འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་ཨཥྚ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 29 · folio 144a

རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱི་རོལ་གྱི་ཆོས་རྣམས་ཏེ། འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་སོ། །དེ་ལ་ཐེར་ཟུག་ཏུ་གནས་

པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་།

ཆོས་ནི་ཆོས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་དེ་དག་ནི་ཕྱི་དང་ནང་གི་ཆོས་རྣམས་ཞེས་བྱའོ། །དེ་

ལ་ནང་གི་ཆོས་རྣམས་ཕྱིའི་ཆོས་རྣམས་ཀྱིས་སྟོང་པ་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ནང་གི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཕྱིའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་

དང་། ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཕྱི་རོལ་གྱི་ཆོས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་ནང་གི་ཆོས་མིག་དང་།

རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཆོས་

ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར།

Vol. 29 · folio 144b

ཤར་ཕྱོགས་ནི། ཤར་ཕྱོགས་ཀྱིས་སྟོང་ངོ་། །ལྷོ་ཕྱོགས་ནི་ལྷོ་ཕྱོགས་ཀྱིས་སྟོང་ངོ་། །ནུབ་ཕྱོགས་ནི་ནུབ་ཕྱོགས་ཀྱིས་སྟོང་ངོ་། །བྱང་ཕྱོགས་ནི་བྱང་ཕྱོགས་ཀྱིས་སྟོང་ངོ་། །འོག་གི་ཕྱོགས་ནི་འོག་གི་ཕྱོགས་ཀྱིས་སྟོང་ངོ་། །སྟེང་གི་ཕྱོགས་ནི་སྟེང་གི་ཕྱོགས་ཀྱིས་སྟོང་ངོ་། །

དེ་བཞིན་དུ་ཕྱོགས་མཚམས་རྣམས་ནི་ཕྱོགས་མཚམས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། ཐེར་ཟུག་ཏུ་གནས་

པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་

པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་། གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཀྱིས་སྟོང་། གཟུགས་

མེད་པའི་ཁམས་ནི་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། དེ་ལ་འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང་།

འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་དང་། གཞན་དུ་འགྱུར་བ་མེད་པ་དེ་ནི་འདུས་མ་བྱས་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་

བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་མཐའ་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། མཐའ་ནི་མཐས་

Vol. 29 · folio 145a

སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་དང་ཐ་མ་མི་དམིགས་པ་དེ་ལ་དབུས་མེད་ཅིང་། གང་ལ་ཐོག་མ་

དང་ཐ་མ་དང་དབུས་མེད་པ་དེ་ལ་འོང་བ་དང་འགྲོ་བ་མེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཐོག་མ་དང་དབུས་དང་ཐ་མ་རྣམས་ནི། ཐོག་མ་དང་དབུས་དང་ཐ་མ་རྣམས་ཀྱིས་སྟོང་སྟེ། དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །

དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཆོས་གང་ལ་ཡང་དོར་དུ་མེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། དོར་བ་མེད་པ་ནི་དོར་བ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དོར་བ་མེད་པ་སྟོང་པ་

ཉིད་ཅེས་བྱའོ། །དེ་ལ་རང་བཞིན་གྱིས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བྱས། དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་མཛད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་བཞིན་

གྱིས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་

གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་

Vol. 29 · folio 145b

གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། གཟུགས་ཅན་གྱི་

ཆོས་རྣམས་དང་། གཟུགས་མེད་པའི་ཆོས་རྣམས་དང་། འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་ཀྱི་ཆོས་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །དེ་

ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ། ཚོར་བའི་མཚན་ཉིད་ནི་མྱོང་བ། འདུ་ཤེས་ཀྱི་མཚན་ཉིད་ནི་འཛིན་པར་བྱེད་པ། འདུ་བྱེད་

རྣམས་ཀྱི་མཚན་ཉིད་ནི་མངོན་པར་འདུ་བྱེད་པ། རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་ཤེས་པར་བྱེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་

ཉིད་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་རང་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་

བྱུང་བའི་ཆོས་གང་ཡིན་པ་དེ་དག་ནི་དམིགས་སུ་མེད་པ་སྟེ། འདས་པ་རྣམས་ནི་མ་འོངས་པ་ལ་མི་དམིགས། མ་འོངས་པ་རྣམས་ཀྱང་འདས་པ་ལ་མི་དམིགས། ད་ལྟར་བྱུང་བ་རྣམས་ཀྱང་འདས་པ་དང་མ་འོངས་པ་ལ་མི་དམིགས་སོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་།

འཇིག་པ་མེད་པའི་ཕྱིར། མི་དམིགས་པ་ནི་མི་དམིགས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་དངོས་པོ་འགའ་ཡང་མི་དམིགས་པ་སྟེ།

Vol. 29 · folio 146a

ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན།

གང་ལ་ངོ་བོ་ཉིད་འགའ་ཡང་མི་དམིགས་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་

བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་འདུས་པ་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་མེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདུས་པ་ནི་འདུས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་

ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། དངོས་པོ་ནི་དངོས་པོས་སྟོང་། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་། ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་། གཞན་གྱི་

དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་པ་སྟེ། དེ་ལ་དངོས་པོ་གང་ཞེ་ན། དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔ་སྟེ། དེ་ལ་ཕུང་པོ་ལྔ་པོ་དག་ནི་མ་སྐྱེས་པའི་ཕྱིར་དམིགས་སུ་མེད་པས། དེ་ལྟར་ན་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ཡང་དངོས་པོ་མེད་པས་ཇི་ལྟར་སྟོང་

ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་པ་སྟེ། དེ་ལ་འདུས་མ་བྱས་པ་ཡང་འདུས་མ་བྱས་པས་སྟོང་པས། དེ་ལྟར་ན་དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །ཇི་ལྟར་ན་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་སྟོང་ཞེ་ན། ངོ་བོ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རང་བཞིན་ཏེ།

དེ་ལ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས་མཐོང་བས་མ་བྱས་པས་ན་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། གང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་གནས་པ་ཉིད་དང་། ཆོས་

Vol. 29 · folio 146b

ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དེ་ནི་གནས་པ་ཉིད་དེ། དེ་ལྟར་གཞན་གྱི་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །

རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ལ་

རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔུང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་ཚིག་བསྟན་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྗེད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཡང་དག་པར་འདུ་

བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོལ་བ་

Vol. 29 · folio 147a

མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་

བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་

སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་།

རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་འཕགས་ཤིང་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་

ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་

Vol. 29 · folio 147b

པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་བ་མེད་པ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་

ངེ་འཛིན་དང་། རྣམ་པར་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟོགས་པས་སྲིད་པའི་མུན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་མ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་

ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་

Vol. 29 · folio 148a

དང་། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། ཟླ་བ་ཉ་བའི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གདུང་བ་མེད་པའི་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་

བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མེད་པར་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་མེད་པ་དང་། སྒྲ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ལ་བརྟེན་པ་མེད་པར་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་

བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་

གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་

བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏབ་པ་སྟེ། དེ་ནི་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྣམ་པར་རྩེ་

བར་བྱེད་པ་སྟེ། དེ་ནི་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། དེ་ནི་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་

Vol. 29 · folio 148b

ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པར་བྱེད་པ་སྟེ། དེ་ནི་ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་

བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱིས་ཤིན་ཏུ་འཕགས་པར་འགྲོ་བ་སྟེ། དེ་ནི་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་ལ་རྣམ་པར་ལྟ་བར་བྱེད་པ་སྟེ། དེ་ནི་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཀྱི་དབྱིངས་

སུ་ངེས་པར་འགྲོ་བ་སྟེ། དེ་ནི་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་རྒྱལ་མཚན་འཛིན་པར་བྱེད་པ་སྟེ། དེ་ནི་ངེས་པའི་

རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་མི་ཕྱེད་པ་སྟེ། དེ་ནི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་

འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་སྟེ། དེ་ནི་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་

གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོའི་གནས་པ་ལྟ་བུས་གནས་པ་སྟེ། དེ་ནི་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

Vol. 29 · folio 149a

ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ། དེ་ནི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དཔུང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་

ཐམས་ཅད་ཀྱི་དཔུང་འགོད་པར་བྱེད་པ་སྟེ། དེ་ནི་དཔུང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འགྲུབ་པ་སྟེ། དེ་ནི་ཡང་དག་པར་

འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་སྟེ། དེ་ནི་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་

ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་དང་ཚིག་བླ་དགས་ལ་འཇུག་པ་སྟེ། དེ་ནི་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་

བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་ལ་རྣམ་པར་ལྟ་བ་སྟེ། དེ་ནི་ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཕྱག་རྒྱ་

ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ། དེ་ནི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བརྗིད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་མི་བརྗེད་པ་སྟེ། དེ་ནི་བརྗེད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བརྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་

Vol. 29 · folio 149b

ཡང་དག་པར་འདུ་བ་དང་། ཡང་དག་པར་གཞོལ་བ་སྟེ། དེ་ནི་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ནམ་མཁའ་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ནམ་མཁའ་ཁྱབ་པར་

བྱེད་པས་ཏིང་ངེ་འཛིན་ཐམས་ཅད་ཁྱབ་པར་བྱེད་པ་སྟེ། དེ་ནི་ནམ་མཁའ་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྡོ་རྗེའི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་

འཛིན་པ་སྟེ། དེ་ནི་རྡོ་རྗེའི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རིན་པོ་ཆེའི་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་གྱི་མཚན་མ་ཐམས་ཅད་ཀྱང་སྤོང་ན། ཉོན་མོངས་པ་རྣམས་ཀྱི་མཚན་མ་དག་ལྟ་ཅི་སྨོས་

ཏེ། དེའི་ཕྱིར་རིན་པོ་ཆེའི་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ལྷམ་མེ་ལྷན་ནེ་ལྷང་ངེར་སྣང་བ་སྟེ། དེའི་ཕྱིར་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་

ཅེས་བྱའོ། །དེ་ལ་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་འགའ་ཡང་མི་ཚོལ་བ་སྟེ། དེའི་ཕྱིར་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་

གང་ལ་གནས་ན་ཆོས་འགའ་ཡང་གནས་ལ་བརྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་སེམས་དང་སེམས་ལས་

བྱུང་བའི་ཆོས་རྣམས་མི་འཇུག་པ་སྟེ། དེའི་ཕྱིར་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་མེད་པར་བྱེད་པ་སྟེ། དེའི་ཕྱིར་དྲི་མ་མེད་

Vol. 29 · folio 150a

པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་འོད་མཐའ་ཡས་པ་བྱེད་པ་སྟེ། དེའི་ཕྱིར་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འོད་བྱེད་པ་ཞེས་བྱ་

བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ། དེའི་ཕྱིར་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་དེ་ཐོབ་མ་

ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བ་སྟེ། དེའི་ཕྱིར་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་ཐམས་ཅད་རྗེས་སུ་ཐོབ་པ་སྟེ།

དེའི་ཕྱིར་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བ་དང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། དེའི་ཕྱིར་འོད་དྲི་མ་མེད་པ་ཞེས་

བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱེད་པ་སྟེ། དེའི་ཕྱིར་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གློག་གི་སྒྲོན་

མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ། དེའི་ཕྱིར་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་

འཛིན་ཐམས་ཅད་ཀྱི་ཟད་པ་དང་། མི་ཟད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟི་བརྗིད་དང་།

Vol. 29 · folio 150b

དཔལ་གྱིས་འབར་བར་བྱེད་པ་སྟེ། དེའི་ཕྱིར་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཟད་པ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཇི་

ལྟར་ཆོས་ཕྲ་རབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། དེའི་ཕྱིར་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་

ལ་རློམ་སེམས་སུ་མི་བྱེད། སྤྲོས་པར་མི་བྱེད་ཅིང་། མི་གཡོ་མི་འགུལ་བ་སྟེ། དེའི་ཕྱིར་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་འགྱུར་བ་ཡང་དག་

པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་གྱི་སྒོ་སྣང་བར་བྱེད་པ་སྟེ། དེའི་ཕྱིར་ཉི་མའི་སྒྲོན་མ་ཞེས་བྱ་

བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མུན་པ་མེད་པར་བྱེད་པ་སྟེ། དེའི་ཕྱིར་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྣང་བ་དག་པ་ཞེས་བྱ་བའི་ཏིང་

ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་པ་སྟེ། དེའི་ཕྱིར་སྣང་བ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན།

ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། དེའི་ཕྱིར་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བའི་རྣམ་པར་དག་པ་བྱེད་པ་སྟེ། དེའི་ཕྱིར་བྱ་

Vol. 29 · folio 151a

བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཏོག་ཡང་དག་པར་རྗེས་སུ་མཐོང་བ་སྟེ། དེ་ནི་ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་

བྱའོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་རྟོགས་ཤིང་། ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་

འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་དེའི་སེམས་མི་གཡོ་མི་ལྡོག་ལ་ཡོངས་སུ་ཡི་འཆད་པར་མི་འགྱུར་ཞིང་། སྒྱིད་ལུག་པར་མི་འགྱུར་ལ། དེ་འདི་སྙམ་དུ་འདི་ནི་སེམས་ཡིན་ནོ་ཞེས་བྱ་བར་ཡང་མི་སེམས་པ་སྟེ། དེའི་ཕྱིར་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་

ཅེས་བྱའོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་ཏུ་སྣང་བ་མཐོང་བ་སྟེ། དེའི་ཕྱིར་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ། དེ་ནི་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་རིན་པོ་ཆེའི་

མཐའ་ལྟ་བུར་ཀུན་ཏུ་སྣང་བ་སྟེ། དེའི་ཕྱིར་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་རྒྱ་མེད་པའི་མཐའི་རྒྱས་བཏབ་པའི་ཕྱིར་ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱས་བཏབ་པ་

ཡིན་ཏེ། དེའི་ཕྱིར་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། མཉམ་པ་ཉིད་མ་གཏོགས་པར་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་

Vol. 29 · folio 151b

སྟེ། དེའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་དགའ་བ་སྤོང་བར་བྱེད་པ་སྟེ། དེའི་ཕྱིར་

དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཀྱིས་འཕགས་ཤིང་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་ཀྱིས་འཕགས་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་རྫོགས་པར་

འགྱུར་བ་སྟེ། དེའི་ཕྱིར་ཆོས་ཀྱིས་འཕགས་ཤིང་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱིས་ཆོས་ཐམས་ཅད་རྣམ་པར་འཐོར་བར་བྱེད་པ་སྟེ།

དེའི་ཕྱིར་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་ཚིག་ཐམས་ཅད་རབ་ཏུ་འབྱེད་པར་བྱེད་པ་སྟེ།

དེའི་ཕྱིར་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་མཉམ་པ་ཉིད་ཐོབ་པ་སྟེ། དེ་ནི་ཡི་གེ་མཉམ་པར་འགོད་

པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་གཅིག་ཀྱང་མི་དམིགས་པ་སྟེ། དེའི་ཕྱིར་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་

དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པ་གཅོད་པར་བྱེད་པ་སྟེ། དེའི་ཕྱིར་དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་

Vol. 29 · folio 152a

ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཆོས་ཐམས་ཅད་ཀྱི་འགྱུར་བ་མི་དམིགས་པ་སྟེ། དེའི་ཕྱིར་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་

ཐམས་ཅད་ཀྱི་རྣམ་པ་མི་དམིགས་པ་སྟེ། དེའི་ཕྱིར་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གནས་པ་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་གནས་མི་དམིགས་པ་སྟེ། དེའི་ཕྱིར་གནས་

མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་རབ་རིབ་རྣམ་པར་སྤོང་བ་སྟེ། དེའི་ཕྱིར་རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་

དཔྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཔྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་དཔྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་

གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཡོ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་

ངེ་འཛིན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་སྟེ། དེའི་ཕྱིར་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་

ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ། དེ་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ལ་སེམས་

Vol. 29 · folio 152b

མི་འཇུག་པ་སྟེ། དེ་ནི་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་འཐོབ་པ་སྟེ། དེ་ནི་

དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་འཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་འཐོབ་པ་སྟེ། དེ་ནི་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་

བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ལ་སྤོབས་པ་མཐའ་ཡས་པ་འཐོབ་པ་སྟེ། དེ་ནི་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་

ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཉམ་པ་དང་མཉམ་པ་འཐོབ་པ་སྟེ། དེ་ནི་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལས་འདའ་བ་

ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་སྟེ། དེ་ནི་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

ཏིང་ངེ་འཛིན་གང་ལ་གནས་ན། ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོངས་སུ་གཅོད་པ་སྣང་བ་སྟེ། དེ་ནི་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་

