས་པའི་ཕྱིར་མཆོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞེས་འབྱུང་ངོ༌།། །འདི་སྐབས་ཐེག་དམན་བྱེ་མདོ་དག་གིས་མཚན་ཉིད་དེ་ལྟར་མི་འདོད་དེ། མཛོད་
ལས། གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་བཤད་པ་ལྟར། བྱེ་སྨྲས་གསུང་རབ་ཀྱི་ངོ་བོ་མིང་ཚིག་ཡི་གེའི་ཚོགས་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་འདུ་བྱེད་དང་། མདོ་སྡེ་པས་དེ་སྒྲ་རང་མཚན་པར་འདོད་པས་
Vol. 103 · folio 17a
གཟུགས་ཕུང་དུ་སྨྲ་བར་བྱེད་དོ། །གཉིས་པ་ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་དྷརྨ་ཙ་ཀྲ་ཞེས་བྱ་སྟེ་དྷརྨ་སྒྲ་ནི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ལ་འཇུག་སྟེ་དེའི་སྒྲ་བཤད་གོང་དུ་སོང་། ཙ་ཀྲ་ཞེས་པ་འཕོ་བ་དང་། ཚོགས་པ་ལའང་འཇུག་པས། རྟོགས་པའི་ཆོས་འཁོར་གདུལ་
བྱའི་རྒྱུད་ལ་འཕོ་བ་ལྟར་སྣང་བའི་ཕྱིར་དང་། ལུང་གི་ཆོས་འཁོར་ཆོས་ཀྱི་ཕུང་པོ་མང་པོའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། ཆོས་བཤེས་ཀྱིས་ཀྱང་། འཁོར་ལོ་ནི་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་ནའམ། ཚོགས་ཀྱི་དོན་གྱི་ཕྱིར་འཁོར་ལོ་སྟེ་སྒྲ་དོན་ནི་དེ་དག་དང་ཉེ་བའི་
ཕྱིར་རོ་ཞེས་སོ། །ཡང་མིང་གི་རྣམ་གྲངས་ཚངས་པའི་འཁོར་ལོ་ཞེས་བྱ་བའང་། མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཞེས་འབྱུང་བ་ལྟར་ཏེ། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་དང་བསིལ་བར་གྱུར་པ་ཞེས་ཀྱང་བྱ། ཞེས་
གསུངས་པས་བཅོམ་ལྡན་འདས་ཉིད་ལ་ཚངས་པ་ཞེས་བྱ་ཞིང་། །མཚན་དེ་འབྲེལ་པའི་རྒྱུ་མཚན་ཡང་། བྲཧྨ་ཞེས་པ། སྒྲ་སྦྱོར་བམ་གཉིས་ལས། བྲཧྨ་ཙཱརྱ་ཞེས་བྱ་བ་བྲཧྨ་བྷཱུ་ཏ་ཤཱི་ཏ་བྷཱུ་ཏ་ཞེས་བྱ་སྟེ། ཚངས་པའམ་བསིལ་བར་གྱུར་པས་ཏེ་དོན་དུ་ན་མྱ་ངན་ལས་འདས་པ་ལ་བྱ། ཞེས་བཤད་
པ་དང་། དེ་མཐུན་མཛོད་ཊཱི་ཀ་ལས་ཀྱང་བཅོམ་ལྡན་འདས་ནི་ཚངས་པའི་ཚུལ་བླ་ན་མེད་པའང་ལྡན་པའི་ཕྱིར་ཚངས་པ་ཡིན་ཏེ། ཞེས་བཤད་ཅིང་། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་ཀྱང་ཚངས་པའི་ཚུལ་དེ་ཟག་པ་མེད་པའི་ལམ་དུ་བཤད་པའི་ཕྱིར་ཏེ། ཚངས་པ་ཆེན་པོ་དེས་བསྐོར་བའི་འཁོར་ལོ་ཡིན་
པའི་ཕྱིར་དེ་སྐད་ཅེས་བྱའོ། །གསུམ་པ་དབྱེ་བའི་ཚུལ་གྱི་སྒོ་ནས་རྒྱས་པར་འཆད་པ་ལ། །ཆོས་འཁོར་གསུམ་དུ་དབྱེ་ཞིང་བཤད་པ། དེ་ལ་ཆོས་ཕུང་དུ་རྣམ་པར་གཞག་པ། དེ་དག་དྲང་ངེས་གཉིས་སུ་བསྡུ་བའོ། །དང་པོ་ལ་སྤྱི་དང་སོ་སོའི་རྣམ་གཞག་གཉིས་ཀྱི་དང་པོ་ནི། གོང་དུ་དྲངས་པ་ལྟར་
དགོངས་པ་ངེས་འགྲེལ་ནས་གསུངས་པའི་ལུང་གི་ཆོས་འཁོར་བསྐོར་བའི་རྣམ་གཞག་གསུམ་པོ་དེ་ཉིད་ཡིན་ཏེ། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལོ། །དེ་ལྟར་གསུམ་དུ་དབྱེ་རིགས་པའི་རྒྱུ་
Vol. 103 · folio 17b
མཚན་ཡང་། གདུལ་བྱའི་གང་ཟག་ལ་ཐེག་དམན་གྱི་རིགས་སུ་ངེས་པ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་དང་། རྐྱེན་གྱིས་འགྱུར་བས་རིགས་མ་ངེས་པ་དང་གསུམ་དུ་དབྱེ་བ། དབྱེ་བ་གྲངས་ངེས་མཚན་ཉིད་པ་ཡིན་ཞིང་དེ་ལྟར་འཐད་པའི་ཕྱིར། དེའི་དབང་གིས་སྔ་མ་དག་གི་ངོར་བདེན་པ་བཞི་དང་
རྟེན་འབྲེལ་བཅུ་གཉིས་སོགས་སྟོན་པ་འཁོར་ལོ་དང་པོ་དང་། གཉིས་པ་དག་གི་ངོར་ཤིན་ཏུ་ཟབ་པའི་སྟོང་པ་ཉིད་ཀྱི་གནས་སྟོན་པ་འཁོར་ལོ་བར་པ་དང་། མ་ངེས་པ་དག་གི་ངོར་ཟབ་མོའི་གནས་ལ་སྐྲག་པ་སྤོང་བའི་ཕྱིར་ཆོས་རྣམས་རྣམ་རིག་ཙམ་དུ་སྟོན་ཞིང་ཡོངས་གྲུབ་དོན་དམ་བདེན་པར་
གསུངས་པ་འཁོར་ལོ་ཐ་མ་སྟེ་འདུལ་བྱེད་ཀྱི་ཐབས་ཀྱང་གསུམ་དུ་འདུས་པར་འཐད་ཅིང་ངེས་པའི་ཕྱིར་རོ། །ཡང་ན་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་
པ་དང་། སྡུག་བསྔལ་བ་དང་།། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་
རྒྱན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་
ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ། །ཞེས་ཆོས་འཁོར་གསུམ་ལ་གཏམ་གསུམ་གྱིས་བསྟན་པར་མཛད་དེ། དང་པོ་འཁོར་བ་ལས་ཡིད་འབྱུང་བའི་གཏམ་དང་། གཉིས་པ་རྣམ་
ཐར་སྒོ་གསུམ་གྱི་གཏམ་དང་། གསུམ་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་མོ། །དེ་ལྟར་འཇོག་པའི་རྒྱུ་མཚན་ནི། མདོ་དེ་ཉིད་ལས། ནོར་བུ་མཁན་མཁས་པས་ནོར་བུ་སྦྱོང་བའི་དཔེས་གསུངས་པ་ལྟར། གདུལ་བྱ་བྱང་ཆུབ་མཆོག་ཏུ་བཀྲི་བའི་རིམ་པས་བཞག་པ་
Vol. 103 · folio 18a
སྟེ། རྒྱུད་བླ་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་བཤད་པ་ལྟར། དང་པོ་གདུལ་བྱ་འཁོར་བ་ལ་ཆགས་པ་རྣམས་ཡིད་འབྱུང་བའི་གཏམ་གྱིས་བསྐུལ་ནས་ཞི་བའི་ལམ་ལ་འཇུག་པ་དང་།
དེ་ནས་སྟོང་པ་ཉིད་ཀྱི་གཏམ་གྱིས་ཐེག་པ་ཆེན་པོར་ཡོངས་སུ་སྨིན་པ་དང་། དེ་ནས་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་ཅིང་ལུང་སྟོན་པ་ཆེན་པོ་འཐོབ་པར་བྱེད་པའི་ཕྱིར་རོ། །ཡང་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བདག་སྟོན་པའི་
འཁོར་ལོ། བར་དུ་བདག་མེད་སྟོན་པའི་འཁོར་ལོ། ཐ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་ཐ་སྙད་མཛད་ཅིང་། འཕགས་པ་ལྷས་དེའི་དོན་འགྲེལ་པ་ན། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་
དེ་མཁས་པ་ཡིན། །ཞེས་བཤད་པ་སྟེ།དེ་ལྟར་འཕགས་པ་ཡབ་སྲས་ཀྱིས། ཀུན་རྫོབ་ཀྱི་བདེན་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་ཞུགས་ནས། དོན་དམ་བདེན་པ་མཐོང་རུང་དུ་བསྒྲུབ་པའི་ཕྱིར་དང་པོ། །བདག་འཛིན་བཟློག་པའི་ཕྱིར་སྤྲོས་པའི་ཕྱོགས་གཅིག་འགོག་པའི་རྣམ་
གྲངས་པའི་དོན་དམ་བདེན་པ་བསྟན་པས་ཡོད་མེད་ལ་སོགས་པའི་ལྟ་བའི་གཞི་ཐམས་ཅད་བ་ཟློག་པའི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་དངོས་སྟོན་པ་གསུམ་པར་བཞེད་པ་ཡིན་ཞིང་། འདིའང་གདུལ་བྱ་ལ་ལྟོས་ནས་འདུལ་བྱེད་ཐབས་ཀྱི་དབྱེ་བ་དང་གོ་རིམ་བྱས་པ་ཡིནནོ།།
དེས་ན་སྔ་མ་དགོངས་འགྲེལ་དང་གཟུངས་དབང་གི་མདོ་ལས་འབྱུང་བ་དང་གི་དབྱེ་བ་དང་གོ་རིམ་ནི། འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་ཏུ་དགོངས་པས་བཤད་པའི་དབང་གིས་ཡིན་ལ། ལུགས་ཕྱི་མ་ལྟར་གྱི་ཚེ། སྔར་གྱི་འཁོར་ལོ་བར་པ་དེ་ཉིད་ཐ་མར་བསྟན་པ་ཡིན་ཏེ། དེ་ལྟ་བ་ཀུན་བཟློག་
གི་འཁོར་ལོར་སློབ་དཔོན་དེ་ཉིད་བཞེད་པའི་ཕྱིར་རོ། །གཉིས་པ་སོ་སོའི་རྣམ་གཞག་ལ་གསུམ་ལས། དང་པོ་བདེན་བཞི་ཆོས་འཁོར་གྱི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །ཐེག་ཆེན་གྱི་ལམ་སྟེགས་སུ་དགོངས་ནས། གཙོ་བོར་ཐེག་དམན་གྱི་རིགས་ཅན་
Vol. 103 · folio 18b
རྣམས་ལ་བསྟན་པའོ། །དེའི་མཚན་གཞི་ནི། ཉན་ཐོས་རྣམས་ལ་གྲགས་པའི་འདུལ་མངོན་མདོ་སྡེའི་གསུང་རབ་རྣམས་ཏེ། ལུང་སྡེ་བཞི་སོགས་སོ། །དེ་དག་ལ་ཅིའི་ཕྱིར་བདེན་བཞིའི་ཆོས་འཁོར་ཞེས་བྱ་ཞེ་ན། གཙོ་བོར་བདེན་པ་བཞི་ལས་བརྩམས་ཏེ་དམན་
པ་ལ་མོས་པ་རྣམས་དྲང་བའི་ཕྱིར་ལྟ་སྤྱོད་ཡང་དག་པར་སྟོན་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་འཇིག་རྟེན་འདི་ཉིད་དུ་དམན་པའི་གདུལ་བྱ་རྣམས་ཀྱི་ཐུན་མོང་གི་སྣང་ངོ་ཙམ་དུ་འཁོར་ལོ་དང་པོའི་དངོས་གཞི་ནི་ཝཱ་རཱ་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སྟོན་པས་ཆུ་སྟོད་
ཟླ་བའི་ཚེས་བཞིའི་དུས་སུ་ལྔ་སྟེ་བཟང་པོ་ལ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་བསྟན་པ་དེ་ཡིན་ཏེ། དེའི་ཚུལ་ནི་བྱེ་སྨྲ་དག་འདི་ལྟར་འདོད་དེ། བདེན་པ་བཞི་བོ་སོ་སོར་འདི་དང་འདིའོ་ཞེས་བསྟན་པ་བཟླས་པ་དང་པོ། སྡུག་
བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བསྟན་པ་བཟླས་པ་གཉིས་པ། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །
ཞེས་བསྟན་པ་བཟླས་པ་གསུམ་པ། དེ་ལྟར་བཟླས་པ་རེ་རེ་ལ་མིག་སྐྱེས་སོ། ཤེས་པ་དང༌རིག་པ་དང་། བློ་སྐྱེས་སོ། །ཞེས་བཞི་བཞིས་རྣམ་པ་བཅུ་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལ་འཁོར་བའི་འབྲས་བུ་སྡུག་བསྔལ། དེའི་རྒྱུ་ཀུན་འབྱུང་། མྱ་
