འདུལ་བ་གཞི

Sanskrit title (Tibetan script, as in the text) བི་ན་ཡ་བསྟུ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 1 · folio 88a

བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་

པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་

ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་

རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་

དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་

ཀྱི་སེམས་ཅན་དག་ནི་དུད་འགྲོ་དག་གི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་

རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི།

Vol. 1 · folio 88b

སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་རྣམས་ཀྱི་

ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་

ཤི་འཕོས་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་

དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་

པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་

སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་

ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་

Vol. 1 · folio 89a

དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་

པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་

འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་

རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ལྷ་རྣམས་ཀྱི་ནང་ནས་ཤི་

འཕོས་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་

ནི་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་པའི་རྡུལ་དག་ཇི་

སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ས་ལ་གནས་

Vol. 1 · folio 89b

པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་གྱི། སེན་མོའི་རྩེ་མོ་ལ་གནས་པའི་རྡུལ་དག་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་དག་ནི་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་

རོ། །ཞེས་གསུངས་པ་འཁོར་ལོ་བཞིན་དུ་སྦྱར་བ་བླགས་པ་དང་། དེ་གཉིས་ཀྱིས་སྨྲས་པ། འཕགས་པ་བདག་ཅག་གིས་ཀྱང་ལྷ་དང་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་བགྱིའམ།

དེས་སྨྲས་པ། བཞིན་བཟངས་གཉིས་འགྲོ་བ་ལྔ་པའི་འཁོར་བར་ཇི་སྲིད་དུ་ཉོན་མོངས་པ་རྣམས་རྒྱུན་ཆད་པར་མ་གྱུར་པ་དེ་སྲིད་དུ་ཟོ་ཆུན་རྒྱུད་མོའི་ཚུལ་གྱིས་ཡོངས་སུ་འཁོར་བར་བྱ་དགོས་སོ། །དེ་གཉིས་ཡིད་བྱུང་ནས་ཚིགས་སུ་བཅད་པ་སྨྲས་པ། གང་ཕྱིར་མི་གནས་

ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུང་བའི་མི་རྣམས་མི་བཟང་ངོ་། །གང་ན་ཞི་མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་བདེ་གཤེགས་གསུང་། །འཕགས་པ་ཅི་ནས་ཀྱང་བདག་ཅག་འཁོར་བར་འཁོར་བ་ན་སླན་ཆད་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་

མི་འགྱུར་བ་དེ་ལྟར་བདག་ཅག་ལ་ཆོས་བསྟན་དུ་གསོལ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་གཉིས་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་གང་ཐོས་ནས་དེ་གཉིས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་

བཅོམ་པ་ཉིད་མངོན་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མཉམ་པ། རིག་པས་སྒོ་ངའི་སྦུབས་དྲལ་བར་

གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་

Vol. 1 · folio 90a

བར་བྱ་བར་གྱུར་པ་དེ་ལྟ་བུའི་ཆོས་བསྟན་པ་བྱས་སོ། །དེ་གཉིས་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལ་མེ་ཏོག་དག་ཐུ་ཞིང་འདོང་བ་དགེ་སློང་རྣམས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་གཉིས་གང་དག་ཡིན། ཆེ་གེ་མོ་དང་ཆེ་གེ་མོ་ཡིན་

ནོ། །དེ་དག་གིས་སྨྲས་པ། བདག་ཅག་ལྷུང་བཟེད་ནག་པོར་ཟོས་ནས་སོ་དག་ལྷུང་ཞིང་མགོ་སྐྱ་བོར་གྱུར་ཀྱང་བདག་ཅག་གིས་སེམས་རྩེ་གཅིག་པ་ཡང་མ་ཐོབ་ན། ཚེ་དང་ལྡན་པ་འདི་གཉིས་དང་པོ་ལོ་བདུན་ཁོ་ན་ལོན་ཏེ་རབ་ཏུ་བྱུང་ན་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་

པ་ཉིད་མངོན་དུ་བྱས་པས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བརྩོན་འགྲུས་ཀྱིས་བྱང་ཆུབ་འཐོབ་བོ་ཞེས་བཀའ་སྩལ་པ་དེ་ནི་ལེགས་པར་གསུངས་པ་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་

དགེ་ཚུལ་འདི་གཉིས་ཀྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལོ་བདུན་ཁོ་ན་ལགས་ན་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་གང་ལགས་པ་དེ་འདི་གཉིས་ཁོ་ན་ལ་བརྟེན་ནས་བག་ཡངས་སུ་མཛད་

ཅིང་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་གཉིས་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་

བ་དག་བྱས་ཤིང་བསགས་པས་འདི་གཉིས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་

ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །

Vol. 1 · folio 90b

རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་

གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་གི་འཁོར་ཉི་ཁྲི་དང་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་

བཞུགས་སོ། །བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕན་ཚུན་བཤེས་པ་གཉིས་ཤིག་གཞོན་ནུའི་གནས་སྐབས་སུ་རབ་ཏུ་འབྱུང་བར་འདོད་ན་དེ་གཉིས་ཀྱིས་ཉེ་དུ་དག་ལས་རབ་ཏུ་འབྱུང་བ་མ་ཐོབ་ནས། གང་གི་ཚེ་ལང་ཚོ་ཡོལ་བར་གྱུར་པ་དེའི་ཚེ་ན་དེ་གཉིས་ཀྱིས་ཉེ་དུ་དག་ལ་བལྟས་ཏེ་ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །འདི་ནི་ཆོས་ཉིད་དེ་རྟག་ཏུ་གཞོན་རིམ་གྱིས་ལས་བྱ་བ་ཡིན་པས་དགེ་སློང་རྣམས་ཀྱིས་རྒན་ཞུགས་འདི་གཉིས་དེང་ཤིག །རྒན་ཞུགས་འདི་གཉིས་ཁྱེད་ཅིག་ཅེས་བསྒོའོ། །དེ་ན་གཅིག་ནི་སྤྲོ་རིང་བའི་རང་

བཞིན་ཅན་ཡིན། ཅིག་ཤོས་ནི་སྤྲོ་ཐུང་བའི་རང་བཞིན་ཅན་ཡིན་པས་དེ་ཁྲོ་བར་བྱེད་པ་དང་ཅིག་ཤོས་ཀྱིས་སྨྲས་པ། རྒན་ཞུགས་གཞོན་པའི་གནས་སྐབས་སུ་རབ་ཏུ་མ་བྱུང་ན་ད་ཅིའི་ཕྱིར་ཁྲོ། དེ་ན་འདི་གཉིས་ཀྱི་ཚེ་ཇི་སྲིད་བར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་

ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་བར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་

མ་ཐོབ་སྟེ། བདག་ཅག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་

Vol. 1 · folio 91a

ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་

རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་ཅག་ལོ་བདུན་ཁོ་ན་ལོན་ནས་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་འདུལ་

བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་གང་ཡིན་པ་དེ་བདག་ཅག་གཉིས་ཁོ་ན་ལ་བརྟེན་ནས་བག་ཡངས་སུ་མཛད་ཅིང་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་གྱུར་ཅིག་ཅེས་གདབ་པར་བརྩམས་སོ། །དགེ་སློང་དག་དེ་ལ་དེའི་ཚེ་

དེའི་དུས་ན་ཁྱིམ་བདག་གཉིས་གང་དག་ཡིན་པ་དེ་དག་ནི་དགེ་ཚུལ་འདི་གཉིས་ཡིན་ཏེ། དེ་གཉིས་ཀྱིས་དེར་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ད་ལྟར་ལོ་བདུན་ཁོ་ན་ལོན་ནས་རབ་ཏུ་བྱུང་སྟེ། ངས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅས་པ་གང་ཡིན་པ་འདི་

གཉིས་ཁོ་ན་ལ་བརྟེན་ནས་བག་ཡངས་སུ་བྱས་ཤིང་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀ་ཤི་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཕྱོགས་གཅིག་ཅིག་ཏུ་བྱོན་པ་དང་འཛུམ་པ་མཛད་དོ། །ཆོས་

ཉིད་ཀྱིས་ན་གང་གི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ན་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་ཁ་ཅིག་ནི་འོག་ལོགས་སུ་འདོང་།

ཁ་ཅིག་ནི་སྟེང་ལོགས་སུ་འདོང་བས་གང་དག་འོག་ལོགས་སུ་འདོང་བ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་

Vol. 1 · folio 91b

བུར་རྡོལ་བ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་དོང་སྟེ། སེམས་ཅན་དམྱལ་བ་ཚ་བ་གང་དག་ཡིན་པ་དེ་དག་ཏུ་བསིལ་བར་གྱུར་ཏེ་འབབ་པར་བྱེད་

ལ། སེམས་ཅན་དམྱལ་བ་གྲང་བ་གང་དག་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་ཅན་དམྱལ་བ་དེ་དག་གི་གནོད་པའི་བྱེ་བྲག་དག་རྒྱུན་གཅོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་

གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་གཏོང་བར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་ཤེས་ལྡན་དག་བདག་ཅག་འདི་ནས་ཤི་འཕོས་པ་ཡང་མ་ཡིན་ལ། གཞན་དུ་སྐྱེས་པ་ཡང་མ་ཡིན་

ཏེ། འདི་ལྟར་སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་བྱེ་བྲག་དག་རྒྱུན་ཆད་པར་གྱུར་ཏོ་སྙམ་དུ་སེམས་སོ། །དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་

དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་དོ། །གང་དག་སྟེང་ལོགས་སུ་འདོང་བ་དེ་དག་ནི་རྒྱལ་པོ་ཆེན་པོ་བཞི་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་

དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་

ཆེ་དང་། མི་ཆེ་དང་། མི་གདུང་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་དོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་ཅིང་ཚིགས་སུ་བཅད་པ་གཉིས་པོ། བརྩམ་

Vol. 1 · folio 92a

པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་

ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་སྨྲས་སོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འདོང་སྟེ། དེ་ལ་བཅོམ་ལྡན་འདས་འདས་པའི་

ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་

འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལོང་བུར་ནུབ་པར་འགྱུར། ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་

བཞེད་ན་ནི་ཕྱག་མཐིལ་གཡོན་པར་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡས་པར་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་

ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་

བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་དུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་ཞུས་པ། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་

Vol. 1 · folio 92b

འཛུམ་པ་མི་མཛད་ན། བཙུན་པ་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། ཚིགས་སུ་བཅད་པ་ཡང་གསོལ་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་སྒྲོས་ནས་བྱུང་གྱུར་ཏེ། །དེ་ཡིས་ཕྱོགས་རྣམས་ཐམས་ཅད་སྣང་

བགྱིས་པ། །ཉི་གདུགས་བདལ་བར་གྱུར་པ་ཇི་བཞིན་ནོ། །རྒོད་བྲལ་ཞུམ་དང་རྒྱགས་པ་རབ་སྤངས་ལ། །སངས་རྒྱས་འགྲོ་བ་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་བ་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་

རང་བློ་དུས་མཁྱེན་ནས། །ཐུབ་པ་ཁྱུ་མཆོག་དགེ་སྦྱོང་སྐྱེ་དབང་པོ། །ཉན་པའི་སྐྱེ་བོ་སོམ་ཉི་ལྡན་རྣམས་ལ། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་དགེ་བ་དག་གིས་བསལ་དུ་གསོལ། །ཚྭ་ཆུ་རི་རྒྱལ་ལྟ་བུར་བརྟན་པ་ཡི། །སངས་རྒྱས་མགོན་

རྣམས་གློ་བུར་འཛུམ་མི་སྟོན། །བརྟན་པ་ཇི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོའི་ཚོགས་རྣམས་དེ་ནི་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཀུན་དགའ་བོ་ཕྱོགས་འདི་ཉིད་དུ་གཡོན་ཅན་རབ་ཏུ་མང་པོ་དག་གིས་དགེ་སློང་མ་རབ་ཏུ་མང་པོ་དག་ལུས་བསྐྱོད་པས་སུན་ཕྱུང་སྟེ། དེ་དག་འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་རྣམས་

ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གཡོན་ཅན་རབ་ཏུ་མང་པོ་དག་གིས་དགེ་སློང་མ་རབ་ཏུ་མང་པོ་དག་ལུས་བསྐྱོད་པས་སུན་ཕྱུང་བ་

གང་དག་ལགས་པ་དེ་དག་གི་ནང་ནས་གཅིག་བདག་ལགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་ཀྱང་དགེ་སློང་མ་རབ་ཏུ་མང་པོ་དག་ལུས་བསྐྱོད་པས་སུན་ཕྱུང་ངམ། བཙུན་པ་བདག་གིས་ཀྱང་དགེ་སློང་མ་རབ་ཏུ་མང་པོ་དག་ལུས་བསྐྱོད་པས་སུན་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་

Vol. 1 · folio 93a

ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་དགེ་སློང་མ་སུན་ཕྱུང་བ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་དགེ་སློང་དག་ཁྱེད་ཀྱིས་གང་ཟག་དགེ་སློང་མ་སུན་ཕྱུང་བ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་

གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་འོངས་སོ། །དགེ་སློང་དག་འདོད་ཆགས་དང་བྲལ་བ་མེད་པ་ན་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པར་བྱེད་དེ། ཁ་ཅིག་གཞོན་ནུའི་གནས་སྐབས་སུ་ལྟུང་བ་བྱུང་ནས་རྒན་པོར་

གྱུར། ཁ་ཅིག་ནི་རྒན་པོའི་གནས་སྐབས་ན་ལྟུང་བ་འབྱིན་པར་བྱེད་དོ། །དེ་དག་གིས་གང་གི་ཚེ་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལས་ཐོས་པ་དེའི་ཚེ་ན་ཆོས་བཞིན་དུ་སྒྲུབ་པར་བྱེད་དེ། དེ་དག་ཡོངས་སུ་སྤོ་བ་དང་མགུ་བར་བྱ་བར་

སྤྱོད་པ་ན་དགེ་འདུན་ལ་རིམ་གྲོ་བྱེད་ཅིང་དེ་ན་ཁ་ཅིག་ནི་བཏུང་བ་འདྲིམ་པར་བྱེད། ཁ་ཅིག་ནི་བསིལ་ཡབ་ཐོགས་ཏེ་གཡོབ་པར་བྱེད་དོ། །ཇི་ཙམ་ན་ཁྱིམ་བདག་དེས་དེ་ན་གནས་མལ་བཟང་པོ་དག་བཤམས་ཤིང་ཁ་ཟས་བསོད་པའི་སྤྱི་བུངས་བཤམས་པ་མཐོང་ནས་དེས་བསམས་པ།

འདི་དག་གི་ཆོས་ནི་བཟང་ན་འདི་ལྟར་འདི་དག་ལ་སྐྱོན་ཡང་ཡོད་དེ། འདི་དག་ལ་རྗེས་དང་གུས་པ་མེད་དེ། རྒན་པ་རྒན་པ་དག་ལས་བྱེད་དུ་འཇུག་གོ་སྙམ་ནས་དེ་སྐད་སྨྲས་པ་དང་། དྲུག་སྡེ་དག་གིས་ཐོས་ནས་དེ་དག་གིས་སྨྲས་པ། ཁྱིམ་བདག་ཅི་ཟེར། འཕགས་པ་ཁྱེད་

ཅག་གི་ཆོས་ནི་བཟང་ན་འདི་ལྟར་ཁྱེད་ཅག་ལ་སྐྱོན་ཡང་མཆིས་སོ། །ཁྱིམ་བདག་ཁོ་བོ་ཅག་ལ་སྐྱོན་ཅི་ཡོད། དེས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ལ་རྗེས་དང་གུས་པ་མ་མཆིས་ཏེ། རྒན་པ་རྒན་པ་དག་ལས་བགྱིད་དུ་སྩོལ་ཏོ། །རྒན་པ་དག་ལ་ཡང་ལས་བྱེད་དུ་

Vol. 1 · folio 93b

གཞུག་དགོས་པ་ཡོད་དོ། །འཕགས་པ་དག་ཁྱེད་ཀྱི་ནང་དུ་ང་རབ་ཏུ་ཕྱུང་ན་ཡང་ལས་བགྱིད་དུ་སྩོལ་ཏམ། དེ་དག་གིས་སྨྲས་པ། ཁྱོད་པས་གང་ཆེས་ཁྱད་པར་དུ་འཕགས་པ་རབ་ཏུ་ཕྱུང་ན་ཡང་དེ་ཡང་ངེད་ཀྱིས་ལས་བྱེད་དུ་གཞུག་ན་ཁྱོད་ལྟ་ཅི་སྨོས། དེས་བསམས་པ། གལ་

ཏེ་བདག་འདི་དག་གི་ནང་དུ་རབ་ཏུ་བྱུང་ན་བདག་ཀྱང་འདི་དག་གིས་ལས་བྱེད་དུ་བཅུག་པར་འགྱུར་གྱིས། ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་མོ། །ཁྱིམ་བདག་དེ་མཁས་པའི་རང་བཞིན་ཅན་ཡིན་པས་དེས་དགེ་སློང་དག་གི་གན་ནས་ཀུན་དུ་སྤྱོད་པའི་ཆོས་དག་བསླབས་སོ། །བསླབས་

ནས་མཐའ་འཁོབ་ཅིག་ཏུ་སོང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་འདུག་པ་དང་། ཇི་ཙམ་ན་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱོགས་དེ་ནས་འོང་ཞིང་འགྲོ་བར་བྱེད་པ་དེ་དག་གིས་དེ་མཐོང་ནས་སྨྲས་པ། གནས་བརྟན་མཉན་ཡོད་ན་ཆོས་ཀྱི་རྗེ་མངོན་

སུམ་དུ་བཞུགས་ཤིང་དེ་ན་དུས་དང་དུས་སུ་ལྷའི་གཟུགས་དག་ཀྱང་སྣང་། སྣང་བ་རྒྱ་ཆེན་པོ་དག་ཀྱང་འབྱུང་། ལྷའི་སྒྲ་དག་ཀྱང་གྲག །ཀུན་ཤེས་པ་བརྡ་སྤྲོད་པ་དག་ཀྱང་གྲག །ལོངས་སྤྱོད་གཉིས་པོ་ཟང་ཟིང་གི་ལོངས་སྤྱོད་དང་། ཆོས་ཀྱི་ལོངས་སྤྱོད་ཀྱང་ཡོད་ན་ཅིའི་

ཕྱིར་མཉན་ཡོད་དུ་མི་འགྲོ། དེས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ཉིད་དུ་འདུག་པར་བྱའོ། །དེ་དག་གིས་དེ་ལ་ཡང་དང་ཡང་དུ་སྨྲས་པ། གནས་བརྟན་མཉན་ཡོད་ན་ཆོས་ཀྱི་རྗེ་མངོན་སུམ་དུ་བཞུགས་ཤིང་དེ་ན་དུས་དང་དུས་སུ་ལྷའི་གཟུགས་དག་ཀྱང་སྣང་། སྣང་བ་ཆེན་པོ་

དག་ཀྱང་འབྱུང་། ལྷའི་སྒྲ་དག་ཀྱང་གྲག །ཀུན་ཤེས་པ་བརྡ་སྤྲོད་པ་དག་ཀྱང་གྲག །ལོངས་སྤྱོད་གཉིས་པོ་ཟང་ཟིང་གི་ལོངས་སྤྱོད་དང་། ཆོས་ཀྱི་ལོངས་སྤྱོད་དག་ཀྱང་ཡོད་ན་ཅིའི་ཕྱིར་མཉན་ཡོད་དུ་མི་འགྲོ། དེ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་དུས་བསྐྱེད་པ་ན་མཉན་

ཡོད་དུ་སོང་ངོ་། །ཇི་ཙམ་ན་དེས་དེ་ན་གནས་མལ་བཟང་པོ་བཤམས་ཤིང་ཁ་ཟས་བསོད་པའི་སྤྱི་བུངས་བཤམས་པ་མཐོང་ནས་དེས་བསམས་པ། གལ་ཏེ་བདག་གྲལ་གྱི་དང་པོར་འདུག་ན་ནི་ཡོན་བཤད་པ་བྱ་དགོས་པར་འགྱུར་རོ་སྙམ་ནས་དེས་སྟན་གཅིག་བོར་ནས་སྟན་གཉིས་པ་ལ་

