འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་ཀུ་ཤ་ལ་མཱུ་ལ་སཾ་པ་རི་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 48 · folio 1b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཀུ་ཤ་ལ་མཱུ་ལ་སཾ་པ་རི་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་

པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་

པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་འདི་ལྟ་སྟེ། བསམ་གཏན་པ་རྣམས་ཀྱི་གནས། གནས་མེད་པ་རྣམས་ཀྱི་གནས། སྟོང་པ་ཉིད་ལ་གནས་པ་རྣམས་ཀྱི་གནས།

མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་མེད་པ་ལ་གནས་པ་རྣམས་ཀྱི་གནས་ན་འདི་ལྟ་སྟེ། དགེ་སློང་འབུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་

ཏེ། ཐམས་ཅད་ཀྱང་སྒྲ་བསྐྱུངས་པ། དབེན་པ་ལ་གནས་པ། ནང་དུ་ཡང་དག་འཇོག་ལ་མངོན་པར་བརྩོན་པ་ཤ་སྟག་གོ། །དེའི་ཚེ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་དུ་ཡང་དག་འཇོག་

Vol. 48 · folio 2a

ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་།

ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་དོན་ཡོད་རྒྱལ་པོ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་ཀུན་

དགའ་བོ་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་པ་ཅི་འཇིགས་དང་། ཚེ་དང་ལྡན་པ་ཉེ་སྦས་དང་། ཚེ་དང་ལྡན་པ་མིས་བྱིན་གྱི་བུ་དང་། ཚེ་དང་ལྡན་པ་ཐང་ལ་གནས་པ་དང་། ཚེ་དང་ལྡན་པ་མོ་ཀི་ལ་དང་། ཚེ་དང་ལྡན་པ་ཉེ་བར་འཁོར་དང་།

དེ་དག་དང་གཞན་ཡང་དབང་དང་ལྡན་པར་གྱུར་པ་ལྔ་བརྒྱ་ཐམ་པ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་

འཁོད་དོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་གྲགས་སྦྱིན་དང་། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། ཚེ་དང་ལྡན་པ་ལས་མཆོད་དང་། ཚེ་དང་ལྡན་པ་གྲགས་འདོད་དང་། ཚེ་དང་ལྡན་པ་དགའ་སྡེ་དང་། ཚེ་དང་ལྡན་པ་དགའ་འདོད་དང་། དེ་དག་དང་གཞན་ཡང་དགེ་

སློང་ལྔ་བརྒྱ་ཐམ་པ་ལམ་དུ་ཞུགས་པ་ལས་དབྱར་མཉན་ཡོད་ན་གནས་ནས། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་

Vol. 48 · folio 2b

ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དེ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་སྟོང་དང་ལྷན་ཅིག་ཏུ་ཡུལ་ཙམ་པར་དབྱར་གནས་ནས་ལམ་དུ་ཞུགས་ཏེ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་

བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། དེད་

དཔོན་བཟང་པོ་དང་། ཕུག་སྦས་དང་། མིས་བྱིན་དང་། དབང་པོས་བྱིན་དང་། ཆུ་ལྷ་དང་། ཚངས་ལྷ་དང་། སྟོབས་བཟངས་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། མཐོང་བ་དོན་ཡོད་དང་། ལེགས་པར་ཡང་དག་ཞུགས་དང་། རབ་ཀྱི་

རྩལ་གྱིས་རྣམ་པར་གནོན་དང་། རྟག་ཏུ་བརྩོན་དང་། བརྩོན་པ་མི་གཏོང་དང་། ཉི་མའི་སྙིང་པོ་དང་། འགྲོ་བ་འཛིན་དང་། ས་འཛིན་དང་། བདུད་རྩི་འཛིན་དང་། བློ་གྲོས་རབ་གནས་དང་། བློ་གྲོས་མཐའ་ཡས་དང་། བརྟན་པའི་བློ་གྲོས་དང་། འཇིག་རྟེན་གསུམ་རྣམ་པར་གནོན་

དང་། མཐའ་ཡས་རྣམ་པར་གནོན་དང་། དཔག་མེད་རྣམ་པར་གནོན་དང་། རྡོ་རྗེའི་གོམ་པས་རྣམ་པར་གནོན་དང་། དོན་ཡོད་པའི་གོམ་པས་རྣམ་པར་གནོན་དང་། མི་གཡོ་བའི་གོམ་པས་རྣམ་པར་གནོན་དང་། སྤོབས་པ་ཆེན་པོ་དང་སྤོབས་པ་རྣོན་པོ་དང་། སྤོབས་པ་ཟབ་

པ་དང་། སྤོབས་པ་མཐའ་ཡས་དང་། སྤོབས་པ་དཔག་མེད་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། པད་མ་དཔལ་གྱི་སྙིང་པོ་དང་། ཆོས་འཕགས་དང་། ལག་ན་རིན་ཆེན་དང་། རིན་ཆེན་འཛིན་དང་། བསྐལ་པ་འགྱུར་བ་མཐའ་ཡས་པར་གོ་ཆ་བགོས་པ་དང་།

བུད་མེད་འགྱུར་བའི་གོ་ཆ་བགོས་པ་དང་། སྐྱེས་པ་འགྱུར་བའི་གོ་ཆ་བགོས་པ་དང་། སེམས་ཅན་འགྱུར་བའི་གོ་ཆ་བགོས་པ་དང་། མཐའ་ཡས་ཁྱུ་མཆོག་དང་། དཔག་མེད་ཁྱུ་མཆོག་དང་། དམིགས་པ་ཐམས་ཅད་རྣམ་པར་འཇིག་པའི་ཁྱུ་མཆོག་དང་། བྱང་ཆུབ་སེམས་

Vol. 48 · folio 3a

དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཐ་མི་དད་པར་སྤྱོད་པའི་གོ་ཆ་བགོས་པ་ཤ་སྟག་སྟེ། ཡུལ་ཐ་དད་པ་རྣམས་སུ་དབྱར་གནས་པར་གནས་ནས་ཡུལ་རྒྱུ་ཞིང་གཅིག་ཏུ་འདུས་ཏེ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་

དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས། རྫུ་འཕྲུལ་

ཇི་ལྟ་བུའི་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་བལྟ་བ་དང་ཕྱག་འཚལ་བ་དང་

བསྙེན་བཀུར་བྱ་བའི་ཕྱིར་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་

མཛད་དོ། །དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལུས་འཕགས་རི་ལ་དབང་པོའི་བྲག་ཕུག་ན་དགེ་སློང་ལྔ་བརྒྱ་ཐམ་པ་ཐམས་ཅད་ཀྱང་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། ཆོས་གོས་གསུམ་པ། ཅོག་པུ་པ། རྩྭའི་གདིང་བ་པ། ཤིང་དྲུང་པ། འདོད་པ་ཉུང་བ། ཆོག་

ཤེས་པ། རབ་ཏུ་དབེན་པ་པ། ཆོས་གོས་ངན་པ་འཆང་བ་ཤ་སྟག་དང་ལྷན་ཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དགེ་སློང་ལྔ་བརྒྱ་ཐམ་པ་དེ་དག་དང་ལྷན་ཅིག་ཏུ་ལུས་འཕགས་

རིའི་དབང་པོའི་བྲག་ཕུག་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་འདུག་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རྒྱང་རིང་པོ་ཉིད་ནས་འོང་བ་གཟིགས་ཏེ།

Vol. 48 · folio 3b

གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནས་བརྟན་འོད་སྲུང་ཆེན་པོ་འོང་བ་འདི་ནི་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། ཆོས་གོས་གསུམ་པ། ཆོས་གོས་ངན་པ་འཆང་བ། བས་མཐའི་གནས་

མལ་ལ་གནས་པ། འདོད་པ་ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་པར་གནས་པ། མ་འདྲེས་པ། ཆོས་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་སྟེ། དགེ་སློང་དག་ངའི་ཉན་ཐོས་ཇི་སྙེད་པ་ནི་དགེ་སློང་དག་ད་ལྟར་དགེ་སློང་འོད་སྲུང་ཆེན་པོའི་སྦྱངས་པའི་ཡོན་ཏན་དག་

དང་མཚུངས་པའམ་འདྲ་བ་ནི་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དགེ་སློང་དག་དགེ་སློང་འོད་སྲུང་ཆོས་གོས་གསུམ་པ་ནི་ལྷ་རྣམས་དང་ཡང་སྨྲ་བ་དང་ཀུན་དུ་སྨྲ་བར་མི་འདོད་ན་མི་རྣམས་དང་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རྒྱང་རིང་

པོ་ཉིད་ནས་འོང་བ་གཟིགས་ནས་བཀའ་སྩལ་པ། འོད་སྲུང་ཚུར་ཤོག་འོད་སྲུང་ཁྱོད་ལེགས་པར་འོངས་སོ། །ཀྱེ་མ་གནས་བརྟན་འོད་སྲུང་གིས་ནི་འདི་ལྟ་སྟེ། འདིར་འོང་བར་བྱ་བའི་ཕྱིར་ཡུན་རིང་པོ་ནས་རྣམ་གྲངས་བྱས་སོ། །འོད་སྲུང་ཁྱོད་གདན་འདིའི་ཕྱེད་ལ་འདུག་ཤིག་

ཅེས་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ལ་གདན་གྱི་ཕྱེད་གནང་མ་ཐག་ཏུ་དེ་ནས་བཅོམ་ལྡན་འདས་གདན་དེ་ལས་བསྐྱོད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་

དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་ཅིང་འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་འདི་ལྟ་སྟེ། དཔེར་ན་ཡུལ་མ་ག་དྷཱའི་ཁར་བའི་སྣོད་ལ་ལྕགས་ཀྱི་ཐུ་ལུམ་གྱིས་བསྣུན་ན་འུར་འུར་ཟེར་བ་དེ་

བཞིན་དུ་བཙུན་པ་འོད་སྲུང་ཆེན་པོ་ལ་གདན་གྱི་ཕྱེད་གནང་མ་ཐག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདན་ལས་བསྐྱོད་ནས། དེ་ནས་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྒྲ་སྐད་ཆེན་པོ་འབྱིན་ཏོ། །དེ་ནས་

Vol. 48 · folio 4a

ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་

ལ་མགོ་བོས་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ལ་བདག་ནི་ཉན་ཐོས་ལགས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་གོས་

སམ། ལྷུང་བཟེད་དམ། གདན་ནམ། དེ་ལས་གཞན་པའི་ལོངས་སྤྱོད་རྣམས་ཉན་ཐོས་རྣམས་ཀྱིས་ལོངས་སྤྱད་པར་རྔོ་མི་ཐོགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་དག་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པ་

ལགས་ཤིང་། བཅོམ་ལྡན་འདས་བཅོམ་ལྡན་འདས་ལས་ཤ་ནའི་རས་ཕྱག་དར་ཁྲོད་པ་གང་དག་བླངས་པ་དེ་དག་ཀྱང་། བཅོམ་ལྡན་འདས་མཆོད་རྟེན་དུ་གྱུར་པ་ལགས་པའི་སླད་དུ་སྟེ། དེ་དག་བདག་གིས་མ་སྤྱད་ལགས་སོ། །བཅོམ་ལྡན་འདས་དེ་སླན་ཆད་འདོད་པའི་

རྣམ་པར་རྟོག་པའི་རྣམ་པར་བརྟགས་པའམ། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པའི་རྣམ་པར་བརྟགས་པའམ། འདོད་ཆགས་ཀྱི་ཡོངས་སུ་གདུང་བས་གདུངས་པར་གྱུར་པའམ། ཞེ་སྡང་གི་ཡོངས་སུ་གདུང་བ་དང་། གཏི་མུག་གི་

ཡོངས་སུ་གདུང་བས་ཡོངས་སུ་གདུངས་པར་གྱུར་པར་མ་དྲན་ལགས་སོ། །བཅོམ་ལྡན་འདས་མདོར་ན་སློབ་པར་གྱུར་པ་བདག་གིས་བཅོམ་ལྡན་འདས་ལས་ཤ་ནའི་རས་ཕྱག་དར་ཁྲོད་མ་ནོས་པ་རྣམས་མི་སློབ་པའི་ས་ལ་ཐུག་གི་བར་དུ་སྤྱི་བོས་མནོས་ལགས་སོ། །བཅོམ་ལྡན་འདས་

བདག་གིས་ལོངས་སྤྱད་པའི་སླད་དུ་བླངས་པ་ནི་མ་ལགས་ཀྱི་གདམས་པ་དང་། རྗེས་སུ་བསྟན་པ་ལས་བརྩམས་ནས་བླངས་ལགས་སོ། །བཅོམ་ལྡན་འདས་དེ་དག་བླངས་ནས་སེམས་མཐོ་བའམ་དམའ་བར་གྱུར་པར་མི་དྲན་ལགས་སོ། །བཅོམ་ལྡན་འདས་ཤ་ནའི་རས་

Vol. 48 · folio 4b

ཕྱག་དར་ཁྲོད་དེ་དག་ཆོས་གོས་མ་མཆིས་པའི་ལུས་ལ་སྤྱད་པར་མི་དྲན་ལགས་སོ། །བཅོམ་ལྡན་འདས་ཕྱག་དར་ཁྲོད་དེ་དག་སུག་པ་མ་སེར་བས་རེག་པར་མི་དྲན་ལགས་སོ། །བཅོམ་ལྡན་འདས་གང་དང་གང་དུ་མཆི་བ་དེ་དང་དེར་ཤ་ནའི་རས་ཕྱག་དར་ཁྲོད་དེ་དག་མགོས་འཚལ་

ཅིང་མཆིས་ལགས་སོ། །བཅོམ་ལྡན་འདས་ཤ་ནའི་རས་ཕྱག་དར་ཁྲོད་དེ་དག་ཡན་ལག་མི་གཙང་བ་གང་གིས་ཀྱང་རེག་པར་མི་དྲན་ལགས་སོ། །བཅོམ་ལྡན་འདས་ཤ་ནའི་རས་ཕྱག་དར་ཁྲོད་མཆོད་རྟེན་དུ་གྱུར་པ་དེ་དག་བཅངས་ལགས་སོ། །བཅོམ་ལྡན་འདས་དེ་དག་ནི་བཅོམ་ལྡན་

འདས་ཀྱིས་སྤངས་ཤིང་གནང་བ་ལགས་ཏེ། དེ་དག་ནི་བདག་གིས་བཅངས་ལགས་སོ། །སངས་རྒྱས་རྗེས་སུ་དྲན་པ་མ་ལགས་པར་དེ་ལས་གཞན་སྙོམས་པར་འཇུག་པ་དག་གིས་བདག་གཞན་དུ་གནས་པར་མི་དྲན་ལགས་སོ། །བདག་ཇི་ལྟར་གནས་པ་ན་ས་ལ་སའི་འདུ་

ཤེས་སུ་མ་གྱུར་པ་དང་། ཆུ་ལ་ཆུའི་འདུ་ཤེས་དང་། མེ་ལ་མེའི་འདུ་ཤེས་དང་། རླུང་ལ་རླུང་གི་འདུ་ཤེས་སུ་མ་གྱུར་པ་དང་། འཇིག་རྟེན་འདིའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་མ་གྱུར་པ་དང་། བཅོམ་ལྡན་འདས་གང་མཐོང་བ་དང་། ཐོས་པ་དང་།

བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། ཡིད་ཀྱི་རྗེས་སུ་བརྟགས་པ་དང་། རྗེས་སུ་བསམས་པ་དེ་ལ་ཡང་བདག་འདུ་ཤེས་སུ་མ་གྱུར་པ་དང་། བཅོམ་ལྡན་འདས་གང་འདུ་ཤེས་མེད་པའི་གནས་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་པ་དང་།

གང་འདུ་ཤེས་ལས་ཡང་དག་པར་འདའ་བའི་གནས་པ་དང་། གང་འདུ་ཤེས་མེད་པ་ལས་ཡང་དག་པར་འདའ་བའི་གནས་པ་དང་། གང་འདུ་ཤེས་ཀྱི་གནས་པ་དང་། གང་འདུ་ཤེས་མེད་པའི་གནས་པ་དང་། གང་འདུ་ཤེས་ཐམས་ཅད་ལས་ཡང་དག་པར་འདའ་བའི་

གནས་པ་དེ་ཡང་སློབ་པའི་གནས་པ་དང་། །མི་སློབ་པའི་གནས་པར་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཅོམ་ལྡན་འདས་གནས་པ་དེ་ལ་དེ་བཞིན་གཤེགས་པ་ཡང་དག་པར་རྗེས་སུ་མ་མཐོང་། དེ་བཞིན་གཤེགས་པའི་ཆོས་རྣམས་དང་།

Vol. 48 · folio 5a

དེ་བཞིན་གཤེགས་པའི་གནས་པ་ཡང་དག་པར་རྗེས་སུ་མ་མཐོང་ལགས་ཏེ། བདག་ནི་དེ་ལྟར་གནས་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་ནམ་མཁའ་བླ་གབ་མ་མཆིས་པ་ལ་མིང་དང་བརྡ་དང་གདགས་པ་རྣམ་པ་སྣ་ཚོགས་བགྱིས་པ་དག །བཅོམ་

ལྡན་འདས་མིང་དང་བརྡ་དང་གདགས་པ་གང་དག་གིས་ནམ་མཁའ་ཞེས་ཐ་སྙད་དུ་བཏགས་པ་དང་། ནམ་མཁའ་ཞེས་བརྡར་བཏགས་པ་དང་། ནམ་མཁའ་ཞེས་རྟེན་དུ་བགྱིས་པ་དང་། བཅོམ་ལྡན་འདས་ནམ་མཁའ་ཞེའམ། བླ་གབ་མ་མཆིས་པ་ཞེའམ། སྟོང་པ་ཞེའམ།

གསོག་ཅེའམ། གསོབ་ཅེའམ། ཡམ་བརླ་ཞེའམ། གཟུང་བ་མ་མཆིས་པ་ཞེའམ། ཚད་མ་མཆིས་པ་ཞེའམ། རྟེན་པ་མ་མཆིས་པ་ཞེའམ། བླང་བ་མ་མཆིས་པ་ཞེའམ། དོར་བ་མ་མཆིས་པ་ཞེའམ། ལུས་མ་མཆིས་པ་ཞེའམ། ཇི་ལྟ་བ་བཞིན་ཞེའམ། ཡོངས་

སུ་དག་པ་ཞེའམ། བར་སྣང་ཞེའམ། ཐོགས་པ་མ་མཆིས་པ་ཞེའམ། དངོས་པོ་མ་མཆིས་པ་ཞེའམ། བསྟན་དུ་མ་མཆིས་པ་ཞེས་དེ་དག་དང་། གཞན་ཡང་ཐ་སྙད་ཀྱི་བརྡ་ཐ་དད་པ་རྣམ་པ་སྣ་ཚོགས་ཀྱིས་བརྗོད་པ་ནི་བཅོམ་ལྡན་འདས་འདི་ལྟ་སྟེ། ཚད་འདི་ཙམའམ།

ཡོངས་སུ་བཅད་པ་འདི་ཙམ་འམ། མཉམ་པའམ། མི་མཉམ་པ་ཞེས་མིང་ངམ། བརྡའམ། རྟེན་རྣམས་ཀྱིས་འཚལ་བར་མི་ནུས་ལགས་སོ། །བཅོམ་ལྡན་འདས་གང་དག་དེའི་ཕྱོགས་ཙམ་ཞིག་འཚལ་བ་དེ་དག་ཐམས་ཅད་ཀྱིས་ཀྱང་ཁ་དོག་གམ། དབྱིབས་སམ།

དམིགས་པས་ནམ་མཁའ་དེ་ཚད་འདི་ཙམ་དང་། མཆོག་འདི་ཙམ་ཞེས་བགྱི་བ་མ་འཚལ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་དེ་བཞིན་གཤེགས་པ་ཞེས་བགྱི་བའམ། སངས་རྒྱས་ཞེས་བགྱི་བའམ། སྟོན་པ་ཞེའམ། སྐྱབས་ཞེའམ། དཔུང་

གཉེན་ཞེའམ། གནས་ཞེའམ། འདྲེན་པ་ཞེའམ། རྣམ་པར་འདྲེན་པ་ཞེའམ། ཡོངས་སུ་འདྲེན་པ་ཞེའམ། སྨན་པ་ཞེའམ། གསོ་བ་པ་ཞེའམ། ལམ་སྟོན་པ་ཞེའམ། ལམ་བརྗོད་པ་ཞེའམ། གཞན་ཡང་ཐ་སྙད་ཐ་དད་པའི་ཚིག་རྣམ་པ་སྣ་ཚོགས་

Vol. 48 · folio 5b

བརྗོད་པའི་ཐ་སྙད་ཀྱི་ཚིག་གང་དག་གིས་མཁས་པ་རྣམས་ཀྱིས་བཅོམ་ལྡན་འདས་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་དང་རབ་ཏུ་བསྟོད་པ་དང་། རབ་ཏུ་བསྔགས་པ་དང་། བཅོམ་ལྡན་འདས་ཐ་སྙད་ཀྱི་ཚིག་གང་དག་གིས་འཇིག་རྟེན་མངོན་པར་བརྗོད་

པའི་ཆོས་དེ་དག་ནི་བཅོམ་ལྡན་འདས་བདག་མ་འཚལ་མི་རྟེན་མ་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཡ་མ་བརླ་དང་། ངོ་བོ་ཉིད་ཀྱིས་གསོབ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་དཔེར་བགྱི་ན་

སྒྱུ་མ་མཁན་གྱིས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བ་ཞིག་སྤྲུལ་པར་གྱུར་ལ། བཅོམ་ལྡན་འདས་དེའི་ཐད་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་