ངན་ལས་འདས་པ་བྲལ་བའི་འབྲས་བུ་འགོག་བདེན། དེའི་བྱེད་རྒྱུ་ལམ་བདེན་ཏེ། འདི་བཞིས་འཁོར་འདས་ཀྱི་ཆོས་མཐའ་དག་བསྡུས་ཤིང་། དེ་དག་བཟླས་པ་དང་པོས་ངོ་བོ་སོ་སོར་ངེས་པའི་སྒོ་ནས་མཐོང་ལམ་བསྟན། གཉིས་པས་དེ་དག་ལ་བླང་དོར་བྱེད་
པའི་སྒོ་ནས་སྒོམ་ལམ་བསྟན། གསུམ་པས་བླང་དོར་ཟིན་པའི་སྒོ་ནས་མི་སློབ་ལམ་བསྟན་ཅིང་། དེ་དག་སོ་སོར་བདེན་པ་རེ་རེ་ལའང་བཞི་བཞི་གསུངས་པ། མིག་ཅེས་བྱ་བ་ཟག་མེད་ཀྱི་ཤེས་རབ། ཤེས་པ་ཞེས་པ་ཐེ་ཚོམ་མེད་པ། རིག་པ་ཞེས་པ་ཡང་
Vol. 103 · folio 19a
དག་པའི་དོན། བློ་ཞེས་པ་རྣམ་པར་དག་པའི་བློ་སྟེ། རིམ་པ་བཞིན་ཕྱི་རོལ་པའི་བདེན་པ་མཐོང་བར་རློམ་པ་ནི་ལོག་ལྟ། ཐེ་ཚོམ། མ་རིག་པ། ཟག་བཅས་བཞི་ལས་མ་འདས་པས། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྨོས་པ་ཡིན་པར་
མཛོད་འགྲེལ་རྣམས་ལས་བཤད་དོ། །དེ་ལྟ་ན་རྣམ་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་ཏེ། བཟླས་པ་གསུམ་ལ་བདེན་པ་རེ་རེ་ནས་བགྲངས་ན་བཅུ་གཉིས་སུ་འགྱུར་བ་གང་ཞིག །དེ་བཞིས་བསྒྱུར་བས་དེ་ལྟར་འགྲུབ་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། བཅུ་གཉིས་ཚན་
དུ་ཆོས་མཐུན་པའི་ཕྱིར་ཏེ། དཔེར་ན་མདོ་ལས། དགེ་སློང་དག །དེའི་ཕྱིར་ཁྱེད་ལ་གཉིས་ཤིག་བསྟན་པར་བྱས་ཏེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །གཉིས་གང་ཞེ་ན། མིག་དང་གཟུགས་རྣམས་ཞེས་བྱ་བ་ནས། ཡིད་
དང་ཆོས་རྣམས་སོ་ཞེས་བྱ་བའི་བར་གསུངས་པ་ལྟ་བུའོ། །ཞེས་འདོད་དོ། །མདོ་སྡེ་པ་དག་གིས་ནི་ལན་གསུམ་དུ་བཟླས་པའི་ཚུལ་དེ་ལྟ་བུ་ཡིན་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་པར་མི་འགྲུབ་སྟེ། ཁྱེད་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་པ་གང་ཞིག་
དེ་དང་པོར་ལོན་གཅིག་ལས་མ་སྨོས་པའི་ཕྱིར། དེ་ལ་རྣམ་པ་བཅུ་གཉིས་ཡིན་པའང་མི་འགྲུབ་སྟེ། མཐོང་ལམ་ལ་ལྟོས་པའི་མིག་སོགས་བཞི་ཚན་གཅིག་ཏུ་ཁྱེད་རང་གིས་ཁས་བླངས་པའི་ཕྱིར་རོ། །ཞེས་བྱེ་སྨྲའི་རྣམ་གཞག་དེ་དག་སུན་ཕྱུང་ནས་རང་
ལུགས་འཇོག་པའི་ཚེ། བདེན་བཞི་རང་གི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་དང་པོ། བྱ་བའི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་གཉིས་པ། མཐར་ཐུག་ལ་དམིགས་པའི་ཚུལ་གྱིས་གསུམ་པ་སྟེ། བཟླས་བྱ་ནི་བདེན་བཞིའི་ཆོས་ཀྱི་
རྣམ་གྲངས་ཉིད་ཡིན་ཞིང་། བཟླས་པ་གསུམ་ལ་བདེན་པ་བཞི་སོ་སོར་ངོ་བོ་བྱ་བ་འབྲས་བུ་རྣམས་ལ་དམིགས་པའི་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་རྣམ་པ་བཅུ་གཉིས་ཡིན་ནོ་ཞེས་འདོད་དོ། །དེ་ལྟ་བས་ན་མདོ་སྡེ་པའི་འདོད་པ་འདི་ཉིད་འཐད་པའི་ཕྱོགས་
Vol. 103 · folio 19b
སུ་གཟུང་བར་བྱའོ། །དེ་ལྟ་བུའི་ཆོས་འཁོར་བསྐོར་བ་འདིའི་དངོས་ཀྱི་དགོས་པ་ནི། ལྔ་སྡེ་བཟང་པོས་དགྲ་བཅོམ་པ་ཐོབ་པ་དང་། ལྷ་བརྒྱད་ཁྲིས་མཐོང་ལམ་ཐོབ་པ་རྣམས་ཡིན་ཞིང་། ཁྱད་པར་གྱི་དགོས་པ་ནི། གདུལ་བྱ་རྣམས་གང་ཟག་ཏུ་འཛིན་
པ་ལས་བཟློག་ནས་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་སྟེ་འབྲས་བུ་བཞི་ལ་ཅི་རིགས་པར་འགོད་པ་རྣམས་སོ། །འདི་ལས་གཞན་བདེན་བཞིའི་ཆོས་འཁོར་དུ་གཏོགས་པ་རྣམས་ནི་འདུལ་བ་ལུང་། གྲོང་ཁྱེར་དྲུག་སོགས་སུ་ཐོར་བུར་
གསུངས་པ་སོགས་གནས་དང་དུས་མ་ངེས་པ་སྣ་ཚོགས་པའོ། །གཉིས་པ་འཁོར་ལོ་བར་པའི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་པའི་ཆོས་གང་ཞིག །ཐེག་པ་ཆེན་པོའི་ལམ་དངོས་ལ་དགོངས་ནས་གཙོ་བོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་མོ་སྟོང་པ་ཉིད་
ཀྱི་ཚུལ་ལས་བརྩམས་ཏེ་བསྟན་པ་སྟེ། དེའང་རྒྱ་རོལ་ལས། ཀུན་གཞི་མེད་ཅིང་སྤྲོས་མེད་པ། །སྐྱེ་བ་མེད་ཅིང་འབྱུང་མེད་ལ། །དབེན་ཞིང་རང་བཞིན་སྟོང་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏོ། །བླང་བ་མེད་ཅིང་དོར་མེད་ལ། །མཚན་མ་མེད་
ཅིང་མཚན་ཉིད་མེད། །མཉམ་པ་ཉིད་ཀྱི་ཆོས་བསྟན་པའི། །འཁོར་ལོ་སངས་རྒྱས་ཀྱིས་བསྐོར་ཏོ། །ཞེས་གསུངས་སོ། །དེའི་མཚན་གཞི་ནི། ཤེས་ཕྱིན་གྱི་མདོ་སྡེ་ལ་སོགས་པ་རྣམས་སོ། །དེ་དག་ལ་ཅིའི་ཕྱིར་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་
ལོ་ཞེས་བྱ་ཞེ་ན།གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཤིན་ཏུ་དབེན་པའི་སྨྲ་བསམ་བརྗོད་བྲལ་གྱི་དེ་ཁོ་ན་ཉིད་སྟོན་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་འཁོར་ལོ་བར་པའི་དངོས་གཞི་ནི། དུས་ལ་བོད་རྣམས་ཀྱི་འཆད་
ཚུལ་སྣ་ཚོགས་ཞིག་སྣང་ཡང་། ཁུངས་འདི་ཡིན་གྱིས་ངེས་གསལ་མ་མཐོང་བས་ཀྲིག་ཅར་སྨྲ་མ་བཏུབ་ལ། གནས་ནི་གྲོང་ཁྱེར་རྒྱལ་པོའི་ཁྱབ་ཀྱི། བྱ་རྒོད་ཕུང་པོའི་རིར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་ཉན་ཐོས་
Vol. 103 · folio 20a
ཀྱི་འཁོར་བཞིའི་ཚོགས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ། །ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་བསྟན་པས་མངོན་རྟོགས་བརྒྱད་གདུལ་བྱའི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་དོན་བདུན་ཅུ་དང་བཅས་པ་
སྦས་དོན་དུ་ཡོད་པ་དེ་ཉིད་དངོས་བསྟན་ཆོས་ཐམས་ཅད་སྟོང་ཉིད་ཀྱི་ཚུལ་དུ་སྒོ་གསུམ་རྣམས་གྲངས་བཅུ་གཅིག་གི་སྒོ་ནས་བསྟན་པར་མཛད་པ་དེ་ཡིན་ནོ། །དེ་ལ་སྦས་དོན་མངོན་རྟོགས་བརྒྱད་ནི། མངོན་རྟོགས་རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་
བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་
བརྒྱད། །ཞེས་པ་ལྟར་དང་། ཡན་ལག་གི་དོན་བདུན་ཅུའང་། དེ་ཉིད་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་
དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཞེས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་དང་། མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་
དང་། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །
བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཞེས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་དང་། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་
Vol. 103 · folio 20b
མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཞེས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་
དགུ་དང་། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་
རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་དང་། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་
སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས། །ཞེས་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་དང་། མཐར་གྱིས་པ། རྣམ་
གསུམ། རྣམ་བཅུ། ཞེས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་དང་། སྐད་ཅིག་མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། ངོ་བོ་ཉིད་ལོངས་
རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཞེས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྣམས་སོ། །དེ་དག་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་བསྟན་པའི་སྒོ་
གསུམ་ནི། མགོ་སྨོས་པས་གོ་བ་རྣམས་ཀྱི་ངོར་བསྡུས་ཏེ་བསྟན་པའི་སྒོ། སྤྲོས་པ་ཙམ་གྱིས་གོ་བ་རྣམས་ཀྱི་ངོར་འབྲིང་དུ་བསྟན་པའི་སྒོ། ཚིག་ལ་འཆེལ་བ་རྣམས་ཀྱི་ངོར་རྒྱས་པར་བཤད་པའི་སྒོ་རྣམས་སོ། །རྣམ་གྲངས་བཅུ་གཅིག་ནི། ཤཱ་རིའི་བུ། རབ་
Vol. 103 · folio 21a
འབྱོར། བརྒྱ་བྱིན། ཡང་རབ་འབྱོར། བྱམས་པ། ཡང་རབ་འབྱོར། བརྒྱ་བྱིན། རབ་འབྱོར། བྱམས་པ། རབ་འབྱོར། ཀུན་དགའ་བོ་རྣམས་དང་གོ་རིམ་བཞིན་དུ་དྲི་ལན་སོགས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟ་བུའི་བརྗོད་
