No title in the text — opening words: འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 49 · folio 276a
ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སར་མི་ལྟུང་བའོ། །གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཡང་དག་པའི་ཡེ་ཤེས་དེས་མིང་དང་། རྒྱུ་མཚན་རྣམ་པར་འཇོག་པར་ཡང་མི་བྱེད་ལ། མིང་དང་རྒྱུ་མཚན་རྣམ་པར་མི་གཞོག་པ་
ཡང་མ་ཡིན་པས་ལྟ་བ་གཉིས་སུ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་ཡོངས་སུ་སྤོང་བར་བྱེད་དོ། །མིང་དང་རྒྱུ་མཚན་མི་སྐྱེ་བ་ནི་དེ་བཞིན་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཉིད་ལ་གནས་པ་ནི་སྣང་བ་མེད་པའི་སྤྱོད་ཡུལ་ཐོབ་པའི་ཕྱིར་བྱང་ཆུབ་
སེམས་དཔའི་ས་རབ་ཏུ་དགའ་བ་འཐོབ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་འཇིག་རྟེན་ལས་འདས་པའི་ཚུལ་ལ་ཡང་དག་པར་གནས་པ། ཆོས་ཀྱི་མཚན་ཉིད་ལ་འདྲིས་པ། སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཐམས་
ཅད་རྣམ་པར་འབྱེད་པ། རང་གིས་རིག་པའི་ཆོས་ཀྱི་ཚུལ་གྱི་མཚན་ཉིད། རྟོག་གེ་པའི་ལྟ་བ་ཡ་མཚན་གྱི་མཚན་ཉིད་དང་བྲལ་བས་རིམ་གྱིས་ཆོས་ཀྱི་སྤྲིན་གྱི་བར་དུ་འཐོབ་པར་འགྱུར་ཏེ། བར་དེ་ཡང་ཏིང་ངེ་འཛིན་དང་། སྟོབས་དང་། དབང་དང་། མངོན་པར་ཤེས་པ་རྒྱས་ཤིང་དེ་བཞིན་གཤེགས་པའི་
སའི་བར་དུ་འཐོབ་པར་འགྱུར་རོ། །དེ་ཐོབ་ནས་ཆུའི་ཟླ་བ་བཞིན་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་ཀུན་དུ་སྟོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་མཐར་ཐུག་པའི་གནས་བཅུ་ཡོངས་སུ་རྫོགས་ནས་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ལ་རབ་ཏུ་འབྱེད་ཅིང་ཆོས་སྟོན་ཀྱང་ཆོས་ཀྱི་སྐུ་ནི་ཡིད་ཀྱི་མངོན་པར་
འདུ་བྱེད་པ་དང་བྲལ་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་ལ་ཞུགས་ནས་ཐོབ་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་རང་བཞིན་གསུམ་པོ་རྣམས་ཆོས་ལྔའི་ནང་དུ་འདུས་པ་ཞིག་ལགས་
སམ། འོན་ཏེ་སོ་སོ་ནས་རང་གི་མཚན་ཉིད་དུ་གྲུབ་པ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་པ་གཉིས་ཀྱང་ཆོས་ལྔའི་ནང་དུ་འདུས་སོ། །བློ་གྲོས་ཆེན་པོ་མིང་དང་རྒྱུ་མཚན་དེ་དག་ནི་ཀུན་
Vol. 49 · folio 276b
དུ་བརྟགས་པའི་རང་བཞིན་ཡིན་ནོ། །བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་དེ་ལ་བརྟེན་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་མིང་དང་ལྷན་ཅིག་སྐྱེ་སྟེ། ཇི་ལྟར་ཉི་མ་དང་འོད་ཟེར་ལྷན་ཅིག་འབྱུང་བ་བཞིན་དུ་སྣ་ཚོགས་ཀྱི་མཚན་ཉིད་སོ་སོར་རྣམ་པར་བརྟག་ཅིང་། འཛིན་པར་བྱེད་པ་དེ་ནི་གཞན་
གྱི་དབང་གི་རང་བཞིན་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལ་རྣམ་པ་བརྒྱད་དུ་དབྱེ་སྟེ། འདི་ལྟ་སྟེ། ཀུན་གཞི་རྣམ་
པར་ཤེས་པ་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་ཚོགས་ལྔའོ། །དེ་ལ་རྒྱུ་མཚན་ནི་ཡང་དག་པ་མ་ཡིན་པའི་མཚན་ཉིད་ལ་ཀུན་དུ་བརྟགས་པའི་ཕྱིར་བདག་དང་བདག་གིར་འཛིན་པ་གཉིས་འགགས་ན་བདག་མེད་པ་གཉིས་སྐྱེའོ། །དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཆོས་
ལྔ་པོ་འདིའི་ནང་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་དང་། ས་རྣམས་ཀྱི་མཚམས་སྦྱར་བ་དང་། གོ་རིམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་འདུས་སོ། །གཞན་ཡང་
བློ་གྲོས་ཆེན་པོ་ཆོས་ལྔ་ནི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །བློ་གྲོས་ཆེན་པོ་དེ་ལ་རྒྱུ་མཚན་ནི་གནས་པ་དང་། དབྱིབས་ཀྱི་མཚན་ཉིད་དང་། གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་བ་ནི་རྒྱུ་མཚན་ཞེས་བྱའོ། །གང་རྒྱུ་
མཚན་དེ་ཉིད་ལ་བུམ་པ་ཞེས་བྱ་བ་ལ་སོགས་པའི་མིང་ཡོད་པས་འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མིང་ཞེས་བྱ་བ་སྟེ། མིང་མང་པོ་བཏགས་ནས་རྒྱུ་མཚན་རྣམས་གསལ་བར་བྱེད་པའོ། །བུམ་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་ནི་རྣམ་པར་རྟོག་པ་ཞེས་