གནས་ན་ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ནེམ་ནུར་རྣམ་པར་སེལ་བ་རྗེས་སུ་འཐོབ་པ་སྟེ། དེ་ནི་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་

Vol. 29 · folio 153a

ཆོས་ཐམས་ཅད་ཀྱི་གནས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ནི་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་གང་ལ་ཡང་གཉིས་སུ་

མེད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ནི་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་

མངོན་པར་བསྒྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ནི་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་ཡང་

དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ལ་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་

བ་སྟེ། དེ་ནི་རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྟོགས་པས་སྲིད་པའི་མུན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པར་འབྱེད་པའི་ཤེས་པ་འཐོབ་ཅིང་དེ་ཐོབ་ནས་

ཀྱང་ཆོས་འགའ་ཡང་ཁོང་དུ་མ་ཆུད་པ་མེད་པ་སྟེ། དེ་ནི་རྟོགས་པས་སྲིད་པའི་མུན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་

དང་སྒྲ་དག་ལ་འཇུག་པར་འགྱུར་བ་སྟེ། དེའི་ཕྱིར་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཡི་གེ་དང་བྲལ་བར་ཡང་

Vol. 29 · folio 153b

དག་པར་རྗེས་སུ་མཐོང་བ་སྟེ། དེའི་ཕྱིར་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་ཀྱིས་ལྷམ་མེ། ལྷན་ནེ། ལྷང་ངེར་སྣང་བ་སྟེ།

དེའི་ཕྱིར་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་བ་སྟེ། དེའི་ཕྱིར་མཚན་ཉིད་ཡོངས་སུ་སྦྱོང་བ་

ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མངོན་པར་མ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་མངོན་པར་མ་དམིགས་པ་ཡིན་ཏེ། དེའི་ཕྱིར་མངོན་པར་མ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །

དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འགྱུར་བ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་

བྱའོ། །དེ་ལ་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། བདེ་བ་དང་སྡུག་བསྔལ་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་བདེ་བ་དང་། སྡུག་བསྔལ་ཐམས་

ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཟད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་ཟད་མི་ཤེས་

པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟུངས་ཐམས་ཅད་འཛིན་པར་བྱེད་པ་སྟེ། དེའི་ཕྱིར་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་

Vol. 29 · folio 154a

འཛིན་ཅེས་བྱའོ། །དེ་ལ་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡང་དག་པ་ཉིད་དང་། ལོག་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ།

དེའི་ཕྱིར་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་

འགལ་བ་དང་འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་

གནས་ན་ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འཐུན་པ་དང་འགལ་བ་མེད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེའི་ཕྱིར་འཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་

གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟེ། དེའི་ཕྱིར་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་

སྙིང་པོ་མེད་པར་མི་དམིགས་པ་སྟེ། དེའི་ཕྱིར་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟླ་བ་ཉ་བའི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་འདི་ལྟ་སྟེ་དཔེར་ན། ཟླ་བ་ཉ་བའི་ཟླ་བའི་དཀྱིལ་འཁོར་ལྟར་ཏིང་ངེ་

འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། དེའི་ཕྱིར་ཟླ་བ་ཉ་བའི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་བཀོད་པ་ཆེན་པོ་དང་

Vol. 29 · folio 154b

ལྡན་པར་འགྱུར་བ་སྟེ། དེའི་ཕྱིར་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་སྣང་བར་བྱེད་པ་སྟེ། དེའི་ཕྱིར་རྣམ་

པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་གཡེང་བ་དང་། རྩེ་གཅིག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ།

དེའི་ཕྱིར་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཉོན་མོངས་པ་མེད་པར་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་མེད་པར་བྱེད་པ་སྟེ། དེའི་ཕྱིར་ཉོན་

མོངས་པ་མེད་པར་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྒྲ་མེད་པ་དང་། སྒྲ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་སྒྲ་མི་འབྱིན་པ་སྟེ། དེའི་

ཕྱིར་སྒྲ་མེད་པ་དང་། སྒྲ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་གནས་ལ་བརྟེན་པ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་གནས་མི་དམིགས་པ་

སྟེ། དེའི་ཕྱིར་གནས་ལ་བརྟེན་པ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་མི་ལྡོག་པ་སྟེ།

དེའི་ཕྱིར་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མི་དམིགས་པ་སྟེ། དེའི་ཕྱིར་ལུས་ཀྱི་

Vol. 29 · folio 155a

སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ངག་གི་ལས་མི་དམིགས་པ་

སྟེ། དེའི་ཕྱིར་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན། ཆོས་

ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་རྗེས་སུ་འཐོབ་པ་སྟེ། དེའི་ཕྱིར་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་སྟེ། བཅྭ་ལྔ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་

པོ་བཅུ་གཉིས་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་

བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་

རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཤིང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་རྣམ་པར་མི་རྟོག་གོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་

Vol. 29 · folio 155b

རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཤིང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་རྣམ་པར་མི་རྟོག་གོ། །རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ཚོར་བ་

རྣམས་དང་། སེམས་དང་ནང་གི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཤིང་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་རྣམ་པར་མི་རྟོག་གོ། །ཕྱི་རོལ་གྱི་ཚོར་བ་རྣམས་དང་། སེམས་དང་ཆོས་རྣམས་ལ་ཆོས་ཀྱི་

རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཤིང་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་རྣམ་པར་མི་རྟོག་གོ། །ནང་དང་ཕྱིའི་ཚོར་བ་རྣམས་དང་། སེམས་དང་། ཆོས་རྣམས་ལ་ཡང་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་

པའི་ཚུལ་གྱིས་གནས་ཤིང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་རྣམ་པར་མི་རྟོག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། སྤྱོད་ན་ཡང་སྤྱོད་པར་རབ་ཏུ་ཤེས་སོ། །འགྲེང་ན་ཡང་བདག་འགྲེང་བར་རབ་ཏུ་ཤེས་སོ། །འདུག་ན་ཡང་བདག་འདུག་པར་རབ་ཏུ་ཤེས་སོ། །ཉལ་ན་ཡང་བདག་ཉལ་བར་རབ་ཏུ་ཤེས་སོ། །དེའི་ལུས་ཇི་ལྟ་ཇི་

ལྟ་བུར་གནས་པར་གྱུར་པ་དེ་ལྟ་དེ་ལྟ་བུར་དེ་རབ་ཏུ་ཤེས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་

སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་འགྲོ་བ་འམ་ལྡོག་ཀྱང་ཤེས་བཞིན་དུ་སྤྱོད་པ་ཡིན། ཀུན་ཏུ་ལྟ་འམ། རྣམ་པར་ལྟ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་

Vol. 29 · folio 156a

པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ལྷུང་བཟེད་དང་། ཆོས་གོས་ཐོགས་པ་དང་། ཟ་བ་དང་། འཐུང་བ་དང་། འཆའ་བ་དང་། མྱང་བ་དང་། ཉལ་བ་དང་། གཉིད་ཀྱིས་ནོན་པ་བསལ་བ་དང་། འོང་བ་དང་། འགྲོ་བ་དང་། འགྲེང་བ་

དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། ནང་དུ་ཡང་དག་འཇོག་པ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་གི་

ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་བཞིན་དུ་དབུགས་བརྔུབས་ན་དྲན་བཞིན་དུ་དབུགས་བརྔུབས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

དྲན་བཞིན་དུ་དབུགས་ཕྱུང་ན་དྲན་བཞིན་དུ་དབུགས་ཕྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་བརྔུབས་ན། དབུགས་རིང་དུ་བརྔུབས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་ཕྱུང་ན། དབུགས་རིང་དུ་ཕྱུང་བར་ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་བརྔུབས་ན་དབུགས་ཐུང་དུ་བརྔུབས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ཕྱུང་ན་དབུགས་ཐུང་དུ་ཕྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

རྫ་མཁན་ནམ། རྫ་མཁན་གྱི་སློབ་མ་མཁས་པའི་ཕང་ལོ་བསྐོར་བ་ནི་རིང་དུ་སྲུབ་ན་ཡང་རིང་དུ་སྲུབ་པར་རབ་ཏུ་ཤེས་སོ། །ཐུང་དུ་སྲུབ་ན་ཡང་ཐུང་དུ་སྲུབ་པར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་བཞིན་དུ་དབུགས་བརྔུབས་ན། དྲན་