གཏོགས་པའི་སེམས་ཅན་རྣམ་པར་རྒྱལ་བར་བགྱི་བ་ལ་གནས་པ། མཐའ་ཡས་པ་དེ་དག་ཐམས་ཅད་ལྷགས་ཤིང་བཅོམ་ལྡན་འདས་དེ་ལ་ལུས་ཐ་དད་པར་ཡང་གདའ་ལ། བཅོམ་ལྡན་འདས་དེ་ལ་སེམས་ཅན་ལུས་ཐ་དད་པར་ཡང་མཐོང་ལགས་མོད་ཀྱི། བཅོམ་ལྡན་འདས་

སྒྱུ་མ་མཁན་གྱིས་སྤྲུལ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་བདག་གིས་ནི་དཔུང་གི་ཚོགས་འདིའི་བདག་པོ་བྱ་ཞིང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྗེས་སུ་འཇུག་པར་བྱའོ། །སྙམ་དུ་མི་སེམས་ལགས་ལ། དཔུང་གི་ཚོགས་ཡན་ལག་བཞི་པོ་དེ་ཡང་

འདི་སྙམ་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདི་ནི་བདག་ཅག་གི་གཙོ་བོ་ཡིན་པས་བདག་ཅག་ནི་འདིའི་རྗེས་སུ་འཇུག་པར་བྱའོ། །སྙམ་དུ་མི་སེམས་ལགས་མོད་ཀྱི། དེ་དག་དེའི་རྗེས་སུ་འཇུག་པར་བགྱིད་པར་ཡང་གདའ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཆོས་

དེ་དག་གིས་ཆོས་ཉིད་གང་ལགས་པ་དེ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའམ། ཉན་ཐོས་སམ། སློབ་པའམ། མི་སློབ་པའམ། རང་སངས་རྒྱས་སམ། སོ་སོའི་སྐྱེ་བོ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཆོས་ཉིད་དེ་ལ་དེ་བཞིན་གཤེགས་

Vol. 48 · folio 6a

པའི་ཆོས་ཉིད་དམིགས་པའམ། དེ་བཞིན་གཤེགས་པའི་ཆོས་ཉིད་མངོན་པའམ། དེ་བཞིན་གཤེགས་པའི་ཆོས་ཉིད་རྟེན་པའམ། རང་སངས་རྒྱས་ཀྱི་ཆོས་ཉིད་དམིགས་པའམ། རང་སངས་རྒྱས་ཀྱི་ཆོས་ཉིད་མངོན་པའམ། རང་སངས་རྒྱས་ཀྱི་ཆོས་

ཉིད་རྟེན་པའམ། ཉན་ཐོས་ཀྱི་ཆོས་ཉིད་དམིགས་པའམ། ཉན་ཐོས་ཀྱི་ཆོས་ཉིད་མངོན་པའམ། ཉན་ཐོས་ཀྱི་ཆོས་ཉིད་རྟེན་པའམ། སོ་སོའི་སྐྱེ་བོའི་ཆོས་ཉིད་དམིགས་པའམ། སོ་སོའི་སྐྱེ་བོའི་ཆོས་ཉིད་མངོན་པའམ། སོ་སོའི་སྐྱེ་བོའི་ཆོས་ཉིད་རྟེན་པའམ། གཟུགས་

ཀྱི་ཆོས་ཉིད་དམིགས་པའམ། གཟུགས་ཀྱི་ཆོས་ཉིད་མངོན་པའམ། གཟུགས་ཀྱི་ཆོས་ཉིད་རྟེན་པའམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཆོས་ཉིད་དམིགས་པའམ། རྣམ་པར་ཤེས་པའི་ཆོས་ཉིད་མངོན་པའམ། རྣམ་པར་

ཤེས་པའི་ཆོས་ཉིད་རྟེན་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཆོས་ཉིད་དེ་ལ་གཟུགས་སྟོང་པ་དང་། འདིས་གཟུགས་སྟོང་པ་དང་། འདི་ལ་གཟུགས་སྟོང་པ་དམིགས་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་དང་།

འདིས་རྣམ་པར་ཤེས་པ་སྟོང་པ་དང་། འདི་ལ་རྣམ་པར་ཤེས་པ་སྟོང་པ་དམིགས་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་སྟོང་པ་དང་། འདིས་དེ་བཞིན་གཤེགས་པ་སྟོང་པ་དང་། འདི་ལ་དེ་བཞིན་གཤེགས་པ་སྟོང་པ་དམིགས་པ་དང་། དེ་བཞིན་དུ་དེ་བཞིན་

གཤེགས་པའི་ཆོས་ཉིད་སྟོང་པ་དང་། འདིས་དེ་བཞིན་གཤེགས་པའི་ཆོས་ཉིད་སྟོང་པ་དང་། འདི་ལ་དེ་བཞིན་གཤེགས་པའི་ཆོས་ཉིད་སྟོང་པ་དམིགས་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་དེ་ལ་ཉན་ཐོས་མ་མཆིས། ཉན་ཐོས་ཀྱི་ཆོས་ཉིད་མ་མཆིས།

སོ་སོའི་སྐྱེ་བོ་མ་མཆིས། སོ་སོའི་སྐྱེ་བོའི་ཆོས་ཉིད་ཀྱི་བར་དུ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན། སྒྱུ་མ་མཁན་གྱིས་འཁོར་ལོས་སྒྱུར་བའམ། དཔུང་གི་ཚོགས་སྤྲུལ་པ་དེ་ལ་འཁོར་ལོས་སྒྱུར་བ་མ་མཆིས། དཔུང་གི་ཚོགས་མ་མཆིས་ལགས་

Vol. 48 · folio 6b

སོ། །སྒྱུ་མ་ལ་མ་མཆིས། སྒྱུ་མའི་ཆོས་ཉིད་ལ་མ་མཆིས། སྒྱུ་མ་མཁན་རྣམས་ལ་མ་མཆིས་ལགས་སོ། །ས་ལ་མ་མཆིས། ཆུ་ལ་མ་མཆིས། མེ་ལ་མ་མཆིས། རླུང་ལ་མ་མཆིས། ནམ་མཁའ་ལ་མ་མཆིས། རྣམ་པར་ཤེས་པ་ལ་མ་མཆིས་ལགས་སོ། །ས་

དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཁམས་རྣམས་ལ་མ་མཆིས། རྣམ་པར་ཤེས་པའི་ཁམས་ལ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་དེ་དང་འདྲ་ལགས་ཏེ། བཅོམ་ལྡན་འདས་དེ་དག་ལ། བདག་ནི་རློམ་སེམས་སུ་མི་བགྱིད།

དེ་དག་ལ་བདག་ནི་བྱུང་བར་མ་གྱུར། དེ་དག་བདག་གིས་ནི་མ་སྨྲས་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་བདག་ནི་ཡོན་ཏན་གྱི་ཆོས་རྣམས་ཉིད་ལས་དབེན་པ་ལགས་པས་དེ་བཞིན་གཤེགས་པའི་ཆོས་རྣམས་རྗེས་སུ་དྲན་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་ནི་

ལམ་ལགས། དེ་ནི་ཚུལ་ལགས་ཏེ། ལམ་དེ་ལ་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལམ་དེ་རྗེས་སུ་ཐོབ་པ་རྣམས་ནི་འདི་སྙམ་དུ་གཞན་ཡང་དག་པར་བླངས་ལ་འཇུག་པར་བྱ་ཞིང་། སྟོན་པ་ཡང་གཞན་བཙལ་བར་བྱ་ལ། དགེ་སྦྱོང་ངམ། བྲམ་ཟེ་གཞན་སྨྲ་བའི་གདོང་

དུ་གྱེན་དུ་བལྟ་བར་བྱ་ཞིང་། ཚེ་དང་ལྡན་པ་འདི་ནི་ཤེས་བཞིན་པས་ཤེས། མཐོང་བཞིན་པས་མཐོང་། ཡང་དག་པའི་ལྟ་བ་ཡང་འདོགས་བཞིན་པས་འདོགས་པར་བྱེད་དོ་སྙམ་དུ་མི་སེམས་ལགས་ཏེ། དེ་ནི་གནས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་གནས་པ་འདི་ལ་ནི་

བདག་སོམ་ཉི་མ་མཆིས་པ་ཐོབ་པས་གནས་ལགས་སོ། །ཆོས་ཀྱི་སྒོ་དེ་ཡང་རྗེས་སུ་ཐོབ་པས་གནས་ལགས་སོ། །ཆོས་ཐམས་ཅད་ནི་འདི་ལྟ་སྟེ། དབེན་པའི་ཚུལ་དང་། སྐྱེ་བ་མ་མཆིས་པའི་ཚུལ་དག་གིས་ཚུལ་གཅིག་པ་ལགས་སོ། །བཅོམ་ལྡན་འདས་བདག་

ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་ཐེ་ཚོམ་ཞུ་བར་འཚལ་བ་ལགས་ལ། དེ་བཞིན་གཤེགས་པས་ཀྱང་བདག་ལ་སྐབས་ཕྱེ་བ་ལགས་ཏེ། དབང་པོའི་བྲག་ཕུག་ནས་འོད་མའི་ཚལ་འདིར་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་

Vol. 48 · folio 7a

བདག་འདིར་མཆིས་པ་དང་། བཅོམ་ལྡན་འདས་ཀྱི་གདན་གྱི་ཕྱེད་གནང་སྟེ། བདག་ལ་གནང་བ་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་འུར་འུར་ཞིང་རྣམ་པ་དྲུག་ཏུ་ཡང་གཡོས། རབ་ཏུ་གཡོས་ལགས་སོ། །བཅོམ་ལྡན་འདས་བདག་

ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་ཉིད་ཆེན་པོའི་ཆོས་དང་ལྡན་པ་དེ་ལྟ་བུ་དང་། རྒྱ་ཆེན་པོའི་ཆོས་དང་ལྡན་པ་དེ་ལྟ་བུ་དང་། སློབ་དཔོན་མ་མཆིས་ཤིང་རང་བྱུང་བ་ལགས་ཀྱང་ཐུགས་རྗེ་ཆེན་པོའི་ཚུལ་ལ་བཞུགས་ཤིང་། ལྷག་པའི་ང་རྒྱལ་མ་མཆིས་པ་དང་། ང་རྒྱལ་

མ་མཆིས་པ་ལ་བཞུགས་ནས་བདག་ལ་གདན་གྱི་ཕྱེད་གནང་བ་ངོ་མཚར་ལགས་སོ་སྙམ་བགྱིད་དེ། བཅོམ་ལྡན་འདས་དཔེར་བགྱི་ན་མི་དབུལ་པོ་འཚོ་བ་ངན་པ་ཚེགས་ཀྱིས་འཚོ་བ་ཞིག་ཚེགས་ཀྱིས་ཁྱིམ་གྱི་ཕུན་སུམ་ཚོགས་པ་བསྒྲུབས་ནས། རྒྱལ་པོ་རྒྱལ་རིགས་སྤྱི་བོ་

ནས་དབང་བསྐུར་བ། དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་གན་དུ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། དྲི་བར་བགྱི་བའི་སླད་དུ་མཆིས་པར་གྱུར་ལ། མཆིས་པ་དེ་ལ་དེས་སྟན་གྱི་ཕྱེད་སྩལ་ན། དེ་ནས་དེ་འདི་སྙམ་དུ་སེམས་ལགས་ཏེ།

རྒྱལ་པོ་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་བདག་སོང་དུ་ཟིན་ཀྱང་བདག་གིས་བལྟ་བའམ། ཕྱག་བྱ་བ་ཡང་དཀའ་བར་འགྱུར་ན་གསོལ་བ་ལྟ་ཅི་སྨོས། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་བདག་ཕྱིན་མ་ཐག་པ་ལ་སྟན་གྱི་ཕྱེད་བྱིན་དུ་ཟིན་ཀྱང་འདི་ནི་ངོ་མཚར་རོ་སྙམ་

བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རང་བྱུང་བ་སློབ་དཔོན་མ་མཆིས་པ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་བསྙེན་པར་དཀའ་ཞིང་རྟོགས་པར་དཀའ་བ་ལགས་ན།

ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་ཐེ་ཚོམ་ཞུ་བ་དང་། བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་

Vol. 48 · folio 7b

སླད་དུ་བདག་ཇི་ལྟ་ཇི་ལྟར་མཆིས་པ་ན། བཅོམ་ལྡན་འདས་བདག་འདི་སྙམ་དུ་སེམས་ལགས་ཏེ། བདག་གིས་ནི་དེ་བཞིན་གཤེགས་པ་ལྟ་བ་རྙེད་ཅིང་ཕྱག་བགྱི་བ་རྙེད་ལ་བསྙེན་བཀུར་བགྱི་བ་དང་། ཞུ་བ་དང་། ཡོངས་སུ་ཞུ་བར་བགྱི་བ་རྙེད་དེ། བཅོམ་ལྡན་འདས་ཀྱི་ད་ལྟར་

བདག་འདིར་ལྟ་མཆིས་པ་ལ་གདན་གྱི་ཕྱེད་གནང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་བགྱིད་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་ན་མི་དབུལ་པོ་དེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་བལྟ་བ་ཉིད་དང་། ཕྱག་བགྱི་བ་ཉིད་ཡང་ངོ་མཚར་ལགས་པ་དེ་བཞིན་དུ།

བཅོམ་ལྡན་འདས་བདག་ནི་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བྱམས་པ་ཆེན་པོ་དང་ལྡན་ཞིང་། ཐུགས་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ལྡན་པ་ལགས་ཀྱང་། དེ་བཞིན་གཤེགས་པའི་ཡོན་ཏན་གང་དག་ལགས་པ་དེ་དག་སྟོན་པ་

མ་གཏོགས་པར་དེ་བཞིན་གཤེགས་པ་འདི་སྙམ་དུ་བདག་ནི་ཕུལ་དང་། བདག་ནི་མཆོག་དང་། བདག་ནི་ཁྱད་པར་དུ་འཕགས་པའོ་སྙམ་དུ་མི་དགོངས་པ་ནི་ངོ་མཚར་ལགས་ཏེ། བདག་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་

སངས་རྒྱས་ཀྱི་ཡོན་ཏན་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་སོ། །སྙམ་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ལེགས་སོ་ལེགས་སོ། །འོད་

སྲུང་ཁྱོད་ཡང་ལེགས་སོ། །འོད་སྲུང་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་ཅིང་། དཔག་ཏུ་མེད་པའི་ཆོས་དང་ལྡན་ཏེ། དེ་ནི་སྦྱིན་པའི་ཚད་དེ་ལྟ་བུ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་དེ་ལྟ་བུ་དང་། ཤེས་རབ་ཀྱི་བར་གྱི་ཚད་དེ་ལྟ་བུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

ཚད་དེ་ལྟ་བུ་དང་། སྨོན་ལམ་རྣམས་ཀྱི་ཚད་དེ་ལྟ་བུ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ཚད་དེ་ལྟ་བུ་དང་། ཐབས་ཀྱི་ཚད་དེ་ལྟ་བུ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་དེ་ལྟ་བུ་དང་། སྤྱོད་པའི་ཚད་དེ་ལྟ་བུ་དང་། སྤྱོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་དེ་ལྟ་བུ་

Vol. 48 · folio 8a

དང་། རྣམ་པར་གྲོལ་བའི་ཚད་དེ་ལྟ་བུ་དང་། རྣམ་པར་གྲོལ་བའི་ཕ་རོལ་ཏུ་ཕྱིན་པའི་ཚད་དེ་ལྟ་བུ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཚད་དེ་ལྟ་བུ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕ་རོལ་ཏུ་ཕྱིན་པའི་ཚད་དེ་ལྟ་བུས་དཔག་པར་མི་ནུས་སོ། །

འོད་སྲུང་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་མི་མཉམ་པའི་ཡེ་ཤེས་རྣམས་ཡིན་ཏེ། དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པར་བྱེད་པའོ། །བཞི་གང་ཞེ་ན། ཚུལ་ཁྲིམས་མཉམ་པ་ཉིད་དང་། ཏིང་ངེ་འཛིན་མཉམ་པ་ཉིད་དང་། ཤེས་

རབ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་དེ། འོད་སྲུང་མཉམ་པའི་ཡེ་ཤེས་བཞི་པོ་དེ་དག་ནི་གང་དག་དང་ལྡན་ན་དེ་བཞིན་གཤེགས་པ་འཁོར་གྱི་ནང་ན་བཞུགས་ཤིང་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་

ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་འཇིག་རྟེན་བསམ་ཡས་ན། །སངས་རྒྱས་ཡེ་ཤེས་མཐའ་ཡས་ཏེ། །སེམས་ཀྱི་ལས་ནི་སྦྱངས་པས་ན། །དེ་དག་སེང་གེའི་སྒྲ་སྒྲོགས་བྱེད། །སེང་གེའི་སྒྲ་སྒྲོགས་བྱེད་པ་ནི། །མུ་སྟེགས་གཞན་རྣམས་སྐྲག་པར་

འགྱུར། །ཆོས་ཀྱི་ཆོས་ཉིད་ཐོས་ནས་སུ། །གཡང་སར་རབ་ཏུ་ལྟུང་བར་འགྱུར། །བདག་ཏུ་འདུ་ཤེས་གང་གནས་དང་། །སེམས་ཅན་འདུ་ཤེས་གང་གནས་པ། །འོད་སྲུང་དེ་དག་བསྟན་འདི་ལ། །མུ་སྟེགས་ཅན་ཞེས་ངས་བཤད་དོ། །དངོས་པོའི་འདུ་ཤེས་གང་གནས་

དང་། །ང་ཡི་ང་ཞེས་རྟེན་པ་དང་། །འོད་སྲུང་དེ་དག་བསྟན་འདི་ལ། །མུ་སྟེགས་ཅན་ཞེས་ངས་བཤད་དོ། །གང་དག་ཚུལ་ཁྲིམས་ཕུང་པོ་དང་། །བསམ་གཏན་རྣམས་དང་ཐོས་མང་གིས། །རློམ་སེམས་རྣམ་རྨོངས་དེ་དག་ནི། །འོད་སྲུང་མུ་སྟེགས་ཅན་རྣམས་སོ། །

བདག་ནི་ཆོག་ཤེས་འདོད་ཆུང་དང་། །རབ་ཏུ་དབེན་ལ་གནས་པ་དང་། །ཆོས་གོས་ངན་པ་འཆང་སྙམ་པ། །འོད་སྲུང་དེ་ནི་མུ་སྟེགས་སོ། །དཔེར་ན་ནམ་མཁའ་འདི་ལ་ནི། །ལག་པ་བསྐྱོད་ཀྱང་ཐོགས་མེད་ཅིང་། །དཔེར་ན་མཁའ་ལ་རྡུལ་གྱིས་ཀྱང་། །ནམ་ཡང་གོས་པར་

Vol. 48 · folio 8b

མི་འགྱུར་བ། །དེ་བཞིན་འོད་སྲུང་ངས་བསྟན་པའི། །ཆོས་འདིར་གང་དག་གནས་དེ་དག །ཉོན་མོངས་རྣམས་ཀྱིས་མི་གོས་ཏེ། །མཁའ་ལས་རྡུལ་དང་སྤྲིན་བཞིན་ནོ། །ཇི་ལྟར་མཁའ་ལ་མི་ཡིས་མེ་ཏོག་སྤོས་རྣམས་དང་། །དེ་བཞིན་ཕྲེང་བ་བྱུག་པ་རྣམས་ཀྱིས་

འདིར་མཆོད་ཀྱང་། །བདག་མཆོད་ལ་ལ་སྐྱེ་འགྱུར་འཇིག་པར་འགྱུར་རོ་ཞེས། །དེ་ལ་བློ་གྲོས་ཀྱང་ནི་འབྱུང་བར་མི་འགྱུར་དང་། །ཇི་ལྟར་ནམ་མཁའ་དེ་ལ་གོས་པར་མི་འགྱུར་དང་། །ཇི་ལྟར་དེ་ཡི་རང་བཞིན་གོས་པར་མི་འགྱུར་དང་། །ཇི་ལྟར་དེ་ཡི་རང་བཞིན་ངོ་བོ་ཉིད་ཀྱིས་

གསོབ། །དེ་བཞིན་དགེ་སྦྱོང་དག་ལ་སྟོང་པའི་ཆོས་རྣམས་སོ། །ཇི་ལྟར་གང་གིས་ནམ་མཁའ་བསྡིགས་པ་དང་། །ཇི་ལྟར་ནམ་དུ་ཡང་ནི་གཤེ་བར་མི་འགྱུར་བ། །དེ་བཞིན་དགེ་སྦྱོང་དག་ལ་ཆོས་རྣམས་གང་དག་ཡིན། །དེ་དག་ནམ་མཁའ་བཞིན་དུ་གོས་པ་མེད་

ཆོས་རྣམས། །ཆོས་འདིར་དགེ་སྦྱོང་གང་དག་ལེགས་པར་བསླབས་རྣམས་དང་། །གཞན་དག་སློབ་པ་རྣམས་དང་སློབ་པར་འགྱུར་བ་རྣམས། །འདི་ལ་ནམ་དུའང་གང་དག་འཆགས་པར་མི་འགྱུར་བ། །ང་ཡིས་དེ་དག་དགེ་སྦྱོང་ལེགས་བསླབས་རྣམས་སུ་བསྟན། །

ཇི་ལྟར་མཁའ་ལ་ནམ་ཡང་ལག་པ་མི་ཐོགས་དང་། །རྡུལ་དང་དུ་བ་རྣམས་ཀྱིས་གོས་པར་མི་འགྱུར་དང་། །ཇི་ལྟར་ལམ་ནི་ནམ་ཡང་བྱེད་པར་མི་འགྱུར་བ། །ཆོས་ལ་དེ་བཞིན་མོས་པ་རྣམས་ནི་དགེ་སྦྱོང་ཡིན། །ཇི་ལྟར་སྤྲིན་དང་བྲལ་བར་གྱུར་པའི་ནམ་མཁའ་ལ། །