བྱ་དང་རྗོད་བྱེད་མ་ཚང་བ་མེད་པ་ནི། རྒྱས་པ་ཤེས་ཕྱིན་བྱེ་བ་ཕྲག་བརྒྱ་པ་དང་། འབུམ་པ་སོགས་དང་། འབྲིང་པོ་ཉི་ཁྲི་ལྔ་སྟོང་པ་སོགས་དང་། །བསྡུས་པ་བརྒྱད་སྟོང་པ་སོགས་ཡིན་ཞིང་། དེ་དག་ལས་འཕྲོས་པའི་མདོ་སྡེའང་དཔག་ཏུ་མེད་པས། ཕལ་ཆེར།
གསུང་གཅིག་ཉིད་དུ་གསུངས་མོད་ཀྱང་། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་གསུངས་པ་ལྟར། དུས་དང་གནས་གཅིག་ཉིད་དུ་གསུངས་པ་རྒྱལ་བ་ཉིད་ཀྱི་མཐུས་སྡུད་པ་པོ་རྣམས་ཀྱིས་སོ་སོ་ལ་ཇི་ལྟར་སྣང་ཞིང་གདུལ་བྱ་དང་ཉེ་བར་འཚམ་པའི་སྒོ་ནས་རྒྱས་འབྲིང་བསྡུས་
གསུམ་སྣ་ཚོགས་སུ་བསྡུས་པ་ཡིན་ནོ། །ཁ་ཅིག་གིས་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཤེས་ཕྱིན་གྱི་ཆོས་གནས་དང་དུས་གཅིག་ལས་གཞན་དུ་མ་བསྟན་ན། གནས་གཞན་དང་གཞན་དུ་དང་། དུས་གཞན་དང་གཞན་དུ་བསྟན་པར་གསུངས་པ་དག་ཀྱང་ཡོད་
པས་ཇི་ལྟར་མི་འགལ་ཞེ་ན། སྐྱོན་མེད་དེ། མདོ་ལས། ཀྱེ་མ་རྒྱལ་སྲས་ཁྱོད་ལྟོས་ཤིག །ཛམྦུའི་གླིང་རྣམས་ཐམས་ཅད་ན། །བདེ་གཤེགས་འདི་ན་བཞུགས་སྙམ་བྱེད། །བདག་ཅག་རྣམས་ནི་འདི་སྙམ་དུ། །རི་རབ་རྩེ་ལ་བདེ་གཤེགས་སྙམ། །འཇིག་
རྟེན་ཁམས་རྣམས་གཞན་ན་ཡང་། །སངས་རྒྱས་ངོ་མཚར་རྨད་རེ་ཆེ། །ཞེས་འབྱུང་བ་ལྟར་དང་། གོང་དུ་སྨྲས་ཟིན་པ་ལྟར། སྐད་ཅིག་བསྐལ་པར་བྱིན་གྱིས་རློབ་པ་སོགས། རྫོགས་པའི་སངས་རྒྱས་ཀྱི་མཐུ་ལ་ལྟ་སྨོས་ཅི་དགོས། བྱང་འཕགས་
སོགས་ཀྱི་རྣམ་པར་འཕྲུལ་པའང་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་དང་། ཁྱད་པར་སངས་རྒྱས་འཕགས་པ་རྣམས་ཤིན་ཏུ་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་རྟག་པ་དམ་པའི་གནས་སུ་མཉམ་པར་གཞག་པ་ལས་ནམ་ཡང་མི་གཡོ་བར། དུས་ཐམས་ཅད་
Vol. 103 · folio 21b
དང་བྲལ་བ་མཉམ་པ་ཉིད་ཀྱི་དུས་གཅིག་ཉིད་དུ་བརྗོད་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་འདི་ལྟ་བུ་ཇི་ལྟ་བ་བཞིན་མཉན་པའི་སྣོད་དུ་མ་གྱུར་ནའང་། རང་རེ་ཐེག་ཆེན་པ་དག་གིས། ཐེག་ཆེན་འཆད་པའི་སྐབས་སུ་མོས་པ་
ཙམ་གྱིས་འདི་བཞིན་དུ་བཤད་ན་ལེགས་པའི་ཕྱིར་རོ། །དེ་ལྟ་ན་བྱ་རྒོད་ཕུང་པོའི་རི་སོགས་ཀྱི་གནས་སྨོས་པའི་ངལ་བས་ཅི་ཞིག་བྱ་ཞེ་ན། འོ་སྐོལ་གླིང་བཞི་བའི་འཇིག་རྟེན་འདིར་བྱིས་པ་མཐའ་གཅིག་ཏུ་འཛིན་པ་ཅན་རྣམས་ཀྱིས་མཐོང་བ་ནི་དེ་ཙམ་དུ་ཟད་པའི་
ཕྱིར་མདོ་རྣམས་ལས་ཀྱང་དེ་དག་རྗེས་སུ་འཛིན་པའི་ཕྱིར་དེ་དག་དང་མཐུན་པར་གསུངས་ཤིང་སྣང་ངོ༌། །དེ་ལྟ་བུའི་འཁོར་ལོ་བར་པ་བསྐོར་བ་འདིའི་དགོས་པ་ནི་དངོས་སུ་བསྐོར་ཚུལ་བསྟན་ཡུལ་གྱི་གདུལ་བྱ་ངེས་པར་རྒྱུད་གྲོལ་བ་འདི་ལ་ལྟོས་དགོས་པ་རྣམས། དེ་བཞིན་
གཤེགས་པའི་ཡུལ་ལ་འཇུག་པ་དང་། རྒྱུད་ནས་སེམས་ཅན་ཐམས་ཅད་ཀྱི་ལྟ་བ་ངན་པའི་སྒྲིབ་གཡོགས་བསལ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་རྟོགས་ནས་མཐའ་གཉིས་སུ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་འཐོབ་
པའོ། །གསུམ་པ་འཁོར་ལོ་ཐ་མའི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །མ་ངེས་པའི་རིགས་ཅན་ཐེག་པ་ཆེན་པོའི་ཚུལ་གྱིས་རྗེས་སུ་འཛིན་པའི་ཕྱིར་འཁོར་གསུམ་རྣམ་དག་གི་གཏམ་གཙོ་བོར་སྟོན་པ་སྟེ། དེའི་མཚན་གཞི་ནི། ཕལ་
པོ་ཆེ་དང་ལང་ཀར་གཤེགས་པ་ལ་སོགས་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་གཙོ་བོར་སྟོན་པའི་ཕྱོགས་ཀྱིས་གསུང་རབ་རྣམས་ཡིན་ནོ། །དེ་དག་ལ་ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་
ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ལེགས་པར་ཕྱེས་ནས་གསུངས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་འཁོར་ལོ་ཐ་མའི་དངོས་གཞི་ནི། དོན་དམ་པར་ཚད་གཟུང་ཅི་ཞིག་ཀྱང་། རང་རེ་བྱིས་པ་རྣམས་ཀྱི་མཐོང་ཐོས་ཀྱི་ཡུལ་ཙམ་དུའང་། རི་མ་
Vol. 103 · folio 22a
ལ་ཡ་དང་། བྱང་ཆུབ་ཀྱི་སྙིང་པོ་དང་། ཡངས་པ་ཅན་སོགས་སུ་དུས་མ་ངེས་པར་གསུངས་པས་འདི་ཁོ་ན་ཉིད་དོ་ཞེས་མཐའ་གཅིག་ཏུ་གཞིག་དཀའ་མོད་ཀྱི། གོང་དུ་མཚན་གཞིར་བཞག་པ་དག་དང་། གཞན་ཡང་དཀོན་མཆོག་བརྩེགས་པ།
རྒྱན་སྟུག་པོ་བཀོད་པ། མྱ་ངན་འདས་མདོ་སོགས། དོན་དང་ཚིག་གཉི་གི་རྒྱས་པའི་ལུགས་སུ་སྣང་བས་གཞིག་ཏུ་རུང་ངོ༌། །དེ་ཡང་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཕལ་ཆེ་བ་ཞིག་ལས་དགོངས་པ་ཅན་དུ་གསུངས་པ་མང་པོ་འདི་དག་ཏུ་གསལ་བར་བསྟན་པ་ཤས་ཆེ་སྟེ།
དཔེར་ན་འདུལ་བའི་མདོར། །དགེ་སློང་དག་གིས་རུང་བའི་ཤ་བཟའ་བར་གནང་བ། རྣམ་གསུམ་དག་པའི་ཤ་འདི་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ནི་ཡོང་མེད་པས། །དེ་ཕྱིར་ཤ་ནི་མི་ཟའོ། །ཞེས་སོགས་ཀྱིས་དགོངས་པ་
ཅན་དུ་བསྟན་པ་མང་བའི་ཕྱིར་རོ། །གཉིས་པ་དེ་ལ་ཆོས་ཕུང་དུ་རྣམ་པར་གཞག་པ་ནི། དེ་ལྟར་ལུང་གི་ཆོས་ཐམས་ཅད་ལ་སྤྱིར་ཆོས་ཀྱི་ཕུང་པོ་ཞེས་བྱ་སྟེ། བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་དུ་མ་སྤུངས་པའི་ཕུང་པོར་སྣང་བའི་ཕྱིར་རོ། །
དེའང་ཉན་ཐོས་པ་དག་གི་འདོད་པ་ལྟར་ན། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །ཅེས་དང་། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་
པར་གསུངས། །ཞེས་བཤད་པ་ལྟར། སྟོན་པས་གསུངས་པའི་ཆོས་ཐམས་ཅད་ཆོས་ཕུང་བརྒྱད་ཁྲིར་འདུས་ལ་དེའང་། སྡེ་པ་ཁ་ཅིག་གིས་ནི་བྱེ་སྨྲས་བཀའ་དང་། མདོ་སྡེ་པས་བསྟན་བཅོས་སུ་འདོད་པའི་མངོན་པ་སྡེ་བདུན་གྱི་ནང་ཚན། ཆོས་ཀྱི་
ཕུང་པོ་ཤཱ་རིའི་བུས། །ཞེས་བཤད་པ་དེ་ལ་གཞུང་ཚད་ཤློ་ཀ་དྲུག་སྟོང་ཡོད་པས། དེ་ཆོས་ཕུང་གཅིག་གི་ཚད་ཡིན་ཞིང་བརྒྱད་ཁྲིའི་ནང་ནས་དེ་ཙམ་ཞིག་ལུས་ཀྱི་གཞན་ནི་ནུབ་བོ་ཞེས་ཟེར་རོ། །ཡང་སྡེ་པ་ཁ་ཅིག་གིས་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །
Vol. 103 · folio 22b
རྟེན་འབྲེལ་ལ་སོགས་པའི་རྣམ་གྲངས་རེ་རེའི་གཏམ་རྫོགས་པ་ནི་ཆོས་ཕུང་རེ་རེའི་ཚད་དུ་འགྱུར་ཞིང་དབྱེ་བའང་དེ་ལྟར་བྱས་པར་འདོད་དོ། །ཡང་ཁ་ཅིག་ཉོན་མོངས་པ་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ལོག་ལྟ། ཐེ་ཚོམ་རྣམས་ནང་
གསེས་སུ་དབྱེ་བ་དང་། ཕན་ཚུན་སྦྱོར་བ་སོགས་ཀྱིས་བརྒྱད་ཁྲིར་འགྱུར་ལ། དེ་དག་རེ་རེའི་གཉེན་པོར་ཆོས་ཕུང་རེ་རེ་བསྟན་ཅིང་། རང་རང་གི་གཉེན་པོའི་བྱ་བ་ཡོངས་སུ་རྫོགས་པ་སྟོན་པའི་གཏམ་ནི་དེའི་ཚད་དུ་འདོད་དོ། །ཡང་སྡེ་པ་ཁ་ཅིག་ཀུན་དགའ་བོའི་
མདོ་ལས་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ཞལ་ལས་ཐོས་པ་ཆོས་ཕུང་བརྒྱད་ཁྲི་ལྷག་ཅིག་དང་། ཉན་ཐོས་རྣམས་ལས་ཐོས་པ་གཉིས་ཤིན་ཏུ་བཤད་དོ་ཞེས་དེ་ལྟར་འདོད་པ་དང་། སྡེ་པ་ཁ་ཅིག་བརྒྱད་ཁྲི་བཞི་སྟོང་དུ་འདོད་པ་མཛོད་ཊཱིཀ་སོགས་
སུ་འབྱུང་ངོ༌། །ཀུན་བཏུས་ཀྱི་འགྲེལ་པ་དང་། ཚིག་གསལ་གཉིས་མཐུན་པར་ཐེག་པ་ཐུན་མོང་བ་དག་གི་ལུགས་ཀྱིས། ཆོས་ཕུང་གཅིག་གི་ཚད་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་ལྟར་བྱས་པའི་བློ་ཀ་སྟོང་ཡིན་ཞིང་། དེ་ལྟ་བུ་བརྒྱད་ཁྲི་
བཞི་སྟོང་ཡོད་པ་བསྡོམས་པས་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་བར་འདོད་དོ། །ཐེག་ཆེན་ཉིད་ཀྱི་དབང་དུ་བྱས་ན། ཚིག་གསལ་ལས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ། དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་
པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས་འཕགས་པ་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་འདི་ཡང་རིགས་
པར་འགྱུར་རོ། །ཞེས་བཤད་ཅིང་མདོ་གང་དག་ལས་ཞེས་པའི་མདོ་ནི་དྲིན་ལན་བསབ་པའི་མདོར་གྲགས་པའོ། །དེས་ན་འདི་ལྟར་གྱི་ཚེ་ཆོས་ཕུང་གི་གྲངས་ཀྱང་བརྒྱད་ཁྲི་བཞི་སྟོང་དུ་འདོད་ཅིང་། དེ་ལྟར་འབྱེད་པའི་ཚུལ་ཡང་། ཉོན་
Vol. 103 · folio 23a