བཞིན་དུ་དབུགས་བརྔུབས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་ཕྱུང་ན་ཡང་དྲན་བཞིན་དུ་དབུགས་ཕྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་བརྔུབས་ན་དབུགས་རིང་དུ་བརྔུབས་པར་ཡང་དག་པ་ཇི་ལྟ་བ་

Vol. 29 · folio 156b

བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་ཕྱུང་ན་ཡང་དབུགས་རིང་དུ་ཕྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་བརྔུབས་ན། དབུགས་ཐུང་དུ་བརྔུབས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ཕྱུང་ན། དབུགས་

ཐུང་དུ་ཕྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་

རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་འདི་ཉིད་ལ་ཁམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། ལུས་འདི་ལ་ནི་སའི་ཁམས་དང་། ཆུའི་

ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཡོད་དོ་སྙམ་དུ་རྟོག་གོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་ལང་གསོད་པའམ། བ་ལང་གསོད་པའི་སློབ་མ་མཁས་པས། མཚོན་རྣོན་པོས་བ་ལང་བསད་ནས་བག་བཞིར་གཤེགས་ཏེ། གཟུགས་བཞིར་ཕྱེ་ནས།

འགྲེང་ངམ་འདུག་སྟེ་སོ་སོར་རྟོག་པ་དེ་བཞིན་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ལུས་འདི་ཉིད་ལ་ཁམས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ལུས་འདི་ལ་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་

དང་། རླུང་གི་ཁམས་ཡོད་དོ། །སྙམ་དུ་སོ་སོར་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འགྲེང་ངམ་འདུག་ཀྱང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་

གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད་སྐྲ་དང་མགོ་བོ་མན་ཆད་ན། སེན་མོ་དང་སྤུ་དང་། པགས་པ་ལ་ཐུག་པའི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་

Vol. 29 · folio 157a

གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ནི་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། པགས་ཤུན་དང་། ཤ་དང་། རྒྱུས་པ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་

བ་དང་། མཆེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ལྒང་པ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། མཁྲིས་པ་དང་། བད་ཀན་དང་། ཞག་དང་། ཆུ་སེར་དང་། དྲི་

མ་དང་། མགོ་བོ་དང་། ཀླད་པ་དང་། མིག་རྡུལ་དང་། རྣ་སྤབས་དག་ཡོད་པར་ལུས་འདི་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞིང་པའི་སྦྱང་འབྲས་སོ་བ་དང་། འབྲུ་དང་། ཏིལ་དང་། འབྲས་དྲུས་དང་། མོན་སྲན་

སྡེའུ་དང་། མོན་སྲན་གྲེའུ་དང་། སྲན་ཆུང་དང་། ནས་དང་། གྲོ་དང་། ཡུངས་འབྲུ་དང་། འབྲུ་སྣ་ཚོགས་ཀྱིས་གང་བ་མིག་དང་ལྡན་པའི་མིས་ཕྱེ་སྟེ་བརྟགས་ན། འདི་ལྟར་འདི་ནི་འབྲས་སོ་བ་ཡིན་ནོ། །འདི་ནི་འབྲུ་ཡིན་ནོ། །འདི་ནི་ཏིལ་ཡིན་ནོ། །འདི་ནི་འབྲས་

དྲུས་ཡིན་ནོ། །འདི་ནི་མོན་སྲན་སྡེའུ་ཡིན་ནོ། །འདི་ནི་མོན་སྲན་གྲེའུ་ཡིན་ནོ། །འདི་ནི་སྲན་ཆུང་ཡིན་ནོ། །འདི་ནི་ནས་ཡིན་ནོ། །འདི་ནི་གྲོ་ཡིན་ནོ། །འདི་ནི་ཡུངས་འབྲུ་ཡིན་ནོ་སྙམ་དུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད་སྐྲ་དང་། མགོ་བོ་མན་ཆད་སེན་མོ་དང་། སྤུ་དང་། པགས་པ་ལ་ཐུག་གི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ནི་སྐྲ་དང་། སྤུ་དང་། སེན་མོ་

དང་། སོ་དང་། པགས་ཤུན་དང་། ཤ་དང་། རྒྱུས་པ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཆེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ལྒང་པ་དང་། གཅིན་དང་། ཕྱི་ས་དང་།

Vol. 29 · folio 157b

མཆི་མ་དང་། རྔུལ་དང་། ཚིལ་དང་། སྣབས་དང་། དར་སྣབས་དང་། རྣག་དང་། མཁྲིས་པ་དང་། བད་ཀན་དང་། ཞག་དང་། ཆུ་སེར་དང་། དྲི་མ་དང་། མགོ་བོ་དང་། ཀླད་པ་དང་། མིག་རྡུལ་དང་། རྣ་སྤབས་དག་ཡོད་དོ་སྙམ་དུ་རྟོག་གོ། །རབ་འབྱོར་དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ།

དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་ན་གནས་པ་ན། དུར་ཁྲོད་དུ་བོར་བའི་གཟུགས་སྣ་ཚོགས་ཤི་ནས་ཞག་གཅིག་ལོན་པའམ། ཤི་ནས་ཞག་གཉིས་ལོན་པ་

འམ། ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བཞི་ལོན་པའམ། ཤི་ནས་ཞག་ལྔ་ལོན་པའམ། རྣམ་པར་བམ་པའམ། རྣམ་པར་སྔོས་པའམ། རྣམ་པར་རུལ་པའམ། རྣམ་པར་འབུས་གཞིགས་པ་དག་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་

བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས་འཇིག་རྟེན་ལ་

བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་དུ་མི་རོ་བོར་བ། ཤི་ནས་ཞག་དྲུག་ལོན་པའམ། ཤི་ནས་ཞག་

བདུན་ལོན་པའམ། བྱ་རོག་རྣམས་ཟ་ཞིང་འདུག་པའམ། གོ་བོ་དང་། ཆུན་ལག་དང་། བྱ་རྒོད་དང་། སྐྱུགས་ཟ་དང་། སྤྱང་ཀུ་དང་། ཝ་དང་། ཁྱི་དག་གམ། སྲོག་ཆགས་ཀྱི་རིགས་གང་ཡང་རུང་བ་རྣམ་པ་སྣ་ཚོགས་དག་ཟ་ཞིང་འདུག་པ་དག་མཐོང་བ་ན་དེ་

Vol. 29 · folio 158a

ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་འདི་དང་མ་བྲལ་བའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་

དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་དུ་མི་རོ་བོར་བ་རྣམ་པར་ཟོས་པ་

དང་། མི་གཙང་བ་དང་། རུལ་བ་དང་། མནམ་པ་དག་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་འདི་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་

ཚེ། དུར་ཁྲོད་དུ་ཀེང་རུས་ཤ་དང་། ཁྲག་ར་རི་ཆགས་ཤིང་རྒྱུས་པས་བྲང་བྲེང་དུ་འབྲེལ་བ་དག་མཐོང་བ་ན། དེ་ལ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་

བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་དུ་ཀེང་རུས་ཤ་དང་ཁྲག་མེད་ཅིང་རྒྱུས་པས་མ་འབྲེལ་བ། དུང་གི་མདོག་ལྟར་གྱུར་པ་དག་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་

Vol. 29 · folio 158b

ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་

གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་དུ་ཀེང་རུས་ཟུངས་མེད་ཅིང་གྱེས་ཏེ། དུང་ས་ལ་གཏོར་བ་ལྟ་བུ་དག་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ།

ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ལུས་ལ་

ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་དུ་རུས་པ་རྣམས་ས་ལ་ཕྱོགས་དང་ཕྱོགས་མཚམས་སུ་རྣམ་པར་འཐོར་ཏེ། རྐང་པའི་རུས་པ་རྣམས་ཀྱང་གཞན་ན། རྗེ་ངར་གྱི་རུས་པ་རྣམས་ཀྱང་

གཞན་ན། བརླའི་རུས་པ་རྣམས་ཀྱང་གཞན་ན། དཔྱིའི་རུས་པ་རྣམས་ཀྱང་གཞན་ན། སྒལ་ཚིགས་ཀྱི་རུས་པ་རྣམས་ཀྱང་གཞན་ན། རྩིབ་མའི་རུས་པ་རྣམས་ཀྱང་གཞན་ན། དཔུང་པའི་རུས་པ་རྣམས་ཀྱང་གཞན་ན། མཇིང་པའི་རུས་པ་རྣམས་ཀྱང་གཞན་ན། མགོ་