Vol. 1 · folio 94a

འདུག་གོ། །ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་འོངས་ནས་དེས་བསམས་པ། བཅོམ་ལྡན་འདས་ཀྱིས་བདག་སྣམ་སྦྱར་གྱི་རྒྱལ་མཚན་འཆང་བ་རྣམས་ཀྱི་མཆོག་ཏུ་བསྟན་ན་འདི་སུ་ཞིག་ཡིན་སྙམ་མོ། །ཇི་ཙམ་ན་བསམས་པ་དང་རྐུ་ཐབས་སུ་གནས་པ་ཞིག་ཡིན་

པར་མཐོང་ནས་དེས་དེ་སེ་གོལ་གྱི་སྒྲས་བསྐྲད་དོ། །ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་ལྡན་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་

ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། དགེ་སློང་གནས་བརྟན་གནས་བརྟན་ཐམས་ཅད་ཀྱིས་ཀྱང་སེ་གོལ་གྱི་སྒྲས་བསྐྲད་དོ། །ཇི་ཙམ་ན་དྲུག་སྡེ་དག་གི་གན་དུ་སོང་བ་དང་དེ་དག་གིས་དེ་ལ་སྨྲས་པ། གནས་བརྟན་ཁྱོད་ལོ་དུ་ལོན། དེས་ན་ཚོད་ཀྱི་དབང་དུ་བྱས་ཏེ་ཁོ་བོ་ལོ་དྲུག་བཅུ་ལོན་

ནོ་ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ལོ་དྲུག་བཅུ་མ་བཞེས་ན་འདིས་ག་ལ་ལོན། དེ་དག་གིས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ཀྱི་མཁན་པོ་གང་ཡིན། དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མའི་མཁན་པོ་གང་ཡིན། དེ་དག་གིས་

སྨྲས་པ། ཚེ་དང་ལྡན་པ་དག་རྒན་ཞུགས་འདི་ནི་རང་གིས་རྟགས་བླངས་པ་ཡིན་ནོ་ཞེས་དེ་དག་གིས་དེ་ལག་པ་དང་རྐང་པ་དག་ནས་བཟུང་སྟེ་རྒན་པའི་མཐར་ཁྲིད་ནས་སྨྲས་པ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འཇིག་རྟེན་ན་རང་བྱུང་གཅིག་ནི་བཅོམ་ལྡན་འདས་

ལགས་ན་གཉིས་པ་ནི་རྒན་ཞུགས་འདི་ལགས་སོ། །འདི་ནི་གསོལ་བའོ་ཞེས་སྨྲས་ནས་རྒན་པའི་མཐའ་ནས་བསྐྲད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་རྐུ་ཐབས་སུ་གནས་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་

ཅན་ཡིན་པས། དགེ་སློང་དག་ཁྱེད་ཀྱིས་གང་ཟག་རྐུ་ཐབས་སུ་གནས་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་རྐུ་ཐབས་སུ་གནས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་

Vol. 1 · folio 94b

བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཟག་རྐུ་ཐབས་སུ་གནས་པ་བསྙིལ་བར་བྱའོ་ཞེས་བཀའ་སྩལ་ན། བཙུན་པ་ཇི་ཙམ་གྱིས་ན་གང་ཟག་རྐུ་ཐབས་སུ་གནས་

པ་ལགས། ཉེ་བ་འཁོར་གང་ཚུན་ཆད་ནས་དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གསོ་སྦྱོང་གི་ལས་དག་ལན་གཉིས་སམ་གསུམ་དུ་ཉམས་སུ་མྱོང་བར་གྱུར་ན་དེ་ཙམ་གྱིས་ན་གང་ཟག་རྐུ་ཐབས་སུ་གནས་པ་ཡིན་ནོ།། །།སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད།

དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་མ་ནིང་སྐྱེས་པ་འདྲ་བ་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པ་ཞིག་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེ་བར་གྱུར་ཏོ། །དེ་ཁྱེའུ་དག་

དང་ལྷན་ཅིག་རྩེ་བར་བྱེད་པ་ན་དེ་དེ་དག་ལ་མཚན་མ་སྟོན་པར་བྱེད་ནས་དེ་དག་གིས་དེ་ལ་སྨྲས་པ། ཁྱོད་ཅི་ཡིན། དེས་སྨྲས་པ། བདག་མ་ནིང་ངོ་། །དེ་དག་གིས་སྨྲས་པ། ཁྱོད་ནི་བྲམ་ཟེ་ཡིན་པས་ཁྱོད་ཀྱི་ཁྱིམ་དུ་མི་སྙན་པ་གྲགས་པར་གྱུར་ན་མི་རུང་གིས་དེ་ལྟ་མ་བྱེད་ཅིག །དེ་དག་

གིས་དེའི་ཕ་མ་ལ་སྨྲས་པ། ཁྱོད་ཀྱིས་མ་ནིང་འདི་འདི་ལྟ་འདི་ལྟ་བྱེད་ཀྱིས་ཟློག་ཤིག །དེ་དག་གིས་དེ་ལ་སྨྲས་པ། མ་ནིང་བདག་ཅག་ནི་བྲམ་ཟེ་ཡིན་པས་བདག་ཅག་གི་ཁྱིམ་དུ་མི་སྙན་པར་གྲགས་པར་གྱུར་ན་མི་རུང་གིས་དེ་ལྟ་མ་བྱེད་ཅིག །དེ་དེ་དག་གིས་བཟློག་ཀྱང་མི་འདུག་གོ། །

དེ་དུས་གཞན་ཞིག་ན་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཇི་ཙམ་ན་དེས་དགེ་སློང་གཞོན་ནུ་གཞོན་ནུ་དག་མཐོང་ནས་དེས་བསམས་པ། བདག་འདི་དག་གི་ནང་དུ་རབ་ཏུ་བྱུང་ན་འདི་དག་བདག་ལ་སྐྱེས་པའི་བྱ་བ་བྱེད་པར་འགྱུར་ཞིང་བདག་ཀྱང་འདི་དག་ལ་བུད་མེད་ཀྱི་བྱ་བ་བྱེད་པར་འགྱུར་རོ་

Vol. 1 · folio 95a

སྙམ་ནས། དེ་དགེ་སློང་གི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་ལ་སྨྲས་པ། ཁྱོད་ཕ་མས་གནང་ངམ། དེས་སྨྲས་པ། མ་གནང་ངོ་། །སོང་ལ་ཕ་མ་ལ་གསོལ་ཅིག །དེ་ཕ་མའི་གན་དུ་སོང་སྟེ་སྨྲས་པ།

ཡབ་ཡུམ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེ་གཉིས་དེས་ཡོངས་སུ་གདུངས་པས་བསམས་པ། བདག་ཅག་འདི་དང་བྲལ་བར་བྱས་རབ་ཏུ་འབྱུང་ལ་རག་གོ་སྙམ་ནས། དེ་གཉིས་ཀྱིས་དེ་ལ་སྨྲས་པ། མ་ནིང་གནང་ངོ་། །དེ་དགེ་སློང་གི་ནང་དུ་སོང་སྟེ་སྨྲས་པ། འཕགས་

པ་བདག་ཕ་མས་གནང་གིས་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དང་། དགེ་སློང་རྣམས་ཀྱི་མདུན་དུ་མཚན་མ་སྟོན་པར་བྱེད་ནས། དེ་དག་གིས་དེ་ལ་སྨྲས་པ། ཁྱོད་མ་ནིང་ཡིན་ནམ་ཅི། དེས་སྨྲས་པ། ཡིན་ནོ་ཞེས་ཟེར་བའི་

སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་མ་ནིང་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། དགེ་སློང་དག་ཁྱེད་ཀྱིས་གང་ཟག་མ་ནིང་ཆོས་འདུལ་

བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་མ་ནིང་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དག་མ་ནིང་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན།

སྐྱེས་ནས་མ་ནིང་དང་། ཟླ་བ་ཕྱེད་པའི་མ་ནིང་དང་། འཁྱུད་ནས་ལྡང་བའི་མ་ནིང་དང་། ཕྲག་དོག་ཅན་གྱི་མ་ནིང་དང་། ཉམས་པའི་མ་ནིང་ངོ་། །དེ་ལ་སྐྱེས་ནས་མ་ནིང་གང་ཞེ་ན། གང་སྐྱེས་ནས་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པའོ། །ཟླ་བ་ཕྱེད་པའི་མ་ནིང་གང་

ཞེ་ན། གང་ཟླ་བ་ཕྱེད་ནི་བུད་མེད་ཟླ་བ་ཕྱེད་ནི་སྐྱེས་པར་འགྱུར་བའོ། །འཁྱུད་ནས་ལྡང་བའི་མ་ནིང་གང་ཞེ་ན། གང་ལ་གཞན་དག་གིས་འཁྱུད་ན་དབང་པོ་འབྱུང་བར་འགྱུར་བའོ། །ཕྲག་དོག་ཅན་གྱི་མ་ནིང་གང་ཞེ་ན། གང་ལ་གཞན་དག་རྩོལ་བ་མཐོང་ན་དབང་པོ་འབྱུང་

Vol. 1 · folio 95b

བར་འགྱུར་བའོ། །ཉམས་པའི་མ་ནིང་གང་ཞེ་ན། གང་གི་དབང་པོ་ནད་ཀྱིས་ཉམས་པའམ་མཚོན་གྱིས་བཅད་པའོ། །དེ་ལ་མ་ནིང་སྔ་མ་བཞི་པོ་སྐྱེས་ནས་མ་ནིང་དང་། ཟླ་བ་ཕྱེད་པའི་མ་ནིང་དང་། འཁྱུད་ནས་ལྡང་བའི་མ་ནིང་དང་། ཕྲག་དོག་ཅན་གྱི་མ་ནིང་གང་དག་ཡིན་པ་

དེ་དག་ནི་རབ་ཏུ་མ་བྱུང་ན་ནི་རབ་ཏུ་དབྱུང་བར་མི་བྱ་ལ། རབ་ཏུ་བྱུང་ན་ནི་བསྙིལ་བར་བྱའོ། །དེ་ལ་ཉམས་པའི་མ་ནིང་གང་ཡིན་པ་དེ་ནི་རབ་ཏུ་མ་བྱུང་ན་ནི་རབ་ཏུ་དབྱུང་བར་མི་བྱ་ལ། རབ་ཏུ་བྱུང་ན་ནི་གལ་ཏེ་འགྱུར་བ་མི་སྟེན་ན་བཏང་སྙོམས་སུ་བྱའོ། །གལ་ཏེ་འགྱུར་བ་བསྟེན་ན་

བསྙིལ་བར་བྱའོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀླུ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་ལུས་ལ་ཉིན་མོ་བྱེ་མ་མེའི་མདོག་ལྟ་བུ་ལན་གསུམ་འབབ་ཅིང་དེས་དེ་དག་རུས་པའི་ཀེང་

རུས་ཙམ་ཞིག་ལུས་པར་བྱེད་དོ། །ཀླུ་གཞོན་ནུ་སྐྱེས་ནས་རིང་པོ་མ་ལོན་པ་ཞིག་གི་ལུས་ལ་ཉིན་མོ་བྱེ་མ་མེའི་མདོག་ལྟ་བུ་ལན་གསུམ་འབབ་ཅིང་དེས་དེ་རུས་པའི་ཀེང་རུས་ཙམ་ཞིག་ལུས་པར་བྱས་པ་དང་དེས་མ་ལ་སྨྲས་པ། མ་བདག་གིས་ཡུན་ཇི་སྲིད་ཅིག་ཏུ་སྡུག་བསྔལ་འདི་

ལྟ་བུ་མནག་པར་བགྱི་འཚལ། བུ་ཇི་སྲིད་དུ་རིས་མཐུན་པ་ཡོད་ཀྱི་བར་དུའོ། །དེ་ན་ཀླུ་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་གཞན་གང་དག་ཡིན་པ་དེ་དག་གི་ལུས་ལ་བྱེ་མ་མེའི་མདོག་ལྟ་བུ་མི་འབབ་ནས་དེས་སྨྲས་པ། མ་འདི་དག་ལ་ཅིའི་ཕྱིར་མི་འབབ། མས་སྨྲས་པ། འདི་དག་

ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། བསྐལ་པར་གནས་པ། ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཀྱིས་དབྱུང་བར་མི་ནུས་པ་ཡིན་པས་དེའི་ཕྱིར་འདི་དག་ལ་མི་འབབ་བོ། །དེ་ན་ཀླུ་ཕྲ་མོ་གཞན་གང་དག་ཡིན་པ་དེ་དག་གི་ལུས་ལ་བྱེ་མ་མེའི་མདོག་ལྟ་བུ་མི་འབབ་

ནས་དེས་སྨྲས་པ། མ་འདི་དག་ལ་ནི་རིགས་ན་འདི་དག་ལ་ཅིའི་ཕྱིར་མི་འབབ། མས་སྨྲས་པ། འདི་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་བླངས་པས་དེའི་ཕྱིར་འདི་དག་ལ་མི་འབབ་བོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་

Vol. 1 · folio 96a

བདག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་བླང་ངོ་། །མས་སྨྲས་པ། བུ་ཚེ་གཅིག་གི་སྡུག་བསྔལ་ནི་བླའི་ཚེ་རབས་མང་པོའི་ནི་མ་ཡིན་ཏེ། གལ་ཏེ་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སྐྱབས་སུ་འགྲོ་

བ་དང་བསླབ་པའི་གཞི་དག་བླངས་ནས་ཡང་དག་པར་མ་བསྲུངས་ན་ཡུན་རིང་པོར་སེམས་ཅན་དམྱལ་བར་སྡུག་བསྔལ་མནག་པར་བྱ་དགོས་སོ། །དེས་བསམས་པ། སྡུག་བསྔལ་འདི་བས་ཆེས་སྡུག་བསྔལ་བར་འགྱུར་བ་ཅི་ཞིག་ཡོད་ཀྱིས། བཅོམ་ལྡན་འདས་ཀྱི་སྤྱན་

སྔར་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལེན་དུ་འགྲོའོ་སྙམ་ནས། དེ་བྲམ་ཟེའི་ཆ་ལུགས་སུ་མངོན་པར་སྤྲུལ་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཇི་ཙམ་ན་དེས་དགེ་སློང་དག་བསམ་གཏན་དང་། ཀློག་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་ལ་བརྩོན་ཞིང་གནས་

པ་མཐོང་ངོ་། །མཐོང་ནས་ཀྱང་དད་པ་སྐྱེས་ཏེ། དེས་བསམས་པ། ཇི་ཇེ་དང་པོར་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་བླང་ངམ། འོན་ཏེ་རབ་ཏུ་འབྱུང་བར་བྱ་སྙམ་མོ། །དེས་ཡང་བསམས་པ། རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེ་དགེ་སློང་གི་གན་དུ་སོང་སྟེ་སྨྲས་

པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་སྨྲས་པ། ཁོ་བོ་ནི་གསར་བུ་ཡིན་པས་གནས་བརྟན་གཞན་འགའ་ཞིག་གི་དྲུང་དུ་སོང་ཤིག །དེས་སྨྲས་པ། འཕགས་པ་བདག་གིས་གཞན་ངོ་འཚལ་བ་མ་མཆིས་ཏེ། འདི་ལྟར་བདག་ཐོག་མར་ཁོ་ནར་

འཕགས་པའི་གན་དུ་མཆིས་པས་ཁྱོད་ཉིད་ཀྱིས་བདག་དགེ་སློང་འགའ་ཞིག་ལ་གཏད་པར་གསོལ། དགེ་སློང་དེའི་མཁན་པོ་དགོན་པ་པ་ཞིག་དགོན་པ་ན་འདུག་པས་དེས་དེ་ཁྲིད་དེ་དེའི་གན་དུ་སོང་ནས་སྨྲས་པ། མཁན་པོ་རིགས་ཀྱི་བུ་འདི་རབ་ཏུ་འབྱུང་བར་འཚལ་གྱིས་རབ་ཏུ་

དབྱུང་དུ་གསོལ། དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཤན་པ་བྱེད་དུ་བཅུག་པ་ནི་བླའི་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ་ཞེས་བཀའ་སྩལ་པས། འདི་ཡང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་

Vol. 1 · folio 96b

ལ། ཁོ་བོ་ཡང་ལྟུང་བ་དང་བཅས་པར་འགྱུར་བས་ཁོ་བོ་འདི་རབ་ཏུ་མི་འབྱིན་ཏོ། །དེས་སྨྲས་པ། མཁན་པོས་རབ་ཏུ་དབྱུང་བ་འབའ་ཞིག་མཛོད་ཅིག་དང་། བདག་གིས་འདི་བསླབ་པར་བགྱི་ཞིང་ཀློག་ཏུ་སྩལ་བར་བགྱིའོ། །དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་

ནས་སྨྲས་པ། བཞིན་བཟངས་འདི་ཉིད་ཁྱོད་ཀྱི་མཁན་པོ་གཅིག་པ་ཡིན། འདི་ཉིད་སློབ་དཔོན་ཡིན་གྱིས་ཁྱོད་ཀྱིས་འདི་ཉིད་ལ་དྲི་བར་བྱ། ཁྱོད་ཀྱིས་འདི་ཉིད་ལ་བཀླག་པར་བྱའོ། །ཁྱོད་ཀྱིས་འདི་ཉིད་ལ་བསླབ་པར་བྱའོ། །དེས་གཅིག་ལས་འཕྲོས་པའི་ལུང་བཀླགས་

པས་དེས་དེ་གཅིག་ལས་འཕྲོས་པའི་ལུང་ཀློག་ཏུ་གཞུག་པར་བརྩམས་པ་དང་། དེས་ཤིན་ཏུ་བརྩོན་འགྲུས་བརྩམས་པས་ཁ་ཏོན་དུ་ལྷོགས་ནས་དགེ་སློང་སློབ་དཔོན་དེ་ཤིན་ཏུ་མིག་གང་སྟེ་དེས་དེ་ལ་སྨྲས་པ། བཞིན་བཟངས་ཅི་ལྷན་ཅིག་ཏུ་བསོད་སྙོམས་ལ་འཇུག་པར་བྱའམ།

འོན་ཏེ་སོ་སོར། དེས་བསམས་པ། བདག་གིས་མིའི་ཟས་ཀྱིས་འཚོ་བར་མི་ནུས་ཀྱིས། བདག་ཀླུའི་གནས་སུ་སོང་ལ་བདུད་རྩི་ཟོས་ཤིང་ཟོས་ཤིང་ཕྱིར་འོང་བར་བྱའོ་སྙམ་ནས། དེས་སྨྲས་པ། སློབ་དཔོན་སོ་སོར་འཇུག་པར་བྱའོ། །དེས་སྨྲས་པ། བཞིན་བཟངས་

དེ་ལྟར་གྱིས་ཤིག །དེ་ཀླུའི་གནས་སུ་ལྷའི་བདུད་རྩི་ཟོས་ནས་ཕྱིར་འོང་ངོ་། །ཀླུ་རྣམས་ནི་གཉིད་ཆེ་བ་ཡིན་པས་དེ་གང་གི་ཚེ་གཉིད་ལོག་ནས་ལངས་པ་དེའི་ཚེ་ན་དགེ་སློང་དེ་བསོད་སྙོམས་བླངས་ནས་ཕྱིར་འོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་དེས་བསོད་སྙོམས་གློ་

བུར་བ་རྙེད་ནས་དེས་དེ་བླངས་ཏེ་ཕྱིར་འོངས་པ་དང་། ཇི་ཙམ་ན་གནས་ཁང་ན་མགར་བའི་སྦུད་པ་འབུད་པ་ལྟ་བུའི་སྒྲ་ཐོས་ནས་དེས་གཏན་པའི་བུ་ག་ནས་བལྟས་ན། གནས་ཁང་དེ་ཐམས་ཅད་ཀླུའི་ལུས་བསྐྱིལ་བས་གང་བ་མཐོང་ནས་དེས་སྤྲུལ་པ་སྤྲུལ་པ་ཞེས་སྒྲ་ཕྱུང་བ་དང་།