ཟླ་བ་ཐོགས་པ་མེད་པར་མཁའ་ལ་འགྲོ་བྱེད་ཀྱང་། །བདག་གིས་བར་སྣང་ལ་ནི་སྣང་བར་བྱ་སྙམ་དུ། །དེ་ལ་རྣམ་རྟོག་དེ་ནི་འབྱུང་བར་མི་འགྱུར་བཞིན། །རྒོད་མེད་བདག་ཉིད་དགེ་སློང་ཟླ་བ་ལྟ་བུ་ཡིས། །སྦྱིན་པའི་བདག་པོའི་ཁྱིམ་རྣམས་སུ་ནི་འགྲོ་བར་བྱ། །རྒོད་མེད་ང་རྒྱལ་

རྣམ་གྲོལ་སེམས་དང་ལྡན་པ་དང་། །འཇིག་རྟེན་ཆོས་རྣམས་ཀྱིས་ནི་མ་གོས་སེམས་ལྡན་བྱ། །ཁྱིམ་རྣམས་ལ་ནི་ང་རྒྱལ་སྤངས་ནས་བསྟེན་པར་བྱ། །དེར་ཕྱིན་ནས་ཀྱང་ཆོས་ཉིད་རབ་ཏུ་བརྗོད་པར་བྱ། །བདེ་དང་རྙེད་པའི་ཕྱིར་ནི་འདོད་པའང་སྤངས་ནས་སུ། །འཇིག་རྟེན་

Vol. 48 · folio 9a

རྣམ་དག་ཚུལ་ཁྲིམས་ཅན་དུ་གནས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ལོངས་ཤིག །ལོངས་ལ་རང་གི་སྟན་ལ་འདུག་ཤིག །འོད་སྲུང་ཁྱོད་ལ་ཆོས་ཀྱི་ཐེ་ཚོམ་ཇི་སྙེད་ཡོད་པ་དེ་དག་དེ་བཞིན་

གཤེགས་པ་ལ་དྲིས་ཤིག་དང་། འོད་སྲུང་ངས་དྲིས་པ་ལན་བཏབ་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སའི་སྟེང་དེ་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་

བཅོམ་ལྡན་འདས་ཀྱིས་ཡང་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་འཛམ་བུའི་གླིང་འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་

ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་།

དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་ཡིན་པ་དེ་དག་ཀྱང་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་ཞུགས་ཏེ། དེ་དག་ཞུགས་ནས་མཐའ་ཡས་ཤིང་དཔག་ཏུ་མེད་པར་ཤེས་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་

པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཚངས་

པ་ཆེན་པོ་དང་། འོད་གསལ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་ལྷའི་བུ་ཇི་སྙེད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་

Vol. 48 · folio 9b

ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ་དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་རྫུ་འཕྲུལ་

ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། མ་དྲོས་པ་དང་། སྣམ་བུའི་དབང་ཕྱུག་དང་། གཽ་ཏ་མ་དང་། དགའ་བོ་དང་། ཉེ་དགའ་དང་། གཟི་ཅན་དང་། འཇོག་པོ་དང་། རབ་མཛེས་དང་། ཨེ་ལའི་འདབ་དང་། དེ་དག་དང་

གཞན་ཡང་ཀླུ་བྱེ་བ་ཕྲག་སྟོང་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་ཅིང་རྒྱ་ཆེན་པོའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།

ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་ཞུགས་ནས་གཅིག་ལ་གཅིག་ཉམ་ང་བ་མེད་པས་

འཁོད་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ལོངས་ལ་དེ་བཞིན་གཤེགས་པའི་གདན་ཤོམས་ཤིག །དེ་བཞིན་

གཤེགས་པ་དེ་ལ་བཞུགས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པའི་སྤྱོད་པ་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པའི་ཆོས་ཀྱི་

རྣམ་གྲངས་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཆོས་ལ་ཡང་དག་པར་གཞོལ་བའི་ཚུལ་གྱི་སྒོ་རྒྱ་མཚོའི་ཕྱག་རྒྱ་ཡང་དག་པར་སྟོན་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་བསྒྲུབ་པ་ཡང་དག་པར་སྟོན་པར་འགྱུར། སངས་རྒྱས་

Vol. 48 · folio 10a

ཀྱི་ཆོས་སྒྲུབ་པ་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྒྲུབ་པ་ཡང་དག་པར་སྟོན་པར་འགྱུར། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྒྲུབ་པ་ཡང་དག་པར་སྟོན་པར་འགྱུར་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་བར་དུ་ཡང་དག་པར་

སྟོན་པར་འགྱུར། ཆོས་ཐམས་ཅད་ཀྱི་ཚུལ་གྱི་སྒོ་སྒྲུབ་པ་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་དབང་པོ་སྒྲུབ་པ་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་གནས་པའི་སྤྱོད་པ་སྒྲུབ་པ་ཡང་དག་པར་སྟོན་པར་ཡང་འགྱུར། འཁོར་བཞི་ཡང་དག་

པར་ཚིམ་པར་བྱེད་པར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་ཡང་ཡང་དག་པར་ཚིམ་པར་བྱེད་པར་འགྱུར། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་

བ་དང་། དེ་བཞིན་དུ་ད་ལྟར་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། སྤྱོད་པ་དང་། སྨོན་ལམ་རྣམས་དང་། ཡེ་ཤེས་ཀྱི་ཕྱོགས་ཙམ་ཞིག་ཡང་དག་པར་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་

པ་མཽད་གལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་གདན་འཕང་དུ་ཚངས་པའི་འཇིག་རྟེན་སྲིད་ཅིག་བཤམས་སོ། །སྟེང་གི་བར་སྣང་ལ་ཡང་བཅོམ་ལྡན་འདས་ཀྱི་འཆག་ས་རིན་པོ་ཆེ་སྣ་བདུན་ལས་

བྱས་པ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ། སྲིད་ཀྱི་ཚད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་དང་ལྡན་པ། རྒྱར་ནི་དཔག་ཚད་བདུན་བརྒྱ་དང་ལྡན་པ་ཞིག་བྱས་སོ་འཆག་ས་དེ་ལ་ཡང་རྩིག་པ་རིམ་པ་བདུན་དང་། རྟ་བབས་རིམ་པ་བདུན་དང་། སྟེགས་བུ་རིམ་པ་བདུན་དང་།

དྲིལ་བུ་གཡེར་ཀའི་དྲ་བ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བ་སྤྲུལ་ཏོ། །འཆག་ས་དེའི་གཡས་གཡོན་དུ་ཡང་འདི་ལྟ་སྟེ། གསེར་དང་། དངུལ་དང་། ཤེལ་དང་། བཻ་དཱུརྱ་རིན་པོ་ཆེ་སྣ་བཞིའི་ཤིང་ལྗོན་པ་དག་མངོན་པར་སྤྲུལ་ཏོ། །གསེར་ལས་བྱས་པའི་ཤིང་ལྗོན་པ་

Vol. 48 · folio 10b

རྣམས་ལ་དངུལ་གྱི་ལོ་མ་དག་དང་། ཤེལ་གྱི་མེ་ཏོག་དག་དང་། བཻ་དཱུརྱ་ལས་བྱས་པའི་འབྲས་བུ་དག་དང་། དངུལ་ལས་བྱས་པའི་ཤིང་ལྗོན་པ་རྣམས་ལ་གསེར་གྱི་ལོ་མ་དག་དང་། བཻ་དཱུརྱ་ལས་བྱས་པའི་མེ་ཏོག་དག་དང་། ཤེལ་ལས་བྱས་པའི་འབྲས་བུ་དག་དང་། བཻ་དཱུརྱ་

ལས་བྱས་པའི་ཤིང་ལྗོན་པ་རྣམས་ལ་གསེར་གྱི་ལོ་མ་དག་དང་། དངུལ་གྱི་མེ་ཏོག་དག་དང་། ཤེལ་གྱི་འབྲས་བུ་དག་དང་། ཤེལ་ལས་བྱས་པའི་ཤིང་ལྗོན་པ་རྣམས་ལ་གསེར་གྱི་ལོ་མ་དག་དང་། དངུལ་གྱི་མེ་ཏོག་དག་དང་། བཻ་དཱུརྱ་ལས་བྱས་པའི་འབྲས་བུ་དག་མངོན་

པར་སྤྲུལ་ཏོ། །ཤིང་ལྗོན་པ་ཐམས་ཅད་ཀྱི་བར་དག་ཏུ་ཡང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་བཀང་བའི་རྫིང་ཐེམ་སྐས་བཞི་དང་ལྡན་པ། ཐེམ་སྐས་དེ་དག་ཀྱང་རིན་པོ་ཆེ་སྣ་བཞི་གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་ལས་བྱས་པ། གསེར་གྱི་ཕྱེ་མ་བདལ་

བ། ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཁེབས་པ། སྟེང་གི་བར་སྣང་ལ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་དྲ་བའི་བླ་རེ་བྲེས་པ་ཞིག་མངོན་པར་སྤྲུལ་ཏོ། །འཆག་ས་དེ་ཡང་དར་གྱི་ལྡ་ལྡི་མང་པོས་སྤྱངས་པ། བདུག་སྤོས་དྲི་ཞིམ་པོས་བདུགས་པ།

མི་བདུན་གྱི་སྲིད་ཙམ་དུ་མེ་ཏོག་སྣ་ཚོགས་ཀྱིས་གཅལ་བཀྲམ་པ་ཞིག་མངོན་པར་སྤྲུལ་ཏོ། །ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དེ་དག་ལ་ཡང་མཽད་གལ་གྱི་བུ་དང་འདྲ་བའི་དགེ་སློང་དག་མངོན་པར་སྤྲུལ་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་

ཆེན་པོས་རྫུ་འཕྲུལ་གྱིས་བྱས་པའི་གདན་དེ་ལྟ་བུ་དེ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་གདན་བཤམས་ལགས་ན། དེའི་དུས་ལ་དབབ་པར་མཁྱེན་པར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་གདན་བཤམས་ཟིན་ཏམ། བཅོམ་ལྡན་འདས་བདག་གིས་བཤམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

Vol. 48 · folio 11a

པོ་ཡུལ་མཐའ་ཡས་པ་ལ་དམིགས་པ་སྒྲུབ་པ་ངེས་པར་སྟོན་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སེང་གེའི་ཁྲི་ཤོམས་ཤིག །དེ་བཞིན་གཤེགས་པ་དེ་ལ་བཞུགས་ནས་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་

བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུལ་མཐའ་ཡས་པ་ལ་དམིགས་པ་སྒྲུབ་པ་ངེས་པར་སྟོན་པས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་གདན་བཤམས་སོ། །གདན་

དེ་ཤོམ་པ་ན་བྱང་ཆུབ་སེམས་དཔའ་ཇི་སྙེད་འདུས་པ་དེ་དག་ཐམས་ཅད་ཀྱིས་སེང་གེའི་གདན་དེར་རང་རང་གིས་བླ་གོས་དག་བཏིང་ངོ་། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་གིས་ནི་འདི་ལྟ་སྟེ། ཐེ་ཚོམ་དང་སོམ་ཉི་བསལ་བའི་ཕྱིར་རྫུ་འཕྲུལ་མངོན་

པར་འདུ་བྱ་བ་མངོན་པར་འདུ་མཛད་པ་གང་གིས་བྱང་ཆུབ་སེམས་དཔའ་དེ་དག་གི་སྤྱད་པ་བསྒྲུབ་པ་དང་། འཇུག་པ་བསྒྲུབ་པ་དང་། སྨོན་ལམ་བསྒྲུབ་པ་དང་། ཞིང་བཀོད་པ་བསྒྲུབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་བསྒྲུབ་པ་གང་དག་ཡིན་པ་དང་། བྱང་ཆུབ་

སེམས་དཔའ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་ཀྱི་ཞིང་གི་བཀོད་པ་འབྱུང་བ་དང་། ཉན་ཐོས་ཕུན་སུམ་ཚོགས་པ་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་འབྱུང་བ་དང་། ཆོས་བསྟན་པ་ཕུན་

སུམ་ཚོགས་པ་འབྱུང་བ་དང་། ཚེ་ཕུན་སུམ་ཚོགས་པ་དང་། མདོག་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། དཔེ་བྱད་ཕུན་སུམ་ཚོགས་པ་དང་། ཡང་དག་པའི་སྦྱོར་བ་ཕུན་སུམ་ཚོགས་པ་དང་། དམ་པའི་

ཆོས་རབ་ཏུ་རྣམ་པར་མི་འཇིག་པ་ཕུན་སུམ་ཚོགས་པ་འབྱུང་བ་གང་དག་ཡིན་པ་དེ་དག་ཐམས་ཅད་རང་རང་གི་ཆོས་གོས་དག་ལས་མཐོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེས་ངེས་པར་མངོན་པར་འདུ་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་མཁྱེན་

Vol. 48 · folio 11b

བཞིན་དུ་གདན་དེ་ལ་བཞུགས་ཏེ། བཅོམ་ལྡན་འདས་གདན་དེ་ལ་བཞུགས་ནས་ཀྱང་ཡུལ་མཐའ་ཡས་པ་ལ་དམིགས་པ་བསྒྲུབ་པ་ངེས་པར་སྟོན་པ་ཞེས་བྱ་བ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ནས། དེ་ནས་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་བླ་གོས་ཇི་སྙེད་པ་དེ་དག་བཅོམ་ལྡན་འདས་ཀྱི་གདན་དུ་བཏིང་ངོ་། །དེ་དག་གིས་རང་རང་གི་ཆོས་གོས་དེ་དག་ལ་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ནས།

རབ་ཏུ་རྣམ་པར་མི་འཇིག་པ་ཕུན་སུམ་ཚོགས་པའི་བར་དུ་ཡང་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཡང་དག་པར་ཚིམ་ཞིང་ཡི་རངས་ཏེ། དགའ་བ་དང་དང་བ་ལ་གནས་ནས་བཅོམ་ལྡན་འདས་ལ་སྒྲ་སྐད་འཐུན་པར་ཚིགས་སུ་བཅད་དེ་བསྟོད་པ། ཆོ་ག་སྤྱོད་

པ་ཡོན་ཏན་གནས་གྱུར་པ། །ཆོས་རྣམས་ཀུན་ལ་དབང་ལྡན་བསྙེངས་མི་མངའ། །ཡོན་ཏན་ཀུན་ལ་གནས་པས་ཁྱོད་མཛེས་ཏེ། །རྒྱལ་བ་དབང་ལྡན་ཏིང་འཛིན་ཡང་དག་གནས། །གཡོ་དང་སྒྱུ་ནི་ཁྱོད་ལ་ཡོངས་མི་མངའ། །ང་རྒྱལ་རྒོད་དང་ཚུལ་འཆོས་མི་མངའ་

སྟེ། །རིག་དང་རྣམ་གྲོལ་དག་གི་སྤྱོད་པ་མཁྱེན། །ཏིང་འཛིན་དེ་ལ་གནས་པས་ཁྱོད་མཛེས་སོ། །དབང་ལྡན་བསྙེངས་བྲལ་ཏིང་འཛིན་གནས་ནས་སུ། །རྫུ་འཕྲུལ་མི་མཚུངས་བླ་ན་མེད་པ་བསྟན། །ཆགས་མེད་ཡེ་ཤེས་བསྟན་ཕྱིར་དབང་ལྡན་པ། །མ་འོངས་

དུས་ནི་ཁྱོད་ཀྱིས་དེང་བསྟན་ཏོ། །མི་གཡོ་གོ་འཕང་ཞི་བ་ཐོབ་སྙམ་བགྱིད། །དེ་རིང་བྱང་ཆུབ་ལ་ནི་མཆིས་སྙམ་བགྱིད། །བདུད་དཔུང་བཅས་པ་རབ་ཏུ་བཅོམ་སྙམ་བགྱིད། །དེ་རིང་རིག་པ་རྗེས་སུ་ཐོབ་སྙམ་བགྱིད། །རྒྱལ་བས་གང་གིས་འདུས་བྱས་སྟོང་གཟིགས་པའི། །

བླ་མེད་མིག་ནི་ཐོབ་པར་འགྱུར་སྙམ་བགྱིད། །ཆགས་མེད་ཡེ་ཤེས་ཁྱོད་ཀྱི་བཀའ་དྲིན་ལ། །མིག་ཀྱང་ཆགས་པ་མཆིས་པ་ཡོད་མ་ལགས། །རྣམ་པར་མཐོང་ཡང་ཅི་ཡང་མ་མཐོང་ཞིང་། །ཆོས་ནི་གང་ལའང་ཞེ་འགྲས་མ་མཆིས་ཏེ། །གང་ལ་ཡིད་ནི་ཞེ་འགྲས་མ་

Vol. 48 · folio 12a

མཆིས་པ། །དེ་ནི་སངས་རྒྱས་སྤྱན་མཆོག་དེ་ལགས་སོ། །ཇི་ལྟར་རྒྱལ་བའི་སངས་རྒྱས་སྤྱན་མཆོག་གིས། །ཁམས་གསུམ་ཤེས་ལ་མ་ཆགས་འཇུག་པ་བཞིན། །དངོས་དང་དངོས་མེད་མཉམ་མཚུངས་ཡིད་དང་ལྡན། །ཡང་དག་བརྩོན་ཞིང་

རང་གི་མིག་ལ་གནས། །གང་ཚེ་རྒྱལ་བ་ཏིང་འཛིན་དེར་གནས་ཏེ། །དེ་རིང་དེ་དག་ཀུན་གྱིས་ཐོབ་སྙམ་བགྱིད། །དེ་དག་གིས་ནི་གཟུངས་སྒོ་དེ་དག་དང་། །ཆོས་ལ་རྣམ་པར་གྲོལ་བའི་སྒོ་མཆོག་ཐོབ། །སྒོར་འཇུག་ཡོངས་སུ་སྦྱང་བྱས་རྣམ་དག་པ། །རྒྱལ་བའི་

བློ་ནི་ཡོང་ཡེ་ཉམས་མི་འགྱུར། །སྦྱིན་པ་ཆེན་པོའི་རྣམ་སྨིན་དེ་འདྲ་སྟེ། །ཁྲིམས་ཆེན་ཡོན་ཏན་དེ་དག་དེ་འདྲ་ལགས། །ཤེས་རབ་ཆེན་པོའི་ཡོན་ཏན་དེ་འདྲ་སྟེ། །སྔོན་ཆད་ཆོས་དེ་དག་ནི་བསྟེན་པ་མཛད། །ཁྱོད་ནི་གདན་བཞུགས་བསམ་གཏན་མཛད་པ་ན། །

མི་ཡི་དབང་པོ་ཕྱོགས་བཅུར་ལྷང་ངེར་གྱུར། །རྒྱལ་སྲས་ཐུགས་ཀྱི་སྲས་པོ་འདུས་དེ་དག །གང་ནས་ཤི་འཕོས་ལས་ནི་ཅི་མཆིས་པ། །ལྷ་དང་ཀླུ་དང་མི་མིན་མིའམ་ཅི། །ཀུན་ལ་དེ་རིང་ཤེས་པ་དེ་འཇུག་གོ། །ཀུན་དུ་སྣང་བར་གྱུར་པའི་ཏིང་འཛིན་ལ། །གང་གིས་

བསྐལ་བྱེར་ཤེས་པ་དེ་བསྐྱེད་པ། །སོམ་ཉི་གཅོད་ཅིང་ཐེ་ཚོམ་སེལ་བ་ཡིས། །མི་མཆོག་སེང་གེ་བཞིན་དུ་སྒྲོགས་པར་འགྱུར། །བདག་དང་གཞན་ལ་ཕན་པ་ཚོལ་བ་ན། །འདི་ལྟར་སྔོན་ཆད་སྦྱིན་པ་སྩལ་ལགས་ཏེ། །འདི་ལ་སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་གང་། །

སེམས་ཅན་ཀུན་ལ་དེ་འདྲར་བསྐལ་པ་མཉམ། །སེམས་ཅན་དེ་དག་ཐམས་ཅད་མ་བཏུད་པར། །འདི་ལྟར་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་གང་། །སེམས་ཅན་ཀུན་ལ་ཀུན་ཏུ་མཁས་པས་ན། །འདི་ལ་ཏིང་འཛིན་འཇུག་དང་ཤེས་རབ་མཆོག །དེས་ན་ཁྱོད་ཀྱིས་ཏིང་འཛིན་རྣམ་

པར་སྦྱངས། །དཔའ་བོ་དེ་རིང་གདན་ལ་བཞུགས་པ་ལ། །ཐལ་མོ་སྦྱར་ནས་ཁྱོད་ལ་ཞུ་ལགས་ན། །སོམ་ཉི་བཅད་ཅིང་ཐེ་ཚོམ་བསལ་དུ་གསོལ། །དེང་འདིར་ཆོས་ལ་ཀུན་ཏུ་སྣང་ཐོབ་ཅིང་། །ཐེ་ཚོམ་བྲལ་ཏེ་སྣང་བ་ཐོབ་གྱུར་པས། །སེམས་ཅན་གང་དག་འབྱུང་དང་བདག་

Vol. 48 · folio 12b

ཅག་ལ། །ཆོས་ཀྱི་ཚུལ་ནི་ཡུན་རིང་གནས་པར་འགྱུར། །གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། །།ཡང་དེའི་ཚེ་འཁོར་འདུས་པ་དེ་ཉིད་དུ་པད་མ་དཔལ་གྱི་སྙིང་པོ་ཞེས་བྱ་བ་གཞོན་ནུར་གྱུར་པ་ཞིག་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་པད་མ་དཔལ་གྱི་སྙིང་པོ་

གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདུག་གོ། །དེ་ལྟར་འདུག་པ་དེའི་སེམས་ལ་རྣམ་པར་རྟོག་པ་འདི་ལྟ་བུ་བྱུང་སྟེ། བདག་

