No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 2 · folio 31b

ལས་སྒྲུབ་པར་མི་བྱེད་པས་ཞིང་ལས་ཀྱི་མཐའ་རྣམས་ཀྱི་བར་ཆད་བྱས་པས་དེ་བཞིན་རྒྱལ་པོའི་དཔྱ་ཐང་བཞིན་མི་འདུ་བར་གྱུར་ཏོ། །རྒྱལ་པོས་དྲིས་པ། ཤེས་ལྡན་དག་མཆོད་སྦྱིན་གྱི་ཁང་པ་དྲལ་ན་ཅིའི་ཕྱིར་ད་དུང་དཔྱ་ཉུང་བར་གྱུར། བློན་པོ་རྣམས་ཀྱིས་

སྨྲས་པ། ལྷ་སྐྱེ་བོའི་ཚོགས་རང་རང་གི་རྒྱགས་བླངས་ནས་འཚལ་ཞིང་མཆོད་སྡོང་ལ་རྟོག་ཅིང་མཆིས་ཏེ་རང་གི་ལས་སྒྲུབ་པར་མི་བགྱིད་པས། ཞིང་ལས་ཀྱི་མཐའ་རྣམས་ཀྱི་བར་ཆད་བགྱིས་པས་དེས་ན་དཔྱ་ཉུང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སྒྲ་ཆེན་གྱིས་སྦྱིན་པ་

དག་སྦྱིན། བསོད་ནམས་དག་བྱས་ནས་མཆོད་སྡོང་ཆུ་བོ་གང་གཱའི་ནང་དུ་བོར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་པོ་རབ་སྒྲོགས་ཀྱི་ཞང་པོ་མྱ་ངན་མེད་ཅེས་བྱ་བ་གང་ཡིན་པ་དེ་ནི་དགེ་སློང་ལེགས་ལྡན་འདི་ཉིད་ཡིན་ཏེ། འདིས་སྔོན་འདི་བསྟེན་ཏོ། །བཙུན་

པ་མཆོད་སྡོང་འདི་གང་དུ་ཞིག་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མ་འོངས་པ་ན་མི་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་ཏེ། མི་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་རྒྱལ་པོ་དུང་ཞེས་བྱ་བ་ཡང་དག་པར་སྡོམ་པ། འཁོར་

ལོས་སྒྱུར་བ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་འབྱུང་བར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་

དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཉིད་དོ། །དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་

པ་སྟོང་ཡང་ཚང་བར་འབྱུང་བར་འགྱུར་ཏེ། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །

Vol. 2 · folio 32a

རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་པའི་ཚེ་ཞེས་བྱ་བ་ཞིག་འབྱུང་སྟེ། དེའི་ཆུང་མ་ནི་ཚངས་ལྡན་མ་ཞེས་བྱ་བ་ཞིག་འབྱུང་ངོ་། །དེ་བྱམས་པ་ཚད་མེད་པའི་ཡན་ལག་གིས་རྒྱས་པར་བྱས་པས་བུ་བྱམས་པ་ཞེས་བྱ་བ་ཞིག་བཙའ་བར་འགྱུར་རོ། །

བྲམ་ཟེ་ཚངས་པའི་ཚེ་བྲམ་ཟེའི་ཁྱེའུ་བརྒྱད་ཁྲི་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ། །དེས་བྲམ་ཟེའི་ཁྱེའུ་དེ་རྣམས་བྱམས་པ་ལ་གཏད་ནས་བྲམ་ཟེའི་ཁྱེའུ་བྱམས་པས་བྲམ་ཟེའི་ཁྱེའུ་བརྒྱད་ཁྲི་པོ་རྣམས་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ། །དེ་ནས་

རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་གཏེར་ཆེན་པོ་བཞི་པོ། ཀ་ལིང་ཀ་ནས་དམར་སེར་ཏེ། །མི་ཐི་ལ་ནས་སྐྱ་བོ་ཡི། །ས་འཛིན་ནས་ནི་ཨེ་ལའི་འདབ། །བཱ་རཱ་ཎ་སཱིའི་གྲོང་ནས་དུང་། །མཆོད་སྡོང་འདི་ཡང་ཁྱེར་ནས་རྒྱལ་པོ་དུང་ལ་འབུལ་བར་འགྱུར་རོ། །རྒྱལ་པོ་

དུང་གིས་ཀྱང་བྲམ་ཟེ་ཚངས་པའི་ཚེ་ལ་སྦྱིན་པར་འགྱུར་རོ། །བྲམ་ཟེ་ཚངས་པའི་ཚེས་ཀྱང་བྲམ་ཟེའི་ཁྱེའུ་བྱམས་པ་ལའོ། །བྲམ་ཟེའི་ཁྱེའུ་བྱམས་པས་ཀྱང་བྲམ་ཟེའི་ཁྱེའུ་དེ་རྣམས་ལའོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཆོད་སྡོང་དེ་དུམ་བུ་དུམ་བུར་བཅད་ནས་

འགེད་པར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་བྱམས་པས་མཆོད་སྡོང་དེའི་མི་རྟག་པ་ཉིད་མཐོང་ནས། དེ་ཉིད་ཀྱིས་སྐྱོ་བ་སྐྱེས་ནས་ནགས་སུ་འགྲོ་བར་འགྱུར་རོ། །གང་གི་ཉི་མ་ཁོ་ན་ལ་ནགས་སུ་སོང་བ་དེ་ཁོ་ནའི་ཉི་མ་ལ་བྱམས་པ་ཚད་མེད་པའི་ཡན་ལག་གིས་རྒྱས་

པར་བྱས་ནས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེའི་མཚན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་འགྱུར་རོ། །གང་གི་ཉི་མ་ཁོ་ན་ལ་ཡང་དག་པར་

རྫོགས་པའི་སངས་རྒྱས་བྱམས་པས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ཁོ་ནའི་ཉི་མ་ལ་རྒྱལ་པོ་དུང་གི་རིན་པོ་ཆེ་སྣ་བདུན་ནུབ་པར་འགྱུར་རོ། །རྒྱལ་པོ་དུང་ཡང་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲིའི་འཁོར་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

Vol. 2 · folio 32b

བྱམས་པ་རབ་ཏུ་འབྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འགྱུར་རོ། །དེའི་ཆུང་མ་རིན་པོ་ཆེ་ས་ག་ཞེས་བྱ་བ་ཡང་བུད་མེད་བརྒྱད་ཁྲིའི་འཁོར་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་རབ་ཏུ་འབྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འགྱུར་རོ། །བྲམ་

ཟེ་ཚངས་པའི་ཚེ་ཡང་བྲམ་ཟེའི་ཁྱེའུ་བརྒྱད་ཁྲིའི་འཁོར་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་རབ་ཏུ་འབྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་འཁོར་དགེ་སློང་འབུམ་

ཕྲག་དགུ་བཅུ་རྩ་དྲུག་དང་རི་བྱ་གག་རྐང་གང་ན་བ་དེར་གཤེགས་པར་འགྱུར་རོ། །དེ་ན་དགེ་སློང་འོད་སྲུང་གི་རུས་པའི་ཚོགས་མ་ཞིག་པ་འདུག་པས་རི་བྱ་གག་རྐང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ལ་ཁ་དབྱེ་བར་འགྱུར་རོ། །དེ་ནས་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པས་དགེ་སློང་འོད་སྲུང་གི་རུས་པའི་ཚོགས་མ་ཞིག་པ་ཕྱག་གཡས་པས་བླངས་ནས་ཕྱག་གཡོན་པར་བཞག་སྟེ་ཉན་ཐོས་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་

པ་ན་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དེའི་ཉན་ཐོས་རྣམས་ལས་ཆོག་ཤེས་པ་དང་འདོད་པ་ཆུང་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ནི་འོད་སྲུང་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ནི་འདི་ཡིན་ཏེ། ཤཱཀྱ་ཐུབ་པ་ཡོངས་སུ་

མྱ་ངན་ལས་འདས་ནས་དེའི་བསྟན་པ་ཡང་འདིས་ཡང་དག་པར་བསྡུས་སོ་ཞེས་ཆོས་སྟོན་པར་འགྱུར་རོ། །དེ་རྣམས་ཀྱིས་མཐོང་ནས་སྐྱོ་བ་སྐྱེས་ཏེ། འདི་འདྲ་བའི་ལུས་ཀྱིས་ཇི་ལྟར་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཐོབ་པར་གྱུར་སྙམ་ནས་དེ་རྣམས་སྐྱོ་བ་དེ་ཉིད་ཀྱིས་དགྲ་

བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འབུམ་ཕྲག་དགུ་བཅུ་རྩ་དྲུག་དགྲ་བཅོམ་པ་ཉིད་དང་། སྦྱངས་པའི་ཡོན་ཏན་མངོན་དུ་བྱ་བ་ལ་བརྩོན་པར་འགྱུར་རོ། །མཆོད་སྡོང་དེ་ནི་དེར་ཞིག་པར་འགྱུར་རོ། །བཙུན་པ་རྒྱུ་གང་དང་རྐྱེན་གང་གིས་དཀོན་མཆོག་

Vol. 2 · folio 33a

གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །བཅོམ་ལྡན་འདས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་ཡུལ་དབུས་སུ་རྒྱལ་པོ་གོས་

སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེའི་ཤིང་རྣམས་མེ་ཏོག་དང་འབྲས་བུ་རྟག་པ་དང་། ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ལྷག་

པར་ལོ་ཏོག་རྣམས་ཕུན་སུམ་ཚོགས་པར་གྱུར་ཏོ། །བྱང་ཕྱོགས་ན་རྒྱལ་པོ་ནོར་ལྡན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེའི་ཤིང་རྣམས་མེ་ཏོག་དང་འབྲས་བུ་

རྟག་པ་དང་། ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ལྷག་པར་ལོ་ཏོག་རྣམས་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་དུས་གཞན་ཞིག་ན་རྒྱལ་པོ་གོས་སྦྱིན་གྱི་མདུན་ན་འདོན་ལས་ཁྱེའུ་སྤྱི་གཙུག་རིན་པོ་ཆེས་བརྒྱན་པ་ཞིག་བཙས་ཏེ། དེའི་བཙས་སྟོན་

རྒྱ་ཆེར་བྱས་ནས་དེའི་མིང་རིན་ཆེན་གཙུག་ཏོར་ཅན་ཞེས་བཏགས་སོ། །དེ་དུས་གཞན་ཞིག་ན་རྒ་བ་དང་ན་བ་དང་འཆི་བ་ཡང་དག་པར་མཐོང་ནས་སྐྱོ་བ་སྐྱེས་ཏེ་ནགས་སུ་སོང་ངོ་། །གང་གི་ཉི་མ་ཁོ་ན་ལ་ནགས་སུ་སོང་བ་དེ་ཁོ་ནའི་ཉི་མ་ལ་དེས་བླ་ན་མེད་པའི་ཡེ་ཤེས་

ཐོབ་ནས་དེའི་མིང་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ནོར་ལྡན་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་སྟེ་བློན་པོའི་ཚོགས་ཀྱིས་

བསྐོར་ནས་འདུག་གོ། །དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ངའི་ཅི་འདྲ་བ་དེ་ལྟར་རྒྱལ་པོ་གཞན་འགའི་ཡུལ་ན་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་དང་། ཤིང་རྣམས་མེ་ཏོག་དང་འབྲས་བུ་

Vol. 2 · folio 33b

རྟག་པ་དང་། ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་བབ་པས་ལོ་ཏོག་རྣམས་ཕུན་སུམ་ཚོགས་པར་འགྱུར་བ་ལྟ་ཡོད་དམ། ཡུལ་དབུས་ནས་ཚོང་པ་ཟོང་ཐོགས་ཏེ་བྱང་ཕྱོགས་སུ་འོངས་པ་དེ་རྣམས་ཀྱིས་སྨྲས་པ། ལྷ་ཡུལ་དབུས་ན་རྒྱལ་པོ་གོས་སྦྱིན་ཞེས་བྱ་

བ་ཞིག་མཆིས་སོ། །རྒྱལ་པོ་ནོར་ལྡན་གྱིས་ཐོས་མ་ཐག་ཏུ་མི་བཟོད་པ་ཆེན་པོ་སྐྱེས་ཏེ། དེ་མི་བཟོད་པ་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག་དང་ཡུལ་འཁོར་གཞོམ་པར་བྱའོ། །དེ་ནས་རྒྱལ་

པོ་ནོར་ལྡན་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་རྟ་པའི་ཚོགས་དང་ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་དབུས་སུ་དོང་ནས་ཆུ་བོ་གང་གཱའི་ལྷོ་ཕྱོགས་ཀྱི་འགྲམ་དུ་འཁོད་དོ། །རྒྱལ་པོ་གོས་སྦྱིན་གྱིས་རྒྱལ་

པོ་ནོར་ལྡན་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ཡུལ་དབུས་སུ་འོངས་ཏེ་ཆུ་བོ་གང་གཱའི་ལྷོ་ཕྱོགས་ཀྱི་འགྲམ་ན་འཁོད་དོ་ཞེས་ཐོས་སོ། །ཐོས་ནས་

ཀྱང་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་ཤིང་རྟ་པའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ཆུ་བོ་གང་གཱའི་བྱང་ཕྱོགས་ལོགས་ཀྱི་འགྲམ་ན་འདུག་གོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་

ཆེན་གཙུག་ཏོར་ཅན་གྱིས་དེ་གཉིས་ཀྱི་གདུལ་པའི་དུས་མཁྱེན་ནས་ཆུ་བོ་གང་གཱའི་འགྲམ་དུ་ནུབ་མོ་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དོ། །ཆོས་ཉིད་ཀྱིས་གང་

གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པར་འགྱུར་རོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་

Vol. 2 · folio 34a

ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། དེ་རྣམས་

ཀྱི་ཁ་དོག་གི་མཐུས་སྣང་བ་རྒྱ་ཆེན་པོ་བྱུང་བར་གྱུར་པ་རྒྱལ་པོ་ནོར་ལྡན་གྱིས་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་དྲིས་པ། ཤེས་ལྡན་དག་རྒྱལ་པོ་གོས་སྦྱིན་གྱི་ཡུལ་ན་སྣང་བ་རྒྱ་ཆེན་པོ་བྱུང་བ་འདི་ཅི་ཡིན། དེ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་གོས་སྦྱིན་གྱི་

ཡུལ་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་བྱུང་སྟེ། དེ་ལ་བལྟ་བའི་ཕྱིར་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་མཆིས་པ་དེས་ན་སྣང་བ་ཆེན་པོ་འདི་བྱུང་སྟེ། དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ལགས་པས་འདི་ནི་དེའི་མཐུ་ལགས་སོ། །རྒྱལ་

པོ་ནོར་ལྡན་གྱིས་སྨྲས་པ། ཤེས་ལྡན་དག་གང་གི་ཡུལ་དུ་གང་ལ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཡང་བལྟ་བའི་ཕྱིར་འོང་བའི་རྐང་གཉིས་བསོད་ནམས་ཀྱི་ཞིང་དེ་ལྟ་བུ་བྱུང་བ་དེ་ལ་བདག་གིས་གནོད་པ་ཅི་འདྲ་བ་ཞིག་བྱ་ཞེས། དེས་དེ་ལ་ཕོ་ཉ་བཏང་སྟེ། གྲོགས་པོ་ཁྱོད་

དེ་ལ་བདག་ཅུང་ཟད་ཀྱང་མི་བྱེད་ཀྱིས་ཚུར་སྤྱོན། ཁྱོད་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་ཅན་ཞིག་པས་ཁྱོད་ཀྱི་ཡུལ་ན་གང་ལ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ཡང་བལྟ་བའི་ཕྱིར་འོང་བ་རྐང་གཉིས་བསོད་ནམས་ཀྱི་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་

གཙུག་ཏོར་ཅན་བཞུགས་སོ། །འོན་ཀྱང་ཁྱོད་ཀྱི་མགུལ་ནས་འཁྱུད་ནས་འགྲོ་བར་བྱ་སྟེ། དེ་ལྟ་ན་བདག་ཅག་ཕན་ཚུན་ཡིད་བདེ་བར་འགྱུར་རོ་ཞེས་སྤྲིང་ངོ་། །རྒྱལ་པོ་གོས་སྦྱིན་ཡིད་མ་ཆེས་ནས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་

གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གོས་སྦྱིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་

Vol. 2 · folio 34b

ཆེན་གཙུག་ཏོར་ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལ་རྒྱལ་པོ་ནོར་ལྡན་གྱིས་སྤྲིང་པ། གྲོགས་པོ་སྡུག་པ་ཁྱོད་ལ་བདག་ཅག་ཅི་ཡང་མི་བྱེད་ཀྱིས་ཚུར་ཤོག །ཁྱོད་ཀྱི་མགུལ་བ་ནས་འཁྱུད་ནས་འགྲོ་བར་བྱ་སྟེ། དེ་ལྟ་ན་བདག་ཅག་ཕན་

ཚུན་ཡིད་བདེ་བར་འགྱུར་རོ་ཞེས་མཆི་ན་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སོང་ཤིག་དང་ཁྱོད་ལ་ལེགས་པར་འགྱུར་རོ། །བཅོམ་ལྡན་འདས་ཅི་

བདག་གིས་དེའི་རྐང་པ་གཉིས་ལ་གཏུག་པར་བགྱིའམ། རྒྱལ་པོ་ཆེན་པོ་རྒྱལ་པོ་དཔུང་ཆེན་པོ་རྣམས་ལ་ནི་གཏུག་པར་བྱ་དགོས་སོ། །དེ་ནས་རྒྱལ་པོ་གོས་སྦྱིན་སྟན་ལས་ལངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་

གཉིས་ལ་མགོ་བོས་ཕྱག་བྱས་ནས་ཆས་ཏེ་རྒྱལ་པོ་ནོར་ལྡན་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ནོར་ལྡན་གྱི་རྐང་པ་གཉིས་ལ་གཏུགས་སོ། །དེ་ནས་རྒྱལ་པོ་ནོར་ལྡན་གྱིས་མགུལ་ནས་འཁྱུད་དེ་ཡིད་གཅུགས་པར་བྱས་ཏེ་བཏང་ངོ་། །དེ་ནས་རྒྱལ་པོ་གོས་སྦྱིན་

ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་

ནས། རྒྱལ་པོ་གོས་སྦྱིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱལ་པོ་ཐམས་ཅད་ཀྱིས་རྐང་པ་གཉིས་ལ་གཏུགས་པའི་རྒྱལ་པོ་གང་ལགས། རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བ་

ཡིན་ནོ། །དེ་ནས་རྒྱལ་པོ་གོས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་

Vol. 2 · folio 35a

ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་

གྱིས་རྒྱལ་པོ་གོས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གོས་སྦྱིན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཅང་མི་གསུང་བས་གནང་བར་རིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྤྱན་སྔ་ནས་

དོང་ངོ་། །དེ་ནས་རྒྱལ་པོ་གོས་སྦྱིན་གྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ཏེ། ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ནོར་བུའི་ཆུ་སྣོད་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་

ཅན་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་སྔ་དྲོ་ཤམ་ཐབས་

མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ནས། རྒྱལ་པོ་གོས་སྦྱིན་གྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་

པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་གོས་སྦྱིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་

ཚིམ་པར་བྱེད་དེ། རྣམ་པ་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་གསོལ་ནས་ཕྱག་གཉིས་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་

Vol. 2 · folio 35b

ནས་ཞབས་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། བཙུན་པ་སྦྱིན་པའི་དགེ་བའི་རྩ་བ་འདིས་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཅིག་ཅེས་སྨྲས་ནས་དེ་མ་ཐག་ཏུ་དུང་ཡང་བུས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་

གཙུག་ཏོར་ཅན་གྱིས་རྒྱལ་པོ་གོས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བར་འགྱུར་རོ། །དེ་ནས་སྐད་ཆེན་པོའི་སྒྲ་དག་བྱུང་ངོ་། །རྒྱལ་པོ་ནོར་ལྡན་གྱིས་ཅ་ཅོའི་སྒྲ་དག་ཐོས་

ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་གོས་སྦྱིན་གྱི་ཡུལ་ན་ཅ་ཅོའི་སྒྲ་གྲག་པ་དེ་ཅི་ཞིག་ཡིན། དེ་རྣམས་ཀྱིས་ལེགས་པར་བརྟགས་ནས་སྨྲས་པ། ལྷ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་རྒྱལ་པོ་གོས་སྦྱིན་འཁོར་

ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པས་སྐྱེ་བོའི་ཚོགས་དགའ་བ་དང་། མགུ་བ་དང་རབ་ཏུ་དགའ་བས་དེས་ན་ཅ་ཅོའི་སྒྲ་གྲག་པ་ལགས་སོ། །དེ་ནས་རྒྱལ་པོ་ནོར་ལྡན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས།

ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་ནོར་ལྡན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་འདི་སྐད་ཅེས་

གསོལ་ཏོ། །བཙུན་པ་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་རྐང་པ་གཉིས་ལ་གཏུག་པར་བགྱི་བ་གང་ལགས། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེ་ནས་རྒྱལ་པོ་ནོར་ལྡན་སྟན་ལས་ལངས་ཏེ་བླ་

གོས་ཕྲག་པ་གཅིག་ཏུ་གཟར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་བདག་གི་སྡུམ་པར་གདུགས་

Vol. 2 · folio 36a

ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་རྒྱལ་པོ་ནོར་ལྡན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་ནོར་ལྡན་ཡང་དག་པར་རྫོགས་པའི་སངས་རྒྱས་

རིན་ཆེན་གཙུག་ཏོར་ཅན་ཅང་མི་གསུང་བས་གནང་བར་རིག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྤྱན་སྔ་ནས་སོང་

ངོ་། །དེ་ནས་རྒྱལ་པོ་ནོར་ལྡན་གྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ཤིང་ནོར་བུའི་ཆུ་སྣོད་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་

ཏོར་ཅན་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་མཆིས་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་སྔ་དྲོ་ཤམ་

ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ་རྒྱལ་པོ་ནོར་ལྡན་གྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་

པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ནོར་ལྡན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་

ཚིམ་པར་བྱེད་དེ། རྣམ་པ་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་གསོལ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་

Vol. 2 · folio 36b

ཞབས་གཉིས་ལ་གཏུགས་ཏེ་འཇིག་རྟེན་འདི་དག་ཐམས་ཅད་ལ་བྱམས་པ་ཚད་མེད་པའི་ཡན་ལག་གིས་རྒྱས་པར་བྱས་ནས་སྨོན་ལམ་གདབ་པར་བརྩམས་པ། དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་གྱི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་བཏབ་བོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

བྱམས་པ་ཞེས་བྱ་བར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་སྨོན་ལམ་གྱི་དབང་གིས་དཀོན་མཆོག་གཉིས་ཅིག་ཅར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་སྤྱིལ་བུ་ཅན་ཞེས་བྱ་བ་གང་

ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ཅེས་བྱ་བ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་། གྲོང་སྤྱིལ་བུ་ཅན་དུ་བྱོན་ཏོ། །གྲོང་སྤྱིལ་བུ་

ཅན་གྱི་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་ཚུལ་ཁྲིམས་ཡིན་ནོ། །འདི་ནི་ཏིང་ངེ་འཛིན་ཡིན་ནོ་འདི་ནི་ཤེས་རབ་ཡིན་ནོ། །དགེ་སློང་དག་ཚུལ་ཁྲིམས་གོམས་

པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་

གྲོལ་བར་འགྱུར་རོ། །དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་བསྟེན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་

Vol. 2 · folio 37a

འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།

ཀུན་དགའ་བོ་སྒྲ་ཅན་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དང་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་། སྒྲ་ཅན་དུ་བྱོན་ནས་སྒྲ་ཅན་གྱི་དྲང་སྲོང་

སྒྲ་སྒྲོགས་ཀྱི་གནས་ན་བཞུགས་སོ། །དེའི་ཚེ་སྒྲ་ཅན་གྱི་སྐྱེ་བོའི་ཚོགས་ལ་མི་ངས་བྱུང་ནས་དེའི་ཚེ་དགེ་བསྙེན་བརྟན་པ་ཡང་ཤི་ཉེ་བ་དང་ལྷག་པར་བརྩོན་དང་། བརྩོན་པའི་ཁྱུ་མཆོག་དང་མཛེས་པ་དང་། ཉེ་མཛེས་དང་ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་

ཤིན་ཏུ་བཟང་དང་གྲགས་པ་དང་གྲགས་བྱིན་དང་དགེ་བསྙེན་གྲགས་མཆོག་ཀྱང་ཤིའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དགེ་སློང་རབ་ཏུ་མང་པོ་སྒྲ་ཅན་དུ་བསོད་

སྙོམས་ཀྱི་ཕྱིར་རྒྱུ་བས་སྒྲ་ཅན་གྱི་སྐྱེ་བོའི་ཚོགས་ལ་མི་ངས་བྱུང་སྟེ། དེའི་ཚེ་དགེ་བསྙེན་བརྟན་པ་ཡང་ཤི་ཉེ་བ་དང་ལྷག་པར་བརྩོན་དང་། བརྩོན་པའི་ཁྱུ་མཆོག་དང་མཛེས་པ་དང་ཉེ་མཛེས་དང་། ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་གྲགས་པ་

དང་གྲགས་བྱིན་དང་དགེ་བསྙེན་གྲགས་མཆོག་ཀྱང་ཤིའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྒྲ་ཅན་དུ་བསོད་སྙོམས་ལ་རྒྱུས་ཏེ་ཟས་ཀྱི་བྱ་བ་བྱས་ནས་ཟས་ཕྱི་མའི་བསོད་སྙོམས་སྤངས་ཤིང་། ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་བཅོམ་ལྡན་

འདས་གང་ན་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་

Vol. 2 · folio 37b

འདས་བདག་ཅག་དགེ་སློང་རབ་ཏུ་མང་པོ་འདིར་སྔ་དྲོ་ཤམ་ཐབས་འཚལ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་སྒྲ་ཅན་འདིར་སྐྱེ་བོའི་ཚོགས་ལ་མི་

ངས་བྱུང་ནས། དེའི་ཚེ་དགེ་བསྙེན་བརྟན་པ་ཡང་གུམ། ཉེ་བ་དང་ལྷག་པར་བརྩོན་དང་བརྩོན་པའི་ཁྱུ་མཆོག་དང་། མཛེས་པ་དང་ཉེ་མཛེས་དང་ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་། གྲགས་པ་དང་གྲགས་བྱིན་དང་དགེ་བསྙེན་གྲགས་

མཆོག་ཀྱང་གུམ་མོ་ཞེས་ཐོས་ལགས་ན། བཙུན་པ་དེ་རྣམས་ཀྱི་འགྲོ་བ་ནི་གང་སྐྱེ་བ་ནི་གང་། སྔོན་དུ་འགྲོ་བ་ནི་གང་ལགས། དགེ་སློང་དག་དགེ་བསྙེན་བརྟན་པ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་སྤངས་པས་རྫུས་ཏེ་སྐྱེས་ཏེ་དེར་ཡོངས་སུ་མྱ་ངན་ལས་

འདའ་ཞིང་འཇིག་རྟེན་འདིར་ཡང་ཕྱིར་མི་ལྡོག་པའི་ཆོས་ཅན་གྱི་ཕྱིར་མི་འོང་བར་འགྱུར་རོ། །ཉེ་བ་དང་ལྷག་པར་བརྩོན་དང་བརྩོན་པའི་ཁྱུ་མཆོག་དང་མཛེས་པ་དང་ཉེ་མཛེས་དང་ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་གྲགས་པ་དང་གྲགས་བྱིན་དང་།

དགེ་བསྙེན་གྲགས་མཆོག་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་རྫུས་ཏེ་སྐྱེས་ཏེ་དེར་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཇིག་རྟེན་འདིར་ཡང་ཕྱིར་མི་འོང་བའི་ཆོས་ཅན་གྱི་ཕྱིར་མི་འོང་བར་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདི་ཉིད་དུ་དགེ་བསྙེན་ཉིས་

བརྒྱ་ལྔ་བཅུ་ལྷག་ཅིག་ཤི་བ་དེ་དག་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་སྤངས་པས་རྫུས་ཏེ་སྐྱེས་ཏེ་དེར་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཇིག་རྟེན་འདིར་ཡང་ཕྱིར་མི་འོང་བའི་ཆོས་ཅན་གྱི་ཕྱིར་མི་འོང་བར་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདི་ཉིད་དུ་དགེ་

བསྙེན་སུམ་བརྒྱ་ཤི་བ་དེ་དག་ནི་ཀུན་དུ་སྦྱོར་བ་གསུམ་ཡང་སྤངས་ལ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དག་ཀྱང་བསྲབས་པའི་ཕྱིར་ལན་གཅིག་ཕྱིར་འོང་བ་ཡིན་ཏེ། འཇིག་རྟེན་འདིར་ལན་གཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །དགེ་སློང་དག་

Vol. 2 · folio 38a

གྲོང་ཁྱེར་སྒྲ་ཅན་འདི་ཉིད་དུ་དགེ་བསྙེན་ལྔ་བརྒྱ་ལྷག་ཅིག་ཤི་བ་དེ་དག་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པ་རྣམ་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་བ། རེ་ལྟར་ཐོགས་ན་སྲིད་པ་བདུན་པ་ཡིན་ཏེ། ལྷ་དང་མི་རྣམས་

ཀྱི་ནང་དུ་ལན་བདུན་དུ་ཉིང་མཚམས་སྦྱར་ཞིང་འཁོར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །དགེ་སློང་དག་ཁྱེད་དུས་ལས་འདས་ཤིང་ཤི་བར་གྱུར་པ་རྣམས་དེ་བཞིན་གཤེགས་པ་ལ་ཞུ་བ་ཞུ་བར་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་ཐོ་འཚམ་པ་ཡིན་ཏེ། དེས་ན་དེ་བཞིན་

གཤེགས་པ་བདེ་བར་མི་འགྱུར་རོ། །འོན་ཀྱང་སྐྱེ་བ་ཡོད་ན་འཆི་བའི་དུས་བྱེད་པ་ཡིན་ན་ངོ་མཚར་ཅི་ཞིག་ཡོད། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་སྟེ།

དེ་བཞིན་གཤེགས་པ་ཉིད་ཀྱི་མངོན་པར་མཁྱེན་པས་མངོན་པར་བྱང་ཆུབ་ནས་གསུངས་ཏེ། འདོགས་པར་མཛད་རབ་ཏུ་འཇོག་པར་མཛད་རྣམ་པར་འབྱེད་པར་མཛད། རྣམ་པར་འགྲེལ་པར་མཛད་གསལ་བར་མཛད་འཆད་པར་མཛད། ཡང་དག་པར་རབ་ཏུ་འཆད་པར་

མཛད་པ་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་

སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ་སྲེད་པའི་རྐྱེན་གྱིས་ལེན་པ་ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་

དང་། ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ་འདི་འགགས་ན་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་

Vol. 2 · folio 38b

པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་

པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་

བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་འོན་ཀྱང་ཁྱེད་ལ་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་

ལ་ཟུང་ཤིག་དང་བཤད་དོ། །ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་

གྲངས་ཡིན་ཏེ། ངས་ཁྱེད་ལ་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་བཤད་དོ་ཞེས་གང་གསུངས་པ་བཤད་པ་ནི་དེ་ཡིན་ནོ། །ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་སྒྲ་ཅན་དུ་བྱོན་ནས། སྒྲ་ཅན་གྱི་དྲང་སྲོང་སྒྲ་སྒྲོགས་ཀྱི་གནས་

ན་བཞུགས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ཨ་མྲ་སྐྱོང་མ་དེ་ལ་ནེ་ཙོ་བཞིན་རྒྱས་ཞེས་བྱ་བ་མི་སྐད་ཤེས་པ་ཞིག་ཡོད་དེ། ནེ་ཙོ་བཞིན་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་རྒྱས་ཚུར་ཤོག །ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ་ཕྱིན་ནས་ཁོ་མོའི་ཚིག་

གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཉུང་ངམ་ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ་འཚོའམ་གནོད་པ་མ་མཆིས་སམ། སྟོབས་དང་བདེ་བར་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལ། འདི་སྐད་ཅེས་ཨ་མྲ་སྐྱོང་མའི་མཆིད་

