No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 3 · folio 1a
༄༅། །འདུལ་བ་ག་བཞུགས་སོ། །
Vol. 3 · folio 1b
འདུལ་བ་གཞི། བམ་པོ་ལྔ་བཅུ་ལྔ་པ། ཐུན་མོང་མ་ཡིན་པ་གང་ཞེ་ན། དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་
བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ་འབྱོར་པ་དང་ཞེས་རྒྱས་པར་བྱ་སྟེ། དེའི་ཚེ་སྨད་འཚོང་མ་བཟང་མོ་ཞེས་བྱ་བ་དང་། སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་ཅེས་བྱ་བ་ཞིག་གནས་སོ། །
དེས་དེ་ལ་དགའ་མགུར་སྤྱད་པའི་ཕྱིར་གོས་དང་། རྒྱན་རྣམས་བསྐུར་བ་དང་། དེས་གོས་དང་རྒྱན་རྣམས་བགོས་ནས་སོང་བ་ལས། སྐྱེས་པ་གཞན་ཞིག་ཀྱང་དོང་ཚེ་ལྔ་བརྒྱ་
ཐོགས་ཏེ་འོངས་ནས། བཟང་མོ་དགའ་མགུར་སྤྱད་ཀྱིས་ཚུར་ཤོག་ཅེས་སྨྲས་སོ། །དེས་བསམས་པ། གལ་ཏེ་སོང་ན་ནི་དོང་ཚེ་ལྔ་བརྒྱ་ཡང་མི་འཐོབ་ལ། ཁྱིམ་དུ་
འོངས་པ་བོར་ཏེ་གཞན་དུ་འགྲོ་བ་འདི་ནི་གསོལ་ཀ་མི་ཡང་བར་ཡང་འགྱུར་རོ་སྙམ་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། སོང་ལ་པད་མའི་རྩ་ལག་ལ་ཇོ་བོ་རེ་ཞིག་
Vol. 3 · folio 2a
བདག་གིས་སྟ་གོན་མ་བགྱིས་ཀྱིས་སླད་ཀྱིས་མཆིའོ་ཞེས་ཟེར་རོ་ཞེས་སྨྲོས་ཤིག། དེ་དེའི་གན་དུ་སོང་ནས་སྨྲས་སོ། །སྐྱེས་པ་དེ་ཡང་བྱ་བ་མང་པོ་ཞིག་པས་དགའ་མགུར་སྤྱད་ནས་སྲོད་ཉིད་ལ་ཕྱིར་སོང་ངོ་། །དེས་
བསམས་པ། ཐུན་མོང་དུ་ཡོད་པས་བདག་གིས་དེའི་སེམས་ཀྱང་བསྲུང་ནུས་སོ་སྙམ་ནས། དེས་ཡང་བུ་མོ་དེ་ལ་སྨྲས་པ། སོང་ལ་པད་མའི་རྩ་ལག་ལ་ཇོ་བོ་སྟ་གོན་བགྱིས་ལགས་ན། སྐྱེད་མོས་ཚལ་གང་དུ་མཆི་ཤིག་ཅེས་མཆིའོ་
ཞེས་སྨྲོས་ཤིག །དེས་དེའི་དྲུང་དུ་སོང་ནས་སྨྲས་པ་དང་། དེས་སྨྲས་པ། ཁྱོད་ཀྱི་ཇོ་མོ་སྐད་ཅིག་གིས་ནི་སྟ་གོན་བྱས། སྐད་ཅིག་གིས་ནི་སྟ་གོན་མ་བྱས། བུ་མོ་དེ་ཡང་དེ་དང་རིགས་མི་འཕྲོད་པ་ཞིག་པས་དེས་སྨྲས་པ། རྗེའི་སྲས་དེས་
སྟ་གོན་མ་བགྱིས་ཏེ། འོན་ཀྱང་ཁྱོད་ཀྱི་གོས་དང་རྒྱན་རྣམས་ཀྱིས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱད་དོ། །དེ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་གང་ཡིན་པ་དེ་དང་ནི་བྲལ། གནོད་སེམས་ཀྱིས་ཀུན་ནས་དཀྲིས་པ་ནི་སྐྱེས་པར་གྱུར་ཏེ།
དེ་མི་བཟོད་པ་སྐྱེས་ནས་སྨྲས་པ། བུ་མོ་བཟང་མོའི་དྲུང་དུ་སོང་ལ། པད་མའི་རྩ་ལག་ན་རེ་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་ཤོག་ཤིག་ཅེས་ཟེར་རོ་ཞེས་སྨྲོས་ཤིག །དེས་སོང་ནས་བཟང་མོ་ལ་སྨྲས་པ་དང་། དེ་ནས་དེ་སྐྱེད་མོས་ཚལ་དེར་སོང་བ་དང་།
སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་གིས་སྨྲས་པ། ཁྱོད་ཁོ་བོའི་གོས་དང་རྒྱན་གྱིས་གཞན་དང་ལྷན་ཅིག་དགའ་མགུར་ཡོངས་སུ་སྤྱད་པ་ཇི་ག་རིགས་སམ་དེས་སྨྲས་པ། རྗེའི་སྲས་འདི་ནི་བདག་གིས་ནོངས་ལགས་ཏེ། འོན་ཀྱང་བུད་མེད་ནི་
Vol. 3 · folio 2b
རྟག་པར་སྐྱོན་ཅན་ལགས་ཀྱིས་བཟོད་པ་མཛོད་ཅིག །དེ་ནས་དེས་མི་བཟོད་པ་སྐྱེས་ནས། རལ་གྲི་ཤུབས་ནས་ཕྱུང་སྟེ་སྲོག་དང་ཕྲལ་ལོ། །དེ་ནས་བུ་མོ་དེས་ཇོ་མོ་བསད་དོ་ཇོ་མོ་བསད་དོ་ཞེས་ཀུ་ཅོའི་སྒྲ་ཆེན་པོ་བཏོན་པ་དེ་སྐྱེ་བོའི་ཚོགས་ཆེན་པོས་ཐོས་ནས་
བརྒྱུགས་སོ། །དེ་ཙམ་ན་སྐྱེད་མོས་ཚལ་དེ་ན་རང་སངས་རྒྱས་ལེགས་སྨོན་ཞེས་བྱ་བ་བསམ་གཏན་བྱེད་དོ། །དེ་ནས་སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་དེ་སྐྲག་པས་རལ་གྲི་ཁྲག་ཅན་རང་སངས་རྒྱས་ལེགས་སྨོན་གྱི་མདུན་དུ་བོར་ནས་སྐྱེ་བོའི་ཚོགས་ཆེན་
པོ་དེ་ཉིད་ཀྱི་ནང་དུ་ཞུགས་སོ། །སྐྱེ་བོའི་ཚོགས་ཆེན་པོས་རལ་གྲི་ཁྲག་ཅན་མཐོང་ནས་རབ་ཏུ་བྱུང་བ་འདིས་ནི་བཟང་མོའི་སྲོག་དང་ཕྲལ་ལོ་ཞེས་དེ་ནས་རང་སངས་རྒྱས་དེ་ཀུན་ནས་བསྐོར་ནས་མི་བཟོད་པ་བསྐྱེད་དེ་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་དྲང་སྲོང་གི་རྒྱལ་མཚན་
བསྲེལ་ནས་འདི་འདྲ་བའི་ལས་བྱེད་དམ། དེས་སྨྲས་པ་ཅི་ཞིག་བྱས། དེ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་དེ་སྲོག་དང་ཕྲལ་ལོ། །དེས་སྨྲས་པ། རྣས་མི་བཟོད་པ་དེ་ང་ནི་ལས་འདི་མི་བྱེད་དོ། །དེས་
རྣས་མི་བཟོད་པའི་ཚིག་སྨྲས་ཀྱང་། སྐྱེ་བོའི་ཚོགས་ཆེན་པོ་དེས་ལག་པ་ཕྱིང་ཀ་ལོག་ཏུ་དམ་དུ་བཅིངས་ནས་རྒྱལ་པོ་ལ་ཕུལ་ཏེ། ལྷ་རབ་ཏུ་བྱུང་བ་འདིས་བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་དེས་སྲོག་དང་ཕྲལ་ལགས་སོ། །རྒྱལ་པོ་དག་ནི་མི་
རྟོག་པ་ཡིན་པས་དེས་སྨྲས་པ། གལ་ཏེ་དེ་ལྟ་ན་རབ་ཏུ་བྱུང་བ་འདི་ངས་སྤངས་ཀྱིས་དེང་ལ་སོད་ཅིག །དེ་ནས་དེའི་མགུལ་པར་མེ་ཏོག་ཀ་ར་བཱི་རའི་ཕྲེང་བས་བཏགས་ནས་གཤེད་མ་གོས་སྔོན་པོ་གྱོན་པ་མཚོན་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལམ་
པོ་ཆེ་དང་། ཚོས་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་བསྒྲགས་ཏེ། གྲོང་ཁྱེར་ནས་སྐྱེད་མོས་ཚལ་ལོགས་སུ་ཁྲིད་དོ། །དེ་ནས་སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་གི་བློ་སྐྱེས་པ་རབ་ཏུ་བྱུང་བ་དཀའ་ཐུབ་ཅན་སྐྱོན་མེད་པ་ཉེས་པ་མི་བྱེད་པ་
Vol. 3 · folio 3a
འདི་ལ་ཡང་དག་པ་མ་ཡིན་པས་སྐུར་བ་བཏབ་པས་ད་འདི་གསད་པ་ལ་ཐུག་ན། བདག་གིས་འདི་ཡལ་བར་དོར་བ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་དུ་བསམས་ནས་སླར་ལོག་སྟེ། རྒྱལ་པོའི་དྲུང་དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་
པ། ལྷ་རབ་ཏུ་བྱུང་བ་འདིས་ནི་ལས་འདི་མ་བགྱིས་ཏེ། སྡིག་པའི་ལས་འདི་ནི་བདག་གིས་བགྱིས་ཀྱིས་རབ་ཏུ་བྱུང་བ་འདི་གཏང་བར་གསོལ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྐྱེས་བུ་གཡོན་ཅན་པད་མའི་རྩ་ལག་གང་ཡིན་པ་
དེ་ནི་ང་ཉིད་ཡིན་ཏེ། ངས་རང་སངས་རྒྱས་ལ་ཡང་དག་པར་མ་ཡིན་པས་སྐུར་པ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་དང་ཞེས་བྱ་བ་ནས། སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །
ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་ང་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་བྲམ་ཟེའི་བུ་མོ་རྩྭ་མིས་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་སྟེ། འདི་ནི་ཐུན་མོང་མ་ཡིན་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། ཕྲིན་ལས་དེའི་
རྣམ་པར་སྨིན་པས་ཡུལ་དགྲ་མཐར་དགེ་སློང་གཉིས་ཀྱིས་ལྔ་བརྒྱར་མ་ཚང་བའི་དགེ་སློང་རྣམས་དང་ཐབས་ཅིག་ནས་རུལ་གསོལ་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ནི་ལྷའི་ཞལ་ཟས་ལ་ལོངས་སྤྱོད་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་སྐྱེ་
དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་འཇིག་རྟེན་དུ་སྟོན་པ་རྣམ་པར་གཟིགས་ཞེས་བྱ་བ་ཞིག་བྱུང་ནས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་འཁོར་དྲུག་ཁྲི་དང་ལྗོངས་རྒྱུ་ཞིང་གཤེགས་པ་ན། རྒྱལ་པོའི་ཕོ་བྲང་
Vol. 3 · folio 3b
བ་ཤེས་ལྡན་དུ་བྱོན་ཏོ། །བཤེས་ལྡན་དེའི་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ། །དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་འཁོར་ལྔ་བརྒྱ་དང་མཐོང་ནས། དེས་བྲམ་ཟེའི་ཁྱེའུ་རྣམས་ལ་
སྨྲས་པ། ཤེས་ལྡན་དག་དགེ་སྦྱོང་མགོ་རེག་འདི་དག་ལྷའི་ཞལ་ཟས་ལ་ལོངས་སྤྱད་པའི་འོས་མ་ཡིན་གྱི། ནས་རུལ་པ་ཟ་བའི་འོས་ཡིན་ནོ། །དེ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བ་བྱས་ཏེ། མཁན་པོ་དེ་མད་དེ། དགེ་སྦྱོང་མགོ་རེག་འདི་དག་ནི་ལྷའི་ཞལ་ཟས་
ལ་ལོངས་སྤྱད་པའི་འོས་མ་ལགས་ཀྱི་ནས་རུལ་པ་འཚལ་བའི་འོས་ལགས་སོ། །དེ་ན་ཡང་བྲམ་ཟེའི་ཁྱེའུ་དཀར་པོ་ཅན་གཉིས་ཤིག་གིས་སྨྲས་པ། མཁན་པོས་ནི་མ་ལེགས་པ་ཞིག་གསུངས་ཏེ། བདག་ཉིད་ཆེན་པོ་འདི་དག་ནི་ལྷའི་ཞལ་ཟས་ལ་ལོངས་སྤྱོད་པའི་འོས་
ལགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེ་ལྔ་བརྒྱ་ཅན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ངག་གི་ལས་རྩུབ་མོ་ཕྱུང་བ་གང་ཡིན་པ་
དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་ནས་རུལ་པ་ཟོས་སོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་དགྲ་མཐར་དགེ་སློང་
གཉིས་ཀྱིས་ལྔ་བརྒྱར་མ་ཚང་བའི་དགེ་སློང་རྣམས་དང་ཐབས་ཅིག་ནས་རུལ་པ་ལ་ལོངས་སྤྱད་དོ། །བྲམ་ཟེའི་ཁྱེའུ་གཉིས་པོ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་འདི་དག་ཉིད་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་
མཛད་ན་ཕྲིན་ལས་དེའི་རྣམ་པར་སྨིན་པས་ལོ་དྲུག་ཏུ་དཀའ་བ་སྤྱད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས།
Vol. 3 · folio 4a
འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་ལྗོངས་ཀྱི་གྲོང་རྡལ་བཻ་བྷི་ཊིང་གི་ཞེས་བྱ་བ་འབྱོར་པ་དང་རྒྱས་པ། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་
ཞིག་ཡོད་དེ། དགེ་སློང་དག་ལྗོངས་ཀྱི་གྲོང་རྡལ་བཻ་བྷི་ཊིང་གི་ན་རྫ་མཁན་དགའ་སྐྱོང་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ། ཆོས་དང་དགེ་འདུན་ལ་མངོན་པར་དད་པ། སངས་རྒྱས་ལ་སྐྱབས་སུ་སོང་བ། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ།
སངས་རྒྱས་ལ་གཅིག་ཏུ་བྱེད་པ། ཆོས་དང་དགེ་འདུན་ལ་གཅིག་ཏུ་བྱེད་པ། སངས་རྒྱས་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། ཆོས་དང་དགེ་འདུན་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་
ཡིད་གཉིས་དང་ཐེ་ཚོམ་མེད་པ། བདེན་པ་མཐོང་བ། འབྲས་བུ་ཐོབ་པ། ལོ་མ་དང་། གཏུན་སྤངས་པ་ཞིག་བྱུང་སྟེ། དེ་གང་ན་ཆུས་བརྐོས་པའམ། བྱི་བྲུན་མ་གཏོགས་པ་རང་གི་ལག་གིས་ས་མི་རྐོ་ཞིང་རྐོར་མི་འཇུག་གོ། །དེ་ནས་རང་གིས་ས་
བླངས་ནས་སྲོག་ཆགས་མེད་པའི་ཆུས་སྤྲུས་ཏེ་སྣོད་རྣམས་བྱས་ནས་མཐའ་གཅིག་ཏུ་བཞག་སྟེ། འདི་སྐད་ཅེས་འཕགས་པའམ། བཞིན་བཟངས་དག་འདིར་ཏིལ་ལམ། འབྲས་སམ། སྲན་མུད་ག་ཚལ་ཚོལ་དག་མཐའ་གཅིག་ཏུ་ཞོག་ལ། ཁྱེད་ཅག་
ལས་གང་ཞིག་སྣོད་གང་དགོས་པ་དེ་དེ་ལོང་ལ་དེང་ཤིག་ཅེས་སྨྲས་ནས། དེ་ནས་ཕ་མ་ལོང་བ་གཉིས་གསོ་ཞིང་དུས་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསོད་སྙོམས་འབུལ་ལོ། །བྲམ་ཟེའི་ཁྱེའུ་བླ་མའི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་།
ནེའུ་ཟླ་ཡང་ཡིན་ནོ། །དགེ་སློང་དག་ལྗོངས་ཀྱི་གྲོང་ཁྱེར་བཻ་བྷི་ཊིང་གི་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་བྱུང་སྟེ། བཻ་བྷི་ཊིང་གི་རྒྱས་པ། འདུ་ཐང་དང་བཅས་རྩྭ་ཤིང་དང་འབབ་ཆུར་བཅས་པ། རྒྱལ་
Vol. 3 · folio 4b
པོ་ཀྲྀ་ཀཱིས་བྲམ་ཟེའི་སྦྱིན་པར་བྱིན་པ་ལ་ཡོངས་སུ་ལོངས་སྤྱོད་དོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་སློབ་མ་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ཕ་དང་མའི་རིགས་དང་ལྡན་པ། མོ་ཕྱོགས་ནས་དག་པ། མེས་པོའི་ཕྱོགས་དང་། ཕྱི་མོའི་ཕྱོགས་ཟུང་
བདུན་རྒྱུད་ཀྱི་བར་གྱིས་བཟུང་སྟེ། རིགས་ལ་གཏམ་གྱིས་མ་ཕོག་པ། ཀློག་ཏུ་འཇུག་པ། གསང་ཚིག་འཛིན་པ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱར་བ་དང་། ཤེས་གསལ་དང་བཅས་པའི་ཡི་གེ་རབ་ཏུ་འབྱེད་པ་དང་བཅས་པ་དང་། ལྔ་པ་དེ་
ལྟ་བུ་བྱུང་བ་ཅན་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་ཅིང་ལུང་སྟོན་པར་བྱེད་པ། གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་ཡོད་དེ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ། །
རྫ་མཁན་དགའ་སྐྱོང་གི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་ནེའུ་ཟླ་ཡང་ཡིན་ནོ། །དེ་ནས་རྫ་མཁན་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་
ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫ་མཁན་དགའ་སྐྱོང་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་
འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་
པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་རྫ་མཁན་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་
Vol. 3 · folio 5a
ལས་ལངས་ནས་སོང་ངོ་། །དེའི་ཚེ་བྲམ་ཟེའི་ཁྱེའུ་བླ་མ་རྟ་རྒོད་མ་དང་ལྡན་པའི་ཤིང་རྟ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ཏེ། གསེར་གྱི་རིལ་བ་དང་། དབྱུག་པ་ཐོགས་ནས་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། བྲམ་ཟེའི་
ཁྱེའུའི་ཚོགས་ཀྱིས་མདུན་དུ་བདར་ནས། བཻ་བྷི་ཊིང་གི་ཕྱི་རོལ་དུ་བྲམ་ཟེ་རྣམས་ཀློག་ཏུ་འཇུག་པར་འདོད་ནས། བཻ་བྷི་ཊིང་གི་ནས་བྱུང་བ་དང་བྲམ་ཟེའི་ཁྱེའུ་བླ་མས་རྫ་མཁན་དགའ་སྐྱོང་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །
དེས་པ་དགའ་སྐྱོང་ཁྱོད་ད་གཟོད་ག་ལས་འོངས། དེས་པ་བླ་མ་ཁོ་བོ་ནི་འོ་ནི་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འགྲོས་དེས་པ་བླ་མ་ཚུར་ཤོག །བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་
འདོང་ངོ་། །དེས་པ་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་པ་ཐོང་ཤིག །དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ། །དེས་པ་བླ་མ་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་
ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བའོ་ཞེས་དེ་སྐད་མ་སྨྲ་ཞིག །འོན་ཀྱང་བཅོམ་ལྡན་འདས་དེ་ཉིད་སངས་རྒྱས་ཡིན་ཏེ། འདིས་ཆོས་ཐམས་ཅད་སངས་རྒྱས་སོ། །དེས་པ་བླ་མ་ཚུར་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་
བཀུར་བྱེད་དུ་འདོང་། བྲམ་ཟེའི་ཁྱེའུ་བླ་མས་ལན་གཉིས་ལན་གསུམ་དུ་ཡང་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཐོང་ཤིག། སངས་རྒྱས་འོད་སྲུང་ཞེས་བྱ་བ་ནས། བྱང་ཆུབ་ནི་མཆོག་ཏུ་དཀའ་བའོ་ཞེས་བྱ་བའི་བར་གོང་མ་