ནི་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྒོ་རྣམས་ཞུ་བར་འདོད་པ་ཡིན། རྡོ་རྗེའི་ཚིག་རྣམས་དང་། རྒྱུན་མི་གཅོད་པ་སྒྲུབ་པའི་ཚིག་རྣམས་ཞུ་བར་འདོད་པ་ཡིན། སྨྲ་བ་ཐམས་ཅད་ཚར་གཅད་པ་སྒྲུབ་པའི་ཚིག་རྣམས་དང་རིམ་པར་ཕྱེ་བའི་ཚིག་རྣམས་དང་། ཆོས་ཐམས་ཅད་བསྡུ་བའི་ཚིག་

རྣམས་ཞུ་བར་འདོད་པ་ཡིན་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཕྱག་རྒྱའི་སྒོ་གང་དག་ལ་བསླབས་ན། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་མིག་དང་ཤེས་པ་ལ་མཁས་པ་ཉིད་རྗེས་སུ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱེ་མ་བདག་གིས་བསམ་པའི་ཚོགས་གང་དག་དང་

འཇུག་པ་སྒྲུབ་པ་གང་དག་གིས་གོ་ཆ་བགོས་པ་སྔོན་གྱི་དགེ་བའི་རྩ་བའི་ཚོགས་སྐྱེ་བ་ལ་བསམ་པ་སྒྲུབ་པའི་ཚོགས་ལ་དགོངས་པར་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པད་མ་དཔལ་གྱི་སྙིང་པོ་གཞོན་ནུར་གྱུར་པའི་བསམ་པ་ཐུགས་སུ་ཆུད་ཅིང་སྨོན་ལམ་དང་། དགེ་བའི་རྩ་བའི་

ཚོགས་བསྒྲུབ་པ་ཐུགས་སུ་ཆུད་ནས། དེའི་ཚེ་ཕྱོགས་བཞིར་རྣམ་པར་གཟིགས་སོ། །ཕྱོགས་བཞིར་གཟིགས་པ་ན། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཆེན་པོ་བཞི་བྱུང་སྟེ། དེ་དག་བྱུང་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་དོང་ངོ་། །འོད་

ཟེར་དེ་དག་ཀྱང་ཤིང་ལྗོན་པའམ། རྩིག་པའམ། རིའམ། སའམ། བར་སྣང་གང་དུ་བབ་པ་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་ཏུ་གྱུར་ཏོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་ཡང་འོད་ཟེར་དེ་དག་ཐོགས་པ་མེད་པར་རབ་ཏུ་དོང་སྟེ། དེ་ལྟར་

Vol. 48 · folio 13a

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འོད་དེ་དག་གིས་རེག་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་རང་གི་ལུས་དག་གསེར་གྱི་ལུས་ལྟ་བུར་ཤེས་སོ། །གང་དག་འདོད་ཆགས་ཀྱི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དང་། ཞེ་

སྡང་གི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དང་། གཏི་མུག་གི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དེ་དག་ཐམས་ཅད་ཀྱིས་ནི་བདག་ཉིད་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བར་མངོན་པར་ཤེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་ཇི་སྙེད་ཡོད་པ་དེ་དག་ཏུ་སེམས་ཅན་སྐྱེས་པ་གང་དག་སྡུག་བསྔལ་ཚ་བ་མི་བཟད་པ་འཆི་བའི་མཐར་བྱེད་པའི་ཚོར་བ་ཉམས་སུ་མྱོང་བ་དེ་དག་ཐམས་ཅད་ཀྱིས་ནི་བཅོམ་ལྡན་འདས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་དེའི་སྔོན་གྱི་

སྨོན་ལམ་གྱི་མཐུས་བདེ་བ་སྙམ་དུ་ཤེས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང་། ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ་དང་། ལས་ཀྱི་རྣམ་པར་སྨིན་པའི་སྒྲིབ་པས་བསྒྲིབས་པར་གྱུར་པའི་སེམས་ཅན་ཇི་སྙེད་

ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་དེའི་སྔོན་གྱི་སྨོན་ལམ་གྱིས་སྒྲིབ་པ་དང་བྲལ་བར་གྱུར་ཏོ། །དེའི་ཚེ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆེར་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་སྤུའི་ཁུང་བུ་ཐམས་ཅད་ནས་

འོད་ཟེར་དག་ཕྱུང་སྟེ། འོད་ཟེར་དེ་དག་ཀྱང་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་འདས་སོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་ཏུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་འདས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་དེ་དག་

ཕྱུང་ནས་གསུང་བསལ་བའི་སྒྲ་མཛད་དོ། །གསུང་བསལ་བའི་སྒྲ་དེས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་པར་གོ་བར་གྱུར་ཏོ། །དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་གདུགས་གཅིག་པ་ཞེས་བྱ་བ་དེ་ན། དེ་བཞིན་

Vol. 48 · folio 13b

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་བཀོད་པ་གཅིག་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་བཀོད་

པ་གཅིག་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་འདི་ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་དེ་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསུང་བསལ་བའི་སྒྲ་དང་། འོད་ཀྱི་སྣང་བ་ཆེན་པོ་གདའ་བ་དེ་སུའི་ལགས། དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་བཀོད་པ་གཅིག་པས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་

ཁམས་ཚད་མེད་གྲངས་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་

དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་དཔལ་གྱི་སྙིང་པོ་ཞེས་བྱ་བ་འདུས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ཤཱཀྱ་ཐུབ་པ་དེ་ལ་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་ཕྱག་རྒྱ་ཡི་གེ་མངོན་པར་སྒྲུབ་པའི་སྒོ་ཞུ་བར་འདོད་དོ། །དྲ་བ་ཅན་གྱི་འོད་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ། ཐ་མི་

Vol. 48 · folio 14a

དད་པར་སྤྱོད་པའི་གོ་ཆ་བགོས་པ་དག་འཁོར་དེར་འདུས་ཏེ་འཁོད་དོ། །དྲ་བ་ཅན་གྱི་འོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་དེ་དག་དང་ལྡན་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་གཞན་དག་ཀྱང་སྟོངས་སོ། །དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་

པ་ཤཱཀྱ་ཐུབ་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་གང་དག་ཡིན་པ་དེ་དག་མཐོང་བ་དང་ཐོས་པ་ཡང་བྱང་ཆུབ་སེམས་དཔའ་དེ་དག་གི་གཅེས་སྤྲས་བྱེད་པར་ང་སྨྲ་ན། དྲ་བ་ཅན་གྱི་འོད་གང་དག་གིས་དེ་དག་མཐོང་ནས་བཀུར་སྟི་བྱེད་དམ། བླ་མར་བྱེད་དམ། རི་མོར་བྱེད་དམ། མཆོད་

པར་བྱེད་དམ། འདྲི་བར་བྱེད་པ་ལྟ་ཅི་སྨོས། དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་

ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆི་ཞིང་འཇིག་རྟེན་གྱི་ཁམས་དེ་ཡང་བལྟ་བར་བགྱིའོ། །

དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ལ་སངས་རྒྱས་ཀྱི་ཞིང་དེར་ཤེས་

བཞིན་དུ་ཡང་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མི་མཇེད་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བསྙེན་པར་དཀའ་བའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་ལ་ལག་པ་ལྟ་བུའི་ཨུད་པ་ལ་བྱིན་ཏེ། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཁྱོད་ཀྱིས་ལག་པ་ལྟ་བུའི་ཨུད་པ་ལ་འདིས་མཆོད་ཅིག །ངའི་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་

Vol. 48 · folio 14b

བཀོད་པ་གཅིག་པ་དེ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་བསྙུན་གསོལ་ལོ། །ཞེས་དེ་སྐད་ཅེས་གསོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་

ཅན་གྱི་འོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་བཀོད་པ་གཅིག་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དག་དང་ལྷན་ཅིག་ཏུ་

འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དེར་སོང་སྟེ། སེམས་ཀྱི་སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་འདུག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དེར་

སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཡང་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་

ལོ། །བཅོམ་ལྡན་འདས་བདག་དྲ་བ་ཅན་གྱི་འོད་ལགས་སོ། །བདེ་བར་གཤེགས་པ་བདག་དྲ་བ་ཅན་གྱི་འོད་ལགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲ་བ་ཅན་གྱི་འོད་ཁྱོད་ཡུན་རིང་དུ་འཚོ་བར་གྱུར་ཅིག །ཁྱོད་བདེ་བ་དང་ནད་མེད་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་

ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པ་

Vol. 48 · folio 15a

བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་བསྙུན་གསོལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་

པོ་ཆེའི་བཀོད་པ་གཅིག་པ་དེས་བཅོམ་ལྡན་འདས་ལ་ལག་པ་ལྟ་བུའི་ཨུད་པ་ལ་འདི་ཡང་བསྐུར་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལས་ལག་པ་ལྟ་བུའི་ཨུད་པ་ལ་བཞེས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་པ་ལྟ་བུའི་ཨུད་

པ་ལ་བཞེས་ནས་བྱང་ཆུབ་སེམས་དཔའ་མ་ཕམ་པ་ལ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་མ་ཕམ་པས་ལག་པ་ལྟ་བུའི་ཨུད་པ་ལ་དེ་ཐོགས་ནས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པ་ལྔ་བརྒྱ་ལ་སྨྲས་པ། རྒན་རབས་དག་ལག་པ་ལྟ་བུའི་ཨུད་པ་ལ་འདི་ནི་དེ་བཞིན་

གཤེགས་པས་བྱིན་པའོ། །དེ་ནས་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་གིས་ལག་པ་ལྟ་བུའི་ཨུད་པ་ལ་དེ་ཐོགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དེ་ལྟར་ཡང་དག་པར་ཞུགས་པ་ལགས་ན།

ཅི་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་དག་གིས་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ལག་པ་ལྟ་བུའི་ཨུད་པ་ལ་འདི་ནི་བྱང་ཆུབ་

སེམས་དཔའ་མ་ཕམ་པས་བདག་ཅག་ལ་སྩལ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་ནི་ལག་པ་ལྟ་བུའི་ཨུད་པ་ལ་འདི་རང་གི་སྨོན་ལམ་གྱི་སྟོབས་དང་། སྤྱོད་པའི་སྟོབས་དང་། བསམ་པའི་སྟོབས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་

སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པའི་སླད་དུ་ལག་པ་ལྟ་བུའི་ཨུད་པ་ལ་དེ་གཏོར་བར་བགྱིའོ། །བཅོམ་ལྡན་འདས་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་

Vol. 48 · folio 15b

པ་དག་དང་། གང་དག་མ་བྱུང་བ་དག་དང་། འབྱུང་བར་འགྱུར་བ་དག་དང་། འབྱུང་བའམ། འཇིག་པ་དེར་ཡང་བཅོམ་ལྡན་འདས་གཏོར་བར་བགྱིའོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་

དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བྱུང་བ་དང་། འབྱུང་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཡང་གཏོར་བར་བགྱིའོ། །

བཅོམ་ལྡན་འདས་གང་སུ་དག་གིས་ལག་པ་ལྟ་བུའི་ཨུད་པ་ལ་དེ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་ཨུད་པ་ལའི་དྲི་སྣོམ་པར་གྱུར་ཅིག །དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་

ཅད་དུ་ཡང་མཆི་བར་གྱུར་ཅིག །དེ་དག་གིས་ལག་པ་ལྟ་བུའི་ཨུད་པ་ལ་དེ་གཏོར་ནས་དེ་ནས་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པས་རེག་སྟེ། ལག་པ་ལྟ་བུའི་ཨུད་པ་ལ་དེ་བཅོམ་ལྡན་འདས་ཀྱིས་རེག་ནས་ཀྱང་དེ་ནས་དེ་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་ཨུད་

པ་ལ་དེའི་ནང་ནས་དེ་བཞིན་གཤེགས་པའི་སྐུའི་ཕྱེད་མངོན་པར་བྱུང་ཞིང་ཨུད་པ་ལ་རེ་རེ་ལས་ཀྱང་དེ་བཞིན་གཤེགས་པའི་སྐུའི་ཕྱེད་མངོན་པར་བྱུང་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྱེད་པོ་དེ་དག་གིས་གང་དག་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མི་ཤེས་ཤིང་མོས་པར་མི་བྱེད་

ལ། ཆོས་ཐམས་ཅད་སྒྲིབ་པ་མེད་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མི་ཤེས་ཤིང་མོས་པར་མི་བྱེད། ཁོང་དུ་ཆུད་པར་མི་བྱེད་པ་དེ་དག་གི་སྟོན་པ་ནི་དེ་བཞིན་གཤེགས་པ་མ་ཡིན་ཞིང་། །དེ་དག་དེ་བཞིན་གཤེགས་པའི་ཉན་ཐོས་དག་ཀྱང་མ་ཡིན་ནོ་ཞེས་དེ་ལྟ་

བུའི་ཚིག་དེ་དག་གསུངས་ཏེ། གསུངས་ནས་ཀྱང་བཞུད་དོ། །ཚིགས་སུ་བཅད་པ་འདི་དག་ཀྱང་བཀའ་སྩལ་ཏོ། །སྒྱུ་མ་འདྲ་ཆོས་གཟུང་དུ་མེད་པ་སྟེ། །གཟུང་མིན་ཐམས་ཅད་ཆུ་ཟླ་འདྲ་བ་ཡིན། །སྟོང་པས་སྟོང་པའི་རང་བཞིན་མི་འཛིན་པ། །ཆོས་ཉིད་འདི་

Vol. 48 · folio 16a

ནི་རྒྱལ་བས་དེ་འདྲར་གསུངས། །མཚན་ཉིད་མེད་ཆོས་རྣམ་དག་མཚན་ཉིད་ཡིན། །མཚན་ཉིད་མེད་པའི་རང་བཞིན་དེ་འདྲ་སྟེ། །བརྟགས་པས་སྟོང་ཞིང་བདག་མེད་ཆོས་རྣམས་ལ། །འཛིན་པ་མེད་ཅིང་རྩོད་པ་མེད་པར་འགྱུར། །གང་དག་དེ་ལྟར་ཆོས་

ཉིད་དེ་འདོད་པ། །དེ་དག་སྟོན་པ་རྒྱལ་བ་མཐུ་བོ་ཆེ། །ཕྱོགས་བཅུར་འཇིག་རྟེན་སྤྱོད་པ་ཐམས་ཅད་ལ། །དེ་འདྲ་འདི་ནི་དེ་ཡིས་བྱིན་རླབས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་དག་གིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས་ཕྱོགས་

བཅུར་བཞུད་དོ།། །།བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དེ་དག་གིས་ཇི་ཙམ་དུ་སྨོན་ལམ་དག་ཤིན་ཏུ་ཡོངས་སུ་སྦྱངས་པ་དང་

སེམས་ཅན་གང་དག་གིས་དེ་དག་གི་སྨོན་ལམ་དེ་དག་ཐོས་པ་དང་། མིང་ཡང་བསྒྲགས་པ་དེ་དག་སྡུག་བསྔལ་མང་པོས་རེག་པའི་སྡུག་བསྔལ་དེ་དག་ལས་ཡོངས་སུ་ཐར་བར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ནི་ངོ་མཚར་

ལགས་སོ། །བཅོམ་ལྡན་འདས་འོན་ཀྱང་བཅོམ་ལྡན་འདས་དང་རིགས་ཀྱི་བུ་དེ་དག་འཇིག་རྟེན་གྱི་ཁམས་འདིར་འབྱུང་བའི་ཆ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དཔེར་བགྱི་ན་སྐྱེས་པའམ་བུད་མེད་ལ་ལ་ཞིག་རིན་ཐང་མ་མཆིས་པའི་ནོར་བུ་རིན་པོ་ཆེ་

དྲི་མ་ཐམས་ཅད་དང་བྲལ་བ། ཕན་པ་དང་བདེ་བ་ཐམས་ཅད་ཉེ་བར་སྒྲུབ་པར་བགྱིད་པའི་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་བསྒྲགས་པ་ཐོས་ནས་ཡོངས་སུ་བཙལ་བར་སེམས་ཤིང་། ནོར་བུ་རིན་པོ་ཆེ་དེའི་མཚན་མ་དག་ཀྱང་ལེགས་པར་འཛིན་པར་བགྱིད་ལ། ཆབ་ཁུངས་འམ་

དེ་ལས་གཞན་མི་གཙང་བ་དང་འདྲེས་པའི་ཕྱོགས་དག་ན་ནོར་བུ་རིན་པོ་ཆེ་ཤིན་ཏུ་ཡོངས་སུ་བྱང་བ་དེ་འདམ་བུ་བསལ་བ་མཐོང་ཞིང་། ལྷག་པར་ཡང་ནོར་བུ་རིན་པོ་ཆེ་དེའི་ཁོར་ཡུག་ན་སྨིག་མ་མཁན་གྱི་རིགས་སམ། གདོལ་པའི་རིགས་སམ། གཡུང་པོའི་རིགས་སམ།

Vol. 48 · folio 16b

དེ་དག་ལས་གཞན་ཡང་ཚེགས་ཀྱིས་འཚོ་བ་དམའ་བའི་རིགས་དག་མཆིས་པར་གྱུར་ན། དེ་དག་ནི་ནོར་བུ་རིན་པོ་ཆེ་དེའི་མིང་ཡང་མ་འཚལ་ན་ཡོན་ཏན་འཚལ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་མཆིས་ལགས་སོ། །དེ་ནས་མི་དེས་མི་གཙང་

བ་བསལ་བའི་ནོར་བུ་རིན་པོ་ཆེ་དེ་མཐོང་ནས་ནོར་བུ་རིན་པོ་ཆེ་དེའི་སྣོད་ནི་མཛེས་པ་མ་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲ་བར་བགྱིད་ལ། དེ་ནས་དམའ་བའི་མི་དེ་དག་འདི་སྐད་ཅེས་སྨྲ་བར་བགྱིད་དེ། ཁྱོད་ཀྱིས་གང་གིས་བསྔགས་པ་སྨྲས་པའི་ནོར་བུ་རིན་པོ་ཆེ་དེ་གང་ཡིན་

ཞེས་དེ་སྐད་ཅེས་སྨྲས་པ་དང་། མི་དེས་ནོར་བུ་རིན་པོ་ཆེ་དེ་བསྟན་ལ། དེ་སྟོན་པ་ན་མི་བྱིས་པའི་རང་བཞིན་ཅན་དེ་དག་མ་འཚལ་བཞིན་དུ། ཀྱེ་མི་ཁྱོད་ཀྱིས་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་ཅིའི་ཕྱིར་སྨྲས། ཁྱོད་ཀྱིས་གང་སྨྲས་པའི་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་

དེ་དག་ནི་ཡོད་པ་མ་ཡིན་ནོ། །ཁྱོད་ནི་བརྫུན་དུ་སྨྲ་བ། གཞན་དུ་སྨྲ་བ་སྟེ། ཁྱོད་ཀྱི་ཚིག་དེ་དག་ཡིད་མི་ཆེས་སོ་ཞེས་སྨྲས་ལ། དེའི་ཚེ་མི་དེས་ནོར་བུ་རིན་པོ་ཆེ་དེ་མི་གཙང་བའི་གནས་དེ་ནས་མངོན་པར་བཏེག་ཅིང་བླངས་ནས་མཆིས་ཏེ། དེ་ནས་ནོར་བུ་རིན་པོ་ཆེ་

དེ་ཕྱུང་ནས་མི་དེ་མཆིས་མ་ཐག་ཏུ་མི་དབུལ་པོའི་རང་བཞིན་ཅན་དེ་དག་གཅིག་ལ་གཅིག་ཤིན་ཏུ་རབ་ཏུ་རྣམ་པར་འཁྲུག་པར་གྱུར་ནས། དེའི་རྗེས་ལ་གནོད་པ་མང་པོས་ཡོངས་སུ་བསྐོར་བ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་ནི་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་

པ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་མི་མཇེད་དབུལ་པོས་བལྟམ་པར་མཆིས་ལགས་ཏེ། བཅོམ་ལྡན་འདས་ཇི་ལྟར་མི་གཙང་བའི་འདམ་ཀྱི་སྣོད་དུ་སྩལ་བའི་ནོར་བུ་རིན་པོ་ཆེ་དེ་མཁས་པའི་རང་བཞིན་ཅན་གྱི་མི་དེས་ངོ་འཚལ་བ་དེ་ལྟ་བུར་ནི་བཅོམ་ལྡན་འདས་འཇིག་རྟེན་

གྱི་ཁམས་མི་མཇེད་ན་བདག་ཅག་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཇི་ལྟར་བདེ་བ་ཐམས་ཅད་ཉེ་བར་བསྒྲུབ་པར་བགྱིད་པའི་ནོར་བུ་རིན་པོ་ཆེ་དེ་ལེགས་པར་སྦྱངས་ཤིང་རྣམ་པར་དག་པ་དེ་ལྟ་བུར་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་

Vol. 48 · folio 17a

དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཇི་ལྟར་ནོར་བུ་རིན་པོ་ཆེ་དེའི་ཁོར་ཡུག་ན་དམའ་བས་འཚོ་བ་དབུལ་བོས་དམའ་བའི་མི་དེ་དག་གནས་པ་དེ་ལྟ་བུར་ནི་བཅོམ་ལྡན་འདས་འཇིག་རྟེན་

གྱི་ཁམས་མི་མཇེད་འདི་ན་དེ་དག་ལས་གཞན་པའི་སེམས་ཅན་རྣམས་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཇི་ལྟར་སྐྱེས་པའམ། བུད་མེད་ཀྱིས་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་དག་ཐོས་ནས། ནོར་བུ་རིན་པོ་ཆེ་དེ་ཡོངས་སུ་བཙལ་བར་སེམས་ཤིང་། མི་གཙང་བའི་སྣོད་