དེ་སྒྲ་ལ་མཁས་པས་མྱུར་བ་མྱུར་བ་ཁོ་ནར་སད་ནས་རང་བཞིན་གྱི་ཆ་ལུགས་མི་སྣང་བར་བྱས་ཏེ་དེ་སྤྲུལ་པའི་ཆ་ལུགས་སུ་འདུག་གོ། །དགེ་སློང་དག་ལྷགས་ནས་དེ་དག་གིས་དེ་ལ་སྨྲས་པ། འདི་ཅི་ཡིན། དེས་སྨྲས་པ། སྤྲུལ་པ་ཡིན་ནོ། །དེ་དག་གིས་སྨྲས་པ། ཚེ་དང་

Vol. 1 · folio 97a

ལྡན་པ་བརྩོན་འགྲུས་བརྩམས་པས་རྟག་ཏུ་ཁ་ཏོན་ལ་བརྩོན་པ་ཡིན་ན་ཅི་ཁྱོད་འདི་ལ་སེར་སྣ་བྱེད་དམ། དེས་སྨྲས་པ། ཁོ་བོ་ནི་འདི་ལ་ཅུང་ཟད་ཀྱང་སེར་སྣ་མི་བྱེད་དེ། འདི་ལྟར་འདི་ནི་སྤྲུལ་པ་ཡིན་ནོ། །དེ་དག་ཕན་ཚུན་སྨྲ་བ་ན་བཅོམ་ལྡན་འདས་ཀྱང་

ཕྱོགས་དེར་གཤེགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཅི་ཡིན། དགེ་སློང་དག་གིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་ཟག་སྤྲུལ་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་

བའི་ཆོས་ཅན་ཡིན་པས། དགེ་སློང་དག་ཁྱེད་ཀྱིས་གང་ཟག་སྤྲུལ་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་སྤྲུལ་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་

འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དག་ཀླུའི་རང་བཞིན་ལྔ་པོ་འདི་དག་ཡིན་ལ་ལྷག་མ་ནི་སྤྲུལ་པ་ཡིན་ནོ། །ལྔ་གང་ཞེ་ན། རང་བཞིན་གྱིས་སྐྱེ་བ་དང་། རང་བཞིན་གྱིས་འཆི་བ་དང་། རང་བཞིན་གྱིས་ཉལ་བ་དང་། རང་བཞིན་གྱིས་ཟ་བ་དང་། རང་བཞིན་

གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་པར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བཞིན་བཟངས་ཁྱོད་ཀྱིས་ཕུང་པོ་འདི་དག་གིས་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མི་ནུས་ཀྱིས། དགེ་སློང་རྣམས་ལ་མ་འཚེ་བར་སོང་ཤིག །དེས་

བསམས་པ། འབབས་པར་ག་ལ་བྱ་སྙམ་ནས་དེས་སཱ་ལའི་དགོན་པ་ཞིག་ཏུ་སོང་ནས་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། མཐོངས་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་

སུ་གྱུར་པ། ཁྲི་དང་། ཁྲིའུ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་སྤྲུལ་ཏེ། དགེ་སློང་གློ་བུར་དུ་འོངས་པ་དང་། འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དོ། །རྒན་ཞུགས་ཤིག་གཙུག་ལག་ཁང་དེར་དབྱར་གནས་ནས་མཉན་ཡོད་དུ་སོང་ངོ་། །

Vol. 1 · folio 97b

དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ། །སྙམ་པས་དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་

བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ། །དེས་ཐག་རིང་པོ་ཁོ་ན་ནས་རྒན་ཞུགས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་སྨིན་མ་འཕྱང་བ་ཞིག་འོང་བ་དེ་མཐོང་

ནས་དེས་བསམས་པ། འདི་ནི་དགེ་སློང་གནས་བརྟན་འགའ་ཞིག་ཡིན་གོར་མ་ཆག་སྙམ་ནས་དེས་བསུ་སྟེ་གནས་བརྟན་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ་ཞེས་བྱས་པ་དང་དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །ཉེ་དགའས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་

ཞིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་སོ་སྙམ་ནས་དེས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ག་ལས་འོངས། སཱ་ལའི་དགོན་པ་ནས་སོ། །ཅི་དེ་ན་གཙུག་ལག་ཁང་ཡོད་དམ། དེས་སྨྲས་པ། གཙུག་ལག་ཁང་ཡོད་དོ། །ཅི་དེ་གཙུག་ལག་

ཁང་ཡིན་ནམ། འོན་ཏེ་ཕོངས་པ་ཡིན། གཙུག་ལག་ཁང་ནི་ཅི་འདྲ། ཕོངས་པ་ནི་ཅི་འདྲ། གང་ན་ཡོ་བྱད་ཐམས་ཅད་དང་ལྡན་པ་ནི་གཙུག་ལག་ཁང་ཡིན་ལ། གང་ན་ཡོ་བྱད་ཐམས་ཅད་དང་བྲལ་བ་ནི་ཕོངས་པ་ཡིན་ནོ། །དེ་གཙུག་ལག་ཁང་ཡིན་ནོ། །དེ་ན་ཅི་ཡོད།

དེ་ན་དགེ་སློང་ཞལ་ཏ་བྱེད་པ་གནས་ཏེ། དེས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གང་ཅུང་ཟད་ཅི་ཐོས་པ་དེ་ཕྱེ་འབྲེད་ཀྱི་དུས་ཀྱི་ཚེ་གཅིག་ཏུ་འདུས་ནས་ཕན་ཚུན་རྗོད་པར་བྱེད་པ་

ཡིན་པས་ཉེ་དགའ་གཙུག་ལག་ཁང་དུ་སོང་སྟེ་དྲུག་སྡེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་བདག་ཅག་གིས་ཡུན་ཇི་སྲིད་ཀྱིས་བྲེལ་བ་སྤང་བར་བྱ། ཁྱོད་ཀྱིས་ཐོས་པ་ཅུང་ཞིག་ཡོད་དམ། ཉེ་དགའས་སྨྲས་པ། ཡོད་དེ། སཱ་ལའི་དགོན་པ་ན་གཙུག་ལག་ཁང་ཡོད་དོ། །

Vol. 1 · folio 98a

དེ་ན་ཅི་ཡོད། དེ་ན་ཞལ་ཏ་བྱེད་པ་གནས་ཏེ། དེས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་ཀྱིས། ཚུར་ཤོག་བདག་ཅག་དེར་འདོང་ངོ་། །དེ་དག་དེར་དོང་བ་དང་། དེས་དེ་དག་ཐག་རིང་པོ་ཁོ་

ན་ནས་འོང་བ་མཐོང་ནས་དེས་བསམས་པ། གནས་ངན་ལེན་ཀུན་དུ་སྤྱོད་པ་དེ་དག་འདིར་འོངས་སོ་སྙམ་མོ། །དེས་ཡང་བསམས་པ། བདག་གིས་འདི་དག་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ན། འདི་དག་གིས་བདག་ལ་ཅི་བྱར་ཡོད་སྙམ་ནས། དེས་དེ་དག་ལ་རྒན་

རིམས་ཀྱིས་གནས་མལ་ཡང་ཏོག་དང་། ཁང་པ་བརྩེགས་པ་དག་བསྐོས་ཤིང་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་སོ། །དེ་དག་ཉི་མ་ཉུང་ཤས་ཤིག་འཁོད་ནས་སྨྲས་པ། དགའ་བོ་ཉེ་དགའ་རྒན་ཞུགས་འདི་ལ་འདུ་བ་ཡང་མི་སྣང་འགོད་པ་ཡང་མི་སྣང་བས་བདག་ཅག་

གིས་འདི་ལ་གྲངས་དག་འདེབས་སུ་གཞུག་གོ་ཞེས་དེ་དག་གིས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ལ་འདུ་བ་ཡང་མི་སྣང་། འགོད་པ་ཡང་མི་སྣང་བས་ཚུར་ཤོག་གྲངས་ཐོབ་ཤིག །དེས་སྨྲས་པ། འཕགས་པ་དག་ཅུང་ཟད་ཉམས་པའམ་གཅིག་ཏུ་མ་གྱུར་ཏམ། དེ་དག་

གིས་སྨྲས་པ། ཅུང་ཟད་ཀྱང་ཉམས་པར་མ་གྱུར་ཏེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དྲུག་སྡེ་དག་གཙུག་ལག་ཁང་དེ་ཉིད་དུ་དབྱར་གནས་ན་དེ་དག་གིས་འདུ་བ་ཡང་མི་ཤེས། འགོད་པ་ཡང་མི་ཤེས་སོ་ཞེས་བདག་ཅག་སྨད་པར་འགྱུར་རོ། །དེས་སྨྲས་པ། གནས་བརྟན་དག་

གལ་ཏེ་དེ་ལྟ་ན་བགྱིའོ། །ཇི་ཙམ་ན་བྱ། ལོ་བཅུ་གཉིས་ནའོ། །དེ་དག་གིས་སྨྲས་པ། རྒན་ཞུགས་ལོ་བཅུ་གཉིས་ན་ཁྱོད་ཀྱིས་གཙུག་ལག་ཁང་འདི་སྒོ་འཕར་ཡང་ཟོས་པར་འགྱུར་རོ། །དེས་སྨྲས་པ། ལོ་བདུན་ནའོ། །དེ་དག་གིས་སྨྲས་པ། མི་རུང་ངོ་། །དེས་

སྨྲས་པ། ཟླ་བ་བདུན་ནའོ། །དེ་དག་གིས་སྨྲས་པ། མི་རུང་ངོ་། །དེས་སྨྲས་པ། ཉིན་ཞག་བདུན་ནའོ། །དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཉིན་ཞག་བདུན་གྱིས་རྒན་ཞུགས་འདིས་ཅི་ཞིག་ཟོས་པར་གྱུར་ཏེ་དེ་བཞིན་བྱའོ། །དེ་དག་གིས་དེ་ལ་སྨྲས་པ། རྒན་ཞུགས་

Vol. 1 · folio 98b

དེ་བཞིན་གྱིས་ཤིག །དེས་བསམས་པ། ཞག་བདུན་ལོན་ན་གཙུག་ལག་ཁང་འདི་མི་སྣང་བར་འགྱུར་རོ་སྙམ་ནས། དེས་དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་དེས་པ་དེས་པ་རྣམས་ལ་ལ་ལ་ལ་ནི་སྣམ་སྦྱར་འབུལ་བར་བྱེད། ལ་ལ་ལ་ནི་བླ་གོས། ལ་ལ་ལ་ནི་ཤམ་ཐབས།

ལ་ལ་ལ་ནི་རྔུལ་ཟན། ལ་ལ་ལ་ནི་ལྷུང་བཟེད། ལ་ལ་ལ་ནི་ལྷུང་བཟེད་ཆུང་ངུ་འབུལ་བར་བྱེད་དོ། །དྲུག་སྡེ་དག་གིས་དེ་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་རྒན་ཞུགས་འདི་ཕྱོགས་ཚོལ་གྱིས་ཞག་བདུན་འདས་ནས་ཕྱོགས་དང་བཅས་ནས་རྩ་ནས་གདོན་

ཏོ། །དེས་ཀྱང་ཞག་བདུན་འདས་ནས་དེ་དག་ཉལ་བ་དང་གཙུག་ལག་ཁང་དེ་མི་སྣང་བར་བྱས་ནས་རྒྱ་མཚོའི་འགྲམ་དུ་སོང་ངོ་། །དེ་དག་ཀྱང་ས་སྒྲེ་བོ་ལ་ཉལ་ཞིང་འཁོད་ནས་སྨྲས་པ། དགའ་བོ་ཉེ་དགའ་ལོངས་ལ་རྡོ་རྒྱུས་ལོང་ཤིག་དང་གྲངས་འདེབས་སུ་གཞུག་གོ། །

དེ་དག་གིས་ཇི་ཙམ་ན་བདག་ཅག་ས་སྒྲེ་བོ་ལ་ཉལ་བར་མཐོང་ནས་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ལ་མངོན་པར་དད་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱེད་པ་ཞིག་བདག་ཅག་གིས་ཐོ་བཙམས་ནས་གཙུག་ལག་ཁང་མི་སྣང་བར་བྱས་ཏེ་སོང་

བ་དེ་ལྷའམ། ཀླུའམ། གནོད་སྦྱིན་ནམ། སུ་ཡིན་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཞལ་ཏ་བྱེད་པ་དེ་ནི་སྤྲུལ་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། གལ་ཏེ་དགེ་

སློང་དྲུག་སྡེ་དག་གིས་ཐོ་བཙམས་པར་མ་གྱུར་ན་བསྟན་པ་མཐར་ཐུག་གི་བར་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་མཆོད་པ་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་གཙུག་ལག་ཁང་གང་ན་འདུ་

འགོད་མི་མངོན་པ་དེར་གྲངས་འདེབས་སུ་འཇུག་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་གང་ན་འདུ་བ་ཡང་མི་མངོན་འགོད་པ་ཡང་མི་མངོན་པ་དེར་ཡང་དགེ་སློང་གིས་གྲངས་འདེབས་སུ་གཞུག་པར་མི་བྱའོ། །གང་ན་འདུ་བ་ནི་མངོན་ལ་འགོད་པ་མི་མངོན་པ་

Vol. 1 · folio 99a

དེར་ཡང་དགེ་སློང་གིས་གྲངས་འདེབས་སུ་གཞུག་པར་མི་བྱའོ། །གང་ན་འགོད་པ་ནི་མངོན་ལ་འདུ་བ་མི་མངོན་པ་དེར་ཡང་དགེ་སློང་གིས་གྲངས་འདེབས་སུ་གཞུག་པར་མི་བྱའོ། །གང་ན་འདུ་བ་དང་འགོད་པ་མངོན་པ་དེར་ནི་དགེ་སློང་གིས་དྲན་པ་དང་ཤེས་བཞིན་

གྱིས་ཚོད་རིག་པར་བྱའོ།། །།འདུལ་བ་གཞི། བམ་པོ་དགུ་པ། དེའི་འོག་ཏུ་རྒྱ་མཚོའི་འགྲམ་དུ་སོང་སྟེ་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། མཐོངས་ཁུང་དང་སྐར་ཁུང་དྲ་བ་ཅན་དང་ལྡན་པ། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་

པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང་ཁྲིའུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་གཉིས་པ་ཞིག་སྤྲུལ་ཏེ། དེར་རྒྱ་མཚོ་ཆེན་པོའི་ཀླུ་དག་བྲམ་ཟེ་དང་། ཁྱིམ་བདག་གི་ཆ་བྱད་ཀྱིས་མངོན་དུ་ལྷགས་ནས་དེ་དག་དེ་ལ་ཆོས་ཉན་པར་བྱེད་དོ། །དེ་དག་གིས་དེ་ལ་ཆོས་

ཐོས་ནས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དོ། །རྒན་ཞུགས་ཤིག་གཙུག་ལག་ཁང་དེར་དབྱར་གནས་ནས་མཉན་ཡོད་དུ་སོང་ངོ་། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་

འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་

ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ། །དེས་ཐག་རིང་པོ་ཁོ་ན་ནས་རྒན་ཞུགས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་སྨིན་མ་འཕྱང་བ་ཞིག་འོང་བ་དེ་མཐོང་ནས་དེས་བསམས་པ། འདི་ནི་དགེ་སློང་གནས་བརྟན་འགའ་ཞིག་ཡིན་གོར་མ་ཆག་

སྙན་ནས་དེས་དེ་བསུ་སྟེ་གནས་བརྟན་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ་ཞེས་བྱས་པ་དང་དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །ཉེ་དགའས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་ཤིག་སྟེ། སློབ་དཔོན་ཡང་མི་ཤེས་མཁན་པོ་ཡང་མི་ཤེས་སོ་སྙམ་ནས། དེས་དེ་ལ་སྨྲས་

Vol. 1 · folio 99b

པ། རྒན་ཞུགས་ཁྱོད་ག་ལས་འོངས། རྒྱ་མཚོའི་འགྲམ་ནས་སོ། །ཅི་དེ་ན་གཙུག་ལག་ཁང་ཡོད་དམ། དེས་སྨྲས་པ། གཙུག་ལག་ཁང་ཡོད་དོ། །ཅི་དེ་གཙུག་ལག་ཁང་ཡིན་ནམ། འོན་ཏེ་ཕོངས་པ་ཡིན། གཙུག་ལག་ཁང་ནི་ཅི་འདྲ། ཕོངས་པ་ནི་ཅི་འདྲ། གང་

ན་ཡོ་བྱད་ཐམས་ཅད་དང་ལྡན་པ་ནི་གཙུག་ལག་ཁང་ཡིན་ལ། གང་ན་ཡོ་བྱད་ཐམས་ཅད་དང་བྲལ་བ་དེ་ནི་ཕོངས་པ་ཡིན་ནོ། །དེ་གཙུག་ལག་ཁང་ཡིན་ནོ། །དེ་ན་ཅི་ཡོད། དེ་ན་དགེ་སློང་ཆོས་སྨྲ་བ་གནས་ཏེ། དེ་དེ་ན་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་

དེ་དག་གིས་དེ་ལ་ཆོས་ཐོས་ནས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གང་ཅུང་ཟད་ཅི་ཐོས་པ་དེ་ཕྱི་འབྲེད་ཀྱི་དུས་ཀྱི་ཚེ་གཅིག་ཏུ་འདུས་ནས་ཕན་ཚུན་རྗོད་པར་བྱེད་པ་ཡིན་པས་ཉེ་དགའ་

གཙུག་ལག་ཁང་དུ་སོང་སྟེ་དྲུག་སྡེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་ཡུན་ཇི་སྲིད་ཀྱིས་བྲེལ་བ་སྤང་བར་བྱ། ཁྱོད་ཀྱིས་ཐོས་པ་ཅུང་ཞིག་ཡོད་དམ། ཉེ་དགའས་སྨྲས་པ་ཡོད་དེ། རྒྱ་མཚོའི་འགྲམ་ན་གཙུག་ལག་ཁང་ཡོད་དོ། །དེ་ན་ཅི་ཡོད། དེ་

ན་དགེ་སློང་ཆོས་སྨྲ་བ་གནས་ཏེ། དེ་དེ་ན་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་དེ་དག་གིས་དེ་ལས་ཆོས་ཐོས་ནས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་ཀྱིས། ཚུར་ཤོག་བདག་ཅག་དེར་འདོང་ངོ་། །

དེ་དག་དེར་དོང་བ་དང་། དེས་དེ་དག་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་དེས་བསམས་པ། གནས་ངན་ལེན་ཀུན་དུ་སྤྱོད་པ་དེ་དག་འདིར་ཡང་འོངས་སོ་སྙམ་མོ། །དེས་ཡང་བསམས་པ། བདག་འདི་དག་ལ་ཅུང་ཟད་ཀྱང་རག་ལུས་པ་མེད་ན་འདི་དག་གིས་བདག་ལ་ཅི་བྱར་

ཡོད་སྙམ་མོ། །དེ་ནས་རྒྱ་མཚོ་ཆེན་པོའི་ཀླུ་ད་དག་བྲམ་ཟེ་དང་ཁྱིམ་བདག་གི་ཆ་ལུགས་ཀྱིས་མངོན་དུ་ལྷགས་པ་དང་། དེས་དེ་དག་ལ་ཆོས་བསྟན་ཏོ། །དེ་དག་གིས་དེ་ལས་ཆོས་ཐོས་ནས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་

Vol. 1 · folio 100a

པ་དང་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་རྒན་ཞུགས་འདིས་ཅི་ཞིག་ཤེས། གཅིག་ལས་འཕྲོས་པའོ། །འདི་ནི་རེ་ཞིག་རྫུབས་པས་གཅིག་ལས་འཕྲོས་པའི་ཆོས་སྟོན་གྱིས་དགེ་སློང་འདི་དག་ནི་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་

པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཤ་སྟག་ཡིན་ན། ཅིའི་ཕྱིར་འདི་དག་ལ་གསོལ་བ་མི་འདེབས། དེ་དག་གིས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ཀྱིས་ཅི་ཤེས། དེས་སྨྲས་པ། གཅིག་ལས་འཕྲོས་པའོ། །དེ་དག་གིས་སྨྲས་པ། རྒན་ཞུགས་ཁྱོད་ནི་རེ་