Vol. 2 · folio 39a

ནས། བཙུན་པ་བཅོམ་ལྡན་འདས་ནམ་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐུགས་བརྩེ་བར་དགོངས་ཏེ། ཐོག་མར་བདག་གི་ཨ་མྲའི་ཚལ་དུ་གཤེགས་པར་གསོལ་ཅིག །དེ་ནས་ནེ་ཙོ་བཞིན་རྒྱས་ཀྱིས་ཨ་མྲ་སྐྱོང་མའི་ལྟར་མཉན་ནས། བཅོམ་

ལྡན་འདས་གང་ན་བ་དེར་སོང་བ་དེ་ཡངས་པ་ཅན་གྱི་ལིཙྪ་བཱིའི་ཁྱེའུ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ནེ་ཙོ་འགྲོ་བ་འདི་ནི་སྨད་འཚོང་མའི་ཡིན་ནོ་ཞེས་དེ་དག་གིས་དེ་ལ་མདའ་འཕང་བར་བརྩམས་པ་ན། དེ་ཡང་དེ་དག་གི་སྟེང་དུ་བབས་སོ། །དེ་ནས་ནེ་ཙོ་དེས་ཚིགས་

སུ་བཅད་དེ་སྨྲས་པ། ཡུལ་འཁོར་གཞན་ཡང་འགྱེད་པར་ཡང་། །ཕོ་ཉ་མི་གསོད་ཅེས་གྲག་ན། །བདག་ལྟ་རྒྱལ་བའི་ཕོ་ཉ་བས། །ལུས་ཅན་ཀུན་གྱིས་ག་ལ་སོད། །དེ་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་ཚིག་གིས་མདའ་འཕངས་པ། །

ལྡོག་ན་བདག་ཅག་སྨོས་ཅི་དགོས། །ཁྱོད་ནི་རྫུ་འཕྲུལ་ཆེས་བསྐྱབས་པས། །འཇིགས་པ་མེད་པར་འགྲོ་བར་གྱིས། །དེ་ནས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཨ་མྲ་སྐྱོང་མ་མགོ་བོས་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ་བསྐྱོད་པ་ཡང་ངམ་འཚོའམ་གནོད་པ་མ་མཆིས་སམ། སྟོབས་དང་བདེ་བ་ལ་

རེག་པར་གནས་སམ་ཞེས་སྙུན་གསོལ་ལགས་སོ། །བཞིན་རྒྱས་ཁྱོད་དང་ཨ་མྲ་སྐྱོང་མ་བདེ་བར་གྱུར་ཅིག །བཙུན་པ་ཨ་མྲ་སྐྱོང་མའི་མཆིད་ནས་བཅོམ་ལྡན་འདས་ནམ་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། ཐོག་མར་བདག་གི་ཨ་མྲའི་

ཚལ་དུ་གཤེགས་སུ་གསོལ་ཞེས་དེ་སྐད་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་ནེ་ཙོ་བཞིན་རྒྱས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ནེ་ཙོ་བཞིན་རྒྱས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་

Vol. 2 · folio 39b

མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་བཅོམ་ལྡན་འདས་ལ་དང་བ་བསྐྱེད་ནས་སོང་བ་ལས་རིང་པོ་མ་ལོན་པ་ཁོ་ནར་འོལ་བས་སྲོག་དང་ཕྲལ་ཏེ་དུས་བྱས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་སོ། །ཆོས་ཉིད་ཀྱིས་སྐྱེས་ནས་རིང་པོ་མ་ལོན་

པའི་ལྷའི་བུ་འམ་ལྷའི་བུ་མོ་ནི་སེམས་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་ཡིན་པའོ། །དེས་བལྟས་ནས་དུད་འགྲོ་ལས་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་

སེམས་མངོན་པར་དད་པས་སོ། །དེ་ནས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ལ་རིགས་པ་མ་ཡིན་གྱིས། ཅི་ནས་ཀྱང་བདག་ཞག་མ་ལོན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་

འགྲོའོ་སྙམ་ནས། དེ་ནས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུ་རྣ་ཆ་གདུབ་འཁོར་དྲི་མ་མེད་པ་གཡོ་བ་ཐོགས་ཤིང་སེ་མོ་དོ་དང་། དོ་ཤལ་གྱིས་ལུས་བརྒྱན་ནས། དེ་ཉིད་ཀྱི་ནུབ་མོ་ལྷ་རྣམས་ཀྱི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་

ར་བའི་མེ་ཏོག་གིས། ཐུ་བ་བཀང་ནས་ཤིན་ཏུ་འཕགས་ཤིང་མངོན་པར་འཕགས་པའི་ཁ་དོག་གིས། དེའི་ནུབ་མོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེའི་

ཚེ་སྔོན་ནེ་ཙོ་བྱེད་པའི་ལྷའི་བུའི་ཁ་དོག་གི་མཐུས་སྣང་བ་རྒྱ་ཆེན་པོས་སྒྲ་སྒྲོགས་ཀྱི་འདུག་གནས་ཐམས་ཅད་གསལ་བར་གྱུར་ཏོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུའི་བསམ་པ་དང་།

བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ་དེ་ཐོས་པས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་

Vol. 2 · folio 40a

ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་འདི་ལྟ་བུ་ནི་བདག་ལ་མས་མ་བགྱིས་ཏེ། ཕས་མ་ལགས་སྡུག་པས་མ་ལགས་རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་

མ་ལགས། རྒྱལ་པོས་མ་ལགས་ལྷ་རྣམས་ཀྱིས་མ་ལགས། སྔ་མ་འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་མ་ལགས་པ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་

དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་ལ་ནི་རབ་ཏུ་བཞག །འཁོར་བ་ལས་ནི་རིང་དུ་མཛད། ཁྲག་དང་། མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། །ནང་སོང་གི་སྒོ་རྣམས་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་

རྣམས་ནི་ཕྱེ། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ལགས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །

བདག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་སྔོན་ནེ་ཙོ་བྱེད་

པའི་ལྷའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་ཚོང་པ་ཟོང་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཏོག་ལེགས་པ་ལྟ་བུ་དང་། དཔའ་བོ་གཡུལ་ངོར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་བཞིན་དུ་འབྱོར་

པ་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་འབྱོར་པ་དེ་ཉིད་དང་རང་གི་གནས་སུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་

Vol. 2 · folio 40b

ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་ཨ་མྲའི་ཚལ་ན་བཞུགས་སོ། །ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་སྤོང་བྱེད་

ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་བདག་གི་ཨ་མྲའི་ཚལ་ཁོ་ན་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུད་མེད་ཀྱི་འཁོར་གྱིས་ཡོངས་སུ་བསྐོར་ཏེ། བཞོན་པ་བཟང་པོ་ལ་ཞོན་ནས་ཡངས་

པ་ཅན་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེས་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་

འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་ཆོས་འཆད་ཅིང་བཞུགས་པ་ན། བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་རྒྱང་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། ཨ་མྲ་སྐྱོང་མ་ཕ་བི་འོང་གིས་བརྩོན་འགྲུས་དང་

ཤེས་བཞིན་དང་དྲན་པ་དང་ལྡན་པས་གནས་པར་གྱིས་ཤིག །ངས་རྗེས་སུ་བསྟན་པ་ནི་འདི་ཡིན་ནོ། །ཇི་ལྟར་ན་དགེ་སློང་བརྩོན་འགྲུས་ལ་གནས་པ་ཡིན་ཞེ་ན། འདི་ལ་དགེ་སློང་གིས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ་འབད་དོ་བརྩོན་

འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །

འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཉམས་པར་མི་འགྱུར་བ་དང་གོམས་པར་ཡོངས་སུ་རྫོགས་པར་བྱ་བ་དང་ཕྱིར་ཞིང་འབྱུང་བར་བྱ་བ་དང་། ཡེ་ཤེས་རྒྱ་ཆེན་པོ་མངོན་སུམ་དུ་བྱ་བའི་ཕྱིར་འདུན་པ་

Vol. 2 · folio 41a

སྐྱེད་དོ་འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཅིང་རབ་ཏུ་འཇོག་པ་སྟེ། དེ་ལྟར་ན་དགེ་སློང་བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན་དགེ་སློང་ཤེས་བཞིན་ཅན་ཡིན་ཞེ་ན། འདི་ལ་དགེ་སློང་གིས་འགྲོ་བ་དང་། ལྡོག་པ་ལ་ཤེས་

བཞིན་གྱིས་གནས་ཤིང་ལྟ་བ་དང་། རྣམ་པར་ལྟ་བ་དང་བསྐུམ་པ་དང་བརྐྱང་བ་དང་སྣམ་སྦྱར་དང་། ཆོས་གོས་དང་ལྷུང་བཟེད་ཐོགས་པ་དང་། འགྲོ་བ་དང་འགྲེང་བ་དང་། འདུག་པ་དང་ཉལ་བ་དང་། གཉིད་མ་ལོག་པ་དང་སྨྲ་བ་དང་མི་སྨྲ་བ་དང་། གཉིད་ཀྱིས་

སྙོམ་པས་དུབ་པ་རྣམས་ལ་ཤེས་བཞིན་གྱིས་གནས་པ་སྟེ། དེ་ལྟར་ན་དགེ་སློང་ཤེས་བཞིན་ཅན་ཡིན་ནོ། །ཇི་ལྟར་ན་དགེ་སློང་དྲན་པ་དང་ལྡན་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་དྲན་པ་དང་

ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་ཡིད་མི་བདེ་བ་སྤངས་ནས་གནས་སོ། །ཕྱིའི་ལུས་དང་ནང་དང་ཕྱིའི་ལུས་དང་། ནང་གི་ཚོར་བ་རྣམས་དང་ཕྱིའི་ཚོར་བ་རྣམས་དང་ནང་དང་ཕྱིའི་ཚོར་བ་རྣམས་དང་། ནང་གི་སེམས་དང་ཕྱིའི་སེམས་དང་ནང་དང་ཕྱིའི་སེམས་

དང་། ནང་གི་ཆོས་རྣམས་དང་ཕྱིའི་ཆོས་རྣམས་དང་ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་ཡིད་མི་བདེ་བ་སྤངས་ནས་གནས་པ་སྟེ། དེ་ལྟར་ན་དགེ་སློང་དྲན་པ་དང་

ལྡན་པ་ཡིན་ནོ། །དགེ་སློང་དག་ངས་ཨ་མྲ་སྐྱོང་མ་ཕ་བི་འོང་གིས་བརྩོན་འགྲུས་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པས་གནས་པར་གྱིས་ཤིག །ངས་རྗེས་སུ་བསྟན་པ་ནི་འདི་ཡིན་ཞེས་ངས་གང་གསུངས་པ་བཤད་པ་ནི་དེ་ཡིན་ནོ། །དེ་ནས་ཨ་མྲ་སྐྱོང་མ་བཅོམ་

ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་

Vol. 2 · folio 41b

དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད།

ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཨ་མྲ་སྐྱོང་མ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་ཅང་མི་

གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་ཡངས་པ་ཅན་དུ་ཕྱིན་ཏེ། ཡངས་

པ་ཅན་གྱི་ཨ་མྲ་སྐྱོང་མའི་ཚལ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སོ་སོ་ནས་ཤིང་རྟ་དང་རྟ་རྣམས་ལ་ཞོན་ཏེ། ཁ་ཅིག་ནི་རྟ་སྔོན་པོ་དང་། ཤིང་རྟ་སྔོན་པོ་དང་། སྲབ་སྐྱོགས་དང་། ལྕག་སྔོན་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་གྲི་ཤུབས་

སྔོན་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་སྔོན་པོ་དང་། འཁོར་སྔོན་པོར། ཁ་ཅིག་ནི་རྟ་སེར་པོ་དང་། ཤིང་རྟ་སེར་པོ་དང་། སྲབ་སྐྱོགས་དང་། ལྕག་སེར་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་གྲི་ཤུབས་

སེར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་སེར་པོ་དང་། འཁོར་སེར་པོར། ཁ་ཅིག་ནི་རྟ་དམར་པོ་དང་། ཤིང་རྟ་དམར་པོ་དང་། སྲབ་སྐྱོགས་དང་། ལྕག་དམར་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་

Vol. 2 · folio 42a

གྲི་ཤུབས་དམར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་དམར་པོ་དང་། འཁོར་དམར་པོར། ཁ་ཅིག་ནི་རྟ་དཀར་པོ་དང་། ཤིང་རྟ་དཀར་པོ་དང་། སྲབ་སྐྱོགས་དང་། ལྕག་དཀར་པོ་དང་། ཐོར་ཚུགས་

དང་། གདུགས་དང་། རལ་གྲི་ཤུབས་དཀར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་དཀར་པོ་དང་། འཁོར་དཀར་པོར་ཆས་ཏེ་སྐད་མཐོན་པོ་དང་། སྐད་ཆེན་པོར་སླར་ཁྱེར་སླར་ཁྱེར་ཅེས་ཟེར་ཞིང་ཡངས་པ་ཅན་ནས་བྱུང་

སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་རྒྱང་རིང་པོ་ཁོ་ན་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་

པ། དགེ་སློང་དག་ཁྱེད་ཅག་ལས་སུས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་གྱི་གནས་སུ་འགྲོ་བ་མ་མཐོང་བ་དེ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་ལྟོས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཇི་ལྟར་ད་

ལྟར་གྱི་ཡངས་པ་ཅན་གྱི་ལིཙྪ་བཱི་དག་བཞིན་དུ་རྫུ་འཕྲུལ་འདི་དང་། འབྱོར་པ་འདི་དང་། ཆ་ལུགས་འདིས་སྐྱེད་མོས་ཚལ་གྱི་གནས་སུ་འགྲོའོ། །ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ཀུན་དགའི་ར་བར་ཞུགས་

སོ། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལིཙྪ་བཱི་

རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་

Vol. 2 · folio 42b

དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། །ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེའི་ཚེ་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་འཁོར་འདུས་པ་དེ་ཉིད་དུ་འདུག་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་

སྐྱའི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སྤོབས་ལགས་སོ། །བདེ་བར་གཤེགས་པ་བདག་ནི་

སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་སེར་སྐྱའི་བུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཨང་གའི་རྒྱལ་པོ་ནོར་བུའི་གོ་འཆང་བ། །མ་གའི་དབང་པོས་རྙེད་པ་རབ་

རྙེད་དེ། །དེ་ཡི་ཡུལ་དུ་བྱུང་བའི་སངས་རྒྱས་ནི། །གྲགས་པའི་སྒྲ་དག་གངས་ཀྱི་རི་བོ་བཞིན། །ཇི་ལྟར་པད་མ་བཟང་པོ་ལེགས་འཁྲུངས་པ། །དགོངས་ཀ་ཁ་འབྱེ་དྲི་ཞིམ་ལྡན་པ་བཞིན། །བར་སྣང་ལ་ནི་ཉི་མ་ལྷག་གེ་བར། །སྣང་བ་ལྟ་བུར་ཉི་མའི་རྒྱུད་ལ་ལྟོས། །

དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་སྟོབས། །ཇི་ལྟར་མཚན་མོ་མེ་འབར་ལྟ་བུ་ལྟོས། །དེ་ནི་མིག་བྱེད་སྣང་བ་བྱེད་པ་སྟེ། །ལྷགས་པ་རྣམས་ཀྱི་ཐེ་ཚོམ་རྣམ་པར་འདུལ། །ལིཙྪ་བཱི་ལྔ་བརྒྱས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལེགས་པར་སྨྲས་སོ། །བྲམ་ཟེའི་

ཁྱེའུ་སེར་སྐྱའི་བུ་ལེགས་པར་སྨྲས་སོ། །ཞེས་བླ་གོས་ལྔ་བརྒྱ་ལེགས་པར་སྨྲས་པའི་ཕྱིར་བྱིན་ནོ། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། །གནས་འཇོག་དག་ང་སྔར་ཨ་མྲ་སྐྱོང་མས་སྤྱན་དྲངས་སོ། །བཙུན་པ་ཨ་མྲ་

Vol. 2 · folio 43a

སྐྱོང་མ་དམན་པ་ཤེས་རབ་དམན་པ་དེས་བདག་ཅག་བསླུས་ལགས་ཏེ། དེས་ན་བདག་ཅག་གིས་བཅོམ་ལྡན་འདས་ཐོག་མ་ཉིད་དུ་བལྟ་བ་དང་། བསྙེན་བཀུར་བགྱིད་ཅིང་མཆི་བའི་རྔོ་མ་ཐོག་མོད་ཀྱི་ད་དུང་ཡང་བདག་ཅག་བཅོམ་ལྡན་འདས་དང་དགེ་སློང་གི་