བཞིན་དུའོ། །རྫ་མཁན་དགའ་སྐྱོང་གིས་ཀྱང་ལན་གཉིས་ལན་གསུམ་དུ་བྲམ་ཟེའི་ཁྱེའུ་བླ་མ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་བླ་མ་ཁྱོད་དེ་སྐད་མ་སྨྲ་བར་ཞེས་བྱ་བ་ནས། བསྙེན་བཀུར་བྱེད་དུ་ཞེས་བྱ་བའི་བར་དུའོ། །དེ་ནས་རྫ་མཁན་དགའ་སྐྱོང་གིས་
Vol. 3 · folio 5b
བྲམ་ཟེའི་ཁྱེའུ་བླ་མའི་ཤིང་རྟ་ལ་འཛེགས་ནས་བྲམ་ཟེའི་ཁྱེའུ་བླ་མའི་ཅོ་ཏོ་ནས་བཟུང་སྟེ། འདི་སྐད་ཅེས་སྨྲས་སོ། །དེས་པ་བླ་མ་ཚུར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་། དེ་ནས་བྲམ་ཟེའི་ཁྱེའུ་བླ་མ་འདི་སྙམ་དུ་སེམས་
ཏེ། ཨེ་མའོ་སངས་རྒྱས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་པས་ད་ལྟར་རྫ་མཁན་དགའ་སྐྱོང་ཡུན་རིང་པོ་ནས་གཏུམ་པོ་མ་ཡིན། གཟུ་ལུམས་ཅན་མ་ཡིན། བརླང་པོ་མ་ཡིན་བསྲི་བ་མེད་པ་མ་ཡིན་པ་དེས་བདག་གི་སྐྲ་
རྣམས་བཟུང་བར་གྱུར་ཏོ་སྙམ་དུ་རིག་ནས། རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་དེ་ཙམ་བྱ་བ་ལ་ཐུག་གམ། དེས་པ་དེ་ཙམ་བྱ་བ་ལ་ཐུག་ཅེས་སོ། །དེས་པ་དགའ་སྐྱོང་དེ་ལྟ་ན་ཐོང་ཤིག་དང་ཡང་དག་པར་རྫོགས་པའི་སངས་
རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་། །དེ་ནས་རྫ་མཁན་དགའ་སྐྱོང་དང་བྲམ་ཟེའི་ཁྱེའུ་བླ་མ་ཤིང་རྟ་གཅིག་གི་ནང་དུ་ཞུགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་དོང་སྟེ། དེ་གཉིས་ཀྱིས་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་
སོང་ནས་བཞོན་པ་ལས་བབས་ཏེ། རྐང་པ་ཁོ་ནས་ཀུན་དགའ་ར་བའི་ནང་དུ་ཞུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་ཕྱིན་པ་དང་། དེ་ནས་རྫ་མཁན་དགའ་སྐྱོང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་
ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །བྲམ་ཟེའི་ཁྱེའུ་བླ་མས་ནི་བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །
དེ་ནས་རྫ་མཁན་དགའ་སྐྱོང་གིས་ཐལ་མོ་སྦྱར་བ་བཏུད་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེ་ལོགས་སུ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྲམ་ཟེའི་ཁྱེའུ་བླ་མ་འདི་སངས་རྒྱས་ལ་མངོན་པར་མ་དད་ཅིང་ཆོས་དང་དགེ་འདུན་ལ་མངོན་པར་མ་དད་
Vol. 3 · folio 6a
ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བྲམ་ཟེའི་ཁྱེའུ་བླ་མ་འདི་སངས་རྒྱས་ལ་མངོན་པར་དད་ཅིང་ཆོས་དང་དགེ་འདུན་ལ་མངོན་པར་དད་པར་འགྱུར་བའི་ཆོས་དེ་ལྟ་བུ་ལེགས་པར་བཤད་དུ་གསོལ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་
འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་
དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་བླ་མས་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་
སོ། །དེས་པ་དགའ་སྐྱོང་ཁྱོད་ཆོས་འདུལ་བ་འདི་ལྟ་བུ་ཐོས་ན་ཅིའི་ཕྱིར་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་མི་འབྱུང་། དེས་པ་བླ་མ་ཁོ་བོ་འདི་ལྟར་ཕ་མ་ལོང་བ་གཉིས་གསོ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་
ལ་དུས་དུས་སུ་བསོད་སྙོམས་འབུལ་བ་ཁྱོད་ཀྱིས་མི་ཤེས་སམ། དེས་པ་བླ་མ་ཁྱོད་རབ་ཏུ་བྱུང་ཤིག །ཁོ་བོ་ནི་རེ་ཞིག་རབ་ཏུ་མི་འབྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྫ་མཁན་དགའ་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བྲམ་ཟེའི་ཁྱེའུ་བླ་མ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མཛད་
དུ་གསོལ། བྲམ་ཟེའི་ཁྱེའུ་བླ་མས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་རབ་ཏུ་ཕྱུང་ཞིང་བསྙེན་པར་
Vol. 3 · folio 6b
རྫོགས་པར་མཛད་ནས། བཻ་བྷི་ཊིང་གིར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་བཱ་རཱ་ཎ་སཱི་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་བཱ་རཱ་ཎ་སཱིར་བྱོན་ཏོ། །རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡུལ་ཀ་ཤི་ནས་
ལྗོངས་རྒྱུ་ཞིང་གཤེགས་པ་དང་བཱ་རཱ་ཎ་སཱིར་གཤེགས་ཏེ། བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་སྟེ། ཕྱིན་པ་དང་ཡང་དག་པར་རྫོགས་པའི་
སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད།
ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་
བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་རྒྱལ་པོ་ཀྲྀ་ཀཱི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེ་
ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་སང་བདག་གིས་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་
དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཅང་མི་གསུང་བས་གནང་བར་རིག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་
Vol. 3 · folio 7a
སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་རྣམས་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས།
ནོར་བུའི་ཆུ་སྣོད་བཞག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་མཆིས་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་ཡང་དག་པར་རྫོགས་པའི་སངས་
རྒྱས་འོད་སྲུང་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། རྒྱལ་པོ་ཀྲྀ་ཀཱིའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་
དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་ཟིན་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་རྣམས་ཀྱིས་རང་གི་ལག་ནས་སྟོབས་ཤིང་
ཚིམ་པར་བྱེད་དེ། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་རྣམས་ཀྱིས་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསོལ་ཟིན་ནས་ཕྱག་བཅབས་ཏེ། ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་
བ་ཞིག་བླངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་གསོལ་བ་བཏབ་པ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་གིས་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་།
སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་འབུལ་ཞིང་། བདག་གིས་བཅོམ་ལྡན་འདས་ཀྱི་སླད་དུ་གཙུག་ལག་ཁང་ལྔ་བརྒྱ་ཙམ་བརྩིག་ཅིང་ཁྲི་དང་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། སྔས་ནང་ཚངས་ཅན་དང་། གོར་བུ་ལྔ་བརྒྱ་ཙམ་དབུལ་ཞིང་འབྲས་སྦུབས་སུ་
Vol. 3 · folio 7b
སྨིན་པ་དེ་ལྟ་བུ་འདིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བགྱིད་ལགས་ན་གནང་བར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ་ཇི་ཙམ་སེམས་མངོན་པར་དད་པར་བྱས་པ་དེ་ཙམ་གྱིས་བྱས་ཟིན་གྱིས་ཆོག་གོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་
རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲྀ་ཀཱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་ཞེས་བྱ་བ་ནས། བདག་ལ་གནང་བར་མཛད་དུ་གསོལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལན་གཉིས་
ལན་གསུམ་དུ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཇི་ཙམ་སེམས་མངོན་པར་དད་པར་བྱས་པ་དེ་ཙམ་གྱིས་བྱས་ཟིན་གྱིས་ཆོག་གོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་
རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲྀ་ཀཱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པ། དཔེར་ན་ད་ལྟར་གྱི་བདག་འདྲ་བ་གཞན་འགའ་ལྟ་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་ཁྱོད་ཉིད་ཀྱི་ཡུལ་ན་བཻ་བྷི་ཊིང་གི་ཞེས་བྱ་བའི་གྲོང་ཡོད་
དེ། དེ་ན་རྫ་མཁན་དགའ་སྐྱོང་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ་ཞེས་བྱ་བ་ནས་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་ཕ་མ་ལོང་བ་གཉིས་གསོ་ཞིང་དུས་དུས་སུ་ང་ལ་ཡང་བསོད་སྙོམས་ཀྱིས་སྟོབས་པར་བྱེད་དེ། རྒྱལ་པོ་ཆེན་པོ་དུས་
གཅིག་ཅིག་ན་ང་བཻ་བྷི་ཊིང་གིའི་ལྗོངས་ཀྱི་གྲོང་རྡལ་ན་ཉེ་བར་བསྟེན་ཅིང་བཞུགས་ནས་སྔ་དྲོ་ཤམ་ཐབས་མནབས་ཏེ་ལྷུང་བཟེད་དང་ཆོས་གོས་བསྣམས་ནས། བཻ་བྷི་ཊིང་གི་ལྗོངས་ཀྱི་གྲོང་རྡལ་དུ་བསོད་སྙོམས་ལ་ཞུགས་ཏེ། ངས་བཻ་བྷི་ཊིང་གིར་བསོད་སྙོམས་སྤྱོད་ཅིང་རྫ་
མཁན་དགའ་སྐྱོང་གི་ཁྱིམ་གང་ན་བ་དེར་གཤེགས་པ་དང་། དེའི་ཚེ་རྫ་མཁན་དགའ་སྐྱོང་དགོས་པ་ཞིག་ལ་ཕྱི་ལོགས་སུ་སོང་ནས། ངས་རྫ་མཁན་དགའ་སྐྱོང་གི་སྒོ་འཕར་ལ་རིམ་གྱིས་དལ་བུ་དལ་བུས་བརྡུངས་པ་ལས་རྫ་མཁན་དགའ་སྐྱོང་གི་ཕ་དང་མས་སྒོ་འཕར་ལ་
Vol. 3 · folio 8a
བརྡུངས་པའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འདི་སུ་ཞིག་བཞིན་བཟངས་འདི་སུ་ཞིག་རྫ་མཁན་དགའ་སྐྱོང་གི་སྒོ་འཕར་ལ་རྡུང་། དེ་གཉིས་ལ་ངས་འདི་སྐད་ཅེས་སྨྲས་ཏེ། ང་ནི་ཡང་དག་པར་རྫོགས་
པའི་སངས་རྒྱས་འོད་སྲུང་ཡིན་ཏེ་བསོད་སྙོམས་བཞེད་དོ། །དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ནང་དུ་སྤྱོན་ཅིག། བཞིན་བཟངས་ནང་དུ་སྤྱོན་ཅིག །ཁྱོད་ལ་རིམ་གྲོ་བགྱིད་པ་ནི་སླད་རོལ་དུ་མཆིས་ཀྱིས་ཕྲུ་བ་ན་ཟན་དྲོན་དང་རྫེའུ་ན་སྲན་
ཚོད་མཆིས་ཀྱིས་ཉིད་ཀྱིས་བཞེས་ཏེ་ལོངས་སྤྱད་དུ་གསོལ། རྒྱལ་པོ་ཆེན་པོ་ངས་བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ནས་ཕྲུ་བ་ན་ཟན་དྲོན་དང་། རྗེའུ་ན་སྲན་ཚོད་ཡོད་པ་དེ་ཉིད་ཀྱིས་བླངས་ནས་ལོངས་སྤྱད་དོ། །དེ་ནས་ཕྱི་ཞིག་ན་རྫ་མཁན་དགའ་
སྐྱོང་འོངས་ནས་ཕྲུ་བ་ན་ཟན་དྲོན་དང་རྫེའུ་ན་སྲན་ཚོད་ཡོད་པ་ཟོས་པར་མཐོང་ནས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ཕྲུ་བ་ན་ཟན་དྲོན་དང་རྫེའུའི་སྲན་ཚོད་སུ་ཞིག་གིས་འཚལ་ལགས། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དགའ་སྐྱོང་ཁྱོད་འདི་ནས་ཕྱིར་
བྱུང་བ་ན་བདག་ཅག་གིས་སྒོ་འཕར་ལ་རྡུང་བའི་སྒྲ་ཞིག་ཐོས་སོ། །ཐོས་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འདི་སུ་ཞིག་བཞིན་བཟངས་འདི་སུ་ཞིག་སྒོ་འཕར་ལ་རྡུང་། དེས་འདི་སྐད་ཅེས་གསུངས་སོ། །ང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་
འོད་སྲུང་ཡིན་ཏེ་བསོད་སྙོམས་བཞེད་དོ། །དེ་ལ་བདག་ཅག་གིས་འདི་སྐད་ཅེས་གསོལ་ཏོ། །འཕགས་པ་ནང་དུ་སྤྱོན་ཅིག །བཞིན་བཟངས་ནང་དུ་སྤྱོན་ཅིག །ཁྱོད་ལ་རིམ་གྲོ་བགྱིད་པ་ནི་སླད་རོལ་དུ་མཆིས་ཀྱིས་ཕྲུ་བ་ན་ཟན་དྲོན་དང་། རྫེའུ་ན་སྲན་ཚོད་
མཆིས་ཀྱིས་ཉིད་ཀྱིས་བཞེས་ལ་ལོངས་སྤྱད་དུ་གསོལ། དེས་དེ་དག་ལོངས་སྤྱད་པར་གྱུར་ཏོ། །དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་ཁྱིམ་དུ་ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་པ་
Vol. 3 · folio 8b
ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དགའ་བ་དང་རབ་ཏུ་དགའ་བས་སྐྱིལ་མོ་ཀྲུང་བཅས་ཏེ་ཞག་བདུན་འདས་པར་བྱས་སོ། །ཟླ་བ་ཕྱེད་ཀྱི་བར་དུ་ཡང་དེའི་ལྷན་ཅིག་ལྡན་པའི་དགའ་བ་ལུས་མི་འདོར་ཞིང་དེ་རྟག་ཏུ་ལུས་ལ་བར་ཆད་མེད་པར་འདུག་གོ། །འདི་ལྟར་
སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་ཞག་བདུན་གྱི་བར་དུ་ཕ་དང་མ་གཉིས་ཀྱི་ཕྲུ་བའི་ཟན་དྲོན་དང་རྗེའུའི་སྲན་ཚོད་ཀྱང་དེ་བཞིན་དུ་འདུག་གོ་རྒྱལ་པོ་ཆེན་པོ་དུས་གཅིག་ན་ང་བཻ་བྷི་ཊིང་གི་ལྗོངས་ཀྱི་གྲོང་རྡལ་དུ་ཉེ་བར་བརྟེན་ཏེ་དབྱར་གནས་པར་
དམ་བཞེས་པ་དང་། ངའི་གཙུག་ལག་ཁང་དུ་ཆར་འབེབས་པའི་ལྷས་ཐོག་མར་ཆར་ཕབ་པར་གྱུར་ཏོ། །དེའི་ཚེ་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་རྩྭ་སར་པས་གཡོགས་སོ། །ངའི་ཞབས་འབྲིང་བྱེད་པ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
དག་ཁྱེད་ཅག་དེང་ལ་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པའི་གཡོགས་མས་ངའི་གཙུག་ལག་ཁང་གཡོགས་ཤིག། བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་ང་ལས་མཉན་ནས། རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པའི་གཡོགས་མ་
འཆུ་བར་བྱེད་པ་ན། དེའི་ཚེ་རྫ་མཁན་དགའ་སྐྱོང་དགོས་པ་འགའ་ཞིག་ལ་ཕྱི་རོལ་ཏུ་སོང་ངོ་། །རྫ་མཁན་དགའ་སྐྱོང་གི་ཕ་དང་མ་གཉིས་ཀྱིས་ལས་བྱེད་པའི་ཁང་པའི་གཡོགས་མ་འཆུ་བའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འདི་སུ་
ཞིག་བཞིན་བཟངས་འདི་སུ་ཞིག་ལས་བྱེད་པའི་ཁང་པའི་གཡོགས་མ་འཆུ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་འབྲིང་བའི་དགེ་སློང་དག་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་
འོད་སྲུང་གི་གཙུག་ལག་ཁང་དུ་ཆར་འབེབས་པའི་ལྷས་ཐོག་མར་ཆར་ཕབ་པས་ཁོ་བོ་ཅག་གིས་འདི་བཤུས་ཏེ་དེ་གཡོགས་སོ། །དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ལ་རིམ་གྲོ་བགྱིད་པ་ནི་སླད་རོལ་དུ་མཆིས་ཀྱིས། འཕགས་པ་དག་སྣོམས་ཤིག །
Vol. 3 · folio 9a
བཞིན་བཟངས་དག་སྣོམས་ཤིག །དེ་ནས་དགེ་སློང་དེ་རྣམས་ཀྱིས་ལས་བྱེད་པའི་ཁང་པ་བཤུས་ནས་ངའི་གཙུག་ལག་ཁང་གཡོགས་སོ། །དེ་ནས་ཕྱི་ཞིག་ན་རྫ་མཁན་དགའ་སྐྱོང་འོངས་ནས་རྫ་མཁན་དགའ་སྐྱོང་གིས་ལས་བྱེད་པའི་ཁང་པའི་
གཡོགས་མ་བཤུས་པ་མཐོང་ངོ་། །མཐོང་ནས་ཀྱང་ཕ་དང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ལས་བྱེད་པའི་ཁང་པ་འདི་སུ་ཞིག་གིས་བཤུས་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནས་ཁྱོད་ཕྱི་ལོགས་སུ་སོང་བ་ན་བདག་ཅག་གིས་ལས་བྱེད་པའི་