མོངས་པ་འདོད་ཆགས་ལ་གཙོ་བོར་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བའི་སྡེ་སྣོད་དུ་གཏོགས་པའི་ཆོས་ཕུང་ཉི་ཁྲི་ཆིག་སྟོང་། དེ་བཞིན་དུ་སྦྱར་ཏེ་ཞེ་སྡང་ལ་སྤྱོད་པའི་གཉེན་པོར་མདོ་སྡེའི་ཆོས་ཕུང་ཉི་ཁྲི་ཆིག་སྟོང་། གཏི་
མུག་ལ་སྤྱོད་པའི་གཉེན་པོར་མངོན་པའི་ཆོས་ཕུང་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་སྙོམ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་སྡེ་སྣོད་གསུམ་ཆ་སྙོམ་དུ་སྟོན་པའི་ཆོས་ཕུང་ཉི་ཁྲི་ཆིག་སྟོང་དུ་བོད་སྔ་རབས་པ་ཁ་ཅིག་འདོད་ཀྱང་། ཁུངས་ངེས་
གསལ་གྱི་བཤད་པ་མ་མཐོང་ཞིང་། གང་ལྟར་ཡང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གྱུར་པའི་སྒོ་ནས་དབྱེ་བ་བྱས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ཤློ་ཀ་ལ་སོགས་པའི་གྲངས་ཀྱིས་ཚད་འཛིན་པ་ནི་ནམ་ཡང་མི་རིགས་པའི་ཚུལ་ཟབ་མོའི་མདོ་སྡེ་རྣམས་
སུ་རྒྱ་ཆེར་གསུངས་པ་མ་ཟད། ཉན་ཐོས་པ་ཉིད་ལ་གྲགས་པའི་མདོ་སྡེ་རྣམས་དང་ཡང་འགལ་ཏེ། རྣམ་བཤད་རིགས་པར། ཀུན་དགའ་བོའི་མདོ་དང་བླ་མའི་མདོ་དྲངས་ནས་བཤད་པ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་
ནས་རིང་པོ་མ་ལོན་ཞིང་འཕགས་པ་ཀུན་དགའ་བོའང་བཞུགས་བཞིན་དུ་སངས་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ན། དེང་སང་ནི་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོའི་མདོ་ལས་བཅོམ་ལྡན་འདས་བགྲེས་པའི་གནས་སྐབས་ན་ངའི་བསྟན་པ་ཡང་
འཛིན་པར་འགྱུར་རོ་སྙམ་ནས་འཕགས་པ་ཀུན་དགའ་བོ་རིམ་གྲོ་བར་བསྐོས་ཞེས་བྱ་བ་དང་། སེམས་ཀྱང་སྨྲས་པ། བདག་གིས་ལོ་ཉི་ཤུ་ལྷག་ཅིག་བཙུན་པ་ལ་རིམ་གྲོ་བགྱིད་དོ་ཞེས་བྱ་བ་དང་། དེ་ཉིད་ལས་ཡང་སྨྲས་པ། བདག་གིས་ཆོས་ཀྱི་
ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་བཟུང་། གཉིས་ནི་དགེ་སློང་དག་ལས་སོ་ཞེས་འབྱུང་བས་དེའི་ཕྱིར་སྔར་བཅོམ་ལྡན་འདས་ཀྱིས་བཤད་པ་གང་ཡིན་པ་དེ་ནི་ངེས་མ་བཟུང་བར་ཤེས་པར་བྱའོ། །དེ་ནི་དགེ་སློང་རྣམས་ལས་བཟུང་བ་གང་
Vol. 103 · folio 23b
ཡིན་པ་དེ་ཁོ་ནར་ཟད་དོ་ཞེས་བྱ་བར་རིགས་པ་ནི་མ་ཡིན་ཏེ། དུས་དེ་སྲིད་དུ་བཞི་བཅུ་ཆ་བས་ཀྱང་ཉུང་བའི་ཆོས་བཤད་པ་ནི་མི་རུང་བས་སོ། །གལ་ཏེ་འཕགས་པ་ཀུན་དགའ་བོས་ཐམས་ཅད་རྟོགས་པར་གྱུར་ན་ནི། བླ་མའི་མདོ་ལས་ལྷ་རྣམས་ཀྱི་དབང་
པོ་བརྒྱ་བྱིན་གྱིས་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་མེད་དོ་ཞེས་དེ་སྐད་སྨོས་པ་ཡང་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཐམས་ཅད་གཟུང་བ་མ་ཡིན་ལ། དེས་སྨྲས་པ་གང་ཡིན་པ་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡང་དག་
པར་བསྡུས་པ་ཡིན་ནོ། །ཞེས་སོ། །གསུམ་པ་དེ་དག་དྲང་ངེས་གཉིས་སུ་བསྡུ་བ་ལ། དངོས་དང་ཞར་བྱུང་། དེ་ལ་ཐེག་པ་ཆེ་ཆུང་དབྱེ་ཞིང་རྩོད་པ་སྤོང་བའོ། །དང་པོ་ནི། དེ་ལྟར་འཁོར་ལོ་གསུམ་པོ་དེ་ཉིད་དྲང་ངེས་སུ་སོ་སོར་ཕྱེ་ན་ཇི་ལྟར་
འགྱུར་འདྲི་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་སོགས་ཀྱིས་འདི་ལྟར་བཞེད་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འཁོར་ལོ་དང་པོ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་
རྩོད་པའི་གཞིར་གྱུར་པ་ཞེས་དང་། གཉིས་པར་ཡང་དེ་བཞིན་དང་། ལོ་གསུམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །
ཞེས་གསུངས་པ་དང་། གཟུང་དབང་གི་མདོ་ལས་ཀྱང་གོང་དུ་དྲངས་པ་སོགས་དང་། གཞན་ཡང་འཁོར་ལོ་ཐ་མའི་མདོ་སྡེ་ཕལ་ཆེར་ལས། འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་
པ་སོགས་གསུངས་པ་རྣམས་དགོངས་པ་ཅན་དུ་བསྟན་པའི་ཕྱིར་འཁོར་ལོ་ཐ་མ་ཉིད་ངེས་དོན་མཐར་ཐུག་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་སོ། །དེ་པའི་ལུགས་ཀྱི་འཁོར་ལོ་བར་པ་དྲང་དོན་དུ་འཇོག་པའི་རིགས་པའང་མདོ་དང་བསྟན་
Vol. 103 · folio 24a
བཅོས་རྣམས་སུ་ཤིན་ཏུ་རྒྱས་པར་འབྱུང་མོད་ཀྱི་གཙོ་བོར་ནི་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་སྒྲ་ཇི་བཞིན་པར་བཟུང་ན་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་མེད་པར་ཐལ་བས། དེ་ལྟ་ན་ཀུན་ནས་ཉོན་
མོངས་པ་དང་རྣམ་པར་བྱང་བ་དག་ཀྱང་མི་དམིགས་པར་ཐལ་ལོ། །ཅིའི་ཕྱིར་ཞེ་ན། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་ཤེས་དེ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པའི་རྣམ་པར་རིག་པའི་མཚན་ཉིད་ཅན་གཞན་དབང་དུ་གྱུར་
པ་དེ་ལ་དོན་དུ་བཟུང་བས་ལས་དང་ཉོན་མོངས་པ་དག་དམིགས་པ་ཡིན་གྱི། གཞན་དབང་དེ་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ན་ཀུན་རྫོབ་ཙམ་དུའང་ཡོད་པ་མི་རིགས་པས། །དེ་ལྟ་ན་དེ་ལས་དམིགས་པའི་ལས་དང་ཉོན་མོངས་པའང་འབྱུང་བར་མི་རིགས་
སོ། དེས་ན་གཞན་དབང་སྒྱུ་མའི་དཔེ་བརྒྱད་ལྟ་བུར་ཀུན་རྫོབ་ཏུ་ཡོད་ཅིང་། ཀུན་རྫོབ་ཏུ་དོན་བྱེད་ལ། དེ་ཉིད་དོན་དུ་སྣང་བའི་རྣམ་རིག་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་ཀུན་རྫོབ་ཏུའང་མེད་པ་ཁོ་ནའོ། །གཞན་དབང་ཀུན་བརྟགས་ཀྱིས་སྟོངས་
པ་ཡོངས་གྲུབ་དེ་བཞིན་ཉིད་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོའམ་རིགས་སུ་བརྗོད་པ་སྟེ། དེ་མེད་དུ་ཟིན་ན། དེ་ལ་བརྟེན་ནས་སྣང་བའི་ཚོགས་བསགས་ཤིང་སྒྲིབ་པ་སྦྱང་བ་ལས་མཐར་བྱང་ཆུབ་ཐོབ་པ་སོགས་
རྣམ་བྱང་གི་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་དགོས་པ་མེད་པར་ཐལ་བས་དེ་ནི་ངེས་པར་དོན་དམ་བདེན་གྲུབ་ཏུ་ཡོད་དོ། །འོ་ན་ཅིའི་ཕྱིར་ངོ་བོ་ཉིད་མེད་པར་གསུངས་ཤེ་ན། རྒྱུ་མཚན་ཡོད་དེ། ཀུན་བརྟགས་པའི་ཆོས་རྣམས་མཚན་
ཉིད་ངོ་བོ་ཉིད་མེད་པ། གཞན་དབང་གི་ཆོས་རྣམས་སྐྱེ་བ་ངོ་བོ་ཉིད་མེད་པ།ཡོངས་གྲུབ་ཀྱི་ཆོས་ནི་དོན་དམ་ངོ་བོ་ཉིད་མེད་པ་ཡིན་པར་དགོངས་ཏེ་བསྟན་པའི་ཕྱིར་རོ། །དགོས་པ་ནི་གཙོ་བོར་ཆོས་ལ་བདག་ཏུ་འཛིན་པའི་ལྟ་བ་ངན་པ་གཞོམ་པའི་
Vol. 103 · folio 24b
གཉེན་པོར་སས་གསུངས་པ་ཡིན་ནོ། །ཞེས་སོགས་ཀྱིས་ལེགས་པར་བཤད་དོ། །ཁྱད་པར་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས་ནི། ཡུམ་ལས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་སྲིད་དུ་གང་གིས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་གང་ཡང་མི་སྐྱེ་མི་འགོག་པ་དང་། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང༌འགོག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་ལ་གནས་པའང་མ་ལགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ངོ་མཚར་ཏོ། །ཞེས་
དང་། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟར་ཡང་འདུ་ཤེས་པར་བགྱིད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་བགྱིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསོག་ཏུ་བགྱིད།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསོབ་ཏུ་བགྱིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་བགྱིད་པ་ལགས་སོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་
གསལ་བར་བྱས་ན། གཟུགས་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། །འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པ་ཡོངས་སུ་གསལ་བར་བྱས་པ་མ། རྒྱུན་དུ་ཞུགས་པའི་འབྲས་
བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། དགྲ་བཅོམ་པ་ཉིད་ཡོངས་སུ་གསལ་བར་བྱས་
པ་མ་ཡིན། རང་སངས་རྒྱས་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན། །སངས་རྒྱས་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན་ནོ། །ཞེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། འདྲེན་པ་རྣམས་ཀྱིས་ཆོས་འདི་ཟབ་སྟེ་མཐོང་
Vol. 103 · folio 25a
བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་འཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ནས་འདི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་
ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པར་འབྱུང་བ་ཡིན། །ནམ་མཁའི་ཁམས་ནི་ཤར་གྱི་
ཕྱོགས་དང་ལྷོ་ཕྱོགས་དང་། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུ་ཇི་སྙེད་རྣམས་ན་འང་ཡོད། །ཐ་དད་གྱུར་པ་མེད་ཅིང་བྱེ་བྲག་གྱུར་པ་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་
ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་
ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། །འདྲེན་པའི་ཤེས་རབ་མེད་ན་ཐོབ་པར་འགྱུར་མ་ཡིན། །ཞེས་གསུངས་པ་སོགས། ངེས་དོན་མཐར་ཐུག་ཏུ་བཤད་པའི་ལུང་མཐའ་ཡས་པའི་
ཕྱིར་དང་། །ཤིན་ཏུ་ཟབ་པའི་སྟོང་པ་ཉིད་ཀྱི་ཚུལ་བསྟན་པ་འདི་ལ་རིགས་པའི་གནོད་བྱེད་གང་ཡང་མི་འཇུག་པའི་ཕྱིར་འཁོར་ལོ་བར་པ་ངེས་དོན་མཐའ་ཐུག་ཏུ་བཞེད་དོ། །ལུགས་འདིས་བཀའ་ཐ་མ་དྲང་དོན་དུ་འཇུག་སྟེ་རྒྱུ་མཚན་ནི། ཡོངས་གྲུབ་
དོན་དམ་བདེན་པར་ངོ་བོ་ཉིད་ཀྱིས་ཡོད་པ་སོགས་འདོད་ན། རྩ་ཤེ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་
Vol. 103 · folio 25b
སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་འབྱུང་བ་སོགས་རིགས་པ་མང་པོའི་སྐྱོན་འབབ་པར་འགྱུར་བའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་དེ་
ལྟར་བསྟན་པའི་དགོས་པ་ཅི་ཞེ་ན། ཟབ་མོའི་སྟོང་པ་ཉིད་ཀྱི་ཚུལ་བསྟན་པ་ལ་ལོག་པར་བརྟགས་ནས་ཚོད་ལྟའི་ཕྱོགས་སུ་གཞོལ་བ་རྣམས་དྲང་བའི་ཕྱིར་རམ། ཡང་ན་ཟབ་མོ་ཉིད་ལ་མི་མོས་པ་དག་དྲང་བའི་ཕྱིར་ཏེ་གོང་དུ་སྨོས་ཟིན་ཏོ། །རྣམ་གཞག་
འདི་ལ་རྣམ་རིག་སྨྲ་བ་དག་གིས་མདོའི་ལུང་དང་བཅས་ཏེ་རྩོད་པ་བཀོད་པ་དག་ལ་མདོའི་ལུང་རྣམས་ནི་བཤད་མ་ཐག་པ་ལྟར་དགོངས་པ་ཅན་ཡིན་པའི་ཕྱིར་དང་། རིགས་པ་བརྗོད་པ་རྣམས་ཀྱིས་ཀྱང་སྐྱོན་མེད་དེ་གཞུང་སྔ་མ་དེ་ཉིད་ལས། །གང་ལ་སྟོང་
པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། ཞེས་དང་། གལ་ཏེ་འདི་ཀུན་མ་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་
རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་གསུངས་པ་སོགས་ཀྱི་རིགས་པ་དུ་མས་སྒྲུབ་པར་མཛད་དོ། །དེས་ན་འཁོར་ལོ་དང་པོ་དྲང་དོན་ཡིན་པར་ནི་ཐེག་ཆེན་གྱི་གྲུབ་མཐའ་དབུ་སེམས་གཉི་ག་བཞེད་པ་མཐུན་ཞིང་། བར་ཐོ་ལ་བཞེད་
ཚུལ་ཐ་དད་པ་དེ་བཞིན་ཡང་། འདིར་ལུགས་ཕྱི་མ་གཙོ་བོར་གཟུང་སྟེ། བར་པ་ངེས་དོན་མཐར་ཐུག་དང་། ཐ་མ་ལ་དྲང་ངེས་ཅི་རིགས་ཀྱི་ཆ་ཡོད་པར་ཤེས་པར་བྱའོ། །དེ་ལྟར་དྲང་ངེས་གཉིས་སུ་དབྱེ་བའི་ཆོས་ནི། བློ་གྲོས་མི་ཟད་པས་
བསྟན་པ་ལས། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་རྒྱུ་ལམ་འབྲས་བུའི་ཚུལ་ལ་སོགས་པ་སྟོན་པ་རྣམས་དྲང་བའི་དོན་ཏེ།
Vol. 103 · folio 26a
དེས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རིམ་གྱིས་བཀྲི་བར་བྱེད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ལས་བརྩམས་ཏེ་གཞི་ལམ་འབྲས་བུའི་གནས་ལུགས་སོགས་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་ངེས་དོན་ཏེ་སྒྲོ་སྐུར་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་
སྟོན་པས་སོ། །དེའང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་དང་། ཐ་སྙད་ལ་ནི་མ་བརྟེན་
པར། །དམ་པའི་ཆོས་ནི་བསྟན་མི་ནུས། །དམ་པའི་ཆོས་ལ་མ་བརྟེན་པར། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་ལེགས་པར་གསུངས་ཤིང་བདེན་པ་གཉིས་སོ་སོའི་ཚུལ་ཡང་། ག་ལས་འཇིགས་མེད་དུ། འཇིག་རྟེན་པའི་ཀུན་
རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་དག་ལ། འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་སྣང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་
པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལས་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །
དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་དེ་ལྟར་རྣམ་པར་མི་ས་ཤེས་པ་དེ་དག་ནི། སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་
ལྟར་ངེས་པའི་དྲང་དོན་གྱིས་བརྗོད་པ་ཡོད་པའི་མདོ་སྡེ་ཡིན་ན་ཐེག་དམན་གྱི་མདོ་སྡེ་ཡིན་པས་ཁྱབ་བམ་ཞེ་ན་མ་ཁྱབ་སྟེ། འཁོར་ལོ་དང་པོ་ཕལ་ཆེར་ཐེག་དམན་གྱི་ཚུལ་སྟོན་པ་ཤས་ཆེ་ནའང་། ཐ་མ་ལས་གསུངས་པའི་དྲང་དོན་རྣམས་ཀྱིས་དེ་ཐེག་
Vol. 103 · folio 26b
དམན་སྟོན་བྱེད་ཀྱི་མདོ་སྡེར་བསྒྲུབ་མི་ནུས་པའི་ཕྱིར་ཏེ། དེའི་དོན་ཐེག་ཆེན་ཉིད་དུ་ངེས་པའི་ཕྱིར་རོ། །འོ་ན་ངེས་དོན་གྱི་དོན་སྟོན་པ་ཡོད་ན་ཐེག་ཆེན་གྱི་མདོ་སྡེ་ཡིན་པས་ཁྱབ་བམ་ཞེ་ན། དེའང་མ་ཁྱབ་ཏེ། ལུང་ལས། ཟབ་ཞི་སྤྲོས་བྲལ་
འོད་གསལ་འདུས་མ་བྱས། །ཞེས་སོགས་ངེས་དོན་མཐར་ཐུག་སྟོན་པའི་སྐབས་ཀྱང་ཡོད་མོད་ཀྱི། དེས་འདུལ་ལུང་ཐེག་ཆེན་དུ་བསྒྲུབ་མི་ནུས་པ་བཞིན་ནོ། །དེས་ན་དྲང་ངེས་ཙམ་གྱིས་ཐེག་པ་ཆེ་ཆུང་འབྱེད་མི་ནུས་ཏེ། ཐེག་ཆེན་
མདོ་དང་རྒྱུད་གཉི་གར་དྲང་དོན་དགོངས་པ་ཅན་མང་དུ་གསུངས་པའི་ཕྱིར་རོ། །འོ་ན་འཁོར་ལོ་གསུམ་སོ་སོར་དྲང་ངེས་འབྱེད་པ་ཅི་ཞེ་ན། དེ་ནི་གཙོ་ཆེ་ཆུང་གི་དབང་ལས་ཡིན་པས་ནོངས་པ་མེད་དོ། །དེ་བས་ན་ཐེག་པ་ཆེ་ཆུང་གི་ཁྱད་པར་
ནི་རྣམ་རིག་སྨྲ་བ་དག་གི་ལྟར་ན་ཁྱད་པར་གྱི་ཆོས་བཅུས་འབྱེད་དེ། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །
ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་འབྱུང་ངོ་། །དེའང་ཤེས་བྱའི་གནས་ཀུན་གཞིའི་རྣམ་ཤེས། ཤེས་བྱའི་མཚན་ཉིད་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ། མཚན་ཉིད་དེར་འཇུག་པ་རྣམ་
ཞིག །དེར་འཇུག་པའི་རྒྱུ་འབྲས་ཕར་ཕྱིན་དྲུག །དེ་བསྒོམས་པའི་རབ་ཏུ་དབྱེ་བ་ནི་ས་བཅུ། ལྷག་པའི་ཚུལ་ཁྲིམས་ནི་བྱང་སྡོམ། ལྷག་པའི་སེམས་ནི་དཔའ་བར་འགྲོ་བ་སོགས་ཀྱི་ཏིང་ངེ་འཛིན། ལྷག་པའི་ཤེས་རབ་ནི་རྟོག་
མེད་ཀྱི་ཡེ་ཤེས། དེ་འབྲས་སྤངས་པ་ནི་མི་གནས་པའི་མྱང་འདས། དེ་འབྲས་ཡེ་ཤེས་ནི་སྐུ་གསུམ་མོ། །དེས་ན་ཁྱད་པར་བཅུ་པོ་འདི་དག་དང་ལྡན་ན་ཐེག་ཆེན། མི་ལྡན་ན་ཐེག་དམན་དུ་ཤེས་པར་བྱ་ཞིང་། དེ་བཞིན་དུ་ཁྱད་པར་
Vol. 103 · folio 27a
བཅུ་པོ་དེ་དག་ཐམས་ཅད་དམ་གང་རུང་དང་འབྲེལ་བའི་བརྗོད་བྱ་ཅན་གྱི་གསུང་རབ་ནི་ཐེག་ཆེན་གྱི་སྡེ་སྣོད་དུ་བཞེད་དོ། །ཡང་ན་དབུ་སེམས་ཐམས་ཅད་ཀྱི་འདོད་པ་ལྟར། གོང་དུ་བཤད་པའི་ཆེན་པོ་བདུན་གྱི་ཚུལ་དང་ལྡན་
མི་ལྡན་དང་། བརྗོད་བྱ་དེ་དག་དང་འབྲེལ་མི་འབྲེལ་སོགས་ཀྱིས་སོ། །འདི་སྐབས་སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་
པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་པ་དང་། སློབ་དཔོན་ཀླུས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་
ནི་ཡོད་པ་དང་། །མེད་པ་གཉི་ག་དགག་པར་གསུངས། །ཞེས་གསུངས་པ་སོགས་ཀྱིས་ཉན་རང་རྣམས་ཀྱིས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་འཁོར་བ་ལས་རྒལ་ཏེ། རང་རང་གི་ལྷག་མེད་མྱང་འདས་མངོན་དུ་བྱེད་པ་ཡིན་པའི་
ཕྱིར་ལྟ་བ་རྐྱང་པས་ནི་ཐེག་པ་ཆེ་ཆུང་དབྱེ་བར་དཀའ་བས་གཙོ་བོར་ཐབས་ལ་མཁས་པའི་སྤྱོད་པ་སོགས་ཀྱི་སྒོ་ནས་དབྱེ་བར་ཤེས་དགོས་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལ་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་
དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་
ཀྱིས་གཟུང་། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཆུང་ངུ་དེ་ལ། དམན་པ་ཉན་ཐོས་ཀྱི་ཐེག་པ་དང་། འབྲིང་རང་རྒྱལ་གྱི་ཐེག་པ་སྟེ་གཉིས་སུ་དབང་པོ་དང་འབྲས་བུ་མཆོག་དམན་གྱིས་དབྱེ་མོད་ཀྱི། དེ་གཉིས་ལམ་ཕལ་
Vol. 103 · folio 27b