དགེ་འདུན་ལ་བསྙེན་བཀུར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་གནས་འཇོག་དེ་ནི་ལེགས་པར་སྨྲས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་

ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ནི་དེ་ཉིད་ན་འདུག་གོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་དོང་ནས་རིང་པོ་མ་ལོན་པར་ཤེས་ནས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་

བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་ལ་ལིཙྪ་བཱི་ལྔ་བརྒྱས་བླ་གོས་ལྔ་བརྒྱ་ལེགས་པར་སྨྲས་པའི་ཕྱིར་སྩལ་བ་འདི་དག་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་

གསོལ། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བླ་གོས་ལྔ་བརྒྱ་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་

རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། སེར་སྐྱའི་བུ་འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་

བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ཞིང་དེ་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་

Vol. 2 · folio 43b

སུ་བྱང་བ། ཚངས་པར་སྤྱོད་པ་སྟོན་པར་འགྱུར་ཏེ། སེར་སྐྱའི་བུ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་དང་པོ་ཡིན་ནོ། །གང་དག་ཆོས་དེ་ཞེ་ས་དང་བཅས་པས་ཉན་ཅིང་བླ་

མར་བྱེད། དམ་པར་བྱེད། ཡིད་ལ་བྱེད་ཅིང་སེམས་རྩེ་གཅིག་ཏུ་རྣ་བླགས་ནས་སེམས་ཐམས་ཅད་བསྡུས་ནས་ཉན་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་

བ་གཉིས་པ་ཡིན་ནོ། །ཆོས་དེ་གང་དག་གིས་ཐོས་ནས་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་གསུམ་པ་ཡིན་ནོ། །ཆོས་དེ་གང་དག་གིས་

ཐོས་ནས་དགའ་བ་དང་མགུ་བ་དང་། ངེས་པར་འབྱུང་བ་དང་ལྡན་པའི་དགེ་བ་རྒྱ་ཆེན་པོ་འཐོབ་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་བཞི་པ་ཡིན་ནོ། །ཆོས་དེ་གང་

དག་གིས་ཐོས་ནས་དོན་ཟབ་མོའི་གཞི་ཤེས་རབ་ཀྱིས་སོ་སོར་རྟོགས་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་ལྔ་པ་ཡིན་ནོ། །སེར་སྐྱའི་བུ་སྐྱེས་བུ་དམ་པ་

དག་ནི་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ཅན་ཡིན་ཏེ། དེ་དག་ཅུང་ཟད་ཙམ་བྱས་ན་ཡང་ཆུད་གཟོན་པར་མི་བྱེད་ན་མང་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་སེར་སྐྱའི་བུ་ཁྱོད་ཀྱིས་འདི་ལྟར་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ཅན་དུ་བསླབ་པར་བྱ་སྟེ། ཅུང་ཟད་ཙམ་བྱས་ན་ཡང་ཆུད་མི་གཟོན་ན་

མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེར་སྐྱའི་བུ་ཁྱོད་ཀྱིས་དེ་ལྟ་བུར་བསླབ་པར་བྱའོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་

Vol. 2 · folio 44a

སྔ་ནས་སོང་ངོ་། །དེ་ནས་ཨ་མྲ་སྐྱོང་མས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ཏེ། ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ནོར་བུའི་ཆུ་སྣོད་དག་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་

གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མནབས། ལྷུང་བཟེད་དང་ན་བཟའ་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་

དགེ་འདུན་གྱིས་མདུན་གྱིས་བལྟས་ནས་ཨ་མྲ་སྐྱོང་མའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཨ་མྲ་སྐྱོང་མས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་

བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་

བར་རིག་ནས་སྟན་དམའ་བ་ཞིག་བླངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མས་སྦྱིན་པ་ཕུལ་བ་དེ་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་མཛད་དེ། གང་ཞིག་སྦྱིན་ལ་དགའ་འགྱུར་སྐྱེ་བོ་སྟེན། །སྙན་

པ་འཐོབ་ཅིང་དེ་ཡི་གྲགས་པ་འཕེལ། །སེར་སྣ་མེད་ཅིང་ཚོགས་པར་འགྲོ་བ་ན། །ཞུམ་པར་མི་འགྱུར་འཇིགས་པ་མེད་པར་འགྱུར། །དེ་ལྟ་བས་ན་མཁས་པ་བདེ་འདོད་པས། །སེར་སྣའི་དྲི་མ་སྤངས་ཏེ་སྦྱིན་པ་གཏོང་། །དེ་དག་ཡུན་རིང་སུམ་བཅུ་རྩ་གསུམ་གནས། །ལྷ་རྣམས་དང་

ནི་སྐལ་བ་མཉམ་པར་དགའ། །སྦྱིན་གཏོང་དགེ་བྱེད་དེ་ནི་ཤི་འཕོས་ནས། །རང་གི་འོད་ཀྱི་དགའ་བའི་ཚལ་ན་རྒྱུ། །དེ་ན་དེ་གཉིས་རྩེན་ཅིང་དགའ་བྱེད་པ། །འདོད་པའི་ཡོན་ཏན་ལྔ་པོ་དག་དང་ལྡན། །མ་བཅིངས་སྐྱོབ་པ་དེ་ཡི་གསུང་ཐོས་ནས། །བདེ་བར་གཤེགས་པའི་ཉན་ཐོས་མཐོ་རིས་

Vol. 2 · folio 44b

དགའ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་སྟན་ལས་ལངས་ཏེ་སོང་ངོ་། །དགེ་སློང་རྣམས་

ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། དེས་གལ་ཏེ་ལྷ་རྣམས་སུ་སྐྱེས་ན་ཡང་ལྷ་མཐུ་ཆེ་བར་འགྱུར་ལ། གལ་ཏེ་མི་རྣམས་སུ་སྐྱེས་ན་ཡང་མི་མཐུ་ཆེན་པོར་གྱུར་

ཅིང་། ད་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དཔེར་ཡང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་

ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། འདི་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིས་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་

ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །

ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། དེ་འཁོར་དགེ་སློང་ཉི་ཁྲི་དང་གྲོང་ཁྱེར་བཱ་རཱ་ཎ་སཱི་

Vol. 2 · folio 45a

དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་དགེ་བསྙེན་ལྔ་བརྒྱ་གནས་སོ། །དེ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་སྟ་གོན་བྱས་ཏེ། རྒྱ་མཚོ་ཆེན་པོའི་གྲུ་བོ་ཆེ་བསྒྲུབས་ནས་རིམ་གྱིས་རྒྱ་མཚོ་ཆེན་པོར་ཞུགས་

པ་དང་། རྗེས་སུ་མཐུན་པའི་རླུང་གིས་རིན་པོ་ཆེའི་གླིང་དུ་ཕྱིན་ཏོ། །དེ་ནས་རིན་པོ་ཆེ་རྣམས་ཀྱིས་གྲུ་བོ་ཆེ་ཡོངས་སུ་བཀང་ནས་ཆས་པ་དང་དེ་ནས་རླུང་གིས་བདས་ནས་རྒྱ་མཚོ་ཆེན་པོའི་ཀློང་ཞིག་ཏུ་ཕྱིན་ཏོ། །དེ་རྣམས་བྲེད་ཅིང་རེ་བ་མེད་པར་གྱུར་ནས་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གི་ཕྱིར་བྱེ་མ་ལས་མཆོད་རྟེན་བྱས་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་མཆོད་པ་བྱས་སོ། །དེ་ནས་གཉིད་ལོག་པ་དང་། ལྷ་ཞིག་གིས་སྨྲས་པ། ཁྱེད་ཅག་མ་འཇིགས་པར་བག་ཡོད་པར་བྱོས་ཤིག་དང་། ཞག་བདུན་གྱི་ཉིན་པར་དུས་རླབས་འོང་བར་

འགྱུར་ཏེ། དེས་ཁྱེད་ཅག་བདེ་ལེགས་སུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་རོ། །ནམ་ནངས་ནས་དེ་རྣམས་ཕན་ཚུན་དུ་སྨྲ་ཞིང་གྲོས་བྱ་བར་བརྩམས་ཏེ། ཤེས་ལྡན་དག་བདག་ཅག་ལ་ལྷས་མི་འཇིགས་པ་བསྟན་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་

སྲུང་གི་མཐུ་ཡིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བདག་ཅག་གིས་རིན་པོ་ཆེ་ཕུལ་བ་དག་སླར་བླངས་ཏེ་འདོང་བ་ནི་མི་རིགས་སོ། །ཞེས་དེ་རྣམས་ཀྱིས་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། གང་ཡང་བདག་ཅག་གིས་ཡང་དག་པར་

རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་འདིས་གལ་ཏེ་བདག་ཅག་ལྷ་རྣམས་སུ་སྐྱེས་པར་གྱུར་ན་བདག་ཅག་མཐུ་ཆེ་བ་ཁོ་ནར་གྱུར་ཅིག །གལ་ཏེ་མིའི་ནང་དུ་མི་རྣམས་སུ་སྐྱེས་པར་གྱུར་ན་མཐུ་ཆེ་བ་དང་མི་རྣམས་

སུ་སྐྱེས་ན་ཡང་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དཔེར་རུང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་བསྙེན་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་ལིཙྪ་བཱི་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཕྱིར་

Vol. 2 · folio 45b

བྱེ་མའི་མཆོད་རྟེན་བྱས་ཤིང་རིན་པོ་ཆེ་དག་གི་མཆོད་པ་བྱས་པས་དེས་ན་མི་མཐུ་ཆེན་པོ་རྣམས་སུ་སྐྱེས་པར་གྱུར་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡང་དཔེར་རུང་བར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་

ཏུ་གནག་པ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་གང་ཡང་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤོངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་

བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་སོང་ལ་སྒོའི་ཐེམ་པ་ལ་རྐང་པ་ཞོག་ལ་གསང་སྔགས་ཀྱི་ཚིག་འདི་དང་། ཚིགས་

སུ་བཅད་པ་འདི་སྨྲོས་ཤིག །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། དགྲ་བཅོམ་པ་ཐམས་

ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་སྨྲ་བ་ཐམས་ཅད་ཀྱིས་བསམས་པ། ཆོས་རྣམས་ཀྱིས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། ཚངས་པས་བསམས་པ། ཚངས་པ་

སོ་སོས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་

ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙ་ཏ། མུན་ཙ་ཏ། མ་འདུག་ཤིག་ཡམས་ཀྱི་ནད་ཉེ་བར་ཞི་བར་འདུག་པར་གྱུར་ཅིག །ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ་

Vol. 2 · folio 46a

ལྷའི་བླ་མ་གཤེགས་ཏེ། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འཇུག་པར་

འགྱུར་རོ། །ལྷ་བརྒྱ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འཇུག་

སྟེ། དེ་དག་གིས་ཁྱེད་རྣམས་ལ་གནོད་པ་བྱེད་པར་འགྱུར་གྱིས། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་བརླག་པར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་

ཞིང་ཉེས་པར་མི་འདོད་ལ་སྲུང་བར་བྱེད་པར་འདོད་པ་དེ་དག་ནི་འཁོད་ཅིག །དགོངས་པ་ལ་ཡང་འཇུག་པར་གྱུར་ཅིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ།

མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མི་རི་མི་རི། མི་རི་མི་རི་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་

རཱི་རཱི་ཏི། མི་རི་མི་རི། མི་རི་མི་རི། མི་རི་མི་རི་ཏི། ཧ་སི། མི་རི་མི་རཱི་ཧཱི། མི་རཱི་མི་རཱི་སཱི་སཱི་མི། ཀང་ཀ་ར། ཀང་ཀ་ར་ཏ་ཀང་ཀ་ར། ཀང་ཀ་ར་ཀ་ཚཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ་ཏི། ཀུ་རཱི་ཤེ། ཀང་ཀ་རཱི་ཤེ། ཀང་ཀ་རཱི་ཤེ། རི་རི་རི་རི་རི་རི།

རེ་ཕཱ་སཱ་རི་རི་པུ་རི་པུ་རི་པུ་རི་པུ་རི་པུ་རི་པུ་རི་པུ། ནཱ་ཐཱ་ན་ཐཱ་ཐཱ། རི་པུ་རི་པུ་ནཱ་ཐཱ་ཐཱ་ནིར་གཙྪ་ཏ། རི་པུ་རི་པུ་ནིར་གཙྪ་ཏ། པ་ལ་ཡཱ་ཏ། རི་པུ་རི་པུ་པ་ལ་ཡཱ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ། བྱམས་པ་ལ་གནས་

Vol. 2 · folio 46b

པ། ཐུགས་རྗེ་དང་དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཏེ། ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱི་བླ་མ་སངས་རྒྱས་ཀྱིས་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་གསང་སྔགས་ཀྱི་ཚིག་གྲུབ་པ་གྲུབ་པའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་གི་སྲིད་

པ་འཆགས་པ་དག །རྣམ་པར་བཅོམ་ནས་བྲལ་མཛད་པ། །ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་

ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་

རྟག་བསྐྱངས་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་སྐྱོབ་གྱུར་པ། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་

སླུ་བ་མི་མངའ་བ། །གསུང་གཙང་གཙང་བར་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་

ཞིག་སྐྱེས་པས་ས་རྣམས་དང་། །ནགས་ཚལ་བཅས་པར་རབ་གཡོས་ནས། །སེམས་ཅན་ཐམས་ཅད་རབ་དགའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་

གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་གསུང་བ་གང་། །ཐུབ་པ་གྲགས་པ་འབྱུང་བ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་ཆོས་ཀྱི་ཡིད་འཕྲོག་པས། །མུ་སྟེགས་

Vol. 2 · folio 47a

བྱེད་རྣམས་ཕམ་མཛད་ལ། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་དུས་

ཀུན་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་

ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་གནས་པར་ཤོག །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་

སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་བྱེར་གྱུར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་

གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་

འདིར་ནི་ལྷགས་གྱུར་ཅིང་། །ས་འམ་འོན་ཏེ་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་བརྗོད་ཅིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་

ཀྱི་ལྟར་མཉན་ནས་ཡངས་པ་ཅན་དུ་སོང་སྟེ་གྲོང་ཁྱེར་གྱི་ཐེམ་པ་ལ་རྐང་པ་བཞག་ནས་གསང་སྔགས་ཀྱི་ཚིག་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བི་ས་ར་ཏ་བི་ས་ར་ཏ་བི་ས་ར་ཏ་བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །

Vol. 2 · folio 47b

སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་སྨྲ་བ་ཐམས་ཅད་ཀྱིས་

བསམས་པ། ཆོས་རྣམས་ཀྱིས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་

ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙ་ཏ་མུན་ཙ་ཏ་མ་འདུག་ཤིག །

ཡམས་ཀྱི་ནད་ཉེ་བར་ཞི་བར་འདུག་པར་གྱུར་ཅིག །ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ་ལྷའི་བླ་མ་གཤེགས་ཏེ་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་། དབང་བདག་

དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འཇུག་པར་འགྱུར་རོ། །ལྷ་བརྒྱ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་འཇུག་པར་འགྱུར་རོ། །

བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འཇུག་སྟེ། དེ་དག་གིས་ཁྱེད་རྣམས་ལ་གནོད་པར་བྱེད་པར་འགྱུར་གྱིས། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། མྱུར་དུ་བྱེར་ཅིག །

ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་བརླག་པར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ་སྲུང་བ་བྱེད་པར་འདོད་པ་དེ་དག་ནི་འཁོད་ཅིག །དགོངས་པ་ལ་ཡང་འཇུག་པར་གྱུར་ཅིག །སངས་རྒྱས་འཇིག་རྟེན་ལ་ཐུགས་

Vol. 2 · folio 48a

བརྩེ་བ་ཅན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ་སུ་མུ་རུ། སུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མི་རི་མི་རི། མི་རི་མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་

མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི་ཏི། མི་རི་མི་རི། མི་རི་མི་རི། མི་རི་མི་རི་ཏི། ཧ་སི། མི་རི་མི་རི་ཏི། མི་རི་མི་རི། སི་སི་མི། ཀང་ཀ་ར་ཀང་ཀ་ར་ཏཱ། ཀང་ཀ་ར་ཀང་ཀ་ར་