བྱའོ། །མིང་དེ་དང་རྒྱུ་མཚན་དེ་དག་མཐར་དམིགས་སུ་མེད་པ་དང་། ཐོག་མ་དང་། ཐ་མར་རིག་པར་བྱ་བ་མེད་པ་དང་། ཆོས་རྣམས་ལ་ཕན་ཚུན་མེད་པ་དང་། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་དེ་བཞིན་ཉིད་ཅེས་བྱའོ། །དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་མཐར་ཐུག་པར་ཡང་
Vol. 49 · folio 277a
རང་བཞིན་དམིགས་སུ་མེད་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ང་དང་དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཞུགས་ཤིང་སེམས་ཅན་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཤད་དོ། །བཏགས་སོ། །གསལ་བར་བྱས་སོ། །གང་དེའི་རྗེས་སུ་ཞུགས་ནས་ཡང་དག་པར་
རྟོགས་ཤིང་ཆད་པ་དང་རྟག་པ་མེད་པ། རྣམ་པར་རྟོག་པ་མི་འབྱུང་བ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་ཚུལ་དང་རྗེས་སུ་འཐུན་པ། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་དམིགས་པའི་མཚན་ཉིད་དེ་ནི་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །བློ་
གྲོས་ཆེན་པོ་དེ་དག་ནི་ཆོས་ལྔ་ཞེས་བྱ་སྟེ། རང་བཞིན་རྣམ་པ་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་པ་གཉིས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་དེར་འདུས་ཏེ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་དེ་ལ་བདག་ཉིད་ཀྱིས་ནན་ཏན་དུ་བསླབ་པར་བྱ་ཞིང་གཞན་ལ་ཡང་བསླབ་པར་བྱ་
སྟེ། གཞན་གྱི་རྗེས་སུ་འབྲང་བར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་དོན་ནི་རྣམ་གཉིས་པོར། །ཐེག་ཆེན་ཐམས་ཅད་བསྡུས་
པ་ཡིན། །མིང་དང་རྒྱུ་མཚན་རྣམ་པར་རྟོག །རང་བཞིན་གཉིས་ཀྱི་མཚན་ཉིད་དེ། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་
པ་ལྟར་ན་འདས་པའི་སངས་རྒྱས་རྣམས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ། མ་འོངས་པ་དང་། ད་ལྟར་གྱི་ཡང་དེ་བཞིན་ནོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་འདི་ལ་སྒྲ་ཇི་བཞིན་དུ་དོན་གཟུང་བར་བགྱིའམ། འོན་ཏེ་དོན་གཞན་ཞིག་མཆིས་ལགས། བཅོམ་ལྡན་འདས་ཐུགས་བརྩེ་བར་
དགོངས་ཏེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྒྲ་ཇི་བཞིན་དུ་དོན་གཟུང་བར་མི་བྱ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་བསམ་པ་
Vol. 49 · folio 277b
ལས་འདས་པས་དཔེ་རྣམས་ཀྱིས་དཔེར་བྱ་བ་མ་ཡིན་ནོ། །འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྟག་པ་ལ་མངོན་པར་ཞེན་པ་དང་། མུ་སྟེགས་ཅན་གྱི་རྣམ་པར་བཏགས་པའི་ལྟ་བ་ངན་པ་འཕེལ་ནས་འཁོར་བ་ལ་ཐུག་པ་མེད་པར་འགྱུར་བ་དག་འཁོར་བར་འགྲོ་བའི་འཁོར་ལོ་ལ་ཡོངས་སུ་སྐྱོ་བར་བྱ་བ་དང་།
བརྩོན་འགྲུས་ཁྱད་པར་ཅན་རྩོམ་དུ་གཞུག་པའི་ཕྱིར་དེ་དག་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་མཐོང་བར་སླ་བས་ཨུ་དུམ་བཱ་རའི་མེ་ཏོག་ལྟ་བུ་མ་ཡིན་ནོ་ཞེས་བསྟན་ཏེ་མཐོང་བར་དཀའ་ཞེས་རྩོམ་པ་གཏོང་བར་འགྱུར་བའི་ཕྱིར་རོ། །རེས་འགའ་ནི་འདུལ་བའི་སྐྱེ་བོ་རྣམས་ལ་གཟིགས་ནས་
འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་ཤིན་ཏུ་མཐོང་བར་དཀའ་བས་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ་ཞེས་བཤད་དེ། ཨུ་དུམ་བཱ་རའི་མེ་ཏོག་ནི་སུས་ཀྱང་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་ན། དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་སྟེ། རང་གི་ཚུལ་རྣམ་པར་
གཞག་པའི་ཕྱིར་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ་ཞེས་བཤད་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་རང་གི་ཚུལ་རྣམ་པར་གཞག་པ་ནི་འཇིག་རྟེན་པའི་བསམ་པ་ལས་འདས་པས་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་ཡིད་ཆེས་པར་མི་འགྱུར་ཏེ། སོ་སོ་རང་གིས་
རིག་པའི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ནི་དཔེར་བྱ་བ་མེད་དོ། །དེ་ཁོ་ན་ཉིད་ཀྱི་དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པས་མཐོང་བར་བྱ་བའི་མཚན་མ་རྣམས་ཀྱིས་དཔེ་བྱར་མི་རུང་ངོ་། །བློ་གྲོས་ཆེན་པོ་འོན་ཀྱང་ངས་དེ་བཞིན་གཤེགས་པ་རྣམས་གང་
གཱའི་ཀླུང་གི་བྱེ་མ་དང་མཉམ་མོ་ཞེས་དཔེས་བསྟན་པ་ལ་ཉེས་པ་མེད་དེ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་ནི་ཉ་དང་། རུས་སྦལ་དང་། ཤི་ཤུ་མཱ་ར་དང་། སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། མི་དང་། རི་དགས་རྣམས་ཀྱིས་གཙེས་ཤིང་དཀྲུགས་ཀྱང་བྱེ་མ་དེ་འདི་སྙམ་དུ་འདི་དག་གིས་