བོའི་ཐོད་པ་རྣམས་ཀྱང་གཞན་ན་འདུག་པ་དག་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ནམ། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་

Vol. 29 · folio 159a

ཚེ། དུར་ཁྲོད་དུ་རུས་པ་ལོ་དུ་མ་ལོན་པ། རླུང་དང་ཉི་མས་གདུངས་པ་དུང་གི་མདོག་ལྟར་གྱུར་པ་དག་མཐོང་བ་ན། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་

ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། དུར་ཁྲོད་དུ་རུས་པ་ལོ་དུ་མ་ལོན་པ། སྔོ་བ་ཐི་བའི་མདོག་ལྟར་གྱུར་པ། ཟགས་ཤིང་བྲུལ་བ་སའི་རྡུལ་དང་འདྲ་བར་གྱུར་པ་དག་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་དང་། འདི་ལྟ་བུའི་

རང་བཞིན་ཅན་ཡིན་ཏེ། ཆོས་ཉིད་དེ་དང་མ་བྲལ་བ་ཡིན་ནོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་

བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་བཞིན་དུ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། འཇིག་རྟེན་ལ་

བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ཚོར་བ་རྣམས་དང་། སེམས་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཡང་དག་པའི་སྤོང་བ་བཞིའོ། །བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅིང་རྩོལ་ལ་བརྩོན་

Vol. 29 · folio 159b

འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་རྩོལ་ལ་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་། ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་

རྣམས་བསྐྱེད་པའི་ཕྱིར། འདུན་པ་སྐྱེད་ཅིང་རྩོལ་ལ་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། མི་བརྗེད་པ་དང་། ཉམས་པར་མི་འགྱུར་བ་དང་། ཡོངས་

སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་རྩོལ་ལ་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་འཇོག་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞིའོ། །བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་

པ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་

པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་ཞིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དབང་པོ་ལྔའོ། །ལྔ་གང་ཞེ་ན་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་

Vol. 29 · folio 160a

འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སྟོབས་ལྔའོ། །ལྔ་གང་ཞེ་ན་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་

སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་

དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ།

འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་

དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་

Vol. 29 · folio 160b

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་

འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་སོ་སོར་རྟོག་པའི་སེམས་གནས་པ་གང་ཡིན་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་

འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་གང་ཡིན་པ་སྟེ། དེ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་

བྱེད་པ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་གང་ཡིན་པ་སྟེ། དེ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་དག་གི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་

ཡིན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཤེས་པ་བཅུ་གཅིག་གོ། །བཅུ་གཅིག་གང་ཞེ་ན། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་

པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཡོངས་སུ་འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་

གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པ་གང་ཡིན་པ་སྟེ། དེ་ནི་སྡུག་བསྔལ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤང་བ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན།

Vol. 29 · folio 161a

སྡུག་བསྔལ་འགོག་པ་ཤེས་པ་གང་ཡིན་པ་སྟེ། དེ་ནི་འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ལམ་ཤེས་པ་ཞེས་བྱའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན།

འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པ་གང་ཡིན་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པར་འགྲོ་བ་མི་སྐྱེ་བ་ཤེས་པ་གང་ཡིན་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་པོ་རྣམས་བཅོས་མར་ཡོངས་སུ་གཅོད་པའི་ཤེས་པ་གང་

ཡིན་པའོ། །དེ་ལ་རྗེས་སུ་རྟོགས་པ་ཤེས་པ་གང་ཞེ་ན། མིག་མི་རྟག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་པར་ཤེས་པ་སྟེ། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཆོས་ཐམས་ཅད་ཀྱི་བར་དུ་སྦྱར་བར་བྱའོ། །དེ་ལ་

ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་སེམས་སེམས་ཀྱིས་ཤེས་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་འདྲིས་པ་ཤེས་པ་གང་ཞེ་ན། ལམ་ཤེས་པ་དང་། ཡོངས་སུ་ཟད་པ་ཤེས་པ་གང་ཡིན་པའོ། །དེ་ལ་སྒྲ་ཇི་

བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པས་སྒྲ་ཐམས་ཅད་མཁྱེན་པ་གང་ཡིན་པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་ཤེས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དབང་པོ་གསུམ་སྟེ། གསུམ་གང་ཞེ་ན། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །དེ་ལ་མི་ཤེས་པ་ཀུན་ཤེས་

པར་བྱེད་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་པ། དྲེགས་པ་འདུལ་བ་

Vol. 29 · folio 161b

གང་ཡིན་པ་སྟེ། དེ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །དེ་ལ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པར་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་

འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། དེ་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་

རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། དེ་ནི་ཀུན་

ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གསུམ་མོ། །གསུམ་

གང་ཞེ་ན། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་པ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ནས་གནས་པ་སྟེ། དེ་ནི་རྟོག་པ་དང་

བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པའི་བར་གང་ཡིན་པ་སྟེ། དེ་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མི་རྟོག་

Vol. 29 · folio 162a

མི་དཔྱོད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་གང་ཡིན་པ་དག་སྟེ། དེ་ནི་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྗེས་སུ་དྲན་པ་བཅུའོ། །བཅུ་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་

འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་དང་། དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་

པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་རྗེས་སུ་དྲན་པར་བྱེད་དེ། རབ་འབྱོར་རྗེས་སུ་དྲན་པ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་

འདི་ལྟ་སྟེ། ཚད་མེད་པ་བཞིའོ། །བཞི་གང་ཞེ་ན། བྱམས་པ་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། མི་གཉིས་པ། ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཤིན་ཏུ་བསྒོམས་པས་འཇིག་རྟེན་ཆོས་ཀྱི་དབྱིངས་

ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་ཕྱོགས་བཅུ་ཁྱབ་པར་བྱས་ཏེ་གནས་པ་དང་། དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། མི་

གཉིས་པ། ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་ཕྱོགས་བཅུ་ཁྱབ་པར་བྱས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་

Vol. 29 · folio 162b

སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བསམ་གཏན་བཞིའོ། །བཞི་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་

རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་ལ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་

གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས། བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་

བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས་ཏེ།

སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ། བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའོ། །བཞི་གང་ཞེ་ན། དེ་རྣམ་པ་ཐམས་ཅད་དུ་གཟུགས་

ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་

Vol. 29 · folio 163a

མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་

ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་བརྒྱད་དོ། །བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་

པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པ་ཉིད་དུ་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་

ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་

དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་

པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་

Vol. 29 · folio 163b

འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་

ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དགུ་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ།

དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་

འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་

གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་

པས། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་

ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ།

Vol. 29 · folio 164a

རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་

གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་

ཤེས་དང་ཚོར་བ་འགོག་པ་བསྒྲུབས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་

སྟོབས་བཅུ་སྟེ། བཅུ་གང་ཞེ་ན། གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་

དང་། ལས་ཡང་དག་པར་ལེན་པ་རྣམས་ཀྱི་གནས་དང་། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་པ། ཁམས་དུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དག་དང་། གང་

ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་དང་། མོས་པ་དུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཐམས་

ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་

Vol. 29 · folio 164b

དང་། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང་། ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཟག་པ་རྣམས་ཟད་པས་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཚེ་འདི་ཉིད་ལ་རང་གི་

མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། །ཕྱིན་ཆད་འདི་ལྟ་བུ་མེད་དོ་སྙམ་དུ་རབ་ཏུ་ཤེས་ཤིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཤེས་པ་སྟེ། རབ་འབྱོར་དེ་

ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། མི་འཇིགས་པ་བཞི་སྟེ། བཞི་གང་ཞེ་ན། ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་

དམ་བཅས་ན། ཀྱེ་མ་དེ་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན། ཆོས་དང་འཐུན་པར་འགའ་ཞིག་བདག་

ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་

གེའི་སྒྲ་ཡང་དག་པར་སྒྲོག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་དང་། ང་ཟག་པ་ཟད་

དོ་ཞེས་དམ་བཅས་ན། ཀྱེ་མ་དེ་ལ་ཁྱོད་ཀྱིས་ཟག་པ་འདི་དག་མ་ཟད་དོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་

Vol. 29 · folio 165a

པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་

སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་དང་ངས་གང་དག་བར་དུ་

གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ན། བར་དུ་གཅོད་པའི་ཆོས་སུ་མི་འགྱུར་བ་དེའི་གནས་མེད་པ་དེ་ལ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་

པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་

རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་

བསྐོར་བར་བྱའོ་ཞེས་བྱ་བ་དང་། ངས་འཕགས་པ་ངེས་པར་འབྱིན་པའི་ལམ་གང་དག་བསྟན་ཏེ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་ངེས་པར་འབྱུང་བ་དེ་དག་བསྒྲུབས་ན། སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་བ་དེའི་གནས་མེད་པ་དེ་ལ་དེ་དག་བསྒྲུབས་ཀྱང་ཟག་

པ་ཟད་པར་མི་འགྱུར་རོ། །ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་

Vol. 29 · folio 165b

རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ། མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ་བྲམ་

ཟེའམ། ལྷའམ། བདུད་དམ། ཚངས་པའམ་སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་

ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་རིག་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དེ། བཅྭ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། འཇིག་རྟེན་ལྷ་དང་བཅས་

པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་རྣམས་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ནས། གང་གི་ནུབ་མོ་ཕུང་པོའི་ལྷག་མ་མེད་པའི་

མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། སོ་སོར་མ་

Vol. 29 · folio 166a

བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་

མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་

ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་གྱི་དུས་ལ་མ་ཆགས་

མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་འཇུག་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་

ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། གཟུངས་ཀྱི་སྒོ་རྣམས་གང་ཞེ་ན། འདི་ལྟ་སྟེ་ཡི་གེའི་ཚུལ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེས་འཇུག་པའོ། །དེ་ལ་ཡི་གེའི་སྒོ་དང་། ཡི་གེས་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་གཟོད་མ་ནས་མ་སྐྱེས་

པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །པ་ཞེས་བྱ་བ་ནི་དོན་དམ་པར་ཁྱད་པར་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་

ཅད་ཀྱི་སྒོ་ཡིན་ནོ། །ན་ཞེས་བྱ་བ་ནི་མིང་མི་དམིགས་པའི་ཚུལ་གྱིས་མིང་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ད་

Vol. 29 · folio 166b

ཞེས་བྱ་བ་ནི་དུལ་བ་དང་། དུལ་བར་གནས་པ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བ་ཞེས་བྱ་བ་ནི་བཅིངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཌ་ཞེས་བྱ་བ་ནི་ཁྲག་ཁྲུག་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །

ས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བཱ་ཞེས་བྱ་བ་ནི་ངག་གི་ལམ་གྱི་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་མ་གཡོས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཡ་

ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །སྟ་ཞེས་བྱ་བ་ནི་ཁེངས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་ལས་

མི་འདའ་ཞིང་མཉམ་པ་ཉིད་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །མ་ཞེས་བྱ་བ་ནི་ང་ཡིར་འཛིན་པ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ག་ཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཐ་ཞེས་བྱ་བ་

ནི་གནས་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཤྭ་ཞེས་བྱ་བ་ནི་དབུགས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ངྷ་ཞེས་བྱ་བ་ནི་ཆོས་མི་དམིགས་པའི་ཕྱིར་ཆོས་

ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཤ་ཞེས་བྱ་བ་ནི་ཞི་གནས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ཉིད་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར། ཆོས་ཐམས་

ཅད་ཀྱི་སྒོ་ཡིན་ནོ། །ཛྙཱ་ཞེས་བྱ་བ་ནི་ཡེ་ཤེས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བྷ་ཞེས་བྱ་བ་ནི་འཇིགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཚ་ཞེས་བྱ་བ་ནི་

Vol. 29 · folio 167a

མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཧཱུ་ཞེས་བྱ་བ་ནི་བོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཏས་ཞེས་བྱ་བ་ནི་ཆོས་ཐམས་ཅད་

ལ་སྤྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །གྷ་ཞེས་བྱ་བ་ནི་སྟུག་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཋ་ཞེས་བྱ་བ་ནི་རྣམ་པར་བསྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་

པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཕ་ཞེས་བྱ་བ་ནི་འབྲས་བུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །སྐ་ཞེས་བྱ་བ་ནི་ཕུང་པོ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཛ་ཞེས་བྱ་བ་ནི་རྒ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་

ཡིན་ནོ། །ཙ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཊ་ཞེས་བྱ་བ་ནི་སྡིག་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཧ་ཞེས་བྱ་བ་ནི་ངར་འཛིན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །དེ་ཡན་ཆད་ནི་ཡི་གེར་

བརྗོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་འདོགས་པ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་དང་། གང་གིས་རྟོགས་པར་བྱེད་པ་དང་། གང་གིས་མཐོང་བའི་མིང་ཅི་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་ཆོས་

ཐམས་ཅད་ནི་ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །རབ་འབྱོར་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པ་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ལ་

མཁས་པར་བྱ་བ་འདི་ཤེས་པ་དེ་ནི་སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་ཞིང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་གྱུར་ཏེ། སྒྲ་ཤེས་པ་ལ་མཁས་པ་ཡང་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཨ་ཞེས་

Vol. 29 · folio 167b

བྱ་བ་ལ་སོགས་པ་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་ཕྱག་རྒྱའི་ཚིག་འདི་དག་ཐོས་ལ་ཐོས་ནས་ཀྱང་མི་དམིགས་པའི་ཚུལ་གྱིས་ངེས་པར་གྱུར་པའི་སེམས་ཀྱི་རྒྱུན་གྱིས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་།

གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དེ་ལ་ནི་ཕན་ཡོན་ཉི་ཤུ་ཡོད་པ་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། བློ་དང་ལྡན་པར་འགྱུར་བ་དང་། བརྟན་པ་དང་ལྡན་པར་

འགྱུར་བ་དང་། ངོ་ཚ་ཤེས་པ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། སྤོབས་པ་དང་ལྡན་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་འདི་ཡང་ཚེགས་ཆུང་ངུས་འཐོབ་ཅིང་། སོམ་ཉི་མེད་ལ། ཡིད་གཉིས་ཟ་བར་མི་འགྱུར་བ་དང་། གཞན་དག་

ལས་ཚིག་འཇམ་པོ་ཐོས་ན་ཡང་རྗེས་སུ་ཆགས་པར་མི་འགྱུར་ལ། ཚིག་རྩུབ་པོ་ཐོས་ན་ཡང་ཞེ་འགྲས་པར་མི་འགྱུར་ཏེ། མཐོ་བར་མི་འགྱུར། དམའ་བར་མི་འགྱུར་ཞིང་། ཐ་མལ་པར་གནས་པར་འགྱུར་བ་དང་། སྒྲ་ལ་མཁས་པར་འགྱུར་བ་དང་། ཕུང་པོ་ལ་

མཁས་པར་འགྱུར་བ་དང་། ཁམས་ལ་མཁས་པར་འགྱུར་བ་དང་། སྐྱེ་མཆེད་ལ་མཁས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་འགྱུར་བ་དང་། རྒྱུ་ལ་མཁས་པར་འགྱུར་བ་དང་། རྐྱེན་ལ་མཁས་པར་འགྱུར་བ་དང་། ཆོས་ཉིད་ལ་མཁས་

པར་འགྱུར་བ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པ་དང་། རྫུ་འཕྲུལ་བྱ་བ་ཤེས་པ་ལ་མཁས་པ་དང་། ལྷའི་རྣ་བ་ཤེས་པ་ལ་མཁས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ལ་

མཁས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་ལ་མཁས་པ་དང་། ཟག་པ་ཟད་པ་ཤེས་པ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ཤེས་པ་ལ་མཁས་པ་དང་། འགྲོ་བ་ལ་མཁས་པ་དང་། ལྡོག་པ་ལ་མཁས་པ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་སྟེ།

Vol. 29 · folio 168a

ཕན་ཡོན་ཉི་ཤུ་པོ་དེ་དག་འཐོབ་པར་འགྱུར་རོ། །རབ་འབྱོར་གཟུངས་ཀྱི་སྒོ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ལ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་གཟུངས་

ཀྱི་སྒོར་འཇུག་པའི་ལེའུ་ཞེས་བྱ་སྟེ། བཅུ་དྲུག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་གསུམ་པ། རབ་འབྱོར་ཁྱོད་འདི་སྐད་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་

ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་སྤྱོད་པ་ནི། ས་ནས་སར་འཕར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པས་ས་ནས་སར་ཇི་ལྟར་འཕར་ཞེ་ན།