ཁང་པའི་གཡོགས་མ་འཆུ་བའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འདི་སུ་ཞིག་བཞིན་བཟངས་འདི་སུ་ཞིག་ལས་བྱེད་པའི་ཁང་པ་འཆུ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་ནི་ཡང་དག་པར་རྫོགས་པའི་སངས་
རྒྱས་འོད་སྲུང་གི་ཞབས་འབྲིང་བ་དགེ་སློང་དག་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་དུ་ཆར་འབེབས་པའི་ལྷས་ཐོག་མར་ཆར་ཕབ་པས་ཁོ་བོ་ཅག་གིས་འདི་བཤུས་ལ་དེ་གཡོགས་སོ། །དེ་རྣམས་ལ་བདག་ཅག་གིས་འདི་སྐད་ཅེས་
སྨྲས་སོ། །ཁྱེད་ཅག་ལ་རིམ་གྲོ་བགྱིད་པ་ནི་སླད་རོལ་དུ་མཆིས་ཀྱིས་འཕགས་པ་དག་སྣོམས་ཤིག །བཞིན་བཟངས་དག་སྣོམས་ཤིག །དེ་རྣམས་ཀྱིས་ལས་བྱེད་པའི་ཁང་པ་དེ་བཤུས་སོ། །དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་སེམས་ཏེ། ཡང་དག་པར་
རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་ཁྱིམ་དུ་ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་བྱ་བ་ནས་ཞག་བདུན་དུ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་ལྷ་རྣམས་ཀྱི་
ལྷའི་མཐུས་རྫ་མཁན་དགའ་སྐྱོང་གི་ཕ་མའི་དབྱར་གྱི་གནས་དེར་ལས་བྱེད་པའི་ཁང་པར་ཆར་པ་ཐིགས་པ་གཅིག་ཀྱང་མ་བབ་བོ། །རྒྱལ་པོ་ཆེན་པོ་ཁྱོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་།
Vol. 3 · folio 9b
གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་འབུལ་ན་མ་གནང་ངོ་། །ཞེས་ཁྱོད་ཀྱི་སེམས་གཞན་དུ་འགྱུར་གྱི། དགའ་སྐྱོང་ནི་ལས་བྱེད་པའི་ཁང་པའི་གཡོགས་མ་བཤུས་ཀྱང་སེམས་གཞན་དུ་མ་གྱུར་ཏོ། །བཙུན་པ་རྫ་མཁན་དགའ་སྐྱོང་
གིས་ནི་ཐོབ་པ་ལེགས་པར་ཐོབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དེའི་སྡུམ་པར་ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་ལགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱིའི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་
མཛད་དེ། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །བདེ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །སྟེང་དང་འོག་དང་ཐད་ཀར་ཡང་། །
འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་
འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཤེགས་ནས་རིང་པོ་མ་ལོན་པར་རྒྱལ་པོ་ཀྲྀ་ཀཱིས་མི་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་ཁྱོད་
སོང་ལ་སྦུབས་སུ་སྨིན་པའི་འབྲས་ཀྱིས་ཤིང་རྟ་ལྔ་བརྒྱ་ཙམ་ཁོང་ལ། རྫ་མཁན་དགའ་སྐྱོང་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། དེ་ལ་འདི་སྐད་ཅེས་དེས་པ་དགའ་སྐྱོང་རྒྱལ་པོ་ཀྲྀ་ཀཱིས་ཁྱོད་ལ་སྦུབས་སུ་སྨིན་པའི་འབྲས་ཀྱིས་བཀང་བའི་ཤིང་རྟ་ལྔ་བརྒྱ་ཙམ་པོ་འདི་
དག་བསྐུར་གྱིས་འདིས་ཁྱོད་ཀྱི་ཕ་མ་ལོང་བ་གཉིས་གསོ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་དུས་སུ་བསོད་སྙོམས་དབུལ་བ་དང་། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱོས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་རྒྱལ་
Vol. 3 · folio 10a
པོ་ཀྲྀ་ཀཱི་ལས་མཉན་ནས་སྦུབས་སུ་སྨིན་པའི་འབྲས་ཀྱིས་ཤིང་རྟ་ལྔ་བརྒྱ་ཙམ་བཀང་སྟེ། རྫ་མཁན་དགའ་སྐྱོང་གང་ན་བ་དེར་སོང་ནས་ཕྱིན་པ་དང་། རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་རྒྱལ་པོ་ཀྲྀ་ཀཱིས་ཁྱོད་
ལ་སྦུབས་སུ་སྨིན་པའི་འབྲས་ཀྱིས་བཀང་བའི་ཤིང་རྟ་ལྔ་བརྒྱ་ཙམ་པོ་འདི་དག་བསྐུར་གྱིས། འདིས་ཁྱོད་ཀྱི་ཕ་མ་ལོང་བ་གཉིས་གསོ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསོད་སྙོམས་དབུལ་བ་དང་། བདག་ཉིད་ཀྱང་ལེགས་
པར་བདེ་བས་ཚིམ་པར་བྱོས་ཤིག་ཅེས་གསུང་ངོ་། །ཀྱེ་ནང་རྗེ་རྒྱལ་པོ་ཀྲྀ་ཀཱི་ནི་དགོས་པ་མང་ཞིང་བྱ་བ་མང་བ་ཡིན་ལ། བདག་ནི་དགོས་པ་ཉུང་ཞིང་བྱ་བ་ཉུང་བ་ཡིན་ནོ་ཞེས་སྨྲས་ནས་མ་བླངས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ཀྱི་བྲམ་ཟེའི་ཁྱེའུ་བླ་མ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་གང་ཟག་ལ་སྐུར་གྱི་བྱང་ཆུབ་ལ་མ་ཡིན་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་བྱང་ཆུབ་ཀྱི་སྙིང་པོར་དཀའ་བ་ལོ་དྲུག་སྤྱད་དོ། །གལ་ཏེ་ངས་བྱང་ཆུབ་ལ་བསྐུར་བར་གྱུར་ན། ངས་སླར་ཡང་
བསྐལ་པ་གྲངས་མེད་པ་གསུམ་དུ་བྱང་ཆུབ་ཀྱི་ཆེད་དུ་བདག་ཉིད་ཤིན་ཏུ་དུབ་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། ཕྲིན་ལས་དེའི་རྣམ་པར་སྨིན་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་བཅོམ་ལྡན་འདས་ལ་འཁྲུ་བའི་སྙུན་
གྱིས་ཐེབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་འདི་དག་བྱས་ཤིང་བསགས་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །
དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་སྨན་པ་ཞིག་ཡོད་པ་ལས་དེ་ན་ཁྱིམ་བདག་ཅིག་གི་བུ་ནད་ཀྱིས་ཐེབས་ནས། དེས་སྨན་པ་དེ་བཀུག་སྟེ་དྲིས་ནས་དེས་དེ་ལ་སྨན་བྱིན་པས་སོས་པར་གྱུར་ན། ཁྱིམ་བདག་དེས་དེ་ལ་རྔན་པ་མ་བྱིན་ནོ། །ཁྱིམ་བདག་གི་བུ་དེ་ལན་གསུམ་
Vol. 3 · folio 10b
གྱི་བར་དུ་ནད་ཀྱིས་ཐེབས་ཏེ། སྨན་པ་དེས་ལན་གསུམ་གྱི་བར་དུ་སོས་པར་བྱས་ཀྱང་དེས་དེ་ལ་རྔན་པ་མ་བྱིན་ནས་དེ་ནས་སྨན་པ་དེ་ཀུན་ནས་དཀྲིས་པ་དྲག་པོས་མི་བཟོད་པར་གྱུར་ནས་བསམས་པ། ཁྱིམ་བདག་གི་བུ་འདི་བདག་གིས་ལན་གསུམ་གྱི་བར་དུ་དཔྱད་བྱས་ཀྱང་འདིས་
ཅུང་ཟད་ཀྱང་ལན་དུ་ཕན་མ་བཏགས་ཀྱིས། ད་ནི་བརྒྱ་ལ་ནད་ཀྱིས་ཐེབས་པར་གྱུར་དང་། དེ་ལ་སྨན་མ་ཡིན་པ་གང་ཞིག་གིས་དེའི་ནང་གྲོལ་རྣམས་དུམ་བུ་དུམ་བུར་འཛག་པར་འགྱུར་བ་དེ་ལྟ་བུ་སྦྱིན་ནོ་སྙམ་པ་ལས་ཇི་ཙམ་ན་ཁྱིམ་བདག་དེའི་བུ་མ་བདེ་སྟེ་སླར་ན་བར་གྱུར་པ་དང་།
སྨན་པ་དེས་མི་བཟོད་པ་སྐྱེས་པས། དེ་ལ་སྨན་མ་ཡིན་པ་བྱིན་ནས་དེས་ནང་གྲོལ་རྣམས་དུམ་བུ་དུམ་བུར་ཟགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྨན་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་ངན་སེམས་ཀྱིས་ཁྱིམ་བདག་གི་བུ་ལ་སྨན་མ་ཡིན་
པ་བྱིན་པས་དེས་ནང་གྲོལ་རྣམས་དུམ་བུ་དུམ་བུར་ཟགས་པ་གང་ཡིན་པ་དེའི་ལས་དེའི་རྣམ་པར་སྨིན་པས་ལོ་མང་པོ་ཞེས་བྱ་བ་ནས། སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལས་དེའི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་
པར་བྱང་ཆུབ་པ་ན་ཡང་འཁྲུ་བའི་སྙུན་གྱིས་ཐེབས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། ཕྲིན་ལས་དེའི་རྣམ་པར་སྨིན་པས་ཤཱཀྱ་རྣམས་བཀུམ་པ་ན། བཅོམ་ལྡན་འདས་ཀྱི་དབུ་སྙུན་རབ་ཏུ་དྲག་པོས་ཐེབས་པར་གྱུར་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་འདི་དག་བྱས་ཤིང་བསགས་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་
ཆུ་བོ་གཉེན་ལྡན་གྱི་འགྲམ་ན་ཉ་པ་ལྔ་བརྒྱ་རྟེན་ཅིང་གནས་ཏེ། དེ་རྣམས་ཀྱིས་ཉ་ཤིན་ཏུ་ཆེ་བ་གཉིས་ཤིག་ཇི་ལྟར་གཉེན་ལྡན་གྱི་ནང་དུ་ཞུགས་ཏེ་ཉལ་བ་ཟིན་པ་དང་། དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་གཉིས་བསད་ན་ཤ་ལོམ་པར་མི་འགྱུར་ཞིང་རུལ་བར་
Vol. 3 · folio 11a
འགྱུར་རོ་སྙམ་ནས་དེ་རྣམས་ཀྱིས་དེ་གཉིས་ཕུར་པ་ལ་བཏགས་ནས་བཞག་གོ། །གང་གི་ཚེ་ལན་འགའ་ཞིག་ཉོ་བར་འོངས་པ་དེའི་ཚེ་བཅད་ཅིང་བཅད་ཅིང་སྦྱིན་པར་བྱེད་དོ། །དེ་གཉིས་ཀྱི་ལུས་ལ་གཅོད་པ་ན་སྡུག་བསྔལ་གྱི་ཚོར་བས་ཉེན་པས་རང་གི་
རིས་མཐུན་པའི་སྐད་འབྱིན་པས་འབོ་སྒྲ་འདོན་པར་བྱེད་དོ། །དེ་ན་ཉ་པའི་ཁྱེའུ་གཅིག་ཅིག་དེ་གཉིས་ཀྱི་ཤ་གཅོད་པ་ན་ཡང་དང་ཡང་དུ་འབོ་སྒྲ་འདོན་པ་ལ་དགའ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཉ་པའི་ཁྱེའུ་གང་ཡིན་པ་དེ་ནི་ང་
ཡིན་ཏེ། ངས་ཉ་གསོད་པར་བྱེད་པ་ལ་དགའ་བ་བསྐྱེད་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་ཞེས་བྱ་བ་ནས། ཀླད་པ་ན་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་
ན་ཡང་ཤཱཀྱ་རྣམས་བསད་པ་ན་ཀླད་ནད་རབ་ཏུ་དྲག་པོས་ཐེབས་པར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། ཕྲིན་ལས་དེའི་རྣམ་པར་སྨིན་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་བཅོམ་ལྡན་འདས་ཀྱི་སྐུ་རྒྱབ་བསེར་མའི་སྙུན་
གྱིས་ཐེབས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་འདི་དག་བྱས་ཤིང་བསགས་པས་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་
བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་གྱད་གཅིག་གིས་ཡུལ་ལྗོངས་ཀྱི་གྱད་ཐམས་ཅད་བརྡབས་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་དང་། རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོའི་གྱད་སྟོབས་དང་ཕ་རོལ་གནོན་པ་ཐུབ་རླག་པ་ཞིག་ཡོད་དེ། དེ་དེ་དང་ལྷན་
ཅིག་རྒྱལ་མཚན་གྱི་ཕྱིར་སྟོབས་འགྱེད་པ་ལ་ཞུགས་སོ། །གྱད་དེ་དག་གི་ཀུན་ཏུ་སྤྱོད་པ་ནི་ལག་པ་ནས་བཟུང་བ་ཁོ་ནས་གྱད་ཀྱིས་གྱད་ཤེས་པ་ཡིན་པས། དེ་ནས་རྒྱལ་པོའི་གྱད་དེས་ཡུལ་ལྗོངས་ཀྱི་གྱད་འདི་ནི་བདག་པས་སྟོབས་ཆེའོ་ཞེས་བྱ་བར་ཤེས་ནས་དེས་སྨྲས་
Vol. 3 · folio 11b
པ། ནེའུ་ཟླ་བདག་གི་འདི་ནི་རིགས་ཀྱི་རྒྱུད་ཀྱིས་འོངས་པ་ཡིན་གྱིས། ཁྱོད་བདག་ཉིད་འགྱེལ་བར་བྱོས་ཤིག་དང་། བདག་ལ་ནི་གྲགས་པར་ཟད་ལ་རུ་མཚོན་ནི་ཁྱོད་ཀྱི་ཡིན་པར་འགྱུར་རོ། །དེས་ཁས་བླངས་པ་དང་། དེས་དེ་མནན་ཏོ། །དེས་རུ་
མཚོན་བླང་བར་བརྩམས་པ་དང་། དེས་སྨྲས་པ། ནེའུ་ཟླ་སྒྱུའམ་མཐུས་རྒྱལ་བ་དོན་དུ་གཉེར་བ་ཡིན་པ་ལས་ཁྱོད་ངས་སྒྱུས་བསླུས་ན། ཅིའི་ཕྱིར་རུ་མཚོན་སྦྱིན་བདག་ཉིད་ཆེན་པོ་དེ་ང་རྒྱལ་བཅོམ་པ་ཞིག་པས་ལན་གསུམ་གྱི་བར་དུ་གྱད་དེ་དང་ལྷན་ཅིག་འགྱེད་
པར་ཞུགས་པ་ན་ཡང་དེ་ལ་བསླུ་བར་བརྩམས་པ་ན་ནེའུ་ཟླ་ཁྱོད་ལ་རུ་མཚོན་གྱིས་ཅི་ཞིག་བྱ་བདག་གི་སྲིང་མོ་ཕྱུགས་ཆུང་མ་ཁྱིམ་ཐབ་ལ་མ་སོང་བ་ཞིག་ཡོད་པ་དེ་ཁྱོད་ལ་སྦྱིན་གྱིས་བདག་ཉིད་འགྱེལ་བར་བྱོས་ཤིག །བསླུས་པ་དེ་དེའི་ཆུང་མས་ཐོས་ནས་དེས་སྨྲས་པ། རྗེའི་
སྲས་སྔ་མའི་གླེང་གཞི་དག་དགོངས་སམ། དེ་ནས་དེའི་ཆུང་མས་ང་རྒྱལ་བསྐྱེད་ནས་ཀུན་ནས་དཀྲིས་པ་དྲག་པོས་དེ་བཏེག་སྟེ། བརྡབས་པས་དེ་སྒལ་ཚིགས་ཆག་ནས་ཤིའོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཡུལ་ལྗོངས་ཀྱི་གྱད་གང་ཡིན་པ་
དེ་ནི་ང་ཉིད་ཡིན་ཏེ། ངས་ངན་སེམས་བསྐྱེད་ནས་ཀུན་ནས་དཀྲིས་པ་དྲག་པོས་རྒྱལ་པོའི་གྱད་སྒལ་ཚིགས་བཅག་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོ་རྣམས་
སུ་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་ངའི་སྒལ་ཚིགས་རླུང་ནད་ཀྱིས་ཐེབས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ།
དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། །།འདུལ་བ་གཞི། བམ་པོ་ལྔ་བཅུ་དྲུག་པ། ཐམས་ཅད་ཟིལ་གནོན་ཐམས་ཅད་གཟིགས། །ཐུབ་པ་འཇིག་རྟེན་ཀུན་ལ་སྨན། །སྲེད་པ་ཐམས་ཅད་
Vol. 3 · folio 12a
ཟད་པ་བརྙེས། །སྦྱོར་བ་ཀུན་གྱི་མཐར་ཕྱིན་མཛད། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་རིག །ཐུབ་ཆེན་ཐམས་ཅད་མངོན་པར་མཁྱེན། །འཁོན་དང་འཇིགས་པ་ཀུན་ལས་འདས། །ཆོས་ཀུན་གྱི་ནི་ཕ་རོལ་གཤེགས། །བསམ་པ་ཀུན་
ལ་མཁས་པ་པོ། །སྲེད་པ་ཐམས་ཅད་རབ་ཏུ་བཅོམ། །སེམས་ཅན་ཀུན་ལ་ཕན་དགོངས་པ། །མདུད་པ་ཐམས་ཅད་རབ་ཏུ་གྲོལ། །བག་ལ་ཉལ་ཀུན་བཅད་ནས་ནི། །འཆིང་བ་ཐམས་ཅད་ཡང་དག་བཅད། །སེམས་ཅན་ཀུན་གྱི་མཆོག་རབ་སྟེ། །
ཐུབ་པ་ཆོས་རྣམས་སྟོན་པར་མཛད། །སེམས་ཅན་ཆེན་པོ་ཤེས་རབ་ཆེ། །བརྩོན་འགྲུས་ཆེན་པོ་གྲགས་པ་ཆེ། །ཆོས་ཆེན་འོད་ནི་ཆེན་པོ་པ། །ཆོས་ཆེན་དོན་གྱི་ཕ་རོལ་གཤེགས། །ཀླུ་ཆེན་སེང་གེ་ཆེན་པོ་པ། །དགེ་སློང་ཆེན་པོ་དྲང་སྲོང་ཆེ། །ཤེས་
རབ་ཆེན་པོའི་རལ་གྲི་མཚོན། །ཉོན་མོངས་ཆེན་པོ་རབ་ཏུ་བཅོམ། །སྟོབས་དང་བརྩོན་འགྲུས་རབ་ཏུ་ཆེ། །བརྟན་པ་ཆེན་པོ་ཕ་རོལ་གནོན། །བྱང་ཆུབ་ཆེན་པོ་བརྙེས་པ་གང་། །དགྲ་ཆེན་རྣམས་ལས་རྣམ་པར་རྒྱལ། །ནད་ཆེན་པོ་ཡི་དཔྱད་མཛད་པས། །
བཅོམ་ལྡན་སྨན་པ་ཆེན་པོ་ལགས། །འདོད་ཆགས་ཆེན་པོ་ཟིལ་གནོན་ལ། །སྨན་ཆེན་པོ་ནི་སྩོལ་བ་པོ། །འཁོར་བ་ཆེན་པོའི་བཙོན་ར་ན། །འཆིང་བ་ཆེན་པོས་བཅིངས་རྣམས་ལ། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །འཆིང་བ་ཀུན་ལས་གྲོལ་
བར་མཛད། །སྐྱེས་བུ་ཆེན་པོ་ལྷ་ཆེན་པོ། །ཚོགས་རྣམས་ཀྱི་ནི་ཚོགས་ཆེན་ལྡན། །སྦྱིན་པའི་མཆོག་ནི་སྦྱིན་ཆེན་པོ། །ཞི་བ་ཆེན་པོའི་གོ་འཕང་རེག །སེམས་ཅན་མཆོག་སྟེ་དྲང་སྲོང་མཆོག །དེ་བཞིན་རྣམ་པར་འདྲེན་མཆོག་བརྙེས། །ཉན་
ཐོས་མཆོག་ནི་ཕུན་སུམ་ཚོགས། །ཆོས་ཀྱི་མཆོག་ནི་རབ་སྟོན་པ། །ཤིན་ཏུ་མཉམ་པར་བཞག་པའི་མཆོག །ཡོན་གནས་རྣམས་ཀྱི་མཆོག་ཏུ་འོས། །རྣམ་པར་གྲོལ་བ་རྣམས་ཀྱི་མཆོག །མཚན་ནི་མཆོག་རབ་ཀུན་དང་ལྡན། །བཅོམ་ལྡན་སྲིད་ལས་
Vol. 3 · folio 12b
རབ་ཏུ་གྲོལ། །སྲིད་པའི་དགའ་བ་ལས་འཕགས་པ། །སྲིད་པའི་འདོད་ཆགས་ཀུན་ནས་བཅད། །སྲིད་པའི་སྲེད་པ་རབ་ཏུ་བཅོམ། །ཆོས་ཆེན་པོ་ནི་བསྒོམས་པས་ན། །འཇིགས་དང་འཇིགས་སུ་རུང་བ་སྤངས། །ཀླུ་ཡི་རྒྱལ་པོ་རྣམས་ཀྱི་གནས། །
མ་དྲོས་པ་ཡི་མཚོ་ཆེན་དུ། །ཐམས་ཅད་བྱ་བ་བྱས་པ་ཡི། །ཉན་ཐོས་རྣམས་ཀྱི་མདུན་བྱས་ཏེ། །ལྔ་བརྒྱ་རྣམས་དང་ཐབས་ཅིག་ཏུ། །རྫུ་འཕྲུལ་གྱིས་ནི་མཁའ་ལས་གཤེགས། །ཆུ་བོ་དེ་ཡི་འགྲམ་དག་ཏུ། །སྨྲ་བའི་མཆོག་ནི་བཞུགས་ནས་ནི། །
རྗེས་སུ་བརྩེ་བ་ཐུགས་རྗེ་ཅན། །ལུས་ཅན་ཀུན་ལ་ཕན་མཛད་པས། །མཚོ་ལ་གཟིགས་ནས་དགེ་སློང་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ངས་ནི་སྡིག་པ་གང་བྱས་དང་། །ང་ཡི་ཚིག་འདི་མཉན་པར་གྱིས། །ངས་ནི་སྔོན་གྱི་ཚེ་རབས་སུ། །གཡོན་
ཅན་པད་མའི་རྩ་ལག་གྱུར། །རང་སངས་རྒྱས་ནི་ལེགས་སྨོན་ཏེ། །སྐྱོན་མེད་ལ་ནི་སྐུར་བཏབ་ནས། །སྐྱེ་བོའི་ཚོགས་ཆེན་ལྷགས་ནས་སུ། །ཐུབ་པ་ཆོས་ཀྱི་ཡོན་ཏན་དགའ། །བཅིང་བ་དམ་པོས་དེ་བཅིངས་ནས། །གྲོང་ཁྱེར་ནས་ནི་ཕྱུང་བ་དང་། །དགེ་