བདག་ལ་གཙེས་སོ་ཞེས་རྣམ་པར་རྟོག་པར་མི་བྱེད་དེ། རང་བཞིན་གྱིས་ཡོངས་སུ་དག་ཅིང་དྲི་མ་རྣམས་ཀྱིས་གོས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་གང་གཱའི་ཀླུང་ཆེན་པོ་ལ་ཡོད་
Vol. 49 · folio 278a
པའི་སྟོབས་དང་། མངོན་པར་ཤེས་པ་དང་། དབང་པོ་ལ་སོགས་པའི་བྱེ་མ་རྣམས་ལ་ཡང་མུ་སྟེགས་ཅན་ཐམས་ཅད་དང་། མི་རྣམས་དང་། རི་དགས་ལ་སོགས་པ་ཐམས་ཅད་ཀྱིས་གཙེས་ཤིང་དཀྲུགས་ཀྱང་དེ་བཞིན་གཤེགས་པ་ལ་དགོངས་པ་མི་མངའ་བས་རྣམ་པར་རྟོག་པ་མི་སྐྱེ་སྟེ། དེ་
བཞིན་གཤེགས་པ་རབ་ཏུ་དབེན་ཞིང་དགོངས་པའི་འདུ་ཤེས་མེད་པ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཏིང་ངེ་འཛིན་གྱི་བདེ་བ་ལ་སེམས་ཅན་རྣམས་དགོད་པའི་ཕྱིར་རྣམ་པར་གཙེས་སོ་སྙམ་དུ་མི་དགོངས་པས་གང་གཱའི་ཀླུང་གི་བྱེ་མ་དང་མཚུངས་ཤིང་བྱེ་བྲག་མེད་དོ། །གཞན་
ཡང་འདོད་ཆགས་དང་། ཁོང་ཁྲོ་བ་དང་། གཏི་མུག་ཡོངས་སུ་སྤངས་པའི་ཕྱིར་རོ། །དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་སའི་མཚན་ཉིད་ཀྱི་རང་བཞིན་ཡིན་པས་བསྐལ་པས་ཚིག་པ་ནས་ཐམས་ཅད་བསྲེགས་ཀྱང་སའི་འབྱུང་བ་ཆེན་པོ་ནི་རང་བཞིན་མི་འདོར་ཏེ། འདི་ལྟར་མེའི་ཁམས་དང་ལྷན་ཅིག་སྐྱེ་
བའི་ཕྱིར་རོ། །གཞན་དུ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཚིག་པར་རྟོག་མོད་ཀྱིས་དེ་ནི་མི་ཚིག་སྟེ། འདི་ལྟར་མེའི་ཁམས་ཀྱི་རྒྱུའི་ཕྱིར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་གང་གཱའི་ཀླུང་གི་བྱེ་མ་ལྟར་མི་འཇིག་གོ། །བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ལ་
ནི་ཚད་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་རྣམས་ཀྱང་དེ་བཞིན་དུ་ཚད་མེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀུན་དུ་སྣང་བར་བྱེད་དོ། །བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ལ་ནི་བྱེ་མ་ཐ་དད་པ་
གཞན་བཙལ་ན་ནམ་ཡང་མི་རྙེད་དོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་འཁོར་བ་ཡང་མེད། སྐྱེ་བ་དང་འགག་པ་མེད་དེ། སྲིད་པའི་རྒྱུ་དང་རྐྱེན་ཆད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་འཕེལ་
བ་དང་། འགྲིབ་པ་ཤེས་པར་མི་ནུས་སོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་འཕེལ་མི་འགྲིབ་སྟེ། ལུས་ཀྱི་ཆོས་ཅན་མ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཆོས་ཅན་ལ་ནི་འཇིག་པ་ཡོད་ཀྱི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ལུས་
Vol. 49 · folio 278b
ཀྱི་ཆོས་ཅན་མ་ཡིན་ནོ། །དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རབ་ཏུ་བཙིར་ཀྱང་མར་མི་དམིགས་སོ། །དེ་བཞིན་དུ་སེམས་ཅན་གྱི་རབ་ཏུ་གནོད་པའི་སྡུག་བསྔལ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་པ་བྱས་ཀྱང་། ཇི་སྲིད་དུ་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ་ཆོས་ཀྱི་དབྱིངས་
མི་འདོར་ཏེ། རང་གི་ཏིང་ངེ་འཛིན་དང་། སྨོན་ལམ་གྱི་བདེ་བ་དང་། ཐུགས་རྗེ་ཆེན་པོའི་ཕྱིར་རོ། །བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་རྣམས་ནི་ཆུའི་རྒྱུན་གྱི་རྗེས་སུ་འབབ་སྟེ། ཆུ་མེད་པར་ནི་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ཆོས་ཐམས་
ཅད་ཀྱང་མྱ་ངན་ལས་འདས་པའི་རྒྱུན་གྱི་རྗེས་སུ་འབབ་པས་དེའི་ཕྱིར་འདི་སྐད་དུ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ནི་འགྲོ་བ་རྣམས་ཀྱི་རྗེས་སུ་མི་འཇུག་སྟེ། རྗེས་སུ་འབབ་ཅིང་འགྲོ་བ་ནི་འཇིག་པའི་དོན་ཡིན་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་འཁོར་བའི་
ཐོག་མའི་མཐའ་ཤེས་པར་མི་ནུས་པའི་ཕྱིར། ཤེས་པ་མེད་ན་ཇི་ལྟར་འགྲོ་བ་ཞེས་བཤད། བློ་གྲོས་ཆེན་པོ་འགྲོ་བ་ཞེས་བྱ་བ་ནི་ཆད་པའི་དོན་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་སོ། །བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་རྣམས་