ན་མཆིས་པའི་ནོར་བུ་རིན་པོ་ཆེ་དེ་མཐོང་ནས་ཀྱང་། ནོར་བུ་རིན་པོ་ཆེ་དེའི་སྣོད་དེ་ནི་འཚམ་པ་མ་ཡིན་ནོ་ཞེས་སྨྲ་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཕྱོགས་བཅུ་དག་ན་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་གང་དག་ལགས་པ་དེ་དག་

བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་དེ་ནི་འཚམ་པ་མ་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་གི་བསྔགས་པ་བརྗོད་ལགས་སོ། །བཅོམ་ལྡན་འདས་དཔེར་

བགྱི་ན་སྐྱེས་པའམ། བུད་མེད་ཀྱིས་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་དག་ཐོས་ནས་ཡོངས་སུ་བཙལ་བར་སེམས་ཤིང་། མི་གཙང་བའི་སྣོད་ན་མཆིས་པ་དེ་ཡང་མཐོང་ནས། སྣོད་དེ་ནི་འཚམ་པ་མ་ཡིན་ནོ་ཞེས་ཚིག་སྨྲ་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་

ཅག་གིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་གི་ཡོན་ཏན་གྱི་བསྔགས་པ་ཐོས་ནས་བལྟ་བའི་སླད་དུ་བདག་ཅག་འདིར་མཆིས་

ཏེ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདིར་མཆིས་ནས་བདག་ཅག་གིས་ནི་འཇིག་རྟེན་གྱི་ཁམས་འདི་གནོད་པ་བརྒྱ་ཕྲག་དུ་མས་བལྟམ་ཞིང་སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་དག་གིས་བལྟམ་པར་མཐོང་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིད་

Vol. 48 · folio 17b

ན་འདམ་དུ་སྩལ་བའི་ནོར་བུ་རིན་པོ་ཆེ་དེའི་འོད་དེ་མི་འདོར་བ་དེ་བཞིན་དུ། བཅོམ་ལྡན་འདས་ཕྱོགས་བཅུ་དག་ན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་གི་འོད་དེ་མི་འདོར་ལགས་ཏེ།

འདིར་ནི་སེམས་ཅན་རྣམས་ཀྱི་བསམ་པ་དང་མོས་པ་ཆུང་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་འོད་འདོམ་གང་ཙམ་དུ་བྱིན་གྱིས་རླབ་པར་མཛད་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིད་ན་མི་དེ་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་དག་སྒྲོགས་པ་ན་མི་དབུལ་བའི་རང་

བཞིན་ཅན་དེ་དག་མངོན་པར་ཡིད་མི་ཆེས་པ་དེ་བཞིན་དུ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་འོད་ཤིན་ཏུ་རྒྱས་པའམ། སྨོན་ལམ་ཆེན་པོའམ། རྣམ་པར་འཕྲུལ་པ་ཆེན་པོའམ། སངས་རྒྱས་ཀྱི་ཡོན་ཏན་དག་ལའང་ཡིད་ཆེས་

པར་མི་བགྱིད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ལ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་དཔེར་བགྱི་ན་མི་དེས་མི་གཙང་བའི་སྣོད་དེ་ནས་ནོར་བུ་རིན་པོ་ཆེ་དེ་བླངས་ནས་མཆིས་ལ། དེ་མཆིས་མ་ཐག་ཏུ་ཡང་སེམས་ཅན་དེ་དག་གནོད་

པ་རྣམ་པ་དུ་མས་ཤས་ཆེར་ཡོངས་སུ་བསྐོར་བ་དེ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་མཆིས་ནས། འདི་ལྟ་བུའི་

མདོ་སྡེ་འཛིན་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་སྩོལ་བ་རྣམས་གཅིག་ལ་གཅིག་རབ་ཏུ་རྣམ་པར་འཁྲུག་པར་འགྱུར་ཞིང་། ཆོས་ཀྱི་སྒྲ་ཡང་འབྱུང་བར་མི་འགྱུར་ལ། ཆོས་མ་ལགས་པ་ཉིད་ཀྱི་སྒྲ་འབྱུང་བ་ཁོ་ནར་བས་སོ་ཞེས་དེ་སྐད་ཅེས་གསོལ་པ་

ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་ཅན་དེ་དག་ནི་ཆོས་མ་ལགས་པ་ལ་གནས་པར་འགྱུར་ཞིང་ཆོས་མ་ལགས་པས་འཚོ་བ་ཉིད་ཡང་དག་པར་བླངས་ནས་གནས་པར་འགྱུར་ལ། གཅིག་ལ་གཅིག་འཐབ་མོ་དང་། སུན་འབྱིན་པ་དང་། མཚང་འདྲུ་

Vol. 48 · folio 18a

བ་དང་སྨོད་པ་ལ་འཇུག་པར་བགྱིད་པར་འགྱུར་ཏེ། དེ་དག་གཅིག་ལ་གཅིག་དགེ་བའི་ཆོས་ལས་ཉམས་ནས་སྡུག་བསྔལ་ཐོབ་པར་འགྱུར་ཞིང་། དེ་དག་ཆོས་སྩོགས་པ་དང་། དགེ་བ་སྩོགས་པ་ལྷུར་ལེན་པར་མི་འགྱུར་བའི་སླད་དུའོ། །བཅོམ་ལྡན་

འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དོན་འཚལ་བ། དོན་ཡོངས་སུ་ཚོལ་བར་འཚལ་བ། སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་སྒྲུབ་པར་འཚལ་བ་དང་། ཉན་ཐོས་ཀྱི་ཐེག་པ་པས་ཀྱང་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་མི་བགྱི་ན། བྱང་ཆུབ་སེམས་དཔའི་

ཐེག་པ་པས་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དཔེར་བགྱི་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དང་། ཡང་སོས་དང་། ཐིག་ནག་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། དེ་དག་ལས་གཞན་པ་སེམས་ཅན་དམྱལ་བ་ཆེན་པོ་

དག་ཏུ་སེམས་ཅན་གང་དག་སྐྱེས་པ་དེ་དག་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཡང་བདེ་བ་མི་དམིགས་པ་དེ་བཞིན་དུ། བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པ་དེའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་གདུགས་གཅིག་པ་ན་བྱང་ཆུབ་

སེམས་དཔའ་གང་དག་མཆིས་པ་དེ་དག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སེམས་ཅན་མནར་མེད་པར་སྐྱེས་པ་རྣམས་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིར་སྐྱེས་པ་དེ་དག་ལ་ཡང་བདེ་བ་ཅི་ཡང་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །

སངས་རྒྱས་ཀྱི་ཞིང་བདེ་བ་གཅིག་པུ་མཆོག་ཏུ་གྱུར་པ་དང་། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ནི་རང་བཞིན་གྱིས་བདེ་བ་ལགས་སོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་འདིར་སྐྱེས་པ་རྣམས་ཀྱིས་དེ་མངོན་པར་ཡིད་ཆེས་པར་དཀའ་བར་འགྱུར་བར་

སྨྲ་ལགས་ཏེ་བཅོམ་ལྡན་འདས་འོན་ཀྱང་ཆོས་ཀྱི་ཐེ་ཚོམ་གཅད་པ་དང་། ཆོས་ཀྱི་ཕྱག་རྒྱའི་སྒོ་མཉན་པའི་སླད་དུ་གང་གི་དོན་དུ་བདག་འདིར་མཆིས་པ་དེ་བཅོམ་ལྡན་འདས་ལས་བདག་ཅག་ཐོས་པར་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེ་བ་

Vol. 48 · folio 18b

དང་སྡུག་བསྔལ་དེ་དག་ཐམས་ཅད་མི་རྟག་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་གང་ལ་བདེ་བ་མ་མཆིས་པ་དང་། སྡུག་བསྔལ་བ་མ་མཆིས་པ་དང་། རྟག་པ་མ་མཆིས་

པ་དང་། མི་རྟག་པ་མ་མཆིས་པ་དང་། རྟོག་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དང་། དངོས་པོ་མ་མཆིས་པ་དང་། དངོས་པོ་མ་མཆིས་པ་མ་མཆིས་པ་དང་། འདུས་བྱས་མ་མཆིས་པ་དང་། འདུས་མ་བྱས་མ་མཆིས་པ་དང་། གདགས་པ་མ་

མཆིས་པ་དང་། གདགས་པ་མ་མཆིས་པ་མ་མཆིས་པ་དང་། འཇིག་རྟེན་པ་མ་མཆིས་པ་དང་། འཇིག་རྟེན་ལས་འདས་པ་མ་མཆིས་པ་དང་། ཟག་པ་དང་བཅས་པ་མ་མཆིས་པ་དང་། ཟག་པ་མ་མཆིས་པ་མ་མཆིས་པ་དང་། བདེན་པ་མ་མཆིས་པ་དང་། བརྫུན་པ་

མ་མཆིས་པ་དང་། བྱང་ཆུབ་མ་མཆིས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་མཆིས་པ་དང་། སྟོབས་རྣམས་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། མུན་པ་མ་མཆིས་པ་དང་། རྣམ་པར་རིག་པ་མ་མཆིས་པ་དང་། རྣམ་པར་རིག་པ་མ་ལགས་

པ་མ་མཆིས་པ་དང་། འབྲས་བུ་མ་མཆིས་པ་དང་། འབྲས་བུ་མ་ལགས་པ་མ་མཆིས་པ་དང་། ལམ་མ་མཆིས་པ་དང་། ལམ་མ་ལགས་པ་མ་མཆིས་པ་དང་། འཇུག་པ་མ་མཆིས་པ་དང་། མཐར་ཐུག་པ་མ་མཆིས་པ་དང་། འཇིག་རྟེན་མ་མཆིས་པ་

དང་། འཇིག་རྟེན་ནས་ངེས་པར་འབྱུང་བ་མ་མཆིས་པ་རྣམ་པ་དེ་ལྟ་བུའི་ཆོས་ཐོས་པར་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་ལས་ཡང་དག་པར་བྱུང་བ། ཀུན་ཏུ་རྟོག་པ་ལས་བྱུང་བའི་བདེ་བ་དེ་དག་དང་གཞན་ཐམས་

ཅད་འཇིག་རྟེན་ལ་བསྟན་པར་བགྱི་བའི་སླད་དུའོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་རྣམས་ནི་བསྟན་དུ་མི་རུང་ལགས་ཏེ། བཅོམ་ལྡན་འདས་དེ་ལ་སྟོབས་རྣམས་མ་མཆིས། མི་འཇིགས་པ་རྣམས་མ་མཆིས། རྫུ་འཕྲུལ་མ་མཆིས། རྫུ་འཕྲུལ་གྱི་

Vol. 48 · folio 19a

ཆོ་འཕྲུལ་མ་མཆིས། ཀུན་བརྗོད་པ་མ་མཆིས། ཀུན་བརྗོད་པའི་ཆོ་འཕྲུལ་མ་མཆིས། རྗེས་སུ་བསྟན་པ་མ་མཆིས། རྗེས་སུ་བསྟན་པའི་ཆོ་འཕྲུལ་མ་མཆིས་ལགས་སོ། །མི་འཇིགས་པ་རྣམས་མ་མཆིས་ཤིང་སྟོབས་རྣམས་མ་མཆིས་ལ། བདེ་

བ་མ་མཆིས་ཤིང་སྡུག་བསྔལ་མ་མཆིས་ལགས་ཏེ། དེ་དག་ཐམས་ཅད་ནི་རློམ་སེམས་ལགས་ཤིང་། དེ་དག་ཐམས་ཅད་ནི་གཡོ་བ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་ཉིད་རྗེས་སུ་ཐོབ་པ་དང་། རྗེས་སུ་མ་ཐོབ་པའི་སླད་དུ་དེ་བཞིན་གཤེགས་

པ་ནི་དེ་བཞིན་གཤེགས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་མ་ལགས་ཏེ། འདི་ལྟར་དེ་དག་ཐམས་ཅད་ནི་གཡོ་བ་དང་། རློམ་སེམས་དང་། གཡོས་པ་དང་། སྤྲོས་པ་ལགས་པའི་སླད་དུའོ། །དེ་བཞིན་གཤེགས་པས་ནི་བདེན་པའམ། བརྫུན་པའམ། འདུས་

བྱས་སམ། འདུས་མ་བྱས་སམ། ཟག་པ་དང་བཅས་པ་འམ། ཟག་པ་མ་མཆིས་པའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མ་མཆིས་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཚུལ་ཁྲིམས་སམ། འཆལ་པའི་

ཚུལ་ཁྲིམས་སམ། སྟོབས་རྣམས་སམ། སྟོབས་མ་མཆིས་པའམ། མི་འཇིགས་པའམ། མི་འཇིགས་པ་མ་མཆིས་པའམ། སྦྱིན་གནས་སམ། སྦྱིན་གནས་མ་ལགས་པ་འམ། དེ་བཞིན་གཤེགས་པའམ། སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་

འམ། ཉན་ཐོས་སམ། རང་སངས་རྒྱས་སམ། སྨོན་ལམ་རྣམས་སམ། བྱིན་གྱི་རླབས་རྣམས་ཀྱི་རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་ཞིང་ལམ་ཡོངས་སུ་མཁྱེན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བག་ཚ་བ་མི་མངའ་བར་སེང་གེ་ལྟ་བུ་དང་། གླང་

པོ་ཆེ་ལྟ་བུའི་སྒྲ་སྒྲོགས་པར་མཛད་ལགས་སོ། །དེ་བཞིན་གཤེགས་པ་ནི་བཞེད་ན་མི་འཐུན་པ་རྣམས་ལ་མི་འཐུན་པའི་འདུ་ཤེས་ཅན་དུ་གནས་པར་མཛད། འཐུན་པ་རྣམས་ལ་འཐུན་པའི་འདུ་ཤེས་ཅན་དུ་གནས་པར་མཛད་དོ། །དེ་བཞིན་གཤེགས་པ་ནི་བཞེད་ན་

Vol. 48 · folio 19b

དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་དེ་གཉི་གས་ཀྱང་བཏང་སྙོམས་པར་གནས་པར་མཛད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གནས་པ་དེ་དག་ནི་སངས་རྒྱས་ཀྱི་གནས་པ་དག་དང་། རང་བྱུང་གི་གནས་པ་དག་དང་། ཉན་ཐོས་དང་། རང་སངས་

རྒྱས་རྣམས་དང་། ཡང་ཐུན་མོང་མ་ལགས་པའི་གནས་པ་དག་ལགས་ན། དེ་དག་ལས་གཞན་པའི་སེམས་ཅན་ཐ་ཆད་རྣམས་དང་ཐུན་མོང་མ་ལགས་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཅིའི་སླད་དུ་ཐུན་མོང་མ་ལགས་ཤེ་ན། དེ་ལས་གཞན་

པའི་སེམས་ཅན་ཐ་ཆད་ཀྱིས་དེ་ལྟ་བུའི་གནས་པ་དེ་དག་དང་། དེ་སྙེད་ཀྱི་གནས་པ་དེ་དག་དང་། ཡུན་ཇི་སྲིད་ནས་གནས་པ་དེ་དག་དང་། སྦྱོར་བ་དེ་ལྟ་བུའི་གནས་པ་དེ་དག་དང་། བདེ་བ་དེ་ལྟ་བུའི་གནས་པ་དེ་དག་འཚལ་བར་རྔོ་མི་ཐོག་ཅིང་། བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དང་བྲལ་བའི་སེམས་ཅན་རྣམས་ཀྱི་གནས་དེ་དག་འཚལ་བར་རྔོ་མི་ཐོག་པའི་སླད་དུའོ། །བཅོམ་ལྡན་འདས་དེ་དག་ནི་སེམས་ཅན་གཞན་དག་གི་སྤྱོད་ཡུལ་མ་ལགས་ཤིང་། དེ་བཞིན་གཤེགས་པའི་གནས་པ་དེ་ལྟ་བུ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་

ཐམས་ཅད་ཀྱི་སྤྱོད་ཡུལ་མ་ལགས་ཏེ། བཅོམ་ལྡན་འདས་སྤྱོད་ཡུལ་མ་ལགས་ཞེས་བགྱི་བ་ནི་སྤྱོད་པ་མ་མཆིས་ཤིང་། རྣམ་པར་སྤྱོད་པ་མ་མཆིས་པ་སྟེ། དེས་ན་སྤྱོད་ཡུལ་མ་ལགས་ཞེས་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལ་ཉན་ཐོས་

དག་གམ། རང་སངས་རྒྱས་དག་གི་སྤྱོད་པ་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གནས་པ་དེ་མཐའ་ཡས་པའི་སླད་དུའོ། །བཅོམ་ལྡན་འདས་ཅིའི་སླད་དུ་གནས་པ་མཐའ་ཡས་པ་ལགས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དག་གི་མོས་པ་ནི་མཐའ་ཡས་ཏེ། གང་གིས་ཀྱང་འཚལ་བར་རྔོ་མི་ཐོག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གནས་པ་དེ་ནི་ཡི་གེ་མ་མཆིས་པ་ལགས་ཏེ། ཡི་གེ་མ་མཆིས་པ་ཞེས་བགྱི་བ་ནི་བརྗོད་དུ་མ་མཆིས་པ་ལགས་ལ། ཡི་གེ་

Vol. 48 · folio 20a

ནི་བརྗོད་པ་ཁོ་ན་ལགས་པས་དེའི་སླད་དུ་བཅོམ་ལྡན་འདས་དེ་ནི་རང་བྱུང་གི་གནས་པ་མ་ལགས་སོ། །བཅོམ་ལྡན་འདས་གང་དག་གནས་པ་དེ་ལ་རྣམ་པར་ལྟ་བར་མི་འགྱུར་ཞིང་རབ་ཏུ་འཚལ་བར་མི་འགྱུར་བའི་སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་གཞན་

ནས་ཤི་འཕོས་པ་ལགས་སོ། །གང་དག་གནས་པ་དེ་གློ་བར་ཆུད་པར་མི་འགྱུར་བ་དེ་དག་གིས་ནི་གནོད་པ་ཆེན་པོ་དང་ལྡན་པར་འཚལ་བར་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གནས་པ་དེ་ནི་བཅོམ་ལྡན་འདས་དོན་གྱི་སྒོ་དང་། ཆོས་ཀྱི་སྒོ་དེ་ལགས་ཏེ།

འཁོར་སྒོ་དྲུག་ཁྲི་བརྒྱད་སྟོང་དང་ལྡན་པ་ལགས་སོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་གཅིག་པའི་བྱང་ཆུབ་ནི་ནམ་མཁའ་ལྟ་བུར་ཚད་མ་མཆིས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྒོ་གཅིག་པའི་ཚད་ལས་རྗེས་སུ་ཐོབ་པ་ལགས་སོ། །

སྒོའི་ཚིག་འདི་བསྟན་ཅིང་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུན་ཁྲི་བདུན་སྟོང་གིས་ནི་སྒྲིབ་པ་མེད་པའི་ཆོས་ཀྱི་སྒོ་རྗེས་སུ་ཐོབ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གནས་པ་དེ་ཉིད་དོ། །དེ་དག་ཐམས་ཅད་ཀྱིས་བདག་ཅག་གིས་དེང་བྱང་ཆུབ་

ཐོབ་པོ། །བདག་ཅག་གིས་དེང་བྱང་ཆུབ་ཐོབ་པོ་ཞེས་བྱ་བའི་ཚིག་ཀྱང་སྨྲས་སོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་ས་ཡ་ཕྲག་བརྒྱད་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དགེ་སློང་སུམ་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དེ། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་ཀྱང་། དེ་ནས་དེ་མ་ཐག་ཏུ་དེའི་ཚེ་འཇིག་རྟེན་དུ་འོད་ཆེན་པོ་བྱུང་བར་གྱུར་ཅིང་། ས་ཆེན་པོ་ཡང་གཡོས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆོས་

Vol. 48 · folio 20b

གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པ་དང་། འཇིག་

རྟེན་དུ་སྣང་བ་ཆེན་པོ་བྱུང་བ་དང་། འཇིག་རྟེན་དུ་ས་ཆེན་པོ་གཡོས་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་ཆོས་ཀྱི་སྒོ་དེ་བསྟན་ཅིང་བཤད་པ་ན། བྱང་

ཆུབ་སེམས་དཔའ་བདུན་ཁྲི་བདུན་སྟོང་གིས་སྒྲིབ་པ་མེད་པའི་ཆོས་ཀྱི་ཕྱག་རྒྱའི་སྒོ་ཐོབ་པར་གྱུར་ཅིང་། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་ཆོས་ཀྱི་སྒོའི་ཚིག་བསྟན་པ་དེ་ནི་ནམ་མཁས་ཡོངས་སུ་ཟིན་པའི་ས་ཕྱོགས་དེ་ཉིད་དུ་སངས་རྒྱས་བརྒྱད་

སྟོང་ལས་བླངས་ཏེ། བླངས་ནས་ཀྱང་དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་སྒྲིབ་པ་མེད་པའི་ཆོས་ཀྱི་སྒོས་ངེས་པར་བྱུང་བ་དང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་མཁས་པར་གྱུར་པའི་ཕྱིར་རོ། །ཡང་དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་

གྲངས་མེད་པ་བདུན་ཅུ་རྩ་བརྒྱད་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བརྩེགས་པ་གཅིག་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཐའ་ཡས་ཁྱུ་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་འཁོར་འབུམ་

ཕྲག་དུ་མ་ལ་ཆོས་ཀྱང་སྟོན་ཏོ། །བཅོམ་ལྡན་འདས་དེའི་རྒྱལ་ཚབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ཅེས་བྱ་བ་དེ་འཁོར་དེར་འདུས་པར་གྱུར་ཏེ་འདུག་ནས། དེས་གསུང་བསལ་བའི་སྒྲ་དེ་ཐོས་ཏེ། དེ་བཞིན་གཤེགས་