སྦྱོང་བཅིང་བས་དམ་བཅིངས་པས། །སྡུག་བསྔལ་གྱུར་དེ་ང་ཡིས་མཐོང་། །དེ་ལ་སྙིང་རྗེ་བསྐྱེད་ནས་ཀྱང་། །ང་ཉིད་ཀྱིས་ནི་ཐར་བར་བྱས། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བ་རྣམས་སུ་ཡུན་རིངས་འཕངས། །སླར་ཡང་མིར་ནི་འོངས་པ་ན། །ངས་
ནི་སྐུར་པ་ཐོབ་པར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ཀྱང་། །ང་ཡི་ཡང་སྲིད་ཐ་མ་ལ། །མུ་སྟེགས་རྣམས་ཀྱིས་མཛེས་མའི་ཕྱིར། །ཡང་དག་མ་ཡིན་སྐུར་པ་བཏབ། །ང་སྔོན་བྲམ་ཟེར་གྱུར་པ་ན། །གསང་ཚིག་འཛིན་ཅིང་མང་ཐོས་པ། །བྲམ་ཟེ་ལྔ་བརྒྱ་
རྣམས་ལ་ནི། །ཚལ་ན་གསང་ཚིག་བརྗོད་པའི་ཚེ། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་ཆེ། །བྱིན་ཅན་དྲང་སྲོང་དེར་འོངས་པ། །བཀུར་སྟི་བྱེད་པ་ངས་མཐོང་ནས། །སྐྱོན་མེད་ལ་ནི་སྐུར་པ་བཏབ། །དྲང་སྲོང་འདི་ནི་འདོད་སྤྱོད་ཅེས། །ངས་ནི་བྲམ་ཟེའི་ཁྱེའུ་ལ་
Vol. 3 · folio 13a
སྨྲས། །བྲམ་ཟེའི་ཁྱེའུ་རྣམས་ང་ཡི་ཚིག །ཐོས་ནས་རྗེས་སུ་ཡི་རང་ཞིང་། །དེ་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས། །ཁྱིམ་དང་ཁྱིམ་དུ་སློང་བ་ན། །དྲང་སྲོང་འདི་ནི་འདོད་སྤྱོད་ཅེས། །སྐྱེ་བོ་མང་པོ་དག་ལ་སྨྲས། །ལས་ཀྱི་རྣམ་པར་སྨིན་
པ་དེས། །དགེ་སློང་ལྔ་བརྒྱ་དག་དང་ཡང་། །མཛེས་མ་ཁོ་ནའི་རྒྱུ་ལས་ནི། །སྐུར་པ་དག་ནི་ཐོབ་པར་གྱུར། །སངས་རྒྱས་ཐམས་ཅད་ཟིལ་ནོན་གྱིས། །ཉན་ཐོས་གྱུར་པ་གནས་འཇོག་བུ། །དེ་ཚེ་དགེ་སྦྱོང་དེ་ལ་ནི། །ངས་ནི་མི་བདེན་སྐུར་པ་བཏབ། །སྡིག་
པའི་ལས་དེ་བྱས་པས་ན། །མི་བཟད་ངན་འགྲོར་སོང་ནས་ནི། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་ལྷག་མས་ནི། །ང་ལ་བྲམ་ཟེ་རྩ་མིས་འདིར། །སྐྱེ་བོའི་ཚོགས་ནི་འདུས་པ་ན། །ཡང་དག་མ་
ཡིན་སྐུར་པ་བཏབ། །ནོར་གྱི་ཕྱིར་ནི་སྐྱོན་མེད་པར། །ངས་ནི་གཡས་ཁྱིམ་ནུ་བོ་ནི། །རི་ཡི་གསེབ་ཏུ་བཅུག་ནས་སུ། །ངས་ནི་རྡོ་བ་དག་གིས་བསྣུན། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བ་དག་ཏུ་ཡུན་རིངས་འཕངས། །རབ་ཏུ་ཚ་དང་ཐིག་ནག་གི། །
སྡུག་བསྔལ་ཚོར་བ་མྱོང་བར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ནི། །ལྷ་སྦྱིན་གྱིས་ནི་རྡོ་འཕངས་ཏེ། །ང་ཡི་ཞབས་ཀྱི་མཐེ་བོ་ནི། །རྡོ་བའི་དུམ་བུས་རྨ་ཡང་ཕྱུང་། །རྒྱ་མཚོ་ཡི་ནི་གྲུ་བོ་ཆེས། །རྒྱ་མཚོ་ལ་ནི་འགྲོ་བ་ན། །གྲུ་ན་འདུག་པའི་ཚོང་པ་ནི། །མདུང་
ཐུང་རྣོན་པོས་བསད་པར་གྱུར། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བ་རྣམས་སུ་ཡུན་རིངས་འཕངས། །དེ་ཡི་ལས་ཀྱི་ལྷག་མས་ངའི། །ཞབས་ལ་ཚལ་པས་ཟུག་པར་གྱུར། །སྔོན་ནི་ཉ་པའི་གྲོང་ཁྱེར་གྱི། །ཉ་པའི་བུར་ནི་གྱུར་པ་ན། །ཉ་རྣམས་གསོད་
པར་བྱེད་པ་དང་། །ཡིད་དགའ་བ་ནི་སྐྱེས་པར་གྱུར། །ལས་ཀྱི་རྣམ་པར་སྨིན་པ་དེས། །ང་ནི་དམྱལ་བར་ཡུན་རིངས་འཕངས། །རབ་ཏུ་ཚ་དང་ཐིག་ནག་དང་། །སྡུག་བསྔལ་མང་པོ་མྱོང་བར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ནི། །གང་གི་ཚེ་ན་འཕགས་
Vol. 3 · folio 13b
སྐྱེས་པོས། །ཤཱཀྱ་རྣམས་ནི་གསོད་པ་ན། །ཀླད་པ་མི་བཟད་ནད་ཀྱིས་ཐེབས། །རྣམ་པར་གཟིགས་ཀྱི་གསུང་རབ་ཀྱི། །ཉན་ཐོས་ཡོངས་སུ་སྨད་བྱས་ཏེ། །ཁྱེད་ནི་ནས་དག་ཟ་བར་འོས། །ཁྱེད་ལ་འབྲས་ནི་མི་རིགས་ཞེས། །ངག་གིས་ཉེས་པར་
སྤྱད་པ་དང་། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བ་ཐིག་ནག་རྣམས་སུ་ནི། །སྡུག་བསྔལ་མང་པོ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་ལྷག་མས་ནི། །དགྲ་མཐར་དབྱར་ནི་གནས་བཅས་ཏེ། །བྲམ་ཟེ་ཡིས་ནི་སྤྱན་དྲངས་ཚེ། །ཟླ་བ་གསུམ་དུ་ནས་
དག་ཟོས། །ང་ནི་སྨན་པར་གྱུར་པ་ན། །ཚོང་དཔོན་བུ་ཕོ་འཁྲུར་འཇུག་ཚེ། །ནད་ཀྱིས་སྡུག་བསྔལ་གྱུར་པ་ལ། །སྨན་མ་ཡིན་པ་ངས་བྱིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་དེས། །སྡུག་བསྔལ་མང་པོ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་ལྷག་མས་ནི། །
དེ་འདྲའི་འཁྲུ་བའི་ནད་ཀྱིས་ཐེབས། །སྔོན་གྱི་ཚེ་རབས་གཞན་རྣམས་སུ། །ང་ནི་མཐུ་ཅན་གྱད་གྱུར་ཚེ། །སྟོབས་དག་འགྱེད་པར་བྱེད་པ་ན། །ངས་ནི་གྱད་ཀྱི་བུ་ཞིག་བསད། །ལས་ཀྱི་རྣམ་པར་སྨིན་པ་དེས། །སྡུག་བསྔལ་མང་པོ་ཉམས་སུ་མྱོང་། །དེ་ནས་
ལས་ཀྱི་ལྷག་མས་ནི། །འདི་ན་ང་ཡི་རྒྱབ་བསྙུང་ངོ་། །སྔོན་ནི་ངན་སྤོང་བུར་གྱུར་པ། །དགའ་སྐྱོང་ལ་ནི་སྨྲས་པ་ནི། །མགོ་རེག་ངས་མཐོང་ཅི་ཞིག་བྱ། །འདི་ལ་བྱང་ཆུབ་ཡོད་མ་ཡིན། །ངག་གིས་ཉེས་པར་སྤྱོད་པ་དང་། །ལས་ཀྱི་རྣམ་པར་སྨིན་པ་དེས། །
འདིར་ཡང་མིར་ནི་འོངས་པ་ན། །ཁྱིམ་མེད་པར་ནི་རབ་བྱུང་ནས། །བྱང་ཆུབ་མཆོག་ནི་འདོད་པའི་ཕྱིར། །ལྟེང་རྒྱས་འགྲམ་དུ་ལོ་དྲུག་ཏུ། །མཆོག་ཏུ་དཀའ་བ་སྤྱད་པ་ངས། །སྡུག་བསྔལ་མང་པོ་ཉམས་སུ་མྱོང་། །སེམས་ཅན་ཀུན་གྱི་རབ་མཆོག་གིས། །
ཆོས་ཀྱི་དམ་པ་ཐུགས་ཆུད་ནས། །སྡིག་པའི་ལས་ནི་གང་མཛད་པ། །ཚོགས་ཀྱི་མཆོག་ལ་བཀའ་སྩལ་ཏོ། །ཐམས་ཅད་ཟིལ་གནོན་སྟོབས་བརྙེས་ཀྱིས། །དགེ་སློང་དགེ་འདུན་གུང་བཞུགས་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །ཉིད་ཀྱི་ཕྲིན་ལས་
Vol. 3 · folio 14a
ལུང་བསྟན་ཏོ། །དེ་བཞིན་གཤེགས་པའི་ལེའུའོ།། །།སྡོམ་ནི། གནས་འཇོག་སྦྲང་རྩི་ཅན་དང་ནི། །རྒྱུ་ཅན་ཀཽཎྜི་ནྱ་ཉེ་བ་འཁོར། །འོད་བྱེད་དང་ནི་ནམ་གྲུ་སྟེ། །ཕྱི་མ་བདེ་བར་གཤེགས་པ་ཡིན། །མ་དྲོས་པའི་ཚིགས་
སུ་བཅད་པའོ། །དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་མཚོ་ཆེན་པོ་མ་དྲོས་པར་ཕྲིན་ལས་ཀྱི་རྒྱུ་བ་ལུང་བསྟན་ནས་མ་དྲོས་པ་ནས་མི་སྣང་བར་མཛད་དེ། མཉན་ཡོད་ཀྱི་རི་དགས་འཛིན་གྱི་མའི་སྔོན་གྱི་ཀུན་དགའ་ར་བའི་ཁང་བཟངས་ན་
བཞུགས་སོ། །རི་དགས་འཛིན་གྱི་མ་ས་གས། བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པ་ནས་མི་སྣང་བར་མཛད་དེ། མཉན་ཡོད་དུ་གཤེགས་ནས་མཉན་ཡོད་ཀྱི་བདག་གི་ཁང་བཟངས་ཁོ་ན་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མཉན་ཡོད་ནས་
བྱུང་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཞེས་བྱ་བ་ནས་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ནས་རི་དགས་འཛིན་གྱི་མ་ས་ག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་
བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པར་རང་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་དགྲ་བཅོམ་པ་ལྔ་བརྒྱ་གང་དག་ལགས་པ་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། བཅོམ་
ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། རི་དགས་འཛིན་གྱི་མ་ས་གས་གནང་བར་རིག་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། སྟན་ཆེས་དམའ་བ་ཞིག་
བླངས་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རི་དགས་འཛིན་གྱི་མ་ས་ག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་
Vol. 3 · folio 14b
དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ནས་གཙུག་ལག་ཁང་དུ་བྱོན་པ་དང་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
དག་རི་དགས་འཛིན་གྱི་མ་ས་ག་ལ་མ་རྫོགས་པ་ཡོད་དེ། དེས་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ན། འོན་ཀྱང་དགེ་འདུན་གྱི་ཆེད་དུ་ཡོན་མ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན། གྲོང་ཁྱེར་
ཐིགས་པ་ཅན་དུ་བྱོན་ནས། གྲོང་ཁྱེར་ཐིགས་པ་ཅན་གྱི་བྱང་ཕྱོགས་ཀྱི་གྲོང་ཤིང་ཤ་པའི་ཚལ་ན་བཞུགས་སོ། །གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཀོ་ས་ལ་ནས་ཞེས་བྱ་བ་ནས་ཤིང་ཤ་པའི་ཚལ་ན་བཞུགས་སོ་ཞེས་
ཐོས་སོ་བྱ་བའི་བར་གོང་མ་བཞིན་དུའོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་ཁྱུ་ནས་ཁྱུར་ཕྲད་ཅིང་འདུས་ཏེ་གྲོང་ཁྱེར་ཐིགས་པ་ཅན་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་
བྱས་ཏེ་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་
བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་
དང་ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་
Vol. 3 · folio 15a
འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེ་ནས་ཡི་དགས་རུས་གོང་སྦྲེལ་བ་བསྒྲེང་བ་ལྟ་བུ་རང་གི་སྐྲས་ཡོག་པ་ལྟོ་རི་རབ་ཙམ། ཁ་ཁབ་ཀྱི་མིག་ཙམ་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལྔ་བརྒྱ་བཅོམ་ལྡན་འདས་
ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ལ་ཀུན་ནས་ཡོངས་སུ་བསྐོར་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་འདི་དག་ནི་བདག་ཅག་གི་ཉེ་དུར་གྱུར་པ་ལགས་ན། ཀྱེ་མ་བཅོམ་
ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་ཅག་ཁོ་ནའི་མིང་ནས་ཡོན་བསྔོ་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དམ་ཞིག་བཅས་ཏེ། གལ་ཏེ་ཁྱེད་ཅག་ཆ་བྱད་འདི་ཉིད་ཀྱིས་ཡོན་སྔོ་བ་བྱེད་པའི་ཚེ་འོང་ན་ནི་ཁྱེད་
ཅག་གི་མིང་ནས་ཡོན་བསྔོ་བར་བྱའོ། །དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་གཡར་ཚ་ལགས་ན་ཇི་ལྟར་མཆི་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པས་བཀའ་སྩལ་པ། ངོ་ཚ་མེད་ལ་ངོ་ཚ་བྱེད། །ངོ་ཚ་བ་ལ་ངོ་མི་ཚ། །
འཇིགས་པ་མེད་ལ་འཇིགས་པར་ལྟ། །འཇིགས་པ་ལ་ནི་མི་འཇིགས་ལྟ། །ལོག་པའི་ལྟ་བ་བླངས་པས་ན། །སེམས་ཅན་རྣམས་ནི་ངན་འགྲོར་འགྲོ། །ངོ་ཚ་བ་ལ་ངོ་ཚ་དང་། །ངོ་ཚ་མེད་ལ་ངོ་མི་ཚ། །མི་འཇིགས་པ་ལ་མི་འཇིགས་ལྟ། །འཇིགས་པ་ལ་
ནི་འཇིགས་ལྟ་བའི། །ཡང་དག་ལྟ་བ་བླངས་པ་ཡིས། །སེམས་ཅན་རྣམས་ནི་བདེ་འགྲོར་འགྲོ། །དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་མཆི་ལགས་སོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དེ་ཉིད་ཀྱི་
ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ཞེས་བྱ་བ་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡི་དགས་ལྔ་བརྒྱ་པོ་དེ་དག་འོངས་པ་དང་། དེ་
Vol. 3 · folio 15b
ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཡི་དགས་རྣམས་མཐོང་ནས་འབྲོས་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཡི་
དགས་འོ་ནི་དག་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུར་ཤོག་འདི་དག་ནི་ཁྱེད་ཅག་གི་ཉེ་དུ་ཡིན་ནོ། །གལ་ཏེ་ཁྱེད་ཅག་གིས་གནང་ན་ངས་འདི་རྣམས་ཀྱི་མིང་གིས་ཡོན་བསྔོའོ། །དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རུང་
ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་ཀྱིས་དེ་རྣམས་ཀྱི་མིང་ནས་ཡོན་བསྔོ་བ་མཛད་དེ། སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་ནི་ཡི་དགས་རྗེས་འགྲོ་ཞིང་། །འདི་དག་ཡི་དགས་འཇིག་རྟེན་ནི། །མི་བཟད་
པ་ནས་མྱུར་ལྡང་ཤོག །འདི་ཡིས་གོས་དང་སྐོམ་དང་ཟས། །གནས་མལ་རྣམ་པ་སྣ་ཚོགས་པ། །དུས་ཀུན་ཏུ་ནི་མི་ཟད་པར། །དེ་རྣམས་ལ་ནི་གྲུབ་པར་ཤོག །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་
ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་། ཁྱིམ་
བདག་རྣམས་རྟོག་ཁང་དུ་ལྷགས་ཤིང་ཚོགས་ནས་འདི་ལྟ་བུའི་སྐབས་ཀྱི་གཏམ་དག་གླེང་བར་བྱེད་དེ། ཀྱེ་དགེ་སྦྱོང་གཽ་ཏ་མ་ནི་འདོད་ཞེན་ཆེ་ཞིང་དེའི་ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆེ་བ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་ནི་འདོད་ཞེན་ཆུང་
ཞིང་དེའི་ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆུང་སྟེ། མུ་སྟེགས་ཅན་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེའི་ཚེ་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་།
Vol. 3 · folio 16a
ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ་འདོད་ཞེན་ཆེའམ་འདོད་ཞེན་ཆུང་བ་དང་། དེའི་ཉན་ཐོས་རྣམས་འདོད་ཞེན་ཆེའམ། འདོད་ཞེན་ཆུང་བ་ངས་ཁྱེད་ཅག་ཡིད་ཆེས་པར་བྱའོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་
བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་གིས་བཅའ་བ་བུ་རམ་ཞིག་འབུལ་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་
འདས་ཀྱིས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ཀླན་ཀ་ཚོལ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བཅའ་བ་བུ་རམ་ལ་སྤྱན་དྲངས་ཀྱིས། ཁྱེད་ཅག་ལས་གང་གིས་ཇི་ཙམ་ཡོག་པ་དེས་དེ་ཙམ་ཞིག་བླང་བར་བྱའོ། །བྲམ་ཟེ་སྨྲ་འདོད་ཀྱི་བུ་སེང་གེ་ལ་
བུ་རམ་འཚོང་བའི་ཁང་པ་ལྔ་བརྒྱ་ཡོད་པ་ནས་དེས་བུ་རམ་གྱི་ཁང་པ་རེ་རེ་ནས་བུ་རམ་གྱི་སྣོད་བླངས་ཏེ། བུ་རམ་གྱི་སྣོད་ལྔ་བརྒྱ་ཁྱེར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བུ་རམ་
བསྡོགས་ལགས་ན། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་ཏེ། ལོངས་སྤྱད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་དང་ལྷུང་བཟེད་བཅབས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བྲམ་ཟེ་སྨྲ་འདོད་
ཀྱི་སེང་གེས་བུ་རམ་གྱི་སྣོད་ཅིག་བླངས་ཏེ་བྲིམ་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགེ་སློང་གི་དགེ་འདུན་གྱི་བར་དུ་བྲིམས་ཀྱང་ལྷག་པས་ཐམས་ཅད་དེ་ཁོ་ན་བཞིན་དུ་འདུག་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་མངོན་པར་
Vol. 3 · folio 16b
དད་པར་གྱུར་ཏོ། །དེ་ནས་དེ་དད་པ་སྐྱེས་ནས་ཕྱོགས་མཐའ་དག་ཏུ་སྒྲ་བསྒྲགས་པ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་ནི་འདོད་ཞེན་ཆུང་ཞིང་དེའི་ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆུང་བ་ཡིན་ནོ། །དེ་ནས་དེས་མུ་སྟེགས་ཅན་རྣམས་བུ་རམ་ལ་ལོངས་སྤྱོད་དུ་གཞུག་པའི་