ཆེར་རྣམ་གཞག་མཚུངས་པར་སའི་དངོས་གཞི་ལས་བཤད་དོ། །ཐེག་ཆེན་ལ་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་གཉིས་སུ་ཕྱེ་ཞིང་། སྔ་མ་ལ་དབུ་སེམས་གཉིས་
སུ་འབྱེད་ཀྱང་དེ་དག་ལ་ཐེག་པ་ཐ་དད་པའི་རྣམ་གཞག་བྱར་མེད་དེ། ལྟ་བ་ལ་ཅུང་ཟད་ཁྱད་ཞུགས་ཀྱང་འབྲས་བུ་ལ་ཁྱད་པར་མེད་པའི་ཕྱིར་དང་། ལམ་མྱུར་བུལ་ཙམ་གྱིས་ནི་ཐེག་པ་སོ་སོར་ཆེ་ཆུང་འབྱེད་མི་ནུས་པའི་ཕྱིར་རོ། །ཐེག་པ་
ཐམས་ཅད་ཀྱང་སྤྱིའི་མཐར་ཐུག །ཐེག་པ་གཅིག་ཏུ་ངེས་ཏེ་ཉན་རང་གི་ཐེག་པའི་མྱང་འདས་དེ་གནས་སྐབས་མྱང་འདས་ཙམ་དུ་བཞག་གི །མཐར་ཐུག་གི་མྱང་འདས་མཚན་ཉིད་པ་མ་ཡིན་པའི་ཕྱིར་ཏེ། མྱང་འདས་དེ་དག་
ལ་སླར་དེ་བཞིན་གཤེགས་པས་འོད་ཟེར་གྱིས་བསྐུལ་ནས་བྱང་ཆུབ་ཆེན་པོའི་གནས་སུ་འཁྲིད་དགོས་པའི་ཕྱིར་རོ། །གནས་སྐབས་བྱེ་བྲག་ཏུ་ཐེག་པ་སོ་སོར་གཞག་དགོས་ཏེ། སོ་སོ་ལ་ལམ་དང་འབྲས་བུ་སོགས་ཀྱི་ཚུལ་རང་
རྐང་པ་རེ་ཡོད་པའི་ཕྱིར་རོ། །འདི་སྐབས་ཉན་ཐོས་པ་དག་གིས་ཐེག་ཆེན་གྱི་ཆོས་འཁོར་ཕྱི་མ་གཉིས་ཁས་མི་ལེན་ཞིང་། དེ་གཉིས་ཀྱི་མདོ་སྡེ་རྣམས། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་འགལ་བ་དང་། འདུལ་བ་ལ་མི་
སྣང་། མདོ་སྡེ་ལ་མི་འཇུག །ཆོས་ཉིད་དང་འགལ་བ་དང་། སྔགས་བཟླ་བ་དང་། ཁྲུས་དང་། སྨྱུང་བར་གནས་པས་སྡིག་པ་འདག་པ་སོགས་ཕྱི་རོལ་པའི་ལམ་བསྟན་པ་དང་། སངས་རྒྱས་ཀྱི་བསྟན་པ་
སྡེ་པ་བཅོ་བརྒྱད་དུ་འདུས་པར་གསུངས་པ་ལས། དེར་མ་འདུས་པ་དང་། གཞན་ཡང་གྲགས་པ་དང་འགལ་བ་སོགས་སྐྱོན་མང་པོ་བརྗོད་པར་བྱེད་དོ། །དེ་ལ་དོགས་པའི་གནས་དང་པོ་དེ་ནི།
Vol. 103 · folio 28a
འདུས་བྱས་མི་རྟག་པར་གསུངས་པ་དང་འགལ་བ་ལོངས་སྐུ་རྟག་པར་བཤད་པ་དང་། ཟག་བཅས་སྡུག་བསྔལ་དང་འགལ་བ། བྱང་སེམས་བདེ་འགྲོར་བཤད་པ་དང་། ཆོས་རྣམས་བདག་མེད་པ་དང་འགལ་བ་
དམ་པའི་བདག་གྲུབ་པར་བཤད་པ་དང་། མྱང་འདས་ཞི་བ་དང་འགལ་བ། ཉན་རང་གི་མྱང་འདས་སླར་སྐྱེ་བ་བླངས་ནས་འཚང་རྒྱ་དགོས་པ་རྣམས་ཏེ། དེ་དག་རིམ་པ་བཞིན་དུ། སྐྱོན་དང་པོ་མེད་དེ། ལོངས་སྐུ་ནི་ས་བཅུ་བ་དག་གི་ངོར་
རྒྱུན་གྱིས་རྟག་པར་སྣང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་རྟག་པ་མ་ཡིན་པའི་ཕྱིར་དང་། སྐྱོན་གཉིས་པ་མེད་དེ། ཉན་ཐོས་རྣམས་ཀྱིས་གང་སྡུག་བསྔལ་དུ་བལྟ་བའི་དངོས་པོ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་མཆོག་གིས་
བརྟགས་པས་དེར་མི་ལྟ་བའི་ཕྱིར་དང་། །སྐྱོན་གསུམ་པ་མེད་དེ། བདག་དང་བདག་གིའི་མཚན་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ལ་མི་འགྱུར་མི་འཕོ་མི་ཤིགས་པའི་ཕྱིར་དམ་པའི་བདག་གི་སྒྲས་བསྟན་པའི་ཕྱིར་དང་། སྐྱོན་བཞི་བ་
མེད་དེ། ཉན་རང་གི་མྱང་འདས་ནི་རེ་ཞིག་དགོངས་པས་མྱང་འདས་སུ་བཞག་གི་ར། གཏན་དུ་མྱ་ངན་ལས་འདས་པ་ཆེན་པོར་མ་བཞག་པའི་ཕྱིར་རོ། །དོགས་པའི་གནས་གཉིས་པ་དེ་དག་ཀྱང་ཉན་ཐོས་པ་ཉིད་ལ་གྲགས་པའི་ཐུན་མོང་གི་ཡ་འདུལ་བ་
སོགས་ལ་མི་སྣང་བ་སོགས་དོན་ཉི་ཚེ་བ་ལ་བསམ་པར་ཟད་པས། དེས་སྐྱོན་མེད་པའི་ཚུལ་མདོ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང་། །རང་གི་འདུལ་ལའང་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་
འགལ་བ་མེད། །ཅེས་དང་། རྟོག་གེ་འབར་བ་ལས་ཀྱང་། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཉིད་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་བའི་ཕྱིར་དང་། གང་འཕགས་པའི་བདེན་པའི་མདོ་སྡེ་ལའང་འཇུག །ཉོན་མོངས་
Vol. 103 · folio 28b
པ་འདུལ་བ་ལའང་ཡང་དག་པར་མཐོང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་ཡང་མི་འགལ་བ་ཉིད་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ། །ཞེས་བྱ་བ་དེ་ཐམས་ཅད་ཐེག་པ་ཆེན་པོ་ལ་འགྲུབ་པའི་ཕྱིར་རོ། །ཡང་ན་སྡེ་པ་བཅོ་བརྒྱད་པོ་
རྣམས་ཀུན་གྱིའང་རང་རང་གི་མདོ་སྡེ་ལ་སོགས་པ་ལ་འཇུག་པ་ཡིན་གྱི་ཕན་ཚུན་ནི་འགལ་བ་ཆེར་ཡོད་པ་ཡིན་ནོ། །ཐེག་པ་ཆེན་པོའང་གཞན་ལ་ཕན་པའི་དབང་དུ་བྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱིས་ཉན་ཐོས་ཀྱི་མདོ་སྡེ་ལ་སོགས་པའི་སྡེ་སྣོད་ལ་
འགའ་ཞིག་མི་འཇུག་ཏུ་ཟིན་ཀྱང་། ཐེག་པ་ཆེན་པོའི་མདོ་སྡེ་ལའང་འཇུག །བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བདུན་བརྒྱ་ལའང་སྣང་། སྟོང་པ་ཉིད་དུ་བསྟན་པའི་ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཆོས་ཀྱི་ཕྱག་
རྒྱ་དང་འགལ་བ་མེད་དོ། །ཞེས་གསུངས་པ་སོགས་མཐའ་ཡས་སོ། །དོགས་གནས་གསུམ་པའང་སྐྱོན་མེད་དེ། སྔགས་བཟླ་བ་བཤད་པའང་གཟུངས་སྔགས་རྣམས་ནི་བསྒོམ་པའི་རྣམ་པ་ཅན་ཡིན་པ་དང་། གསང་སྔགས་རྣམས་
ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གསང་བ་སྟོན་པར་བྱེད་པའི་སྦས་པའི་ཡི་གེའི་སྦྱོར་བ་ཇི་ལྟར་འདོད་པའི་བསམ་པ་སྒྲུབ་པའི་ནུས་པ་ཅན་ཡིན་པ་དང་། རིགས་སྔགས་རྣམས་ནི་བྱང་ཕྱོགས་སོགས་ཀྱི་ཆོས་སྟོན་པའི་བདག་ཉིད་ཅན་ཡིན་པའི་
ཕྱིར་དང་། །ཁྲུས་ཀྱང་ཀླུའི་རྒྱལ་པོ་མ་དྲོས་པས་མཚེའུ་ཞིག་ཏུ་སྐྱེ་བ་བླངས་ནས། གང་སྲོག་ཆགས་གང་དང་གང་གིས་བདག་མཚེའུ་འདི་ལས་འབབ་པར་གྱུར་པའི་ཆུ་ཀླུང་རྣམས་ལ་ཁྲུས་བྱས་པ་དང་། འཐུངས་པ་དང་ཞུགས་
ནས་གནས་པར་བྱེད་པ་དེ་རྣམས་ལ། དེ་དག་ཉིད་དེ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་ལ། དེ་དག་ཐམས་ཅད་ཀྱང་རིམ་གྱིས་བདག་གིས་སངས་རྒྱས་ཉིད་ལ་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལྟར། ཆུ་ལ་སྡིག་པ་སྦྱོང་བའི་
Vol. 103 · folio 29a
ནུས་པ་མེད་ཀྱང་སྨོན་ལམ་གྱི་དབང་གིས་དེ་ལྟར་མི་འགལ་བའི་ཕྱིར་དང་། སྨྱུང་གནས་ཀྱང་དེས་གྲོལ་བར་འདོད་ནས་མ་ཡིན་གྱི། རིགས་སྔགས་བསྒྲུབ་པའི་ཕྱིར་གསུངས་པ་ཡིན་པའི་པའི་ཕྱིར་རོ། །དོགས་གནས་བཞི་
པའང་སྐྱོན་མེད་དེ་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་ནི་ངེས་པར་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སེམས་ཅན་གྱི་བསམ་པ་དང་ལྷག་པའི་བསམ་པའི་དབང་དུ་བྱས་ནས་སྡེ་བ་བཅོ་བརྒྱད་ལ་ཐུན་མོང་དུ་བསྟན་པ་ཡིན་ཏེ། གཙུག་ལག་གི་གསུང་རབ་
རྣམས་ལས་སྐྱེ་བ་དང་། ན་ཚོད་དང་། མདོག་དང་། ཡུལ་དང་། དུས་ཐ་དད་པ་མེད་པར་བསྟན་པ་བཞིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་།
ཐེག་པ་ཆེན་པོའི་དབྱེ་བ་ནི་ཡོད་པ་ཁོ་ན་ཡིན་ལ། བསྟན་པ་ཐམས་ཅད་ཀྱི་དབྱེ་བ་ནི་ཤཱཀྱ་ཐུབ་པ་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་ཡོད་པ་མ་ཡིན་ཞིང་། ལོག་པར་དད་སེལ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཐེག་པ་ཐ་དད་དུ་དབྱེ་བ་
མཛད་པ་ནི་ཡོད་པ་ཡིན་པས་འོད་སྲུང་གིས་མ་བསྟན་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་བཤད་པ་ལྟར་འཐད་པའི་ཕྱིར་རོ། །དོགས་གནས་ལྔ་བའང་སྐྱོན་མེད་དེ། རབ་བྱུང་གིས་ཁྱིམ་པ་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱེད་པར་བཤད་པ་སོགས་
གྲགས་པ་དང་འགལ་བ་རྣམས་ཀྱང་ཕལ་ཆེན་པ་སོགས་སྡེ་པ་ཐ་དད་པ་དག་གི་མདོ་ལས་ཀྱང་དེ་ལྟར་འབྱུང་བ་དང་། ཡང་དག་རྫོགས་པའི་བྱང་ཆུབ་རྒྱུ། །སེམས་ནི་རིན་ཆེན་དེ་ཉིད་ཀྱང་། །དཔའ་བོ་ཁྱོད་ཀྱིས་སྙིང་པོར་མཁྱེན། །དེ་ལས་
གཞན་པས་རིང་བར་གྱུར། །དང་པོར་ཁྱོད་ལ་ཕྱག་བགྱིའམ། འོན་ཏེ་གང་གིས་འཁོར་བ་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་སོགས་བཤད་པ་དག་གིས་ལེགས་པར་སེལ་ནུས་
Vol. 103 · folio 29b
པའི་ཕྱིར་རོ། །གཞན་ཡང་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་རྒྱས་པའི་མདོ་སྡེ་འདི་དག་ལ་ཤིན་ཏུ་རྒྱས་པའི་མདོ་སྡེར་མི་འདོད་པ་དང་། །བྱང་ཆུབ་ཆེན་པོ་སྒྲུབ་པའི་ཐབས་ཉན་ཐོས་ལ་གྲགས་པའི་མདོ་སྡེ་རྣམས་ཉིད་ཀྱིས་སྟོན་པས་ཐེག་ཆེན་གཞན་མི་དགོས་