འཁོར་བའི་ཐོག་མའི་མཐའ་འཚལ་བ་མ་མཆིས་ན་ཇི་ལྟར་རྣམ་པར་ཐར་པ་ཁོང་དུ་ཆུད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ཀྱི་རྣམ་པར་སྤྲོས་པའི་གནས་ངན་ལེན་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་འགག་ཅིང་རང་གི་སེམས་སྣང་བ་ཙམ་དུ་
མཐོང་བའི་ཚེ་ཤེས་སོ། །ཕྱི་རོལ་གྱི་དོན་དང་། རྣམ་པར་རྟོག་པའི་ལུས་གནས་གྱུར་པ་ལ་ཐར་པ་ཞེས་བྱའི། འཇིག་པ་ནི་མ་ཡིན་ནོ། །དེ་བས་ན་མཐའ་མེད་པ་ཞེས་བྱ་བ་ནི་ཅི་ཡང་མེད་པ་མ་ཡིན་ཏེ། དེ་དག་རྣམ་པར་རྟོག་པའི་ཕྱིར་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་བྱས་
པ་ཡིན་ནོ། །ཕྱི་དང་ནང་གཉིས་ཀ་རབ་ཏུ་བརྟགས་ན་རྣམ་པར་རྟོག་པ་ལས་ལོགས་ཤིག་ན་གཞན་ཐ་དད་པའི་སེམས་ཅན་གང་ཡང་མེད་པས་ཤེས་པ་དང་། ཤེས་བྱ་དང་། ཆོས་ཐམས་ཅད་ནི་རབ་ཏུ་དབེན་པ་ཡིན་ཏེ། རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ཡོངས་སུ་མ་ཤེས་པའི་ཕྱིར་རྣམ་
Vol. 49 · folio 279a
པར་རྟོག་པ་སྐྱེའི། གལ་ཏེ་ཡོངས་སུ་ཤེས་པར་གྱུར་ན་ནི་ལྡོག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདྲེན་པ་རྣམས་ནི་རབ་བརྟགས་ན། །གང་གཱའི་ཀླུང་གི་བྱེ་མ་བཞིན། །འཇིག་པ་མེད་ཅིང་འགྲོ་བ་
མེད། །མཐར་ཐུག་མིན་པའང་མ་ཡིན་ཏེ། །དེ་ནི་མཉམ་པ་ཉིད་དག་གིས། །དེ་བཞིན་གཤེགས་རྣམས་བརྟགས་པ་ཡིན། །གང་གཱའི་བྱེ་མ་ལ་སོགས་ལྟར། །ཉེས་པ་ཐམས་ཅད་རབ་སྤངས་ཏེ། །རྒྱུན་ཕྱོགས་འཇུག་ཅིང་རང་བཞིན་རྟག །དེ་ནི་སངས་རྒྱས་སངས་རྒྱས་ཉིད། །དེ་ནས་བྱང་ཆུབ་སེམས་
དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྐད་ཅིག་མར་འཇིག་པའི་མཚན་ཉིད་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྐད་ཅིག་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་
དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་བཤད་པར་བྱའོ། །བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་
ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་།
ཟིན་པ་དང་། མ་ཟིན་པ་རྣམས་ཡིན་ཏེ། བློ་གྲོས་ཆེན་པོ་མདོར་ན་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། བག་ཆགས་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རྒྱུ་དང་། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་རྒྱས་པར་བྱེད་པ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་
རྣམས་ཀྱིས་དགེ་བ་དང་། མི་དགེ་བར་ཡོངས་སུ་བརྟགས་སོ། །བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་བདེ་བ་དང་། སྙོམས་པར་འཇུག་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ནི་འཕགས་པ་རྣམས་ཀྱི་དགེ་བ་ཟག་པ་མེད་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་དེ་ལ་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ།
Vol. 49 · folio 279b
རྣམ་པར་ཤེས་པ་བརྒྱད་རྣམས་སོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དང་། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ལྔའི་ཚོགས་རྣམས་ཏེ། མུ་སྟེགས་ཅན་གྱིས་བརྗོད་པར་བྱ་བ་མ་ཡིན་
ནོ། །བློ་གྲོས་ཆེན་པོ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་པ། དགེ་བ་དང་། མི་དགེ་བའི་མཚན་ཉིད་ཕན་ཚུན་དུ་རྣམ་པར་འབྱུང་ཞིང་འཇིག་པ། རྒྱུད་ཀྱི་རྒྱུན་གྱིས་འཇུག་པས་རྣམ་པར་མི་འཇིག་པ། ལུས་བྱུང་ནས་སྐྱེ་ཞིང་འཇིག་པར་ཡང་
འགྱུར་བའོ། །རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་ཕྱིར་འགགས་མ་ཐག་ཏུ་རྣམ་པར་ཤེས་པ་གཞན་འབྱུང་སྟེ། དབྱིངས་ཀྱི་བྱེ་བྲག་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པར་འབྱུང་ཞིང་སྐད་ཅིག་གི་དུས་སུ་ཡང་མི་གནས་པ་དེ་ནི་སྐད་ཅིག་མ་ཞེས་བྱའོ། །བློ་གྲོས་
ཆེན་པོ་དེ་ལ་སྐད་ཅིག་མ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡིད་དང་ལྷན་ཅིག་སྐྱེས་པའི་རྣམ་པར་ཤེས་པའི་བག་ཆགས་ཀྱིས་སྐད་ཅིག་པ་ཡིན་གྱི། ཟག་པ་མེད་པའི་བག་ཆགས་ཀྱིས་སྐད་ཅིག་པ་ནི་མ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་
རྟོགས་པར་མི་འགྱུར་ཏེ། འདི་ལྟར་སྐད་ཅིག་མར་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་ཆོས་ཐམས་ཅད་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་འདི་མི་རྟོགས་སོ། །དེ་ཆད་པར་ལྟ་བའི་ཕྱིར་འདུས་མ་བྱས་པའི་ཆོས་རྣམས་ཀྱང་འཇིག་པར་བྱེད་དོ། །བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་བདུན་པོ་རྣམས་ནི་