ཕྱིར་མགྲོན་དུ་བོས་པ་དང་། དེ་རྣམས་ཀྱིས་བུ་རམ་བག་མེད་པར་བླངས་ནས་ཁ་ཅིག་གིས་ནི་ལོངས་སྤྱོད་དོ། །ཁ་ཅིག་གིས་ནི་སྣོད་བཀང་ནས་བོར་ཞིང་ཁྱེར་ཏེ་དོང་ངོ་། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་སྨྲས་པ། སྐྱེས་བུ་བླུན་པོ་ཁྱེད་ཅག་ཁོ་ན་འདོད་ཞེན་ཆེ་
བ་ཡིན་ལ་དགེ་སྦྱོང་གཽ་ཏ་མ་ནི་འདོད་ཞེན་ཆུང་ཞིང་དེའི་ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆུང་བ་ཡིན་ནོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ལ་ལྷག་པར་ཡང་མངོན་པར་དད་པར་གྱུར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་
མངོན་དུ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་ཅེས་བྱ་བ་ནས་ཚངས་པར་སྤྱད་པར་བགྱིའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བ་ནས་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པ་ཞེས་བྱ་བ་ནས། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་
བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དུས་སམ་དུས་མ་ཡིན་པའམ། ན་བའམ་མི་ན་བས། བུ་རམ་ལ་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་ནི་མི་བྱའོ། །ཚེ་དང་ལྡན་པ་སྨྲ་འདོད་ཀྱི་སེང་གེ་རོ་མྱགས་པའི་དྲི་མི་ཞིམ་པས་སེམས་རྩེ་གཅིག་པ་
ཉིད་མ་ཐོབ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་སྨྲ་འདོད་ཀྱི་སེང་གེ་ནི། སྲིད་པ་ཐ་མ་ཡིན་ན་ཅིའི་ཕྱིར་བདེན་པ་མ་མཐོང་སྙམ་དུ་དགོངས་ན། ལུས་རུལ་པའི་དྲི་མི་ཞིམ་པ་ལས་གྱུར་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་
Vol. 3 · folio 17a
དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་སྨྲ་འདོད་ཀྱི་སེང་གེའི་གཙུག་ལག་ཁང་དྲི་དང་མེ་ཏོག་གི་ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་རྣམས་ཀྱིས་གཏོར་ལ་གནས་མལ་ལ་ཡང་བདུག་པས་བདུག་ཅིང་མེ་ཏོག་དྲི་ཞིམ་པོས་བརྒྱན་པའི་
མེ་ཏོག་གི་གདུགས་བྲེས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །ཇི་ཙམ་ན་དེ་བསོད་སྙོམས་ལ་སོང་བ་དེའི་བར་དུ་དེའི་གཙུག་ལག་ཁང་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་བཞིན་
ཐམས་ཅད་བྱས་སོ། །དེ་ནས་ཚེ་དང་ལྡན་པ་སྨྲ་འདོད་ཀྱི་སེང་གེ་བསོད་སྙོམས་ལ་བརྒྱུས་ནས་གཙུག་ལག་ཁང་དུ་འོངས་པ་དང་ལྷའི་འབྱོར་པ་མཐོང་ནས། དེ་ནས་དགའ་བའི་ཡིད་ཀྱིས་བསོད་སྙོམས་ལ་ལོངས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་ནས་གཙུག་ལག་ཁང་གི་ཕྱི་རོལ་
དུ་རྐང་པ་གཉིས་བཀྲུས་ཏེ་གཙུག་ལག་ཁང་དུ་ཞུགས་ནས། སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་དྲན་པ་མངོན་དུ་ཕྱོགས་པར་དེར་བཞག་སྟེ་འདུག་པ་དང་། དྲི་ཞིམ་པོ་མནམ་ནས་དེའི་སེམས་མཉམ་པར་བཞག་པར་སྐྱེས་སོ། །དེ་ནས་དེས་ཉོན་མོངས་པ་
ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནས། མངོན་དུ་སྨྲ་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་དགེ་སློང་དང་ངའི་ཉན་ཐོས་
སྡུག་པས་རྣམ་པར་གྲོལ་བ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་སྨྲ་འདོད་ཀྱི་སེང་གེ་འདི་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་གཞན་རྣམས་ནི་མི་སྡུག་པས་རྣམ་
པར་གྲོལ་ན། ཚེ་དང་ལྡན་པ་སྨྲ་འདོད་ཀྱི་སེང་གེ་སྡུག་པས་རྣམ་པར་གྲོལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ནི་ཚེ་རབས་ལྔ་བརྒྱ་བཏུད་མར་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ནས་ཤི་འཕོས་ཤིང་དེ་ཉིད་དུ་སྐྱེས་ཏེ། ད་ལྟར་
Vol. 3 · folio 17b
གྱི་སྲིད་པ་ཐ་མ་མི་རྣམས་སུ་སྐྱེས་པ་ན་ལུས་རུལ་བའི་དྲི་མནམ་པས་སེམས་རྩེ་གཅིག་པ་མ་གྲུབ་པའོ། །དྲི་ཞིམ་པོའི་དྲི་མནམ་པ་དང་། སེམས་མཉམ་པ་ཐོབ་ནས་སྡུག་པས་རྣམ་པར་གྲོལ་བར་གྱུར་ཏོ། །གལ་ཏེ་འདི་ལ་ཐབས་འདི་མ་བྱས་པར་གྱུར་ན། དྲོ་བར་གྱུར་པ་
ཡང་འདིས་བསྐྱེད་པར་མི་འགྱུར་རོ། །དེ་ལྟ་བས་ན་རྗེས་སུ་གནང་སྟེ། གཞན་གང་ཞིག་སྡུག་པ་འདི་ལྟ་བུས་རྣམ་པར་གྲོལ་བར་འགྱུར་བ་དེས་རིམ་པ་དེ་ལྟ་བུ་བྱ་སྟེ། འདི་ལ་འགྱོད་པར་ནི་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་
གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་
བྱོན་ནས་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་གཅིག་ཏུ་འདུས་ནས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས་
ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་གྲག་གིས། གལ་ཏེ་བདག་ཅག་རེ་རེ་ནས་བཅོམ་ལྡན་འདས་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ན་ནི། བཅོམ་ལྡན་འདས་སླར་གཤེགས་དང་། གཞན་གྱི་སྐབས་མི་རྙེད་པར་
འགྱུར་བས་དེ་ལ་ཁྲིམས་ཤིག་བཅས་ཏེ། ཅི་ནས་ཀྱང་ཚོགས་ཤིང་འདུས་པ་ཁོ་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་གྱི་མི་གཅིག་པུས་ནི་མ་ཡིན་ནོ་ཞེས་དེ་རྣམས་ཀྱིས་ཁྲིམས་སུ་བཅའ་བ་དག་བྱས་ནས་བཞག་གོ། །དེའི་ཚེ་ཡངས་པ་ཅན་གྱི་བསོད་ནམས་
ཆེན་པོ་དང་ལྡན་པ་བཞི་ཞིག་གནས་ཏེ། ནོར་ཅན་དང་། ནོར་ཅན་གྱི་ཆུང་མ་དང་། ནོར་ཅན་གྱི་བུ་དང་། ནོར་ཅན་གྱི་མནའ་མའོ། །དེ་དག་གི་ཁྱིམ་དུ་ནི་ལྷ་དང་མི་རྣམས་ཀྱི་གཡང་བབས་པར་གྱུར་ཏོ། །དེ་རྣམས་ཀྱིས་ཁྲིམས་སུ་བཅས་པ་དེ་མ་ཐོས་པར་ཁྱིམ་བདག་
Vol. 3 · folio 18a
ནོར་ཅན་གྱིས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡངས་པ་ཅན་ནས་བྱུང་ནས་
བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཁྱིམ་བདག་ནོར་ཅན་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་
བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་
ཀྱིས་ཅང་མི་གསུང་བས་ཁྱིམ་བདག་ནོར་ཅན་ལ་གནང་ངོ་། །དེ་ནས་ཁྱིམ་བདག་ནོར་ཅན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །
དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཡངས་པ་ཅན་ནས་བྱུང་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་
མཛད་དུ་གསོལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་གི་བུ་དག་ང་སྔར་ཁྱིམ་བདག་ནོར་ཅན་གྱིས་སྤྱན་དྲངས་ཟིན་ཏོ། །དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཁྱིམ་བདག་ནོར་ཅན་གྱིས་ནི་ཚོགས་ཀྱི་
ཁྲིམས་བཅས་པ་ལས་འདས་པར་བྱས་སོ། །ཁ་ཅིག་དག་གིས་སྨྲས་པ། ཅི་སྟེ་དེ་འདས་པར་བྱེད། གདོན་མི་ཟ་བར་དེས་ཁྲིམས་བཅས་པ་མ་ཐོས་སོ། །འོན་ཀྱང་བདག་ཅག་པས་དེ་ནི་སྐྱེས་བུ་དམ་པ་ཡིན་པས་གདུགས་ཚོད་གསོལ་དུ་ཆུག་བདག་ཅག་གིས་ནི་
Vol. 3 · folio 18b
གནངས་གདུགས་ཚོད་གསོལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས། ཁྱིམ་བདག་ནོར་ཅན་གྱི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཤར་སྒོ་ནས་ཞུགས་པ་དང་། ཇི་ཙམ་ན་གདན་མ་བཤམས་ཤིང་
ཞལ་ཟས་རྣམས་སྟ་གོན་མ་བྱས་པ་མཐོང་ནས། དེ་ནས་ཁྱིམ་བདག་ནོར་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་སྙིང་ལས་ཆུང་ངུས་གནས་སམ། དེས་སྨྲས་པ། འཕགས་པ་
ཀུན་དགའ་བོ་ཅི་སྟེ་དེ་སྐད་གསུང་། ཁྱིམ་བདག་གདན་མ་བཤམས་ཤིང་ཞལ་ཟས་རྣམས་སྟ་གོན་མ་བྱས་པ་མཐོང་ངོ་། །འཕགས་པ་ཁྱོད་ཆབ་སྒོ་གང་ནས་ཞུགས་ཁྱིམ་བདག་ཤར་ནས་སོ། །འཕགས་པ་ལྷོ་ནས་ཞུགས་ཤིག །དེས་ཞུགས་པ་ལས་ཇི་
ཙམ་ན་ལྷའི་གདན་བཤམས་ཤིང་ལྷའི་ཞལ་ཟས་རྣམས་སྟ་གོན་བྱས་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་ནོར་ཅན་གྱི་སྤྱན་འདྲེན་གྱིས་བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་
བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་
ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ནོར་ཅན་གྱི་ཆུང་མ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ནོར་ཅན་གྱི་ཆུང་མ་ལ་གནང་ངོ་། །གནང་ནས་ཀྱང་ཁྱིམ་བདག་ནོར་ཅན་ལ་ཆོས་བཤད་པ་མཛད་
Vol. 3 · folio 19a
ནས་གདན་ལས་བཞེངས་ཏེ་གཤེགས་སོ། །ནོར་ཅན་གྱི་ཆུང་མས་ཀྱང་ཞལ་ཟས་རྣམས་སྟ་གོན་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ཁྱིམ་བདག་ནོར་ཅན་གྱི་ཁྱིམ་གང་ན་བ་དེར་
སོང་སྟེ་ཕྱིན་ནས་ལྷོ་སྒོ་ནས་ཞུགས་ན་གདན་མ་བཤམས་ཤིང་ཞལ་ཟས་རྣམས་ཀྱང་སྟ་གོན་མ་བྱས་པར་མཐོང་ངོ་། །མཐོང་ནས་ཀྱང་ནོར་ཅན་གྱི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་གི་ཆུང་མ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་ཅི་
སྙིང་ལས་ཆུང་ངུས་གནས་སམ་དེས་སྨྲས་པ། འཕགས་པ་ཅི་སྟེ་དེ་སྐད་གསུང་གདན་མ་བཤམས་ཤིང་ཞལ་ཟས་རྣམས་ཀྱང་སྟ་གོན་མ་བྱས་པ་མཐོང་ངོ་། །འཕགས་པ་ཁྱོད་ཆབ་སྒོ་གང་ནས་ཞུགས་ལྷོ་ནས་སོ། །འཕགས་པ་ཤར་ནས་ཞུགས་ཤིག །ཇི་ཙམ་
ན་གདན་བཟང་པོ་བཤམས་ཤིང་ཞལ་ཟས་བསོད་པ་སྟ་གོན་བྱས་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ནོར་ཅན་གྱི་ཆུང་མའི་སྤྱན་འདྲེན་གྱིས་བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ། བཙུན་པ་བཅོམ་ལྡན་འདས་
གདུགས་ཚོད་བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་
སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ནོར་ཅན་གྱི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ནོར་ཅན་གྱི་བུ་ལ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་ཅན་གྱི་ཆུང་
Vol. 3 · folio 19b
མ་ལ་ཆོས་བཤད་པ་མཛད་ནས་གཤེགས་སོ། །ནོར་ཅན་གྱི་བུས་ཀྱང་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ནོར་ཅན་གྱི་ཁྱིམ་གང་ན་
བ་དེར་སོང་སྟེ་ཕྱིན་ནས་ལྷོ་སྒོ་ནས་ཞུགས་ན་གདན་མ་བཤམས་ཤིང་ཞལ་ཟས་སྟ་གོན་མ་བྱས་པ་མཐོང་ངོ་། །མཐོང་ནས་ཀྱང་ནོར་ཅན་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་གི་བུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་ཅི་སྙིང་
ལས་ཆུང་ངུས་གནས་སམ། དེས་སྨྲས་པ། འཕགས་པ་ཇི་སྟེ་དེ་སྐད་གསུང་། གདན་མ་བཤམས་ཤིང་ཞལ་ཟས་སྟ་གོན་མ་བྱས་པ་མཐོང་ངོ་། །འཕགས་པ་ཁྱོད་ཆབ་སྒོ་གང་ནས་ཞུགས་ལྷོ་ནས་སོ། །འཕགས་པ་ནུབ་ནས་ཞུགས་ཤིག །ཇི་ཙམ་ན་གདན་
བཟང་པོ་བཤམས་ཤིང་ཞལ་ཟས་བསོད་པ་སྟ་གོན་བྱས་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ནོར་ཅན་གྱི་བུའི་སྤྱན་འདྲེན་གྱིས་བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་
མཆིས་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་
དུའོ། །དེ་ནས་ནོར་ཅན་གྱི་མནའ་མ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་
ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ནོར་ཅན་གྱི་མནའ་མ་ལ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་ཅན་གྱི་བུ་ལ་ཆོས་བཤད་པ་མཛད་ནས་གཤེགས་སོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་
Vol. 3 · folio 20a
ཁྱིམ་བདག་རྣམས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་བྲམ་
ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་
བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། གནས་འཇོག་གི་བུ་དག་ང་སྔར་ནོར་ཅན་གྱི་མནའ་མས་སྤྱན་དྲངས་ཟིན་ཏོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་རྔམ་ནས་སྨྲས་པ། ཤེས་ལྡན་དག་ནོར་ཅན་གཅིག་པུ་ལ་ནོར་ཡོད་ཀྱི་བདག་ཅག་ལ་མེད་དམ་ཅི་ན། དེས་སངས་
རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཉི་མ་རེ་རེ་གདུགས་ཚོད་སྦྱོར་ཞིང་བདག་ཅག་ཁོ་ནས་སྐབས་མ་ཐོབ་པར་གྱུར་ཏོ། །དེ་ལ་ཇི་ལྟར་བསྒྲུབ་པར་བྱ། གཞན་དག་གིས་སྨྲས་པ། གང་གི་ཚེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཟིན་ནས་
གཤེགས་པར་གྱུར་པ་དེའི་ཚེ་དེའི་ཁྱིམ་རྡོ་བ་རེ་རེ་ནས་བཀོགས་ཏེ་གཞིག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ཁྱིམ་བདག་ནོར་ཅན་གྱི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ནུབ་སྒོ་ནས་ཞུགས་ན་གདན་མ་
བཤམས་ཤིང་ཞལ་ཟས་ཀྱང་སྟ་གོན་མ་བྱས་པ་མཐོང་ངོ་། །མཐོང་ནས་ཀྱང་ནོར་ཅན་གྱི་མནའ་མ་ལ་འདི་སྐད་ཅེས་སྨྲས་སོ། །ནོར་ཅན་གྱི་མནའ་མ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་ཅི་སྙིང་ལས་ཆུང་ངུས་གནས་སམ། དེས་སྨྲས་
Vol. 3 · folio 20b
པ། འཕགས་པ་ཅི་སྟེ་དེ་སྐད་གསུང་། གདན་མ་བཤམས་ཤིང་ཞལ་ཟས་རྣམས་ཀྱང་སྟ་གོན་མ་བྱས་པ་མཐོང་ངོ་། །འཕགས་པ་ཆབ་སྒོ་གང་ནས་ཞུགས་ནུབ་ནས་སོ། །འཕགས་པ་བྱང་ནས་ཞུགས་ཤིག །དེས་བྱང་ནས་ཞུགས་ན་ཇི་ཙམ་ན་ལྷའི་གདན་
བཤམས་ཤིང་ལྷའི་ཞལ་ཟས་སྟ་གོན་བྱས་པ་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ནོར་ཅན་གྱི་མནའ་མའི་སྤྱན་འདྲེན་གྱིས་བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་མཆིས་ན་བཅོམ་
ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་ཐམས་ཅད་འདུས་ནས་ཁྱིམ་
བདག་ནོར་ཅན་གྱི་སྒོ་ན་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ནོར་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཡངས་པ་ཅན་གྱི་ཚོགས་རྔམ་ནས་སྒོ་ན་འདུག་སྟེ་དེ་དག་གིས་ཁྱེད་ཅག་ལ་གནོད་པ་བྱས་པར་འགྱུར་དུ་འོང་གིས་སོང་ལ་བཟོད་པར་གསོལ་
ཅིག །དེ་ཕྱིར་བྱུང་ནས་བཟོད་པར་གསོལ་བར་བརྩམས་པ་དང་དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་ཅི་ཁྱོད་གཅིག་པུ་ལ་ནོར་ཡོད་དམ། གང་གི་ཕྱིར་ཁྱོད་ཀྱིས་ཉིན་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ་ཁོ་བོ་ཅག་གིས་སྐབས་མི་རྙེད་