པར་ཤཱཀྱ་ཐུབ་པའི་འོད་དེ་ཡང་མཐོང་ནས་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཁྱུ་མཆོག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསུང་བསལ་བའི་སྒྲ་དང་འོད་གདའ་བ་དེ་སུའི་ལགས། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

Vol. 48 · folio 21a

པའི་སངས་རྒྱས་རིན་ཆེན་མཐའ་ཡས་ཁྱུ་མཆོག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་དེ་ལ་བཀའ་སྩལ་པ། དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་

བདུན་ཅུ་རྩ་བརྒྱད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ། འདི་ལྟ་སྟེ། སེམས་པ་དཔེ་མེད་པའི་བྱང་ཆུབ་

སེམས་དཔའ་རྣམས་ལས་བརྩམས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཐའ་ཡས་ཁྱུ་མཆོག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། སེམས་པ་དཔེ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཁྱུ་མཆོག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེའི་དུས་ལ་ད་བབ་པར་ཤེས་ན་རིགས་ཀྱི་བུ་

ཁྱོད་སོང་ལ་སངས་རྒྱས་ཀྱི་ཞིང་དེར་ཤེས་བཞིན་དུ་གནས་པར་ཡང་བྱོས་ཤིག །དེ་ཅིའི་ཕྱིར་ཞེ་ན། དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེས་པ་དེ་དག་བསྙེན་པར་

Vol. 48 · folio 21b

དཀའ་བའི་ཕྱིར་རོ། །ངའི་ཚིག་གིས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་བསྙུན་གསོལ་ལ། དེ་བཞིན་གཤེགས་པ་དེ་ལ་ལག་པ་ལྟ་བུའི་པད་མ་འདི་ཡང་ཕུལ་ཅིག །དེ་ནས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་སྟན་ལས་ལངས་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བསྐོར་བ་ཡང་བྱས་ནས་བྱང་ཆུབ་སེམས་དཔའ་བདུན་ཁྲི་བརྒྱད་སྟོང་དང་ལྷན་ཅིག་ཏུ་འཇིག་རྟེན་

གྱི་ཁམས་མི་མཇེད་དུ་འོངས་ཏེ། དེ་འོངས་ནས་དེ་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་ན་མེ་ཏོག་གི་ཤིང་ངམ། འབྲས་བུའི་ཤིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་དེའི་ཚེ་དུས་མ་ཡིན་པའི་མེ་ཏོག་དག་དང་། དུས་མ་ཡིན་པའི་འབྲས་བུ་དག་གཏོར་ཏོ། །

མེ་ཏོག་གི་ཆར་པ་ཡང་བབ་པོ། །སྤོས་ཀྱི་ཆར་པ་རྣམ་པ་སྣ་ཚོགས་དག་ཀྱང་བབ་པོ། །རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དག་ཀྱང་གྲག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་རྒྱལ་པོའི་ཁབ་འོད་མའི་ཚལ་

བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལག་པ་གཉི་གས་བཅོམ་ལྡན་འདས་ཀྱི་ཞབས་ལ་བཟུང་ངོ་། །གདོང་གིས་ཀྱང་ཡོངས་སུ་གཏུགས་ཏེ། ཚིག་དེ་སྐད་ཅེས་ཀྱང་གསོལ་ཏོ། །

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་

པར་གནོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་བཀུར་སྟི་བྱས་པ་དང་། མཆོད་པ་དང་། རི་མོ་བྱས་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ས་ལས་ལངས་

Vol. 48 · folio 22a

ཏེ་སྤྱན་སྔར་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཐའ་ཡས་ཁྱུ་མཆོག་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་

ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ། ཞེས་བསྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཀྱིས་ལག་པ་ལྟ་བུའི་པད་མ་བསྐུར་བ་ལགས་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་

བཟུང་སྟེ། བྱང་ཆུབ་སེམས་དཔའ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ལས་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ལས་ལག་པ་ལྟ་བུའི་པད་མ་དེ་བཞེས་ཏེ། བཞེས་ནས་ཀྱང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ལ་བཀའ་སྩལ་པ། དོན་ཡོད་ཁྱུ་མཆོག་རྣམ་པར་གནོན་ཅི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཁྱུ་མཆོག་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། འགྱུར་བ་

མི་མངའ་འམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཁྱུ་མཆོག་དེ་གནོད་པ་ཆུང་ཞིང་སྟོབས་དང་ལྡན་ལ་འགྱུར་བ་མི་མངའ་སྟེ། སངས་རྒྱས་ཀྱི་ཞིང་དེ་ན་བདེ་བར་རེག་པ་ལ་གནས་ལགས་སོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་ལག་པ་ལྟ་བུའི་པད་མ་དེ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་ལག་པ་ལྟ་བུའི་པད་མ་དེ་བླངས་ནས་ཚིག་གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་རིགས་ཀྱི་

བུ་དང་། རིགས་ཀྱི་བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱུར་ཅིག །སེམས་ཅན་ཡོངས་སུ་སྨིན་པར་གྱུར་ཅིག །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་

Vol. 48 · folio 22b

ཡོངས་སུ་མ་སྨིན་པ་རྣམས་ལ་ཆོས་བསྟན་པ་དང་། སེམས་ཅན་དགེ་བའི་རྩ་བ་མ་སྐྱེད་པ་རྣམས་དང་། དགེ་བའི་རྩ་བ་ཆུང་ངུ་རྣམས་དང་། དམན་པ་ལ་མོས་པ་རྣམས་ལ་ཆོས་བསྟན་པ་དཀའ་བའི་སླད་དུ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ལག་པ་

ལྟ་བུའི་པད་མ་འདི་ལས་འཇིག་རྟེན་གྱི་ཁམས་ཇི་སྙེད་མཐོང་བར་འཚལ་བ་དེ་སྙེད་ཀྱང་མཐོང་བ་དང་། ལག་པ་ལྟ་བུའི་པད་མ་འདི་ཉིད་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཁྱུ་མཆོག་དེའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་ཞེས་བགྱི་བ་གང་

ལགས་པ་དེ་ཡང་མཐོང་བ་དང་། འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་གང་དག་ཐེག་པ་ལ་ཡང་དག་པར་ཞུགས་པ་དེ་དག་ཀྱང་མཐོང་བ་དང་། དེ་ན་གང་ཉན་ཐོས་ཕུན་སུམ་ཚོགས་པ་ཕལ་ཆེར་རིག་པ་གསུམ་དང་ལྡན་པ་དང་། རིག་པ་དྲུག་དང་ལྡན་

པ་དེ་དག་ཀྱང་མཐོང་བར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་པད་མ་དེ་དག་ལས་ཀྱི་རྣམ་པར་སྨིན་པ་ཆེན་པོས་མངོན་པར་གྲུབ་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟ་ལགས་པས་ན་དགེ་བའི་རྩ་བ་དེ་ནི་བྱང་ཆུབ་

སེམས་དཔའ་དག་ཆོས་ཐམས་ཅད་ལ་སྒྲིབ་པ་མ་མཆིས་པར་བགྱི་བའི་སླད་དུ་ཡོངས་སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་དེ་ནི་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་ཀྱང་བྱང་

ཆུབ་ཏུ་སེམས་བསྐྱེད་པའི་སླད་དུ་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བ་དེ་ཡང་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དང་། འཁྲུག་པ་མ་མཆིས་པའི་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་

རྒྱས་པར་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ཁྱོད་ཀྱིས་བྱམས་པས་གང་སྨྲས་པ་ཤེས་སམ། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་

Vol. 48 · folio 23a

རྒྱས་པའི་ཆོས་དེ་དག་གང་ཡིན། གསོལ་པ། བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པས་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཤིང་། མི་འཁྲུགས་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་དག་གང་ཡང་མ་

མཆིས་ལགས་ཏེ། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་དམིགས་པ་མ་ལགས་ཤིང་། དེ་དག་ནི་ཆོས་ཀྱང་མ་ལགས་ཆོས་མ་མཆིས་པ་ཡང་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཤིག་དམིགས་པར་གྱུར་ན་ནི་དེ་

བཞིན་གཤེགས་པས་ཆོས་ཀྱི་འདུ་ཤེས་དམིགས་པ་ཁོ་ནར་འགྱུར་བ་ཞིག་ན་འདུ་ཤེས་ནི་མི་དམིགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདུ་ཤེས་ཐམས་ཅད་མ་མཆིས་ལགས་ཏེ་རེ་ཞིག་དེ་བཞིན་གཤེགས་པས་བདག་ཉིད་ཀྱང་མ་དམིགས་ལགས་ན་འདུ་ཤེས་རྣམས་ཡང་

དག་པར་དམིགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། ཆོས་རྣམས་ལ་ཆོས་ཀྱི་འདུ་ཤེས་ཡང་དག་པར་འཇུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཆོས་དེ་དག་ཀྱང་འདུ་ཤེས་ཇི་ལྟ་བ་བཞིན་ལགས་ཏེ། དེ་ལྟ་ལགས་པས་བཅོམ་ལྡན་འདས་ཀྱིས་ཆོས་གང་ཡང་གཟུང་བར་མ་གསུངས།

ངེས་པར་འབྱུང་བར་མ་གསུངས། ཡང་དག་པར་འདའ་བར་མ་གསུངས། འཐོབ་པར་མ་གསུངས་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པས་ཆོས་རྣམས་བཙལ་བར་བགྱི་ན་དེ་གང་ནས་བཙལ་བར་བགྱི་ལགས། ཆོས་དེ་དག་ནི་

དེ་བཞིན་ཉིད་དེ་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པ་མ་མཆིས་པ་དང་། དེ་བཞིན་གཤེགས་པ་ནི་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱི་རྣམ་པས་དེ་བཞིན་གཤེགས་པ་ལགས་པ་དང་། དེ་བཞིན་གཤེགས་པ་ནི་མཚན་མ་མ་མཆིས་པ་སྟེ་མཚན་མ་མ་མཆིས་པའི་རྣམ་

པས་དེ་བཞིན་གཤེགས་པ་ལགས་པ་དང་། དེ་བཞིན་གཤེགས་པ་ནི་མཚན་མ་དང་བྲལ་བ་སྟེ། མཚན་མ་དང་བྲལ་བའི་རྣམ་པས་དེ་བཞིན་གཤེགས་པ་ལགས་པ་དང་། དེ་བཞིན་གཤེགས་པ་ནི་བསམ་འཚལ་བ་སྟེ་བས་མ་འཚལ་བའི་རྣམ་པས་དེ་བཞིན་

Vol. 48 · folio 23b

གཤེགས་པ་ལགས་པ་དང་། དེ་བཞིན་གཤེགས་པ་ནི་འཁྲུག་པ་མ་མཆིས་པ་སྟེ། འཁྲུག་པ་མ་མཆིས་པའི་རྣམ་པས་དེ་བཞིན་གཤེགས་པ་ལགས་པ་དང་། ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་ཏེ། ཇི་ལྟ་བ་བཞིན་གྱི་རྣམ་པས་

དེ་བཞིན་གཤེགས་པ་ལགས་ཤིང་། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལགས་ཏེ། བཅོམ་ལྡན་འདས་དེས་ན་དེ་བཞིན་གཤེགས་པ་པད་མ་དག་ལ་བཞུགས་པ་ལགས་ཤིང་། པད་མ་དག་ལ་བཞུགས་པ་ཇི་ལྟ་བ་བཞིན་

དུ་དེ་བཞིན་གཤེགས་པ་ཉིད་དང་སངས་རྒྱས་ཉིད་ལ་བཞུགས་པ་ཡང་དེ་དང་འདྲ་ལགས་ཏེ། གང་ལ་བཞུགས་པ་དེ་ལ་ཡང་མི་འཛིན་ཅིང་མི་དམིགས་པ་དེ་དག་ནི་འཇིག་རྟེན་ན་སྦྱིན་གནས་རྣམས་ཞེས་བགྱི་བའི་གྲངས་སུ་མཆི་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ཁྱོད་གང་ལ་གནས་ནས་དེ་སྐད་ཅེས་སྟོན། བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་འཇིག་རྟེན་གང་ལ་

གནས་པ་དེ་ཉིད་ལ་གནས་ནས་དེ་སྐད་ཅེས་སྟོན་ལགས་ཏེ། ཇི་ལྟར་བྱིས་པ་དག་གིས་བཟུང་བ་བཞིན་དུ་ནི་མ་ལགས་སོ། །བྱིས་པ་དག་གིས་བཟུང་བ་གང་ཞེ་ན། འཁྲུག་པ་ལགས་ཏེ། གང་གི་སླད་དུ་འཁྲུག་པ་བཟུང་བ་དེའི་སླད་དུ་འཁྲུག་ཅིང་རབ་ཏུ་འཁྲུག་

ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་ནི་མི་གནས་པ་ལགས་ཏེ། ཇི་ལྟར་འཇིག་རྟེན་མི་གནས་པ་ལགས་ཤེ་ན། སྒྱུ་མའི་གནས་ལ་འཇིག་རྟེན་མི་གནས་ཏེ། བྱིས་པ་རྣམས་ནི་དེ་ལ་བདག་གི་གནས་ནི་འཇིག་རྟེན་གྱི་གནས་ལགས་སོ། །ཞེས་རྩོད་དེ།

དེ་ནི་བྱིས་པ་རྣམས་ཀྱི་འགྲོ་བ་མ་ལགས་པའི་སླད་དུའོ། །སྨིག་རྒྱུའི་གནས་ལ་འཇིག་རྟེན་མི་གནས་ཤིང་མི་རྟག་པའི་གནས་ལ་འཇིག་རྟེན་མི་གནས་ཏེ་བྱིས་པ་རྣམས་ཀྱི་སྐྲག་པ་ལགས་པའི་སླད་དུའོ། །མིག་ཡོར་གྱི་གནས་ལ་འཇིག་རྟེན་མི་གནས་ཏེ། འཕགས་པ་རྣམས་དང་

Vol. 48 · folio 24a

ཐ་མི་དད་པའི་སླད་དུའོ། །མི་སྡུག་པའི་གནས་ལ་འཇིག་རྟེན་མི་གནས་ཏེ། བྱིས་པ་རྣམས་ནི་ལས་ཀྱི་ཀུན་ནས་སློང་བའི་སླད་དུའོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་གནས་འདི་ལ་འཇིག་རྟེན་གྱི་འཁྲུག་པའི་སྐབས་མ་མཆིས་ལགས་ཏེ། བཅོམ་

ལྡན་འདས་དེ་ལྟ་ལགས་པས་བདག་གི་གནས་ནི་འཇིག་རྟེན་གྱི་གནས་ཁོ་ན་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་བཀའ་སྩལ་པ། བཟང་སྐྱོང་ཅི་ཁྱོད་ཀྱིས་ཆོས་ཡང་དག་པར་མཐོང་བས་དེ་སྐད་ཅེས་སྟོན་ཏམ།

གསོལ་པ། བཅོམ་ལྡན་འདས་ཆོས་གང་དག་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་མངོན་པར་རྫོགས་པར་སངས་མ་རྒྱས་པ་ཁོ་ན་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་

སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ཅི་ངས་ཆོས་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སམ། གསོལ་པ། བཅོམ་ལྡན་འདས་ཅི་ཆོས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་ལགས་སམ། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་

རྒྱས་པ་གང་དག་ལགས་པ་དེ་དག་ཀྱང་ཅི་ཆོས་རྣམས་ལགས་སམ། འོན་ཏེ་ཆོས་མ་མཆིས་པ་རྣམས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་ཆོས་རྣམས་མངོན་པར་རྫོགས་པར་

སངས་རྒྱས་པ་གང་དག་ཡིན་པ་དེ་དག་ནི་ཆོས་རྣམས་ཀྱང་མ་ཡིན། ཆོས་རྣམས་མེད་པ་ཡང་མ་ཡིན་ཏེ། བཟང་སྐྱོང་དེ་ལ་ངའི་ཡེ་ཤེས་མི་རྒྱུ་ཞིང་མིག་མི་འཇུག་ལ། འགྲོ་བ་མི་ཤེས་ཤིང་བློ་མི་འཇུག་སྟེ། སྣང་བ་མི་ཤེས་ཤིང་ཡོངས་སུ་གཅོད་པ་མི་ཤེས་ལ་མི་འཛིན་

ཏེ། དེ་དག་ནི་ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པའི་ཕྱིར་རོ། །བཟང་སྐྱོང་འོན་ཀྱང་གལ་ཏེ་གང་མཚན་ཉིད་མེད་པའི་སྤྱོད་པའི་འདུ་ཤེས་དང་། མཚན་ཉིད་མེད་པའི་སྤྱོད་པའི་ཆོས་དེ་དག་ངས་བསྟན་ཀྱང་བཟང་སྐྱོང་སེམས་ཅན་རྣམས་

Vol. 48 · folio 24b

དེ་ལ་རྨོངས་པར་འགྱུར་རོ། །བཟང་སྐྱོང་ཆོས་དེ་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་པ་མ་གཏོགས་པར་ཆོག་ཤེས་པ་སུ་ཡང་མི་རྙེད་མི་དམིགས་སོ། །བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

སྲིད་པ་ཐ་མ་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་གང་དག་ཡིན་པ་དེ་དག་ཀྱང་ཆོས་དེ་དག་བསྟན་པ་ཐོས་ན་སྐྲག་པར་འགྱུར་ན་དེ་དག་པས་གཞན་པའི་སེམས་ཅན་ཐ་ཆད་རྣམས་ལྟ་ཅི་སྨོས་ཏེ། དེ་དག་གིས་ཆོས་དེ་དག་རྟོགས་པར་འགྱུར་བ་འདི་ནི་

གནས་མེད་དོ། །བཟང་སྐྱོང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལུས་མ་བསྒོམས་པ་དག་དང་། སེམས་མ་བསྒོམས་པ་དག་དང་། ཚུལ་ཁྲིམས་མ་བསྒོམས་པ་དག་དང་། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་འགྱུར་བའི་

དུས་དེ་ལྟ་བུ་འབྱུང་བར་འགྱུར་ཞིང་། བཟང་སྐྱོང་ཚོད་དེ་ལྟ་བུ་འབྱུང་བར་འགྱུར་ཏེ། དེ་དག་གིས་རྣམ་པར་མི་རྟོག་ཅིང་ཀུན་ནས་ཉོན་མོངས་པ་མེད་ལ། སྣང་བ་མེད་པའི་བྱང་ཆུབ་ལ་མ་ཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་གཏེར་དང་།

ཆོས་ཀྱི་གཏེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་དེ་ཐོས་ནས་སྐྲག་ཅིང་དངང་ལ་དངང་བར་འགྱུར་ཞིང་གཡང་ས་ཆེན་པོར་ཡང་ལྟུང་བར་འགྱུར་རོ། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཇི་སྐད་བརྗོད་དེ། དེ་ལ་ངའི་ཡེ་

ཤེས་མི་འཇུག་ཅིང་མིག་མི་འཇུག་ལ། བློ་མི་འཇུག་གོ་ཞེས་དེ་སྐད་ཅེས་ཀྱང་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་མདོ་སྡེ་འཛིན་པའི་དགེ་སློང་དེ་དག་ལ་གནོད་སེམས་སུ་གྱུར་པའི་སེམས་དང་ལྡན་པ་དག་དང་། ཞེ་འགྲས་པར་གྱུར་པའི་སེམས་དང་ལྡན་པ་དག་

གསོད་པའི་འདུ་ཤེས་བསྐྱེད་པར་འགྱུར་ཞིང་། འཁྲུག་ལོང་གི་འདུ་ཤེས་བསྐྱེད་པར་འགྱུར་རོ། །བཟང་སྐྱོང་ང་ལ་འཁྲུག་ལོང་བྱེད་པ་གང་དག་ཡིན་པ་དེ་དག་ཡོངས་སུ་འཛིན་པར་འགྱུར་ཞིང་། ངའི་ཡང་དག་པའི་ཡེ་ཤེས་རབ་ཏུ་སྟོན་པར་བྱེད་པ་དེ་དག་བརྙས་པར་འགྱུར་

Vol. 48 · folio 25a

བའི་དུས་དེ་ལྟ་བུ་ཇི་ཙམ་དུ་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་ལྟོས། བཟང་སྐྱོང་དེ་བཞིན་གཤེགས་པ་སློབ་དཔོན་མི་མངའ་ཞིང་རང་བྱུང་ལ་ད་ལྟར་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་ན། མི་བླུན་པོ་དེ་དག་ནི་དེ་བཞིན་གཤེགས་པ་མི་

ཤེས་ཤིང་། དེ་བཞིན་གཤེགས་པའི་ཆོས་ཉིད་མི་ཤེས་ཏེ། དེ་དག་མི་ཤེས་ཤིང་མ་མཐོང་བས་དེའི་ཚེ་ངའི་བསྔགས་པ་གང་ཡིན་པ་དེ་ལ་དེ་དག་བསྔགས་པ་མ་ཡིན་པའི་འདུ་ཤེས་འབྱུང་བར་འགྱུར་ཞིང་། གང་ངའི་བསྔགས་པ་མ་ཡིན་པ་དེ་ལ་ནི་དེ་དག་བསྔགས་

པའི་འདུ་ཤེས་འབྱུང་བ་ལ་ལྟོས། བཟང་སྐྱོང་ངའི་བསྔགས་པ་མ་ཡིན་པ་ཡང་གང་ཞེ་ན། བཟང་སྐྱོང་ཆོས་གང་ལ་ལ་འཛིན་པའི་ཆོས་འདི་ནི་བཟང་སྐྱོང་ངའི་བསྔགས་པ་མ་ཡིན་པ་སྟེ། དེའི་ཚེ་དེ་དག་ནི་བསྔགས་པ་མ་ཡིན་པ་སྨྲ་བ་དག་དང་། འཁྲུག་ལོང་བྱེད་པ་དག་དང་།