འཁོར་བར་འཇུག་པ་མ་ཡིན་ཏེ། སྡུག་བསྔལ་དང་བདེ་བ་ཡང་མི་མྱོང་ལ། མྱ་ངན་ལས་འདའ་བའི་རྒྱུ་ཡང་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྡུག་བསྔལ་དང་བདེ་བ་ཡང་མྱོང་སྟེ། རྒྱུ་དང་ལྷན་ཅིག་ཏུ་འཇུག་ཅིང་ལྡོག་གོ། །གནས་པའི་ས་གཞི་དང་། མ་རིག་པའི་
གནས་ཀྱིས་རབ་ཏུ་མྱོས་པས་བྱིས་པ་སོ་སོའི་སྐྱེ་བོ་དག་སྐད་ཅིག་མར་ལྟ་བ་མི་རྟོགས་ཤིང་། རྣམ་པར་རྟོག་པས་སེམས་ཡོངས་སུ་བསྒོས་པར་གྱུར་ཏོ། །གཞན་ཡང་བློ་གྲོས་ཆེན་པོ་དཔེར་ན་གསེར་དང་། རྡོ་རྗེ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་དང་། ཁྱད་པར་ཐོབ་པའི་ངོ་བོ་ཉིད་ནི་
Vol. 49 · folio 280a
ནམ་ཡང་འཇིག་པར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་གལ་ཏེ་མངོན་པར་རྟོགས་པ་ཐོབ་པ་སྐད་ཅིག་པ་ཡིན་ན་ནི་འཕགས་པ་རྣམས་འཕགས་པ་མ་ཡིན་པར་འགྱུར་བ་ཞིག་ན། འཕགས་པ་རྣམས་ནི་འཕགས་པ་མ་ཡིན་པར་མི་འགྱུར་རོ། །དཔེར་ན་གསེར་དང་། རྡོ་རྗེ་ནི་བསྐལ་པ་སྲིད་
དུ་མི་འབྲི་ན་ཅིའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ངའི་ལྡེམ་པོར་དགོངས་ཏེ་བཤད་པ་ལ་མི་མཁས་པ་དག་གིས་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྐད་ཅིག་པའི་དོན་དུ་རྟོག །བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་
ཡོངས་སུ་རྫོགས་པར་སྤྱད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་བཀའ་སྩལ་ན། དྲུག་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་ནི་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། འཇིག་རྟེན་
པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། །བློ་གྲོས་ཆེན་པོ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་ཅིང་མཐའ་གཉིས་སུ་འཛིན་པ། སྐྱེ་བའི་གནས་སྣ་ཚོགས་བླང་བ་དང་། གཟུགས་དང་། སྒྲ་དང་། དྲི་དང་།
རོ་དང་། རེག་བྱ་ལ་རབ་ཏུ་མོས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱང་དེ་བཞིན་ཏེ་བྱིས་པ་སོ་སོའི་སྐྱེ་བོའི་མངོན་པར་ཤེས་པ་ཡོངས་སུ་འགྲུབ་པ་དང་། ཚངས་པའི་འཇིག་རྟེན་དུ་
སྐྱེ་བར་འགྱུར་རོ། །བློ་གྲོས་ཆེན་པོ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་མྱ་ངན་ལས་འདས་པའི་འཛིན་པར་ལྷུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་ཅིང་རང་གི་མྱ་ངན་ལས་འདས་པའི་བདེ་བ་ལ་མོས་པའོ། །འཇིག་རྟེན་ལས་འདས་པའི་མཆོག་ཕ་
རོལ་ཏུ་ཕྱིན་པ་ནི་རང་གི་སེམས་སྣང་བ་རྣམས་རྟོག་པ་ཙམ་དུ་རྟོགས་པ་དང་། རང་གི་སེམས་གཉིས་སུ་འཛིན་པའི་ཕྱིར་རྣམ་པར་རྟོག་པ་མི་སྐྱེ་བ་དང་། འགྲོ་བ་རྣམས་ལེན་པ་དང་། སྐལ་བ་མཚུངས་པ་མ་ཡིན་པ་དང་། རང་གི་སེམས་དང་། གཟུགས་ཀྱི་མཚན་ཉིད་ལ་མངོན་པར་མ་ཆགས་པས་
Vol. 49 · folio 280b
སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་བྱེད་དོ། །སྦྱོར་བ་མཆོག་བསྐྱེད་ནས་དམིགས་པ་དེ་ཉིད་ལ་རྣམ་པར་རྟོག་པ་མི་འཇུག་པ་ནི་ཚུལ་ཁྲིམས་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་རྣམ་པར་རྟོག་པ་མི་སྐྱེ་བར་བཟོད་ཅིང་གཟུང་བ་
དང་། འཛིན་པ་ཡོངས་སུ་ཤེས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། གང་གིས་ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་སྦྱོར་བ་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་འཐུན་པར་རྣམ་པར་རྟོག་པ་མི་འཇུག་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་རྟོག་པ་རབ་ཏུ་ལྡོག་ཅིང་ཉན་ཐོས་ཀྱི་མྱ་ངན་
ལས་འདས་པའི་འཛིན་པར་མི་ལྟུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་དངོས་པོ་མེད་པར་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་མཐའ་གཉིས་སུ་ལྟུང་བ་དང་། སྔོན་གྱི་ལུས་གནས་རབ་ཏུ་གྱུར་པས་རྣམ་པར་མི་འཇིག་པ་དང་། སོ་སོ་རང་གིས་རིག་
པ་འཕགས་པའི་ཚུལ་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྟོང་པ་མི་རྟག་སྐད་ཅིག་མར། །བྱིས་པ་རྣམས་ནི་རྣམ་པར་རྟོག །འབབ་ཆུ་མར་མེ་ས་བོན་ལྟར། །སྐད་ཅིག་པ་ཡི་