པར་བྱེད། དེས་སྨྲས་པ། ཤེས་ལྡན་དག་བདག་གིས་ཚོགས་ཀྱི་ཁྲིམས་སུ་བཅས་པ་མ་ཐོས་ཀྱིས། དེ་བས་ན་ཚོགས་ཀྱིས་བཟོད་པར་བྱ་བའི་རིགས་སོ། །གཞན་དག་གིས་སྨྲས་པ། ཤེས་ལྡན་དག་སྐྱེས་བུ་འདི་ནི་དམ་པ་ཡིན་པས་འདི་ལ་བཟོད་པར་བྱའོ་ཞེས་དེ་རྣམས་
བཟོད་པར་གྱུར་པ་དང་། དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ནང་དུ་ཞུགས་ཤིག་དེ་རྣམས་ཁྱིམ་དུ་ཞུགས་པ་དང་། གདན་བཟང་པོ་བཤམས་ཤིང་ཞལ་ཟས་བསོད་པ་སྟ་གོན་བྱས་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ནས་སྨྲས་པ། ཁྱིམ་བདག་
Vol. 3 · folio 21a
ཁྱོད་འབའ་ཞིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བར་འོས་ཀྱི། ཁོ་བོ་ཅག་ནི་མ་ཡིན་ནོ། །དེས་དེ་རྣམས་ལ་རིན་པོ་ཆེ་དག་བྱིན་པ་དང་དེ་རྣམས་ཀྱིས་མ་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་།
རིན་པོ་ཆེ་འདི་དག་ནི་རྙེད་པར་དཀའ་བ་ཡིན་གྱིས་ལོང་ཤིག །དེ་རྣམས་ཀྱིས་བླངས་པ་ལས་གང་གིས་ཅི་འདྲ་བ་བླངས་པ་དེའི་ཁ་དོག་དེ་འདྲ་བ་ཁོ་ནར་སྣང་བར་གྱུར་ཏོ། །དེ་ནས་ནོར་ཅན་གྱི་མནའ་མས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་
ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་གིས་ཞེས་བྱ་བ་ནས་ཕྱག་བཅབས་ཏེ། ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ནོར་ཅན་དང་། ནོར་ཅན་གྱི་ཆུང་མ་དང་། ནོར་ཅན་གྱི་བུ་དང་། ནོར་ཅན་གྱི་མནའ་མ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་གང་ཐོས་ན་ནོར་ཅན་དང་། ནོར་ཅན་གྱི་ཆུང་མ་དང་། ནོར་ཅན་གྱི་བུ་དང་། ནོར་
ཅན་གྱི་མནའ་མ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བ་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་རྣམས་སོ་སོར་རྟོགས་པར་བྱེད་པའི་ཆོས་བཤད་པ་མཛད་དེ། དེ་རྣམས་ཀྱིས་བདེན་
པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ་ཞེས་བྱ་བ་ནས། བདག་ཅག་ནི་མངོན་པར་འཕགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས།
བཅོམ་ལྡན་འདས་ཀྱིས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་ཅན་དང་། ནོར་ཅན་གྱི་ཆུང་མ་དང་། ནོར་ཅན་གྱི་བུ་དང་། ནོར་
Vol. 3 · folio 21b
ཅན་གྱི་མནའ་མ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ།། །།འདུལ་བ་
གཞི། བམ་པོ་ལྔ་བཅུ་བདུན་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་ནོར་ཅན་དང་། ནོར་ཅན་གྱི་མཆིས་འབྲང་དང་། ནོར་ཅན་གྱི་བུ་དང་། ནོར་ཅན་གྱི་མནའ་མ་རྣམས་ཀྱིས་ལས་ཅི་ཞིག་
བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཤིང་ལྷ་དང་མི་རྣམས་ཀྱི་དཔལ་ཉམས་སུ་མྱོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་རྣམས་ཁོ་ནས་ལས་རྣམས་བྱས་ཤིང་བསགས་
པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱི་ན་མེ་ཏོག་ཕྲེང་རྒྱུད་མཁན་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་
བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་སོ། །དེས་དེ་ཡང་རིགས་མཉམ་པ་ལས་ཆུང་མ་བླངས་སོ། །དེ་དུས་ཕྱི་ཞིག་ན་བཀྲེན་ཞིང་ཤིན་ཏུ་བཀྲེན་པར་གྱུར་ཏེ།
དེ་དང་། བུ་དང་། ཆུང་མ་དང་། མནའ་མས་བརྩོན་པ་ཆེན་པོས་འབད་པས་རས་ཡུག་གཅིག་ཅིག་གྲུབ་ནས། དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་ཡང་དེ་བགོས་ནས། རྒྱལ་པོ་ལ་མེ་ཏོག་འབུལ་མེ་ཏོག་ཕྲེང་རྒྱུད་མཁན་གྱི་ཆུང་མ་ཡང་དེ་ཉིད་བགོས་ནས་བཙུན་མོ་ལ་འབུལ།
མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་ཡང་དེ་ཉིད་བགོས་ནས་གཞོན་ནུ་རྣམས་ལ་འབུལ། མེ་ཏོག་ཕྲེང་རྒྱུད་མཁན་གྱི་མནའ་མ་ཡང་དེ་ཉིད་བགོས་ནས་རྒྱལ་པོའི་མནའ་མ་རྣམས་ལ་མེ་ཏོག་ཕྲེང་འབུལ་བར་བྱེད་དོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་
Vol. 3 · folio 22a
དམན་པ་དང་། ངན་པ་ལ་སྙིང་བརྩེ་བ་དང་། གནས་མལ་བས་མཐའ་ལ་བརྟེན་པ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་བས་ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་ཉི་མ་ནུབ་ཀའི་དུས་སུ་བཱ་རཱ་ཎ་སཱིར་ཕྱིན་ནས་
མེ་ཏོག་ཕྲེང་རྒྱུད་མཁན་དེའི་ཁྱིམ་གྲོང་ཁྱེར་གྱི་སྒོ་ན་འདུག་པ་དེའི་ལྡུམ་རར་ནུབ་མོ་གནས་བཏབ་སྟེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་དེས་མེའི་ཕུང་པོ་འབར་བ་ལྟ་བུར་མཐོང་ནས་དེ་དད་པ་སྐྱེས་ཏེ་ཆུང་མ་ལ་སྨྲས་པ་དང་དེ་ཡང་དད་པར་
གྱུར་ཏོ། །དེས་བུ་ལ་སྨྲས་པ་དང་དེ་ཡང་དད་པར་གྱུར་ཏོ། །དེས་མནའ་མ་ལ་སྨྲས་པ་དང་དེ་ཡང་དད་པར་གྱུར་ཏོ། །དེ་ནས་དེ་རྣམས་ཀྱིས་གྲོས་བྱ་བར་བརྩམས་པ། བདག་ཅག་སང་ཟན་མ་ཟོས་ཀྱང་བླ་འདུས་ལ་རབ་ཏུ་བྱུང་བ་ཞི་བའི་བདག་ཉིད་ཅན་འདི་བཤོས་
གསོལ་ལོ། །དེ་ནས་ནམ་ནངས་ནས་དེ་རྣམས་ཀྱིས་དེ་ལ་བསོད་སྙོམས་ཕུལ་ལོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱིས་སྨྲས་པ། བཟང་མོ་ཁོ་བོའི་རས་ཀྱི་བགོ་སྐལ་གང་ཡིན་པ་དེ་ནི་རབ་ཏུ་བྱུང་བ་འདི་ལ་འབུལ་ལོ། །དེས་སྨྲས་པ། རྗེའི་སྲས་བདག་གི་ཡང་དབུལ་
ལོ། །བུས་སྨྲས་པ། བདག་གི་ཡང་དབུལ་ལོ། །མནའ་མས་སྨྲས་པ། བདག་གི་ཡང་དབུལ་ལོ། །དེ་ནས་དེ་རྣམས་འདུས་ནས་དེ་ལ་རས་བསྐོན་ཏོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མ་ཡིན་པས་དེ་ནས་བདག་ཉིད་ཆེན་པོ་དེ་
དེ་རྣམས་ལ་སྙིང་བརྩེ་བའི་ཕྱིར་ནམ་མཁའ་ལ་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་ཤིང་རྩ་བ་ནས་བཅད་
པ་བཞིན་དུ་རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། བདག་ཅག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་འདིས་བདག་ཅག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང་བདག་ཅག་གི་ཁྱིམ་དུ་ལྷ་དང་
Vol. 3 · folio 22b
མིའི་གཡང་འབབ་པར་གྱུར་ཅིག །འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཀྱི། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རང་སངས་རྒྱས་ཀྱིས་དེ་རྣམས་ལ་སྙིང་བརྩེ་བར་རྫུ་འཕྲུལ་བྱས་ནས་
རྒྱལ་པོའི་ཁབ་ཀྱི་སྟེང་ནས་ཕར་ཆས་ཏེ་སོང་བ་དང་། དེའི་གྲིབ་མ་རྒྱལ་པོའི་སྟེང་དུ་བབ་པ་ལས་དེ་གདོང་བསྟོད་དེ་བལྟ་བར་བརྩམས་པ་དང་། བདག་ཉིད་ཆེན་པོ་དེ་མཐོང་ནས་དེས་བསམས་པ། བདག་ཉིད་ཆེན་པོ་འདིས་ཡང་སུ་ཞིག་གི་བཀྲེན་པའི་རྩ་བ་ཕྱུང་
བར་འགྱུར་སྙམ་མོ། །མེ་ཏོག་ཕྲེང་རྒྱུད་མཁན་དེ་རྒྱལ་པོ་ལ་མེ་ཏོག་འབུལ་བའི་དུས་གང་ཡིན་པ་དེ་ལས་ཐེག་གི་ཙམ་ཞིག་ཡོལ་ལོ། །རྒྱལ་པོ་ཡང་མེ་ཏོག་ལ་སྡོད་ཅིང་འདུག་གོ། །དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་དེ་རྒྱལ་པོའི་ཞོ་ཤས་འཚོ་བ་རྣམས་ཀྱིས་བཀུག་པ་
དང་རྒྱལ་པོས་དེ་ལ་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་མེ་ཏོག་དེ་རིང་དུས་ལས་ཡོལ་དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། དེ་ནས་རྒྱལ་པོས་ཇི་སྙེད་གྱོན་པ་བྱིན་ནོ། །དེ་བཞིན་དུ་མེ་ཏོག་ཕྲེང་རྒྱུད་མཁན་གྱི་ཆུང་མ་ལ་ནི་བཙུན་མོ་རྣམས་ཀྱིས་ཇི་སྙེད་གྱོན་པ་བྱིན་ནོ། །
མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་ལ་ནི་གཞོན་ནུ་རྣམས་ཀྱིས་སོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་མནའ་མ་ལ་ནི་རྒྱལ་པོའི་མནའ་མ་རྣམས་ཀྱིས་ཏེ། དེ་མཐོང་བའི་ཆོས་དེ་ཉིད་ལ་ནོར་གྱི་མེ་ཏོག་མངོན་པར་གྲུབ་པར་གྱུར་ཏེ་དབུལ་བ་མེད་པར་གྱུར་ཏོ། །དགེ་སློང་དག་ཇི་
སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་མེ་ཏོག་ཕྲེང་རྒྱུད་མཁན་གང་ཡིན་པ་དེ་ནི་ནོར་ཅན་འདི་ཉིད་ཡིན་ནོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་ཆུང་མ་ནི་ནོར་ཅན་གྱི་ཆུང་མ་ཡིན་ནོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་ནི་ནོར་ཅན་གྱི་བུ་ཡིན་ནོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་མནའ་
མ་ནི་ནོར་ཅན་གྱི་མནའ་མ་ཡིན་ཏེ། འདི་དག་གིས་རང་སངས་རྒྱས་ལ་བྱ་བ་བྱས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། ཁྱིམ་དུ་ལྷ་དང་མིའི་གཡང་བབས་པར་གྱུར་ཏོ། །ངའི་
Vol. 3 · folio 23a
སྤྱན་སྔ་ནས་ཀྱང་བདེན་པ་མཐོང་བར་བྱས་ཏེ། ང་རང་སངས་རྒྱས་བྱེ་བ་བརྒྱ་སྟོང་བས་ཁྱད་པར་དུ་འཕགས་པའི་སྟོན་པ་འདི་དག་གིས་མཉེས་པར་བྱས་ཀྱི་མི་མཉེས་པར་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་ནི་ཞེས་
བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལྷག་པར་ཡང་མངོན་པར་དད་པར་གྱུར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་
གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཅག་གིས་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་
དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་འབུལ་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་གནང་ངོ་། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་བཅོམ་ལྡན་
འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་
བཅའ་བ་དག་སྟ་གོན་བྱས་ཏེ་ཞེས་བྱ་བ་ནས། ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་
པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་བཞིན་དུ་ཉི་
Vol. 3 · folio 23b
མ་གཉིས་སམ་གསུམ་གྱི་བར་དུ་འདས་སོ། །ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་འཁོར་རྒྱ་ཆེན་པོ་མུ་གེ་དང་བཅས་པའི་དུས་བྱུང་ནས་དེ་རྣམས་ཀྱི་ཉེ་དུ་དག་ཟས་ཀྱི་ཕྱིར་ཉི་མ་རེ་རེ་ཞིང་འོང་བས་དེ་དག་གིས་གཙེས་པར་གྱུར་ནས་དགེ་སློང་རྣམས་ལ་སྨྲས་པ།
འཕགས་པ་དག་མུ་གེ་དང་བཅས་པའི་དུས་བྱུང་བས་བདག་ཅག་གི་ཉེ་དུ་དག་སྐུར་མཆིས་ཏེ་དེ་རྣམས་ལ་བདག་ཅག་གདུགས་གཅིག་བཞིན་དུ་སྩོལ་བས་ཁྱེད་ཅག་དང་དེ་རྣམས་ལ་ཁྱད་པར་རྔོ་མི་ཐོག་ན། ཀྱེ་འཕགས་པ་དག་བདག་ཅག་གིས་ཡོ་བྱད་རྣམས་དབུལ་གྱིས་ཞལ་ཏ་ཁོ་
ན་མཛོད་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ལ་ཞུས་ཏེ་བྱའོ་ཞེས་དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ་དགེ་སློང་རྣམས་ཀྱིས་ཞལ་ཏ་བྱའོ། །
བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཟས་ཀྱི་ཞལ་ཏ་བྱའོ་ཞེས་གསུངས་པས་དེ་རྣམས་ཀྱིས་ཞལ་ཏ་བྱ་བར་བརྩམས་ཏེ་ཇི་ཙམ་ན་སྟེང་གཡོགས་མེད་པར་ཐུག་པ་འཚེད་པའི་ཞལ་ཏ་བྱས་པ་ལས་ལྷས་ཆར་ཕབ་པས་དེ་མ་རུང་བར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གཡོགས་མེད་པར་བཙོ་བར་མི་བྱའོ། །སྒོ་ཁང་དང་ཁྱམས་སུ་འཚེད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དང་ཁྱམས་སུ་བཙོ་བར་མི་བྱའོ། །དགེ་སློང་དག་དེ་ལྟ་བས་ན་རུང་བའི་
གནས་ཀྱི་གཞིར་མི་རུང་བ་ནི་བཅུ་པོ་འདི་དག་སྟེ། འདི་རྣམས་སུ་ཟས་ཀྱི་ཞལ་ཏ་མི་བྱའོ། །བཅུ་གང་ཞེ་ན། སྟེང་གཡོགས་མེད་པ་དང་། སྒོ་ཁང་དང་། ཁྱམས་དང་། བསྲོ་གང་དང་། ཁྲུས་ཁང་དང་། རྒྱལ་པོའི་གནས་དང་། མཆོད་རྟེན་གྱི་གནས་དང་། མུ་
སྟེགས་ཅན་གྱི་གནས་དང་། ཁྱིམ་བདག་གི་གནས་དང་། དགེ་སློང་མའི་དབྱར་ཁང་ངོ་། །གཞི་བཅུ་པོ་འདི་དག་ནི་རུང་བ་མ་ཡིན་པའི་གནས་ཀྱི་གཞི་ཡིན་ཏེ། དེ་རྣམས་སུ་དགེ་སློང་གིས་ཟས་ཀྱི་ཞལ་ཏ་མི་བྱའོ། །ཞལ་ཏ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །
Vol. 3 · folio 24a
སྡོམ་ནི། ནད་བུ་ཅན་དང་ཟས་དག་དང་། །གཡར་ཚུས་ལྷག་པ་དག་དང་ཡང་། །ཚལ་གྱི་འབྲས་བུ་ཆུ་སྐྱེས་དང་། །པད་མའི་རྩ་དང་ལུག་དག་གོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་ནད་བུ་ཅན་ཞིག་ཡོད་པ་དེས་སྨན་པ་ལ་
དྲིས་པ། བཞིན་བཟངས་དག་ཁོ་བོ་ལ་སྨན་སྟོན་ཅིག །དེས་ནད་ཀྱི་གཞི་དྲིས་ནས་སྨྲས་པ། འཕགས་པ་ཐུག་པ་གསོལ་ཅིག་དང་སོས་པར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྨན་པས་སྨྲས་པ། འཕགས་པ་
ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ཡིན་པས་འདི་ཉིད་ཀྱིས་རྐྱེན་བྱས་ནས་གནང་བར་འགྱུར་བའི་གནས་དེ་ཡོད་དོ། །དེས་སྐབས་དེ་དགེ་སློང་རྣམས་ལའོ། །དགེ་སློང་རྣམས་ཀྱིས་ནི་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་
སྨན་པས་ཐུག་པ་འཐུང་ཤིག་ཅེས་ཟེར་ན་སྨན་པས་བསྒོ་བ་བཞིན་ཐུག་པ་བཏུང་བར་བྱ་སྟེ་དེ་ལ་འགྱོད་པ་མི་བྱའོ། །བཅོམ་ལྡན་འདས་ཀྱིས་སྨན་པས་བསྒོ་བ་བཞིན་ཐུག་པ་བཏུང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེའི་ནད་གཡོག་གིས་ཐུག་པ་གྲང་མོ་ཞིག་ཁྱེར་ཏེ་བྱིན་ནོ། །
དེ་ནས་སྨན་པས་འོངས་ནས་དྲིས་པ་འཕགས་པ་ཁྱོད་བདེའམ། དེས་སྨྲས་པ། བཞིན་བཟངས་མི་བདེའོ། །ཅི་ཁྱོད་ཀྱིས་ཐུག་པ་མ་གསོལ་ཏམ། འཐུངས་སོ། །ཅི་འདྲ་བ་ཞིག །གྲང་མོའོ། །འཕགས་པ་མ་ལེགས་པ་ཞིག་བགྱིས་སོ། །སང་ནི་དྲོན་མོ་
གསོལ་ཅིག །དེ་ནས་ནད་གཡོག་གིས་བླངས་ནས་གྲང་མོ་ཁོ་ན་རྙེད་ནས་དེས་དེ་ལ་བསྲོས་ཏེ་བྱིན་ནོ། །དེ་ནས་སྨན་པ་འོངས་ཏེ་དེ་བཞིན་དུ་དྲིས་པ་དང་དེས་སྨྲས་པ། མི་བདེའོ། །ཅི་ཐུག་པ་མ་གསོལ་ཏམ། འཐུངས་སོ། །ཅི་འདྲ་བ་ཞིག །གྲང་མོ་ཞིག་བསྲོས་ནས་སོ། །
འཕགས་པ་མ་ལེགས་པ་ཞིག་བགྱིས་སོ། །དེ་གྲངས་ཏེ་བསྲོས་པ་ལགས་ཀྱིས་སང་ནི་རང་བཞིན་གྱིས་དྲོན་པོར་མཛོད་ལ་གསོལ་ཅིག །དེ་ནས་དེའི་ནད་གཡོག་གིས་འབྲས་དང་སྣོད་སྟ་གོན་བྱས་ནས་གཙུག་ལག་ཁང་གི་ཕྱི་རོལ་གྱི་ཤིང་དྲུང་ཞིག་ཏུ་བཙོ་བར་བརྩམས་པ་ལས་དེ་ནས་
Vol. 3 · folio 24b
ཁྭའི་རྟུག་པས་དེ་མ་རུང་བར་བྱས་པས་དགེ་སློང་དེ་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ལའོ། །དགེ་སློང་རྣམས་ཀྱིས་ནི་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་རུང་བའི་གནས་བསྐོ་བར་
བྱའོ། བཅོམ་ལྡན་འདས་ཀྱིས་རུང་བའི་གནས་བསྐོ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་ཅི་འདྲ་བ་དང་ཇི་ཙམ་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བའི་གནས་ལྔ་སྟེ། རྩོམ་པའི་མཐའ་ཅན་དང་། སེམས་གཏོད་
