འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་ཨཥྚ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 30 · folio 228b

འདི་ཞེས་བྱའོ། །ཁྱོད་ཀྱི་ཕུ་ནུའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕྱི་མོ་དང་། མེས་པོ་གཉིས་ཀྱི་བདུན་རྒྱུད་ཚུན་ཆད་ཀྱི་བར་གྱི་མིང་ནི་འདི་ཞེས་བྱའོ་ཞེས་ཉེ་བར་སྟོན་ཅིང་

ཁྱོད་ནི་ལྗོངས་ག་གེ་མོ་ཞིག་དང་། ཁྱོད་ནི་གྲོང་ཁྱེར་ག་གེ་མོ་ཞིག་དང་། ཁྱོད་ནི་གྲོང་ག་གེ་མོ་ཞིག་དང་། ཁྱོད་ནི་ཡུལ་ག་གེ་མོ་ཞིག་ནས། ལྗོངས་ག་གེ་མོ་ཞིག་ཏུ་སྐྱེས་སོ། །གྲོང་ཁྱེར་ག་གེ་མོ་ཞིག་དང་། གྲོང་ག་གེ་མོ་ཞིག་ཏུ་སྐྱེ་བ་ཡིན་ནོ་ཞེས་ཟེར་ཞིང་། གལ་ཏེ་དེ་རང་བཞིན་

གྱིས་དམན་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་དམན་པ་ཉིད་དུ་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་རྣོ་བ་ཞིག་ཡིན་ན་ཡང་། དེ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་རྣོ་བ་ཉིད་དུ་གྱུར་ཏོ་ཞེས་ཟེར་རོ། །གལ་ཏེ་དགོན་པ་པ་ཞིག་ཡིན་ནམ། གལ་ཏེ་བསོད་

སྙོམས་པ་ཞིག་ཡིན་ནམ། གལ་ཏེ་ཕྱག་དར་ཁྲོད་བ་ཞིག་ཡིན་ནམ། གལ་ཏེ་ཟས་ཕྱིས་མི་ལེན་པ་ཞིག་ཡིན་ནམ། གལ་ཏེ་སྟན་གཅིག་པ་ཞིག་ཡིན་ནམ། གལ་ཏེ་རྙེད་པས་ཆོག་ཤེས་པའི་བསོད་སྙོམས་པ་ཞིག་ཡིན་ནམ། གལ་ཏེ་དུར་ཁྲོད་པ་ཞིག་ཡིན་ནམ། གལ་ཏེ་བླ་

གབ་མེད་པ་ཞིག་ཡིན་ནམ། གལ་ཏེ་ཤིང་དྲུང་པ་ཞིག་ཡིན་ནམ། གལ་ཏེ་ཅོག་པུ་པ་ཞིག་ཡིན་ནམ། གལ་ཏེ་གཞི་ཇི་བཞིན་པ་ཞིག་ཡིན་ནམ། གལ་ཏེ་ཆོས་གོས་གསུམ་པ་ཞིག་ཡིན་ནམ། གལ་ཏེ་འདོད་པ་ཆུང་བ་ཞིག་ཡིན་ནམ། གལ་ཏེ་ཆོག་ཤེས་པ་ཞིག་ཡིན་ནམ།

གལ་ཏེ་རབ་ཏུ་དབེན་པ་ཞིག་ཡིན་ནམ། གལ་ཏེ་རྐང་པ་སྐུད་པ་དང་བྲལ་བ་ཞིག་ཡིན་ནམ། གལ་ཏེ་སྨྲ་བ་ཉུང་བ་ཞིག་ཡིན་ན་ཡང་དེ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་ལྟར་སྨྲ་བ་ཉུང་བ་ཉིད་དུ་གྱུར་ཏོ་ཞེས་ཟེར་རོ། །གལ་ཏེ་བརྗོད་པ་ཉུང་བ་ཞིག་ཡིན་ན་ཡང་དེ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་

འདི་བཞིན་དུ་བརྗོད་པ་ཉུང་བ་ཉིད་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ལ་རྣམ་པ་འདི་ལྟ་བུའི་སྦྱངས་པའི་ཡོན་ཏན་དག་ཡོད་པ་ལས་ན། གདོན་མི་ཟ་བར་སྔོན་ཡང་ཁྱོད་སྦྱངས་པའི་ཡོན་ཏན་དང་། ལེགས་པར་སྡོམ་པ་འདི་དག་དང་ལྡན་པར་མ་གྱུར་མི་སྲིད་པའི་ཕྱིར་

Vol. 30 · folio 229a

རོ་ཞེས་ཟེར་རོ། །དེ་དེ་ལྟར་སྔོན་གྱི་མིང་བསྟན་པ་དང་རུས་བསྟན་པ། དེ་དང་ད་ལྟར་བྱུང་བའི་སྦྱངས་པའི་ཡོན་ཏན་བསྟན་པ་དེས་རློམ་སེམས་སྐྱེ་བར་འགྱུར་ཏེ། དེར་ཡང་བདུད་སྡིག་ཅན་འོང་ཞིང་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་སྦྱངས་པའི་ཡོན་ཏན་ཇི་ལྟར་

ཡོད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་དུ་ལུང་བསྟན་ཏོ་ཞེས་ཟེར་ཞིང་། ཡང་ན་དགེ་སློང་གི་ཆ་བྱད་དུ་སྒྱུར་ཅིང་འོང་ངོ་། ཡང་ན་དགེ་སློང་

མའི་ཆ་བྱད་དུ་སྒྱུར་ཅིང་འོང་ངོ་། ཡང་ན་ཁྱིམ་བདག་གི་ཆ་བྱད་དུ་སྒྱུར་ཅིང་འོང་ངོ་། ཡང་ན་མའི་ཆ་བྱད་དུ་སྒྱུར་ཅིང་འོང་ངོ་། ཡང་ན་ཕའི་ཆ་བྱད་དུ་སྒྱུར་ཅིང་འོང་ངོ་། འོངས་ནས་ཀྱང་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གང་ཡིན་པ་དེ་དག་ཁྱོད་ལ་ཡོད་པའི་ཕྱིར་རོ་ཞེས་ཟེར་ལ། རབ་འབྱོར་ངས་ཕྱིར་མི་ལྡོག་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་རྣམས་དང་། རྟགས་རྣམས་དང་མཚན་མ་རྣམས་བསྟན་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མེད་ན། རབ་འབྱོར་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་གང་ཡིན་པ་དང་། རྟགས་གང་ཡིན་པ་དང་། མཚན་

མ་གང་ཡིན་པ་དེ་དག་ཀྱང་དེ་ལ་མེད་ལ། མིང་བསྟན་པ་དེས་ཀྱང་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་རློམ་སེམས་སུ་བྱེད། འཕྱ་བར་བྱེད། སྟིང་བར་བྱེད། ཁྱད་དུ་གསོད་པར་བྱེད་ཅིང་། སྨོད་པར་བྱེད་པའི་ཕྱིར་ཏེ། རབ་འབྱོར་མིང་བསྟན་པ་དེ་

Vol. 30 · folio 229b

ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱིས་བརླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་གི་བྱིན་གྱིས་བརླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་

ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པས། ཕུང་པོའི་བདུད་མི་ཤེས་ཏེ། གཟུགས་མི་ཤེས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་པའི་ཕྱིར་ཏེ། དེ་ལ་བདུད་སྡིག་ཅན་མིང་གི་བྱིན་གྱིས་

བརླབས་ཀྱིས་ལུང་སྟོན་པར་འགྱུར་ཏེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་མིང་འདི་སྐད་ཅེས་བྱ་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མིང་གང་རྗེས་སུ་བརྟག་པ་དང་། རྗེས་སུ་དཔྱད་པ་

དེ་ཉིད་རྗོད་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་འཆལ་བའི་རང་བཞིན་ཅན། ཐབས་ལ་མི་མཁས་པ་དེ་འདི་སྙམ་དུ་བདག་གིས་མིང་གང་ཡིན་གྱི་རྗེས་སུ་བརྟགས་ཤིང་། རྗེས་སུ་དཔྱད་པ་དེ་ཉིད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་དུ་འགྱུར་རོ་སྙམ་ནས། ཇི་ལྟ་ཇི་ལྟར་བདུད་སྡིག་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷའམ། བདུད་ཀྱི་བྱིན་གྱིས་བརླབས་པའི་དགེ་སློང་དག་གིས་བསྟན་པ་ན། དེ་འདི་སྙམ་དུ་ཇི་ལྟར་བདག་གིས་སེམས་བསྐྱེད་པ་འབྱུང་བ་

དང་། བདག་གི་མིང་ཇི་ལྟ་བ་བཞིན་དུ་དགེ་སློང་འདི་བསྟན་ཏེ། མིང་དང་། མིང་དུ་འཐུན་པས་ན། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ་སྙམ་དུ་

སེམས་ལ། རབ་འབྱོར་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་། རྟགས་དང་། མཚན་མ་བསྟན་པ་གང་ཡིན་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མེད་ཅིང་། རྣམ་པ་དང་། རྟགས་དང་། མཚན་མ་དེ་

Vol. 30 · folio 230a

དག་དང་ཡང་བྲལ་ལ་མིང་བསྟན་པ་དེས་ཀྱང་། ང་རྒྱལ་སྐྱེད་ཅིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་རློམ་སེམས་སུ་བྱེད། བརྙས་པར་བྱེད་ན། དེ་རློམ་སེམས་དང་བརྙས་པ་དང་། ཁྱད་དུ་གསོད་པ་དེས། བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ལས་རིང་དུ་འགྱུར་རོ། །དེ་ལྟར་ཐབས་ལ་མཁས་པ་དང་བྲལ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དང་། དགེ་བའི་བཤེས་གཉེན་དང་བྲལ་བ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དེའི་ས་ནི་རྣམ་པ་གཉིས་སུ་ཤེས་

པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའོ། །ཡང་ན་ཤིན་ཏུ་ཡུན་རིང་པོར་འཁྱམས་ཤིང་འཁོར་བར་འཁོར་འཁོར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་

བར་འགྱུར་རོ། །དེ་གལ་ཏེ་དགའ་བ་དང་། ཡིད་རངས་པས་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་ལ་ལྟ་བ་རྙེད་ཅིང་དེ་ལ་བསྙེན་བཀུར་བྱེད་པར་འགྱུར་ཡང་། གལ་ཏེ་དེའི་ལུས་རྙེད་པ་དེས་སེམས་བསྐྱེད་པ་སྔ་མ་དེ་དག་ལ་སྨོད་པར་མི་བྱེད་ཅིང་། འཆག་པར་མི་བྱེད་ན། དེའི་ས་

ཡང་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགེ་སློང་ཞིག་ལ་ལྟུང་བའི་རྩ་བ་བཞི་པོ་དག་ལས་གང་ཡང་རུང་བ་ཞིག་བྱུང་ན། དགེ་སྦྱོང་མ་ཡིན། ཤཱཀྱའི་སྲས་མ་ཡིན་ཏེ། དེ་ནི་ལུས་དེ་

ཉིད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་པོ་གང་ཡང་རུང་བ་དག་འཐོབ་པའི་སྐལ་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པས་སེམས་བསྐྱེད་ཅིང་། མིང་ཙམ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་གཞན་

དག་ལ་རློམ་སེམས་སུ་བྱེད་ལ། བརྙས་པར་བྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེ་བས་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་ལྟུང་བའི་རྩ་བ་ལྕི་བ་བཞི་ལྟ་ཞོག་གི །བྱང་ཆུབ་སེམས་དཔའི་མིང་བསྟན་པ་ཙམ་གྱིས། རློམ་སེམས་དང་ལྡན་པས་