ཞིག་རྫུབས་པས་གཅིག་ལས་འཕྲོས་པའི་ཆོས་སྟོན་གྱི། དགེ་སློང་འདི་དག་ནི་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཤ་སྟག་ཡིན་ན། ཅིའི་ཕྱིར་འདི་དག་ལ་གསོལ་བ་མི་འདེབས། དེས་སྨྲས་པ། འཕགས་པ་དག་བདག་

གིས་བཟློག་གམ་ཅི་ན་ཁྱེད་ཅིའི་ཕྱིར་ཆོས་མི་སྟོན། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་རྒན་ཞུགས་འདི་བདག་ཅག་དང་མི་མཐུན་པར་བྱེད་ཀྱིས་གནས་ནས་དབྱུང་བའི་ལས་བྱའོ། །དེས་བསམས་པ། གལ་ཏེ་བདག་ལ་གནས་ནས་དབྱུང་བའི་ལས་བྱས་ན་ཀླུའི་

གནས་སུ་ཡང་སྐབས་མི་རྙེད་དོ་སྙམ་ནས་དེས་དེ་དག་ཉལ་བ་དང་གཙུག་ལག་ཁང་དེ་ཡང་མི་སྣང་བར་བྱས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་དག་བྱེ་མའི་ཐང་ལ་ཉལ་ཞིང་འཁོད་འཁོད་ནས་སྨྲས་པ། དགའ་བོ་ཉེ་དགའ་ལོངས་ལ་སེང་གེའི་ཁྲི་ཤོམས་ཤིག་དང་ཆོས་བསྟན་པར་

བྱའོ། །དེ་དག་གིས་ཇི་ཙམ་ན་བདག་ཅག་བྱེ་མའི་ཐང་ལ་ཉལ་བ་མཐོང་ནས་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ལ་མངོན་པར་དད་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱེད་པ་ཞིག་བདག་ཅག་གིས་ཐོ་བཙམས་ནས་གཙུག་ལག་ཁང་མི་སྣང་

བར་བྱས་ཏེ་སོང་བ་དེ་ལྷའམ། ཀླུ་འམ། གནོད་སྦྱིན་ནམ། སུ་ཡིན་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཆོས་སྨྲ་བ་དེ་ནི་སྤྲུལ་པ་གང་ཡིན་པ་དེ་ཉིད་ཡིན་

Vol. 1 · folio 100b

ཏེ། གལ་ཏེ་དགེ་སློང་དྲུག་སྡེ་དག་གིས་ཐོ་བཙམས་པར་མ་གྱུར་ན་བསྟན་པ་མཐར་ཐུག་གི་བར་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་མཆོད་པ་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་

མ་གསོལ་བར་ཆོས་སྟོན་པར་བྱེད་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་མ་གསོལ་བར་ཆོས་བསྟན་པར་མི་བྱའོ། །དགེ་སློང་མ་གསོལ་བར་ཆོས་སྟོན་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེའི་ངོར་མགྲོན་དུ་བོས་པ་ལ་ནི་ལྟུང་བ་མེད་དོ། །

མཉན་ཡོད་ན་ཁྱིམ་བདག་སངས་རྒྱས་འཚོ་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གདུལ་བ་ལ་

ལྟོས་པས་དེའི་ཁྱིམ་དུ་སོང་སྟེ། དེས་ཁྱིམ་བདག་དེ་ཆུང་མ་དང་བཅས་པ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་བཞག་གོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སེམས་ཅན་དེ་ངེས་པར་

སྐལ་བ་དང་ལྡན་པ་ཉིད་དུ་ཤེས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མེད་པར་དེའི་ཁྱིམ་དུ་སོང་བ་དང་ཁྱིམ་བདག་དེས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ཅི་འཕགས་པ་ལ་སླད་བཞིན་འབྲང་བའི་དགེ་སྦྱོང་མ་མཆིས་སམ། དེས་སྨྲས་པ། ཁྱིམ་བདག་ཅི་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་

སྦྱོང་རྩྭ་ཀ་ཤའི་བྱིངས་སམ། ཀུ་ཤའི་བྱིངས་ནས་འབྱུང་བར་འགྱུར་རམ། འདི་ལྟར་ཁྱོད་ལྟ་བུ་དག་ལས་ཐོབ་པ་གང་དག་ཡིན་པ་དེ་དག་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་འགྱུར་རོ། །ཁྱིམ་བདག་སངས་རྒྱས་འཚོས་སྨྲས་པ། འཕགས་པ་བདག་གི་མཆིས་འབྲང་འདི་

ལ་སེམས་ཅན་ཞིག་ཞུགས་པར་གྱུར་གྱིས། གལ་ཏེ་བུ་ཕོ་ཞིག་བཙས་པར་གྱུར་ན་དེ་བདག་གིས་འཕགས་པའི་སླད་བཞིན་འབྲང་བའི་དགེ་སྦྱོང་དུ་འབུལ་ལོ། །དེས་སྨྲས་པ། ཁྱིམ་བདག་ཐབས་ཡིན་ནོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་ཁྱེའུ་གཟུགས་བཟང་བ། བལྟ་ན་

Vol. 1 · folio 101a

སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ་ཞིག་བཙས་སོ། །བཙས་ནས་དེའི་ཉེ་དུ་དག་འདུས་ཤིང་

ལྷགས་ནས་དེ་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །གཞན་དག་གིས་སྨྲས་པ། ཁྱེའུ་འདི་སངས་རྒྱས་འཚོའི་བུ་ཡིན་པས་ཁྱེའུ་འི་མིང་དགེ་འདུན་འཚོར་གདགས་སོ་ཞེས་དེའི་

མིང་དགེ་འདུན་འཚོ་ཞེས་བྱ་བར་བཏགས་སོ། །དེ་དག་གིས་ཁྱེའུ་དགེ་འདུན་འཚོ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་གུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་

མྱུར་དུ་སྐྱེད་པར་བྱེད་དོ། །གང་ཁོ་ནའི་ཉིན་མོ་དགེ་འདུན་འཚོ་བཙས་པ་དེ་ཁོ་ནའི་ཉིན་མོ་ཚོང་པ་ལྔ་བརྒྱ་དག་གི་བུ་དག་ཀྱང་བཙས་ཏེ། དེ་དག་ཀྱང་རིགས་དང་མཐུན་པའི་མིང་དག་བཏགས་སོ། །གང་གི་ཚེ་ཁྱེའུ་དགེ་འདུན་འཚོ་ཆེན་པོར་གྱུར་པ་དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་

རིའི་བུས་དེ་རབ་ཏུ་དབྱུང་བའི་དུས་ཤེས་ནས་གདུལ་བ་ལ་ལྟོས་པས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མེད་པར་གཅིག་པུ་དེའི་ཁྱིམ་དུ་སོང་བ་དང་ཁྱིམ་བདག་སངས་རྒྱས་འཚོས་རྐང་པ་ལ་ཕྱག་འཚལ་ཏེ་སྟན་བཏིང་བ་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་འདུག་གོ། །འདུག་ནས་ཀྱང་ཁྱིམ་

བདག་སངས་རྒྱས་འཚོ་ལ་བརྡ་བྱ་བར་བརྩམས་སོ། །དེ་ནས་ཁྱིམ་བདག་སངས་རྒྱས་འཚོས་དགེ་འདུན་འཚོ་ལ་སྨྲས་པ། བུ་ཁོ་བོས་ཁྱོད་མའི་རུམ་ན་འདུག་ཅིང་མ་བཙས་པ་ཉིད་ནས་འཕགས་པ་ཤཱ་རིའི་བུ་ལ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་ཕུལ་གྱིས་ཁྱོད་སོང་ལ་འདི་ལ་

བསྙེན་བཀུར་གྱིས་ཤིག །དེ་སེམས་ཅན་སྲིད་པ་ཐ་མ་པ་ཡིན་པས་འཛུམ་སྔོན་དུ་བཏང་སྟེ། འཇིགས་པ་མེད་ཅིང་བཞིན་ཉམས་པ་མེད་པ་དང་། དམན་པ་མེད་པས་དེ་ལྟར་བགྱིའོ་ཞེས་ཁས་བླངས་ནས་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་ངོ་། །དེ་ནས་

Vol. 1 · folio 101b

ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཀུན་དུ་སྤྱོད་པའི་ཆོས་དག་བསླབས་ཏེ་ལུང་བཞི་ཀློག་ཏུ་བཅུག་གོ། །ཇི་ཙམ་དུས་གཞན་ཞིག་ན། ཚོང་པ་ལྔ་བརྒྱ་པོ་དག་གི་བུ་ལྔ་བརྒྱ་པོ་དེ་དག་གིས་ཕན་ཚུན་གྲོས་བྱས་ཏེ་རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་སྟ་གོན་བྱས་ནས་རྒྱ་མཚོ་ཆེན་

པོར་འཕགས་པ་དང་། དེ་དག་འདི་སྙམ་སེམས་ཏེ། ཤེས་ལྡན་དག་རྒྱ་མཚོ་ཆེན་པོ་ནི་འཇིགས་པ་དུ་མས་ཀུན་དུ་གང་བ་ཡིན་པས་བདག་ཅག་གིས་གང་བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་རྣམས་ལ་ཆོས་སྟོན་པར་འགྱུར་བའི་འཕགས་པ་འགའ་ཞིག་གཤེགས་སུ་གསོལ་ན། དེས་

བདག་ཅག་བདེ་ལེགས་སུ་འགྱུར་སྙམ་ནས། དེ་དག་གིས་དཔྱད་པར་བརྩམས་ཏེ་སྨྲས་པ། སུ་གཤེགས་སུ་གསོལ། གཞན་དག་གིས་སྨྲས་པ། ཤེས་ལྡན་དག་འཕགས་པ་དགེ་འདུན་འཚོ་འདི་བདག་ཅག་གི་ནེའུ་ལྡངས་ལྷན་ཅིག་སྐྱེས་པས་རྡུལ་ལ་ལྷན་ཅིག་རྩེ་རྩེ་

བ་ཡིན་པས་བདག་ཅག་གིས་འདི་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་དེའི་གན་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། འཕགས་པ་དགེ་འདུན་འཚོ་བདག་ཅག་གི་ནེའུ་ལྡངས་ལྷན་ཅིག་སྐྱེས་པ་ས་རྡུལ་ལ་ལྷན་ཅིག་རྩེ་རྩེ་བ་ལགས་ཏེ། བདག་ཅག་ནི་རྒྱ་

མཚོ་ཆེན་པོར་འཕགས་ན་རྒྱ་མཚོ་ཆེན་པོ་ནི་འཇིགས་པ་དུ་མས་ཀུན་དུ་གང་བ་ལགས་པས་འཕགས་པས་བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པ་རྣམས་ལ་ཆོས་བསྟན་ན་དེས་བདག་ཅག་བདེ་ལེགས་སུ་འགྱུར་བ་ལགས་ཀྱིས། དེའི་སླད་དུ་འཕགས་པ་བདག་ཅག་དང་ཐབས་ཅིག་རྒྱ་

མཚོ་ཆེན་པོར་གཤེགས་པར་གསོལ། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ལ་རང་དབང་མེད་ཀྱིས་དེང་ལ་མཁན་པོ་ལ་ཞུས་ཤིག །དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་

ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་མཁྱེན་པར་མཛོད་ཅིག །འཕགས་པ་དགེ་འདུན་འཚོ་འདི་བདག་ཅག་གི་ནེའུ་ལྡངས་ལྷན་ཅིག་སྐྱེས་པ་ས་རྡུལ་ལ་ལྷན་ཅིག་རྩེ་རྩེ་བ་ལགས་ཏེ། བདག་ཅག་ནི་རྒྱ་མཚོ་ཆེན་པོར་འཕགས་ན་རྒྱ་མཚོ་ཆེན་པོ་ནི་

Vol. 1 · folio 102a

འཇིགས་པ་དུ་མས་ཀུན་དུ་གང་བ་ལགས་པས་འཕགས་པ་དགེ་འདུན་འཚོས་བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པ་རྣམས་ལ་ཆོས་བསྟན་ན་དེས་བདག་ཅག་བདེ་ལེགས་སུ་འགྱུར་ལགས་ཀྱིས། དེའི་སླད་དུ་འཕགས་པ་དགེ་འདུན་འཚོ་བདག་ཅག་དང་

ཐབས་ཅིག་རྒྱ་མཚོ་ཆེན་པོར་གཏང་བར་གསོལ། དེས་སྨྲས་པ། བཅོམ་ལྡན་འདས་ཉིད་ལ་ཞུས་ཤིག་དང་ཁོ་བོས་ཟློག་པར་མི་བྱེད་དོ། །དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཁྱེན་པར་མཛད་དུ་གསོལ། འཕགས་པ་དགེ་འདུན་འཚོ་འདི་བདག་ཅག་གི་ནེའུ་ལྡངས་ལྷན་ཅིག་སྐྱེས་པ་ས་རྡུལ་ལ་ལྷན་ཅིག་རྩེ་རྩེ་བ་ལགས་ཏེ། བདག་ཅག་ནི་རྒྱ་མཚོ་ཆེན་པོར་འཕགས་ན་རྒྱ་མཚོ་ཆེན་

པོ་ནི་འཇིགས་པ་དུ་མས་ཀུན་དུ་གང་བ་ལགས་པས་འཕགས་པ་དགེ་འདུན་འཚོས་བདག་ཅག་རྒྱ་མཚོ་ཆེན་པོར་མཆིས་པ་རྣམས་ལ་ཆོས་བསྟན་ན་དེས་བདག་ཅག་བདེ་ལེགས་སུ་འགྱུར་བ་ལགས་ཀྱིས། དེའི་སླད་དུ་འཕགས་པ་དགེ་འདུན་འཚོ་བདག་ཅག་དང་ཐབས་ཅིག་རྒྱ་མཚོ་

ཆེན་པོར་གཏང་བར་གསོལ། བཅོམ་ལྡན་འདས་ཀྱིས་དགོངས་པ། ཅི་ཚོང་པ་འདི་དག་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ། འོན་ཏེ་མེད་སྙམ་ན་ཡོད་པར་གཟིགས་སོ། །སུ་ལ་རག་ལུས་སྙམ་ནས་དགེ་སློང་དགེ་འདུན་འཚོ་ལ་རག་ལུས་པར་གཟིགས་ནས། དེ་

ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགེ་འདུན་འཚོ་ལ་བཀའ་སྩལ་པ། དགེ་འདུན་འཚོ་ཁྱོད་རྒྱ་མཚོ་ཆེན་པོར་འཇུག་ཏུ་སོང་ལ་ཁྱོད་ཀྱིས་འཇིགས་པ་དང་འཇིགས་སུ་རུང་བ་དག་བཟོད་པར་གྱིས་ཤིག །ཚེ་དང་ལྡན་པ་དགེ་འདུན་འཚོས་བཅོམ་ལྡན་འདས་ལ་ཅང་མི་སྨྲ་བར་

དང་དུ་བླངས་སོ། །དེ་ནས་ཚོང་པ་ལྔ་བརྒྱ་པོ་དེ་དག་ཚེ་དང་ལྡན་པ་དགེ་འདུན་འཚོ་དང་ལྷན་ཅིག་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ། ཤིང་རྟ་དག་དང་། ཁུར་དག་དང་། སྤྱད་དག་དང་། གླེ་བ་དག་དང་། རྔ་མོ་དག་དང་། བ་ལང་

Vol. 1 · folio 102b

དག་དང་། བོང་བུ་དག་གིས་རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་ཁྱེར་ཏེ། རྒྱ་མཚོ་ཆེན་པོར་འཕགས་ནས་མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། ཚོང་རྡལ་དག་ཏུ་རྣམ་པར་རྒྱུ་བ་ན་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ནས་དེ་དག་

གིས་ལམ་གིས་དུབ་པ་བསལ་ཏེ། ཟོང་རྙིང་པ་ལྔ་བརྒྱས་གྲུ་བོ་ཆེ་སྦྱར་ནས་ཞོ་ཤས་འཚོ་བ་ལྔ་བརྒྱ་པོ་སྟོབས་པར་བྱེད་པ་དང་། སེལ་བར་བྱེད་པ་དང་། རྐྱལ་ཆེན་དང་། གྲུ་པ་དང་། རླུང་ཡོར་ཐོགས་པ་དག་ཁྲིད་དེ། ལན་གསུམ་དྲིལ་བསྒྲགས་ནས་ནོར་བསྒྲུབ་པའི་ཕྱིར་

རྒྱ་མཚོ་ཆེན་པོར་ཞུགས་སོ། །ཇི་ཙམ་ན་དེ་དག་རྒྱ་མཚོ་ཆེན་པོར་དོང་བ་དག་གི་གྲུ་བོ་ཆེ་དེ་ཀླུ་རྣམས་ཀྱིས་བཟུང་ནས་དེ་དག་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་ལ་རྒྱ་མཚོ་ཆེན་པོ་འདི་ན་ལྷའམ། ཀླུའམ། གནོད་

སྦྱིན་ནམ། དྲི་ཟའམ། གང་གནས་པ་དེ་བདག་ཅག་ལ་ཅི་འདོད་པ་སྨྲ་བར་གྱུར་ཅིག་ཅེས་གསོལ་བ་གདབ་པར་བརྩམས་པ་དང་། དེ་ནས་རྒྱ་མཚོ་ཆེན་པོ་ནས་འཕགས་པ་དགེ་འདུན་འཚོ་ངེད་ལ་བྱིན་ཅིག་ཅེས་སྒྲ་ཕྱུང་ངོ་། །དེ་དག་གིས་སྨྲས་པ། འཕགས་པ་དགེ་

འདུན་འཚོ་ནི་བདག་ཅག་གི་ནེའུ་ལྡངས་ལྷན་ཅིག་སྐྱེས་པ་ས་རྡུལ་ལ་ལྷན་ཅིག་རྩེ་རྩེ་བ། བཅོམ་ལྡན་འདས་དང་བཙུན་པ་ཤཱ་རིའི་བུས་བདག་ཅག་ལ་གནང་བ་ཡིན་པས་བདག་ཅག་འདི་དང་ལྷན་ཅིག་འཆི་བ་དང་དུས་བྱེད་པ་ནི་བླའི། འདི་ཡོངས་སུ་གཏང་བར་ནི་མི་བྱའོ། །

ཚེ་དང་ལྡན་པ་དགེ་འདུན་འཚོས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཅི་ཟེར། དེ་དག་གིས་སྨྲས་པ། འཕགས་པ་རྒྱ་མཚོ་ཆེན་པོ་ནས་འཕགས་པ་དགེ་འདུན་འཚོ་ངེད་ལ་བྱིན་ཅིག་ཅེས་སྒྲ་བྱུང་ངོ་། །དེས་སྨྲས་པ། ཅིའི་ཕྱིར་མི་སྦྱིན། དེ་དག་གིས་སྨྲས་པ། འཕགས་

པ་ཁྱོད་ནི་བདག་ཅག་གི་ནེའུ་ལྡངས་ལྷན་ཅིག་སྐྱེས་པ་ས་རྡུལ་ལ་ལྷན་ཅིག་རྩེ་རྩེ་བ། བཅོམ་ལྡན་འདས་དང་། བཙུན་པ་ཤཱ་རིའི་བུས་བདག་ཅག་ལ་གནང་བ་ལགས་པས་བདག་ཅག་ཁྱོད་དང་ཐབས་ཅིག་འགུམ་པ་དང་དུས་བགྱིད་པ་ནི་བླའི། ཁྱོད་ཡོངས་སུ་གཏང་བར་ནི་

Vol. 1 · folio 103a

མི་བགྱིའོ། །ཚེ་དང་ལྡན་པ་དགེ་འདུན་འཚོས་བསམས་པ། བཅོམ་ལྡན་འདས་ཀྱིས་བདག་ལ་དགེ་འདུན་འཚོ་ཁྱོད་རྒྱ་མཚོ་ཆེན་པོར་འཇུག་ཏུ་སོང་ལ་ཁྱོད་ཀྱིས་འཇིགས་པ་དང་འཇིགས་སུ་རུང་བ་དག་བཟོད་པར་གྱིས་ཤིག་ཅེས་བཀའ་སྩལ་པ་གང་ཡིན་པ་དེ་ནི་འདི་