པའི་མཐའ་ཅན་དང་། བ་ཉལ་བ་ལྟ་བུ་དང་། སྟོང་པའི་གནས་དང་། བསྐོས་པའོ། །དེ་ལ་རྩོམ་པའི་མཐའ་ཅན་ནི་འདི་ལྟ་སྟེ། དགེ་སློང་ལག་གི་བླས་གནས་རྩོམ་པ་ན་དེར་ཐོག་མར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་གནས་སུ་འགྱུར་རོ་ཞེས་སེམས་བསྐྱེད་ཅིང་ཚིག་
ཏུ་སྨྲས་པ་སྟེ། འདི་ནི་རུང་བའི་གནས་རྩོམ་པའི་མཐའ་ཅན་ཞེས་བྱའོ། །སེམས་གཏོད་པའི་མཐའ་ཅན་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ལག་གི་བླས་དེར་ཐོག་མར་གཞི་རྡོ་བ་འདྲེན་པ་ན་ཉེ་འཁོར་གྱི་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་
འདུན་གྱི་རུང་བའི་གནས་སུ་འགྱུར་བར་ངེས་པར་ཟུང་ཤིག་ངེས་པར་ཟུང་ཤིག་ཅེས་བྱ་སྟེ། འདི་ནི་སེམས་གཏོད་པའི་མཐའ་ཅན་ཞེས་བྱའོ། །བ་ཉལ་བ་ལྟ་བུ་གང་ཞེ་ན། གང་ལ་སྒོ་ཐ་དད་པར་གསེས་པ་སྟེ། འདི་ནི་བ་ཉལ་བ་ལྟ་བུ་ཞེས་བྱའོ། །གནས་སྟོང་པ་གང་ཞེ་ན།
སྤངས་པའི་གནས་ཏེ་འདི་ནི་གནས་སྟོང་པ་ཞེས་བྱའོ། །བསྐོས་པ་གང་ཞེ་ན། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པའོ། །དགེ་སློང་རྣམས་ཀྱིས་ཇི་ལྟར་བསྐོ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་ཞིག་ཐམས་ཅད་ཟིན་པར་
བྱས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ལ་དགེ་འདུན་གྱིས་འདོད་ན་དེ་བསྐོ་བར་བྱའོ། །བསྐོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་
Vol. 3 · folio 25a
ཅད་འདུག་ཅིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་
གྱི་རུང་བའི་གནས་སུ་བསྐོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ་ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་གནས་སུ་
བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་བར་བཞེད་དེ། དེའི་
སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་ན། ཚེ་དང་ལྡན་པ་རྣམས་ལས་གང་དག་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་
དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་བགྱིས་ལགས་པ་ནང་མཚམས་དང་ཕྱི་རོལ་
ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་གནས་སུ་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་དུ་དགེ་འདུན་གྱི་རུང་བའི་གནས་སུ་བསྐོས་པ་དེར་གཉིས་སྐབས་དབྱེ་སྟེ། མཚམས་ཀྱི་ནང་དུ་བཙོས་པ་དང་།
མཚམས་ཀྱི་ནང་དུ་ཞག་ལོན་པའོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །ཡངས་པ་ཅན་ན་སྡེ་དཔོན་སེང་གེ་ཞེས་བྱ་བ་ཞིག་གནས་ཏེ། དེའི་ཉེ་འཁོར་ན་གནས་པ་རྣམས་ཀྱིས་དེའི་ཆེད་
Vol. 3 · folio 25b
དུ་ཤ་ཁྱེར་ཏེ་འོངས་ནས་དེ་ཡང་ཟ་བར་བྱེད་དོ། །གང་གི་ཚེ་དེས་བཅོམ་ལྡན་འདས་ལས་བདེན་པ་མཐོང་བ་དེའི་ཚེ་མི་ཟ་བས་ཁྱེར་ཏེ་འོངས་ནས་ཡང་དགེ་སློང་རྣམས་ལ་སྦྱིན་པར་བྱེད་དོ། །དགེ་སློང་རྣམས་ཀྱིས་ཀྱང་དེ་དག་ཟོས་པ་དང་མུ་སྟེགས་ཅན་རྣམས་སྨོད་པར་བྱེད།
གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། ཤེས་ལྡན་དག་སྡེ་དཔོན་སེང་གེའི་ཆེད་དུ་བྱས་ཏེ་ཤ་ཁྱེར་ཏེ་འོངས་ན་ནི་དེས་དེ་དག་མ་ཟོས་ལ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ལ་བྱིན་པ་དང་། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་ཆེད་དུ་བྱས་པའི་ཤ་ནི་ཟོས་སོ་ཞེས་
པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། བདག་གི་ཆེད་དུ་བྱས་པར་མངོན་དུ་མཐོང་བ་རུང་བ་
མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། ཡིད་ཆེས་པ་ལས་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ནོ་ཞེས་ཐོས་པ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། རང་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གི་ཆེད་དུ་བྱས་པ་
ཡིན་ནོ་སྙམ་དུ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དག་ངས་གནས་གསུམ་གྱིས་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། འདིས་བདག་གི་ཆེད་དུ་བྱས་པར་མངོན་སུམ་དུ་མ་མཐོང་བ་རུང་བའི་ཤ་བཟའ་
བར་བྱའོ་ཞེས་གསུངས་པ་དང་། ཡིད་ཆེས་པ་ལས་འདིས་ཁྱོད་ཀྱི་ཆེད་དུ་བྱས་པ་མ་ཡིན་ནོ་ཞེས་ཐོས་པ་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་དང་། བདག་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པ་མ་སྐྱེས་པ་
རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ནས་དགེ་སློང་དག་ལྟོགས་པར་གྱུར་པས་དེ་རྣམས་གློས་ཕབ་སྟེ་འདུག་པ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་པ་དག་
Vol. 3 · folio 26a
གཅིག་ཏུ་བརྩོན་པར་བྱ་བའི་ཕྱིར་བསྟན་པ་ལ་ཅིའི་སླད་དུ་གློས་ཕབ་སྟེ་བཞུགས་ཤིང་དགེ་བའི་ཕྱོགས་ལ་བརྩོན་པར་མི་མཛད། དེ་རྣམས་ཀྱིས་སྨྲས་པ། མུ་གེ་དང་བཅས་པའི་དུས་བྱུང་བས་བསོད་སྙོམས་ལྟོ་འགྲངས་པར་མི་རྙེད་པས་ཁོ་བོ་ཅག་ལྟོགས་ཏེ་ཉམ་
ཆུང་བས་དེས་ན་གློས་ཕབ་སྟེ་འདུག་གོ། །དེ་རྣམས་ཀྱིས་སྨྲས་པ། ཅི་སྟེ་ཞལ་ཚུས་མི་གསོལ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་དོ་ཞེས་བྱ་བའི་སྐབས་དེ་དགེ་སློང་
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་སྡུག་བསྔལ་དགོན་པ་འདི་ལྟ་བུར་དགེ་སློང་རྣམས་ཀྱིས་གཡར་ཚུས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གླེང་
གཞི་ནི་མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ནས་དགེ་སློང་རྣམས་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་ཟས་ཀྱི་བྱ་བ་མཛོད་ཅིག །དེ་རྣམས་ཀྱིས་ཟས་ཀྱི་བྱ་བ་བྱས་ནས་བསོད་སྙོམས་སྔར་རྙེད་པ་ཁྱེར་ནས་
གཙུག་ལག་ཁང་དུ་སོང་སྟེ། དེ་རྣམས་ཀྱིས་མུ་གེའི་སྐྱོན་གྱིས་དེ་ཡང་བཟའ་བར་འདོད་ན་འོན་ཀྱང་འགྱོད་པས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ།
མུ་གེའི་སྡུག་བསྔལ་དགོན་པ་འདི་ལྟ་བུར་འདོད་ན་སྔར་བླངས་ཟིན་ཏོ་སྙམ་དུ་སོམས་ལ་སྔར་རྙེད་པ་ཡང་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་
དགེ་སློང་རྣམས་ཁྱིམ་གྱི་ནང་དུ་ཟས་ལ་མགྲོན་དུ་བོས་ནས་དེ་རྣམས་ཀྱིས་ཟོས་པ་དང་བཅའ་བ་ལས་ལྷག་མ་ཞིག་ལུས་སོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་པ་དག་ཁྱེད་ཀྱི་ཆེད་དུ་སྟ་གོན་བགྱིས་པ་ལགས་ཀྱིས་སྣོམས་ཏེ་བཞུད་ལ་ཕྱིས་གསོལ་ཅིག །
Vol. 3 · folio 26b
དེ་རྣམས་ཀྱིས་ཁྱེར་ཏེ་དོང་ངོ་། །དོང་ནས་དེ་ཡང་ཟ་བར་འདོད་ན་འགྱོད་པས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་སྡུག་བསྔལ་དགོན་པ་འདི་ལྟ་
བུར་འདི་དག་ནི་བྱིན་པ་ཡིན་ནོ་སྙམ་དུ་བསམས་ནས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་བ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་དགེ་སློང་རྣམས་ཟས་ལ་མགྲོན་དུ་བོས་ཏེ། དེ་རྣམས་
ཀྱིས་ཟོས་ནས་བཅའ་བ་ལ་སོགས་པ་ཅུང་ཟད་ཅིག་ལྷག་སྟེ། དགེ་སློང་རྣམས་དོང་བ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འདི་ནི་བདག་ཅག་གིས་འཕགས་པ་དག་ཁོ་ན་ལ་ཡོངས་སུ་བཏང་བ་ལགས་ཏེ། འཚལ་ཏེ་མཆིས་ལ་ཁྱོད་ཁོ་ན་ལ་དབུལ་ལོ་ཞེས་དེ་རྣམས་
ཀྱིས་ཁྱེར་ཏེ་འོངས་པ་དང་། དགེ་སློང་རྣམས་དེ་ལ་ཟ་བར་འདོད་ན་འགྱོད་པས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་དགོན་པ་སྡུག་བསྔལ་འདི་
ལྟ་བུར་སྔར་ཡོངས་སུ་བཏང་བའོ་སྙམ་དུ་བསམས་ནས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ནུབ་ཕྱོགས་ཀྱི་ཚལ་ན་ཡོད་པའི་འབྲས་བུ་རྣམས་གྲུབ་ནས་དེ་རྣམས་ཀྱིས་བསམས་
པ། འདི་དག་ནི་རྙེད་དཀའ་བ་ཡིན་པས་འཕགས་པ་རྣམས་ལ་འབུལ་ལོ་ཞེས་དེ་དག་གིས་དགེ་སློང་རྣམས་ཟས་ཟོས་ནས་སྤང་བ་བྱས་པ་རྣམས་ལ་དེ་དག་བྱིན་པ་དང་། དགེ་སློང་རྣམས་ཀྱིས་སྤང་བ་བྱས་ཟིན་ནོ་ཞེས་འགྱོད་པས་མ་ཟོས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་
པ་ཅན་རྣམས་ཀྱིས་སྨྲས་པ། འཕགས་པ་དག་གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་མུ་སྟེགས་ཅན་རྣམས་ལ་ཡོན་གནས་བགྱིད་པ་ལས། ད་ནི་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ནས་ཁྱེད་རྣམས་ཀྱང་ད་ནི་ཡོན་གནས་སུ་གྱུར་པ་ལགས་ན། གལ་ཏེ་
Vol. 3 · folio 27a
ཁྱེད་ཀྱིས་མ་བཞེས་ན་ཅི་བདག་ཅག་གི་དགེ་བའི་ཤུལ་རྒྱགས་དང་བྲལ་ཏེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆི་བར་བགྱིའམ། དེ་ལྟ་བས་ན་ཐུགས་བརྩེ་བས་བཞེས་ཤིག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། རྙེད་པར་དཀའ་བ་ཡིན་ནོ་སྙམ་ནས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ལ་ཚལ་ན་ཡོད་པའི་འབྲས་བུ་ནི་འདི་དག་ཡིན་ཏེ། རྒུན་འབྲུམ་དང་། བལ་པོ་སེའུ་དང་། འབྲ་གོ་དང་། སྟ་རྒ་དང་། ཡོན་
ཚེ་དང་། ཤིང་ཏོག་ཨུ་ར་མ་ན་དང་། ཤིང་ཏོག་ཨུ་རུ་མ་ཡི་ཀ་དང་། ཤིང་ཏོག་ནི་ཀོ་ཙ་དང་། ཤིང་ཏོག་བ་བྷུ་དང་། ཤིང་ཏོག་སིན་ཙི་ཀའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་དགེ་སློང་རྣམས་ཟས་ཟོས་ཟིན་པ་དང་། ཆུ་ནས་སྐྱེས་
པ་དག་ཕུལ་བ་དང་། དགེ་སློང་རྣམས་འདོད་ཀྱང་སྤང་བ་བྱས་ཟིན་ཏོ་ཞེས་འགྱོད་པས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙེད་པར་དཀའ་བ་ཡིན་ནོ་སྙམ་དུ་བསམས་ནས་བཟའ་བར་བྱ་སྟེ། དེ་ལ་
འགྱོད་པར་མི་བྱའོ། །དེ་ལ་ཆུ་ནས་སྐྱེས་པ་ནི་འདི་དག་ཡིན་ཏེ། ཨུཏྤ་ལའི་རྩ་བ་དང་། པད་མའི་རྩ་བ་དང་། ཀུ་མུ་དའི་ས་བོན་དང་། པད་མའི་ས་བོན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁམས་མ་སྙོམས་པས་ཁྲག་དང་བད་ཀན་འཁྲུགས་པར་གྱུར་ཏོ། །
དེའི་རིམ་གྲོ་བྱེད་པ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ། བདག་རང་གི་བློས་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལན་མང་དུ་རིམ་གྲོ་བྱས་ཀྱི་ལན་འགའ་ཡང་སྨན་པ་ལ་མ་དྲིས་ཀྱིས། མ་ལ་བདག་གིས་དྲིའོ་སྙམ་ནས་དེས་སྨན་པ་ལ་དྲིས་པ། བཞིན་བཟངས་ཚེ་དང་ལྡན་པ་ཤཱ་
རིའི་བུ་ཁྲག་དང་བད་ཀན་འཁྲུགས་པར་གྱུར་ན་དེའི་སྨན་སྟོན་ཅིག །དེས་སྨྲས་པ་འཕགས་པ་པད་མའི་རྩ་བའི་འོ་མ་སྩོལ་ཅིག་དང་སོས་པར་འགྱུར་རོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ། གལ་ཏེ་བདག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་པད་མའི་རྩ་བ་ཕལ་པའི་
Vol. 3 · folio 27b
འོ་མས་རིམ་གྲོ་བྱ་བ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་དུ་བསམས་ནས་ཇི་ལྟར་སེམས་མཉམ་པར་བཞག་པས་མཉན་ཡོད་ནས་མི་སྣང་བར་གྱུར་ཏེ། དལ་གྱིས་འབབ་ཅེས་བྱ་བའི་འགྲམ་དུ་ཕྱིན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཀླུའི་རྒྱལ་པོ་རབ་བརྟན་གྱི་
གནས་དང་ཉེ་བར་གྱུར་པ་དང་། དེ་ནས་ཀླུའི་རྒྱལ་པོ་རབ་བརྟན་གྱིས་མཐོང་ནས་སྨྲས་པ། འཕགས་པ་དགོས་པ་ཅི་ཞིག་གི་ཕྱིར་བྱོན། དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྲག་དང་བད་ཀན་འཁྲུགས་ནས་དེ་ལ་སྨན་པས་པད་མའི་རྩ་བའི་འོ་མ་བསྟན་ཏོ། །ཀླུའི་རྒྱལ་པོ་རབ་
བརྟན་གྱིས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟར་ན་རེ་ཞིག་གཞེས་ཤིག །དེ་དལ་གྱིས་འབབ་ཀྱི་ནང་དུ་ཞུགས་ནས་མིའི་ཚད་ཙམ་གྱི་པད་མའི་རྩ་བ་དག་བཏོན་ཅིང་པད་མའི་རྩ་བའི་འོ་མ་པད་མའི་འདབ་མའི་སྐྱོ་རར་གཟར་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ལྷུང་བཟེད་བཀང་ངོ་། །
ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་པད་མའི་རྩ་བ་གཤེགས་པ་ལ་ལྟ་བར་བརྩམས་པ་དང་དེ་ནས་ཀླུའི་རྒྱལ་པོ་རབ་བརྟན་གྱིས་སྨྲས་པ། འཕགས་པ་ཅི་གཟིགས་པད་མའི་རྩ་བ་དག་གསོལ་བར་བཞེད་དམ། དེ་ཅང་མི་སྨྲ་བར་འདུག་པ་དང་སྨྲས་པ། འཕགས་པ་བཞུད་ཅིག་
དང་བསྐུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་པད་མའི་རྩ་བའི་འོ་མས་ལྷུང་བཟེད་བཀང་བ་ཁྱེར་ནས་དལ་གྱིས་འབབ་ཀྱི་འགྲམ་ནས་མི་སྣང་བར་བྱས་ཏེ་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་
ཤཱ་རིའི་བུས་སྨན་པས་བསྟན་པ་བཞིན་པད་མའི་རྩ་བའི་འོ་མ་འཐུངས་པས་སོས་པར་གྱུར་ཏོ། །ཀླུའི་རྒྱལ་པོ་རབ་བརྟན་གྱིས་ཀྱང་གླང་པོ་ཆེ་ནག་པོའི་ཆ་བྱད་འཆང་ལ་པད་མའི་རྩ་བ་ཁུར་ཅིག་བཀུར་ནས་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ལ་གཙུག་ལག་ཁང་གི་ཁྱམས་
ཀྱི་མདུན་དུ་ཞོག་ལ་ཤོག་ཤིག །དེ་རླུང་གི་ཤུགས་ལྟར་མགྱོགས་པའི་མཐུས་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་གཙུག་ལག་ཁང་དུ་འོངས་ནས་པད་མའི་རྩ་བ་རྣམས་ཁྱམས་ཀྱི་མདུན་དུ་བཞག་ནས་སླར་ལོག་པ་ལས་ལམ་གྱི་ཕྱེད་ན་ཚལ་གྱི་བལ་གླང་མོ་ཞིག་ཡོད་པ་དང་ལྷན་
Vol. 3 · folio 28a
ཅིག་འདུས་པར་གྱུར་ཏོ། །དུས་གཞན་ཞིག་ན་བལ་གླང་མོ་དེ་ལས་བལ་གླང་ཕྲུག་གུ་ཅིག་འབྲངས་ཏེ་འབྲངས་པའི་མོད་ལ་སེང་གེའི་སྒྲ་འབྱིན་ཏོ། །དེ་ནས་བལ་གླང་མོ་དེ་སྐྲག་པས་གཅིན་རྟུག་ཤོར་ནས་བལ་གླང་ཕྲུག་གུ་བོར་ཏེ་བྲོས་སོ། །དེ་ནས་རྒྱལ་པོའི་ཁབ་ན་གནས་
པའི་ཤིང་མཁན་ཞིག་ཤིང་གི་ཆེད་དུ་ཚལ་དུ་སོང་བ་ལས་བལ་གླང་ཕྲུག་གུ་དེ་མཐོང་ནས་ཁྱིམ་དུ་བླངས་ཏེ་བསྣུན་གསོས་བསྐྱེད་དེ། ནོར་གྱིས་བསྐྱངས་པས་མིང་ནོར་སྐྱོང་ནོར་སྐྱོང་ཞེས་བྱ་བར་གྲགས་སོ། །ཁ་ཅིག་ནི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ནོར་སྐྱོང་སྐྱེས་
སུ་བསྐུར་བ་ལས། དེ་མཉན་ཡོད་ཀྱི་ཡུལ་ན་གནས་པའི་སྐྱེ་བོས་ནོར་གྱིས་བསྐྱངས་པས་ན་ནོར་སྐྱོང་ཞེས་འདོན་ཏོ། །པད་མའི་རྩ་བ་ཁ་ཅིག་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཟོས། ཁ་ཅིག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུས། ཁ་ཅིག་ནི་དགེ་འདུན་ལ་བྲིམས་པ་ལས་འོན་ཀྱང་ལྷག་