ཀ་ཙཱ་ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ་ཏི། ཀུ་རཱི་ཤེ། ཀང་ཀ་རཱི་ཤེ། ཀང་ཀ་རཱི་ཤེ། རི་རི་རི་རི་རི་རི། རེ་ཕཱ་སཱ་རི། རི་པུ་རི་པུ། རི་པུ་རི་པུ། རི་པུ་རི་པུ་རི་པུ། ནཱ་ཐཱན་ཐཱ་ཐཱ། རི་པུ་རི་པུན་ཐཱ་ཐཱ། ནིར་གཙྪ་ཏ།

ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་གཙྪ་ཏ། པ་ལཱ་ཡ་ཐ། རི་པུ་རི་པུ་པཱ་ལཱ་ཡ་ཐ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་དགའ་བ་ལ་གནས་པ། བཏང་སྙོམས་ལ་

གནས་པ་གཤེགས་ཏེ། ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱི་བླ་མ་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་གསང་སྔགས་ཀྱི་ཚིག་གྲུབ་པ་གྲུབ་པའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་གི་སྲེད་པའི་ཆགས་པ་དག །རྣམ་པར་བཅོམ་ནས་འདུལ་མཛད་

པ། །ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་

Vol. 2 · folio 48b

ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་སྐྱོབ་གྱུར་པ། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་བ། །གསུང་གཙང་གཙང་བར་མཛད་པ་དེ། །ཁྱེད་

ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་དང་། །ནགས་ཚལ་བཅས་པར་རབ་གཡོས་

ནས། །སེམས་ཅན་ཐམས་ཅད་རབ་དགའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་

འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་གསུང་བ་གང་། །ཐུབ་པ་གྲགས་པ་འབྱུང་བ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་ཆོས་ཀྱི་ཡིད་འཕྲོག་པས། །མུ་སྟེགས་བྱེད་རྣམས་ཕམ་མཛད་ལ། །ཚོགས་ཀུན་དབང་དུ་མཛད་པ་དེ། །

ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་དུས་ཀུན་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་

པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་

མཚན་བདེ་ལེགས། །ཉི་མའི་གུང་ལ་གནས་པར་ཤོག །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་བྱེར་གྱུར་ཅིག །

Vol. 2 · folio 49a

སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །

འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །ས་འམ་འོན་ཏེ་བར་སྣང་གནས་

པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་བརྗོད་པ་དང་། དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མི་ངས་ཞི་བར་གྱུར་ཏོ།། །།སྡོམ་ལ། འོད་

མ་དང་ནི་དབུས་ཀྱི་གྲོང་། །མི་ཐི་ལ་དང་ལུས་འཕགས་དང་། །སཱ་ལ་ཁྲོན་པ་ངན་སྤོང་བུ། །ངུར་སྨྲིག་གཙུག་ཕུད་བསྔགས་ལྡན་དང་། །གནག་ལྷས་དང་ནི་སྡིག་ཅན་དང་། །ཀུ་ཤའི་གྲོང་ཁྱེར་ཐ་མ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་

སྩལ་པ། ཀུན་དགའ་བོ་འོད་མ་ཅན་གྱི་གྲོང་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་འོད་མ་ཅན་གྱི་གྲོང་དུ་བྱོན་ནས། འོད་

མ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་གྲོང་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེའི་ཚེ་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འདིར་མུ་གེ་ཉམ་ང་བ་དགོན་པ་

སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་གིས། དགེ་སློང་དག་ཚུར་ཁྱེད་ལས་སྨོས་འདྲིན་ཇི་ལྟ་བུ་ཡོད་པ་དང་། གཏམ་འདྲེས་པ་ཇི་ལྟ་བུ་ཡོད་པ་དང་། འགྲོགས་བཤེས་ཇི་ལྟ་བུ་ཡོད་པ་དེ་དག་ནི་ཡངས་པ་ཅན་གྱི་ཉེ་འཁོར་གྱི་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་དམ་ཆོས་ཤིག །

Vol. 2 · folio 49b

ང་ཡང་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་། འོད་མ་ཅན་གྱི་གྲོང་འདི་ཉིད་དུ་དབྱར་བཞུགས་པར་དམ་བཅས་ན་ཐམས་ཅད་བསོད་སྙོམས་ཀྱིས་ཕོངས་པར་མི་འགྱུར་གྲང་། བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་

ནས་སྨོས་འདྲིན་ཇི་ལྟ་བུ་ཡོད་པ་དང་། གཏམ་འདྲེས་པ་ཇི་ལྟ་བུ་ཡོད་པ་དང་། འགྲོགས་བཤེས་ཇི་ལྟ་བུ་ཡོད་པ་དག་ནི་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་དམ་བཅས་སོ། །བཅོམ་ལྡན་འདས་ཀྱང་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་།

འོད་མ་ཅན་གྱི་གྲོང་ཁྱེར་དེ་ཉིད་དུ་དབྱར་བཞུགས་པར་དམ་བཅས་སོ། །དབྱར་གྱི་གནས་དེར་བཅོམ་ལྡན་འདས་སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པ་གྲོངས་ལ་ཐུག་པ་ཞིག་གིས་ཐེབས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་ནད་ཚབས་ཆེན་པོ་

མི་བཟད་པ་དྲག་པ་ཤི་ལ་ཐུག་པས་ཐེབས་ལ། དགེ་སློང་གི་དགེ་འདུན་ཡང་འཐོར་བར་གྱུར་ན། དགེ་སློང་གི་དགེ་འདུན་འཐོར་བ་ན། བདག་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་

བཅིལ་ལ། མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་ལ་ལུས་ཀྱིས་མངོན་སུམ་དུ་བསྒྲུབས་ཏེ་གནས་པར་བྱའོ། །སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་སླར་བཅིལ་ནས། མཚན་

མ་ཐམས་ཅད་ཡིད་ལ་མི་མཛད་པས་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་སྐུས་མངོན་སུམ་དུ་མཛད་དེ་བསྒྲུབས་ནས་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལྷག་པར་སྤྱོད་པ་དང་ལྷག་པར་འཚོ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགོངས་ཀ་ནང་དུ་ཡང་དག་འཇོག་

ལས་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

Vol. 2 · folio 50a

བཙུན་པ་བཅོམ་ལྡན་འདས་སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པ་གྲོངས་ལ་ཐུག་པས་ཐེབས་པར་གློ་བར་ཆུད་ནས་བདག་གི་ལུས་དུག་འཚལ་བ་བཞིན་དུ་ཕྱོགས་ཀྱང་བསླད། བདག་གིས་ཐོས་པའི་ཆོས་རྣམས་ཀྱང་བསྐྱུད་པར་གྱུར་ལགས་ཏེ། དེ་ལ་བདག་གློ་བ་

རེ་བར་ན་རེ་ཞིག་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་གྱི་སླད་དུ་ཞལ་ཆེམས་ཅུང་ཟད་བཀའ་མ་སྩལ་གྱི་བར་དུ་ཡོངས་སུ་མྱ་ངན་ལས་མི་འདའོ་སྙམ་དུ་བགྱིད་དོ། །ཀུན་དགའ་བོ་གང་ཞིག་འདི་སྙམ་དུ་དགེ་སློང་གི་དགེ་འདུན་ནི་བདག་ཡིན་ཏེ། བདག་གིས་དགེ་སློང་གི་དགེ་འདུན་

བསྟན་པར་བྱའོ། །བདག་གིས་དགེ་སློང་གི་དགེ་འདུན་དྲང་ངོ་སྙམ་དུ་སེམས་པ་དེ་ནི་དགེ་སློང་གི་དགེ་འདུན་གྱི་ཕྱིར་ཁ་ཆེམས་ཅུང་ཟད་སྨྲ་བར་འགྱུར་བ་ཉིད་ན། ཀུན་དགའ་བོ་ང་ལ་འདི་སྙམ་དུ་དགེ་སློང་གི་དགེ་འདུན་ནི་ངའི་ཡིན་ཏེ། ངས་དགེ་སློང་གི་དགེ་འདུན་བསྟན་པར་བྱའོ། །

ངས་དགེ་སློང་གི་དགེ་འདུན་དྲང་ངོ་སྙམ་དུ་དགོངས་པ་མི་མངའ་ན། ངས་དགེ་སློང་གི་དགེ་འདུན་གྱི་ཕྱིར་ཞལ་ཆེམས་ཁོ་ན་ཅུང་ཟད་བསྟན་དུ་ཅི་ཡོད། གཞན་ཡང་ཀུན་དགའ་བོ་ང་ལ་དགེ་སློང་གི་དགེ་འདུན་གྱི་རག་ལུས་པ་ཅི་ཞིག་ཡོད། ཀུན་དགའ་བོ་ངས་རྟག་ཏུ་གོམས་པར་བྱ་

བའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་པ་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕག་པའི་ལམ་ཡན་ལག་བརྒྱད་པ་ནི་བཤད་

ཟིན་ཏོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་དགུ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ནི་གང་ཞིག་གཞན་དག་གིས་ཤེས་ན་མི་རུང་བས་དེ་བཞིན་གཤེགས་པས་བཅབ་བོ་སྙམ་དུ་དགོངས་པའི་སློབ་དཔོན་གྱི་དཔེ་མཁྱུད་མི་མངའོ། །ཀུན་དགའ་

བོ་འོན་ཀྱང་གང་གི་ཚེ་དེ་བཞིན་གཤེགས་པ་སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པོས་གྲོངས་ལ་ཐུག་པས་ཐེབས་པ་དེ་ལ་ང་འདི་སྙམ་དུ་སེམས་ཏེ། བདག་ནད་ཚབས་ཆེན་པོ་མི་བཟད་པ་དྲག་པ་ཤི་ལ་ཐུག་པས་ཐེབས་ལ། དགེ་སློང་གི་དགེ་འདུན་ཡང་འཐོར་བར་གྱུར་

Vol. 2 · folio 50b

ན་དགེ་སློང་གི་དགེ་འདུན་འཐོར་བ་ན། བདག་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་སླར་བཅིལ་ལ། མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་ལ་ལུས་

ཀྱིས་མངོན་སུམ་དུ་བསྒྲུབས་ཏེ་གནས་པར་བྱའོ་སྙམ་ནས་ངས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་སླར་བཅིལ་ནས་མཚན་མ་ཐམས་ཅད་ཡིད་ལ་མི་མཛད་པར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་སྐུས་མངོན་སུམ་དུ་བསྒྲུབས་ནས་བཞུགས་ཏེ། དེས་ན་དེ་བཞིན་གཤེགས་

པ་ལྷག་པར་སྤྱོད་པ་དང་ལྡན་ཞིང་ལྷག་པར་འཚོ་བར་གྱུར་ཏོ། །གཞན་ཡང་ཀུན་དགའ་བོ་ད་ནི་དེ་བཞིན་གཤེགས་པ་ན་ཚོད་ལོ་བརྒྱད་བཅུ་ལོན་པས་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ། རྣམ་པ་གཉིས་ལ་བརྟེན་ནས་འཚོའོ། །དཔེར་ན་ཤིང་རྟ་རྙིང་པ་རྣམ་པ་གཉིས་

ལ་བརྟེན་ནས་བརྟན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་ན་ཚོད་ལོ་བརྒྱད་བཅུ་ལོན་པས་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ། རྣམ་པ་གཉིས་ལ་བརྟེན་ནས་འཚོའོ། །དེ་ལྟ་བས་ན་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག །ཉོན་མོངས་པར་མ་བྱེད་ཅིག །སྨྲེ་སྔགས་

མ་འདོན་ཅིག །སྐྱེ་བ་དང་། བྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། བསགས་པ་གང་ཡིན་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་འགྱེས་པའི་ཆོས་ཅན་དེ་ལ་མི་འཇིག་པ་དེ་ལྟ་བུ་ལྟ་ག་ལ་རྙེད་དེ། དེ་ནི་གནས་མེད་དོ། །ཀུན་དགའ་བོ་གང་ཡང་ངས་ཁྱོད་

ལ་སྡུག་པ་དང་། ཕངས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་ཐམས་ཅད་དང་འབྲལ་བ་དང་། འཇིག་པ་དང་། འགྱེས་པ་དང་། མི་ལྡན་པར་འགྱུར་བར་སྔ་ནས་བཤད་ཟིན་ཏོ། །ཀུན་དགའ་བོ་དེ་ལྟ་བས་ནད་ལྟའམ། ང་འདས་ཀྱང་རུང་། བདག་ཉིད་གླིང་དང་། བདག་

ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའི་གླིང་གཞན་དང་སྐྱབས་གཞན་གྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ད་ལྟའམ། ང་འདས་ཀྱང་རུང་གང་སུ་དག་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་ཆོས་

Vol. 2 · folio 51a

ཀྱི་སྐྱབས་ཀྱིས་གནས་པར་བྱེད་ཀྱི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ངའི་ཉན་ཐོས་བསླབ་པ་འདོད་པ་རྣམས་ཀྱི་མཆོག་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་གིས་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་

དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་ཞེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་འཇིག་རྟེན་

ལ་གནོད་སེམས་དང་ཡིད་མི་བདེ་བ་སྤངས་ནས་གནས་སོ། །ནང་གི་ལུས་དང་། ཕྱིའི་ལུས་དང་། ནང་དང་ཕྱིའི་ལུས་དང་། ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ནང་དང་ཕྱིའི་ཚོར་བ་རྣམས་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་

ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་། ཡིད་མི་བདེ་བ་སྤངས་ནས་གནས་པ་སྟེ། ཀུན་

དགའ་བོ་དགེ་སློང་འདི་ལྟ་བུ་ནི་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་ཀྱི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་

པ། ཀུན་དགའ་བོ་དབུས་ཀྱི་གྲོང་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་གཞན་ཞིག་ཏུ་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་

རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་འབྱུང་ཞིང་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །གང་དག་འོག་ཏུ་སོང་བ་དེ་དག་ནི་ཡང་སོས་དང་།

Vol. 2 · folio 51b

ཐིག་ནག་དང་། སྡུད་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཅུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་

པ་དང་། པདྨ་ལྟར་གས་པ་ཆེན་པོའི་སེམས་ཅན་དམྱལ་བ་རྣམས་སུ་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་དག་ཡིན་པ་དེ་དག་ལ་ནི་བསིལ་བར་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་དག་ཡིན་པ་དེ་དག་ལ་ནི་དྲོ་བར་འབབ་བོ། །དེས་སེམས་ཅན་དེ་རྣམས་ཀྱི་

གནོད་པའི་ཁྱད་པར་དག་སོ་སོར་བཅིལ་ལོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སྙམ་པ་དང་། དེ་རྣམས་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ཞིག་བཏང་ངོ་། །དེ་རྣམས་

ཀྱིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་ནི་འདི་ནས་ཤི་འཕོས་པ་ཡང་མེད་ལ། གཞན་དུ་སྐྱེས་པ་མེད་མོད་ཀྱི། འོན་ཀྱང་སྔོན་མ་མཐོང་བའི་སེམས་ཅན་འདིའི་མཐུས་བདག་ཅག་གི་སྡུག་བསྔལ་གྱི་ཁྱད་པར་རྣམས་སོ་སོར་བཅིལ་ལོ། །

ཞེས་དེ་རྣམས་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་པས་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་བཟུང་ངོ་། །གང་དག་སྟེང་དུ་སོང་བ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་

དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་

དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་།

Vol. 2 · folio 52a

སྟོང་པ་དང་། བདག་མེད་པའི་དབྱངས་སྒྲོག་ཅིང་ཚིགས་སུ་བཅད་པ་གཉིས་ཀྱིས་ཀྱང་བསྒྲགས་སོ། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་

པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་བརྩོན་གྱུར་ན། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་

འདས་ཀྱི་རྗེས་བཞིན་དུ་འགྲོའོ། །དེ་ལ་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པ་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར་རོ། །དམྱལ་བར་སྐྱེ་བར་

ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་ནུབ་པར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་

ཀྱི་པུས་མོར་ནུབ་པར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་

པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་གྱི་ནང་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་

བཞེད་ན་ནི་དབུའི་གཙུག་ཏུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ནས་ཞུས་པ། ཁ་དོག་