ཡིན་ནོ་སྙམ་ནས། དེས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བདག་ཉིད་རྒྱ་མཚོ་ཆེན་པོར་མཆོང་བར་བརྩམས་པ་དང་། དེ་ནས་ཚོང་པ་དེ་དག་གིས་དེས་དེ་ལྟར་བརྩམས་པ་མཐོང་ནས་སྨྲས་པ། འཕགས་པ་དགེ་འདུན་འཚོ་ཅི་མཛད་ཅི་མཛད། དེ་དེ་དག་དེ་ལྟར་བཟློག་བཞིན་

དུ་རྒྱ་མཚོ་ཆེན་པོར་མཆོངས་པ་དང་། དེ་མ་ཐག་ཁོ་ནར་ཀླུ་རྣམས་ཀྱིས་གྲུ་བོ་ཆེ་དེ་བཏང་ངོ་། །ཚེ་དང་ལྡན་པ་དགེ་འདུན་འཚོ་ཡང་ཀླུ་རྣམས་ཀྱིས་ཁྲིད་དེ་ཀླུའི་གནས་སུ་ཞུགས་སོ། །དེ་ནས་ཀླུ་དེ་རྣམས་ཀླུའི་བུ་མོ་རྣམས་དང་ལྷན་ཅིག་འཛུམ་པ་སྔོན་དུ་བཏང་སྟེ་ཡ་མཚན་སྐྱེས་

ནས་མིག་ཚུགས་སུ་ལྟ་ཞིང་ཚེ་དང་ལྡན་པ་དགེ་འདུན་འཚོ་མཆོད་རྟེན་དེ་དག་ལ་ཕྱག་འཚལ་དུ་གཞུག་པར་བརྩམས་ཏེ་སྨྲས་པ། འཕགས་པ་དགེ་འདུན་འཚོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དྲི་གཙང་ཁང་ལགས་སོ། །འདི་ནི་གཙུག་ཏོར་ཅན་

དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་གི་དྲི་གཙང་ཁང་ལགས་སོ། །འདི་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དྲི་གཙང་ཁང་ལགས་སོ། །དེས་དེ་དག་དང་ལྷན་ཅིག་མཆོད་རྟེན་དག་ལ་ཕྱག་འཚལ་ནས་ཀླུའི་ཚོགས་

ཀྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་ཀླུ་དེ་རྣམས་ཀྱིས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་པ། འཕགས་པ་དགེ་འདུན་འཚོ་ལྷ་དང་མི་རྣམས་ལ་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་། མ་མོ་རབ་ཏུ་གནས་ན། བདག་ཅག་ཀླུ་རྣམས་ནི་མི་ཁོམ་པར་སྐྱེས།

ལོག་པར་ལྟུང་བའི་ལུས་དང་ལྡན་པས། ཀྱེ་མ་འཕགས་པས་བདག་ཅག་ལ་མདོ་སྡེའི་མཐའ་རབ་ཏུ་གནས་པར་མཛད་དུ་གསོལ། དེས་དེ་ལྟར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་སྤྲུལ་པ་དེས་ཀླུ་གཞོན་ནུ་གསུམ་སྤྲོ་བ་བསྐྱེད་ནས་གཅིག་ལ་སྨྲས་པ། རེ་ཞིག་ཁྱོད་ཀྱིས་ནི་

Vol. 1 · folio 103b

ཡང་དག་པར་ལྡན་པ་ལྷོགས་ཤིག །གཉིས་པ་ལ་སྨྲས་པ། ཁྱོད་ཀྱིས་ནི་བར་མ་ལྷོགས་ཤིག །གསུམ་པ་ལ་སྨྲས་པ། ཁྱོད་ཀྱིས་ནི་རིང་པོ་ལྷོགས་ཤིག །ཁོ་བོས་ཀྱང་གཅིག་ལས་འཕྲོས་པའི་ལུང་བརྗོད་པའི་སྐབས་དེ་དག་ཉིད་ལ་གསལ་བར་བྱའོ། །དེ་དག་

གིས་བཀླག་པར་བརྩམས་ནས་དེ་ན་གཅིག་ནི་མིག་བཙུམས་ཏེ་ལུང་ནོད་པར་བྱེད་དོ། །གཉིས་པ་ནི་རྒྱབ་ཀྱིས་ཕྱོགས་ཏེ་ལུང་ནོད་པར་བྱེད་དོ། །གསུམ་པ་ནི་ཐག་རིང་པོར་འདུག་སྟེ་ལུང་ནོད་པར་བྱེད་དོ། །དེ་དག་གི་ནང་ནས་སྤྲུལ་པ་དེ་ཉིད་ནི་སྔོན་གྱི་བག་ཆགས་ཀྱི་ཁྱད་

པར་གྱིས་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་། འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་པས་དེ་ནང་པར་སྔར་ལངས་ཏེ། འཕགས་པ་བཞེངས་ལ་ཚེམས་ཤིང་འོར་ཅིག །བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དང་མཆོད་རྟེན་ལ་ཕྱག་མཛོད་

ཅིག །བཤོས་གསོལ་ཅིག །གཟིམས་མལ་ཤོམས་ཤིག་ཅེས་སྨྲ་བར་བྱེད་དོ། །ཇི་ཙམ་ན་དེ་ཐམས་ཅད་ཀྱིས་རིམ་གྱིས་ལུང་རྣམས་བཀླགས་པ་དང་། སྤྲུལ་པ་དེས་སྨྲས་པ། འཕགས་པ་འདི་དག་གིས་ལུང་རྣམས་བཀླགས་ན་ཅི་འཛིན་ཏམ་འོན་ཏེ་མི་འཛིན།

དེས་སྨྲས་པ། འདི་དག་དྲན་པ་དང་ལྡན་པས་འཛིན་པར་ནི་འགྱུར་ན་འདི་ལྟར་འདི་དག་ལ་ཉེས་པ་ཡོད་དོ། །དེས་སྨྲས་པ། འཕགས་པ་ནོངས་པ་ཅི་མཆིས། འདི་དག་ཐམས་ཅད་གུས་པ་མེད་པ་དང་ཞེ་ས་མེད་པ་ཡིན་ཏེ། རེ་ཞིག་གཅིག་ནི་མིག་བཙུམས་ཏེ་ལུང་ནོད་

པར་བྱེད། གཉིས་པ་ནི་རྒྱབ་ཀྱིས་ཕྱོགས་ཏེ་ལུང་ནོད་པར་བྱེད། གསུམ་པ་ནི་ཐག་རིང་པོར་འདུག་སྟེ་ལུང་ནོད་པར་བྱེད་དོ། །ཁྱོད་འབའ་ཞིག་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་ནོ། །དེས་སྨྲས་པ།

འཕགས་པ་དེ་དག་ནི་གུས་པ་མ་མཆིས་པ་དང་། ཞེས་མ་མཆིས་པ་མ་ལགས་ཏེ། རེ་ཞིག་མིག་བཙུམས་ཏེ་ལུང་ནོད་པ་གང་ལགས་པ་ནི་མིག་གདུག་པ་ལགས་སོ། །རྒྱབ་ཀྱིས་ཕྱོགས་ཏེ་ལུང་ནོད་པ་གང་ལགས་པ་ནི་དབུགས་གདུག་པ་ལགས་སོ། །ཐག་རིང་པོར་མཆིས་

Vol. 1 · folio 104a

ཏེ་ལུང་ནོད་པ་གང་ལགས་པ་དེ་ནི་རེག་པ་གདུག་པ་ལགས་སོ། །བདག་གཅིག་པུ་ནི་མཆེ་བ་གདུག་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་དགེ་འདུན་འཚོ་སྐྲག་ནས་བསམས་པ། བདག་ཁོ་བོ་དགྲ་བོ་རྣམས་ཀྱི་ནང་ན་འདུག་པ་ལྟ་སྙམ་ནས། དེ་སྐྱ་བོ་

བསེང་བསེང་པོ། རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་སྐམ་པ་དང་ལུས་མ་ཐོབ་པར་གྱུར་ཏོ། །ཀླུ་སྤྲུལ་པས་སྨྲས་པ། འཕགས་པ་ཁྱོད་ཅིའི་སླད་དུ་སྐྱ་བོ་བསེང་བསེང་པོ། །རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་

གྱུར། དེས་སྨྲས་པ། ཁོ་བོ་ནི་དགྲ་བོ་རྣམས་ཀྱི་ནང་ན་འདུག་སྟེ་གང་གི་ཚེ་ཁྱེད་ཅག་ལས་གང་ཡང་རུང་བ་ཞིག་འཁྲུགས་པར་གྱུར་པ་དེའི་ཚེ་ན་ཁོ་བོ་མིང་ཙམ་ཞིག་ལུས་པར་འགྱུར་རོ། །དེས་སྨྲས་པ། བདག་ཅག་འཕགས་པ་ལ་གནོད་པ་མི་བགྱིད་དེ། འདི་ལྟར་

འཕགས་པ་སླར་འཛམ་བུའི་གླིང་དུ་གཤེགས་བཞེད་དམ་ཅི། དེས་སྨྲས་པ། བཞིན་བཟངས་ཁོ་བོ་འདི་ན་དགའ་བ་མེད་པས་འགྲོ་འདོད་དོ། །དེ་ནས་ཀླུ་དེ་རྣམས་ཀྱིས་ཕན་ཚུན་གྲོས་བྱས་ཏེ། གང་གི་ཚེ་གྲུ་བོ་ཆེ་དེ་ཕྱོགས་དེར་འོངས་པ་དེའི་ཚེ་ན་འཕགས་པ་དགེ་འདུན་

འཚོ་བཏེག་སྟེ་གྲུ་བོ་ཆེའི་ནང་དུ་བཞག་གོ། །དེ་ནས་ཚོང་པ་དེ་དག་འཛུམ་པ་སྔོན་དུ་བཏང་སྟེ་ཡ་མཚན་སྐྱེས་ནས་མིག་ཚུགས་སུ་ལྟ་ཞིང་སྨྲས་པ། འཕགས་པ་དགེ་འདུན་འཚོ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་དེས་སྨྲས་པ། ཤེས་ལྡན་དག་ཁོ་བོས་ནི་ཀླུའི་

གནས་སུ་ཀླུ་རྣམས་ལ་ལུང་བཞི་པོ་དག་རབ་ཏུ་གནས་པར་བྱས་ཀྱིས་རྗེས་སུ་ཡི་རང་བར་གྱིས་ཤིག །དེ་དག་གིས་སྨྲས་པ། འཕགས་པ་འདི་ལྟ་སྟེ། གཞན་ལ་ཕན་འདོགས་པ་འདི་ནི་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་བས་བགྱི་བ་ལགས་ཏེ་རྗེས་སུ་ཡི་རང་ངོ་། །དེ་

ནས་ཚོང་པ་དེ་དག་ཚེ་དང་ལྡན་པ་དགེ་འདུན་འཚོ་དང་ལྷན་ཅིག་ཚོགས་ཤིང་ཀུན་དགའ་བཞིན་དུ་མཐར་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏོ། །ཇི་ཙམ་ན་ཐམས་ཅད་ངལ་ཞིང་དུབ་པས་གཉིད་ལོག་པ་ན་ཚེ་དང་ལྡན་པ་དགེ་འདུན་འཚོ་ཡང་རྒྱ་མཚོ་ཆེན་པོ་ལ་བལྟ་བར་བརྩམས་སོ། །

Vol. 1 · folio 104b

བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྔ་པོ་འདི་དག་ནི་བལྟ་བས་ཆོག་མི་ཤེས་ཤིང་མཐོང་ན་མི་མཐུན་པ་མེད་པ་ཡིན་ཏེ། ལྔ་གང་ཞེ་ན། དགེ་སློང་དག་གླང་པོ་ཆེ་ཅང་ཤེས་གཞོན་ཤ་ཅན་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱ་མཚོ་དུག་ཅན་པ་དང་། རིའི་རྒྱལ་

རྒྱལ་པོ་རི་རབ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བལྟ་བས་ཆོག་མི་ཤེས་ཤིང་མཐོང་ན་མི་མཐུན་པ་མེད་པ་ཡིན་ནོ་ཞེས་གསུངས་པས། དེ་ཡུན་རིང་དུ་རྒྱ་མཚོ་ཆེན་པོ་ལ་ལྟ་བ་ན་དུབ་པས་ཐོ་རངས་གཉིད་སྟུག་པོས་ནོན་ཏོ། །

དེ་ནས་ཚོང་པ་དེ་དག་ཁལ་དག་བཀལ་ཏེ་འཕགས་ནས་མཚན་མོ་ནམ་ནངས་པ་ན་ཚེ་དང་ལྡན་པ་དགེ་འདུན་འཚོ་མི་སྣང་ནས། དེ་དག་བརྟད་ཅིང་ཤེས་ལྡན་དག་འཕགས་པ་དགེ་འདུན་འཚོ་ག་རེ་ཞེས་ཕན་ཚུན་དུ་བལྟ་བར་བརྩམས་པ་དང་། དེ་ན་ཁ་ཅིག་ན་རེ་མདུན་དུ་སོང་ངོ་

ཞེས་ཟེར་རོ། །ཁ་ཅིག་ན་རེ་ཕྱི་བཞིན་འོང་ངོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དབུས་ནས་འགྲོའོ་ཞེས་ཟེར་རོ། །དེ་དག་རྣམ་པ་ཐམས་ཅད་དུ་ཀུན་དུ་ཚོལ་བ་ན་ཡི་ཆད་པར་གྱུར་ཅིང་མ་མཐོང་ངོ་། །དེ་ནས་དེ་དག་བཞིན་ཉམས་ཤིང་དམན་པར་གྱུར་ཏེ་སྨྲས་པ། ཤེས་

ལྡན་དག་བདག་ཅག་གིས་འཕགས་པ་དགེ་འདུན་འཚོ་བོར་བ་མ་ལེགས་པ་བྱས་ཀྱིས་ཕྱིར་ལྡོག་པར་བྱའོ། །ཡང་བསམས་པ། འཕགས་པ་དགེ་འདུན་འཚོ་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཡིན་པས་འདི་ལྟར་རྒྱ་མཚོ་ཆེན་པོར་ཡང་དུས་ལ་མ་བབ་ན་དེ་ད་ལྟ་སྐམ་ལ་ཕྱིན་ན་དུས་ལ་

བབ་པར་ག་ལ་འགྱུར། དེ་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཡིན་པས་དེ་ཆེས་སྔོན་དུ་སོང་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་དོ་སྙམ་ནས་སྨྲས་པ། ཤེས་ལྡན་དག་ཚུར་ཤེག་འདོང་ཞེས་དེ་དག་འཕགས་སོ། །ཚེ་དང་ལྡན་པ་དགེ་འདུན་འཚོ་ཡང་བྱེ་མའི་ཐང་སྟོང་པ་ལ་ཉི་མ་

འཆར་བའི་དུས་ཀྱི་ཚེ་ཉི་མའི་འོད་ཟེར་དག་གིས་ཕོག་ནས་སད་པ་དང་། ཇི་ཙམ་ན་ཅི་ཡང་མི་སྣང་ནས་དེས་བསམས་པ། ཚོང་པ་དེ་དག་ནི་དོང་ན་ད་ཇི་ལྟར་བྱ། གར་བབ་བབ་ཏུ་འགྲོའོ་སྙམ་མོ། །ཚེ་དང་ལྡན་པ་དེ་སྙིང་སྟོབས་ཆེ་བས་སོང་བ་དང་ལམ་མི་སྣང་ནས་དེས་

Vol. 1 · folio 105a

ཕན་ཚུན་བཙལ་ནས་ལམ་སྲང་ཞིག་མཐོང་ནས་དེ་དེར་ཞུགས་པ་དང་། ཇི་ཙམ་ན་ས་ལའི་དགོན་པ་ཞིག་ན་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། མཐོངས་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་

འཕྲོག་པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང་ཁྲིའུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ། ཤིང་ལྗོན་པ་སྣ་ཚོགས་ཀྱིས་བསྐོར་བ། རྫིང་བུ་དང་མཚེའུས་ཉེ་བར་མཛེས་པར་བྱས་པ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཚོ་དང་།

རི་སྐེགས་དང་། ཁུ་བྱུག་མངོན་པར་སྒྲ་འབྱིན་པ། ལྷའི་གནས་ལྟར་དཔལ་གྱིས་འབར་བ་ཞིག་དང་། དེ་ན་དགེ་སློང་ལེགས་པར་བགོས་ཤིང་ལེགས་པར་སྦྱངས་པ། སྤྱོད་ལམ་ཞི་བས་གནས་པ་དག་མཐོང་ནས་གུས་པ་དང་བཅས་པས་དེ་དག་གི་གན་དུ་སོང་ངོ་། །དེ་ནས་

དེ་དག་གུས་པར་སྒྲིམ་པ་དང་བཅས་པས་དེ་ལ་སྨྲས་པ། བཙུན་པ་དགེ་འདུན་འཚོ་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ་ཁྱོད་ད་གཟོད་ག་ལས་བྱོན། དེས་ཇི་ལྟར་གྱུར་པ་ཐམས་ཅད་བརྗོད་པ་དང་། དེ་ནས་དེ་དག་གིས་ངལ་སོར་བཅུག་སྟེ། ལམ་གྱི་དུབ་པ་བསལ་ནས་གཙུག་

ལག་ཁང་དུ་ཁྲིད་དོ། །ཇི་ཙམ་ན་སྟན་བཟང་པོ་བཤམས་པ་དང་། ཁ་ཟས་བསོད་པའི་སྤྱི་བུངས་བཤམས་པ་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་དགེ་འདུན་འཚོ་མི་སྐྱེམས་སམ། མི་སྦྲེབས་སམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་སྐོམ་མོ། །

བཀྲེས་སོ། །དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་གསོལ་ཅིག །དེས་སྨྲས་པ། དགེ་འདུན་གྱི་ནང་དུ་བཟའོ། །དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་ཁྱོད་ཤུལ་གྱིས་དུབ་པ་ལགས་ཀྱིས་ད་གསོལ་ཅིག །སླད་ཀྱིས་འདིར་ཉེས་དམིགས་

འབྱུང་བར་འགྱུར་རོ། །དེས་ཉེས་དམིགས་མཐོང་བས་ཟོས་ནས་མཐའ་གཅིག་ཏུ་སོང་སྟེ་འདུག་གོ། །ཇི་ཙམ་ན་དེ་དག་དྲོ་ལ་བབ་སྟེ། གཎྜཱི་བརྡུངས་པ་ན་རང་རང་གི་ལྷུང་བཟེད་ཐོགས་ཏེ་གྲལ་རིམས་བཞིན་འཁོད་དོ། །དེ་དག་འཁོད་པ་དང་གཙུག་ལག་ཁང་དེ་ཡང་མི་སྣང་བར་གྱུར་

Vol. 1 · folio 105b

ཅིང་དེ་དག་གི་རང་རང་གི་ལྷུང་བཟེད་ཀྱང་ལྕགས་ཀྱི་ཐོ་བ་རྣམ་པ་སྣ་ཚོགས་སུ་གྱུར་ཏོ། །དེ་ནས་དེ་དག་ཇི་སྲིད་དུ་དྲོ་མ་ཡོལ་གྱི་བར་དུ་ལྕགས་ཀྱི་ཐོ་བ་དེ་དག་གིས་ཕན་ཚུན་གླད་པ་བཅོམ་ནས་དེ་དག་གླད་པ་ཞོམ་ཞིང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ཉམ་ཐག་པའི་སྐད་འབྱིན་ཏོ། །

ཇི་ཙམ་ན་དྲོ་ཡོལ་བ་དང་གཙུག་ལག་ཁང་དེ་ཡང་དེ་ཁོ་ན་བཞིན་དུ་ཕྱིར་བྱུང་ཞིང་དགེ་སློང་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་སྤྱོད་ལམ་ཞི་བས་གནས་སོ། །དེ་ནས་ཚེ་དང་ལྡན་པ་དགེ་འདུན་འཚོ་དེ་དག་གི་གན་དུ་སོང་སྟེ་དྲིས་པ། ཚེ་དང་ལྡན་པ་དག་ཁྱེད་སུ་ཡིན། ལས་གང་གིས་འདིར་