འདི་ལྟ་སྟེ། ཆོས་ཐམས་ཅད་འཕོ་བ་མེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་འོང་བའམ། འགྲོ་བའམ་འཕོ་བའམ། ཉེ་བར་འཕོ་བ་མེད་པའི་ཕྱིར་རོ། །འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་ཡང་རློམ་སེམས་སུ་མི་བྱེད་ཅིང་། མི་སེམས་ལ།

ས་ཡོངས་སུ་སྦྱོང་བར་ཡང་བྱེད་དེ། ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པས།

ས་ཡོངས་སུ་སྦྱང་བ་བཅུ་བྱའོ། །བཅུ་གང་ཞེ་ན། ལྷག་པའི་བསམ་པ་ཡོངས་སུ་སྦྱང་བར་བྱས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱ་བ་དང་མཚན་མ་མི་དམིགས་པའི་ཕྱིར། ཕན་པ་བྱ་བའི་དངོས་པོ་ཡོངས་སུ་སྦྱང་བ་དང་། སེམས་ཅན་མི་དམིགས་པའི་ཕྱིར།

སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡོངས་སུ་སྦྱང་བ་དང་། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་། དེ་དག་གིས་རློམ་སེམས་སུ་མི་བྱེད་པའི་ཕྱིར། དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡོངས་སུ་

Vol. 29 · folio 168b

སྦྱང་བ་དང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་ཚོལ་བ་ཡོངས་སུ་སྦྱང་བ་དང་། ཁྱིམ་མི་དམིགས་པའི་ཕྱིར་རྒྱུན་མི་འཆད་པར་མངོན་པར་འབྱུང་བ་ཡོངས་སུ་སྦྱང་བ་དང་། མཚན་དང་དཔེ་བྱད་བཟང་པོའི་མཚན་མ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་འདོད་པ་ཡོངས་

སུ་སྦྱང་བ་དང་། ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར། ཆོས་རྣམ་པར་འགྲེལ་བ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་ཡོད་པ་ཉིད་མི་དམིགས་པའི་ཕྱིར། ང་རྒྱལ་གྱིས་ཁེངས་པ་ངེས་པར་གཞོམ་པ་ཡོངས་སུ་སྦྱང་བ་དང་། ཚིག་མི་དམིགས་པའི་ཕྱིར། བདེན་པའི་ཚིག་ཡོངས་

སུ་སྦྱང་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱང་བ་བཅུ་པོ་འདི་དག་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་རྟག་ཏུ་ཆོས་བརྒྱད་ཡིད་ལ་བྱ་ཞིང་དེ་དག་

ལ་ནན་ཏན་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་བྱས་པ་གཟོ་ཞིང་བྱས་པ་ཚོར་བ་དང་། བཟོད་པའི་སྟོབས་ལ་གནས་པ་དང་། མཆོག་ཏུ་དགའ་ཞིང་དགའ་བ་ཉམས་སུ་མྱང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་

མི་གཏང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་། བླ་མ་རྣམས་ལ་དད་པས་གུས་ཤིང་སྟོན་པའི་འདུ་ཤེས་ཀྱིས་སྲི་ཞུ་ཆེ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་བརྩོན་པས་ཡོངས་སུ་ཚོལ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་

ཆོས་བརྒྱད་པོ་དེ་དག་རྟག་ཏུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་ཆོག་མི་ཤེས་ཤིང་། དེ་

ལ་ཡང་ཡི་གེ་ལ་མངོན་པར་ཞེན་པར་མི་བྱ་བ་དང་། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འགྲེལ་བར་བྱེད་ལ། དེས་ཀྱང་རློམ་སེམས་སུ་མི་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་། ཡོངས་སུ་བསྔོ་ལ་དེས་ཀྱང་རློམ་སེམས་

Vol. 29 · folio 169a

སུ་མི་བྱེད་པ་དང་། འཁོར་བ་དཔག་ཏུ་མེད་པས་ཡོངས་སུ་མི་སྐྱོ་ཞིང་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་གནས་ཤིང་། དེས་ཀྱང་རློམ་སེམས་སུ་མི་བྱེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ས་གསུམ་པ་ལ་གནས་པས། ཆོས་ལྔ་པོ་དེ་དག་ལ་གནས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཞི་པ་ལ་གནས་པས། ཆོས་བཅུ་ཡང་དག་པར་བླངས་ཏེ་གནས་པར་བྱ་ཞིང་དེ་ཡོངས་སུ་སྤང་བར་མི་བྱའོ། །བཅུ་གང་ཞེ་ན།

འདི་ལྟ་སྟེ། དགོན་པ་ལ་གནས་པ་ཡོངས་སུ་མི་གཏང་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏང་བ་དང་། བསླབ་པ་ཡོངས་སུ་མི་གཏང་བ་དང་། འདོད་པའི་ཡོན་ཏན་ལ་སྨད་པ་དང་། མྱ་ངན་ལས་འདས་པ་

དང་ལྡན་པའི་སེམས་བསྐྱེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏང་བ་དང་། སེམས་མི་འདྲེ་བ་དང་། དངོས་པོ་ཐམས་ཅད་ལ་མི་བལྟ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་དེ་དག་ཡོངས་སུ་གཏང་བར་མི་བྱ་

ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་ཡོངས་སུ་སྤང་བར་བྱའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཁྱིམ་པ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བར་བྱ་ཞིང་། དགེ་

སློང་དང་། དགེ་སློང་མ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བར་བྱ་བ་དང་། ཁྱིམ་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བར་བྱ་བ་དང་། འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བ་དང་། གནོད་སེམས་ཡོངས་སུ་སྤང་བར་བྱ་བ་དང་། བདག་ལ་སྟོད་པ་ཡོངས་སུ་སྤང་བར་

བྱ་ཞིང་། གཞན་ལ་སྨོད་པ་ཡོངས་སུ་སྤང་བར་བྱ་བ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱ་བ་དང་། ལྷག་པའི་ང་རྒྱལ་དང་། ཁེངས་པ་ཡོངས་སུ་སྤང་བར་བྱ་བ་དང་། ཕྱིན་ཅི་ལོག་ཡོངས་སུ་སྤང་བར་བྱ་བ་དང་། ཐེ་ཚོམ་ཡོངས་སུ་སྤང་བར་བྱ་བ་

Vol. 29 · folio 169b

དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བག་ཆགས་ཡོངས་སུ་སྤང་བར་བྱ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་དེ་དག་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས། ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་

སེམས་ཡོངས་སུ་སྤང་བར་བྱ་བ་དང་། རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཡི་འཆད་པའི་སེམས་ཡོངས་སུ་སྤང་བར་བྱ་བ་དང་། སློང་བ་མཐོང་ན་སེམས་ཞུམ་པར་མི་བྱ་བ་དང་། དངོས་པོ་ཐམས་ཅད་ཡོངས་སུ་བཏང་ནས་ཡིད་མི་བདེ་བར་མི་བྱ་བ་

དང་། སློང་བ་བསྐྲད་པར་མི་བྱ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས། ཆོས་དྲུག་པོ་འདི་དག་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་

ཤུ་མི་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་མི་བྱ་བ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མའི་འདུ་ཤེས་དང་། རྒྱུར་ལྟ་བ་དང་།

མིང་དང་གཟུགས་ལ་མངོན་པར་ཞེན་པ་དང་། ཕུང་པོ་ལ་མངོན་པར་ཞེན་པ་དང་། ཁམས་ལ་མངོན་པར་ཞེན་པ་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་ལྷག་པར་ཞེན་པ་དང་། ཁམས་གསུམ་ལ་

ཆགས་པ་དང་། སངས་རྒྱས་སུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། ཆོས་སུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། དགེ་འདུན་དུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། ཚུལ་ཁྲིམས་སུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། ཆོས་རྣམས་སྟོང་ངོ་ཞེས་བྱ་

Vol. 29 · folio 170a

བས་སྒྱིད་ལུག་པ་དང་། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་དེ་དག་མི་བྱའོ། །ས་བདུན་པ་ལ་གནས་པ་དེས་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་

ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་རྟོགས་པ་དང་། མཚན་མ་མེད་པ་མངོན་སུམ་དུ་བྱ་བ་དང་། སྨོན་པ་མེད་པ་ཤེས་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་སྙིང་རྗེ་བ་དང་། སེམས་ཅན་དེ་དག་ལ་བརྙས་པར་མི་བྱ་བ་