Vol. 30 · folio 230b

སེམས་བསྐྱེད་པ་དེ་ནི། མཚམས་མེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་ཡིན་ཏེ། སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་མིང་བསྟན་པས་བདུད་ཀྱི་ལས་ཕྲ་མོ་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པའི་ཡོན་ཏན་དག་རྗོད་ཅིང་འོང་བར་འགྱུར་ཏེ། འོངས་ནས་ཀྱང་འདི་སྐད་དུ། དེ་བཞིན་གཤེགས་པ་ནི་དབེན་པའི་ཡོན་ཏན་དག་གསུང་བའོ་ཞེས་ཟེར་ཏེ། རབ་འབྱོར་ང་ནི་འདི་ལྟ་སྟེ། དགོན་པ་དང་། ནགས་འདབ་དང་། བས་

མཐའི་གནས་མལ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་ཡིན་པར་མི་སྨྲའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་མལ་དག་དབེན་པ་མ་ལགས་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་གང་ཞིག་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ཇི་ལྟ་བུ་ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཉན་ཐོས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་དབེན་ཞིང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་དབེན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་ཡིན་ཏེ། དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་མལ་དག་ཏུ་གནས་

པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་མ་ཡིན་གྱི། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་སྟེ། ངས་རྗེས་སུ་གནང་བ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་འདིས་ཉིན་མཚན་དུ་གནས་པ་ནི།

དབེན་པ་ཉིད་དུ་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་དབེན་པ་འདི་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་མལ་རྣམས་སུ་གནས་པ་ནི་དབེན་པ་ཉིད་དུ་གནས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་

Vol. 30 · folio 231a

དཔའ་སེམས་དཔའ་ཆེན་པོ་དབེན་པ་འདིས། གྲོང་འདབ་ཏུ་གནས་ན་ཡང་དབེན་པ་ཉིད་དུ་གནས་པ་ཡིན་ནོ། །རབ་འབྱོར་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་རྗེས་སུ་གནང་བ་གང་ཡིན་པ་དེ་ལ། བདུད་སྡིག་ཅན་གྱིས་དགོན་པ་དང་། ནགས་

འདབ་དང་། བས་མཐའི་གནས་མལ་རྣམས་སུ་གནས་པར་བྱའོ་ཞེས་སྟོན་པར་བྱེད་དོ། །དེ་དབེན་པ་དེས་ཉན་ཐོས་དང་ལྡན་པ་ཡིད་ལ་བྱེད་པ་དང་། རང་སངས་རྒྱས་དང་ལྡན་པ་ཡིད་ལ་བྱེད་པ་དང་འདྲེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་བརྩོན་ཞིང་། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་དེ་ལྟ་དེ་ཡིད་ལ་བྱེད་པ་ཡོངས་སུ་མ་དག་པར་གནས་པ་དེས་གནས་ཤིང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གྲོང་འདབ་ན་གནས་ཤིང་སེམས་དང་། ཡིད་ལ་བྱེད་པ་ཡོངས་སུ་

དག་པ། ཉན་ཐོས་ཀྱི་སེམས་དང་མ་འདྲེས་པ། རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པ། དེ་ལས་གཞན་པའི་སྡིག་པའི་སེམས་བསྐྱེད་པ་དག་དང་། མ་འདྲེས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་

ཤེས་པ་དང་། ཡོངས་སུ་ཤེས་པ་དག་ཡོངས་སུ་རྫོགས་པར་གྱུར་པ་དེ་དག་ལ་རློམ་སེམས་སུ་བྱེད་དོ། །གཞན་ཡང་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། འབྲོག་དགོན་པ་དཔག་ཚད་བརྒྱ་པ། གདུག་པ་དང་། རི་དགས་དང་། བྱ་དག་མེད་པ།

ཆོམ་རྐུན་གྱི་གནོད་པ་དག་མེད་པ། སྲིན་པོ་རྒྱུ་བའི་ལམ་གྱི་མངོན་སུམ་དུ་བབ་པ་མ་ཡིན་པ། དེ་ལྟ་བུའི་ནང་དུ་ལོའམ། ལོ་བརྒྱའམ། ལོ་སྟོང་ངམ། ལོ་འབུམ་འམ། ལོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འམ། དེ་བས་ཀྱང་ལྷག་པར་གནས་སུ་ཟིན་ཀྱང་། དབེན་པ་གང་གིས་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་ཤིང་། གནས་པའི་དབེན་པ་དེ་མི་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདྲེས་པ་ཉིད་དུ་གནས་པ་ཡིན་ཏེ། དབེན་པ་དེ་ལ་ཆགས་ཤིང་ཞེན་པར་གནས་པས་ཀུན་ནས་ཉོན་མོངས་

Vol. 30 · folio 231b

པ་ཅན་ཉིད་ཡིན་ཞིང་། དེས་དེ་ཙམ་གྱི་ངའི་སེམས་རངས་པར་བྱེད་པ་མ་ཡིན་ཏེ། ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དབེན་པ་བཤད་པ་གང་ཡིན་པའི་དབེན་པ་དེ་དང་དེ་མི་ལྡན་ཞིང་། དེ་ནི་དབེན་པ་དེ་ལ་མི་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དབེན་

པ་དེས་མི་གནས་པའི་ཕྱིར་རོ། །དེའི་དྲུང་དུ་བདུད་སྡིག་ཅན་འོངས་ཤིང་། སྟེང་གི་བར་སྣང་ལ་འདུག་ནས། འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །འདི་ནི་དེ་བཞིན་གཤེགས་པས་བསྟན་པའི་དབེན་པ་མ་ནོར་བ་ཡིན་གྱི། ཁྱོད་དབེན་པ་འདི་ཉིད་དུ་འདུག་ཤིག་དང་། ཁྱོད་

མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྨྲས་པ་དང་། དེ་དབེན་པ་དེ་བས་ཀྱང་དབེན་པ་གཅེས་པར་སེམས་ཤིང་དེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་རྣམས་དང་དེ་བཞིན་དུ་སྦྱར་ཏེ། དགེ་བའི་ཆོས་ཅན་གཞན་

དག་ལ་ཚེ་དང་ལྡན་པ་འདི་དག་ནི་འདྲེས་པར་གནས་པས་གནས་པ་ཡིན་ནོ་ཞེས་རློམ་སེམས་སུ་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དབེན་པའི་གནས་པས་གནས་པ་དེ་དག་ལ་འདྲེས་པར་གནས་པས་སྐུལ་བར་བྱེད། རློམ་སེམས་སུ་བྱེད་དེ། གང་

དག་འདྲེས་པར་གནས་པས་གནས་པ་དེ་དག་ནི་དབེན་པར་གནས་པས་སྤྱོད་པ་མ་ཡིན་ནོ་ཞེས་ཟེར་ཞིང་། གང་ལ་ཞེས་བསྐྱེད་པར་བྱ་བ་དེ་དག་ལ་ཞེས་སྐྱེད་པར་མི་བྱེད་ཅིང་། དེ་ལ་ང་རྒྱལ་སྐྱེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་གནས་པ་གང་གིས་གནས་པའི་གནས་

པ་འདི་ནི། ཡང་དག་པ་ཉིད་ཡིན་པས་ན། བདག་ལ་མི་མ་ཡིན་རྣམས་སྐུལ་བར་བྱེད་ཅིང་། བདག་ལ་མི་མ་ཡིན་པ་རྣམས་དྲན་པར་བྱེད་ཀྱི། གྲོང་འདབ་ན་གནས་པ་དག་ལྟ་ལ་སུ་ཞིག་སྐུལ་ཞིང་། དྲན་པར་བྱེད་པར་འགྱུར་སྙམ་དུ་སེམས་པའི་ཕྱིར་ཏེ། བྱང་ཆུབ་སེམས་

དཔའ་དེ་ནི་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གཞན་དག་ལ་རློམ་སེམས་སུ་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

Vol. 30 · folio 232a

ལྟར་བཅོས་པ་ཡིན་པར་རིག་པར་བྱའོ། །ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་པར་རིག་པར་བྱའོ། །དགེ་སྦྱོང་གི་ཆ་བྱད་ཀྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་རྐུན་པོ་ཡིན་པར་རིག་པར་བྱའོ། །བྱང་

ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་རྣམས་ཀྱི་ཆོམ་རྐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟ་བུའི་རང་བཞིན་ཅན་གྱི་གང་ཟག་ནི་བསྙེན་པར་མི་བྱ། བསྟེན་པར་མི་བྱ། བསྙེན་བཀུར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་དེ་ལྟ་བུ་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་

པར་བྱ་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མ་བཏང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་

པའི་བསམ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟ་བུའི་རང་བཞིན་ཅན་གྱི་གང་ཟག་དག་ལ་བསྙེན་པར་མི་བྱ།

བསྟེན་པར་མི་བྱ། བསྙེན་བཀུར་མི་བྱ་སྟེ། གཞན་དུ་ན་རྟག་ཏུ་འཁོར་བས་ཡིད་བྱུང་བ་དང་། ཡིད་དངས་པ་དང་། ཁམས་གསུམ་དང་། མ་འདྲེས་པས་རང་གི་དོན་སྦྱར་བ་ལ་རྗེས་སུ་བརྩོན་པར་བྱའོ། །དེ་ཉིད་ལ་ཡང་བྱམས་པའི་སེམས་བསྐྱེད་པར་བྱའོ། །དེ་ཉིད་ལ་ཡང་

སྙིང་བརྩེ་བ་དང་སྙིང་རྗེ་བསྐྱེད་པར་བྱའོ། དགའ་བ་དང་བཏང་སྙོམས་བསྐྱེད་པར་བྱའོ། །ཅི་ནས་ཀྱང་བདག་ལ་སྐྱོན་དེ་ལྟ་བུ་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འབྱུང་བར་མི་འགྱུར་ཞིང་། སྐྱེ་བར་མི་འགྱུར་བ་དེ་ལྟར་བྱའོ། །གལ་ཏེ་བྱུང་ན་ཡང་མྱུར་བ་ཉིད་

དུ་སྤང་བར་བྱའོ་ཞེས་བསླབ་པར་བྱ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གི་མངོན་པར་ཤེས་པས་རྟུལ་བ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་

Vol. 30 · folio 232b

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དག་གང་ལགས་པར་རིག་པར་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སངས་

རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །

རབ་འབྱོར་ཉན་ཐོས་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྨྲ་བ་དང་། རྗོད་པ་དང་། སྟོན་པ་དང་། འདོགས་པ་དང་། འགོད་པ་དང་། རྣམ་པར་འབྱེད་པ་དང་།

རྣམ་པར་འགྲེལ་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པར་བྱེད་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །

དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྟོན་པ་ཡིན་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་དུ་རིག་པར་

Vol. 30 · folio 233a

བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་གསལ་ལོ། བློའོ། །ཤེས་པའོ། །ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱོབ་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །

ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ནི་བག་ཆགས་དང་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་

ཅད་སྤང་བར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན། བྱུང་བར་གྱུར་པའི་སངས་རྒྱས་བཅོམ་

ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་པ་ཡིན་ལ། རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་

འདས་དེ་དག་གི་ཡང་ཡབ་དང་། ཡུམ་དུ་འགྱུར་བ་ཡིན་ཞིང་། རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་

ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱ་བར་འདོད་པས། བསྡུ་བའི་

Vol. 30 · folio 233b

དངོས་པོ་བཞི་པོ་དག་གིས་སེམས་ཅན་རྣམས་ཡང་དག་པར་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པ་རྣམས་སོ། །རབ་འབྱོར་ངས་དོན་གྱི་དབང་འདི་མཐོང་བས་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་

ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་དང་། ཕ་དང་མ་དང་། གནས་དང་སྐྱོབ་པ་དང་། གླིང་དང་སྐྱབས་དང་དཔུང་གཉེན་ཡིན་ནོ་ཞེས་སྨྲའོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བར་འདོད་པ་དང་། གཞན་གྱི་དྲིང་མི་འཇོག་པར་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་

བར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བསླབ་པར་བྱ་བའི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་

པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཡང་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཀྱང་མཆིས་པར་འགྱུར་བའི་རྣམ་གྲངས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་

Vol. 30 · folio 234a

ཉིད་ཀྱིས་ཆོས་ཐམས་ཅད་ཀྱང་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་ལ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རབ་འབྱོར་རྣམ་གྲངས་དེས་ན་མཚན་ཉིད་གང་གིས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས། ཆོས་ཐམས་ཅད་ཀྱང་ཡོད་པ་ཡིན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དབེན་པའི་མཚན་ཉིད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པ་ལགས་ལ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཇི་ལྟར་མཆིས་པར་གྱུར་ལགས།

བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་། རྣམ་པར་བྱང་བར་མི་འགྱུར་ལ། སྟོང་པ་ཉིད་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་། རྣམ་པར་བྱང་བར་མི་འགྱུར་ལགས་པས། དབེན་པ་དང་། སྟོང་པ་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལགས་ཏེ། དབེན་པས་ཀྱང་སྟོང་པ་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ཡང་དམིགས་པར་མི་འགྱུར་ལ། སྟོང་པ་ཉིད་ཀྱིས་ཀྱང་དབེན་པ་ལ། བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱ་བའི་ཆོས་གང་ཡང་དམིགས་པར་མི་འགྱུར་ལགས་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་འདིའི་དོན་ཇི་ལྟར་རྟོག་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་

འདི་ཇི་སྙམ་དུ་སེམས། སེམས་ཅན་འདི་དག་ཡུན་རིང་པོ་ནས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སྤྱོད་སྤྱོད་པ་ཡིན་སྙམའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟར་ལགས་ཏེ། སེམས་ཅན་འདི་

Vol. 30 · folio 234b

དག་ནི་ཡུན་རིང་པོ་ནས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སྤྱོད་སྤྱོད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་དབེན་པ་ཡིན་ཞིང་། ངར་འཛིན་པ་དང་། ངར་ཡིར་

འཛིན་པ་དག་སྟོང་པ་ཡིན་སྙམའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དབེན་པ་ལགས་སོ། །བདེ་བར་གཤེགས་པ་སྟོང་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ངར་འཛིན་པ་དང་། ངར་ཡིར་

འཛིན་པའི་སེམས་ཅན་རྣམས་འཕྱན་ཞིང་འཁོར་སྙམའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟར་ལགས་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པའི་སེམས་ཅན་རྣམས་འཕྱན་ཞིང་འཁོར་ལགས་

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན། འཁོར་བ་ན་འཁོར་ཞིང་འཕྱན་པའི་སེམས་ཅན་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཡང་ཡོད་པ་ཡིན་ནོ། །རབ་འབྱོར་གང་ལ་ངར་འཛིན་པ་མེད་པ་དང་། ངར་ཡིར་འཛིན་པ་མེད་པ་དེ་ལ་འཛིན་པ་མེད་

དེ་སེམས་ཅན་དེ་དག་ནི་འཁོར་བར་མི་འཕྱན་ཞིང་མི་འཁོར་རོ། །གང་ལ་འཁོར་བར་འཕྱན་པ་མེད་པ་དང་། འཁོར་བ་མེད་པ་དེ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད་དེ། རབ་འབྱོར་དེ་ལྟར་ན་རྣམ་པར་བྱང་བ་ཡང་ཡོད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།

བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་མི་སྤྱོད་ལགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་

སྤྱོད་ལགས་སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་ལ་མི་སྤྱོད་ལགས་སོ། །སོ་སོ་ཡང་དག་པར་རིག་པ་བཞིའི་བར་ལ་མི་སྤྱོད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གང་སྤྱོད་པའམ། གང་གིས་སྤྱོད་པའམ། གང་ལ་སྤྱོད་པར་བགྱི་བའི་ཆོས་

Vol. 30 · folio 235a

དེ་དག་ཐམས་ཅད་དམིགས་སུ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་ཐུལ་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་

སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ནི་ཟིལ་གྱིས་ནོན་པའི་གནས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་གནས་པའི་

སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པས། གནས་པ་ནི་ཟིལ་གྱིས་ནོན་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་པར་གྱུར་ལ། མིའི་ལུས་ཐོབ་ནས་ཀྱང་། བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ནས། དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱེད་དེ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་།

ཡོ་བྱད་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་

མང་དུ་སྐྱེད་པར་འགྱུར་སྙམའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་

Vol. 30 · folio 235b

ལྡན་པའི་ཡིད་ལ་བྱེད་པས། གནས་ཤིང་གཞན་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པར་བྱེད། སྟོན་པར་བྱེད། འདོགས་པར་བྱེད། འགོད་པར་བྱེད། རྣམ་པར་འགྲེལ་པར་བྱེད། རྣམ་པར་འབྱེད་པར་བྱེད། གསལ་བར་བྱེད་ཅིང་། ཡང་དག་པར་རབ་ཏུ་སྟོན་པར་

བྱེད་པ་དེ། ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཅི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དེ་

དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ཅིང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་དེ་བཞིན་དུ་སྦྱར་ཏེ། རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བཀོད་ཅིང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམའམ། རབ་འབྱོར་

གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ཤིང་

གཞན་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཆད་པར་བྱེད། སྟོན་པར་བྱེད། འདོགས་པར་བྱེད། འགོད་པར་བྱེད། རྣམ་པར་འགྲེལ་པར་བྱེད། རྣམ་པར་འབྱེད་པར་བྱེད། གསལ་བར་བྱེད་ཅིང་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དེ། ཆེས་བསོད་ནམས་མང་དུ་

སྐྱེད་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར། བྱང་ཆུབ་སེམས་

Vol. 30 · folio 236a

དཔའ་སེམས་དཔའ་ཆེན་པོ་གནས་པ་ཇི་ལྟ་བ་དེ་ལྟ་བུའི་སེམས་ཅན་གང་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱམས་པ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་ཅིང་། དེ་དག་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་ཅན་ཐམས་ཅད་གསད་པར་གྱུར་པ་ལྟ་བུར་ཡང་དག་པར་རྗེས་སུ་མཐོང་ནས། དེ་དག་སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་དེ། དེ་དག་གནས་པ་དེས་གནས་ཤིང་། དགའ་བས་རབ་ཏུ་དགའ་བར་བྱེད་ཅིང་། དེ་དག་དགའ་བ་ཆེན་

པོ་མངོན་པར་སྒྲུབ་པར་བྱེད་ཀྱང་། དེ་དག་མཚན་མ་དེ་དང་ལྷན་ཅིག་མི་གནས་པར་དེ་དག་བཏང་སྙོམས་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་སྣང་བ་ཆེན་པོ་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་སྣང་བ་དང་། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བ་ཡིན་ནོ། །རིགས་ཀྱི་བུ་དེ་དག་ནི་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་

པ་ཡང་ཡིན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་གོ། །གང་གིས་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་ན་བའི་གསོས་སྨན་དང་། ཡོ་བྱད་དག་ཡོངས་སུ་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་

པས་གནས་ལ། སྦྱིན་པ་པོ་དང་། སྦྱིན་བདག་རྣམས་ཀྱི་སྦྱིན་པ་དེ་དག་ཡོངས་སུ་སྦྱོང་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པས་ན། དེའི་ཡོ་བྱད་དེ་དག་ནི་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་སྤྱོད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ལམ་ཉེ་བར་སྟོན་པར་འདོད་པ་དང་། སྣང་བ་ཆེན་པོ་བྱེད་པར་འདོད་པ་དང་། སེམས་ཅན་བཅིངས་པར་གྱུར་པ་རྣམས་ཡོངས་སུ་དགྲོལ་བར་འདོད་

Vol. 30 · folio 236b

པ་དང་། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཤེས་རབ་ཀྱི་མིག་ཉེ་བར་སྟོན་པར་འདོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གནས་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་

པའི་ཡིད་ལ་བྱེད་པ་དེ་དག་གིས་ཡིད་ལ་བྱེད་ཅིང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་གིས་ཡིད་ལ་བྱེད་ན་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཉིད་ཀྱི་གཏམ་ཡང་བརྗོད་པར་བྱའོ། །དེས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཉིད་ཀྱི་གཏམ་བརྗོད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཉིད་ཀྱི་ཡིད་ལ་བྱེད་པ་དག་གིས་ཡིད་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཉིད་ཀྱིས་ཡིད་ལ་བྱེད་པས་གནས་པ་དེས་ཡིད་ལ་བྱེད་པ་གཞན་དག་གི་གོ་སྐབས་མི་

དབྱེ་བར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་ཡིད་ལ་བྱེད་པ་དེ་དག་གི་བརྩོན་པ་མི་བཏང་བར་ཉིན་མཚན་དུ་གནས་པར་བྱེད་པ་དེ་ལྟར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྔོན་ཆད་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བའི་མི་ཞིག་ཡོད་ལ། དེས་དུས་གཞན་ཞིག་ན་ནོར་བུ་རིན་པོ་

ཆེ་རྙེད་པར་གྱུར་ཏེ་དེས་ནོར་བུ་རིན་པོ་ཆེ་དེ་རྙེད་པས། དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཡིད་བདེ་བ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པ་ལས་དེས་ནོར་བུ་རིན་པོ་ཆེ་དེ་རྙེད་མ་ཐག་ཏུ་སྟོར་བར་གྱུར་ན། དེ་གཞི་དེ་ལས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེ་

རྟག་ཏུ་རྒྱུན་མི་འཆད་པར། ཨེ་མའོ་ཀྱི་ཧུད་བདག་ནི་ནོར་བུ་རིན་པོ་ཆེ་དེ་དང་བྲལ་བར་གྱུར་ཏོ་སྙམ་དུ་ནོར་བུ་རིན་པོ་ཆེ་དང་ལྡན་པའི་ཡིད་ལ་བྱེད་པ་ཤ་སྟག་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་འདི་ནི་རིན་པོ་ཆེ་ཡིན་ནོ་སྙམ་དུ་བསམ་

ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མི་འབྲལ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡིད་ལ་བགྱིད་པ་ཐམས་ཅད་ནི་རང་བཞིན་དང་བྲལ་བ་

Vol. 30 · folio 237a

ལགས་ལ། ཡིད་ལ་བགྱིད་པ་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བགྱིད་པ་དག་དང་མ་བྲལ་བ་གྱུར་པ་ལགས། བྲལ་བ་

ལ་ནི་བྱང་ཆུབ་སེམས་དཔའ་དང་ཡིད་ལ་བགྱིད་པ་དག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དམིགས་སུ་མ་མཆིས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་དང་བྲལ་བ་སྟེ། དེ་དག་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མ་མཛད་དེ། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་།

ཆོས་སྐྱོན་མེད་པ་ཉིད་དང་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་གནས་པ་ཉིད་ཡིན་ནོ། །ཞེས་བྱ་བར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དབེན་ཞིང་། རང་བཞིན་གྱིས་སྟོང་པ་ཡིན་པས་ན། དེ་ལ་རྣམ་པར་འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་པ་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། གལ་ཏེ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་། རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྒྲུབ་པར་བགྱིས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ཀྱང་། རྣམ་པར་འཕེལ་བའམ། ཡོངས་སུ་

Vol. 30 · folio 237b

འགྲིབ་པ་མེད་དེ། ཡང་དག་པའི་མཐའ་ལ་ཡང་རྣམ་པར་འཕེལ་བའམ། ཡོངས་སུ་འགྲིབ་པ་མེད་ལ། ཆོས་ཀྱི་དབྱིངས་ལ་ཡང་རྣམ་པར་འཕེལ་བའམ། ཡོངས་སུ་འགྲིབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཅིག་ཀྱང་

མ་ཡིན་ལ་གཉིས་ཀྱང་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་དེ་ལྟར་བསྟན་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོང་། མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་