དགེ་སྦྱོང་སུན་འབྱིན་པ་དག་དང་། དགེ་སྦྱོང་གདོལ་པ་དག་དང་། དགེ་སྦྱོང་མྱགས་པ་དག་དང་། དགེ་སྦྱོང་ཤིང་རུལ་པ་ལྟ་བུ་དག་དང་། མུ་སྟེགས་ཅན་གཞན་གྱི་སྤྱོད་ཡུལ་གྱི་ལྟ་བ་ཅན་དག་དང་། གཉིས་ལ་སྤྱོད་པ་དག་དང་། རྟག་ཆད་དུ་སྨྲ་བ་དག་དང་། ཆོས་

འཛིན་པ་ཆོས་ཀྱི་རློམ་སེམས་ཉིད་ལ་གནས་པ་དག་དང་། སྤྲོས་པ་དང་བཅས་པ་དག་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དག་དང་། འཇིག་རྟེན་རྒྱང་པན་པ་ལ་དགའ་བ་དག་དང་། འཁོར་བ་ན་སྤྱོད་པ་དག་དང་། ཡང་དག་པའི་ལྟ་བའི་ལམ་ལ་ཕྱིར་ཕྱོགས་པ་དག་

ཡིན་པར་ངས་རབ་ཏུ་བསྟན་པ་ཡིན་ནོ། །དེའི་ཚེ་དེ་དག་ནི་དོན་དམ་པའི་འདུ་ཤེས་ཅན་དག་དང་། མེའི་སྦྱིན་བསྲེག་འཛིན་པ་དག་དང་། རལ་པ་ཅན་མ་ཡིན་པ་དག་དང་། ལས་སྨྲ་བ་དག་དང་། བྱེད་པ་སྨྲ་བ་དག་ཏུ་འགྱུར་ཏེ། བཟང་སྐྱོང་གལ་ཏེ་ཏིང་ངེ་འཛིན་དེ་ལྟ་བུ་ཞིག་

ཡོད་པར་གྱུར་ན་དེ་དག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །བཟང་སྐྱོང་དེ་དག་ནི་ང་ཡོངས་སུ་མྱ་ངན་ལས་འདས་ནས་དེ་ལ་ལས་དང་བྱེད་པ་དག་གིས་སྐྱོན་དག་མཐོང་སྟེ། ལྡོག་པ་རྗེས་སུ་ཐོབ་ནས། ངའི་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་ཞིང་ཆོས་དེ་

Vol. 48 · folio 25b

དག་ནུབ་པར་བྱེད་པར་འགྱུར་ཏེ། བཟང་སྐྱོང་དེ་ལྟ་བས་ན་ང་ཡོངས་སུ་མྱ་ངན་ལས་འདས་ནས། མི་བླུན་པོ་དེ་དང་དེ་དག་མེའི་མཆོད་སྦྱིན་པ་རལ་པ་ཅན་ལྟ་བུ་དང་། རྒན་ཞུགས་ལྟ་བུ་དང་། རྨུན་པོ་ལྟ་བུར་ཡང་འགྱུར་རོ། །བཟང་སྐྱོང་དེ་དག་ནི་དམིགས་པ་དང་བཅས་པ་དང་།

སྤྲོས་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བས་ངའི་ལས་དང་བྱེད་པ་ལ་འཇུག་པར་བྱེད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ཅུང་ཟད་ཙམ་རྗོད་པར་བྱེད་པ་གང་དག་ཡིན་པ་དེ་དང་དེ་དག་ནི་ངའི་བསྔགས་པ་མ་

ཡིན་པ་སྨྲ་བ་དག་སྟེ། དེ་དག་ངེས་པར་འབྱུང་བར་མ་ཡིན་པར་སྨྲ་བའོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་དེ་དང་དེ་དག་ནི་བསྐལ་པ་གྲངས་མེད་པ་བྱེ་བས་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་དེ་སྤོང་བའི་མེ་མདག་ཕྲ་མོ་དག་གིས་སྲེག་པར་བྱེད་པ་ཡིན་

ཏེ། བཟང་སྐྱོང་དེ་དག་ནི་དེ་བཞིན་གཤེགས་པའི་བསྔགས་པ་མ་ཡིན་པ་སྨྲ་བ་དག་དང་། འཁྲུག་ལོང་བྱེད་པ་དག་ཡིན་ནོ། །བཟང་སྐྱོང་དེ་བཞིན་གཤེགས་པའི་བསྔགས་པ་སྨྲ་བ་དག་དང་། གསུངས་པ་སྨྲ་བ་དེ་དག་ཀྱང་གང་ཞེ་ན། བཟང་སྐྱོང་ཆོས་

ཐམས་ཅད་འཛིན་པ་མེད་པ་དག་དང་། སྤྲོས་པ་མེད་པ་དག་དང་། མངོན་པར་འདུ་བྱེད་པ་མེད་པ་དག་དང་། དུས་གསུམ་རྗེས་སུ་ཚོལ་བ་དག་དང་། ཡི་གེ་མེད་པ་དག་དང་། འདོར་བ་མེད་པ་དག་སྟེ། བཟང་སྐྱོང་དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་བསྔགས་པ་སྨྲ་བ་

དག་དང་། གདགས་པ་མི་བྱེད་པ་དག་དང་། སངས་རྒྱས་ཀྱི་སྲས་དག་དང་། ཐུགས་ཀྱི་སྲས་དག་དང་། ཆོས་ལས་སྐྱེས་པ་དག་ཡིན་ནོ། །བཟང་སྐྱོང་མདོ་སྡེ་འདི་ལྟ་བུ་སྟོན་པ་དང་། མདོ་སྡེ་འདི་ལྟ་བུ་ཡང་དག་པར་ལེན་པ་གང་དག་ཡིན་པ་དེ་དང་དེ་དག་ནི་བཟང་སྐྱོང་དེ་

བཞིན་གཤེགས་པས་གསུངས་པ་སྨྲ་བ་དག་དང་། ཆོས་སྨྲ་བ་དག་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ་དག་དང་། ངའི་སྲས་དག་དང་། ཐུགས་ཀྱི་སྲས་དག་དང་། ཞལ་ནས་སྐྱེས་པ་དག་དང་། ངས་བྱིན་གྱིས་

Vol. 48 · folio 26a

བརླབས་པ་དག་དང་། ངས་བསྐོས་པ་དག་དང་། ངས་ཡང་དག་པར་དགའ་བར་བྱས་པ་དག་ཡིན་ཞིང་དེ་དག་གིས་ཆོས་ཀྱི་མཆོད་སྡོང་བཙུགས་པ་ཡིན། དེ་དག་གིས་ཆོས་ཀྱི་རྔ་ཡང་བརྡུངས་པ་ཡིན་ཞིང་དེ་དག་གིས་ཆོས་ཀྱི་དུང་ཡང་བུས་པ་ཡིན། དེ་

དག་གིས་ཆོས་ཀྱི་རྒྱལ་མཚན་ཡང་བསྒྲེང་བ་ཡིན་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དག་གིས་སྤྱོད་པ་བསྩགས་པ་ཡིན། དེ་དག་གི་ཡོན་ཏན་གྱི་ཕྲེང་བ་འདི་ཡང་རྗེས་སུ་འབྲང་བར་བྱེད་ཅིང་དེ་དག་གི་སྲུང་བ་བཞག་པ་ཡང་ཡིན། དེ་དག་ནི་ཕྱིར་རྒོལ་བ་

རྣམས་ཚར་གཅོད་པར་ཡང་འགྱུར་ཞིང་དེ་དག་ནི་འཇིག་རྟེན་གྱི་མེ་ཏོག་ལྟ་བུ་དག་ཀྱང་ཡིན། དེ་དག་འབྱུང་བ་ཡང་མཆོག་ཏུ་རྙེད་པར་དཀའ་ཞིང་དེ་དག་གི་མཐོང་བ་ཡང་རྣམ་པར་དག་པ་ཡིན། དེ་དག་ནི་བྱང་ཆུབ་ཀྱི་སྣོད་ཀྱང་ཡིན་ཞིང་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

ཡང་དག་པར་དགའ་བར་བྱས་པ་དག་ཀྱང་ཡིན། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་པར་དགའ་བར་བྱས་པ་དག་ཀྱང་ཡིན། དེ་དག་གི་ཆོས་ཀྱི་མིག་ཀྱང་ཕྱེ་བ་ཡིན་ཞིང་དེ་དག་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་ཡང་ཡིན། དེ་དག་ནི་དེ་བཞིན་

གཤེགས་པ་མཉེས་པར་བྱེད་པར་འོས་པ་དག་ཀྱང་ཡིན་ཞིང་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ལ་བྱས་པ་གཟོབ་དག་ཀྱང་ཡིན། དེ་དག་ནི་ཆོས་ཀྱི་རྒྱན་གྱིས་བརྒྱན་པ་དག་ཀྱང་ཡིན་ཞིང་ཡེ་ཤེས་ཀྱིས་བརླན་པ་དག་ཀྱང་ཡིན། དེ་དག་ནི་ཆོས་ཀྱི་ཆར་པ་འབེབས་པར་བྱེད་

པ་དག་ཀྱང་ཡིན་ཞིང་རྒྱལ་བའི་ཐུགས་ཀྱི་སྲས་དག་ཚིམ་པར་བྱེད་པ་དག་ཀྱང་ཡིན། དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་བྱེད་པ་དག་ཀྱང་ཡིན་ཞིང་དེ་དག་ནི་ཡོན་ཏན་གྱི་ལོ་མ་རྣམས་སྐྱེས་པ་དག་ཀྱང་ཡིན། དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་གི་མེ་

ཏོག་རྣམས་ཀྱིས་མེ་ཏོག་ཀུན་ཏུ་རྒྱས་པ་དག་ཀྱང་ཡིན་ཞིང་། དེ་དག་གི་ནི་འདོད་ཆགས་དང་བྲལ་བའི་འབྲས་བུ་རྣམས་རབ་ཏུ་བྱེད་པ་དག་ཀྱང་ཡིན། དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དག་ཀྱང་ཡིན་ཞིང་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

Vol. 48 · folio 26b

ཐོབ་པ་ཡང་ཡིན། དེ་དག་ནི་ལམ་སྟོན་པར་བྱེད་པ་དག་ཀྱང་ཡིན་ཞིང་དེ་དག་ནི་ཆོས་ཀྱི་སྦྱིན་པས་རླན་པར་བྱེད་པ་དག་ཀྱང་ཡིན་ནོ། །བཟང་སྐྱོང་མདོར་ན་རིགས་ཀྱི་བུ་དེ་དག་གི་ཡོན་ཏན་རྣམས་ཏེ། བཟང་སྐྱོང་གལ་ཏེ་དེ་བཞིན་གཤེགས་པས་ཐམས་ཅད་ཡང་

དག་པར་བསྟན་ཀྱང་དེ་ནི་ཡིད་ཆེས་པར་དཀའ་བར་འགྱུར་རོ། །བཟང་སྐྱོང་དེ་དང་དེ་དག་ནི་ངའི་བསྔགས་པ་སྨྲ་བ་དག་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྨྲ་བ་དག་ཡིན་ནོ། །བཟང་སྐྱོང་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་མཚོ་མ་དྲོས་པ་མཐོང་བར་གྱུར་ཅིང་

དེའི་བསྔགས་པ་ཡང་ཐོས་པར་གྱུར་ལ། དེའི་ཚེ་དེས་སྔོན་མ་མཐོང་བའི་མཚོ་ཆེན་པོ་གཞན་ཞིག་ཀྱང་མཐོང་ནས་མཚོ་མ་དྲོས་པ་དེ་ནི་འདིའི་ཚད་ཁོ་ནའོ་ཞེས་ཚིག་སྨྲ་བར་བྱེད་ཅིང་དེ་བདག་གིས་མ་དྲོས་པའི་བསྔགས་པ་བརྗོད་དོ་ཞེས་ཟེར་ལ། བསྔགས་པ་མ་ཡིན་པ་

ཉིད་སྨྲ་བ་དེ་བཞིན་དུ་བཟང་སྐྱོང་དེ་དག་ནི་མི་བླུན་པོ་དག་ཡིན་ཞིང་དེ་དག་ནི་ཡོན་ཏན་དེ་ལྟ་བུ་དག་དང་། ཡེ་ཤེས་དེ་ལྟ་བུ་དག་དང་བྲལ་བ་དག་སྟེ། དེ་དག་ནི་བདག་ཅག་གིས་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པར་བྱའོ་ཞེས་ཟེར་ལ། འཇིག་རྟེན་པའི་ཡང་དག་

པའི་ལྟ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་ཤིང་ཟག་པ་དང་བཅས་པའི་ཕུང་པོ་ཐམས་ཅད་ཀྱི་སྦྱོར་བས་ཀུན་ཏུ་སྤྱོད་པར་བྱེད་ཅིང་། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་ཐོགས་པ་མེད་པའོ་ཞེས་ཚིག་དེ་སྐད་ཅེས་ཀྱང་སྨྲ་བར་བྱེད་དེ། དེ་དག་ནི་བདག་ཅག་གིས་བསྔགས་པ་

བརྗོད་པར་བྱའོ་ཞེས་ཟེར་ལ། བསྔགས་པ་མ་ཡིན་པ་ཉིད་སྨྲ་བར་འགྱུར་རོ། །བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གིས་གསེར་ནི་ཁ་དོག་སེར་པོ་དང་གསེར་ནི་ཁ་དོག་སེར་པོ་སྣང་བའོ་ཞེས་གསེར་གྱི་མིང་ཐོས་པར་གྱུར་ལ། དེས་འཛམ་བུའི་ཆུ་བོའི་གསེར་གྱི་ཁ་དོག་མཐོང་ཞིང་

རིན་ཐང་ཡང་ཐོས་ནས། ཀྱེ་མི་ཁྱོད་ནི་བརྫུན་དུ་སྨྲ་བ་སྟེ། ཁྱོད་ཀྱིས་སྨྲས་པ་དེ་ལ་གསེར་གྱི་ཁ་དོག་སེར་པོ་དེ་མེད་དོ་ཞེས་སྤོང་བར་བྱེད་ཅིང་། གཤེ་བར་བྱེད་པ་དེ་བཞིན་དུ་བཟང་སྐྱོང་མི་བླུན་པོ་མིག་མེད་པ་དེ་དག་གིས་དེ་བཞིན་གཤེགས་པའི་མཚན་ཐོས་ཤིང་ཆོས་

Vol. 48 · folio 27a

ཀྱི་མིང་ཐོས་ཀྱང་། ཆོས་ཀྱི་མིང་དེ་ཡང་ཡང་དག་པའི་ལྟ་བའོ་ཞེས་དེ་སྐད་ཐོས་ཤིང་། དེ་བཞིན་གཤེགས་པའི་མཚན་དེ་ཡང་མཚན་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་

ཚོགས་པ་དང་། ཆོ་ག་དང་སྤྱོད་པ་ཕུན་སུམ་ཚོགས་པའོ་ཞེས་དེ་སྐད་ཐོས་ལ། དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མཚན་ཉིད་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་། ཆོས་ཀྱི་མཚན་ཉིད་

གང་གིས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་གསུངས་པའི་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཡེ་ཤེས་དེ་ནི་ཐོས་པར་མ་གྱུར་ཏེ། གང་གི་ཚེ་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཐོས་པར་གྱུར་པ་དེའི་ཚེ་མི་བླུན་པོ་དེ་དག་དེ་ནི་དེ་ལྟར་མ་ཡིན་ནོ། །

ཞེས་དེ་སྐད་ཅེས་སྨྲ་བར་འགྱུར་རོ། །བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གིས་རྒྱ་མཚོ་ཆེན་པོའི་མིང་ཐོས་པར་གྱུར་ལ། རྒྱ་མཚོ་ཆེན་པོའི་ཡོན་ཏན་རྣམས་ནི་ཐོས་པར་མ་གྱུར་ཏེ། གང་གི་ཚེ་དེས་རྒྱ་མཚོ་ཆེན་པོ་ནི་འཕང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་

ལ་ཐད་ཀར་ནི་དཔག་ཚད་ཚད་མེད་པ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་གང་བ་དང་རོ་གཅིག་ཅིང་གང་བ་ཡང་མེད་བྲི་བ་ཡང་མེད་པ་ཡིན་ནོ་ཞེས་རྒྱ་མཚོ་ཆེན་པོའི་ཡོན་ཏན་བསྒྲགས་པ་ཐོས་ཤིང་ཡོན་ཏན་བསྒྲགས་པ་དེ་དེས་ཐོས་ནས་ཆུ་བོ་ཆེན་པོ་དག་ཀྱང་འབབ་ལ། གང་

བར་ཡང་མི་འགྱུར་བ་དང་། དེ་ལས་རིན་པོ་ཆེ་དེ་སྙེད་འབྱུང་བར་ཡང་འགྱུར་བ་དང་། དེ་ཡང་རྒྱར་ནི་དཔག་ཏུ་མེད་པ་ཡིན་ནོ་ཞེས་ཇི་སྐད་བྱ་ཞེས་ཡིད་མི་ཆེས་ཤིང་རྒྱ་མཚོ་ཆེན་པོའི་ཡོན་ཏན་དེ་ལྟ་བུ་དེ་དག་ཡིན་པ་འདི་ནི་གནས་མེད་དོ་ཞེས་ཟེར་བ་དེ་བཞིན་དུ། བཟང་

སྐྱོང་མི་བླུན་པོ་དེ་དག་གིས་དེ་བཞིན་གཤེགས་པའི་མཚན་ཐོས་པར་གྱུར་ཅིང་སངས་རྒྱས་ཀྱི་སྒྲ་ཐོས་པར་གྱུར་ཀྱང་། དེ་བཞིན་གཤེགས་པའི་ཡོན་ཏན་དེ་དག་དེས་ཐོས་པར་མ་གྱུར་ཅིང་ཆོས་ཤེས་པའི་ཡོན་ཏན་དག་ཐོས་པར་མ་གྱུར་ཏེ། གང་གི་ཚེ་དེས་ཐམས་ཅད་

Vol. 48 · folio 27b

མཁྱེན་པའི་ཡེ་ཤེས་ཆོས་དཀོན་མཆོག་དཔག་ཏུ་མེད་པས་གང་བ། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་ཆེན་པོ་སྒྲུབ་པར་བྱེད་པ་དཔག་ཏུ་མེད་པ། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ། ཟག་པ་མེད་པའི་ཆོས་གང་བ་ཡང་མེད། བྲི་བ་ཡང་

མེད་པ་དང་། གཏིང་དཔག་དཀའ་བ་དང་། མི་འཁྲུགས་པ་དང་། ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཇི་ལྟར་རྒྱ་མཚོ་ཆེན་པོ་མིའི་རོ་དང་ལྷན་ཅིག་ཏུ་མི་གནས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལྟ་བ་ཐིབས་པོ་ཐམས་ཅད་ཀྱིས་ཆུད་ཟོས་པའི་

སེམས་ཅན་རྣམས་དང་ལྷན་ཅིག་མི་གནས་པ་དང་། ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བར་རོ་གཅིག་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་དེ་ལྟ་བུ་དེ་ཐོས་ཤིང་དེ་དག་དེ་སྐད་ཅེས་ཐོས་ནས་ཁོང་དུ་

ཆུད་པར་མི་བྱེད་ཅིང་མངོན་པར་ཡིད་ཆེས་པར་མི་བྱེད་ལ། མོས་པར་མི་བྱེད་དེ། དེ་ལྟ་མ་ཡིན་ནོ་ཞེས་ཚིག་སྨྲ་བར་བྱེད་དོ། །བཟང་སྐྱོང་མི་བླུན་པོ་དེ་དག་བདག་ཅག་གིས་ཅི་ཤེས་ཞེའམ། བདག་ཅག་གིས་ཇི་སྙེད་བསླབས་ཞེས་དེ་ལྟར་ཡང་ལྟ་བར་མི་འགྱུར་བ་

ལ་ལྟོས། རེ་ཞིག་བདག་ཅག་ཉིད་ཀྱི་སྤྱོད་པ་ཡང་མི་ཤེས་པ་དང་། བདག་ཅག་ག་ལས་སྤྱད་ཅེས་གནས་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། བདག་ཅག་ལས་གང་གིས་འདིར་སྐྱེས་པ་དང་། བདག་ཅག་གི་ལས་འདིར་

སྐྱེས་པ་དང་། བདག་ཅག་གི་འགྲོ་བ་ཡང་གང་ཡིན་པ་དང་། བདག་ཅག་རྣམ་པ་ཇི་ལྟ་བུ་དང་། སྦྱོར་བ་ཇི་ལྟ་བུ་དང་། བདག་ཅག་ཤེས་པ་དང་ལྡན་ཞིང་ལས་བྱེད་དམ། ཤེས་པ་དང་མི་ལྡན་ཞིང་ལས་བྱེད་ཅེས་དེ་དག་གིས་དེ་སྐད་ཅེས་བདག་ཉིད་བརྗོད་པར་བྱའོ། །

གལ་ཏེ་ཆོས་དེ་དག་ལ་མི་བླུན་པོ་དེ་དག་ཆོས་ཀྱི་འདུ་ཤེས་དང་ངའི་བསྔགས་པ་མ་ཡིན་པའི་འདུ་ཤེས་བསྐྱེད་ན་ངའི་ཚིག་གིས་མི་བླུན་པོ་དེ་དག་མདོ་སྡེ་དག་ལ་མི་རྟོན་པར་འགྱུར་རོ། །ང་འདས་ནས་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང་། ཆོས་ཀྱི་བསྔགས་པ་