Vol. 2 · folio 52b

སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་ནང་ནས་བྱུང་གྱུར་པ། །ཇི་ལྟར་གདུགས་ནི་ཤར་བར་གྱུར་པ་བཞིན། །དེ་ཡིས་ཕྱོགས་རྣམས་ཀུན་དུ་སྣང་བར་བགྱིས། །ཡང་ཚིགས་སུ་བཅད་པ་དག་གིས་གསོལ་ཏོ། །རྒོད་བྲལ་ཞུམ་དང་རྒྱགས་པ་སྤངས་པ་

ཡིས། །སངས་རྒྱས་འགྲོ་ནང་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པ། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་ཉིད་བློས་དུས་མཁྱེན་ནས། །རྒྱལ་བའི་དབང་པོ་ཐུབ་པ་སྐྱེས་ཀྱི་མཆོག །ཉན་པར་འཚལ་བའི་ཉན་པ་

པོ་རྣམས་ཀྱི། །ཐེ་ཙོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་བཟང་པོ་དག་གིས་བསལ་དུ་གསོལ། །ཚྭ་ཆུའི་རི་བོ་ལྟ་བུར་བརྟན་པའི་མཆོག །རྫོགས་སངས་རྒྱས་རྣམས་གློ་བུར་འཛུམ་མི་སྟོན། །བརྟན་པ་ཇི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོ་ཕལ་ཆེན་འདི་དག་

དེ་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་ས་

ཕྱོགས་འདི་མཐོང་ངམ། བཙུན་པ་འདི་མཐོང་ལགས་སོ། །ཀུན་དགའ་བོ་ཕྱོགས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་བཞུགས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མྱུར་བ་མྱུར་བར་བླ་གོས་བཞི་ལྟབ་ཏུ་བྱས་ཏེ་བཏིང་ནས་བཅོམ་ལྡན་འདས་ལ་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་ཁོ་ན་ལ་བཞུགས་ཤིག་དང་། ས་ཕྱོགས་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་བཞིས་ཡོངས་སུ་ལོངས་སྤྱད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སོ། །སྐད་

ཅིག་གཅིག་བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་མི་ཐི་ལ་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ལུས་འཕགས་ཀྱི་ལྗོངས་

Vol. 2 · folio 53a

རྒྱུ་ཞིང་གཤེགས་པ་ན་མི་ཐི་ལར་བྱོན་ནས། མི་ཐི་ལའི་ལྷ་ཆེན་པོའི་ཨ་མྲའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཕྱོགས་གཞན་ཞིག་ཏུ་འཛུམ་པ་མཛད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་འཛུམ་པ་མཛད་པ་མཐོང་

ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན་བཙུན་པ་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་རྒྱུ་

གང་ལགས་རྐྱེན་གང་ལགས། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་སྔོན་བྱུང་བ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པར་

གྱུར་ཏེ། མི་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་འཛམ་བུའི་གླིང་འདི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ། གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གི་བར་བྱ་གག་གི་འཕུར་སྟབས་ཀྱིས་ཆོད་པ་བྱུང་བར་

གྱུར་ཏོ། །མི་ཚེ་ལོ་བརྒྱད་ཁྲི་པ་རྣམས་ལ་ལུས་ཀྱི་གནོད་པ་ནི་འདི་ལྟ་བུ་དག་འབྱུང་སྟེ། འདི་ལྟ་སྟེ་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། འདོད་པ་དང་། ཡི་ག་འཆུས་པ་དང་། རྒ་བ་ཡིན་ནོ། །མི་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་བུ་མོ་ནི་བཙས་ནས་ལོ་ལྔ་བརྒྱ་ལོན་

པ་དང་ཁྱོ་ལ་གཏོང་བར་བྱེད་དེ། དཔེར་ན་ད་ལྟར་གྱི་ལོ་བཅྭ་ལྔའམ་ལོ་བཅུ་དྲུག་ལོན་པ་བཞིན་ནོ། །ཀུན་དགའ་བོ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་

དང་ལྡན་པ་ཞིག་བྱུང་ངོ་། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་བྱུང་སྟེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཉིད་ཡིན་

Vol. 2 · folio 53b

ནོ། །དེ་ལ་ཡང་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་བར་བྱུང་སྟེ། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་

མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོའི་སྐྲ་དང་ཁ་སྤུ་འབྲེག་མཁན་གྱི་མིས་སྐྲ་དང་ཁ་སྤུ་འཆོས་པ་ན་འབྲེག་མཁན་གྱི་མི་ལ་སྨྲས་པ། ཀྱེ་ནང་རྗེ་ངའི་དབུ་ལ་སྐྲ་དཀར་པོ་སྐྱེས་པ་ཁྱོད་ཀྱིས་མཐོང་དང་ལྷའི་ཕོ་ཉ་བྱུང་བ་

ཡིན་གྱིས་དེའི་ཚེ་ངའི་སྙན་དུ་གསོལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་འབྲེག་མཁན་གྱི་མིས་རྒྱལ་པོ་ལྷ་ཆེན་པོའི་ལྟར་མཉན་ཏོ། །དུས་གཞན་ཞིག་ན་འབྲེག་མཁན་གྱིས་རྒྱལ་པོ་ལྷ་ཆེན་པོའི་སྐྲ་དང་ཁ་སྤུ་འཆོས་པ་ན་རྒྱལ་པོ་ལྷ་ཆེན་པོའི་མགོ་ལ་སྐྲ་དཀར་པོ་སྐྱེས་པས་ལྷའི་

ཕོ་ཉ་བྱུང་བར་མཐོང་ངོ་། །མཐོང་ནས་ཀྱང་རྒྱལ་པོ་ལྷ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། ཁྱོད་ཀྱི་དབུ་ལ་དབུ་སྐྲ་དཀར་པོ་སྐྱེས་པས་ལྷའི་ཕོ་ཉ་བྱུང་ལགས་སོ། །དེས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱིས་སྐྲ་དཀར་པོ་དེ་དག་མི་བྲེག་པར་དལ་བུ་

དལ་བུས་ཕྱུང་ལ་ངའི་ལག་ཏུ་བྱིན་ཅིག །ལྷ་བཀའ་བཞིན་འཚལ་ཞེས་འབྲེག་མཁན་གྱིས་རྒྱལ་པོ་ལྷ་ཆེན་པོའི་ལྟར་མཉན་ནས་སྐྲ་དཀར་པོ་དེ་གསེར་གྱི་སྨང་ཚེར་གྱིས་མི་དྲག་པར་དལ་གྱིས་དལ་གྱིས་ཕྱུང་ནས་རྒྱལ་པོ་ལྷ་ཆེན་པོའི་ལག་པར་བཞག་གོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་སྐྲ་དཀར་

པོ་དེ་ལག་པ་གཉིས་ཀྱིས་དྲངས་ནས་ཚིགས་སུ་བཅད་དེ་སྨྲས་པ། ད་ནི་བདག་གི་མགོ་བོ་ལ། །ན་ཚོད་འཇོམས་པའི་སྐྲ་སྐྱེས་ཏེ། །ལྷ་ཡི་ཕོ་ཉ་བྱུང་གྱུར་པས། །བདག་གི་རབ་བྱུང་དུས་ལ་བབ། །བདག་གིས་མི་རྣམས་ཀྱི་འདོད་པ་ནི་སྤྱད་ཟིན་གྱིས་བདག་གིས་ལྷའི་འདོད་པ་དག་

བཙལ་བའི་དུས་ལ་བབ་ཀྱིས། མ་ལ་བདག་གིས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ལ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱད་དོ་སྙམ་ནས། དེ་ནས་རྒྱལ་པོ་ལྷ་ཆེན་པོས་གཞོན་ནུ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ཤེས་པར་གྱིས་ཤིག །

Vol. 2 · folio 54a

ངའི་མགོ་ལ་སྐྲ་དཀར་པོ་སྐྱེས་པས་ལྷའི་ཕོ་ཉ་བྱུང་བར་གྱུར་ཏེ། ངས་མི་རྣམས་ཀྱི་འདོད་པ་ནི་སྤྱད་ཟིན་པས་ངས་ལྷའི་འདོད་པ་དག་བཙལ་བའི་དུས་ལ་བབ་སྟེ། ངས་བུ་གཞོན་ནུ་ཁྱོད་ལ་རྒྱ་མཚོའི་མཐས་ཀླས་པའི་ས་ཆེན་པོ་འདི་གཏད་ཀྱིས་དེ་ཁྱོད་ཀྱིས་ཆོས་

བཞིན་གྱིས་རྗེས་སུ་བསྐྱང་བར་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །འགའ་ཞིག་ཆོས་མ་ཡིན་པ་སྤྱོད་དམ་འདྲེན་མར་སྤྱོད་ན་ཁྱོད་ཀྱིས་ཡུལ་འཁོར་དུ་གནས་སུ་མ་གཞུག་ཤིག །བུ་གཞོན་ནུ་གང་གི་ཚེ་ཁྱོད་ཀྱང་མགོ་ལ་སྐྲ་དཀར་པོ་སྐྱེས་པ་མཐོང་བ་དང་ལྷའི་ཕོ་ཉ་འོངས་པ་ཡིན་

གྱིས། དེའི་ཚེ་ཁྱོད་ཀྱིས་ཀྱང་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་ཆུག་ལ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱད་པ་སྤྱོད་ཅིག །འདི་ལྟར་བུ་གཞོན་ནུ་ཁྱོད་ཀྱི་དགེ་བའི་ལམ་ངེས་པ་སྲོལ་དོད་པ་དེ་ལྟ་བུའི་རྗེས་བསབ་པར་བྱའི་རྒྱུན་ཆད་པར་མ་བྱེད་ཅིག །སྐྱེས་བུ་ཐ་ཤལ་དུ་

གྱུར་ཏ་རེ། བུ་གཞོན་ནུ་འགའ་ཞིག་འདི་ལྟ་བུའི་སྐྱེས་བུ་བཟང་པོ་རྒྱུད་དུ་བྱུང་བའི་དགེ་བའི་ལམ་ངེས་པ་སྲོལ་དོད་པ་དེ་ལྟ་བུའི་རྗེས་མི་འཚོབ་པ་གང་ཡིན་པ་དེ་དེ་རྣམས་ཀྱི་རྒྱུན་གཅོད་པ་ཡིན་ཞིང་དེ་དེ་རྣམས་ཀྱི་ནང་ན་སྐྱེས་བུ་ཐ་ཤལ་དུ་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་ད་ཁྱོད་ལ་འདི་སྐད་

ཅེས། གང་གི་ཚེ་ཁྱོད་ཀྱིས་འདི་ལྟ་བུའི་སྐྱེས་བུ་བཟང་པོ་རྒྱུད་དུ་བྱུང་བའི་དགེ་བའི་ལམ་ངེས་པ་སྲོལ་དོད་པ་དེ་ལྟ་བུའི་རྗེས་སོབས་ལ་རྒྱུན་ཆད་པར་མ་བྱེད་ཅིག །སྐྱེས་བུ་ཐ་ཤལ་དུ་གྱུར་པར་མ་བྱེད་ཅིག་ཅེས་སྨྲའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་

ཕྱུག་ལ་དབང་བྱེད་དུ་བཅུག་ནས་མི་ཐི་ལའི་ལྷ་ཆེན་པོའི་ཨ་མྲའི་ཚལ་དེ་ཉིད་དུ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །ཀུན་དགའ་བོ་རྒྱལ་པོ་ལྷ་ཆེན་པོས་གཞོན་ནུ་ཐུ་བོ་གང་ཡིན་པ་དེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་པ་དེའི་མིང་ཡང་འཁོར་ལོས་སྒྱུར་

བའི་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་མཐའ་བཞིར་རྣམ་པར་རྒྱལ་བ་ཞེས་བྱ་བ་ནས་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོའི་སྐྲ་དང་ཁ་སྤུ་འབྲེག་མཁན་གྱི་མིས་སྐྲ་དང་ཁ་སྤུ་འཆོས་པ་ན་ཞེས་བྱ་བ་ནས། དེ་དེ་རྣམས་ཀྱི་ནང་ན་སྐྱེས་བུ་ཐ་ཤལ་དུ་གྱུར་

Vol. 2 · folio 54b

པ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ནས་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །ཀུན་དགའ་བོ་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚ་ལ་སོགས་པ་

དེ་ལྟར་བརྒྱུད་པས་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་མི་ཐི་ལའི་ལྷ་ཆེན་པོའི་ཨ་མྲའི་ཚལ་འདི་ཉིད་དུ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །དེ་རྣམས་ཀྱི་ཐ་མ་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་ལ་གནས་པའི་རྒྱལ་པོ་ཆེན་པོ་ཞིག་བྱུང་སྟེ།

དེ་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཁྲོམ་གྱི་རུ་པ་དང་། གྲོང་མི་དང་། ཡུལ་མི་དག་དང་ཆོས་སྤྱོད་དེ་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ཅིང་བསྙེན་གནས་ལ་གནས་ཏེ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་གོ། །དེའི་ཚེ་ལྷའི་དབང་པོ་

བརྒྱ་བྱིན་ལྷའི་འདུན་ས་ཆོས་བཟང་དུ་སུམ་བཅུ་རྩ་གསུམ་པའི་ལྷ་འདུས་ཤིང་འཁོད་པ་རྣམས་ཀྱི་མདུན་དུ་བསྔགས་པ་རྗོད་པར་བྱེད་དེ། གྲོགས་པོ་དག་ལུས་འཕགས་ཀྱི་མི་རྣམས་ཀྱིས་རྙེད་པ་ལེགས་པར་རྙེད་དེ། ལུས་འཕགས་ཀྱི་མི་དེ་རྣམས་ཀྱི་རྒྱལ་པོ་མུ་ཁྱུད་ནི་

ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་ལ་གནས་པའི་རྒྱལ་པོ་ཆེན་པོ་དེ་བཙུན་མོ་དང་ཞེས་བྱ་བ་ནས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གྲོགས་པོ་དག་ཁྱེད་ཅག་རྒྱལ་པོ་མུ་ཁྱུད་ལྟ་བར་འདོད་དམ། ཀཽ་ཤི་ཀ་ཤིན་ཏུ་འཚལ་

ལོ། །གྲོགས་པོ་དག་དེའི་ཕྱིར་ཁྱེད་ཅག་སྡོད་ཅིག་དང་ཁོ་བོས་རེ་ཞིག་རྒྱལ་པོ་མུ་ཁྱུད་བལྟའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་སུམ་བཅུ་རྩ་གསུམ་པའི་ལྷ་

རྣམས་ཀྱི་ལྷའི་འདུན་ས་ཆོས་བཟང་ནས་མི་སྣང་བར་གྱུར་ཏེ། མི་ཐི་ལར་རྒྱལ་པོ་མུ་ཁྱུད་ཀྱི་ཁང་བཟངས་སུ་འདུག་གོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། མུ་ཁྱུད་ཁྱོད་ལ་ལྷའི་འདུན་ས་ཆོས་བཟང་དུ་སུམ་བཅུ་རྩ་གསུམ་པའི་ལྷ་འདུས་ཤིང་འདུག་པ་རྣམས་བསྔགས་པ་རྗོད་པ་ནི་ཁྱོད་

Vol. 2 · folio 55a

ཀྱིས་རྙེད་པ་ལེགས་པར་རྙེད་དོ། །གྲོགས་པོ་ལུས་འཕགས་ཀྱི་མི་རྣམས་ཀྱིས་རྙེད་པ་ཞེས་བྱ་བ་ནས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པར་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །མུ་ཁྱུད་ཁྱོད་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བལྟ་བའི་

ཕྱིར་འགྲོ་འདོད་དམ། ཀཽ་ཤི་ཀ་བདག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བལྟ་བའི་ཕྱིར་མཆི་བར་འཚལ་ལོ། །མུ་ཁྱུད་དེའི་ཕྱིར་སྡོད་ཅིག་དང་རེ་ཞིག་ཁོ་བོས་ཁྱོད་ལ་རྟ་ཅང་ཤེས་སྟོང་དང་ལྡན་པའི་ཤིང་རྟ་བསྐུར་གྱིས་དེའི་ནང་དུ་ཁྱོད་ཞུགས་ལ་མ་གཡོ་བར་ཤོག་ཤིག །དེ་བཞིན་དུ་