སྐྱེས། དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་འཛམ་བུའི་གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཁྱེད་ཡིད་ཆེས་པར་མི་འགྱུར་རོ། །དེས་སྨྲས་པ། ཁོ་བོས་མངོན་སུམ་ཁོ་ནར་མཐོང་ན་ཅིའི་ཕྱིར་ཡིད་ཆེས་པར་མི་འགྱུར། དེ་དག་གིས་སྨྲས་པ། བཙུན་

པ་དགེ་འདུན་འཚོ་བདག་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཉན་ཐོས་སུ་གྱུར་ཏེ། ཇི་ཙམ་ན་བདག་ཅག་གིས་ཟན་གྱི་གྲལ་དུ་འཐབ་མོ་བགྱིས་པས་ལས་དེའི་རྣམ་པར་སྨིན་པས་བདག་ཅག་ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་ཏེ། བདག་

ཅག་འདི་ནས་ཤི་འཕོས་པ་དག་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་ཀྱང་མཆིས་པར་འགྱུར་རོ། །བཙུན་པ་དགེ་འདུན་འཚོ་དེའི་སླད་དུ་འཛམ་བུའི་གླིང་དུ་གཤེགས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚེ་དང་ལྡན་པ་

དག་འདི་ལྟ་སྟེ། དཔེར་ན་འོད་སྲུང་གི་དགེ་སློང་དག་ལྟར་ཟན་གྱི་གྲལ་དུ་ཐབ་མོ་མ་བྱེད་ཅིག །སྡུག་བསྔལ་གྱི་ཚོགས་དེ་ལྟ་བུའི་སྐལ་བ་ཅན་དུ་འགྱུར་བར་མ་བྱེད་ཅིག་ཅེས་དོན་འདི་རྒྱ་ཆེར་བརྗོད་ན་ལེགས་སོ། །དེས་དེ་ལྟར་བྱའོ་ཞེས་ཁས་བླངས་ཏེ་སོང་ངོ་། །ཇི་ཙམ་ན་

དེ་ཁོ་ན་བཞིན་དུ་ས་ལའི་དགོན་པ་ཞིག་ན་གཙུག་ལག་ཁང་གཉིས་པ་རྟ་བབས་མཐོན་པོ་དང་ལྡན་པ། མཐོངས་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང་ཁྲིའུ་དང་ཡོ་བྱད་

Vol. 1 · folio 106a

ཕུན་སུམ་ཚོགས་པ་དང་ལྡན་པ། ཤིང་ལྗོན་པ་སྣ་ཚོགས་ཀྱིས་བསྐོར་བ། རྫིང་བུ་དང་མཚེའུས་ཉེ་བར་མཛེས་པར་བྱས་པ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དག་མངོན་པར་སྒྲ་འབྱིན་པ། ལྷའི་

གནས་ལྟར་དཔལ་གྱིས་འབར་བ་ཞིག་དང་། དེ་ན་དགེ་སློང་ལེགས་པར་བགོས་ཤིང་ལེགས་པར་སྦྱངས་པ། སྤྱོད་ལམ་ཞི་བས་གནས་པ་དག་མཐོང་ནས་གུས་པ་དང་བཅས་པས་དེ་དག་གི་གན་དུ་སོང་ངོ་། །དེ་ནས་དེ་དག་གིས་གུས་པ་དང་སྒྲིམ་པ་དང་བཅས་པས་དེ་ལ་སྨྲས་

པ། བཙུན་པ་དགེ་འདུན་འཚོ་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་བྱོན། དེས་ཇི་ལྟར་གྱུར་པ་ཐམས་ཅད་བརྗོད་པ་དང་། དེ་ནས་དེ་དག་གིས་ངལ་སོར་བཅུག་སྟེ། ལམ་གྱིས་དུབ་པ་བསལ་ནས་གཙུག་ལག་ཁང་དུ་ཁྲིད་དོ། །ཇི་ཙམ་

ན་སྟན་བཟང་པོ་བཤམས་པ་དང་། ཁ་ཟས་བསོད་པའི་སྤྱི་བུངས་བཤམས་པ་དག་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་དགེ་འདུན་འཚོ་མི་སྐྱེམས་སམ། མི་སྦྲེབས་སམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་སྐོམ་མོ། །བཀྲེས་སོ། །དེ་དག་གིས་སྨྲས་

པ། བཙུན་པ་དགེ་འདུན་འཚོ་གསོལ་ཅིག །དེས་སྨྲས་པ། དགེ་འདུན་གྱི་ནང་དུ་བཟའོ། །དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་ཁྱོད་ཤུལ་གྱིས་མཉེལ་བ་ལགས་ཀྱིས་ད་གསོལ་ཅིག །སླད་ཀྱིས་འདིར་ཉེས་དམིགས་འབྱུང་བར་འགྱུར་རོ། །དེས་ཉེས་

དམིགས་མཐོང་བས་ཟོས་ནས་མཐའ་གཅིག་ཏུ་སོང་སྟེ་འདུག་གོ། །ཇི་ཙམ་ན་དེ་དག་དྲོ་ལ་བབ་སྟེ་གཎྜཱི་བརྡུངས་པ་ན་རང་རང་གི་ལྷུང་བཟེད་ཐོགས་ཏེ་གྲལ་རིམས་བཞིན་དུ་འཁོད་དོ། །དེ་དག་འཁོད་པ་དང་གཙུག་ལག་ཁང་དེ་ཡང་མི་སྣང་བར་གྱུར་ཅིང་བཟའ་བ་དང་བཏུང་བ་དེ་དག་

ཀྱང་ལྕགས་ཁུ་དག་ཏུ་གྱུར་ཏོ། །དེ་ནས་དེ་དག་ཇི་སྲིད་དྲོ་མ་ཡོལ་གྱི་བར་དུ་ལྕགས་ཁུ་དེ་དག་གིས་ཕན་ཚུན་གཏོར་ནས་དེ་དག་ལུས་ཚིག་ཅིང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ཉམ་ཐག་པའི་སྐད་འབྱིན་ཏོ། །ཇི་ཙམ་ན་དྲོ་ཡོལ་བ་དང་གཙུག་ལག་ཁང་དེ་ཡང་དེ་ཁོ་ན་བཞིན་དུ་ཕྱིར་

Vol. 1 · folio 106b

བྱུང་ཞིང་དགེ་སློང་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་སྤྱོད་ལམ་ཞི་བས་གནས་སོ། །དེ་ནས་ཚེ་དང་ལྡན་པ་དགེ་འདུན་འཚོ་དེ་དག་གི་གན་དུ་སོང་སྟེ་དྲིས་པ། ཚེ་དང་ལྡན་པ་དག་ཁྱེད་སུ་ཡིན། ལས་གང་གིས་འདིར་སྐྱེས། དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་འཛམ་བུའི་

གླིང་པའི་མི་རྣམས་ནི་ཡིད་ཆེས་པར་དཀའ་བས་ཁྱོད་ཡིད་ཆེས་པར་མི་འགྱུར་རོ། །དེས་སྨྲས་པ། ཁོ་བོས་མངོན་སུམ་ཁོ་ནར་མཐོང་ན་ཅིའི་ཕྱིར་ཡིད་ཆེས་པར་མི་འགྱུར། དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་བདག་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་

སྲུང་གི་ཉན་ཐོས་སུ་གྱུར་ཏེ། ཇི་ཙམ་ན་དགེ་འདུན་ལ་སྣུམ་བག་གི་རྙེད་པ་བྱུང་ཞིང་དགེ་སློང་གློ་བུར་དུ་འོངས་པ་དག་ཀྱང་ལྷགས་པ་ན། བདག་ཅག་སེར་སྣས་ཡོངས་སུ་བཟུང་བ་དག་གིས་ཇི་སྲིད་དུ་དགེ་སློང་གློ་བུར་དུ་འོངས་པ་དག་མ་དོང་བ་དེ་སྲིད་དུ་བཟའ་བར་མི་བྱའོ་ཞེས་དེ་

ལྟར་སེམས་བསྐྱེད་ཅིང་ཚིག་ཏུ་ཡང་རྗོད་ལ། ཞག་བདུན་གྱི་བར་དུ་དུས་མ་ཡིན་པར་ཡུལ་ངན་པ་བྱུང་ནས་དེས་བཟའ་བ་དང་བཏུང་བ་དེ་དག་རུལ་ཅིང་མ་རུང་བར་གྱུར་པ་དེ་ལྟར་བགྱིས་ཏེ། བདག་ཅག་གིས་དད་པས་སྦྱིན་པར་བྱ་བ་ཆུད་གསན་པས་ལས་དེའི་རྣམ་པར་སྨིན་པས་

བདག་ཅག་ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་ཏེ། བདག་ཅག་འདི་ནས་ཤི་འཕོས་པ་དག་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་ཀྱང་མཆིས་པར་འགྱུར་རོ། །བཙུན་པ་དགེ་འདུན་འཚོ་དེའི་སླད་དུ་འཛམ་བུའི་

གླིང་དུ་གཤེགས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚེ་དང་ལྡན་པ་དག་འདི་ལྟ་སྟེ། དཔེར་ན་འོད་སྲུང་གི་དགེ་སྦྱོང་དག་ལྟར་དད་པས་སྦྱིན་པར་བྱ་བ་ཆུད་མ་གཟོན་ཅིག །སྡུག་བསྔལ་གྱི་ཚོགས་དེ་ལྟ་བུའི་སྐལ་བ་ཅན་དུ་འགྱུར་བར་མ་བྱེད་ཅིག་ཅེས་དོན་འདི་རྒྱ་ཆེར་བརྗོད་ན་ལེགས་

སོ། །དེས་དེ་ལྟར་བྱའོ་ཞེས་ཁས་བླངས་ནས་སོང་ངོ་། །ཇི་ཙམ་ན་ཡང་དེ་ཁོ་ན་བཞིན་དུ་སཱ་ལའི་དགོན་པ་ཞིག་ན་གཙུག་ལག་ཁང་གསུམ་པ་རྟ་བབས་མཐོན་པོ་དང་ལྡན་པ། མཐོངས་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ།

Vol. 1 · folio 107a

མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་བ། ཁྲི་དང་ཁྲིའུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ། ཤིང་ལྗོན་པ་སྣ་ཚོགས་ཀྱིས་བསྐོར་བ། རྫིང་བུ་དང་མཚེའུས་ཉེ་བར་མཛེས་པར་བྱས་པ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་

བྱུག་དག་མངོན་པར་སྒྲ་འབྱིན་པ། ལྷའི་གནས་ལྟར་དཔལ་གྱིས་འབར་བ་ཞིག་དང་། དེ་ན་དགེ་སློང་ལེགས་པར་བགོས་ཤིང་ལེགས་པར་སྦྱངས་པ། སྤྱོད་ལམ་ཞི་བས་གནས་པ་དག་མཐོང་ནས་གུས་པ་དང་བཅས་པས་དེ་དག་གི་གན་དུ་སོང་ངོ་། །དེ་ནས་དེ་དག་གུས་པ་དང་

སྒྲིམ་པ་དང་བཅས་པས་དེ་ལ་སྨྲས་པ། བཙུན་པ་དགེ་འདུན་འཚོ་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་བྱོན། དེས་ཇི་ལྟར་གྱུར་པ་ཐམས་ཅད་བརྗོད་པ་དང་། དེ་ནས་དེ་དག་གིས་ངལ་སོར་བཅུག་སྟེ་ལམ་གྱིས་དུབ་པ་བསལ་ནས་གཙུག་ལག་ཁང་དུ་ཁྲིད་

དོ། །ཇི་ཙམ་ན་སྟན་བཟང་པོ་བཤམས་པ་དང་། ཁ་ཟས་བསོད་པའི་སྤྱི་བུངས་བཤམས་པ་དག་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་དགེ་འདུན་འཚོ་མི་སྐྱེམས་སམ། མི་སྦྲེབས་སམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་སྐོམ་མོ། །བཀྲེས་སོ། །དེ་དག་གིས་

སྨྲས་པ། བཙུན་པ་དགེ་འདུན་འཚོ་གསོལ་ཅིག །དེས་སྨྲས་པ། དགེ་འདུན་གྱི་ནང་དུ་བཟའོ། །དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་ཁྱོད་ཤུལ་གྱིས་མཉེལ་བ་ལགས་ཀྱིས་ད་གསོལ་ཅིག །སླད་ཀྱིས་འདིར་ཉེས་དམིགས་འབྱུང་བར་འགྱུར་རོ། །དེས་ཉེས་དམིགས་

མཐོང་བས་ཟོས་ནས་མཐའ་གཅིག་ཏུ་སོང་སྟེ་འདུག་གོ། །ཇི་ཙམ་ན་དེ་དག་དྲོ་ལ་བབ་སྟེ་གཎྜཱི་བརྡུངས་ན་རང་རང་གི་ལྷུང་བཟེད་ཐོགས་ཏེ་གྲལ་རིམས་བཞིན་དུ་འཁོད་དོ། །དེ་དག་འཁོད་པ་དང་དེ་དག་གི་གཙུག་ལག་ཁང་དེ་འབར་རབ་ཏུ་འབར་ཀུན་དུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་

གྱུར་ནས་སྲེག་པར་བརྩམས་སོ། །དེ་ནས་དེ་དག་ཇི་སྲིད་དུ་དྲོ་མ་ཡོལ་གྱི་བར་དུ་མེ་ལྕེ་དེས་བསྲེགས་ནས་དེ་དག་ལུས་ཚིག་ཅིང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ཉམ་ཐག་པའི་སྐད་འབྱིན་ཏོ། །ཇི་ཙམ་ན་དྲོ་ཡོལ་བ་དང་གཙུག་ལག་ཁང་དེ་ཡང་དེ་ཁོ་ན་བཞིན་དུ་ཕྱིར་བྱུང་ཞིང་དགེ་སློང་

Vol. 1 · folio 107b

དེ་དག་ཀྱང་དེ་ཁོ་ན་བཞིན་དུ་སྤྱོད་ལམ་ཞི་བས་གནས་སོ། །དེ་ནས་ཚེ་དང་ལྡན་པ་དགེ་འདུན་འཚོ་དེ་དག་གི་གན་དུ་སོང་སྟེ་དྲིས་པ། ཚེ་དང་ལྡན་པ་དག་ཁྱེད་སུ་ཡིན། ལས་གང་གིས་འདིར་སྐྱེས། དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་འཛམ་བུའི་གླིང་པའི་མི་རྣམས་ནི་

ཡིད་ཆེས་པར་དཀའ་བས་ཁྱེད་ཡིད་ཆེས་པར་མི་འགྱུར་རོ། །དེས་སྨྲས་པ། ཁོ་བོས་མངོན་སུམ་ཁོ་ནར་མཐོང་ན་ཅིའི་ཕྱིར་ཡིད་ཆེས་པར་མི་འགྱུར། དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་བདག་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཉན་ཐོས་སུ་

གྱུར་ཏེ། ཇི་ཙམ་ན་བདག་ཅག་ཚུལ་ཁྲིམས་འཆལ་བ་དང་སྡིག་པའི་ཆོས་ཅན་དུ་གྱུར་ནས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་བདག་ཅག་གཙུག་ལག་ཁང་ནས་བསྐྲད་པ་དང་བདག་ཅག་གཙུག་ལག་ཁང་སྟོང་པ་ཞིག་ཏུ་འཁོད་དོ། །ཇི་ཙམ་ན་དགེ་སློང་ཚུལ་

ཁྲིམས་དང་ལྡན་པ་གཅིག་ཅིག་རྒྱུ་བ་ན་དེར་ཕྱིན་པ་དང་། དེ་ནས་བདག་ཅག་ལ་བློ་སྐྱེས་པ། འདི་གཅིག་པུས་བདག་ཅག་གི་ཡོན་སྦྱོང་བར་འགྱུར་གྱིས་འདུག་ལ་རག་གོ་སྙམ་པ་དང་། དེ་དེ་ཉིད་དུ་འདུག་གོ། །ཇི་ཙམ་ན་དེའི་ཞར་གྱིས་ཡང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་མང་

པོ་དག་ལྷགས་ནས་དེ་དག་གིས་བདག་ཅག་དེ་ནས་བསྐྲད་དོ། །དེ་ནས་བདག་ཅག་མི་བཟོད་པ་སྐྱེས་པ་དག་གིས་ཤིང་དང་། རྩྭ་དང་། ལྕི་བ་སྐམ་པོ་དག་བཅེར་ཏེ་གཙུག་ལག་ཁང་ལ་མེ་བཏང་ནས་དེར་དགེ་སློང་བསླབ་པ་འདོད་པ་མང་པོ་དག་བསྲེགས་པས་ལས་དེའི་རྣམ་པར་སྨིན་

པས་བདག་ཅག་ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་ཏེ། བདག་ཅག་འདི་ནས་ཤི་འཕོས་པ་དང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་ཀྱང་མཆིས་པར་འགྱུར་རོ། །བཙུན་པ་དགེ་འདུན་འཚོ་དེའི་སླད་དུ་འཛམ་བུའི་གླིང་

དུ་གཤེགས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚེ་དང་ལྡན་པ་དག་འདི་ལྟ་སྟེ། དཔེར་ན་འོད་སྲུང་གི་དགེ་སྦྱོང་ལྟར་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་སྡང་བའི་སེམས་མ་སྐྱེད་ཅིག །སྡུག་བསྔལ་གྱི་ཚོགས་དེ་ལྟ་བུའི་སྐལ་བ་ཅན་དུ་འགྱུར་བར་མ་བྱེད་ཅིག་ཅེས་དོན་འདི་རྒྱ་ཆེར་

Vol. 1 · folio 108a

བརྗོད་ན་ལེགས་སོ། །དེས་དེ་ལྟར་བྱའོ་ཞེས་ཁས་བླངས་ཏེ་སོང་ངོ་། །ཇི་ཙམ་ན་སེམས་ཅན་རྩིག་པ་འདྲ་བ་དག་དང་། ཀ་བ་འདྲ་བ་དག་དང་། ཤིང་ལྗོན་པ་འདྲ་བ་དག་དང་། ལོ་མ་འདྲ་བ་དག་དང་། མེ་ཏོག་འདྲ་བ་དག་དང་། འབྲས་བུ་འདྲ་བ་དག་དང་། ཐག་

པ་འདྲ་བ་དག་དང་། ཕྱགས་མ་འདྲ་བ་དག་དང་། ཕོར་པ་འདྲ་བ་དག་དང་། གཏུན་འདྲ་བ་དག་དང་། ཕྲུ་བ་འདྲ་བ་དག་དང་། རྐེད་པ་ཆད་པ་ཆུ་རྒྱུས་ཀྱིས་བཟུང་བ་དག་འདོང་བ་ཡང་མཐོང་ངོ་། །ཚེ་དང་ལྡན་པ་དགེ་འདུན་འཚོ་ཡང་མཐར་གྱིས་ལྗོངས་སུ་སོང་བ་དང་། ཇི་ཙམ་ན་

བསྟི་གནས་ཤིག་ན་དྲང་སྲོང་ལྔ་བརྒྱ་ཙམ་འཁོད་དེ། དེ་དག་གིས་ཚེ་དང་ལྡན་པ་དགེ་འདུན་འཚོ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་། །དེ་ནས་དེ་དག་གིས་གྲོས་བྱ་བར་བརྩམས་པ་ཤེས་ལྡན་དག་ཉོན་ཅིག །ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྨྲ་བ་མང་བ་ཡིན་པས་འདི་ལ་

སུས་ཀྱང་ཚིག་སྦྱིན་པར་མི་བྱའོ་ཞེས་དེ་དག་གིས་ཁྲིམས་སུ་བྱ་བ་བཅས་ཏེ་འཁོད་དོ། །ཚེ་དང་ལྡན་པ་དགེ་འདུན་འཚོ་ཡང་སྤྱོད་ལམ་ཞི་བས་དེ་དག་གི་གན་དུ་སོང་སྟེ་བསྟི་གནས་བརྙ་བར་བརྩམས་པ་ན་འགས་ཀྱང་ཚིག་མ་སྟེར་ཏོ། །དེ་ན་དྲང་སྲོང་བསོད་ནམས་འདོད་པ་གཅིག་