དོན་དུ་རྟོག །སྐད་ཅིག་ཉོན་མོངས་འཁྲུག་པ་ཞི། །རབ་ཏུ་དབེན་པ་བྱེད་པ་སྤངས། །ཆོས་རྣམས་སྐྱེ་བ་མེད་པ་ནི། །སྐད་ཅིག་དོན་དུ་ངས་བཤད་དེ། །དངོས་པོ་སྐྱེས་ནས་འཇིག་པར་ནི། །བྱིས་པ་རྣམས་ལ་མི་འཆད་དོ། །བར་ཆད་མེད་པར་རྒྱུན་ཆགས་དངོས། །རྣམ་པར་རྟོག་པས་ཡོངས་སུ་
བསྒོས། །མ་རིག་པ་ནི་རྒྱུ་བྱེད་དེ། །སེམས་ནི་དེ་ལས་རབ་ཏུ་འབྱུང་། །ཇི་སྲིད་གཟུགས་དག་མ་སྐྱེས་པ། །དེ་ཡི་བར་དུ་ཕྱོགས་ཅི་ཡོད། །ཞིག་པར་གྱུར་མ་ཐག་ཏུ་ནི། །སེམས་གཞན་དེ་ཡི་རྗེས་སུ་སྐྱེ། །གཟུགས་ནི་དུས་སུ་མི་གནས་ན། །ཅི་ལ་དམིགས་ཏེ་འབྱུང་བར་འགྱུར། །དེ་དག་ལས་
ནི་རབ་འབྱུང་ཕྱིར། །ཡང་དག་མ་ཡིན་རྒྱུ་ལས་སྐྱེས། །ཇི་ལྟར་གྲུབ་པ་མེད་པ་དེས། །སྐད་ཅིག་འཇིག་པར་རབ་ཏུ་ཤེས། །རྣལ་འབྱོར་ཅན་གྱི་སྙོམས་འཇུག་དང་། །རྡོ་རྗེ་སངས་རྒྱས་རིང་བསྲེལ་དང་། །འོད་གསལ་གནས་ཀྱི་གཞལ་མེད་ཁང་། །འཇིག་རྟེན་མི་འཇིག་དངོས་པོའོ། །ཡང་དག་
Vol. 49 · folio 281a
ཆོས་ཐོབ་གནས་པ་དང་། །དེ་བཞིན་གཤེགས་མཁྱེན་ཕུན་སུམ་ཚོགས། །དགེ་སློང་མཉམ་པ་ཉིད་ཐོབ་རྣམས། །སྐད་ཅིག་མར་ནི་ཇི་ལྟར་མཐོང་། །དྲི་ཟ་སྒྱུ་མ་ལ་སོགས་པའི། །གཟུགས་རྣམས་སྐད་ཅིག་ཡོད་མ་ཡིན། །ཡང་དག་མ་ཡིན་གཟུགས་སོགས་ལ། །ཡང་དག་
ཉིད་དུ་ལྟ་བར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དགྲ་བཅོམ་པ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པས་བྱང་
ཆུབ་སེམས་དཔའ་རྣམས་དང་མཚུངས་ཤིང་བྱེ་བྲག་མ་མཆིས་པར་འགྱུར་རོ། །གལ་ཏེ་སེམས་ཅན་རྣམས་མྱ་ངན་ལས་འདའ་བའི་ཆོས་ཅན་ལགས་ན་སུ་ཞིག་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར། གཞན་ཡང་ཇི་སྲིད་དུ་དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་ཡི་གེ་གཅིག་ཀྱང་མ་གསུངས། ལན་བཏབ་པ་ཡང་མེད་ཅེས་བཀའ་སྩལ། གཞན་ཡང་དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རྟོག་པ་ཡང་མེད། དཔྱོད་པ་
པ་ཡང་མེད་དོ། །སྤྲུལ་པའི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་མཛད་པ་དག་སྤྲུལ་ཏོ། །གཞན་ཡང་ཅིའི་སླད་དུ་རྣམ་པར་ཤེས་པ་རྣམས་ནི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་རྣམ་པར་འཇིག་པའི་མཚན་ཉིད་དོ་ཞེས་གསུངས། །གཞན་ཡང་ལག་ན་རྡོ་རྗེ་མཐུ་བོ་ཆེ་ནི་རྟག་ཏུ་འབྲང་ཞིང་སྲུང་བར་བྱེད་
དོ། །ཐོག་མའི་མཐར་མི་འདོགས་སོ་ཞེས་གསུངས། གཞན་ཡང་བདུད་དང་། བདུད་ཀྱི་ལས་དང་། ཁ་ན་མ་ཐོ་བ་རྣམས་ཀྱི་རྣམ་པར་སྨིན་པ་དང་། བྲམ་ཟེའི་བུ་མོ་ཙན་ཙ་དང་། མཛེས་མ་ཀུན་དུ་རྒྱུ་དང་། ལྷུང་བཟེད་སྟོང་པར་སླར་གཤེགས་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་དག་གདའ་ན། ཅིའི་སླད་
དུ་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཀྱང་ནོངས་པ་རྣམས་མ་བྲལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་
Vol. 49 · folio 281b
ལྡན་འདས་དེ་བཞིན་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་བཤད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་དང་། འཇིག་རྟེན་འདི་དང་གཞན་དག་ན་བྱང་
ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མོས་པ་དེ་དག་ཉན་ཐོས་ཀྱི་ཐེག་པ་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་བརྩོན་པར་བྱ་བའི་ཕྱིར་སྤྲུལ་པའི་སངས་རྒྱས་ཀྱིས་ཉན་ཐོས་རྣམས་ལ་ལུང་བསྟན་པ་ཡིན་གྱི། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་ནི་མ་
ཡིན་ནོ། །བློ་གྲོས་ཆེན་པོ་རྒྱུ་དེས་ན་ཉན་ཐོས་རྣམས་བྱང་ཆུབ་སེམས་དཔའ་དག་དང་ཐ་མི་དད་པར་ལུང་བསྟན་ཏོ། །བློ་གྲོས་ཆེན་པོ་དེ་ལ་ཐ་མི་དད་པ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་གྲོལ་བ་རོ་གཅིག་
པའི་ཕྱིར་ཡིན་གྱི། ཡེ་ཤེས་ཀྱི་སྒྲིབ་པ་སྤངས་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་ཡེ་ཤེས་ཀྱི་སྒྲིབ་པ་ནི་ཆོས་བདག་མེད་པར་མཐོང་བའི་ཁྱད་པར་གྱིས་རྣམ་པར་དག་པར་འགྱུར་ལ། ཉོན་མོངས་པའི་སྒྲིབ་པ་ནི་སྔར་གང་ཟག་ལ་བདག་མེད་པར་མཐོང་བ་ལ་གོམས་པས་སྤོང་བར་འགྱུར་རོ། །དེ་ལ་རྣམ་
པར་ཤེས་པ་བདུན་འགགས་པ་དང་། ཆོས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་། ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་འགགས་པས་ནི་མཐར་ཐུག་པའི་རྣམ་པར་དག་པར་འགྱུར་རོ། །སྔོན་གྱི་ཆོས་གནས་པ་ཉིད་ལ་དགོངས་པའི་ཕྱིར་སྔ་མ་དང་ཕྱི་མ་དངོས་པོ་མེད་དོ། །མཐར་ཐུག་པའི་