དང་། ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་ཞིང་དེ་ལ་ཡང་མངོན་པར་ཞེན་པར་མི་བྱ་བ་དང་། ཡང་དག་པའི་ཚུལ་རྟོགས་ཤིང་དེས་རློམ་སེམས་སུ་ཡང་མི་བྱ་བ་དང་། མི་སྐྱེ་བར་བཟོད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཚུལ་གཅིག་ཏུ་བསྟན་པ་དང་། ཆོས་ཐམས་

ཅད་ལ་རྟོག་པ་ཡང་དག་པར་གཞོམ་པ་དང་། ལྟ་བ་བཟློག་པ་དང་། ཉོན་མོངས་པ་བཟློག་པ་དང་། ཞི་གནས་ངེས་པར་སེམས་པ་དང་། ལྷག་མཐོང་ལ་མཁས་པའི་ས་དང་། སེམས་དུལ་བ་དང་། སེམས་ཞི་བ་དང་། ཤེས་པ་ཐོགས་པ་མེད་པ་དང་། རྗེས་སུ་

འཆགས་པའི་སམ་ཡིན་པ་དང་། ཞིང་གང་དུ་འདོད་པར་འགྲོ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ས་བརྒྱད་པ་ལ་གནས་པས། ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བ་དང་། སངས་རྒྱས་ཀྱི་ཞིང་ལ་ལྟ་ཞིང་། སངས་རྒྱས་ཀྱི་ཞིང་ཇི་

ལྟར་མཐོང་བ་དེ་དག་ཀྱང་ཡོངས་སུ་བསྒྲུབ་པ་དང་། སངས་རྒྱས་ལ་བསྙེན་བཀུར་བྱ་ཞིང་། སངས་རྒྱས་ཀྱི་སྐུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། རབ་འབྱོར་ཆོས་བཞི་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

Vol. 29 · folio 170b

དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྒྱུན་མི་ཆད་པར་སྙོམས་པར་འཇུག་པ་

དང་། ཇི་ལྟ་ཇི་ལྟ་བུར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་ཡོངས་སུ་སྒྲུབ་ཅིང་། བསམས་བཞིན་དུ་སྲིད་པ་ཉེ་བར་ལེན་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་

པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། སྨོན་ལམ་མཐའ་ཡས་པ་ཡོངས་སུ་བཟུང་བ་སྟེ།

དེ་སྨོན་ལམ་ཇི་ལྟ་ཇི་ལྟ་བུ་འདེབས་པ་དེ་ལྟ་དེ་ལྟ་བུར་འགྲུབ་པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་ཁོང་དུ་ཆུད་པ་དང་། སྤོབས་པའི་ཀླུང་ཁོང་

དུ་ཆུད་པ་དང་། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། ཆོ་རིགས་ཕུན་སུམ་ཚོགས་པ་དང་། རུས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དང་། མངོན་པར་འབྱུང་བ་ཕུན་

སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་ཤིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་པོ་དེ་དག་ཡོངས་སུ་རྫོགས་

པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

Vol. 29 · folio 171a

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བར་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་

དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་ཚད་མེད་པ་བཞི་པོ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མངོན་པར་སྒྲུབ་པ་གང་ཡིན་པ་སྟེ། དེ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་

ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པར་སྦྱིན་པ་སྦྱིན་པ་སྟེ། དེ་ནི་གཏོང་བ་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་

བཤེས་གཉེན་ལ་བསྟེན་པ་ཡོངས་སུ་སྦྱང་བ་གང་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དག་ནི་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་འཛུད་ཅིང་འཇོག་ལ་རབ་ཏུ་འགོད་པར་བྱེད་པའི་དགེ་བའི་བཤེས་གཉེན་དེ་

དག་ལ་བསྟེན་པ་དང་། བསྙེན་བཀུར་བྱེད་པ་དང་། སྲི་ཞུ་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཚོལ་བ་ཡོངས་སུ་སྦྱང་

བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཆོས་ཚོལ་བར་བྱེད་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྷུང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཚོལ་བ་ཡོངས་སུ་སྦྱང་བ་ཡིན་ནོ། །

Vol. 29 · folio 171b

དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུན་མི་འཆད་པར་མངོན་པར་འབྱུང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ཚེ་རབས་ཐམས་ཅད་དུ་འདྲེ་བ་མེད་པར་མངོན་པར་འབྱུང་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་རབ་ཏུ་འབྱུང་ལ། སུ་ཡང་དེའི་བར་

ཆད་བྱེད་པར་མི་འགྱུར་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུན་མི་འཆད་པར་མངོན་པར་འབྱུང་བ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་འདོད་པ་ཡོངས་སུ་སྦྱང་བ་གང་ཞེ་

ན། སངས་རྒྱས་ཀྱི་སྐུ་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱི་བར་དུ་ནམས་ཀྱང་སངས་རྒྱས་ཡིད་ལ་བྱེད་པ་དང་འབྲལ་བར་མི་འགྱུར་བ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་འདོད་པ་ཡོངས་སུ་སྦྱང་བ་

ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་འགྲེལ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་ཀྱང་རུང་མྱ་ངན་ལས་འདས་ཀྱང་རུང་སེམས་ཅན་རྣམས་ལ་

ཆོས་སྟོན་ཏེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་

པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟར་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་

སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེ་ཡང་དག་པར་སྟོན་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་འགྲེལ་བ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་གྱིས་ཁེངས་པ་

Vol. 29 · folio 172a

ངེས་པར་གཞོམ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། ང་རྒྱལ་གྱིས་ཁེངས་པ་གཞོམ་པ་གང་གིས་ནམས་ཀྱང་རིགས་དམའ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་གྱིས་ཁེངས་པ་ངེས་པར་གཞོམ་པ་

ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་

ཡིན་ནོ། །རབ་འབྱོར་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱང་བར་བྱ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ཉན་

ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་། གཞན་ཡང་འཆལ་པའི་ཚུལ་ཁྲིམས་སུ་བྱེད་པ། བྱང་ཆུབ་ལ་བར་ཆད་བྱེད་པའི་ཆོས་གང་ཡིན་པ་དེ་དག་ཡིད་ལ་མི་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ། །

དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་གཟོ་ཞིང་བྱས་པ་ཚོར་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕན་ཆུང་ངུ་ཞིག་བྱས་ན་ཡང་འཁོར་བའི་མཐའི་བར་དུ་ཆུད་མི་གཟོན་ན། ཆེན་པོ་ལྟ་

ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་གཟོ་ཞིང་བྱས་པ་ཚོར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་སྟོབས་ལ་གནས་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ལ་གནོད་སེམས་མེད་ཅིང་རྣམ་

པར་འཚེ་བའི་སེམས་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་སྟོབས་ལ་གནས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་ཏུ་དགའ་ཞིང་དགའ་བ་ཉམས་སུ་མྱང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ།

Vol. 29 · folio 172b

ཐེག་པ་གསུམ་པོ་དག་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་ཏུ་དགའ་ཞིང་དགའ་བ་ཉམས་སུ་མྱང་བར་བྱ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་

སུ་མི་གཏང་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་

པོ་མངོན་དུ་བྱ་བ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་སྙམ་དུ་སེམས་ཏེ། སེམས་ཅན་རེ་རེའི་དོན་གྱི་ཕྱིར་ཡང་བདག་བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་དག་

ཏུ་འདུག་ལ། སེམས་ཅན་དེ་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་བཞག་གི་བར་དུ་དེར་གཅད་པ་དང་། གཤག་པ་དང་། བརྡུང་བ་དང་། བཙོ་བ་དང་། བསྲེག་པ་དག་ཀྱང་ཉམས་སུ་མྱང་བར་བྱའོ་སྙམ་སྟེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་མངོན་པར་སྤྲོ་ཞིང་

ཡོངས་སུ་མི་སྐྱོ་བའི་བར་དུ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་རྣམས་ལ་དད་པས་གུས་ཤིང་སྲི་ཞུ་ཆེ་བ་གང་ཞེ་ན། འདི་ལྟ་སྟེ། བླ་མ་རྣམས་

ལ་སྟོན་པའི་འདུ་ཤེས་འཇོག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་ལ་དད་པས་གུས་ཤིང་སྲི་ཞུ་ཆེ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་བརྩོན་པས་ཚོལ་བ་གང་ཞེ་ན། འདི་ལྟ་སྟེ།

སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལས་གཞན་མི་བྱེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ཚོལ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་བརྩོན་པས་ཚོལ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words