པར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སྤང་བ་བྱས་ནས་ཀྱང་ཟ་བར་འདོད་ན་བདག་ཅག་གིས་སྤང་བ་བྱས་སོ་ཞེས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་རྣམས་ཀྱིས་ལྷའི་པད་མའི་
རྩ་བ་རྙེད་པར་དཀའ་བས་དེའི་ཕྱིར་རྗེས་སུ་གནང་ངོ་། །པད་མའི་རྩ་བ་རྙེད་པར་དཀའ་བ་ཡིན་ནོ་སྙམ་དུ་བསམས་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་གྲོང་ཁྱེར་བཟང་བྱེད་ན་བསོད་ནམས་ཆེན་པོར་ཤེས་པར་བྱ་བ་དྲུག་གནས་ཏེ། ཁྱིམ་
བདག་ལུག་ཅེས་བྱ་བ་དང་། ལུག་གི་ཆུང་མ་དང་། ལུག་གི་བུ་དང་། ལུག་གི་མནའ་མ་དང་། ལུག་གི་བྲན་ཕོ་དང་། ལུག་གི་བྲན་མོའོ། །ཁྱིམ་བདག་ལུག་བསོད་ནམས་ཆེ་བར་ཇི་ལྟར་ཤེས་ཞེ་ན། གལ་ཏེ་བང་མཛོད་སྟོང་པ་རྣམས་ལ་བལྟས་ན་མཐོང་མ་ཐག་ཁོ་ནར་དགང་བར་
འགྱུར་ཏེ། དེ་ལྟར་ན་ཁྱིམ་བདག་ལུག་བསོད་ནམས་ཆེ་བར་ཤེས་སོ། །ལུག་གི་ཆུང་མ་ཇི་ལྟ་བུ་ཞེ་ན། དེས་གཅིག་གི་དོན་དུ་སྣོད་དུ་བཙོས་པ་ནི་བརྒྱ་སྟོང་གི་བཟའ་བ་འབྱུང་སྟེ། ལུག་གི་ཆུང་མ་ནི་དེ་ལྟ་བུ་ཡིན་ནོ། །ལུག་གི་བུ་ཇི་ལྟ་བུ་ཞེ་ན། དེའི་རྐེད་པ་ལ་ལྔ་བརྒྱ་པའི་སྣོད་
Vol. 3 · folio 28b
བཏགས་ཏེ་འདུག་ལ། དེས་གང་གི་ཚེ་བརྒྱའམ་སྟོང་ཡོངས་སུ་བཏང་བ་དེའི་ཚེ་དེ་བཞིན་དུ་གང་བར་འདུག་སྟེ། ཡོངས་སུ་ཟད་པར་མི་འགྱུར་ཏེ། ལུག་གི་བུ་ནི་དེ་ལྟ་བུ་ཡིན་ནོ། །ལུག་གི་མནའ་མ་ཇི་ལྟ་བུ་ཞེ་ན། དེས་གཅིག་གི་དོན་དུ་དྲི་སྦྱར་ན་བརྒྱ་སྟོང་ཁྱེད་པར་འགྱུར་ཏེ། ལུག་གི་
མནའ་མ་ནི་དེ་ལྟ་བུ་ཡིན་ནོ། །ལུག་གི་བྲན་ཕོ་ཇི་ལྟ་བུ་ཞེ་ན། དེས་གང་གི་ཚེ་ཞིང་ལ་རོལ་གཅིག་རྨོས་པ་དེའི་ཚེ་ཞིང་ལ་རོལ་བདུན་རྨོས་པར་འགྱུར་ཏེ། ལུག་གི་བྲན་ཕོ་ནི་དེ་ལྟ་བུ་ཡིན་ནོ། །ལུག་གི་བྲན་མོ་ནི་ཇི་ལྟར་བསོད་ནམས་ཆེ་བར་ཤེས་ཞེ་ན། དེ་གང་གི་ཚེ་འབྲས་གཏུན་གང་
ཙམ་དྲུས་པ་དེའི་ཚེ་བདུན་ཙམ་དུ་སྐྱེས་པར་འགྱུར་ཏེ། དེ་ལྟར་ན་ལུག་གི་བྲན་མོ་བསོད་ནམས་ཆེ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་གདུལ་བའི་དུས་མཁྱེན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་
དགེ་སློང་དག་དེ་བཞིན་གཤེགས་པ་ནི་ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་གཤེགས་ཀྱིས། ཁྱེད་ཅག་ལས་གང་ཞིག་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་འདོང་བར་སྤྲོ་བ་དེ་ནི་ཆོས་གོས་རྣམས་ལོང་ཤིག་ཅེས་སྒོ་ཞིག །བཙུན་པ་བཀའ་བཞིན་
འཚལ་ཞེས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་གཤེགས་ཀྱིས། ཁྱེད་ཅག་ལས་གང་ཞིག་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་
ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་འདོང་བར་སྤྲོ་བ་དེ་ནི་ཆོས་གོས་རྣམས་ལོང་ཤིག །ཚེ་དང་ལྡན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དུལ་བ། འཁོར་དུལ་བ། ཞི་བ། འཁོར་ཞི་བ།
དགྲ་བཅོམ་པ། འཁོར་དགྲ་བཅོམ་པ་དང་ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དེའི་ཚེ་མུ་སྟེགས་ཅན་རྣམས་མཐའ་འཁོབ་ཏུ་དོང་བ་ལས་དེ་ནས་ཁ་ཅིག་གྲོང་ཁྱེར་བཟང་བྱེད་དུ་དོང་ནས་
Vol. 3 · folio 29a
གནས་པ་དེ་རྣམས་ཀྱིས་དགེ་སྦྱོང་གཽ་ཏ་མ་འོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རོད་རོད་པོར་གྱུར་ནས་བདག་ཅག་སྔོན་ནི་དགེ་སྦྱོང་གཽ་ཏ་མས་ཡུལ་དབུས་ནས་སྤྱུགས་སོ། །དེ་གལ་ཏེ་འདིར་འོངས་ན། གདོན་མི་ཟ་བར་བདག་ཅག་འདི་ནས་ཀྱང་སྤྱུགས་པར་འགྱུར་གྱིས་དེ་ལ་ཐབས་
ཤིག་བཤམ་པར་བྱའོ་སྙམ་མོ། །དེ་རྣམས་རིགས་ཀྱི་ཁྱིམ་དག་ཏུ་དོང་ནས་སྨྲས་པ། ཆོས་ཐོབ་པར་གྱུར་ཅིག །ཆོས་ཐོབ་པར་གྱུར་ཅིག །འཕགས་པ་དག་དེ་ཅི་ལགས། ཤེས་ལྡན་དག་བལྟས་ཟིན་གྱིས་འགྲོའོ། །ཅིའི་སླད་དུ་རེ་ཞིག་ཁྱེད་ཅག་གི་འབྱོར་པ་ཕུན་སུམ་ཚོགས་པ་ནི་
ཁོ་བོ་ཅག་གིས་མཐོང་གིས་ཇི་སྲིད་རྒུད་པ་མ་མཐོང་བ་དེའི་བར་དུ་འདོང་ངོ་། །འཕགས་པ་དག་བདག་ཅག་ལ་རྒུད་པ་ཅི་ཞིག་འབྱུང་བར་འགྱུར་ལགས། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་སྤུ་གྲིའི་སེར་བ་འབེབས་ཤིང་དུ་མ་ཞིག་བུ་མེད་པ་དང་། ཁྱིམ་ཐབ་མེད་པར་བྱེད་ཅིང་འོང་ངོ་། །འཕགས་
པ་དག་གལ་ཏེ་དེ་ལྟ་ན་གང་གི་དུས་ཁོ་ནར་གཞེས་པར་བགྱི་བ་དེ་ཁོ་ནའི་དུས་སུ་བདག་ཅག་སྤང་བར་བགྱིའམ། བཞུགས་ཤིག་མ་བཞུད་ཅིག །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་ཅི་སྟེ་འདུག་ཁྱེད་ཅག་ཁོ་བོ་ཅག་གི་ཉན་དུ་མི་བཏུབ་བོ། །འཕགས་པ་དག་གསུང་ཤིག་མཉན་
པར་བགྱིའོ། །དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་གནས་ནས་ཕྱུང་ལ་གྲོང་ཁྱེར་བཟང་བྱེད་ཀྱི་ནང་དུ་ཚུད་ཅིག་རྩྭ་སྔོན་པོ་རྣམས་རྔོས་ཤིག །འདུག་གནས་རྣམས་ནི་ཤིག་ཅིག །མེ་ཏོག་དང་འབྲས་བུའི་ཤིང་རྣམས་ནི་
ཚོད་ཅིག །ཆུ་རྣམས་ནི་དུག་ལུགས་ཤིག །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་བཞུགས་ཤིག་དང་ཐམས་ཅད་བགྱིའོ། །དེ་ནས་དེ་རྣམས་ཀྱིས་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་གནས་ནས་བཏོན་ནས་གྲོང་ཁྱེར་བཟང་བྱེད་ཀྱི་ནང་དུ་བཙུད་དེ།
རྩྭ་སྔོན་པོ་རྣམས་ནི་བརྔས། འདུག་གནས་རྣམས་ནི་བཤིག །མེ་ཏོག་དང་འབྲས་བུའི་ཤིང་ནི་བཅད། ཆུ་རྣམས་ནི་དུག་བླུགས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་པ་བྱེད་པ་ཡལ་བར་དོར་བ་ནི་བདག་གི་ཆ་མ་
Vol. 3 · folio 29b
ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་དུ་མས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་པའི་བཅོམ་ལྡན་འདས་དེ་འཇིག་རྟེན་ཐམས་ཅད་མེད་པའི་ཡུལ་སྟོང་རྒྱུ་ཞིང་གཤེགས་པར་བྱ་འམ།
མ་ལ་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བདེ་བ་ལ་རེག་པར་བྱ་བའི་ཕྱིར་འབད་པར་བྱའོ་སྙམ་ནས་དེས་རླུང་གཏོང་བའི་ལྷའི་བུ་ལ་བསྒོ་བ། སོང་ལ་ཆུ་དུག་ཅན་རྣམས་སྐོམས་ཤིག །ཆར་འབེབས་པའི་ལྷའི་བུ་ལ་བསྒོ་བ། འདི་རྣམས་ཀྱིས་བསྐམས་
པ་དང་། ཁྱོད་ཀྱིས་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཁོང་ཤིག །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཡང་བསྒོ་བ། ཁྱེད་ཀྱིས་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་དུ་གནས་ཐོབ་ཤིག །དེ་ནས་རླུང་གཏོང་བའི་ལྷའི་བུས་ནི་ཆུ་དུག་ཅན་རྣམས་བསྐམས་སོ། །ཆར་འབེབས་པའི་ལྷའི་བུས་
ནི་དེར་ཡང་ཆུ་ཡན་ལག་བརྒྱད་དང་ལྡན་པས་བཀང་ངོ་། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་དུ་གནས་བཏབ་ནས་ལྗོངས་རྣམས་འབྱོར་ཅིང་རྒྱས་པར་གྱུར་ཏོ། །མུ་སྟེགས་ཅན་རྣམས་ཀྱིས་གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་
བསོགས་ནས་དེ་རྣམས་ཀྱིས་རྟོག་ཆེན་དག་མངགས་ཏེ་ལྗོངས་རྣམས་ཅི་འདྲ་ལྟོས་ཤིག །དེ་རྣམས་དོང་བ་ལས་ལྗོངས་རྣམས་ལྷག་པར་ཡང་འབྱོར་ཅིང་རྒྱས་པར་གྱུར་པ་མཐོང་ནས་སླར་འོངས་ཏེ་སྨྲས་པ། ཤེས་ལྡན་དག་ལྗོངས་རྣམས་འདི་ལྟ་བུར་འབྱོར་ཅིང་རྒྱས་པ་ནི་སྔོན་ལན་འགའ་
ཡང་བདག་ཅག་གིས་མ་མཐོང་ངོ་། །མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་མཐོང་ངམ། རེ་ཞིག་གང་ཞིག་སེམས་མེད་པའི་དངོས་པོ་རྣམས་ཀྱང་སྒྱུར་བར་བྱེད་པ་དེས། ཁྱེད་ཅག་སྒྱུར་བར་མི་བྱེད་པ་དེ་ལྟ་སྲིད་རེ་སྐན། ཁྱེད་ཅག་རྣམ་པ་ཐམས་
ཅད་དུ་བལྟས་ཟིན་ཏེ། བལྟ་བའི་ཐ་མ་བྱས་ནས་འགྲོའོ། །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་བཞུགས་ཤིག །ཁྱེད་ཅག་ལ་དགེ་སྦྱོང་གཽ་ཏ་མས་ཅི་ཞིག་བགྱིར་མཆིས། དེ་ཡང་རབ་ཏུ་བྱུང་བ་ལགས་ལ། ཁྱེད་ཀྱང་རབ་ཏུ་བྱུང་བ་སློང་ཞིང་འཚོ་བ་ལགས་ན།
Vol. 3 · folio 30a
ཅི་དེས་ཁྱེད་ཅག་གི་སློང་བ་བཀག་པར་འགྱུར་སྙམ་མམ། མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། དམ་ཞིག་བཅས་ཏེ་གལ་ཏེ་ཁྱེད་ཅག་སུས་ཀྱང་དགེ་སྦྱོང་གཽ་ཏ་མ་ལ་བལྟ་བར་འགྲོ་བར་མི་བྱ་ཞིང་གང་ཞིག་འགྲོ་བ་དེ་ལ་ཆད་པར་ཀཱར་ཥཱ་པ་ཎ་དྲུག་བཅུས་གཅད་པར་
ཁྲིམས་འཆའ་ན་འདུག་གོ། །དེ་རྣམས་ཀྱིས་ཀྱང་ཁས་བླངས་ནས་ཁྲིམས་སུ་བཅས་སོ། །དེ་ནས་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་གཤེགས་ནས་བཟང་བྱེད་ཀྱི་ལྷོ་ཕྱོགས་ཀྱི་གནས་ཤིག་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གཞིའི་བྲམ་
ཟེའི་བུ་མོ་གྲོང་ཁྱེར་བཟང་བྱེད་དུ་བག་མར་བཏང་བ་དེ་ར་བའི་ཁ་ན་འདུག་པས་བཅོམ་ལྡན་འདས་མུན་ཁུང་ན་བཞུགས་པ་མཐོང་ནས་དེས་བསམས་པ། བཅོམ་ལྡན་འདས་ཤཱཀྱའི་རིགས་དགའ་བར་མཛད་པ། ཤཱཀྱའི་རིགས་ཀྱི་རྒྱལ་པོ་སྤངས་ནས་རབ་ཏུ་བྱུང་བ་དེ་ནི་འདི་ཡིན་ཏེ། གལ་ཏེ་འདི་
ལ་ཐེམ་སྐས་ཤིག་ཡོད་པར་གྱུར་ན་བདག་མར་མེ་ཐོགས་ལ་འབབས་པ་ཞིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་ཐེམ་སྐས་ཞིག་སྤྲུལ་ཏོ། །དེ་ནས་དེ་སྙིང་དགའ་བ་དང་མགུ་བ་དང་། རབ་ཏུ་དགའ་བས་མར་མེ་ཐོགས་ཏེ་ཐེམ་སྐས་ལས་བབས་ནས་བཅོམ་ལྡན་
འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་བཞག་ནས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་
དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དོ་ཞེས་བྱ་བ་ནས། སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཁྱོད་
ཚུར་ཁྱིམ་བདག་ལུག་གང་ན་བ་དེར་སོང་ལ་ཕྱིན་པ་དང་དེ་ལ་ང་ན་རེ་ནད་མེད་པར་གྱུར་ཅིག་ཅེས་སྨྲོས་ལ་འདི་སྐད་ཅེས་ཀྱང་སྨྲོས་ཤིག །ཁྱིམ་བདག་ཁྱོད་ཀྱི་ཆེད་ཁོ་ནར་ང་འདིར་འོངས་ན་ཁྱོད་སྒོ་བཅད་ནས་འདུག་པས་གློ་བུར་བ་ལ་ཇི་ལྟར་ཁྱོད་བྱེད་པ་དེ་ལྟ་བུར་བྱ་བ་དེ་ཅི་ག་རིགས་སམ། གལ་ཏེ་
Vol. 3 · folio 30b
ཚོགས་ཀྱིས་ཁྲིམས་སུ་བཅའ་བ་བྱས་སོ་ཞེས་སྨྲས་པ་དང་། ཁྱོད་ཀྱི་བུའི་རྐེད་པ་ལ་ལྔ་བརྒྱ་པའི་སྣོད་བཏགས་ཏེ་འདུག་པ་དེས་གལ་ཏེ་བརྒྱའམ་སྟོང་འགེད་པར་བཏང་ན་ཡང་གང་བ་ཉིད་དུ་འདུག་ཅིང་ཡོངས་སུ་ཟད་པར་མི་འགྱུར་ན་ཁྱོད་ཀཱར་ཥཱ་པ་ཎ་དྲུག་བཅུ་བྱིན་ནས་འོང་མི་ནུས་སམ་ཞེས་སྨྲོས་
ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་བུ་མོ་དེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཆས་པ་དང་། བཅོམ་ལྡན་འདས་ཀྱིས་ཇི་ལྟར་སུས་ཀྱང་མི་ཚོར་བ་དེ་ལྟར་བྱིན་གྱིས་བརླབས་ནས་ཁྱིམ་བདག་ལུག་གི་གན་དུ་སོང་སྟེ་ཕྱིན་པ་དང་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཁྱོད་
ལ་ནད་མེད་པར་གྱུར་ཅིག་ཅེས་གསུང་ངོ་། །དེས་སྨྲས་པ། བུ་མོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཁྱིམ་བདག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཁོ་ནའི་ཆེད་དུ་ང་འདིར་གཤེགས་ན་ཁྱོད་སྒོ་བཅད་ནས་འདུག་པ་གློ་བུར་བ་ལ་ཇི་ལྟར་ཁྱོད་བྱེད་པ་དེ་
ལྟ་བུར་བྱ་བ་ཅིག་རིགས་སམ། དེས་སྨྲས་པ། བུ་མོ་ཚོགས་ཀྱིས་ཁྲིམས་སུ་བཅའ་བ་སུས་ཀྱང་དགེ་སྦྱོང་གཽ་ཏ་མ་ལ་བལྟ་བར་བྱ་བའི་ཕྱིར་འགྲོ་བར་མི་བྱའོ། །གང་ཞིག་འགྲོ་ན་དེ་ཚོགས་ཀྱིས་ཀཱར་ཥཱ་པ་ཎ་དྲུག་བཅུའི་ཆད་པས་གཅད་དོ་ཞེས་དམ་བཅས་སོ། །ཁྱིམ་བདག །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་བུའི་རྐེད་པ་ལ་ལྔ་བརྒྱ་པའི་སྣོད་བཏགས་ཏེ་འདུག་པ་དེས་གལ་ཏེ་བརྒྱའམ་སྟོང་འགེད་པར་བཏང་ན་ཡང་གང་བ་ཁོ་ནར་འགྱུར་ཞིང་ཡོངས་སུ་ཟད་པར་མི་འགྱུར་ན་ཀཱར་ཥཱ་པ་ཎ་དྲུག་བཅུ་བྱིན་ནས་ཁྱོད་འོང་བར་མི་ནུས་སམ་ཞེས་གསུང་ངོ་། །དེས་
བསམས་པ། འདི་ནི་སུས་ཀྱང་མི་ཤེས་ན་བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ་ཡིན་པས་འགྲོའོ་སྙམ་ནས། དེས་ཀཱར་ཥཱ་པ་ཎ་དྲུག་བཅུ་སྒོར་བཞག་ནས་བྲམ་ཟེའི་བུ་མོས་བསྟན་པའི་ཐེམ་སྐས་ལས་བབས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་
ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་
Vol. 3 · folio 31a
བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། ཁྱིམ་བདག་ལུག་གིས་དེ་ཐོས་ནས་ཞེས་བྱ་བ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེས་བདེན་པ་མཐོང་ནས་གསོལ་པ། བཅོམ་ལྡན་
འདས་བཟང་བྱེད་ན་གནས་པའི་སྐྱེ་བོའི་ཚོགས་འདི་དག་གིས་ཀྱང་ཅིག་འདི་ལྟ་བུའི་ཆོས་རྣམ་པ་སྣ་ཚོགས་འཐོབ་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ལས་བརྟེན་ནས་ཕལ་ཆེར་ཀུན་གྱིས་འཐོབ་པ་ཁོ་ནར་འགྱུར་རོ། །དེ་ནས་ཁྱིམ་བདག་
ལུག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་སྟེ། དེ་ཁྱིམ་དུ་ཕྱིན་ནས་གྲོང་ཁྱེར་གྱི་ནང་དུ་ཀཱར་ཥཱ་པ་ཎའི་ཕུང་པོ་བཅེར་ཏེ་ཚིགས་སུ་བཅད་པས་སྨྲས་པ། གང་ཞིག་རྒྱལ་བ་འདོད་ཆགས་སྐྱོན་བཅོམ་རྩོད་མེད་པ། །མཚུངས་པ་མེད་
པ་གསེར་གྱི་མདོག་ཅན་ལྟ་འདོད་པ། །དེ་ནི་འཇིགས་མེད་སྙིང་གིས་ཤིན་ཏུ་ངེས་བྱོས་ལ། །མྱུར་དུ་དེངས་ཤིག་དེ་ཡི་ནོར་ནི་ཁོ་བོས་གཞལ། །སྐྱེ་བོའི་ཚོགས་ཀྱིས་སྨྲས་པ། ཁྱིམ་བདག་དགེ་སྦྱོང་གཽ་ཏ་མ་མཐོང་ན་དགེ་བར་འགྱུར་རམ། དེས་སྨྲས་པ། དགེ་བར་འགྱུར་རོ། །དེ་རྣམས་
ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་བས་ན་ཚོགས་ཁོ་ནས་ཁྲིམས་སུ་བཅས་པ་ཚོགས་ཁོ་ནས་བཤིག་ཏུ་ཟད་མོད། འདི་ལ་འགལ་བ་ཅི་ཞིག་ཡོད། དེ་རྣམས་ཀྱིས་ཁྲིམས་སུ་བཅས་པ་བཤིག་ནས་འབྱུང་བར་བརྩམས་སོ། །དེ་ནས་ཕན་ཚུན་སྡོས་པས་འབྱུང་བར་མ་ནུས་པ་དང་གནོད་སྦྱིན་ལག་
ན་རྡོ་རྗེས་འདུལ་བའི་སྐྱེ་བོ་ལ་སྙིང་བརྩེ་བའི་ཕྱིར་རྡོ་རྗེ་འཕངས་པས་ར་བ་དྲལ་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་ཁ་ཅིག་ནི་ཡ་མཚན་སྐྱེས། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བས་ཡང་དག་པར་བསྐུལ་ནས་བྱུང་ངོ་། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པས་བཅོམ་ལྡན་འདས་ཀྱི་ཉེ་འཁོར་
དཔག་ཚད་གཅིག་ཚུན་ཆད་འཁོར་བར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་རྣམས་ཟིལ་གྱིས་མནན་ཏེ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས་སེམས་ཅན་དུ་མ་དག་གི་རྒྱུད་ལ་དགེ་བའི་རྩ་བ་སྐྱེད་པར་བྱེད་པའི་ཆོས་བཤད་པ་མཛད་དེ། དེ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words