སྨོན་ལམ་གྱི་ཕྱིར་དེ་བཞིན་གཤེགས་པ་རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་པར་ཆོས་འཆད་དེ། ཡང་དག་པའི་ཡེ་ཤེས་ཀྱིས་སྤྲུལ་པའི་ཕྱིར་དང་། དྲན་པ་ཉམས་པ་མེད་པའི་ཕྱིར་རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་དོ། །གནས་པའི་ས་གཞི་དང་། མ་རིག་པའི་གནས་ཀྱི་སའི་བག་ཆགས་
སྤངས་པའི་ཕྱིར་ཉོན་མོངས་པ་གཉིས་སྤངས་པ་དང་། འཆི་འཕོ་གཉིས་དང་བྲལ་བ་དང་། གང་ཟག་དང་ཆོས་བདག་མེད་པར་ཁོང་དུ་ཆུད་པ་དང་། སྒྲིབ་པ་གཉིས་སྤངས་པའོ། །བློ་གྲོས་ཆེན་པོ་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་པོ་རྣམས་ནི་
Vol. 49 · folio 282a
སྐད་ཅིག་མ། བག་ཆགས་ཀྱི་རྒྱུ་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ། ཡང་འཁོར་བར་མི་འགྱུར་བ་དང་བྲལ་བ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་། སྡུག་བསྔལ་བའི་རྒྱུ་ཡིན་ཏེ། སྟོང་པ་
ཉིད་ཀྱིས་གཡེང་བའི་བློ་ཅན་དང་། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མི་ཆུད་དོ། །བློ་གྲོས་ཆེན་པོ་ལག་ན་རྡོ་རྗེ་མཐུ་བོ་ཆེ་རྗེས་སུ་འབྲང་ཞིང་སྲུང་བར་བྱེད་པ་ནི་སྤྲུལ་པའི་སངས་རྒྱས་ཡིན་གྱི། ཡང་དག་པའི་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་ཡང་དག་པའི་དེ་བཞིན་གཤེགས་
པ་ནི་དབང་པོ་དང་། ཚད་མ་ཐམས་ཅད་དང་བྲལ་བས་བྱིས་པ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་དབང་པོ་དང་། ཚད་མ་རྣམས་ལས་རྣམ་པར་ལོག་པ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་བར་ཆད་མེད་པའི་ཆོས་ཤེས་པའི་བཟོད་པ་
ཐོབ་པའི་ཕྱིར་ལག་ན་རྡོ་རྗེས་བསྲུང་བར་བྱ་བ་མ་ཡིན་ནོ། །སྤྲུལ་པའི་སངས་རྒྱས་ཐམས་ཅད་ནི་ལས་ལས་སྐྱེས་པ་མ་ཡིན་ནོ། །འཕྲུལ་པས་སྤྲུལ་པའི་སངས་རྒྱས་ནི་སངས་རྒྱས་ཀྱང་མ་ཡིན། སངས་རྒྱས་ལས་གཞན་པ་ཡང་མ་ཡིན་ཏེ། །དཔེར་ན་རྫ་མཁན་གྱི་འཁོར་ལོ་ལ་སོགས་པའི་རྒྱུ་ལྟ་
བུར་སེམས་ཅན་གྱི་བྱ་བ་བྱེད་ཅིང་མཚན་རྣམས་དང་ལྡན་པས་ཆོས་སྟོན་ཀྱང་རང་གི་ཚུལ་གྱི་གནས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་བཤད་པ་ནི་མ་ཡིན་ནོ། །གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པར་ཤེས་པའི་ཚོགས་བདུན་འགགས་པའི་ཕྱིར་ནི་ཆད་པར་ལྟ་བ་སྐྱེད་དོ། །
ཀུན་གཞི་རྣམ་པར་ཤེས་པ་མ་རྟོགས་པའི་ཕྱིར་ནི་རྟག་པར་ལྟ་བ་སྐྱེད་དོ། །བདག་ཉིད་རྣམ་པར་རྟོག་པའི་ཕྱིར་ནི་ཐོག་མའི་མཐའ་མི་ཤེས་སོ། །རང་གི་རྣམ་པར་རྟོག་པའི་བློ་འགགས་པའི་ཕྱིར་ནི་རྣམ་པར་གྲོལ་བར་འགྱུར་རོ། །གནས་པའི་ས་གཞི་དང་མ་རིག་པ་གནས་ཀྱི་སའི་བག་ཆགས་
སྤངས་པའི་ཕྱིར་ཉེས་པ་ཐམས་ཅད་སྤངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐེག་པ་གསུམ་ནི་ཐེག་མ་ཡིན། །དེ་བཞིན་གཤེགས་པ་ཟད་མི་འགྱུར། །ཐམས་ཅད་སངས་རྒྱས་ལུང་བསྟན་ཅིང་། །
Vol. 49 · folio 282b
ཉེས་པ་རྣམས་དང་བྲལ་བར་བཤད། །མངོན་རྟོགས་ཡེ་ཤེས་ཐོབ་བྱ་དང་། །ལྷག་མེད་མྱ་ངན་འདའ་བ་དང་། །ཞུམ་པ་རྣམས་ཀྱང་སྤྲོ་བྱའི་ཕྱིར། །དེ་ཕྱིར་དགོངས་ཏེ་བཤད་པ་ཡིན། །སངས་རྒྱས་བསྐྱེད་པའི་ཡེ་ཤེས་དག །དེ་ཉིད་རྣམ་འབྱེད་ལམ་དུ་བཤད། །ཐེག་པ་རྣམས་ནི་ཐེག་མ་ཡིན། །
དེ་ནི་མྱ་ངན་འདའ་བ་མིན། །འདོད་གཟུགས་སྲིད་དང་ལྟ་བ་རྣམས། །གནས་བཞིའི་སར་ནི་བཤད་པ་ཡིན། །ཡིད་ཀྱི་རྣམ་པར་ཤེས་ལས་འབྱུང་། །རྣམ་ཤེས་ཁྱིམ་དུ་ཡིད་ནི་གནས། །ཡིད་དང་མིག་སོགས་རྣམ་པར་ཤེས། །འགག་པ་ལ་ནི་མི་རྟག་བཤད། །ཡང་ན་མྱ་ངན་འདས་པར་ལྟ། །
རྟག་པར་གནས་པ་ཉིད་དུ་འདོད། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། བྱང་ཆུབ་སེམས་དཔའ་ལ་སོགས་པ། །བླ་མེད་བྱང་ཆུབ་ཚོལ་བ་དག །ཤ་དང་ཆང་དང་སྒོག་བཙོང་རྣམས། །འཚལ་ཞིང་བཏུང་བར་བགྱི་མི་བགྱི། །བླ་ན་མ་མཆིས་གཙོ་མཆོག་
གིས། །ཐུགས་རྗེས་བདག་ལ་བཤད་དུ་གསོལ། །བྱིས་པ་དེ་ལ་བརྐམ་པར་བགྱིད། །དྲི་ང་གྲགས་པ་མ་མཆིས་འགྱུར། །ཤི་ན་གཅན་གཟན་རྣམས་ཀྱི་ཟས། །ཇི་ལྟར་དེ་ནི་འཚལ་བར་རུང་། །འཚལ་ནས་ནོངས་དམིགས་ཅི་མཆིས་དང་། །མ་འཚལ་ཡོན་ཏན་གང་ལགས་པ། །འཚལ་དང་མ་