བགྱིའོ་ཞེས་རྒྱལ་པོ་མུ་ཁྱུད་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ལྟར་མཉན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ནས་ཁ་ལོ་སྒྱུར་བ་མ་ལ་གདུ་ལ་སྨྲས་པ། མ་ལ་གདུ་ཁྱོད་སོང་ལ་མྱུར་བ་ཁོ་ནར་རྟ་ཅང་ཤེས་སྟོང་དང་ལྡན་པའི་ཤིང་རྟ་ཤོམས་ཏེ་

རྒྱལ་པོ་མུ་ཁྱུད་གང་ན་བ་དེར་སོང་ལ་ཕྱིན་ནས་འདི་སྐད་ཅེས། མུ་ཁྱུད་ཁྱོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྟ་ཅང་ཤེས་སྟོང་དང་ལྡན་པའི་ཤིང་རྟ་བསྐུར་བ་འདི་ཡིན་གྱིས། འདིར་ཁྱོད་ཞུགས་ལ་མ་གཡོ་བར་ཤོག་ཤིག་ཅེས་སྨྲོས་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་གསུངས་པ་ཤིན་

ཏུ་བཟང་ངོ་ཞེས་ཁ་ལོ་སྒྱུར་བ་མ་ལ་གདུས་ལྷའི་དབང་པོ་བརྒྱ་བྱིན་གྱི་ལྟར་མཉན་ནས་མྱུར་བ་ཁོ་ནར་རྟ་ཅང་ཤེས་སྟོང་དང་ལྡན་པའི་ཤིང་རྟ་བཤམས་ནས་རྒྱལ་པོ་མུ་ཁྱུད་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ། །མུ་ཁྱུད་ཁྱོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྟ་ཅང་

ཤེས་སྟོང་དང་ལྡན་པའི་ཤིང་རྟ་བསྐུར་བ་འདི་ཡིན་གྱིས། འདིར་ཁྱོད་ཞུགས་ལ་མ་གཡོ་བར་ཤོག་ཤིག་ཅེས་ཟེར་རོ། །ཀུན་དགའ་བོ་རྒྱལ་པོ་མུ་ཁྱུད་རྟ་ཅང་ཤེས་སྟོང་དང་ལྡན་པའི་ཤིང་རྟའི་ནང་དུ་མི་གཡོ་བར་ཞུགས་པ་དང་། དེ་ནས་ཁ་ལོ་སྒྱུར་བ་མ་ལ་གདུས་རྒྱལ་པོ་

མུ་ཁྱུད་ལ་འདི་སྐད་ཅེས་སྨྲས་སོ། །མུ་ཁྱུད་ཁྱོད་ཀྱི་ཤིང་རྟ་གང་ལོགས་སུ་དྲང་། གང་ན་སེམས་ཅན་སྡིག་པའི་ལས་ཅན་རྣམས་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བ་ལོགས་སུའམ། གང་ན་སེམས་ཅན་དགེ་བའི་ལས་ཅན་རྣམས་ལས་དགེ་བའི་

Vol. 2 · folio 55b

རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བ་ལོགས་སུ་དྲང་། མ་ལ་གདུ་དེའི་ཕྱིར་ཁོ་བོས་གང་དུ་གཉི་ག་མཐོང་བར་འགྱུར་བ་གང་ན་སེམས་ཅན་སྡིག་པའི་ལས་ཅན་རྣམས་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བ་དག་ཡོད་པ་དང་། གང་ན་

སེམས་ཅན་དགེ་བའི་ལས་ཅན་རྣམས་ལས་དགེ་བའི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བ་དག་ཡོད་པ་དེར་ཤིང་རྟ་དྲོངས་ཤིག །དེ་ནས་ཁ་ལོ་སྒྱུར་བ་མ་ལ་གདུས་རྒྱལ་པོ་མུ་ཁྱུད་ཀྱི་ཤིང་རྟ་རྒྱལ་པོ་མུ་ཁྱུད་ཀྱིས་གང་ན་སེམས་ཅན་སྡིག་པའི་ལས་ཅན་རྣམས་སྡིག་པ་མི་

དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བ་དག་ཡོད་པ་དང་། གང་ན་སེམས་ཅན་དགེ་བའི་ལས་ཅན་རྣམས་ལས་དགེ་བའི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བ་དག་ཡོད་པ་གཉི་ག་རྒྱལ་པོ་མུ་ཁྱུད་ཀྱིས་ཇི་ལྟར་མཐོང་བར་འགྱུར་བ་དེ་ལྟར་དྲངས་སོ། །ཀུན་

དགའ་བོ་རྒྱལ་པོ་མུ་ཁྱུད་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ནས་རྒྱལ་པོ་མུ་ཁྱུད་ལྷའི་འདུན་ས་ཆོས་བཟང་དུ་ཞུགས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་ལ་སྟན་ཕྱེད་བསྟབས་ནས་རྒྱལ་པོ་མུ་ཁྱུད་དང་ལྷའི་དབང་པོ་བརྒྱ་བྱིན་སྟན་ཕྱེད་ཕྱེད་ལ་འཁོད་དོ། །

ཀུན་དགའ་བོ་རྒྱལ་པོ་མུ་ཁྱུད་དང་ལྷའི་དབང་པོ་བརྒྱ་བྱིན་སྟན་ཕྱེད་ཕྱེད་ལ་འཁོད་པ་ན་ཁྱད་པར་རམ་བསམ་པའམ་ཐ་དད་དུ་བྱ་བ་མེད་ཀྱི། གཞན་དུ་ན་ལྷའི་དབང་པོ་བརྒྱ་བྱིན་ནི་མིག་འཛུམས་པར་མི་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་ལ་འདི་སྐད་ཅེས་སྨྲས་

སོ། །མུ་ཁྱུད་འདི་ཉིད་དུ་འདུག་ལ་མུ་ཁྱུད་ཁྱོད་དགའ་བར་སྤྱོད་ཅིག །འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པ་ལ་རྩེད་མོ་བྱོས་ཤིག །དགའ་བར་སྤྱོད་ཅིག །དགའ་མགུར་སྤྱོད་ཅིག །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་སྣོད་དང་

ཤིང་རྟ་དག །རེ་ཞིག་དུས་ཀྱི་བརྙན་པོ་ལྟར། །གཞན་དག་དབང་སྒྱུར་གང་ཡིན་པའི། །གནས་ཀྱང་དེ་དང་འདྲ་བ་ཡིན། །འདི་ནས་མི་ཐི་ལར་སོང་ལ། །དགེ་བ་མང་པོ་རྣམས་བྱ་སྟེ། །བསོད་ནམས་བྱས་ཤིང་འབྱོར་བྱས་ནས། །མཐོ་རིས་སུ་ནི་འགྲོ་བར་བྱ། །ཀུན་

Vol. 2 · folio 56a

དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་གང་གིས་དགེ་བའི་ལམ་ངེས་པ་དེ་ལ་ཞུགས་ཤིང་། གང་དགེ་བའི་ལམ་ངེས་པ་ལ་ཞུགས་པ་ལ་བརྟེན་ནས་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་མི་ཐི་ལའི་ལྷ་ཆེན་པོའི་ཨ་མྲའི་ཚལ་འདི་ཉིད་དུ་རྒྱལ་པོའི་དྲང་སྲོང་

གི་ཚངས་པར་སྤྱོད་པ་སྤྱད་པར་གྱུར་པ་བྱུང་བ་གང་ཡིན་པ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བར་གྱུར་ཏེ། ང་ཉིད་ཀྱིས་དགེ་བའི་ལམ་ངེས་པ་དེ་སྲོལ་བཏོད་ཅིང་དགེ་

བའི་ལམ་ངེས་པ་སྲོལ་དོད་པ་ལ་བརྟེན་ནས་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གིས་མི་ཐི་ལ་འདི་ཉིད་ན་ལྷ་ཆེན་པོའི་ཨ་མྲའི་ཚལ་འདི་ཉིད་དུ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེའི་ཚེ་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་

དང་བཅས་པར་གྱུར་ཏེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མ་གྲོལ་ཞིང་སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་ལོ་ཞེས་གསུང་ངོ་། །ཀུན་དགའ་བོ་ད་

ནི་ང་འཇིག་རྟེན་དུ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་

རྒྱས་བཅོམ་ལྡན་འདས་སུ་བྱུང་ནས་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་བས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་

གྲོལ་ཞིང་སྡུག་བསྔལ་ལས་ཡོངས་སུ་གྲོལ་ལོ་ཞེས་གསུང་ངོ་། །ཀུན་དགའ་བོ་ད་ལྟར་ན་ཡང་ངས་དགེ་བའི་ལམ་ངེས་པ་སྲོལ་བཏོད་པ་དེ་ལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་ནི་སྐྱེ་བའི་ཆོས་ཉིད་ལས་ཡོངས་སུ་གྲོལ་བར་འགྱུར། སེམས་ཅན་རྒ་བ་དང་། ན་བ་དང་། འཆི་

Vol. 2 · folio 56b

བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་ནི་འཁྲུག་པའི་ཆོས་ཉིད་ལས་ཡོངས་སུ་གྲོལ་བར་འགྱུར། ངས་དགེ་བའི་ལམ་ངེས་པ་ལ་ཞུགས་ཤིང་དགེ་བའི་ལམ་ངེས་པ་ལ་ཞུགས་པ་དེ་ལ་

བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་ནས་སེམས་ཅན་འཁྲུག་པའི་ཆོས་ཅན་གྱི་བར་དག་འཁྲུག་པའི་ཆོས་ཉིད་ལས་ཡོངས་སུ་གྲོལ་བར་འགྱུར་བ་དེ་གང་ཡིན་ཞེ་ན་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་།

ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་ངས་དགེ་བའི་ལམ་ངེས་པ་ལ་ཞུགས། དགེ་བའི་

ལམ་ངེས་པ་ལ་ཞུགས་པ་དེ་ལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་ནས་གོང་མ་བཞིན་དུ་འཁྲུག་པའི་ཆོས་ཉིད་ལས་ཡོངས་སུ་གྲོལ་བར་འགྱུར་བའི་བར་ཡིན་ནོ། །ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་དགེ་བའི་ལམ་ངེས་པ་སྲོལ་དོད་པ་དེ་ལྟ་བུའི་རྗེས་བསབ་པར་བྱའི་རྒྱུན་

ཆད་པར་མ་བྱེད་ཅིག །སྐྱེས་བུ་ཐ་ཤལ་དུ་གྱུར་པར་མ་བྱེད་ཅིག །ཀུན་དགའ་བོ་གང་ལ་ལ་དེ་ལྟ་བུའི་ཉན་ཐོས་བཟང་པོ་རྒྱུད་དུ་བྱུང་བའི་དགེ་བའི་ལམ་ངེས་པ་སྲོལ་དོད་པ་དེ་ལྟ་བུའི་རྗེས་མི་འཚོབ་པ་དེ་ནི་དེ་རྣམས་ཀྱི་རྒྱུན་གཅོད་པ་ཡིན་ཞིང་། དེ་དེ་རྣམས་ཀྱི་སྐྱེས་བུ་ཐ་ཤལ་དུ་གྱུར་

པ་ཡིན་ནོ། །དེ་བས་ན་ང་ཁྱོད་ལ་འདི་སྐད་དུ་ཅི་ནས་ཀྱང་ཁྱོད་ཀྱིས་དེ་ལྟ་བུའི་ཉན་ཐོས་བཟང་པོ་རྒྱུད་དུ་བྱུང་བའི་ལམ་ངེས་པ་སྲོལ་དོད་པ་དེ་ལྟ་བུ་དེའི་རྗེས་སོབས་ཤིག །རྒྱུན་ཆད་པར་མ་བྱེད་ཅིག །སྐྱེས་བུ་ཐ་ཤལ་དུ་གྱུར་པར་མ་བྱེད་ཅིག་ཅེས་སྨྲའོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ལུས་འཕགས་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ལུས་འཕགས་སུ་བྱོན་ནས་ལུས་འཕགས་

Vol. 2 · folio 57a

ཀྱི་ཕྱོགས་གཞན་ཞིག་ཏུ་འཛུམ་པ་མཛད་དོ་ཞེས་བྱ་བ་ནས་སངས་རྒྱས་བཞིའི་གདན་ཡིན་ནོ་ཞེས་བྱ་བ་དང་། སྐད་ཅིག་གཅིག་བཞུགས་ནས་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ས་ལ་གང་ན་བར་

འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་ས་ལར་བྱོན་ནས་ས་ལའི་བྲམ་ཟེའི་གྲོང་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་

ཤམ་ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་ས་ལར་བསོད་སྙོམས་ལ་ཞུགས་སོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་འདི་ས་ལའི་བྲམ་ཟེའི་གྲོང་ན་འདུག་སྟེ། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་

ཐོགས་ཏེ་ས་ལར་བསོད་སྙོམས་ལ་ཞུགས་ཀྱིས། མ་ལ་བདག་གིས་ས་ལའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཇི་ལྟར་དགེ་སྦྱོང་གཽ་ཏ་མས་ཇི་ལྟར་ལྷུང་བཟེད་བཀྲུས་ཏེ་ས་ལར་བསོད་སྙོམས་ལ་ཞུགས་པ་བཀྲུས་པ་དེ་ཁོ་ན་བཞིན་བསོད་སྙོམས་ཁམ་འགའ་ཡང་མ་རྙེད་པར་ཕྱིར་ལྡོག་

པ་དེ་ལྟ་དེ་ལྟར་བྱིན་གྱིས་བརླབ་བོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་གྱིས་ས་ལའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལྷུང་བཟེད་བཀྲུས་ཏེ་ས་ལར་བསོད་སྙོམས་ལ་ཞུགས་པ་བཀྲུས་པ་དེ་ཁོ་ན་བཞིན་དུ་བསོད་སྙོམས་ཁམ་འགའ་ཡང་མ་རྙེད་པར་

སླར་བྱོན་པ་དེ་ལྟ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་བདུད་སྡིག་ཅན་གྱིས་བདག་ཉིད་བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ་འབྲང་ཞིང་འདི་སྐད་ཅེས་ཀྱང་སྨྲས་སོ། །དགེ་སྦྱོང་དགེ་སྦྱོང་བསོད་སྙོམས་ཁམ་འགའ་ཡང་མ་རྙེད་དམ།

དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་ཉེ་བར་འོངས་པ་འདི་ནི་བདུད་སྡིག་ཅན་ཡིན་ཏེ། འདི་ལྟ་སྟེ་རྣམ་པར་དཀྲུག་པའི་ལས་བྱེད་དོ་སྙམ་དུ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། དེ་བཞིན་གཤེགས་ལ་ཁྱད་བསད་པས། །ཁྱོད་ཀྱིས་

Vol. 2 · folio 57b

བསོད་ནམས་མིན་མང་བསགས། །སངས་རྒྱས་རྣམས་ནི་བརྒལ་དཀའ་བར། །སྡིག་ཅན་ཅི་ག་མི་ཤེས་སམ། །དགེ་སྦྱོང་དེའི་ཕྱིར་སླར་ཡངས་ལར་བསོད་སྙོམས་ལ་བཞུད་ཅིག་དང་ཅི་ནས་ཀྱང་བསོད་སྙོམས་རྙེད་པ་དེ་ལྟར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་

དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ལ་ཅི་ཡང་མི་བདོག་པ། །ཀྱེ་མ་ཤིན་ཏུ་བདེར་འཚོ་སྟེ། །འོད་གསལ་ལྷ་རྣམས་ཇི་ལྟ་བར། །དགའ་བ་ཡི་ནི་ཟས་བཟའོ། །ང་ལ་ཅི་ཡང་མི་བདོག་པ། །ཀྱེ་མ་ཤིན་ཏུ་བདེར་འཚོ་སྟེ། །འཇིག་ཚོགས་ལྟ་ལ་མི་

རྟེན་པས། །དགའ་བ་ཡི་ནི་ཟས་བཟའོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མའི་སེམས་ཀྱིས་བདག་གི་བསམ་པ་ཤེས་སོ་སྙམ་དུ་རིག་ནས་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འགྱོད་པས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྲོན་པ་ཅན་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཁྲོན་པ་ཅན་དུ་བྱོན་