Vol. 48 · folio 28a

བརྗོད་པ་དང་། དགེ་འདུན་གྱི་བསྔགས་པ་བརྗོད་པ་ན་དེ་ལ་ཁྱེད་ཅག་གིས་མི་གུས་པར་མི་བྱ་ཞིང་ཡིད་མི་ཆེས་པར་མ་ཡིན་ལ། སེམས་གཞན་དུ་འགྱུར་བ་དང་། མངོན་པར་མི་དགའ་བར་མི་བྱའོ་ཞེས་ཀྱང་དེ་བཞིན་གཤེགས་པས་གསུངས་སོ། །གལ་ཏེ་དེ་ལ་ངས་

གདམས་ངག་བསྐྱེད་པར་བྱ་ན་འདི་ལྟ་སྟེ་ཞེ་འགྲས་པའི་སེམས་དང་ལྡན་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་། དགེ་སྦྱོང་མ་ཡིན་པ་དང་ཐུན་མོང་བ་འདི་ལྟ་སྟེ། དགེ་སྦྱོང་མ་ཡིན་པ་རྣམས་དང་དགེ་སྦྱོང་མ་ཡིན་པར་ཐུན་མོང་བའི་ལམ་ལ་ཞུགས་པའི་གནས་དེ་ནི་སྐྱོན་མང་པོའི་ཤས་ཆེ་བ་

ཡིན་ཞིང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་གཏིང་དཔག་དཀའ་བ་ཡིན་ཏེ། དེའི་ཕྱིར་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཁོ་ན་བསྟན་པར་བྱའོ་ཞེས་གདམས་པར་བྱའོ། །བཟང་སྐྱོང་དེ་ལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དག་

ནི་མི་གནས་པ་དག་ཉིད་དེ། ཆོས་ཐམས་ཅད་དེ་ལྟར་གནས་པ་དག་ཉིད་རྣམ་པར་མི་རྟོག་པ་དག་གོ། །བཟང་སྐྱོང་འདི་ལྟ་སྟེ་འཇུག་པའི་སྒོ་དང་། རྟོགས་པའི་སྒོ་དང་། རྣམ་པར་ཐར་པའི་སྒོ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྒོ་ཡིན་ནོ། །བཟང་སྐྱོང་

གནས་དང་གནས་མ་ཡིན་པ་དེ་ནི་གཉིས་ཡིན་ནོ། །བཟང་སྐྱོང་ཡང་དག་པའི་ལྟ་བ་དང་མཐའ་མི་དམིགས་པའི་ཕྱིར་མཐའ་རྣམ་པར་སྤངས་པ་ནི་གཉིས་ལ་མ་ཆགས་པ་ཡིན་ནོ། །བཟང་སྐྱོང་དེ་བཞིན་གཤེགས་པས་མཐའ་མ་བརྙེས་པའི་ཕྱིར་མཐའ་རྣམ་པར་སྤངས་

པ་མ་ཡིན་མོད་ཀྱི། འོན་ཀྱང་གང་གི་ཕྱིར་མི་དམིགས་པ་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པས་དེ་རྣམ་པར་སྤངས་པ་ཡིན་ནོ། །བཟང་སྐྱོང་དེ་བཞིན་གཤེགས་པས་རྣམ་པར་སྤངས་པའི་ཆོས་དེ་དག་ཇི་ལྟར་བྱིས་པ་དག་གིས་བཟུང་བ་དེ་བཞིན་དུ་མཁས་པ་དག་

འཛིན་པར་མི་བྱེད་དོ། །བཟང་སྐྱོང་ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་དེ་ལྟར་རྣམ་པར་སྤངས་པ་མ་ཡིན་ཞིང་། ཡང་དག་པར་འདས་པ་མ་ཡིན་ལ། བོར་བ་མ་ཡིན་ཞིང་རྙེད་པ་མ་ཡིན་ནོ། །བཟང་སྐྱོང་གང་ངའི་ཐད་དུ་ཕྱིན་ནས་འདི་སྐད་ཅེས་སྨྲ་བའི་ལྷ་དེའི་

Vol. 48 · folio 28b

ཚིག་ལན་ངས་འདི་སྐད་ཅེས་བཏབ་སྟེ། དགེ་སྦྱོང་དགྱེས་པ་མཛད་དམ། ངས་སྨྲས་པ། ལྷ་ངས་ཅི་སྙེད། དགེ་སྦྱོང་ཐུགས་ངན་མཛད་དམ། ངས་སྨྲས་པ། ལྷ་ངའི་ཅི་ཆུད་ཟོས། དེས་གསོལ་པ། དགེ་སྦྱོང་དགྱེས་པའང་མ་ལགས་ཐུགས་ངན་ཡང་མི་མཛད་པ་ནི་

དགེ་སྦྱོང་ལེགས་སོ་ལེགས་སོ། །བཟང་སྐྱོང་ལྷ་དེ་འཁོར་འདི་ཉིད་དུ་འདུས་པར་གྱུར་ནས་འདུག་སྟེ། བཟང་སྐྱོང་དེས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དག་ཀུན་དུ་ཤེས་སོ། །ལྷ་དེས་ནི་སྔོན་སངས་རྒྱས་ལྔ་བརྒྱ་དག་མཉེས་པར་

བྱས་ཏེ། དེ་དག་མཉེས་པར་བྱས་པས་ལྷ་དེ་དེ་ལྟར་མངོན་པར་ཤེས་པ་མྱུར་བར་གྱུར་ཏོ། །བཟང་སྐྱོང་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་དང་། དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ཆོས་དེ་དག་ལ་འདུལ་བའི་ཕྱིར་མོས་པར་ང་མི་སྨྲའོ། །དེ་བཞིན་

དུ་ཉན་ཐོས་རྣམས་ཀྱི་མོས་པ་མ་མཐོང་ངོ་། །བཟང་སྐྱོང་ཆོས་དེ་དག་གང་ལ་ལས་ཐོས་ནས་ཐོས་པའི་མོད་ལ་མོས་པར་འགྱུར་བའམ། དད་པར་འགྱུར་བའམ། ཡིད་ཆེས་པར་འགྱུར་བའི་དགེ་བའི་རྩ་བ་དེ་ནི་ནང་གི་ཆུང་ངུར་འགྱུར་ཏེ། དེའི་གོང་ན་ཤེས་རབ་ཀྱི་ཕུང་

པོའི་ཡེ་ཤེས་ཤིན་ཏུ་རྒྱས་པས་ཡེ་ཤེས་ལ་འཇུག་པའི་དགེ་བའི་རྩ་བ་རྣམས་ནི་རྒྱ་ཆེ་བར་བལྟ་བར་བྱའོ། །དེ་ནས་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ལག་པ་ལྟ་བུའི་པད་མ་དེས་གཏོར་ཅིང་མངོན་པར་གཏོར་ནས་ཚིག་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ལག་པ་ལྟ་བུའི་པད་མའི་ཆོས་ཀྱི་རྣམ་གྲངས་དེ་ལ་དམིགས་ནས་ཡོངས་སུ་ཚོལ་བར་བགྱིད་པའམ། ཉན་པར་བགྱིད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ལགས་སོ། །

བཅོམ་ལྡན་འདས་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་དམིགས་པ་དེས་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་

Vol. 48 · folio 29a

ཕྱོགས་ཀྱི་ཆོས་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཆོས་བསྟན་པར་གསོལ་བ་འདེབས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ཁྱོད་

ལ་སེམས་ཅན་རྣམས་ཀྱིས་ཕན་བཏགས་སམ་ཞེ་ན་གང་གི་ཕྱིར་ཁྱོད་སེམས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་བགོས་ཤིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

དེ་དག་ལ་ཡང་ཆོས་བསྟན་པར་གསོལ་བ་འདེབས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་སེམས་ཅན་དེ་དག་གིས་སྨན་བཏགས་པས་

བདག་གིས་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་དག་ཏུ་དགོད་པར་བགྱི་བའམ། དེ་དག་གིས་གནོད་པ་བགྱིས་པས་དེ་དག་སངས་རྒྱས་ཀྱི་ཞིང་དག་ཏུ་དགོད་པར་མི་བགྱིའོ་ཞེས་གནོད་པར་བགྱི་བའམ། ཕན་གདགས་པའི་སླད་དུ་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་དེ་བགོས་པ་མ་

ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟ་བུའི་གོ་ཆ་མི་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་དཔེར་བགྱི་ན་ཡན་ལག་ཐམས་ཅད་ལས་མེ་ཏོག་ཀུན་དུ་རྒྱས་པའི་ཤིང་ཡོངས་འདུ་ས་བརྟོལ་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དགའ་བར་འགྱུར་བ་

དང་། ཡན་ལག་ཐམས་ཅད་ལས་མེ་ཏོག་ཀུན་དུ་རྒྱས་པའི་ཤིང་ཡོངས་འདུ་ས་བརྟོལ་མཐོང་ནས། དེ་ལ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་མིའི་མ་ལགས་པའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བགྱིད་པར་གྱུར་ན། བཅོམ་ལྡན་

འདས་འོ་ན་ཅི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཡན་ལག་ཐམས་ཅད་ལས་མེ་ཏོག་ཀུན་དུ་རྒྱས་པའི་ཤིང་ཡོངས་འདུ་ས་བརྟོལ་ལ་གནོད་པར་བགྱི་བའམ། སྨན་གདགས་པར་བགྱིས་ལགས་སམ། གང་གི་སླད་དུ་ཡོངས་འདུ་ས་བརྟོལ་མཐོང་ནས་སུམ་ཅུ་རྩ་གསུམ་པའི་

Vol. 48 · folio 29b

ལྷ་རྣམས་དགའ་བར་འགྱུར་ཞིང་། མིའི་མ་ལགས་པའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བགྱིད་ཅིང་ཡན་ལག་ཐམས་ཅད་ལས་མེ་ཏོག་ཀུན་ཏུ་རྒྱས་པའི་ཤིང་ཡོངས་འདུ་ས་བརྟོལ་དུ་རེག་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དགའ་

བར་འགྱུར། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཡོངས་འདུ་ས་བརྟོལ་ལ་གནོད་པར་བགྱི་བའམ། སྨན་གདགས་པ་ཅི་ཡང་མ་བགྱིས་ལགས་མོད་ཀྱི། འོན་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་འདོད་པ་ལ་ལོངས་སྤྱོད་པར་བགྱི་བའི་སླད་

དུ་ཡན་ལག་ཐམས་ཅད་ལས་མེ་ཏོག་ཀུན་ཏུ་རྒྱས་པའི་ཤིང་ཡོངས་འདུ་ས་བརྟོལ་གྱི་ཐད་དུ་མངོན་པར་མཆི་བར་འོས་པ་ལགས་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ལ་སེམས་ཅན་རྣམས་ཀྱིས་གནོད་པར་བགྱི་བའམ། སྨན་གདགས་པ་མ་བགྱིས་ལགས་མོད་ཀྱི་

འོན་ཀྱང་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་དེ་བསྒྲུབས་ཏེ། ཡན་ལག་ཐམས་ཅད་ལས་མེ་ཏོག་ཀུན་དུ་རྒྱས་པའི་ཤིང་ཡོངས་འདུ་ས་བརྟོལ་བཞིན་དུ་ཅི་ནས་ཀྱང་སེམས་ཅན་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་དེ་དག་མངོན་པར་མཆི་བའི་འོས་སུ་བགྱི་བའི་སླད་དུ་སེམས་

ཅན་རྣམས་ཀྱི་དོན་དུ་དེ་ལྟ་བུའི་གོ་ཆ་འཚལ་ལགས་ཏེ། དེ་ལ་ཡང་སེམས་ཅན་རྣམས་དགའ་བ་མ་མཆིས་པའི་དེ་བཞིན་གཤེགས་པའི་དབང་པོ་ལྔ་པོ་དག་གིས་སུམ་ཅུ་རྩ་གསུམ་པའི་ལྷ་དག་བཞིན་དུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བགྱིད་ལགས་སོ། །

བཅོམ་ལྡན་འདས་བདག་ཅག་གིས་གོ་ཆ་དེ་ཡང་སེམས་ཅན་ལས་དབེན་པར་བགྱི་བའི་སླད་དུ་བགོས་ལགས་ཀྱི། སེམས་ཅན་དམིགས་པར་བགྱི་བའི་སླད་དུ་མ་ལགས། བདག་ལས་དབེན་པར་བགྱི་བའི་སླད་དུ་བགོས་ལགས་ཀྱི། བདག་དམིགས་པར་བགྱི་བའི་

སླད་དུ་མ་ལགས། ཆོས་ལས་དབེན་པར་བགྱི་བའི་སླད་དུ་བགོས་ལགས་ཀྱི། ཆོས་དམིགས་པར་བགྱི་བའི་སླད་དུ་མ་ལགས། ཕུང་པོ་ལས་དབེན་པར་བགྱི་བའི་སླད་དུ་བགོས་ལགས་ཀྱི། ཕུང་པོ་དམིགས་པར་བགྱི་བའི་སླད་དུ་མ་ལགས། ཁམས་ལས་

Vol. 48 · folio 30a

དབེན་པར་བགྱི་བའི་སླད་དུ་བགོས་ལགས་ཀྱི། ཁམས་དམིགས་པར་བགྱི་བའི་སླད་དུ་མ་ལགས། སྐྱེ་མཆེད་ལས་དབེན་པར་བགྱི་བའི་སླད་དུ་བགོས་ལགས་ཀྱི། སྐྱེ་མཆེད་དམིགས་པར་བགྱི་བའི་སླད་དུ་མ་ལགས་ཏེ། འདི་ལྟ་སྟེ། དབེན་པའི་གོ་ཆ་དེ་ལྟ་

བུའི་གོ་ཆ་དེ་བགོས་ལགས་སོ། །བཅོམ་ལྡན་འདས་གོ་ཆ་དེ་ནི་དབེན་པའི་གོ་ཆ་ལགས་ཏེ། དེ་ལ་ནི་གོ་ཆ་མ་མཆིས་གོ་ཆའི་འབྲས་བུ་མ་མཆིས་ཏེ། གང་ཡང་ཐོབ་པར་བགྱི་བའི་སླད་དུ་མ་ལགས། དོར་བར་བགྱི་བའི་སླད་དུ་མ་ལགས་པ་དེ་ལྟ་བུའི་གོ་ཆ་དེ་བགོས་

ལགས་སོ། །བདག་འདི་ནི་གོ་ཆའོ་ཞེས་མོས་པར་མི་བགྱིད་ཅིང་གཡར་གྱིས་མི་ལེན་པ་དང་། གོ་ཆ་འདི་ནི་འདི་ལྟ་བུའོ་ཞེས་གཡར་གྱིས་མི་ལེན་པ་དང་། ཚད་དེ་ལྟ་བུའོ་ཞེས་གཡར་གྱིས་མི་ལེན་པ་དང་། གོ་ཆ་འདི་ནི་འདིའི་ཕྱིར་རོ་ཞེས་གཡར་གྱིས་མི་ལེན་པ་

དེ་ལྟ་བུའི་གོ་ཆ་དེ་བགོས་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་གཡར་གྱིས་བླངས་ན་ནི་བདག་ཉེ་བར་བླངས་པར་འགྱུར་བ་ཞིག་ན། བཅོམ་ལྡན་འདས་བདག་ཉེ་བར་མི་ལེན་ལགས་ཏེ། དེ་ཉེ་བར་མི་ལེན་ཅིང་བྱང་ཆུབ་སེམས་དཔའ་ནི་བདག་གམ་བདག་མ་མཆིས་པ་ལ་

མི་གནས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་བདག་མ་མཆིས་པ་ལ་གནས་ན་ནི་བདག་ཁོ་ན་ལ་གནས་པར་འགྱུར་བ་ཞིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་གནས་པའི་སླད་དུའོ། །བཅོམ་ལྡན་འདས་འཇིག་རྟེན་དུ་གོ་ཆ་དེ་དེ་ལྟར་རབ་ཏུ་བསྒོམས་པ་ལགས་

ཏེ། བཅོམ་ལྡན་འདས་ཇི་ལྟར་ཅི་ཡང་མ་བསྒོམས་པ་དེ་ལྟར་རབ་ཏུ་བསྒོམས་པ་ལགས་པའི་སླད་དུའོ། །གཞན་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སོ་སོའི་སྐྱེ་

བོའི་ཆོས་རྣམས་ཐག་རིང་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མ་མཐོང་ཞིང་། སངས་རྒྱས་ཀྱི་ཆོས་རྣམས་ཐག་ཉེ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མ་མཐོང་། སློབ་པའི་ཆོས་རྣམས་ཐག་རིང་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མ་མཐོང་ཞིང་། སངས་རྒྱས་ཀྱི་ཆོས་

Vol. 48 · folio 30b

རྣམས་ཐག་ཉེ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མ་མཐོང་། སངས་རྒྱས་ཀྱི་ཆོས་དེ་དག་ཅེས་དེ་ལྟར་ཡང་ཡང་དག་པར་རྗེས་སུ་མ་མཐོང་ཞིང་། སངས་རྒྱས་ཀྱི་ཆོས་དེ་དག་དེ་བཞིན་ཞེས་ཡང་དག་པར་རྗེས་སུ་མ་མཐོང་ལགས་ཏེ། བཅོམ་ལྡན་འདས་བདག་གིས་ཕན་

ཡོན་ཅི་ཡང་ཡང་དག་པར་རྗེས་སུ་མ་མཐོང་ཞིང་ཉེས་དམིགས་ཅི་ཡང་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་ལྟ་བུའི་གོ་ཆ་བགོས་ལགས་ཏེ། འཇིག་རྟེན་དུ་གོ་ཆ་དེ་དེ་ལྟར་རབ་ཏུ་བགོས་པ་ལགས་སོ། །དེ་ནས་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་བཅོམ་

ལྡན་འདས་ལ་པད་མ་གང་དག་གཏོར་བ་དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་དོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟེང་དུ་ཆར་བབ་ཅིང་སེམས་ཅན་ཡོངས་སུ་སྨིན་པར་ཡང་བྱས་སོ།། །།བམ་པོ་གསུམ་པ། ཡང་དེའི་ཚེ་

ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་མཚན་གྱི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མ་མེད་པའི་ང་རོ་ཞེས་

བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །བཅོམ་ལྡན་འདས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་འདི་ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་འཚང་རྒྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་སྣང་བ་ཆེན་པོ་དེ་མཐོང་ཞིང་གསུང་བསལ་བའི་སྒྲ་དེ་ཡང་ཐོས་ཏེ། དེ་ཐོས་

ནས་ཀྱང་དེ་བཞིན་གཤེགས་པ་མཚན་མ་མེད་པའི་ང་རོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་གདའ་བ་འདི་དང་། གསུང་བསལ་བའི་སྒྲ་གྲག་པ་འདི་སུའི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་

Vol. 48 · folio 31a

བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་

རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་ཞེས་བྱ་བའི་ཆོས་

ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏེ། འོད་དེ་དང་གསུང་བསལ་བའི་སྒྲ་གྲག་པ་དེ་ནི་དེའི་ཡིན་ནོ། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་མཐའ་ཡས་ཤིང་དཔག་ཏུ་མེད་པ་དག་མཚམས་སུ་ལྷགས་སོ། །

དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་

བར་བགྱིའོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་དེ་ལྟ་བུ་དེ་དག་ཐོས་པར་ཡང་ཤིན་ཏུ་དཀའ་ལགས་ན་ལྟ་བ་ལྟ་སྨོས་ཀྱང་ཅི་འཚལ་ཞིང་བསྙེན་བཀུར་བགྱི་བ་ལྟ་སྨོས་ཀྱང་ཅི་འཚལ་བའི་སླད་དུའོ། །དེ་ནས་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མ་མེད་པའི་ང་རོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་དུས་ལ་དབབ་པར་ཤེས་ན་སོང་ཤིག །དེ་

བཞིན་གཤེགས་པས་སྐབས་ཕྱེ་བས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟན་ལས་ལངས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བསྐོར་བ་ཡང་བྱས་ནས་སོང་སྟེ། བཅོམ་ལྡན་འདས་

Vol. 48 · folio 31b

ཀྱིས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཁྱོད་ཀྱིས་པད་མ་འདི་ངའི་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཕུལ་ཅིག་ཅེས་དེའི་ལག་ཏུ་པད་མ་གཅིག་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་

ལོ་བསྐོར་བས་པད་མ་དེ་ལག་པས་བླངས་ནས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་འོངས་སོ། །པད་མ་ཆེན་པོ་དེ་ལས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མ་མེད་པའི་ང་རོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འཁོར་ཁྱད་པར་དུ་

འཕགས་པ་གང་དག་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀུན་ཏུ་སྣང་སྟེ། སེམས་ཅན་དེ་དག་གིས་ལོངས་སྤྱད་པར་བྱ་བའི་ཕྱིར་པད་མ་ཆེན་པོ་དེ་ལྟ་བུ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་ཁྱབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་

ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་པད་མ་དེ་ཐོགས་ནས། འཇིག་རྟེན་གྱི་ཁམས་མི་མཇེད་དུ་སོན་ཏོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདིར་དེ་ཕྱིན་ནས། དེ་ནས་དེ་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་ཤིང་ལྗོན་པའི་རྣམ་པའམ། འབྲས་བུའི་

རྣམ་པའམ། མེ་ཏོག་གི་རྣམ་པའམ། ལོ་མའི་རྣམ་པ་ཇི་སྙེད་ཡོད་པ་དང་། ཐ་ན་སོར་བཞི་ཙམ་པ་དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལག་པ་ལས་ཀུན་ཏུ་སྣང་ངོ་། །འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་

སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གིས་རང་རང་གི་སྐད་དག་མངོན་པར་བརྗོད་དེ། དེ་དག་མངོན་པར་བརྗོད་པ་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་གྲག་ཅིང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་

པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྒྲ་དག་ཀྱང་གྲག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །ཨ་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words