ལ་གནས་ཤིང་མཐར་ཐུག་པར་འགྲོ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། ཡ་མ་བརླ་ཉིད་དང་། སྙིང་པོ་མ་མཆིས་པ་གང་ལགས་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ།

བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་འགའ་ཡང་དམིགས་སུ་མཆིས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཀའ་སྩལ་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སྟོང་

པ་ཉིད་ལས་གཞན་པ་ཞིག་སྟོང་པ་ཉིད་ལ་སྤྱོད་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་

Vol. 30 · folio 238a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞིའི་

བར་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། ཡ་མ་བརླ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་།

མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཀའ་སྩལ་པ། རབ་

འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་མི་འཇིགས་པ་བཞིའི་བར་གྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། ཡ་མ་བརླ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཀའ་

སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་

ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་སྙམ་མམ།

གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་གང་ལ་བྱང་ཆུབ་སེམས་དཔས་སྤྱད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་

Vol. 30 · folio 238b

ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཁྱོད་ཀྱིས་གང་ཡང་དག་པར་རྗེས་སུ་མ་མཐོང་བའི་ཆོས་དེ་ལ་ཆོས་འགའ་ཞིག་དམིགས་སུ་ཡོད་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་

སེམས། ཆོས་གང་དམིགས་སུ་མེད་པ་དེ་ལ་སྐྱེ་བའམ་འགག་པར་འགྱུར་པ་ཡོད་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ཏེ། རབ་

འབྱོར་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །རབ་འབྱོར་འདི་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བསྒྲུབས་ཅིང་དེ་ལྟར་སྤྱོད་པ་དང་། དེ་ལྟར་འབད་ཅིང་དེ་ལྟར་རྩོལ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་དང་། ཡེ་ཤེས་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་མི་འགྱུར་བ་དེ་ནི་གནས་

མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ན། འདི་ལྟར་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ལ་གཞོལ་བར་འགྱུར་བའི་ཕྱིར་རོ། །

དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྐྱེ་བའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་

པར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་

Vol. 30 · folio 239a

འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་བ། བཅོམ་ལྡན་འདས་གལ་ཏེ་སྐྱེ་བའི་སླད་དུ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མི་འགྱུར་

ལ། སྐྱེ་བ་མ་མཆིས་པའི་སླད་དུ་ཡང་མ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་

ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་

ལྡན་འདས་བདག་གིས་ནི་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ལ། བཅོམ་ལྡན་འདས་བདག་གིས་ནི་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་

མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པ་ནི་འདི་སྙམ་དུ་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འདིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འདི་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་

ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་རྣམ་པར་རྟོག་པ། དེ་དག་ཐམས་ཅད་དུ་མི་འབྱུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་

Vol. 30 · folio 239b

ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། རྣམ་པར་རྟོག་པ་སྤང་བར་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་ལྔའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་གཅིག་པ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་

གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་དབེན་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེས་སྤྱོད་པ་མ་ལགས་པ། ཞིབ་མོ་

བརྟགས་པའི་མཁས་པ་དང་མཛངས་པས་རིག་པར་བགྱི་བའི་བར་དག་ལགས་ཏེ། བཅོམ་ལྡན་འདས་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བགྱིད་

ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་དག་གི་སྐབས་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ངན་དོན་དང་ལྡན་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་

དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་

རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་དག་གི་སྐབས་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ངན་དོན་དང་ལྡན་པ་མ་ཡིན་ནོ། །ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་

པར་གྱུར་ཅིང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པར་གྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་།

Vol. 30 · folio 240a

ཀུན་ཆུབ་པར་བྱེད་ལ་བཟུང་ཞིང་བཅངས་ལ། བླང་བར་བྱེད་ནས་ཀྱང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ན། ཀཽ་ཤི་ཀ་དགེ་བའི་རྩ་བ་དེ་ལ་དགེ་བའི་རྩ་བ་སྔ་མ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆར་

ཡང་ཉེ་བར་མི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ནས་དགེ་སློང་ཞིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གཡེང་བ་མེད་པའི་སེམས་ཀྱིས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་ཞིང་ཀློག་ལ་ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་དག་གི་སྐབས་མི་འབྱེད་

པ། དེ་དག་གིས་ནི་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་པ་དང་། བསམ་གཏན་བཞི་དང་ལྡན་པ་དང་། ཚད་མེད་པ་བཞི་དང་ལྡན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ་དང་། མངོན་པར་ཤིས་པ་ལྔ་དང་ལྡན་

པ་དེ་དག་ཟིལ་གྱིས་ནོན་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་བསྐྱེད་པ་གཅིག་གིས་ཀྱང་འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་

ལམ་དང་ལྡན་པ་དང་། བསམ་གཏན་བཞི་དང་ལྡན་པ་དང་། ཚད་མེད་པ་བཞི་དང་ལྡན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཟིལ་གྱིས་ནོན་ན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་

འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། བཟུང་ཞིང་བཅངས་ལ་ཀླག་ཤིང་། ཀུན་ཆུབ་པར་བྱེད་ནས་ཀྱང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་

Vol. 30 · folio 240b

གྱིས་ནོན་པར་འགྱུར་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་ནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་

རྟེན་ཉི་ཚེ་ཟིལ་གྱིས་ནོན་པར་འགྱུར་བ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་ནོན་པར་

འགྱུར་རོ། །རྒྱུན་དུ་ཞུགས་པ་རྣམས་དང་། རང་སངས་རྒྱས་ཀྱི་བར་དག་ཉི་ཚེར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་དང་མི་ལྡན་ཞིང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་ནོན་པར་འགྱུར་རོ། །གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཉི་ཚེར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

གང་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་དང་མི་ལྡན་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་དག་ཀྱང་ཟིལ་གྱིས་ནོན་པར་འགྱུར་རོ། །གང་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཉི་ཚེར་ཡང་མ་ཟད་དེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་དང་མི་ལྡན་ཞིང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དག་ཀྱང་ཟིལ་གྱིས་ནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་ནོན་པར་

Vol. 30 · folio 241a

མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གདུང་རྒྱུན་མི་འཆད་པར་བྱེད་པར་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དེ་བཞིན་གཤེགས་པ་རིང་དུ་མི་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བསྒྲུབ་པ་དེ་དག་ནི་བྱང་

ཆུབ་ཀྱི་སྙིང་པོ་ལས་ལྡོག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སེམས་ཅན་བྱིང་བ་རྣམས་འདོན་པར་འདོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་སྟེ་ཉན་ཐོས་

ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཀྱང་འགྲོ་བར་སེམས་ཤིང་འོངས་ནས་ཀྱང་འདི་སྐད་དུ་སྐྱེན་པར་སློབས་ཤིག །མྱུར་དུ་སློབས་

ཤིག་ལྷུང་བཟེད་བཞི་པོ་འདི་དག་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བཞེས་པ་ཡིན་པས་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་

རྒྱས་ནས་ཀྱང་བླང་བར་བྱ་བ་ཡིན་ནོ། །ཞེས་སྨྲ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཀྱང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །

ཁོ་བོ་ཡང་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་བུ་རབ་འཐབ་བྲལ་ཡང་། འཐབ་བྲལ་བའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་བུ་ཡོངས་སུ་དགའ་ལྡན་ཡང་དགའ་ལྡན་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་

Vol. 30 · folio 241b

སེམས་སོ། །དེ་བཞིན་དུ་ལྷའི་བུ་རབ་འཕྲུལ་དགའ་དང་། ལྷའི་བུ་དབང་སྒྱུར་དང་མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །དེ་བཞིན་དུ་ལྷའི་བུ་འོད་གསལ་ཡང་འོད་གསལ་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་

བར་སེམས་སོ། །དེ་བཞིན་དུ་དགེ་རྒྱས་དང་། འབྲས་བུ་ཆེ་དང་། མི་ཆེ་དང་། མི་གདུང་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱང་འགྲོ་བར་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ལ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་རྟག་ཏུ་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་

པ་དེའི་ལུས་ལ་ནི། འཇིག་རྟེན་པའི་སྡུག་བསྔལ་གཞན་གྱིས་གནོད་པར་བྱ་བ་གང་ཇི་སྙེད་ཅིག་ལུས་ལ་འབྱུང་བར་འགྱུར་བ་དེ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་འབྱུང་བར་མི་འགྱུར་རོ། །དགེ་སློང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེའི་ཚེ་འདིའི་ཡོན་ཏན་ཡིན་ནོ། །དེའི་ལུས་ལ་འདུས་པ་ལས་གྱུར་པའི་ནད་གང་ཇི་སྙེད་པ་འདི་ལྟ་སྟེ། མིག་ནད་དང་། རྣ་བའི་ནད་དང་། སྣ་ནད་དང་། ལྕེ་ནད་དང་། སོ་ནད་དང་། ལུས་ཀྱི་ནད་དང་། སེམས་ཀྱི་ནད་གང་ཇི་སྙེད་པ་

དེ་དག་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། ཅི་ལྷའི་

དབང་པོ་བརྒྱ་བྱིན་འདི་དག་རང་གི་སྤོབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ཚེ་དང་ལྡན་པ་ཀུན་

Vol. 30 · folio 242a

དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་ལྟར་ཁོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་སངས་རྒྱས་ཀྱི་མཐུས་ཡིན་པ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་

སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟར་ལྷའི་དབང་པོ་བརྒྱ་བྱིན་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུས་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་ཡིན་ནོ། །ཀུན་དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་དེ་དག་ཐམས་

ཅད་འདི་སྙམ་དུ་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་འགྱུར་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་རམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ།

ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རམ། རང་བྱང་ཆུབ་ཐོབ་པར་འགྱུར་རམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་དུ་ཐེ་ཚོམ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་

གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་གྱུར་པ་དེའི་ཚེ། བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སྤ་བཀོང་བར་བྱ་བ་དང་། སྤུ་ཟིང་ཞེས་བྱེད་པར་འགྱུར་བ་དང་། སེམས་ཞུམ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པའི་སེམས་བསྐྱེད་པ་གཅིག་ཙམ་ཡང་རྣམ་པར་གཡེང་བར་བྱ་བའི་ཕྱིར། སྐར་མདའ་གཏོང་ཞིང་འཇིགས་པ་སྐྱེད་

Vol. 30 · folio 242b

པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་ཐོ་འཚམ་པའི་བསམ་པས་མཆི་བར་འགྱུར་ལགས་སམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་ཐོ་འཚམ་པའི་བསམ་པས་འོང་བ་མ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་གི་དྲུང་དུ་ནི་བདུད་སྡིག་ཅན་

ཐོ་འཚམ་པའི་བསམ་པས་འོང་བར་འགྱུར་རོ། །ཁ་ཅིག་གི་དྲུང་དུ་ནི་འོང་བར་མི་འགྱུར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བུ་དག་གི་དྲུང་དུ་བདུད་སྡིག་ཅན་ཐོ་འཚམ་པའི་བསམ་པས་མཆི་བར་འགྱུར་

ལ། ཇི་ལྟ་བུ་དག་གི་དྲུང་དུ་ནི་མཆི་བར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན། སེམས་མོས་པར་མ་གྱུར་པ་

དེ་དག་གི་དྲུང་དུ་ནི་བདུད་སྡིག་ཅན་ཐོ་འཚམ་པའི་བསམ་པས་འོང་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་འོན་ཏེ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་གྱུར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་དྲུང་དུ་ཡང་བདུད་སྡིག་ཅན་ཐོ་འཚམ་པའི་བསམ་པས་འོང་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་

དག་དང་བྲལ་བར་གྱུར་ན། དེས་དགེ་བའི་བཤེས་གཉེན་དག་མི་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་ཐོས་སོ། །མ་ཐོས་ན་མི་ཤེས་པས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྒོམ་པར་བྱ་ཞེས་དེ་བཞིན་ཉིད་དུ་སྒྲུབ་པར་མི་བྱེད་དོ། །ཀུན་དགའ་བོ་