པར་འདོད་པ་སོགས་རྒྱུ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་པོས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྒྲུབ་པ་དག །མདོ་སྡེ་རྒྱུན་དུ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་
དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར།། །སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་སྲུང་བར་མཛད། །དུས་ལའང་ཡེ་ཤེས་མ་བསྒྲིབས་པས། །དེ་ཕྱིར་བཏང་སྙོམས་མི་རུང་ངོ་། །མ་ཚང་བ་དང་འགལ་བ་དང་། །
ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །བསམ་པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་རྟོན་པ་དང་། །དུས་འགལ་ཕྱིར་ན་དམན་པ་གང་། །དེ་ནི་དམན་པ་ཁོ་ན་ཡིན། །ཞེས་
སོགས་འབྱུང་བ་ལྟ་བུ། གཞན་ཡང་སློབ་དཔོན་ཀླུ་སྒྲུབ་དང་། ཐོགས་མེད་དང་། དབྱིག་གཉེན་དང་། ཞི་བ་ལྷ་ལ་སོགས་པ་མང་པོས་མཛད་པའི་གཞུང་འགྲེལ་རྣམས་སུ་ལེགས་པར་སུན་ཕྱུང་ནས་ལུང་དང་རིགས་པ་བཟང་པོས་
ཐེག་པ་ཆེན་པོ་རྒྱ་ཆེར་བསྒྲུབས་པའི་ཚུལ་ཡོད་པས། དེ་དང་དེར་བལྟ་བར་བྱའོ། །གསུམ་པ་ཡང་སྒོས་སུ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཚུལ་ལའང་། སྤྱིའི་ངོ་བོ་ངོས་བཟུང་བ་དང་། ངེས་ཚིག་སྨོས་པའི་སྒོ་ནས་མདོར་
བསྟན། དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་ཚུལ་དང་། དབྱེ་བ་སོ་སོས་རྒྱས་པར་འཆད་པའོ། །དང་པོ་ནི། སྟོན་པས་གསུངས་པའི་ལུང་གི་དམ་ཆོས་གང་ཞིག །ཡུལ་མི་སྤོང་བར་ལམ་དུ་བྱེད་པའི་མྱུར་བ་དེའི་
Vol. 103 · folio 30a
ཐབས་ཁྱད་པར་དུ་འཕགས་ཤིང་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པའི་ཚུལ་གཙོ་བོར་སྟོན་པའི་རིགས་སུ་གནས་པ། རྗོད་བྱེད་བརྗོད་བྱ་ཟག་མེད་ཀྱི་བདེ་བའི་རྒྱུ་ལམ་འབྲས་བུ་དང་བཅས་པ་རྣམས་དང་། དེའི་ཕྱོགས་སུ་གཏོགས་པ་རྣམས་ཀྱང་སྟེ་
དེ་དག་ལ། གསང་སྔགས་ཀྱི་ཚུལ་དང་། རྒྱུད་སྡེ་དང་། རྡོ་རྗེ་ཐེག་པ་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། འབྲས་བུའི་ཐེག་པ་ཞེས་ཀྱང་བྱའོ། །དེ་ལ་གསང་སྔགས་ཀྱི་ཚུལ་ཞེས་བྱ་བ་ནི་སློབ་དཔོན་ཏྲི་པི་ཊ་ཀ་མ་ལས་ཚུལ་གསུམ་སྒྲོན་མར། བདེན་
པའི་དེ་ཉིད་ཚུལ་དོན་གང་། །ཕ་རོལ་ཕྱིན་ཚུལ་དོན་གང་ཡིན། །གསང་སྔགས་ཆེན་པོའི་ཚུལ་དོན་ཡང་། །བསྡུས་ནས་འདིར་ནི་བཤད་པ་ཡིན། །ཞེས་བདེ་བར་གཤེགས་པའི་གསུང་རབ་ལ་ཚུལ་གསུམ་དུ་དབྱེ་བ་མཛད་པ་ལྟར་ཏེ། དེའི་སྒྲ་དོན་ཡང་
ལེགས་སྦྱར་གྱི་སྐད་དུ་མན་ཞེས་པ། འདུས་པ་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །
གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་གསུངས་པས་ན་ཡིད་འཁོར་བ་དང་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པའི་ཕྱིར་གསང་སྔགས་སམ། ཡང་ན་སྣོད་མིན་རྣམས་ལ་གསང་ནས་ཚུལ་བཞིན་
དུ་སྤྱད་པས་འགྲུབ་པར་འགྱུར་བའི་ཕྱིར་གསང་སྔགས་སུ་བརྗོད་དེ། དུས་ཀྱི་འཁོར་ལོ་ལས། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་གསུངས་ཤིང་འདི་སྐབས་གང་ལ་གསང་བའི་ཡུལ་སྣོད་མིན་དེའང་ཕྱི་ནང་གི་རྟོག་གེ་པ་
ཚིག་ཙམ་ལ་འཆེལ་ཞིང་ཕྱོགས་རེ་ལ་མངོན་པར་ཞེན་པ་འདི་ནས་བཤད་པའི་ལྟ་སྤྱོད་ཁྱད་པར་ཅན་བློར་མི་ཤོང་བ་དག་གོ། །ཚུལ་ནི་རྣམ་བཤད་རིགས་པར། །ཚུལ་གྱི་སྒྲ་ནི་བདེན་པ་དང་། །ལམ་དང་འབྲེལ་འབྱུང་རིག་པ་དང་། །ངེས་འབྱེད་ཆ་དང་མྱ་ངན་འདའ། །ཐབས་
Vol. 103 · folio 30b
དང་རིགས་པ་ཉིད་ལ་ཡོད། །ཞེས་དོན་བརྒྱུད་ལ་འཇུག་པར་བཤད་པ་ལས་འདིར་ནི་ཐབས་དང་ལམ་དག་གཟུང་ངོ༌། །རྒྱུད་སྡེ་ཞེས་བྱ་བ་ནི། དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེས་སེམས་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པས་ན་རྒྱུད་དོ། །རྒྱུད་ཀྱི་
ཚོགས་སམ་རིགས་སུ་གྱུར་པས་ན་རྒྱུད་སྡེའོ། །ཞེས་འབྱུང་བ་ལྟར་ལེགས་སྦྱར་དུ་ཏནྟྲ་ཞེས་པ་ཡི་གེ་ཕྱིས་བསྣན་གྱི་ངེས་པས་ཙི་ཏནྲ་སེམས། ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་ཕྱིར་དེ་སྐད་ཅེས་བྱ་བའམ། །ཡང་ན་འཇིག་རྟེན་གྱི་གྲགས་པ་ལྟར་རྒྱུད་ཅེས་བྱ་བ་
རྒྱུན་ཆགས་པར་བཤད་པའི་དོན་ཅན་ཏེ། བམ་གཉིས་ལས། ཏནྟྲ་པྲ་བནྡྷ་ཁྱ་ཞེས་འབྱུང་ཞིང་། དེ་ཐུན་མོང་མ་ཡིན་པའི་དོན་དུ། གསང་འདུས་ལས། རྒྱུད་ནི་རྒྱུན་ཅེས་བྱ་བར་གྲགས། །དེ་ནི་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང་། །
མི་འཕྲོག་པ་ཡི་རབ་ཕྱེ་བ། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །ཞེས་གསུངས་པ་ལྟར་རྒྱུ་ལམ་འབྲས་བུའི་རྒྱུད་གསུམ་དུ་རྒྱུན་ཆགས་པའི་ཕྱིར་རྒྱུད་ཅེས་བྱ་བར་བཤད་དོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ནི་སྔགས་དང་ཕར་ཕྱིན་ཐེག་
པར་འབྲས་བུ་དང་རྒྱུ་ལམ་དུ་བྱེད་པའི་ཚུལ་བསྟན་པའི་གྲུབ་དོན་མཐར་ཐུག་རོ་མཉམ་དུ་གྱུར་པ་ནི། མི་ཕྱེད་དང་མི་ཤིགས་པའི་ཕྱིར་རྡོ་རྗེ་ཡིན་ལ། དེ་ར་རྒྱུ་འབྲས་ལྷུན་གྲུབ་ཏུ་སྐྱེད་པའི་ཚུལ་འདིས་བགྲོད་པས་ན་དེ་སྐད་ཅེས་བྱ་སྟེ། དུས་འཁོར་འགྲེལ་ཆེན་
ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ། འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་འབྱུང་བའི་ཕྱིར་རོ། །རིག་པ་
འཛིན་པའི་སྡེ་སྣོད་ཅེས་པའང་། བདེ་བར་གཤེགས་པའི་རིག་སྔགས་འཆང་བའི་ཕྱིར་རིག་པ་འཛིན་པ་སྟེ། དེའི་དབྱེ་བ་མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོས་མཛད་པ་ལས། མོས་སྤྱོད་ཀྱི། ལས་ལ་སྦྱོར་བའི། སར་ཆུད་པའི། ལམ་ལ་སྦྱོར་བའི།
Vol. 103 · folio 31a
ལམ་སྨིན་པའི། ཕྱག་རྒྱ་ཆེན་པོའི། བྱ་བ་མཐར་ཕྱིན་པའི་རིག་འཛིན་ཏེ་བདུན་དུ་བཤད་པ་དག་གི་ཚུལ་དང་མཐུན་པའི་གསང་སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་འདིས་རྫོགས་པར་བྱས་ནས་སངས་རྒྱས་ཉིད་སྟེར་བའི་ཕྱིར་དེ་སྐད་བྱ་སྟེ། མཉམ་སྦྱོར་
འགྲེལ་པར་ལུང་དྲངས་པ། །རིག་འཛིན་རྣམ་པ་བདུན་གྱིས་ནི། །རང་གི་ཡེ་ཤེས་གནས་སྦྱོང་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་ཐོབ་
པར་བྱེད། །ཅེས་དང་དཔུང་བཟང་གི་འགྲེལ་པ་ལས། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི་རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་། ལྟ་བའི་ཀླུང་གི་གྲུབ་པའི་མཐའ་འདི་ཉིད་ཀྱིས་སྟོན་པའི་དོན་ཏོ། །ཞེས་སོ། །འབྲས་བུའི་ཐེག་པ་ཞེས་བྱ་བ་
ནི། འབྲས་བུའི་སྐུ་དང་ཡེ་ཤེས་ཀྱི་ཚུལ་འགྱུར་མེད་ཀྱི་བདེ་བ་ཆེན་པོར་གྲགས་པ་དེ་ཉིད་འདིར་མངོན་སུམ་དུ་ལམ་དུ་བྱས་ནས་བསྒོམ་པའི་ཕྱིར་ཏེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་། ལོངས་སྤྱོད་དང་། གནས་དང་
མཛད་པ་ཡོངས་སུ་དག་པའི་ཚུལ་ཀྱིས་འཇུག་པས་ན་འབྲས་བུ་སྟེ། ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་ཐོབ་པར་བྱེད་པས་ན་རྡོ་རྗེའོ། །དེ་ནི་ཐེག་
པའང་ཡིན་ཏེ། ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །ཞེས་འབྱུང་ངོ་། །དེ་ལྟར་ན། མཚན་ཉིད་དེ་དག་གི་དོན་གསུངས་པ་རྣམས་བརྗོད་བྱ་དང་རྗོད་བྱེད་གང་གི་དབང་ལས་ཡིན་ཞེ་ན། རིག་འཛིན་གྱི་སྡེ་སྣོད་ཀྱི་དོན་ནི་གཙོ་བོར་རྗོད་བྱེད་ཀྱི་
དབང་ལས་ཡིན་པར་ཡང་རུང་གི །གཞན་ནི་གཙོ་བོར་བརྗོད་བྱའི་དབང་གིས་ཡིན་པས་བརྗོད་བྱ་ཉིད་ལ་མཚན་དེ་དང་དེ་དག་གི་དོན་ངེས་པར་གནས་ཤིང་། བརྗོད་བྱ་དེ་སྟོན་བྱེད་ནི་རྗོད་པའི་ངག་ཡིན་པས་རྒྱུད་གཞུང་རྣམས་ཀྱང་དེ་དང་འབྲེལ་བའི་སྒོ་ནས་དེར་བརྗོད་པ་ཙམ་
Vol. 103 · folio 31b
ནི་མི་འགལ་ལོ། །འདི་སྐབས་རྡོ་རྗེ་ཐེག་པ་ཞེས་བྱ་བ་ཐེག་པ་ཆེན་པོ་ཉིད་ལས་རང་རྐང་ཚུགས་པར་ལོགས་སུ་བཀོལ་དུ་མི་བཏུབ་སྟེ། དེ་དག་སྤྱི་བྱེ་བྲག་ཡིན་པའི་ཕྱིར་དང་། རྒྱུའི་ཐེག་ཆེན་དང་ལམ་མྱུར་བུལ་གྱི་ཁྱད་ཙམ་ལས་འབྲས་བུ་ལ་ཁྱད་མ་ཞུགས་པའི་ཕྱིར་
དང་། རྡོ་རྗེ་སྙིང་འགྲེལ་ལས། ཉན་ཐོས་རང་སངས་རྒྱས་དང་འདིར། །ཐེག་པ་ཆེན་པོ་གསུམ་པ་ཡིན། །སངས་རྒྱས་པ་ལ་བཞི་བ་དང་། །ལྔ་བ་ཐུབ་པའི་དགོངས་པ་མེད། །ཅེས་ཐེག་པ་བཞི་བ་དང་། གྲུབ་མཐའ་སྨྲ་བ་ལྔ་བ་མེད་པར་གསུངས་