ཏོ། །ཁྲོན་པ་ཅན་ན་བུད་མེད་གཞན་ཞིག་ཕྱང་ཐག་དང་ཆུ་དང་ཆུ་སྣོད་ཁྱེར་ཏེ་ཁྲོན་པའི་དྲུང་དུ་སོང་བ་དང་། སྐྱེས་པ་གཞན་ཞིག་དེ་ལ་ཆགས་པའི་ཀུན་ནས་དཀྲིས་པའི་སེམས་ཀྱིས་རྗེས་བཞིན་རྗེས་བཞིན་དུ་འབྲང་བ་དང་། དེ་ཡང་ལྷག་པར་དེ་ལ་ཆགས་པས་དེ་གཉིས་ཕན་

ཚུན་དུ་འཐམ་ཞིང་ཁྲོན་པར་དོང་ངོ་། །དེའི་བུ་ཁྱེའུ་ཆུང་ངུ་མ་ཞིག་དེ་དང་ལྷན་ཅིག་ཕྱི་བཞིན་འབྲང་ཞིང་སོང་ངོ་། །དེ་ནས་དེ་སྐྱེས་པ་ལ་རྟོག་ཅིང་ཆུ་སྣོད་གཏང་ངོ་སྙམ་སྟེ། ཁྱེའུ་ཆུང་ངུ་དེའི་མགུལ་ནས་ཐག་པས་བཏགས་ཏེ་བཏང་བ་ལས་ཤི་བར་གྱུར་ཏོ། །དེས་སྔོན་མ་ཐོས་པའི་

ཚིགས་སུ་བཅད་པ་ཐོས་པ། འདོད་པ་ཁྱོད་རྩ་ངས་ཤེས་ཏེ། །རྟོག་པ་ལས་ནི་འདོད་པ་སྐྱེ། །ཁྱོད་ལ་རྟོག་པ་མ་བྱས་དང་། །དེ་ནས་ང་ལ་མི་འབྱུང་ངོ་། །བཅོམ་ལྡན་འདས་ཀྱང་ལམ་དེ་ནས་གཤེགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་

Vol. 2 · folio 58a

སྩལ་པ། ཀུན་དགའ་བོ་ཚིགས་སུ་བཅད་པ་འདི་ཟུང་ཤིག །ཚིགས་སུ་བཅད་པ་འདི་ནི་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། འདི་ནི་སོ་སོའི་སྐྱེ་བོའི་ལག་ཏུ་འོངས་པས་མི་སྣང་མི་གསལ། རྣམ་པར་མི་གསལ་

ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཇི་ལྟར་སེམས་འདི་མྱུར་དུ་འགྱུར་བ་དེ་ལྟ་བུའི་ཆོས་ནི་གཅིག་ཀྱང་མ་མཐོང་ངོ་། །དེ་ནས་བུད་མེད་དེ་བུའི་མྱ་ངན་གྱིས་གདུང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་

བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་བུད་མེད་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ།

བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་བདག་ལ་འདི་ལྟ་བུ་ནི་མས་མ་བགྱིས་ཏེ། ཕས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། སྔ་མ་འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་བྲམ་ཟེ་རྣམས་

ཀྱིས་མ་ལགས། སྡུག་པས་མ་ལགས། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས་པ་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས་ངན་སོང་རྣམས་ཀྱི་སྒོ་ནི་བཀུམ། མཐོ་རིས་

དང་ཐར་པའི་སྒོ་རྣམས་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ནི་རབ་ཏུ་བཞག །འཁོར་བ་ལས་ནི་ཐག་བསྲིངས། །ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ།

ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་བཅོམ་ལྡན་འདས་དང་།

Vol. 2 · folio 58b

ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྔོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་

ལ་བཀའ་སྩལ་པ། ཀུན་དགའ་བོ་ང་བྱང་ཆུབ་སེམས་དཔར་གྱུར་པ་ན་ཕྱོགས་འདི་ཉིད་དུ་དྲང་སྲོང་ངན་སྤོང་གི་བུས་གདན་དང་རྩ་བ་དང་འབྲས་བུ་ལ་སྤྱན་དྲངས་སོ། །ཕྱོགས་གཞན་ཞིག་ཏུ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ང་བྱང་ཆུབ་སེམས་དཔར་གྱུར་

པ་ན་རྒ་བ་ལ་སོགས་པས་ཡིད་བྱུང་སྟེ། ཕྱོགས་འདི་ཉིད་དུ་ལྷའི་དབང་པོ་བརྒྱ་བྱིན་རྔོན་པའི་ཆ་བྱད་དུ་བྱས་པ་ལ་ཀ་ཤི་ཀའི་རས་ཕྲན་བྱིན་ནས་གོས་ངུར་སྨྲིག་བླངས་པ་ཡིན་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ངུར་སྨྲིག་བླངས་པ་ཞེས་བྱ་བའི་མཆོད་རྟེན་བརྩིགས་ཏེ།

ད་དུང་དུ་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་ཀ་ཤི་ཀའི་རས་ཕྲན་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་ཁྱེར་ཏེ་བཞག་ནས་ཀ་ཤི་ཀའི་དུས་མཆོད་ཆེན་པོ་བཙུགས་ཏེ། ད་དུང་དུ་ཡང་དེ་ལ་སུམ་བཅུ་རྩ་གསུམ་པའི་ལྷ་

དག་བྱ་བ་བྱེད་དོ། །ཕྱོགས་གཞན་ཞིག་ཏུ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ང་བྱང་ཆུབ་སེམས་དཔར་གྱུར་པ་ན་ཕྱོགས་འདིར་རལ་གྲི་ཨུཏྤ་ལ་སྔོན་པོ་འདྲ་བས་དབུ་སྐྲ་བྲེགས་ནས་སྟེང་གི་ནམ་མཁའ་ལ་འཕངས་པ་ཡིན་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་

ཅན་རྣམས་ཀྱིས་དབུ་སྐྲ་བླངས་པ་ཞེས་བྱ་བའི་མཆོད་རྟེན་བརྩིགས་ཏེ། ད་དུང་དུ་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་དབུ་སྐྲ་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་ཁྱེར་ཏེ་བཞག་ནས་གཙུག་ཕུད་ཀྱི་དུས་མཆོད་ཆེན་པོ་

བཙུགས་ཏེ། ད་དུང་དུ་ཡང་དེ་ལ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བྱ་བ་བྱེད་དོ། །ཕྱོགས་གཞན་ཞིག་ཏུ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདིར་རྟའི་རྒྱལ་པོ་བསྔགས་ལྡན་འདུན་པས་བཀྲི་ནས་སླར་བཏང་བ་ཡིན་ཏེ། བྲམ་ཟེ་དང་

Vol. 2 · folio 59a

ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བསྔགས་ལྡན་སླར་བཏང་བ་ཞེས་བྱ་བའི་མཆོད་རྟེན་བརྩིགས་ཏེ། ད་དུང་དུ་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཡུལ་གནག་ལྷས་ཅན་དུ་བྱོན་ནས་དེ་ནས་བཅོམ་ལྡན་

འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གནག་ལྷས་ཅན་འདིར་རིགས་ཀྱི་བུ་འདུན་པ་བཙས་ནས་འདི་ཉིད་དུ་ཆེན་པོར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྡིག་ཅན་དུ་བྱོན་ཏེ། སྡིག་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་སྡིག་ཅན་དུ་

གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒན་རབས་རྒན་རབས་རྣམས་ཀྱིས་སྨྲས་པ། གཞོན་ནུ་གང་ཡིན་པ་དེ་དག་གིས་ནི་ལམ་བཟང་པོར་བྱོས་ཤིག །བདག་ཅག་གིས་ནི་གྲོང་ཁྱེར་བཟང་པོར་བྱའོ། །དེ་ནས་གཞོན་ནུ་རྣམས་ཀྱིས་ལམ་བཟང་པོར་བྱ་བར་

བརྩམས་པ་ན། དེ་རྣམས་ཀྱིས་ཕ་བོང་ཞིག་མཐོང་ནས་དེ་རྣམས་ཀྱིས་དེ་དོར་བར་བརྩམས་པ་ལས་དོར་བར་མ་ནུས་སོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེ་ཉིད་དུ་གཤེགས་ནས་བཀའ་སྩལ་པ། གནས་འཇོག་དག་འདི་ཅི་བྱ། བཅོམ་ལྡན་འདས་ཀྱི་སླད་དུ་ཤུལ་

བཟང་པོར་བགྱི་ལགས་ན་ཕ་བོང་འདི་དོར་བར་རྔོ་མ་ཐོག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟ་ན་ངས་དོར་རམ། བཅོམ་ལྡན་འདས་དོར་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པའི་མཐེ་བོས་ཕ་བོང་སྟེང་གི་ནམ་མཁའ་ལ་

འཕངས་ཏེ་མིག་རྒྱང་གིས་ཀྱང་མི་སོད་པར་བོར་བ་དང་དེའི་སྒྲས་གྱད་རྣམས་སྔངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་དག་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕ་བོང་དེ་ཕྱེ་མར་བརླགས་ནས་རྡུལ་

འབབ་པར་བརྩམས་སོ། །གྱད་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྡུལ་ག་ལས་འབབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་ཕ་བོང་དེ་ཕྱེ་མར་བརླགས་པ་ཡིན་ནོ། །བཅོམ་ལྡན་འདས་ལ་ལེགས་པ་ཞིག་བགྱིས་སོ། །

Vol. 2 · folio 59b

ཅི་སླར་མཚམས་སྦྱར་རམ། བཅོམ་ལྡན་འདས་སླར་མཚམས་སྦྱར་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་མོས་པའི་སྟོབས་ཀྱིས་སླར་སྦྱར་ནས་གནས་ཇི་ལྟ་བ་བཞིན་དུ་བཞག་སྟེ། བཅོམ་ལྡན་འདས་ཀྱང་དེ་ཉིད་ན་བཞུགས་སོ། །གྱད་ལྔ་བརྒྱ་པོ་དེ་དག་ཀྱང་དེ་ཉིད་དུ་

ཚོགས་ནས་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཕ་བོང་དེ་སྟོབས་གང་གིས་འཕངས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་དག་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་ཀྱིས་སོ། །དེ་རྣམས་ཀྱིས་གསོལ་པ། སྟོབས་གང་

གིས་ཕྱེ་མར་བརླགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སོ། །གང་གིས་སླར་མཚམས་སྦྱར་ལགས། མོས་པའི་སྟོབས་ཀྱིས་སོ། །བཅོམ་ལྡན་འདས་ཀྱི་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་ཀྱི་ཚད་ཇི་ཙམ་ལགས། གནས་

འཇོག་དག་མི་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་ཕལ་པ་གཅིག་གི་ཡིན་ནོ། །གླང་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བ་མེན་སྔོན་པོ་གཅིག་གི་ཡིན་ནོ། །བ་མེན་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་ཕྲུ་གུ་གཅིག་གི་ཡིན་ནོ། །གླང་པོ་ཆེ་ཕྲུ་གུ་བཅུའི་གང་ཡིན་པ་

དེ་ནི་གླང་པོ་ཆེ་མོ་གཅིག་གི་ཡིན་ནོ། །གླང་པོ་ཆེ་མོ་བཅུའི་གང་ཡིན་པ་དེ་ནི་གླང་པོ་ཆེ་ཕལ་གཅིག་གི་ཡིན་ནོ། །གླང་པོ་ཆེ་ཕལ་བཅུའི་གང་ཡིན་པ་དེ་ནི་གླང་པོ་ཆེ་མཆེ་བ་མེད་གཅིག་གི་ཡིན་ནོ། །གླང་པོ་ཆེ་མཆེ་བ་མེད་བཅུའི་གང་ཡིན་པ་དེ་ནི་སྔོན་པོ་གཅིག་གི་ཡིན་ནོ། །སྔོན་

པོ་བཅུའི་གང་ཡིན་པ་དེ་ནི་སེར་པོ་གཅིག་གི་ཡིན་ནོ། །སེར་པོ་བཅུའི་གང་ཡིན་པ་དེ་ནི་དམར་པོ་གཅིག་གི་ཡིན་ནོ། །དམར་པོ་བཅུའི་གང་ཡིན་པ་དེ་ནི་དཀར་པོ་གཅིག་གི་ཡིན་ནོ། །དཀར་པོ་བཅུའི་གང་ཡིན་པ་དེ་ནི་འབིགས་བྱེད་ཀྱི་གླང་པོ་ཆེ་གཅིག་གི་ཡིན་ནོ། །འབིགས་

བྱེད་ཀྱི་གླང་པོ་ཆེ་བཅུའི་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་ཡིན་ནོ། །སྤོས་ཀྱི་གླང་པོ་ཆེ་བཅུའི་གང་ཡིན་པ་དེ་ནི་ཚན་པོ་ཆེ་གཅིག་གི་ཡིན་ནོ། །ཚན་པོ་ཆེ་བཅུའི་གང་ཡིན་པ་དེ་ནི་ཚན་པོ་ཆེ་ཆེན་པོ་གཅིག་གི་ཡིན་ནོ། །ཚན་པོ་ཆེ་ཆེན་པོ་བཅུའི་གང་ཡིན་པ་དེ་ནི་རབ་གནོན་

Vol. 2 · folio 60a

གཅིག་གི་ཡིན་ནོ། །རབ་གནོན་བཅུའི་གང་ཡིན་པ་དེ་ནི་སྟོབས་མཆོག་གཅིག་གི་ཡིན་ནོ། །སྟོབས་མཆོག་བཅུའི་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དོ། །སྲེད་མེད་ཀྱི་བུའི་སྟོབས་ཕྱེད་གཉིས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཡིན་ཏེ།

དེ་དེ་བཞིན་གཤེགས་པའི་ཚིགས་དང་ཚིགས་ཕྲན་དག་ན་ཡོད་པས་གནས་འཇོག་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚོགས་ཅན་ཡིན་ནོ།། །།བར་སྡོམ་ལ། མི་དང་གླང་དང་བ་མེན་དང་ནི་དེ་བཞིན་

གླང་ཆེན་ཕྲུ་གུ་དང་། །གླང་ཆེན་མོ་དང་ཕལ་དང་མཆེ་བ་མེད་དང་དེ་བཞིན་བཞི་ཚན་དང་། །འབིགས་བྱེད་གླང་ཆེན་སྤོས་ཀྱི་གླང་ཆེན་དང་ནི་ཚན་པོ་ཆེ་གཉིས་དང་། །རབ་གནོན་དང་ནི་སྟོབས་མཆོག་དག་དང་སྲེད་མེད་བུ་ཡི་སྟོབས་གཉིས་སོ། །སྲེད་མེད་ཀྱི་བུའི་སྟོབས་གང་ལགས་

པ་འདི་དེ་བཞིན་གཤེགས་པའི་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་ལགས་ན། བཙུན་པ་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་དང་ཏིང་ངེ་འཛིན་གྱི་སྟོབས་དང་། མོས་པའི་སྟོབས་ལས་སྟོབས་གཞན་མཆིས་ལགས་སམ། གནས་འཇོག་དག་ཡོད་དེ། འདི་ལྟ་སྟེ་བསོད་ནམས་

ཀྱི་སྟོབས་ཞེས་བྱ་བ་ཡིན་ཏེ། གནས་འཇོག་དག་བསོད་ནམས་ཀྱི་སྟོབས་དང་ལྡན་པས་དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འཁོར་འབྱུང་པོ་བྱེ་བ་སུམ་བཅུ་རྩ་དྲུག་ཅན་བཅོམ་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །བཙུན་པ་ཡབ་དང་ཡུམ་ལས་བྱུང་བའི་

སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། མོས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་འདི་བས་ལྷག་པའི་སྟོབས་གཞན་ལྟ་མཆིས་ལགས་སམ། གནས་འཇོག་དག་ཡོད་དེ། འདི་ལྟ་སྟེ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་ཀྱི་སྟོབས་དང་ལྡན་

པས་དེ་བཞིན་གཤེགས་པས་ཐོག་མ་མེད་པའི་དུས་ནས་བསགས་པའི་ཉོན་མོངས་པའི་ཚོགས་བོར་སྤངས་བསལ་ཏེ་སོ་སོར་སྤངས་སོ། །བཙུན་པ་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་དང་ཏིང་ངེ་འཛིན་གྱི་སྟོབས་དང་། མོས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words