Vol. 30 · folio 243a

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། དམ་པ་མ་ཡིན་པའི་ཆོས་ཡོངས་སུ་འཛིན་པར་བྱེད་དེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་

པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དམ་པ་མ་ཡིན་པའི་ཆོས་ཀྱི་བསྔགས་པ་བརྗོད་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་གང་དམ་པ་མ་ཡིན་པའི་ཆོས་ཀྱི་བསྔགས་པ་བརྗོད་པ་འདི་ནི་བདག་གི་གྲོགས་ཡིན་

ཏེ། གང་དམ་པ་མ་ཡིན་པའི་ཆོས་ཀྱི་བསྔགས་པ་བརྗོད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་མང་པོ་དག་གི་ནང་ནས་བདག་གི་གྲོགས་སུ་རྙེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ཡིན་པ་དེ་དག་ཀྱང་། འདི་ལྟ་སྟེ། ས་གཉིས་པོ་ཉན་ཐོས་ཀྱི་སའམ།

རང་སངས་རྒྱས་ཀྱི་ས་དག་ལ་གནས་པར་འགྱུར་བས་ན། འདི་ནི་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་སོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བུ་དག་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་ཞེ་ན།

བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པས་ན། ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པ་དང་། བཤད་པ་དང་། གཟུང་བ་དང་། ཀླག་པ་དང་། ཀུན་ཆུབ་

པར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱས་ཏེ། ཅི་རུང་ངས་ཀྱང་ད་དུང་འདིའི་གཏིང་མ་རྙེད་ན། ཁྱོད་ཀྱིས་ལྟ་རྙེད་པར་མི་འགྱུར་ཞེས་ཟེར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་

གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་གཞན་དག་ལ་རློམ་སེམས་སུ་བྱེད་དོ། ཁོ་བོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་གྱི། ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཁོ་བོ་ནི་ཤེས་རབ་ཀྱི་ཕ་

Vol. 30 · folio 243b

རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་ཡིན་གྱི། ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་རློམ་སེམས་སུ་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བདག་ལ་བསྟོད་པར་སེམས་ན། དེའི་ཚེ་བདུད་སྡིག་ཅན་དགའ་བ་དང་། མགུ་བ་དང་། ཡིད་རངས་པ་དང་། རབ་ཏུ་དགའ་བ་དང་དགའ་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཡང་བདུད་སྡིག་ཅན་

གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའི་མིང་སྨོས་སམ། རུས་སྨོས་ཏེ། ཡོངས་སུ་བསྒྲགས་ནས་མིང་སྨོས་པའམ། རུས་སྨོས་པ་དེས་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དེས་པ་དགེ་བའི་ཆོས་ཅན་དག་ལ་རློམ་སེམས་

སུ་བྱེད་ཅིང་། བདག་སྟོད་པར་བྱེད། གཞན་སྨོད་པར་བྱེད་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་། རྟགས་དང་མཚན་མ་གང་ཡིན་པའི་ཡོན་ཏན་དེ་དག་ཀྱང་དེ་ལ་མེད་ལ། དེ་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་མེད་

བཞིན་དུ་ཉོན་མོངས་པ་སྐྱེད་ཅིང་བདག་ལ་སྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་དོ། །ཇི་ལྟར་ཁོ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་རིགས་ལ་ཡང་དག་པར་སྣང་བ་ལྟར། ཁྱོད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་

རིགས་ལ་ཡང་དག་པར་མི་སྣང་ངོ་ཞེས། དེ་དེས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་བརྙས་ཤིང་སྨོད་པར་བྱེད་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་བདག་ལ་གནས་ཀྱང་སྟོང་པར་མི་འགྱུར་ལ། སེམས་ཅན་དམྱལ་བ་ཆེན་པོ་དང་། དུད་འགྲོའི་སྐྱེ་

གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དག་ཀྱང་ཤིན་ཏུ་འཕེལ་བར་འགྱུར་རོ། །སྙམ་དུ་སེམས་ཤིང་། བདུད་སྡིག་ཅན་གྱིས་ཅི་ནས་ཀྱང་། བྱང་ཆུབ་སེམས་དཔའ་དེའི་ཚིག་གཟུང་བར་འོས་པར་འགྱུར་བ་དེ་ལྟ་དེ་ལྟར་བྱིན་གྱིས་རློབ་པར་བྱེད་

Vol. 30 · folio 244a

དོ། །དེའི་ཚིག་གཟུང་བར་འོས་པ། དེ་ལ་འགྲོ་བ་མང་པོ་དག་ཀྱང་མཉན་པར་བྱ་བར་སེམས་ཏེ། དེ་དག་གིས་དེ་ལ་མཉན་ཅིང་། དད་པར་བྱ་བར་བསམ་པས་དེ་དག་གིས་དེ་མཐོང་བ་ན་འཐུན་པར་བྱེད་དེ། དེ་དག་གིས་དེ་མཐོང་ནས་རྗེས་སུ་འཐུན་

པར་སྤྱོད་ཅིང་དེ་དག་དེ་བཞིན་ཉིད་དུ་སློབ་པར་འགྱུར་རོ། །དེ་བཞིན་ཉིད་དུ་སློབ་ཅིང་དེ་བཞིན་ཉིད་དུ་བསྒྲུབས་པས། ཉོན་མོངས་པ་འཕེལ་བར་འགྱུར་ཏེ། དེ་ལྟར་དེ་དག་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་ལུས་དང་ངག་དང་། ཡིད་ཀྱི་ལས་གང་དང་། གང་བརྩམས་པ་དེ་ཐམས་ཅད་

ཀྱང་མི་འདོད་པ་དང་། མི་སྡུག་པ་དང་། ཡིད་དུ་མི་འོང་བ་ཉིད་དུ་འགྱུར་ཏེ། དེ་ལྟར་སེམས་ཅན་དམྱལ་བ་ཆེན་པོ་དག་ཀྱང་འཕེལ་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཡང་འཕེལ་བར་འགྱུར་རོ། །བདུད་ཀྱི་

གནས་ཀྱང་འཕེལ་བར་འགྱུར་ཏེ། ཀུན་དགའ་བོ་དོན་གྱི་དབང་དེ་མཐོང་བས་ན། བདུད་སྡིག་ཅན་ཡིད་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་བའི་

གང་ཟག་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང་། ལྷན་ཅིག་རྩོད་པར་བྱེད་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ། ཨ་ལ་ལ་རིགས་ཀྱི་བུ་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པ་ཡིན་ཏེ། འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་མི་

འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཐབ་མོ་དང་། མཚང་འདྲུ་བ་དང་། འཐབ་པ་དང་། རྩོད་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་གྱི་འདི་ནི་སེམས་ཅན་དམྱལ་བའི་ལམ་ཡིན་ལ། འདི་ནི་དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་

ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་པའི་ཕྱིར་རོ་སྙམ་མོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གལ་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་དང་། འཐབ་མོ་དང་། མཚང་འདྲུ་བ་དང་།

Vol. 30 · folio 244b

འཐབ་པ་དང་རྩོད་པ་དག་བྱེད་པར་གྱུར་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་འདི་གཉིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པ་ཡིན་ཏེ། འདི་གཉིས་ཀྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་རིགས་ཀྱི་བུ་འདི་དག་རྩོམ་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡིན་གྱི། གང་རིགས་ཀྱི་བུ་འདི་དག་རྩོམ་པ་འདི་ནི་སེམས་ཅན་དམྱལ་བའི་ལམ་དང་། དུད་འགྲོའི་སྐྱེ་གནས་ཀྱི་ལམ་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་

ཡིན་པའི་ཕྱིར་རོ་སྙམ་མོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་ཞིག་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་ཀྱིས་སེམས་སྐྱེད་པར་བྱེད་ཅིང་། འཐབ་མོ་དང་། འཁྲུག་ལོང་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་

བྱེད་ལ། གལ་ཏེ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་ན། དེས་ཇི་སྙེད་དུ་འཐབ་མོ་དང་། མཚང་འདྲུ་བ་དང་། འཐབ་པ་དང་། རྩོད་པར་བྱ་བའི་སེམས་བསྐྱེད་པ་དེ་སྙེད་ཀྱི་བསྐལ་པར་དེས་གོ་ཆ་བགོ་བར་བྱ་དགོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།

བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་ལ་ངེས་པར་འབྱུང་བ་མཆིས་སམ། འོན་ཏེ་དེ་སྙེད་ཀྱི་བསྐལ་པ་ཁོ་ནར་གོ་ཆ་བགོ་བར་བགྱི་འཚལ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ངས་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ།

ཀུན་དགའ་བོ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག །བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་འཐབ་པ་དང་། རྩོད་པ་དང་ཁྲོ་བ་དང་། སྤྱོ་བར་བྱེད་ཅིང་འཐབས་ཤིང་རྩོད་ལ་ཁྲོས་ཤིང་སྤྱོས་ནས་ཀྱང་འཆགས་པར་མི་བྱེད་པར་མདུད་པར་འཛིན་ཅིང་།

Vol. 30 · folio 245a

བག་ལ་ཉལ་བས་གནས་པར་བྱེད་ན། ཀུན་དགའ་བོ་གང་ཟག་དེ་ལ་ནི་ངེས་པར་འབྱུང་བ་ཡོད་པར་ང་མི་སྨྲ་སྟེ། གང་ཟག་དེས་ནི་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་གཏོང་ན། དེ་སྙེད་ཀྱི་བསྐལ་པར་གདོན་མི་ཟ་བར་གོ་ཆ་བགོ་བར་བྱ་དགོས་སོ། །ཀུན་

དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཐབས་ཤིང་རྩོད་ལ་ཁྲོས་ཤིང་སྤྱོས་ནས་ཀྱང་འཆགས་པར་བྱེད་ཅིང་། བག་ལ་ཉལ་བས་མི་གནས་ཏེ། བདག་གིས་ནི་ཐོབ་པར་བྱ་བ་ངེས་པར་ཐོབ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་

དགོས་ན་སྨྲས་པ་ལ་བདག་གིས་ཕྱིར་སྨྲ་བ་དང་། འདི་ལྟར་བདག་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན། བདག་གཞན་ལ་མི་སྙན་པར་སྨྲ་ཞིང་ཕྱིར་ཟློག་ན་ནི་མི་ཚུལ་གྱིས་བདག་གིས་དེ་ལྟར་མི་བྱ་བར། བདག་ལུག་ལྟར་ལྐུགས་པར་བྱ་ཞིང་མི་སྨྲ་བར་བྱའོ། །

བདག་གིས་ལྷག་པའི་བསམ་པ་དཀྲུག་པར་མི་བྱ་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་ཅན་འདི་དག་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་དགོས་ན། དེ་བདག་ཉིད་ལ་བདག་གནོད་སེམས་སྐྱེད་པ་དང་། དེ་

བདག་ཉིད་ལ་བདག་འཁྲུག་པ་བྱེད་པ་ནི་མི་ཚུལ་གྱིས་བདག་གིས་དེ་དག་ལ་གནོད་སེམས་མི་སྐྱེད་ཅིང་། བདག་གིས་དེ་དག་ལ་འཁྲུག་པ་མི་བྱའོ། །ཞེས་ཕྱིན་ཅད་ཀྱང་སྡོམ་པ་འཛིན་པར་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པར་འབྱུང་

བ་དང་བཅས་པ་ཡིན་ནོ་ཞེས་ང་སྨྲ་སྟེ། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་དང་ལྷན་ཅིག་གནས་པར་མི་བྱའོ། །གལ་ཏེ་གནས་ན་ཡང་གང་

ལ་ཡང་གནོད་སེམས་ཀྱི་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས། འདི་དག་ལ་གནོད་སེམས་བསྐྱེད་པའམ། འཁྲུག་པར་བྱ་བ་ནི་བདག་ལ་རིགས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་དག་བདག་བླ་ན་མེད་པ་ཡང་དག་