པའི་ཕྱིར་རོ། །སྡེ་སྣོད་ཀྱི་དབང་དུ་བྱས་ཀྱང་སྡེ་སྣོད་གསུམ་གའི་ཆར་གཏོགས་པར་འཇིགས་མེད་འབྱུང་གནས་སྦས་པ་སོགས་བཞེད་པ་ལྟར་ལེགས་པ་ཡིན་མོད་ཀྱི། གསུམ་ག་དང་མཐུན་པ་ལས་ཀྱང་འདི་ཆེས་ཟབ་ཅིང་ཁྱད་པར་དུ་མས་འཕགས་
པའི་སྒོ་ནས་རིག་པ་འཛིན་པའི་སྡེ་སྣོད་བྱེ་བྲག་ཏུ་ཕྱེ་ནའང་མི་འགལ་ཏེ། ཤཱནྡྷ་ཀ་རས། དེ་ལ་གསང་སྔགས་ཀྱི་ཐེག་པ་སྡེ་སྣོད་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བར་གྲགས་པ་བྱང་ཆུབ་སེམས་
དཔའི་སྡེ་སྣོད་གཞན་ཡིན་ནོ། །ཞེས་དང་། སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་བཤད་པའི་ཕྱིར་རོ། །
གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་ཀྱང་། ཐེག་ཆེན་གྱི་སྡེ་སྣོད་གང་དུ་སྡུད་པ་དེར་འདུས་སོ། །གཉིས་པ་ལ་གཉིས་ལས། དང་པོ་གསང་སྔགས་རྡོ་རྗེ་ཐེག་པ་ཕར་ཕྱིན་ཐེག་པ་ལས་ཁྱད་པར་འཕགས་ཚུལ་ནི། ཁྱད་པར་བཞིས་
རིག་པར་བྱ་སྟེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ཉིད་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། །
Vol. 103 · folio 32a
དེ་བས་ན་མདོ་སྔགས་གཉིས་ཀྱི་ཁྱད་པར་དངོས་ནི་ཐབས་དང་སྤྱོད་པ་དག་ལ་ཡོད་པ་ཡིན་གྱི་ལྟ་བ་ནི་མཚུངས་སོ། །དེའང་ཅིས་ཤེས་ཤེ་ན། དོན་གཅིག་ཅེས་པའང་འབྲས་བུའི་ཚུལ་གཅིག་པ་ལ་བཤད་ཅིང་། གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ལྟ་བ་ནི་འབྲས་
བུ་ཡིན་པའི་ཕྱིར་དང་། ཕར་ཕྱིན་ཐེག་པའི་ལྟ་བ་མཆོག་ནི་དབུ་མ་ཡིན་པ་གང་ཞིག །དབུ་མ་ལས་ལྷག་ལྟ་ཡོད་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་ཀྱང་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ཐབས་དང་སྤྱོད་པའི་ཚུལ་དྲངས་པ་དེ་ཙམ་ཞིག་གིས་ནི་ཁྱད་པར་འབྱེད་མི་ནུས་ཏེ།
ཕར་ཕྱིན་ཐེག་པར་སྦྱིན་སོགས་འཁོར་གསུམ་མི་དམིགས་པར་སྤྱོད་པའི་ཚུལ་སོགས་མ་རྨོངས་པའི་ཤེས་རབ་བསྟན་པས། དེར་ཐབས་ལ་མ་རྨོངས་པ་ཡོད་པ་གང་ཞིག །བདེན་པ་གཉིས་དང་། མཚན་ཉིད་གསུམ་དང་། ཕར་ཕྱིན་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་དེ་ཁོ་ན་ཉིད་རྟོགས་
པའི་ཐབས་ཚུལ་དུ་མས་བསྟན་པ་ཡོད་པས་ཐབས་ཀྱང་མང་བར་མཚུངས་ཤིང་། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ལ་ཕན་པར་བྱེད། །ཅེས་སོགས་གསུངས་པ་ལྟར་འདོད་པ་ལ་སྤྱོད་པའི་
ཐབས་མཁས་ཀྱང་བསྟན་པས་དཀའ་བ་མེད་པར་ཡང་གྲུབ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སོགས་ཀྱི་ལྟ་བ་ཟབ་པ་དང་དེ་ལ་བརྟེན་པའི་མཚན་མ་མེད་པའི་སྤྱོད་པ་རབ་འབྱམས་བསྟན་པ་རྣམས་གང་ཟག་དབང་པོ་ཆེས་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པར་མདོ་རྣམས་སུ་གསལ་བ་དང་། འདོད་ན་ཞག་བདུན་
གྱིས་ཀྱང་འཚང་རྒྱ་བ་སོགས་ལམ་མྱུར་བའི་ཚུལ་ཡང་ཡོད་པ་སོགས་མཚུངས་པའི་ཕྱིར་རོ། །ཞེས་དོགས་པ་སྐྱེ་སྲིད་ཀྱང་སྐྱོན་མེད་དེ། ཁྱོད་ཀྱིས་བཤད་པ་དེ་ལྟ་ན་མ་རྨོངས་པ་དང་ཐབས་མང་བ་སོགས་ཀྱི་མིང་ཙམ་མཚུངས་པར་ཟད་ཀྱི། །ལུང་དེ་ལས་བཤད་པའི་དོན་ནི། རིམ་པ་གཉིས་དང་ཟུང་འཇུག་གི་རྣལ་
འབྱོར་ཁྱད་པར་ཅན་དང་། འཕོ་མེད་ཀྱི་ཚུལ་ཁྲིམས་དང་། །འགྱུར་མེད་ལྷན་སྐྱེས་ཀྱི་བདེ་བ་སོགས་ཕར་ཕྱིན་ཐེག་པར་མིང་ཙམ་ཡང་མ་གྲགས་པའི་ཁྱད་པར་གྱི། ཟབ་མོའི་གནད་གསང་འབྱམ་ཀླས་པ་འདི་ལ་ཡོད་པའི་རྒྱུ་མཚན་གྱིས་མ་རྨོངས་པ་སོགས་བཞག་པ་སྟེ་དེ་ཉིད་ལས། མཁས་པ་སྙིང་རྗེ་ཆེར་
Vol. 103 · folio 32b
ལྡན་པས། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང་། །ཐ་མལ་པ་ཡི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་འཐོབ་བོ། །ཞེས་སེམས་ཅན་མང་པོ་ལ་ཕན་གདགས་པར་མི་ནུས་པའི་མགོ་ལ་སོགས་པ་སྦྱིན་པ་སོགས་ཐ་མལ་གྱི་ཐབས་སྨད་ནས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཅིག་
ཅར་དུ་ས་སྐོང་བར་བྱེད་པའི་ཐབས་མཆོག རིམ་གཉིས་དང་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་འབྲས་བུ་ཁྱད་པར་དུ་འཕགས་པ་བསྒྲུབས་ཏེ་མྱུར་དུ་མི་འགྱུར་མི་འཕོ་པའི་གནས་ཐོབ་ནས་ལྷུན་གྲུབ་ཀྱི་ཕྲིན་ལས་འབྱུང་བ་ཐབས་ལ་མ་རྨོངས་པར་བཤད་པའི་ཕྱིར་དང་། སེམས་ཅན་
ཀུན་དོན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱི་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་དཀའ་ཐུབ་དང་སྡོམ་པ་སོགས་ཕྱོགས་རེ་བའི་ཐབས་ཀྱིས་གདུལ་བྱ་མཐའ་དག་རྗེས་སུ་འཛིན་པར་མི་ནུས་པས།
འདིར་ཕར་ཕྱིན་དྲུག་སོགས་ཀྱི་ཐབས་དེ་ཡོད་པ་གཞིར་བཞག་ནས་དེའི་སྟེང་དུ་གདུལ་བྱ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཐབས་དཔེར་ན་དང་པོར་རང་རིག་དང་ལྷག་ལྷ་སོགས་ངེས་པར་བྱས་ནས་འདོད་ཆགས་ཆེ་བའི་རིགས་ཅན་གྱིས་འདོད་ཆགས་རྡོ་རྗེའི་ལྷ་སྔགས་ཕྱག་རྒྱ་ཏིང་
ངེ་འཛིན་བསྒོམ་པ་སོགས་མང་པོ་གསུངས་པ་དག་རྒྱུད་སྡེ་བཞིའི་ཚུལ་དུ་བསྟན་པས་ཐབས་མང་བ་ཡིན་པའི་ཕྱིར་དང་། གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ནི་ཐོབ་མཛད་པའི། །དམ་པའི་དོན་ནི་ཐུབ་པས་གསུངས། །
ཞེས་ཉོན་མོངས་པ་ཤས་ཆེ་བ་རྣམས་དང་པོར་ཐབས་གཞན་གྱི་མགོ་སྨད་ནས་རིམ་པས་སྟོང་པ་ཉིད་སྒོམ་པ་སོགས་དུས་རིང་པོར་གོམས་མི་དགོས་པར་ཐོག་མ་ཉིད་ནས་སེམས་ཅན་རྣམས་རང་རང་གིས་ཇི་ལྟར་འདོད་པ་དེ་དང་མཐུན་པའི་ཐབས་ཀྱང་སྟོན་པ། དཔེར་ན་དབང་རྣོན་གྱི་
དབང་རྟུལ་ཆགས་པས་ཤིན་ཏུ་གདུངས་པའི་སྐྱེ་བོ་ལ་ལས་རྒྱ། ཆགས་པ་དེ་ལས་ཤས་ཆུང་བ་ལ་དམ་རྒྱ། འདོད་པའི་བག་ཆགས་ཀྱི་རྣམ་རྟོག་མ་སྤངས་པ་ཙམ་ལ་ཡེ་རྒྱ། དབང་རྣོན་གྱི་དབང་རྣོན་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ལ་མོས་པ་རྣམས་ལ་ཕྱག་ཆེན་སོགས་རང་འདོད་ཀྱི་རྗེས་སུ་འཇུག་པའི་
Vol. 103 · folio 33a
ཐབས་དང་རྣལ་འབྱོར་ཡོད་པས་དཀའ་བ་མེད་པར་བཤད་དེ། རང་གི་མོས་པ་བཞིན་དུ་སྤྱོད་པ་ནི་དཀའ་བ་མེད་པར་གྲུབ་པའི་ཕྱིར་དང་། ཚུལ་སྒྲོན་ལས། འདིར་བདེན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ནི་དེ་ཁོ་ན་ཉིད་ཀྱི་ཐབས་མ་ཤེས་པའི་ཕྱིར་དབང་པོ་
རྟུལ་པོ་ཡིན་པར་ཤེས་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི་ཐབས་ཉིད་ལ་འཁྲུལ་པ་ཡིན་པའི་ཕྱིར་དབང་པོ་འབྲིང་པོ་ཡིན་ནོ། །གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ནི་གང་དུའང་རྣམ་པར་རྨོངས་པ་མེད་པས་ན་དབང་པོ་རྣོན་པོ་ཡིན་ནོ། །དེ་
བས་ན་དབང་པོ་རྣོན་པོ་རྣམས་ནི་གང་གཞན་དགུ་བྱེད་ན་ངན་འགྲོར་འགྲོ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་ཀུན་ཏུ་སྤྱོད་པའི་སྔགས་ཀྱི་བརྟུལ་ཞུགས་ཅན་ནི་རྣམ་པར་དག་པའི་གནས་ཐོབ་པར་འགྱུར་རོ་ཞེས་སྔར་བཤད་པའི་ཚུལ་དེ་དག་དང་ལྡན་པས་དབང་
པོ་རྣོན་པོའི་དབང་དུ་བྱས་པར་ཡང་འགྲུབ་པར་བཤད་ཅིང་། ཕར་ཕྱིན་ཐེག་པའི་དབང་རྣོན་དེ་ལ་སྔགས་ཀྱི་བརྟུལ་ཞུགས་འདི་མ་བསྟན་པའི་ཕྱིར་འདི་ལ་ལྟོས་ནས་དབང་འབྲིང་དུ་གྲུབ་པའི་ཕྱིར་དང་། ཕར་ཕྱིན་ཐེག་པར་འདོད་ན་ཞག་བདུན་གྱིས་འགྲུབ་པའང་ས་བརྒྱད་པ་ཐོབ་
ནས་ཡིན་པའི་ཕྱིར། །དེ་ཚུན་ཆད་མྱུར་ནའང་གྲངས་མེད་གཉིས་འགོར་བས་ལམ་བགྲོད་ཐོག་རིང་ལ། འདིར་དེ་ལྟར་འགོར་བ་མེད་པའི་ཕྱིར་རོ། །སློབ་དཔོན་བཛྲ་པཱ་ཎིས་ཀྱང་། དོན་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་རྨོངས་པ་སྟེ། ལུང་དང་
རིགས་པས་གཏན་ལ་ཕབ་སྟེ་རྟོགས་པའོ། །རྡོ་རྗེ་ཐེག་པ་ནི་མ་རྨོངས་པ་སྟེ། ལུང་དང་། རིགས་པ་དང་། བླ་མའི་མན་ངག་གིས་ཉམས་སུ་མྱོང་བའོ། །གཞན་ཡང་དཀའ་བ་མེད་པ་སྟེ། བདེ་བ་ཆེན་པོ་ལམ་དུ་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བཏང་སྙོམས་པ་
དང་ཉམས་སུ་མྱོང་བ་མེད་པའོ། །རྒྱུ་ལམ་དུ་བྱེད་པས་ན་རྒྱུའི་ཐེག་པའོ། །འབྲས་བུ་ལམ་དུ་བྱེད་པས་ན་འབྲས་བུའི་ཐེག་པ་ཁྱད་དུ་འཕགས་སོ་ཞེས་བཀྲལ་ཞིང་། དེ་ལྟར་བཀྲལ་བས་ཐབས་མང་བ་དང་ཆེས་དབང་པོ་རྣོན་པོའི་དབང་དུ་བྱས་པར་ཡང་ཤུགས་ཀྱིས་གསལ་ལོ། །
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words