ཅིག་གིས་སྨྲས་པ། ཁྱོད་ལ་ཅིའི་ཕྱིར་བསྟི་གནས་མི་བརྙན་ཏེ་འདི་ལྟར་ཁྱེད་ལ་ཉེས་པ་ཡོད་དོ། །ཁྱེད་ནི་སྨྲ་བ་མང་བ་ཡིན་ནོ། །དེ་ལྟ་མོད་ཀྱི་དམ་ཚིག་གིས་བརྙ་བར་བྱ་སྟེ། གལ་ཏེ་ཅུང་ཟད་ཀྱང་མི་སྨྲ་ན་བརྙན་ནོ། །ཚེ་དང་ལྡན་པ་དགེ་འདུན་འཚོས་སྨྲས་པ། དྲང་སྲོང་དེ་

བཞིན་དུ་བྱས་མི་སྨྲའོ། །དེ་ན་དྲང་སྲོང་གཅིག་ཅིག་ལྗོངས་རྒྱུར་སོང་བ་དེའི་སྤྱིལ་བུ་སྟོང་པར་འདུག་པ་དེ་ཚེ་དང་ལྡན་པ་དགེ་འདུན་འཚོ་ལ་འདིར་ཉོལ་ཅིག་ཅེས་བརྙན་ནོ། །ཚེ་དང་ལྡན་པ་དགེ་འདུན་འཚོས་སྤྱིལ་བུ་དེ་ཆག་ཆག་བཏབ། ཕྱག་དར་བྱས། བ་ལང་གི་ལྕི་བ་སར་པས་བྱུག་

པ་བྱས་སོ། །དེ་དག་གིས་དེ་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་གཙང་སྦྲ་བྱེད་པ་ཡིན་ནོ། །ཚེ་དང་ལྡན་པ་དགེ་འདུན་འཚོས་སྤྱིལ་བུའི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ཏེ་སྤྱིལ་བུར་ཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་

Vol. 1 · folio 108b

བསང་ནས་དྲན་པ་ཕྱོགས་པར་བཞག་སྟེ་འདུག་གོ། །དེ་ནས་བསྟི་གནས་དེ་ན་ལྷ་མོ་ཞིག་འདུག་པ་གང་ཡིན་པ་དེ་མཚན་མོ་ཐུན་དང་པོ་ལ་ཚེ་དང་ལྡན་པ་དགེ་འདུན་འཚོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེས་སྨྲས་པ། འཕགས་པ་དགེ་འདུན་འཚོ་ཆོས་བསྟན་དུ་གསོལ། དེས་སྨྲས་པ།

ལྷ་མོ་ཁྱོད་བདེ་བར་གྱུར་ཅིག །ཁོ་བོས་ཁྲིམས་སུ་བྱ་བས་བསྟི་གནས་རྙེད་པ་ཁྱོད་ཀྱིས་མ་མཐོང་ངམ། ཅི་ཁོ་བོ་བསྐྲད་པར་འདོད་དམ། དེས་བསམས་པ། རབ་ཏུ་བྱུང་བ་འདི་ངལ་གྱིས་འདི་ལྟར་གུང་ཐུན་ལ་འོང་བར་བྱའོ་སྙམ་ནས་དེ་གུང་ཐུན་ལ་འོངས་ཏེ་སྨྲས་པ། འཕགས་

པ་དགེ་འདུན་འཚོ་ཆོས་བསྟན་དུ་གསོལ། དེས་སྨྲས་པ། སྲིང་མོ་ཁྱོད་ཁ་རོག་མི་སྡོད་པས་ཁོ་བོ་ངེས་པར་བསྐྲད་པར་འདོད་དམ། དེས་བསམས་པ། རབ་ཏུ་བྱུང་བ་འདི་ད་དུང་གཉིད་ཀྱིས་མྱོས་ཀྱིས་ཐུན་ཐ་མ་ལ་འོང་བར་བྱའོ་སྙམ་ནས་དེ་ཐུན་ཐ་མ་ལ་འོངས་ཏེ་སྨྲས་པ།

འཕགས་པ་དགེ་འདུན་འཚོ་ཅིའི་སླད་དུ་གཟིམས། མཚན་མོའི་དགུང་སངས་ཀྱིས་བཞེངས་ལ་ཆོས་བསྟན་དུ་གསོལ། དེས་སྨྲས་པ། སྲིང་མོ་ཁྱོད་ཀྱིས་ཁོ་བོ་རྣམ་པ་ཐམས་ཅད་དུ་བསྐྲད་དོ། །དེས་སྨྲས་པ། འཕགས་པ་མཚན་མོའི་དགུང་སངས་པས་གལ་ཏེ་བསྐྲད་ན་ཡང་

ཅིར་འགྱུར་བཞུད་དོ་འཚལ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིགས་པ་དང་འཇིགས་སུ་རུང་བ་བཟོད་པར་བྱའོ་ཞེས་བཀའ་མ་སྩལ་ཏམ། ཚེ་དང་ལྡན་པ་དགེ་འདུན་འཚོས་བསམས་པ། སྲིང་མོ་འདི་ཟེར་བ་ནི་བདེན་ཏེ། གལ་ཏེ་ཁོ་བོ་བསྐྲད་ན་འགྲོ་ལ་རག་གིས་འདི་

ལྟར་འདི་དག་ནི་བྲམ་ཟེ་ཡིན་པས་བྲམ་ཟེ་དང་ཡང་དག་པར་ལྡན་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ་སྙམ་ནས། དེས་བྲམ་ཟེའི་སྡེ་ཚན་འདི་སྐད་ཅེས། སོམ་ཉི་མ་རྒལ་གཅེར་བུའི་སྤྱོད་པ་དང་། །རལ་པ་རྫབ་དང་སྣ་ཚོགས་ཟས་དང་ནི། །ཐང་ལ་ཉལ་དང་རྡུལ་དང་དྲི་མ་དང་། །

ཙོག་བུའི་སྤོང་བས་མི་དག་འབྱུང་མི་འགྱུར། །འབྱུང་པོ་ཀུན་ལ་འཚེ་བ་རྣམ་སྤངས་ཏེ། །ཆོས་སྤྱོད་ཞི་དུལ་ཡང་དག་སྡོམ་པ་དང་། །ཚངས་སྤྱོད་ལྡན་པ་རྒྱན་གྱིས་བརྒྱན་གྱུར་ཀྱང་། །དེ་ཉིད་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །ཞེས་ཁ་ཏོན་བྱ་བར་བརྩམས་སོ། །དེ་དག་གིས་

Vol. 1 · folio 109a

དེ་ཐོས་ནས་དེ་དག་གིས་བསམས་པ། བྲམ་ཟེ་དང་ཡང་དག་པར་ལྡན་པའི་ཚིགས་སུ་བཅད་པ་ཟེར་རོ་སྙམ་ནས་གཅིག་ཉེ་བར་འོངས་སོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་ནས་དེ་དག་ཐམས་ཅད་ཀྱི་བར་དུ་ཉེ་བར་ལྷགས་པ་དང་། ལྷ་མོ་དེས་ཅི་ནས་ཀྱང་

དེ་དག་གཅིག་གིས་གཅིག་མི་མཐོང་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེའི་འོག་ཏུ་ཚེ་དང་ལྡན་པ་དགེ་འདུན་འཚོས་གྲོང་ཁྱེར་ལྟ་བུའི་མདོ་གདོན་པར་བརྩམས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་ང་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཚེ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་བཞག་པ་ན་

སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་བྱུང་སྟེ། ཀྱེ་མ་འཇིག་རྟེན་འདི་སྡུག་བསྔལ་བར་གྱུར་ཏེ། འདི་ལྟ་སྟེ་སྐྱེ་བར་འགྱུར། རྒ་བར་འགྱུར་འཆི་བར་འགྱུར། ཉམས་པར་འགྱུར། འབྱུང་བར་འགྱུར་ཡང་འོན་ཀྱང་སེམས་ཅན་འདི་དག་གིས་རྒ་ཤི་བས་བླ་མ་ཡོད་

བཞིན་དུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ་སྙམ་ནས་ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རྒ་ཤི་འབྱུང་ཞིང་རྐྱེན་གང་གིས་རྒ་ཤི་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ཞིང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་

ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྐྱེ་བ་འབྱུང་ཞིང་རྐྱེན་གང་གིས་སྐྱེ་བ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲིད་པ་ཡོད་ན་སྐྱེ་བ་འབྱུང་ཞིང་སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་ངོ་སྙམ་

དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྲིད་པ་འབྱུང་ཞིང་རྐྱེན་གང་གིས་སྲིད་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ལེན་པ་ཡོད་ན་སྲིད་པ་འབྱུང་ཞིང་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་ངོ་སྙམ་དུ་ཡང་

Vol. 1 · folio 109b

དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་ལེན་པ་འབྱུང་ཞིང་རྐྱེན་གང་གིས་ལེན་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲེད་པ་ཡོད་ན་ལེན་པ་འབྱུང་ཞིང་སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་ངོ་སྙམ་དུ་

ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྲེད་པ་འབྱུང་ཞིང་རྐྱེན་གང་གིས་སྲེད་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ཚོར་བ་ཡོད་ན་སྲིད་པ་འབྱུང་ཞིང་ཚོར་བའི་རྐྱེན་གྱིས་སྲིད་པ་འབྱུང་ངོ་སྙམ་དུ་

ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་ཚོར་བ་འབྱུང་ཞིང་རྐྱེན་གང་གིས་ཚོར་བ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རེག་པ་ཡོད་ན་ཚོར་བ་འབྱུང་ཞིང་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ངོ་སྙམ་

དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རེག་པ་འབྱུང་ཞིང་རྐྱེན་གང་གིས་རེག་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་མཆེད་དྲུག་ཡོད་ན་རེག་པ་འབྱུང་ཞིང་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་

རེག་པ་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྐྱེ་མཆེད་དྲུག་འབྱུང་ཞིང་རྐྱེན་གང་གིས་སྐྱེ་མཆེད་དྲུག་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མིང་དང་གཟུགས་ཡོད་ན་སྐྱེ་མཆེད་

དྲུག་འབྱུང་ཞིང་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་མིང་དང་གཟུགས་འབྱུང་ཞིང་རྐྱེན་གང་གིས་མིང་དང་གཟུགས་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་

ལ་བྱེད་པ་ན། འདི་ལྟར་རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་འབྱུང་ཞིང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རྣམ་པར་ཤེས་པ་འབྱུང་ཞིང་རྐྱེན་

Vol. 1 · folio 110a

གང་གིས་རྣམ་པར་ཤེས་པ་འབྱུང་སྙམ་པ་ལས། ངའི་ཡིད་རྣམ་པར་ཤེས་པ་ནས་ཕྱིར་ལོག་ཅིང་དེ་ཕན་ཆད་དུ་འཇུག་པར་མི་བྱེད་དེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་

དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་།

ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་སྙམ་མོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་རྒ་ཤི་མི་འབྱུང་ཞིང་གང་འགགས་པས་རྒ་ཤི་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་

པ་ན། འདི་ལྟར་སྐྱེ་བ་མེད་ན་རྒ་ཤི་མི་འབྱུང་ཞིང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྐྱེ་བ་མི་འབྱུང་ཞིང་གང་འགགས་པས་སྐྱེ་བ་འགག་སྙམ་དུ་ང་ཚུལ་བཞིན་

ཡིད་ལ་བྱེད་པ་ན། འདི་ལྟར་སྲིད་པ་མེད་ན་སྐྱེ་བ་མི་འབྱུང་ཞིང་། སྲིད་པ་འགགས་པས་སྐྱེ་བ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྲིད་པ་མི་འབྱུང་ཞིང་། གང་འགགས་པས་སྲིད་པ།

འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ལེན་པ་མེད་ན་སྲིད་པ་མི་འབྱུང་ཞིང་ལེན་པ་འགགས་པས་སྲིད་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་ལེན་པ་མི་འབྱུང་ཞིང་གང་

འགགས་པས་ལེན་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲེད་པ་མེད་ན་ལེན་པ་མི་འབྱུང་ཞིང་སྲེད་པ་འགགས་པས་ལེན་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྲེད་པ་མི་

Vol. 1 · folio 110b

འབྱུང་ཞིང་། གང་འགགས་པས་སྲེད་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ཚོར་བ་མེད་ན་སྲེད་པ་མི་འབྱུང་ཞིང་ཚོར་བ་འགགས་པས་སྲེད་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ།

གང་མེད་ན་ཚོར་བ་མི་འབྱུང་ཞིང་གང་འགགས་པས་ཚོར་བ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རེག་པ་མེད་ན་ཚོར་བ་མི་འབྱུང་ཞིང་རེག་པ་འགགས་པས་ཚོར་བ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་

དུ་སེམས་ཏེ། གང་མེད་ན་རེག་པ་མི་འབྱུང་ཞིང་གང་འགགས་པས་རེག་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་མཆེད་དྲུག་མེད་ན་རེག་པ་མི་འབྱུང་ཞིང་སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་

རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྐྱེ་མཆེད་དྲུག་མི་འབྱུང་ཞིང་གང་འགགས་པས་སྐྱེ་མཆེད་དྲུག་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མིང་དང་གཟུགས་མེད་ན་སྐྱེ་མཆེད་དྲུག་མི་འབྱུང་ཞིང་མིང་དང་གཟུགས་འགགས་

པས་སྐྱེ་མཆེད་དྲུག་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་མིང་དང་གཟུགས་མི་འབྱུང་ཞིང་གང་འགགས་པས་མིང་དང་གཟུགས་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རྣམ་པར་ཤེས་

པ་མེད་ན་མིང་དང་གཟུགས་མི་འབྱུང་ཞིང་རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་རྣམ་པར་ཤེས་པ་མི་འབྱུང་ཞིང་གང་འགགས་པས་རྣམ་པར་ཤེས་པ་

འགག་གོ་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་འདུ་བྱེད་རྣམས་མེད་ན་རྣམ་པར་ཤེས་པ་མི་འབྱུང་ཞིང་འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་འདུ་

Vol. 1 · folio 111a

བྱེད་རྣམས་མི་འབྱུང་ཞིང་གང་འགགས་པས་འདུ་བྱེད་རྣམས་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མ་རིག་པ་མེད་ན་འདུ་བྱེད་རྣམས་མི་འབྱུང་ཞིང་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་

པར་རྟོགས་པར་གྱུར་ཏོ། །འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་

མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་

དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ་སྙམ་མོ།། །།འདུལ་བ་གཞི། བམ་པོ་བཅུ་པ། དགེ་

སློང་དག་ང་འདི་སྙམ་དུ་སེམས་ཏེ་ངས་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་རྙེད་དོ་སྙམ་མོ། །འདི་ལྟ་སྟེ་དཔེར་ན་མི་ཞིག་དགོན་པ་ནགས་མཆོག་ཏུ་འཁྱམ་ཞིང་འགྲོ་བ་ན་སྔོན་གྱི་ལམ་དང་། སྔོན་

གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་མི་རྣམས་དོང་ཞིང་རྗེས་སུ་འདོང་བ་ཞིག་རྙེད་ནས་དེ་དེའི་རྗེས་སུ་སོང་བ་དང་། སྔོན་གྱི་གྲོང་ཁྱེར་དང་། སྔོན་གྱི་རྒྱལ་པོའི་ཕོ་བྲང་ཀུན་དགའ་ར་བ་ཕུན་སུམ་ཚོགས་པ། ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ།

བཟང་བ་ནགས་དང་ལྡན་པ། དགའ་བར་འགྱུར་བ་ཞིག་མཐོང་ཞིང་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་རྒྱལ་པོའི་གན་དུ་སོང་སྟེ་བརྗོད་པར་བྱའོ་སྙམ་ནས། དེ་རྒྱལ་པོའི་གན་དུ་སོང་སྟེ་ལྷ་མཁྱེན་པར་མཛོད་ཅིག །འདི་ན་བདག་དགོན་པ་ནགས་མཆོག་ཅིག་ཏུ་

Vol. 1 · folio 111b

འཁྱམ་ཞིང་མཆི་བ་ན་སྔོན་གྱི་ཤུལ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ཤུལ་སྲོལ་སྔོན་གྱི་མི་རྣམས་མཆིས་ཤིང་རྗེས་སུ་མཆི་བ་ཞིག་རྙེད་ནས་བདག་དེའི་རྗེས་སུ་མཆིས་པ་དང་། སྔོན་གྱི་གྲོང་ཁྱེར་དང་། སྔོན་གྱི་རྒྱལ་པོའི་ཕོ་བྲང་ཀུན་དགའ་ར་བ་ཕུན་སུམ་ཚོགས་པ།

ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། བཟང་བ་ནགས་དང་ལྡན་པ། དགའ་བར་འགྱུར་བ་ཞིག་མཐོང་སྟེ་ལྷས་དེ་གྲོང་ཁྱེར་བགྱིད་དུ་གསོལ་ལ། དེ་རྒྱལ་པོའི་ཕོ་བྲང་བགྱིད་དུ་སྩོལ་ཅིག་དང་། དུས་གཞན་ན་དེ་རྒྱལ་པོའི་ཕོ་བྲང་འབྱོར་པ། རྒྱས་པ།

བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་བལྟམ་པར་འགྱུར་རོ་ཞེས་ཟེར་བ་དེ་བཞིན་དུ་དགེ་སློང་དག་ངས་ཀྱང་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་རྙེད་དོ། །དགེ་སློང་དག་སྔོན་གྱི་ལམ་དང་།

སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་དེ་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་

དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དགེ་སློང་དག་འདི་ནི་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་

གཤེགས་ཤིང་རྗེས་སུ་འདོང་བ་ཡིན་ནོ། །ངས་དེར་སོན་ཅིང་དེར་སོན་པ་ན་རྒ་ཤི་མཐོང་། རྒ་ཤི་ཀུན་འབྱུང་བ་དང་། རྒ་ཤི་འགོག་པ་དང་། རྒ་ཤི་འགོག་པར་འགྲོ་བའི་ལམ་མཐོང་སྟེ། སྐྱེ་བ་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་།

སྐྱེ་མཆེད་དྲུག་དང་། མིང་དང་གཟུགས་དང་། རྣམ་པར་ཤེས་པ་དང་། འདུ་བྱེད་རྣམས་མཐོང་ཞིང་འདུ་བྱེད་རྣམས་ཀུན་འབྱུང་བ་དང་། འདུ་བྱེད་རྣམས་འགོག་པ་དང་། འདུ་བྱེད་རྣམས་འགོག་པར་འགྲོ་བའི་ལམ་མཐོང་སྟེ། ངས་རང་གི་མངོན་པར་ཤེས་པས་མངོན་པར་

Vol. 1 · folio 112a

རྫོགས་པར་བྱང་ཆུབ་ནས་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་སྤྱོད་པ་ཅན་དང་། ཀུན་དུ་རྒྱུ་སྣ་ཚོགས་དག་ལ་བརྗོད་དོ། །དེ་ལ་དགེ་

སློང་གིས་ཀྱང་ཡང་དག་པར་སྒྲུབ་པ་ན་སྒྲུབ་པར་བྱེད་པ་ཡིན་ཞིང་རིགས་པ་དང་ལྡན་པ། ཆོས་དང་ལྡན་པ། དགེ་བ་སྒྲུབ་པར་བྱེད་དོ། །དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མས་ཀྱང་ཡང་དག་པར་སྒྲུབ་པ་ན་སྒྲུབ་པར་བྱེད་པ་ཡིན་ཞིང་། རིགས་པ་དང་ལྡན་པ། ཆོས་

དང་ལྡན་པ། དགེ་བ་སྒྲུབ་པར་བྱེད་དོ། །དེ་ལྟར་ན་ཚངས་པར་སྤྱོད་པ་འདི་ནི་རྒྱ་ཆེ་བ། སྐྱེ་བོ་མང་པོ་ལ་ཕན་པ། ཡང་དག་པར་གྱུར་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ་ཞེས་བཏོན་ཅིང་། དེ་ནས་མཇུག་ཏུ། འབྱུང་པོ་གང་དག་འདིར་ནི་ལྷགས་