Vol. 30 · folio 245b

པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱ་དགོས་པའི་ཕྱིར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་དྲུང་དུ་ཇི་ལྟར་གནས་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོན་པ་ལ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་

སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་དྲུང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཡིན་ཏེ་ཐེག་པ་གཅིག་ལ་ཞུགས་པ་ཡིན་ཞིང་འདིས་ཇི་ལྟར་བསླབ་པར་བྱ་བ་དེ་ལྟར་བདག་གིས་ཀྱང་བསླབ་པར་བྱ་དགོས་ལ། འདིས་གང་ལ་བསླབ་པར་

བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་ལ་བདག་གིས་ཀྱང་བསླབ་པར་བྱ་དགོས་པའི་ཕྱིར་རོ། །གལ་ཏེ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་བྲལ་བས་འདྲེས་པར་གནས་ན། བདག་གིས་དེ་ལ་

བསླབ་པར་མི་བྱའི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མ་བྲལ་བར་གནས་ན། བདག་གིས་ཀྱང་དེ་བཞིན་དུ་གནས་པར་བྱའོ་སྙམ་སྟེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་བསླབ་པ་མཉམ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བསླབ་པ་མཉམ་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་སྟོང་པ་ཉིད་དང་། དེ་

Vol. 30 · folio 246a

བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཡིན་ནོ། །གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་

ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་བྱང་ཆུབ་ཀྱིས་སྟོང་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཡིན་ཏེ། མཉམ་པ་ཉིད་དེ་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་

ལགས་སམ། གཟུགས་ལ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། གཟུགས་འགོག་པའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། གཟུགས་སྐྱེ་བ་མ་མཆིས་པའི་

སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞིའི་བར་དག་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་སྐྱེ་བ་

མ་མཆིས་པའི་བར་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བས་པར་བགྱི་བའི་བར་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། སྐྱེ་བ་

མ་མཆིས་པའི་བར་གྱི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། བྱང་ཆུབ་ཀྱི་བར་དུ་བས་པར་བགྱི་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། སྐྱེ་བ་མ་མཆིས་པའི་བར་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

Vol. 30 · folio 246b

ལ་སློབ་པ་ལགས་སམ། དེ་བཞིན་དུ་ཐམས་ཅད་ལ་ཡང་རྒྱ་ཆེར་སྦྱར་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ། གང་གཟུགས་ཟད་པར་བྱ་བའི་

ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནམ། སྐྱེ་བ་མེད་པའི་བར་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནམ། སྐྱེ་བ་མེད་པའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་བར་དུ་ཟད་པར་བྱ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། སྐྱེ་བ་མེད་པའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་སློབ་པ་ཡིན་ནམ། དེ་བཞིན་དུ་ཐམས་ཅད་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ་ཞེས་ཟེར་བ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་

ཉིད་དང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པའི་དེ་བཞིན་ཉིད་དེ་ལ་ཟད་པའམ། འགག་པའམ། འབྲི་བར་འགྱུར་བ་

ཡོད་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་ཅིང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ཏེ། དེ་བཞིན་ཉིད་ལ་ནི་ཟད་པའམ། འགག་པའམ། འབྲི་བར་འགྱུར་བ་ཡང་མེད་དོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་

Vol. 30 · folio 247a

པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སློབ་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པའི་སློབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུལ་བར་མི་ནུས་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་བ་ཉིད་དུ་ཕྱིར་མི་ལྡོག་པའི་རྗེས་སུ་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་རང་གི་ཕ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མུན་པ་མེད་པར་བྱེད་པའི་ཆོས་རྣམས་ལ་སྤྱོད་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་ཆོས་རྣམས་ལ་སྤྱོད་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པ་ཆེན་པོ་ལ་སློབ་པ་ཡིན། སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པར་བྱ་བའི་ཕྱིར་སློབ་པ་ཡིན། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དག་ལ་སློབ་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལན་གསུམ་དུ་བཟླས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཕྱིར་སློབ་པ་

ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་སློབ་པ་ཡིན་ནོ། །རབ་འབྱོར་འདི་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་གདུང་རྒྱུན་

Vol. 30 · folio 247b

མི་འཆད་པར་བྱ་བའི་ཕྱིར་སློབ་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཆི་བ་མེད་པའི་སྒོ་རྣམ་པར་དབྱེ་བར་བྱའོ་ཞེས་སློབ་པ་ཡིན། འདུས་མ་བྱས་ཀྱི་ཁམས་ཡང་དག་པར་བསྟེན་པར་བྱའོ། །ཞེས་སློབ་པ་ཡིན་ཏེ། རབ་འབྱོར་

སེམས་ཅན་དམན་པ་རྣམས་ཀྱིས་ནི་བསླབ་པ་འདི་ལ་སློབ་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ། དེ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་པར་འདོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེའོ། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡུལ་མཐའ་འཁོབ་རྣམས་སུ་མི་སྐྱེའོ། །གདོལ་པའི་རིགས་རྣམས་སུ་མི་སྐྱེའོ། །ཞར་བར་མི་འགྱུར། འཐེང་པོར་མི་འགྱུར། འོན་པར་མི་འགྱུར། ལྦ་བ་

ཅན་དུ་མི་འགྱུར། གཞོགས་ཕྱེད་སྐམ་པར་མི་འགྱུར། དབང་པོ་མ་ཚང་བར་མི་འགྱུར་ཏེ། དབང་པོ་ཡོངས་སུ་རྫོགས་པར་འགྱུར་ཞིང་། ཡོངས་སུ་མ་རྫོགས་པར་མི་འགྱུར་རོ། །སྲོག་གཅོད་པར་མི་འགྱུར། ལོག་པར་ལྟ་བའི་བར་དུ་མི་འགྱུར། ལོག་པའི་འཚོ་བས་འཚོ་

བར་མི་འགྱུར་རོ། །ཡང་དག་པ་མ་ཡིན་པ་ཡོངས་སུ་འཛིན་པར་མི་བྱེད་དོ། །ཚུལ་ཁྲིམས་འཆལ་པར་མི་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་ཡོངས་སུ་འཛིན་པར་མི་བྱེད་དོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་ཚེ་རིང་པོ་རྣམས་ཀྱི་

ནང་དུ་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པ་དང་། ཚད་མེད་པ་རྣམས་ལ་སྙོམས་པར་འཇུག་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་

པ་རྣམས་ལ་སྙོམས་པར་འཇུག་ཀྱང་བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དབང་གིས་མི་སྐྱེ་བའི་ཐབས་ལ་མཁས་པ་དེ་ལ་ཡོད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་

Vol. 30 · folio 248a

དཔའ་ཆེན་པོ་ནི། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་རྟོགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་

གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ཞིག་གི་ཡོངས་སུ་དག་པ་རྟོགས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་དག་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

མི་ཞུམ་མི་འགོང་བ་གང་ཡིན་པ་དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཆོས་ཉིད་དེ་མི་ཤེས་མི་མཐོང་བས། སེམས་ཅན་དེ་དག་གི་དོན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་དེ། རབ་འབྱོར་ཆོས་ཐམས་ཅད་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོབས་དང་། མི་འཇིགས་པ་རྗེས་སུ་འཐོབ་པར་འགྱུར་རོ། །རབ་འབྱོར་

དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པར་གཡོ་བའི་ཕ་རོལ་ཏུ་འགྲོ་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ས་ཆེན་པོའི་ཕྱོགས་དག་ན་གང་ན་འཛམ་བུ་ཆུ་བོའི་གསེར་གྱི་ས་ལེ་སྦྲམ་དང་། དངུལ་དག་

འབྱུང་བར་འགྱུར་བ་ནི་ཉུང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གང་དག་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ལ་སློབ་པ་དེ་དག་ནི་ཉུང་གི །སེམས་ཅན་གང་དག་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པ་དེ་དག་ནི་དེ་བས་ཆེས་

Vol. 30 · folio 248b

མང་ངོ་། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ། གནས་པ་དེ་དག་ནི་ཉུང་གི། སེམས་ཅན་གང་དག་ཁམས་ཀྱི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ། གནས་པ་དེ་དག་

ནི་ཆེས་མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་འདི་ལ་ཡང་དག་པར་ཞུགས་པ་དེ་དག་ནི་ཉུང་གི། སེམས་ཅན་གང་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་དུ་ཡང་དག་པར་ཞུགས་པ་དེ་དག་ནི་ཆེས་མང་ངོ་། །

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་བཞིན་ཉིད་ལ་སྒྲུབ་པ་དག་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་ཉན་

ཐོས་དང་། རང་སངས་རྒྱས་ཉིད་ལ་གནས་པར་འགྱུར་བ་ནི་ཆེས་མང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་བ་དེ་དག་བས་ནི། གང་དག་ཕྱིར་མི་ལྡོག་པའི་ས་གནོན་

པར་མི་འགྱུར་བ་དག་ཆེས་མང་ངོ་། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ས་འཐོབ་པར་འདོད་པ་དང་། ཕྱིར་མི་ལྡོག་པའི་སར་བགྲང་བར་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་བསླབ་པར་

བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སེར་སྣ་དང་ལྡན་པའི་སེམས་མི་སྐྱེད་དོ། །འཆལ་པའི་ཚུལ་ཁྲིམས་དང་ལྡན་པའི་སེམས་མི་སྐྱེད་དོ། །འཁྲུགས་པ་དང་ལྡན་པའི་སེམས་མི་སྐྱེད་དོ། །

ལེ་ལོ་དང་ལྡན་པའི་སེམས་མི་སྐྱེད་དོ། །རྣམ་པར་གཡེང་བ་དང་ལྡན་པའི་སེམས་མི་སྐྱེད་དོ། །འཆལ་པའི་ཤེས་རབ་དང་ལྡན་པའི་སེམས་མི་སྐྱེད་དོ། །འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཞེ་སྡང་དང་ལྡན་པའི་སེམས་མི་སྐྱེད་དོ། །གཏི་མུག་དང་ལྡན་

Vol. 30 · folio 249a

པའི་སེམས་མི་སྐྱེད་དོ། །ཐ་བ་དང་ལྡན་པའི་སེམས་མི་སྐྱེད་དོ། །གཟུགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་

བར་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི་ཆོས་གང་ཡང་མི་དམིགས་ཏེ། མ་དམིགས་པ་ཆོས་གང་ལ་ཡང་སེམས་སྐྱེད་པར་མི་བྱེད་

པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡང་དག་པར་བཟུང་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡང་དག་པར་བསྒྲུབས་པ་ཡིན་ནོ། །

ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ནང་དུ་འདུས་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་

པོ་དག་ནི་འཇིག་ཚོགས་ལ་ལྟ་བའི་ནང་དུ་འདུས་སོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ནང་དུ་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་འཆི་བའི་དུས་བྱས་པའི་སྲོག་གི་དབང་པོ་འགགས་ན་དབང་པོ་ཐམས་

ཅད་ཀྱང་འགག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྗེས་སུ་སོང་བ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་

ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་

Vol. 30 · folio 249b

བར་སློབ་པ་ཡིན་ནོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་མང་བ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་འཛམ་བུ་གླིང་གི་སེམས་ཅན་ཉིད་ཀྱང་མང་བ་ལགས་ན། གང་དག་

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཇི་སྙེད་པ་

དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞིག་གིས་ཇི་སྲིད་འཚོའི་བར་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་རེ་རེ་ལ་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་དག་གིས་བསྙེན་བཀུར་བྱས་ན་རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཞི་དེ་ལས་

བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་མམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་དོན་ཆེན་པོ་བྱེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་བར་འདོད་པ་དང་། སེམས་ཅན་མགོན་མེད་པ་རྣམས་

Vol. 30 · folio 250a

ཀྱི་མགོན་དུ་འགྱུར་བར་འདོད་པ་དང་། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་བར་འདོད་པ་དང་། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་བར་འདོད་པ་དང་། མུན་པ་ཅན་རྣམས་ཀྱི་སྒྲོན་མར་འགྱུར་བར་འདོད་པ་དང་། སངས་རྒྱས་ཉིད་

རྗེས་སུ་ཐོབ་པར་འདོད་པ་དང་། སངས་རྒྱས་ཀྱི་ཡུལ་དུ་ཕྱིན་པར་འདོད་པ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པས་རྣམ་པར་རྩེ་བར་འདོད་པ་དང་། སངས་རྒྱས་ཀྱི་སེང་གེའི་སྒྲ་སྒྲོགས་པར་འདོད་པ་དང་། སངས་རྒྱས་ཀྱི་རྔ་བོ་ཆེ་བརྡུང་བར་འདོད་པ་དང་། སངས་རྒྱས་ཀྱི་དུང་འབུད་

པར་འདོད་པ་དང་། སངས་རྒྱས་ཀྱི་ཆོས་དང་འབེལ་བའི་གཏམ་ཟེར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་ནི་ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི་འཐོབ་པ་གང་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་ལགས་སམ། བཅོམ་ལྡན་འདས་རང་སངས་རྒྱས་ཀྱི་ཕུན་སུམ་

ཚོགས་པ་ཡང་དེས་ཐོས་པར་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ་ཞིང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ་མོད་ཀྱི། དེ་ལ་གནས་པར་མི་བྱ། བརྟེན་པར་མི་

བྱ་སྟེ། ཤེས་པ་དང་། མཐོང་བས་རྣམ་པར་བལྟས་ནས། ཤིན་ཏུ་འདའ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་

པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ཏེ། རབ་འབྱོར་དེ་ལྟར་

Vol. 30 · folio 250b

སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་དག་དེ་ལས་གཞན་པའི་སྦྱིན་པའི་གནས། ཉན་ཐོས་དང་། རང་སངས་རྒྱས་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ། །རབ་

འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་གཏོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་

ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱིས་རིང་དུ་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་

པ་ཡིན་ནོ། །གལ་ཏེ་དེ་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པར་བྱའོ་སྙམ་དུ་སེམས་ཏེ། གལ་ཏེ་དེ་ལྟར་ཀུན་དུ་ཤེས་པར་བྱེད་ན། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ནི་ཡོད་དོ་ཞེས་བྱ་བར་ཀུན་དུ་ཤེས་པ་མེད་པ་དེ། གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་

འགྱུར་བ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་འབྱུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་ཡང་མི་ཤེས། མི་མཐོང་ལ། གལ་ཏེ་ཡང་དེ་འདི་སྙམ་དུ་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་

མཐའ་གནས་པའི་ཕྱིར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན། འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་གང་ཡང་ངེས་པར་འབྱུང་བར་འགྱུར་བ་ཡང་མེད་དོ་སྙམ་དུ་སེམས་ན། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་

Vol. 30 · folio 251a

སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྤྱོད་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་

ཏེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

དང་། དེ་བཞིན་དུ་སྦྱར་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱོད་པས་ཀྱང་། སེམས་ཅན་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་

གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་འཇུག་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་ཅིང་འཚོ་བ་ལེགས་པར་འཚོ་བ་ཡིན་ན། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་གང་དག་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་འདོད་པར་བྱ་བ་ཡིན་ནོ། །སེམས་ཅན་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་འདོད་པར་བྱ་བ་ཡིན་ནོ། །སྙམ་ནས་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་

ཏོག་མན་དཱ་ར་བ་དག་བླངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། མེ་ཏོག་མན་དཱ་ར་བ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ཏོ། །མངོན་པར་རབ་ཏུ་གཏོར་ཏོ། །མངོན་པར་གཏོར་མངོན་

པར་རབ་ཏུ་གཏོར་ནས་ཀྱང་ཚིག་འདི་སྐད་ཅེས་སྨྲས་སོ། །དགེ་བའི་རྩ་བ་འདི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པ་དེ་དག་ལ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་

Vol. 30 · folio 251b

པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །རང་བྱུང་གི་ཆོས་འདི་དག་ཉིད་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །འདིས་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའི་ཐེག་

པ་པའི་གང་ཟག་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། བླ་ན་མེད་པ་ཡང་གང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་ལྡོག་པར་འགྱུར་བར་སེམས་སྐྱེ་བ་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་གང་དག་བྱང་ཆུབ་ལས་སླར་ལྡོག་ཅིང་། ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་བར་སེམས་སྐྱེ་བ་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ཏེ། གཞན་དུ་ན་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་དང་། སྨན་པ་དང་། བདེ་བར་འཚལ་བའི་

བྱང་ཆུབ་སེམས་དཔའ་དག་ནི་དེ་ལྟར་འཁོར་བ་ན་རྒྱུ་བའི་སྡུག་བསྔལ་འདི་དག་མཐོང་ནས་འདི་ལྟར་སེམས་སྐྱེད་པར་བགྱིད་དེ། བདག་བརྒལ་ནས་མ་བརྒལ་བའི་སེམས་ཅན་རྣམས་ཇི་ལྟར་བསྒྲལ་བར་བགྱི། བདག་གྲོལ་ནས་མ་གྲོལ་བའི་སེམས་ཅན་རྣམས་ཇི་ལྟར་གྲོལ་བར་བགྱི་བ་དག་

ཕྱིན་ནས་དབུགས་མ་ཕྱིན་པའི་སེམས་ཅན་རྣམས་ཇི་ལྟར་དབུགས་དབྱུང་བར་བགྱི། བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་པའི་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱི་ཞེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་

པ་སྐྱེད་པར་བགྱིད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་རྒྱ་ཆེན་པོ་དག་ཀྱང་འདེབས་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཡུན་རིང་དུ་སྤྱད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་

Vol. 30 · folio 252a

བསྐྱེད་པ་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བར་བགྱིད་པ་དེ་དག་གིས་དགེ་བའི་རྩ་བ་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས། དེ་སྐད་ཅེས་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ནི་སྲང་ལ་གཞལ་བས་ཚད་གཟུང་དུ་རུང་ཡང་སྲིད་ཀྱི་རྗེས་སུ་ཡི་རང་བའི་མོད་ལས་བྱུང་བའི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ཀྱི་ཚད་

ནི་དེ་ལྟ་མ་ཡིན་ནོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ལ་གཞལ་བས་ཚད་གཟུང་དུ་རུང་ཡང་སྲིད་ཀྱི། རྗེས་སུ་ཡི་རང་བའི་མོད་ལས་བྱུང་བའི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ཀྱི་ཚད་ནི་དེ་ལྟ་མ་ཡིན་ནོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་

གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་དག་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པའི་རྩེ་མོས་ཆུའི་ཐིགས་པ་རེ་རེ་ནས་བཅུ་ཞིང་ཚད་གཟུང་དུ་རུང་ཡང་སྲིད་ཀྱི་རྗེས་སུ་ཡི་རང་བའི་མོད་ལས་བྱུང་བའི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ཀྱི་ཚད་ནི་དེ་ལྟ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་

འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་དག་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་འགྱུར་བ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་སེམས་བསྐྱེད་པ་དེ་དག་ལ་

རྗེས་སུ་ཡི་རང་བར་མི་འགྱུར་བ་དེ་དག་ནི་བདུད་ཀྱི་ཕྱོགས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་འགྱུར་བ་དེ་དག་ནི་བདུད་ཀྱི་གནས་ནས་ཤི་འཕོས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་

ཅན་གང་དག་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བ་མངོན་པར་སྒྲུབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བགྱིད་པ་དེ་དག་བདུད་ཀྱི་གནས་རྣམ་པར་འཇིག་པར་བགྱིད་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་གང་དག་གིས་བླ་ན་མེད་

Vol. 30 · folio 252b

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་སེམས་བསྐྱེད་པ་དེ་དག་ལ་ནི་རྗེས་སུ་ཡི་རང་བར་བགྱིད་པ་ལགས་སོ། །གང་དག་གིས་སངས་རྒྱས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དེ་དག་གིས་ཀྱང་སེམས་བསྐྱེད་

པ་འདི་དག་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེ་དག་གིས་རྗེས་སུ་ཡི་རང་ནས་ཀྱང་། ཅི་ནས་ཀྱང་གཉིས་སུ་འདུ་ཤེས་སུ་འགྱུར་བ་མ་མཆིས་པ་དང་། གཉིས་མ་ལགས་པའི་འདུ་ཤེས་སུ་འགྱུར་བ་མ་མཆིས་པ་དེ་ལྟར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཀཽ་ཤི་ཀ་གང་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བ་དེ་དག་ནི་མྱུར་བ་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་

པར་འགྱུར་ཞིང་། མཉེས་པར་བྱས་ནས་ཀྱང་ཐུགས་བྱུང་བར་བྱེད་པར་མི་འགྱུར་རོ། །དེ་ལྟར་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་མོད་ལས་བྱུང་བའི་དགེ་བའི་རྩ་བ་དང་ལྡན་པ་དེ་དག་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་བསྟི་སྟང་དུ་བྱ་བར་འགྱུར། བླ་མར་བྱ་བ་དང་། རི་མོར་བྱ་

བ་དང་། མཆོད་པར་བྱ་བར་འགྱུར་རོ། །ནམ་དུ་ཡང་གཟུགས་ཡིད་དུ་མི་འོང་བ་མཐོང་བར་མི་འགྱུར། སྒྲ་ཡིད་དུ་མི་འོང་བ་ཐོས་པར་མི་འགྱུར་དྲི་ཡིད་དུ་མི་འོང་བ་ཚོར་བར་མི་འགྱུར། རོ་ཡིད་དུ་མི་འོང་བ་མྱོང་བར་མི་འགྱུར། རེག་བྱ་ཡིད་དུ་མི་འོང་བ་རེག་པར་མི་འགྱུར། ཆོས་ཡིད་དུ་

མི་འོང་བ་རྣམ་པར་ཤེས་པར་མི་འགྱུར་རོ། །ནམ་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་ཞིང་དགེ་

བའི་རྩ་བ་སྐྱེད་པར་ཡང་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དག་གིས་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བ་བྱས་ཤིང་། བླ་

Vol. 30 · folio 253a

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དང་། ས་དང་པོ་ལ་གནས་པ་རྣམས་དང་། ས་གཉིས་པ་ལ་གནས་པ་རྣམས་དང་། ས་བཅུ་པའི་བར་ལ་གནས་པ་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་པ་དང་། སྐྱེ་བ་གཅིག་

གིས་ཐོགས་པའི་བར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་དག་ལ་རྗེས་སུ་ཡི་རང་བ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །དེ་དག་དགེ་བའི་རྩ་བ་རྣམ་པར་འཕེལ་བ་དེ་དག་གིས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་ཅན་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་གང་དག་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པར་འགྱུར་ཏེ།

ཀཽ་ཤི་ཀ་རྣམ་གྲངས་དེས་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཅི་

ནས་ཀྱང་སེམས་དེ་ལ་ཡང་མ་ཡིན་ཞིང་། སེམས་གཞན་ལ་ཡང་མ་ཡིན་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པ་སྤྱོད་པ་རྣམས་དང་། ཕྱིར་མི་ལྡོག་པ་རྣམས་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་

ཡང་རྗེས་སུ་ཡི་རང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཅི་ནས་ཀྱང་སེམས་དེ་ལ་ཡང་མ་ཡིན་ཞིང་། སེམས་གཞན་ལ་ཡང་མ་ཡིན་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་

Vol. 30 · folio 253b

ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཐོང་ལགས་ཏེ། བཅོམ་ལྡན་འདས་བདག་གིས་ནི་སྒྱུ་མ་དང་། སྒྱུ་མ་ལྟ་བུའི་སེམས་ཀྱང་

ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་ལ་སྒྱུ་མ་དང་། སྒྱུ་མ་ལྟ་བུའི་སེམས་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མ་མཐོང་བའི་སེམས་གང་ཡིན་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་འཚང་རྒྱ་སྙམ་མམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས་སྒྱུ་མ་དང་། སྒྱུ་མ་ལྟ་བུའི་སེམས་ལས་གཞན་པའི་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

འཚང་རྒྱ་བར་འགྱུར་བ་ཡང་དག་པར་རྗེས་སུ་མཐོང་སྙམ་མམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་ནི་སྒྱུ་མ་དང་། སྒྱུ་མ་ལྟ་བུའི་སེམས་ལས་གཞན་པའི་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱ་བར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ལགས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་གཞན་ཡང་དག་པར་རྗེས་སུ་མ་མཐོང་ན། ཆོས་གང་ཞིག་མཆིས་ཞེས་བགྱི་བའམ། མ་མཆིས་ཞེས་བགྱིད་པར་ཉེ་བར་བསྟན་པར་བགྱི། ཆོས་གང་ཤིན་ཏུ་དབེན་པ་དེ་ནི་

མཆིས་པའམ། མ་མཆིས་པར་མི་འགྱུར་ལགས་ཏེ། ཆོས་གང་ཤིན་ཏུ་དབེན་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ། མཆིས་པ་མ་ལགས་པའི་ཆོས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་ཤིང་མི་དམིགས་པའི་སླད་དུའོ། །དེ་ཅིའི་

Vol. 30 · folio 254a

སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་དབེན་པ་ལགས་ལ། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་ཤིན་ཏུ་དབེན་པ་ལགས་ཤིང་དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་ཤིན་ཏུ་དབེན་པ་ལགས་

པའི་སླད་དུ་སྟེ། ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བསྒོམ་པར་བགྱི་བ་ཡང་མ་ལགས། རྣམ་པར་གཞིག་པར་བགྱི་བ་ཡང་མ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ། ཆོས་གང་ཡང་སྒྲུབ་པར་མི་བགྱིད་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཤིན་ཏུ་དབེན་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་ཇི་ལྟར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཀྱང་ཤིན་ཏུ་དབེན་པ་ལགས་ན། ཇི་ལྟར་དབེན་པས་དབེན་པ་རྗེས་སུ་རྟོགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་

བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་དབེན་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་

པའི་བར་དུ་ཡང་ཤིན་ཏུ་དབེན་པ་ཡིན་ནོ། །བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ཤིན་ཏུ་དབེན་པ་ཡིན་ཏེ། རབ་འབྱོར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་

དུ་ཤིན་ཏུ་དབེན་པ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དབེན་པ་ཡིན་ནོ། །རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར་ལ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

Vol. 30 · folio 254b

ཀྱི་བར་དུ་ཡང་ཤིན་ཏུ་དབེན་པར་མ་གྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་མི་འགྱུར་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་མི་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པ་དེ་ལྟར། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་ལ། དབེན་པས་ཀྱང་དབེན་པ་མངོན་པར་རྫོགས་པར་འཚང་མི་རྒྱ་

ཡང་། མངོན་པར་རྫོགས་པར་འཚང་ཡང་རྒྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་དག་ལ་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་གང་དོན་ཟབ་མོ་ལ་སྤྱོད་ཀྱང་འདི་ལྟ་སྟེ་དོན་དེ་དང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་མི་བྱེད་པ་ནི་དཀའ་བ་བྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་

འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དཀའ་བ་བགྱིད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་མངོན་སུམ་དུ་བགྱིད་པའི་དོན་དེ་ཡང་དམིགས་སུ་མ་མཆིས་ལ། གང་གིས་མངོན་སུམ་དུ་བགྱི་བའི་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དེ་ཡང་དམིགས་སུ་མ་མཆིས་ཤིང་། གང་མངོན་སུམ་དུ་བགྱི་བའི་ཆོས་དེ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་དམིགས་སུ་མ་མཆིས་ན། གང་མངོན་སུམ་དུ་བགྱིས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་

Vol. 30 · folio 255a

པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་གང་མངོན་སུམ་དུ་བགྱི་བར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་མངོན་སུམ་དུ་བགྱི་བར་འགྱུར། ཆོས་གང་མངོན་སུམ་དུ་བགྱི་བར་འགྱུར། བཅོམ་ལྡན་འདས་མི་དམིགས་

པར་སྤྱོད་པ་འདི་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལགས་ཏེ། དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ལ་མུན་པ་མ་མཆིས་པར་རྗེས་སུ་འཐོབ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་སྐད་བསྟན་པ་ན། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོང་ཞིང་མི་སྐྲག་མི་དངང་ལ་དངང་བར་མི་འགྱུར་ན། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཏེ། དེས་ནི་མཚན་མ་ཡང་ཡང་དག་པར་

རྗེས་སུ་མི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བགྱི་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལགས་ཏེ། བཅོམ་ལྡན་འདས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་སྙམ་དུ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་བདག་དང་རིང་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བདག་དང་ཉེ་བའོ་སྙམ་དུ་མི་སེམས་ལགས་སོ། །བཅོམ་ལྡན་འདས་

འདི་ལྟ་སྟེ། དཔེར་བགྱི་ན། ནམ་མཁའ་ནི་འདི་སྙམ་དུ་བདག་ནི་ལ་ལ་དང་ནི་ཉེའོ། །ལ་ལ་དང་ནི་རིང་ངོ་སྙམ་དུ་མི་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནམ་མཁའ་ལ་ནི་བྱེ་བྲག་མ་མཆིས་ལ། བཅོམ་ལྡན་འདས་ནམ་མཁའ་ལ་ནི་རྣམ་པར་རྟོག་པ་

མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་བདག་དང་རིང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེ་བའོ་སྙམ་དུ་མི་སེམས་ལགས་སོ། །དེ་ཅིའི་

Vol. 30 · folio 255b

སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན། སྒྱུ་མའི་སྐྱེས་བུ་ནི་འདི་སྙམ་དུ། སྒྱུ་མ་དང་ནི་བདག་དང་རིང་ལ། སྒྱུ་མ་མཁན་དང་ནི་ཉེ་བའོ་ཞེའམ། སྐྱེ་བོའི་ཚོགས་

འདུས་པ་འདི་དག་ནི་བདག་དང་ཉེའོ་ཞེའམ། རིང་ངོ་ཞེས་བགྱི་བར་མི་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྒྱུ་མའི་སྐྱེས་བུ་ལ་ནི་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་

འདི་སྙམ་དུ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་བདག་དང་རིང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་དང་ཉེ་བའོ་སྙམ་དུ་མི་སེམས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། གཟུགས་བརྙན་ནི་འདི་སྙམ་དུ་

དམིགས་པ་གང་གིས་གཟུགས་བརྙན་བྱུང་བ་དེ་ནི་བདག་དང་ཉེ་ལ། མེ་ལོང་ངམ། སྣོད་ཀྱི་ཆབ་དེར་མ་བྱུང་བ་དག་ནི་བདག་དང་རིང་བའོ་སྙམ་དུ་མི་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་བརྙན་ནི་རྣམ་པར་རྟོག་པ་མ་མཆིས་པ་ལགས་

པའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་སྙམ་དུ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་བདག་དང་རིང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ནི་བདག་དང་ཉེ་བའོ་སྙམ་དུ་མི་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྟོག་པ་མ་མཆིས་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སྡུག་པའམ། མི་སྡུག་པ་མ་མཆིས་

ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ལ་གང་སྡུག་པའམ། མི་སྡུག་པར་འགྱུར་བའི་རང་བཞིན་དམིགས་སུ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་

Vol. 30 · folio 256a

སྡུག་པའམ། མི་སྡུག་པར་འགྱུར་བ་གང་ཡང་མི་མངའ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྡུག་པའམ། མི་སྡུག་པར་འགྱུར་བ་གང་ཡང་མ་མཆིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་

ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་རྣམ་པར་རྟོག་པ་ཐམས་ཅད་

སྤངས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་འདི་སྙམ་དུ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ནི་བདག་དང་རིང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་དང་ཉེ་བའོ་སྙམ་དུ་མི་སེམས་

ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ནི་རྣམ་པར་རྟོག་པ་མི་མངའ་བའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་སྙམ་དུ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་བདག་དང་རིང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་དང་ཉེ་བའོ་སྙམ་དུ་མི་སེམས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། དེ་བཞིན་གཤེགས་པས་

སྤྲུལ་པ་ཞིག་སྤྲུལ་པ་མཛད་ན། དེ་ན་དེ་ནི་གང་གི་སླད་དུ་སྤྲུལ་པ་དེའི་བགྱི་བ་བགྱིད་ཀྱང་སྤྲུལ་པ་དེ་མི་རྟོག །རྣམ་པར་མི་རྟོག་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བགྱི་བ་གང་གི་སླད་དུ་སྒོམ་པའི་བགྱི་བ་དེ་བགྱིད་ཀྱང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དེ་ནི་མི་རྟོག་རྣམ་པར་མི་རྟོག་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ཤིང་མཁན་ནམ། ཤིང་མཁན་གྱི་སློབ་མ་མཁས་པ་ཞིག་གིས་བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་སམ། གླང་པོ་ཆེའི་གཟུགས་སམ།

Vol. 30 · folio 256b

གླང་གི་གཟུགས་ཀྱི་འཁྲུལ་འཁོར་ཞིག་སྦྱར་བར་གྱུར་ན་འཁྲུལ་འཁོར་དེ་བགྱི་བ་གང་གི་སླད་དུ་བགྱིས་པའི་བགྱི་བ་དེ་བགྱིད་ཀྱང་འཁྲུལ་འཁོར་དེ་ནི་མི་རྟོག་རྣམ་པར་མི་རྟོག་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བགྱི་བ་

གང་གི་སླད་དུ་བསྒོམ་པ་བགྱི་བའི་བགྱི་བ་དེ་བགྱིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མི་རྟོག་རྣམ་པར་མི་རྟོག་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འབའ་ཞིག་མི་རྟོག་རྣམ་པར་མི་རྟོག་པ་ཡིན་ནམ། འོན་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་རྟོག་རྣམ་པར་མི་རྟོག་པ་ཡིན་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་མི་རྟོག །རྣམ་པར་མི་རྟོག་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་

ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་མི་རྟོག །རྣམ་པར་མི་རྟོག་པ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཅི་གཟུགས་ཀྱང་མི་རྟོག །རྣམ་པར་མི་རྟོག་པར་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་

པར་ཤེས་པ་ཡང་མི་རྟོག་རྣམ་པར་མི་རྟོག་པ་ཡིན་ནམ། ཚེ་དང་ལྡན་པ་རབ་འབྱོར་ཅི་མིག་ཀྱང་མི་རྟོག་རྣམ་པར་མི་རྟོག་པ་ཡིན་ལ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་མི་རྟོག །རྣམ་པར་མི་རྟོག་པ་ཡིན་ནམ། ཚེ་དང་ལྡན་པ་རབ་འབྱོར་ཅི་

གཟུགས་ཀྱང་། མི་རྟོག་རྣམ་པར་མི་རྟོག་པ་ཡིན་ལ། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱང་མི་རྟོག །རྣམ་པར་མི་རྟོག་པ་ཡིན་ནམ། མིག་གི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་དང་། མིག་གི་འདུས་ཏེ་རེག་པ་དང་། ཡིད་

ཀྱི་འདུས་ཏེ་རེག་པའི་བར་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བའི་བར་ཡང་མི་རྟོག །རྣམ་པར་མི་རྟོག་པ་ཡིན་ནམ། ཚེ་དང་ལྡན་པ་རབ་འབྱོར་ཅི་བསམ་གཏན་རྣམས་དང་།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words