གྱུར་ཅིང་། །ས་འམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་ཡོངས་སུ་བསྔོས་པ་དང་། དེ་དག་ཐམས་ཅད་ཀྱིས་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས་བུ་

ཐོབ་སྟེ་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེ་ནས་དེ་དག་ཐམས་ཅད་ཀྱིས་བཙུན་པ་དགེ་འདུན་འཚོ་ལེགས་པར་གསུངས་སོ། །ལེགས་པར་གསུངས་སོ་ཞེས་མགྲིན་གཅིག་ཏུ་སྒྲ་ཕྱུང་ངོ་། །དེ་ནས་ལྷ་མོ་དེས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་བརྟུལ་བ་དང་། གཅིག་གིས་

གཅིག་མཐོང་བར་གྱུར་ཏོ། །དེ་དག་གིས་གཅིག་གིས་གཅིག་མཐོང་ནས་སྨྲས་པ། ཀྱེ་ཁྱོད་ཀྱང་འོངས་སམ། ཁྱོད་འོངས་སམ། ཁོ་བོ་འོངས་སོ། །ལེགས་སོ། །དེ་དག་གིས་འབྱོར་པ་རྙེད་ཅིང་རྙེད་ནས་སྨྲས་པ། བཙུན་པ་དགེ་འདུན་འཚོས་བདག་ཅག་ལེགས་པར་

གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེས་འཛུམ་པ་སྔོན་དུ་བཏང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་སྤོབས་པ་རྒྱ་ཆེན་པོ་ཞུམ་པ་མེད་པ་

Vol. 1 · folio 112b

དགེ་བ་དང་ལྡན་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕན་ཡོན་ལྔ་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པ་ཁོ་ནར་རིགས་ཏེ། ལྔ་གང་ཞེ་ན། བདག་གིས་རང་གི་དོན་མ་འདྲེས་པ་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་

རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། བདག་གང་དག་གི་བྲན་དང་། མངག་གཞུག་པ་དང་། བསྒོ་བ་དང་། རང་དབང་མེད་དང་། དགའ་མགུར་འགྲོར་མེད་པ་ཡིན་པ་དེ་དག་གི་མཆོད་པར་བྱ་བ་དང་། བསྟོད་པར་བྱ་བར་འགྱུར་

རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། གྲུབ་པ་དང་། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་

པར་བྱ་བ་ཁོ་ནར་རིགས་པ་དང་། གྲུབ་པ་དང་། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པ་ལས་ཉམས་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། རབ་ཏུ་བྱུང་

བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་སོང་བ། ཡང་དག་པར་ཞུགས་པ། སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་གྲངས་དུ་མས་བསྔགས་སོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་

རིགས་སོ་ཞེས་གསུངས་ཀྱིས་རབ་ཏུ་བྱུང་ཤིག །དེའི་ཕྱིར་ཅི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་འབྱུང་ངམ། འོན་ཏེ་ཁོ་བོ་ལས། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ། །ཚེ་དང་ལྡན་པ་དགེ་འདུན་འཚོས་སྨྲས་པ། གལ་ཏེ་དེ་ལྟ་ན་ཚུར་ཤེག །བཅོམ་

ལྡན་འདས་ཀྱི་སྤྱན་སྔར་འདོང་ངོ་། །དེ་དག་གིས་སྨྲས་པ། བཙུན་པ་དགེ་འདུན་འཚོ་ཅི་བདག་ཅག་གི་རྫུ་འཕྲུལ་གྱིས་བཞུད་དམ། འོན་ཏེ་ཁྱོད་ཀྱི་རྫུ་འཕྲུལ་གྱིས། ཚེ་དང་ལྡན་པ་དགེ་འདུན་འཚོས་ཐོས་ནས་ཉམ་ང་བར་གྱུར་ཏེ། དེས་བསམས་པ། བདག་གི་མཐུས་འདི་

Vol. 1 · folio 113a

དག་གི་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་ན། བདག་ནི་གཟིངས་ལྟ་བུར་གྱུར་པ་ལྟ་སྙམ་ནས། དེ་བཞིན་ཉམས་ཤིང་གྱུར་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཁོ་བོ་ལ་བྱ་བ་ཅུང་ཞིག་ཡོད་ཀྱིས། རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག་ཅེས་དེ་ཤིང་ལྗོན་པ་

ཞིག་གི་དྲུང་དུ་བརྟེན་ནས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་བཞག་སྟེ་འདུག་གོ། །བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་

མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ་ཞེས་གསུངས་པས་དེས་བརྩོན་འགྲུས་བརྩམས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་

ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ཅིང་ཉོན་མོངས་པ་ཐམས་ཅད་སྤངས་པས། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་དག་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་

པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་

མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མཉམ་པ། རིག་པས་སྒོ་ངའི་སྦུབས་དྲལ་བར་

གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་

Vol. 1 · folio 113b

སྨྲ་བར་བྱ་བར་གྱུར་ཏོ། །དེས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག་དང་། ཁོ་བོའི་རྫུ་འཕྲུལ་གྱིས་འདོང་བར་བྱའོ། །དེ་དག་དེའི་ཆོས་གོས་ཀྱི་གྲྭ་ལ་འཇུས་པ་དང་། དེ་ནས་ཚེ་དང་ལྡན་པ་དགེ་འདུན་འཚོ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་

པ་ལྟར་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལ་སོང་ངོ་། །ཇི་ཙམ་ན་ཚོང་པ་ལྔ་བརྒྱ་པོ་དེ་དག་རྫས་མཁོས་སུ་འབེབས་པར་བྱེད་པ་ན། དེ་དག་གིས་དེ་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་དགེ་འདུན་འཚོ་ཁྱོད་བྱོན་ཏམ། བྱོན་པ་ལེགས་སོ། །ཁོ་བོ་འོངས་སོ། །

གང་དུ་བཞུད། དེས་སྨྲས་པ། རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོའོ། །དེ་དག་གིས་སྨྲས་པ།

འཕགས་པ་དགེ་འདུན་འཚོ་བདག་ཅག་ཀྱང་རབ་ཏུ་འབྱུང་གིས་བོབས་ལ་བདག་ཅག་རྫས་མཁོས་སུ་འབེབས་ཀྱི་བར་དུ་རེ་ཞིག་གཞེས་སུ་གསོལ། ཚེ་དང་ལྡན་པ་དགེ་འདུན་འཚོ་བབས་པ་དང་། དེ་དག་གིས་རྫས་མཁོས་སུ་ཕབ་བོ། །དེ་ནས་དེས་རིགས་ཀྱི་བུ་སྟོང་པོ་དེ་དག་

ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགེ་འདུན་འཚོ་སྐྱེས་དང་ཆས་ཏེ་ཐག་རིང་པོ་ཁོ་ན་ནས་འོང་བ་གཟིགས་སོ། །

གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་དགེ་འདུན་འཚོ་ཐག་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་མཐོང་ངོ་། །དགེ་སློང་དག་དགེ་སློང་དགེ་འདུན་འཚོ་འདི་དེ་བཞིན་གཤེགས་པ་ལ་སྐྱེས་དང་བཅས་ཤིང་འོང་སྟེ། དེ་བཞིན་

གཤེགས་པའི་སྐྱེས་ནི་འདི་ལྟར་གདུལ་བ་ལས་གཞན་པ་ལྟ་བུ་མེད་དོ། །དེ་ནས་ཚེ་དང་ལྡན་པ་དགེ་འདུན་འཚོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་

Vol. 1 · folio 114a

འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགེ་འདུན་འཚོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རིགས་ཀྱི་བུ་སྟོང་པོ་འདི་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན།

བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་འདི་དག་རབ་ཏུ་དབྱུང་དུ་གསོལ། བསྙེན་པར་རྫོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ཞིང་དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་

བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་

གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གདམས་ངག་སྩལ་ནས། དེ་དག་

གིས་བརྩོན་པ་དང་། འབད་པ་དང་། བརྩལ་བས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ།

ཙན་དན་དང་སྟེའུར་མཉམ་པ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་

ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགེ་འདུན་འཚོས་ཞུས་པ། བཙུན་པ་འདི་ན་བདག་གིས་སེམས་ཅན་རྩིག་པ་འདྲ་བ་དག་དང་། ཀ་བ་འདྲ་བ་དག་དང་། ཤིང་ལྗོན་པ་འདྲ་བ་

Vol. 1 · folio 114b

དག་དང་། ལོ་མ་འདྲ་བ་དག་དང་། མེ་ཏོག་འདྲ་བ་དག་དང་། འབྲས་བུ་འདྲ་བ་དག་དང་། ཐག་པ་འདྲ་བ་དག་དང་། ཕྱགས་མ་འདྲ་བ་དག་དང་། ཕོར་པ་འདྲ་བ་དག་དང་། གཏུན་འདྲ་བ་དག་དང་། ཕྲུ་བ་འདྲ་བ་དག་དང་། རྐེད་པ་ཆད་པ་ཆུ་རྒྱུས་ཀྱིས་བཟུང་བ་མཐོང་ན།

བཙུན་པ་དེ་དག་གིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་དེ་འདྲ་བ་དག་ཏུ་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་འཚོ་སེམས་ཅན་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་

པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསྩགས་པས་དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་འདུན་འཚོ་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར།

ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་

བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་འདུན་འཚོ་སྔོན་བྱུང་པ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་

སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་པ་ན་དེ་དག་དེའི་ཉན་ཐོས་སུ་གྱུར་ཏོ། །དགེ་འདུན་འཚོ་ཁྱོད་ཀྱིས་སེམས་ཅན་རྩིག་པ་འདྲ་བ་གང་དག་མཐོང་བ་དེ་དག་ནི་དགེ་སློང་དག་ཏུ་གྱུར་པ་ན། དེ་དག་གིས་དགེ་འདུན་གྱི་རྩིག་པ་མཆིལ་མས་མ་རུང་བར་

Vol. 1 · folio 115a

བྱས་པས་ལས་དེའི་རྣམ་པར་སྨིན་པས་རྩིག་པ་འདྲ་བ་དག་ཏུ་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཀ་བ་འདྲ་བ་གང་དག་མཐོང་བ་དེ་དག་ཀྱང་དགེ་སློང་དག་ཏུ་གྱུར་པ་ན། དེ་དག་གིས་དགེ་འདུན་གྱི་ཀ་བ་སྣབས་ཀྱིས་མ་རུང་བར་བྱས་པས་ལས་དེའི་རྣམ་པར་སྨིན་པས་

ཀ་བ་འདྲ་བ་དག་ཏུ་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཤིང་ལྗོན་པ་འདྲ་བ་དག་དང་། ལོ་མ་འདྲ་བ་དག་དང་། མེ་ཏོག་འདྲ་བ་དག་དང་། འབྲས་བུ་འདྲ་བ་གང་དག་མཐོང་བ་དེ་དག་ཀྱང་དགེ་སློང་དག་ཏུ་གྱུར་པ་ན། དེ་དག་གིས་དགེ་འདུན་གྱི་ཤིང་ལྗོན་པ་དང་། ལོ་མ་དང་། མེ་

ཏོག་དང་། འབྲས་བུ་དག་གང་ཟག་གི་ལོངས་སྤྱོད་དུ་སྤྱད་པས་ལས་དེའི་རྣམ་པར་སྨིན་པས་ཤིང་ལྗོན་པ་འདྲ་བ་དག་དང་། ལོ་མ་འདྲ་བ་དག་དང་། མེ་ཏོག་འདྲ་བ་དག་དང་། འབྲས་བུ་འདྲ་བ་དག་ཏུ་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཐག་པ་འདྲ་བ་དག་དང་། ཕྱགས་མ་འདྲ་

བ་དག་མཐོང་བ་དེ་དག་ཀྱང་དགེ་སློང་དག་ཏུ་གྱུར་པ་ན། དེ་དག་གིས་དགེ་འདུན་གྱི་ཐག་པ་དང་ཕྱགས་མ་གང་ཟག་གིས་ལོངས་སྤྱོད་དུ་སྤྱད་པས་ལས་དེའི་རྣམ་པར་སྨིན་པས་ཐག་པ་འདྲ་བ་དག་དང་། ཕྱགས་མ་འདྲ་བ་དག་ཏུ་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཕོར་པ་འདྲ་བ་དག་

གང་དག་མཐོང་བ་དེ་དག་ནི་དགེ་ཚུལ་སྐོམ་གྱི་གཙང་སྦྱོར་དུ་གྱུར་པ་ན་དེ་དག་ཕོར་པ་འཁྲུ་བར་བྱེད་པའི་ཚེ། དགེ་སློང་གློ་བུར་དུ་འོངས་པ་དག་ལྷགས་ནས་དེ་དག་གིས་དགེ་ཚུལ་དེ་དག་ལ་དྲིས་པ། དགེ་ཚུལ་དག་ཅི་དགེ་འདུན་ལ་སྐོམ་འབྱུང་བར་འགྱུར་རམ། དགེ་ཚུལ་དེ་དག་སེར་

སྣས་དཀྲིས་ཏེ་སྨྲས་པ། ཁོ་བོ་ཅག་གིས་ཕོར་པ་བཀྲུས་པ་མ་མཐོང་ངམ། སྐོམ་འཐུངས་ཟིན་ཏོ། །དེ་དག་གིས་བསམས་པ། དུས་ཡོལ་བ་ལྟ་སྙམ་ནས། རེ་བ་མེད་པར་གྱུར་ཏེ་བཞིན་གྱུར་ཅིང་ཉམས་ཏེ་དོང་བས་ལས་དེའི་རྣམ་པར་སྨིན་པས་ཕོར་པ་འདྲ་བ་དག་ཏུ་གྱུར་ཏོ། །

ཁྱོད་ཀྱིས་སེམས་ཅན་གཏུན་འདྲ་བ་གང་དག་མཐོང་བ་དེ་དག་ཀྱང་དགེ་སློང་དག་ཏུ་གྱུར་པ་ན། དེ་དག་ལ་ལྷུང་བཟེད་ཀྱི་ལས་དག་བྱུང་ནས་དེ་ན་དགེ་ཚུལ་དགྲ་བཅོམ་པ་ཅིག་དམ་ཞག་པར་བསྐོས་པ་དེ་ལ་དེ་དག་གིས་སྨྲས་པ། དགེ་ཚུལ་ཁོ་བོ་ཅག་ལ་གཏུན་དུ་འབྲུ་མར་གྱི་ཚིགས་མ་

Vol. 1 · folio 115b

ཉུང་བ་ཞིག་རྡུངས་ཏེ་བྱིན་ཅིག །དེས་སྨྲས་པ། གནས་བརྟན་དག་བདག་བྲེལ་གྱིས་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག་དང་། སླད་ཀྱིས་གསོལ་ལོ། །དེ་དག་མི་བཟོད་པ་སྐྱེས་ནས་ཀུན་ནས་དཀྲིས་པ་དྲག་པོས་སྨྲས་པ། དགེ་ཚུལ་གལ་ཏེ་ཁོ་བོ་ཅག་གཏུན་ལ་རེག་ཏུ་རུང་ན་ཁོ་

བོ་ཅག་གིས་ཁྱོད་ཉིད་གཏུན་དུ་བཅུག་སྟེ། བརྡུང་བར་ཡང་བྱ་ན། འབྲུ་མར་ཚིགས་མ་ཉུང་ཞིག་ལྟ་ཅི་སྨོས། དགེ་ཚུལ་དེས་བསམས་པ། འདི་དག་ཀུན་ནས་དཀྲིས་པ་དྲག་པོས་དཀྲིས་པས་གལ་ཏེ་བདག་གིས་འདི་དག་ལ་ལན་བཏབ་ན་ལྷག་པར་ཡང་རབ་ཏུ་འཁྲུགས་

པར་འགྱུར་རོ་སྙམ་ནས། དེས་ཅང་མི་སྨྲ་བར་བསྡད་ནས་གང་གི་ཚེ་དེ་དག་ཀུན་ནས་དཀྲིས་པ་དང་བྲལ་བ་དེའི་ཚེ་ན་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་དག་ཁྱེད་ཀྱིས་བདག་སུ་ལགས་པ་མཁྱེན་ཏམ། དེ་དག་གིས་སྨྲས་པ། ཤེས་ཏེ། ཁྱོད་ནི་ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་ཚུལ་ཡིན་ནོ། །ཁོ་བོ་ཅག་ཀྱང་དགེ་སློང་ཡིན་ནོ། །གནས་བརྟན་དག་གལ་ཏེ་དེ་ལྟར་ལགས་ཀྱིས་ཀྱང་འདི་ལྟར་བདག་གིས་ནི་རབ་ཏུ་བྱུང་བས་བགྱི་བ་གང་ལགས་པ་དེ་བགྱིས་སོ། །ཅི་ཞིག་བྱས། ཉོན་མོངས་པ་ཐམས་

ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་སོ། །ཁྱེད་ནི་འཆིང་བ་མཐའ་དག་གིས་བཅིངས་པ་ལགས་ལ། བདག་ནི་འཆིང་བ་མཐའ་དག་ལས་ངེས་པར་གྲོལ་བ་ལགས་ན། ཁྱེད་ཀྱིས་ངག་གི་ལས་རྩུབ་པོ་བརྗོད་ཀྱིས་སྡིག་པ་སྡིག་པ་ལས་ཤོགས་ཤིག་དང་། དེ་

ལྟར་ན་ལས་བསྲབས་པ་ཉིད་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་མཐར་ཐུག་པར་འགྱུར་རོ། །དེ་དག་གིས་སྡིག་པ་སྡིག་པ་ལས་བཤགས་ཀྱང་ལས་དེའི་རྣམ་པར་སྨིན་པས་གཏུན་འདྲ་བ་དག་ཏུ་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཕྲུ་བ་འདྲ་བ་གང་དག་མཐོང་བ་དེ་དག་ནི་དགེ་འདུན་

རྣམས་ལ་རིམ་གྲོར་བྱེད་པའི་ལྷ་འབངས་སུ་གྱུར་ཏེ། དེ་དག་སྨན་སྐོལ་བར་བྱེད་པ་ན། དགེ་སློང་རྣམས་ཀྱིས་མི་སྙན་པར་སྨྲས་པ་དང་། དེ་དག་སེམས་རབ་ཏུ་ཁྲོས་པས་ཕྲུ་བ་དེ་དག་བཅག་པས། ལས་དེའི་རྣམ་པར་སྨིན་པས་ཕྲུ་བ་འདྲ་བ་དག་ཏུ་གྱུར་ཏོ། །ཁྱོད་ཀྱིས་སེམས་

Vol. 1 · folio 116a

ཅན་རྐེད་པ་ཆད་པ་ཆུ་རྒྱུས་ཀྱིས་བཟུང་བ་གང་དག་མཐོང་བ་དེ་དག་ཀྱང་དགེ་སློང་རྙེད་པ་སྟོབས་པ་དག་ཏུ་གྱུར་པ་ན། དེ་དག་སེར་སྣས་ཟིལ་གྱིས་ནོན་པས་རྙེད་པ་བསྒྱུར་ཏེ། དབྱར་གྱི་རྙེད་པ་གང་ཡིན་པ་དེ་ནི་དགུན་གྱིར་བསྒྱུར། དགུན་གྱི་རྙེད་པ་གང་ཡིན་པ་དེ་ནི་དབྱར་གྱིར་

བསྒྱུར་བས་ལས་དེའི་རྣམ་པར་སྨིན་པས་རྐེད་པ་ཆད་པ་ཆུ་རྒྱུས་ཀྱིས་བཟུང་བ་དག་ཏུ་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་དགེ་འདུན་འཚོས་ལས་ཅི་ཞིག་བགྱིས་ན། ལས་དེའི་

རྣམ་པར་སྨིན་པས་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་པ་དང་། གདུལ་བའི་དོན་ཆེན་པོ་བགྱིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་འཚོ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་

སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དགེ་སློང་དགེ་འདུན་འཚོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་

བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་

མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་

དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words