འཚལ་དགེ་སྡིག་རྣམས། །ཐུགས་རྗེས་བདག་ལ་བཤད་དུ་གསོལ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་པ་རྣམས་ཀྱིས་ཞུ་བ་ཞུས་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་སོགས་པའི་སླད་དུ་ཤ་འཚལ་བ་དང་མི་
འཚལ་བའི་ནོངས་པ་དང་ཡོན་ཏན་རྣམས་བཤད་དུ་གསོལ། བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་ད་ལྟར་དང་མ་འོངས་པ་ན་ཤའི་ཟས་ལ་ཆགས་ཤིང་རེ་བའི་སེམས་ཅན་སྣ་ཚོགས་ལ་རྣམ་པར་ཕྱེ་སྟེ་ཆོས་བཤད་པས་སེམས་ཅན་དེ་དག་བྱམས་པའི་སེམས་ཀྱིས་ཕན་ཚུན་གཅིག་ལ་
གཅིག་ལྟ་བ་དང་། བྱམས་པའི་སེམས་ཐོབ་ནས་ཀྱང་སོ་སོའི་ས་ལ་གནས་ཤིང་རྣམ་པར་དག་པ་གསལ་བར་རྟོག་སྟེ་མྱུར་དུ་མཐར་ཐུག་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་རང་གི་ས་ལ་བསྟི་ཞིང་། བསྟིས་ནས་ཀྱང་བླ་ན་
Vol. 49 · folio 283a
མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཆོས་ངན་པ་ལོག་པར་སྨྲ་བའི་མུ་སྟེགས་ཅན་གང་དག་ལོག་པར་ལྟ་བ་དང་། རྟག་པ་དང་ཆད་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཤ་འཚལ་བ་བཀག་སྟེ་ཤ་འཚལ་དུ་མི་གནང་བ་ལགས་ན། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་མགོན་
པོ་ཡང་དག་པའི་ཆོས་ཡོངས་སུ་གྲུབ་པས་ཤ་མི་གསོལ་བ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། །དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་
དུ་འཚལ་ལོ་ཞེས་བཀའ་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྒྱུ་དང་རྐྱེན་ཚད་མེད་པའི་ཕྱིར་ཤ་རྣམས་བཟའ་བར་མི་བྱ་སྟེ། འོན་ཀྱང་འདིར་ཁྱོད་ལ་མདོ་ཙམ་ཞིག་བཤད་པར་བྱའོ། །འདི་ལྟ་སྟེ། སྲོག་ཆགས་རྣམས་ནི་ཡུན་རིང་པོ་ནས་ཕན་ཚུན་གྱི་རྒྱུ་རྐྱེན་གྱིས་རྟག་པར་
གཉེན་དུ་གྱུར་ཏེ། འདི་ལྟར་གཉེན་དུ་གྱུར་པའི་འདུ་ཤེས་ཀྱི་ཕྱིར་ཤ་རྣམས་བཟའ་བར་མི་བྱའོ། །བོང་བུ་དང་། དྲེའུ་དང་། རྔ་མོ་དང་། ཝ་དང་། ཁྱི་དང་། གླང་དང་། རྟ་དང་། མི་དང་། གཅན་གཟན་གྱི་ཤ་ལ་སོགས་པ་ནི་ཤེན་པ་དག་འདྲེས་པར་འཚོང་བར་བྱེད་པས་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཤ་ནི་ཁུ་
ཆུ་དང་ཁྲག་ལས་བྱུང་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །སེམས་ཅན་གྱིས་དེའི་དྲི་ཚོར་ན་ཡང་ཐམས་ཅད་འཇིགས་ཤིང་སྐྲག་པར་འགྱུར་ཏེ། ཤེན་པ་དང་། གདོལ་པ་ལ་སོགས་པ་བཞིན་དུ་ཁྱི་རྣམས་ཀྱིས་མཐོང་ན་ཡང་དེ་ལ་སྔང་ཞིང་འཇིགས་པས་ཁྱིས་ཟུགས་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །གཞན་ཡང་
རྣལ་འབྱོར་པ་རྣམས་ཀྱི་བྱམས་པའི་སེམས་སྐྱེ་བར་མི་བྱེད་པའི་ཕྱིར་ཤ་བཟའ་བར་མི་རིགས་སོ། །འཕགས་པ་མ་ཡིན་པའི་སྐྱེ་བོ་དག་བརྐམ་ཞིང་དྲི་མི་ཞིམ་པར་འགྱུར་ལ་སྙན་པའི་གྲགས་པ་མེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །རིག་སྔགས་རྣམས་སྒྲུབ་པ་འགྲུབ་པར་མི་འགྱུར་བའི་ཕྱིར་ཤ་བཟའ་བར་མི་
བྱའོ། །འདི་ལྟར་སྲོག་གཅོད་པ་ནི་གཟུགས་མཐོང་མ་ཐག་ཏུ་མངོན་པར་ཆགས་པའི་སེམས་སྐྱེད་པར་བྱེད་པའི་ཕྱིར་ཤ་མི་ཟའོ། །གང་ཤ་ཟ་བ་དེ་དག་ལ་ནི་ལྷ་རྣམས་ཀྱིས་སྤོང་བར་བྱེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཁའི་དྲི་མི་ཞིམ་པར་འགྱུར་བའི་ཕྱིར་ཡང་ཤ་བཟའ་བར་མི་བྱའོ། །རྨི་ལམ་ངན་པ་མང་
Vol. 49 · folio 283b
བའི་ཕྱིར་ཤ་བཟའ་བར་མི་བྱའོ། །དགོན་པའི་གནས་ནགས་ཚལ་དག་ན་གནས་པའི་ཚེ་སྟག་དང་སྤྱང་ཀི་ལ་སོགས་པས་དྲི་ཚོར་བར་འགྱུར་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཟས་ཀྱི་ཚོད་མི་ཟིན་པར་བྱེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །རྣལ་འབྱོར་པ་རྣམས་ཡོངས་སུ་སྐྱོ་བའི་སེམས་སྐྱེ་
བར་མི་འགྱུར་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །ངས་རྟག་ཏུ་ཇི་ཙམ་དུ་བཟའ་བ་དང་བཏུང་བ་རྣམས་ལ་བུའི་ཤའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་བྱའོ་ཞེས་བཤད་པའི་ཕྱིར་ཤ་བཟའ་བར་མི་བྱ་སྟེ། ངས་ཤ་བཟའ་བར་གནང་ངོ་ཞེས་ཟེར་ན་དེ་ནི་གནས་མེད་དོ། །གཞན་ཡང་
བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན་རྒྱལ་པོ་སེང་གེ་འབངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། ཤ་སྣ་ཚོགས་ལ་ཟ་ཞིང་མི་ཤ་ཡང་ཟོས་པར་གྱུར་པས་བློན་པོ་དང་། གཉེན་དང་། གཉེན་འདབ་ཀྱི་སྐྱེ་བོའི་ཚོགས་རྣམས་ལོག་ནས་སྔོན་གྱི་དབང་ཐང་རྣམས་ཀྱང་བཅད་པས་
ཉོན་མོངས་པར་གྱུར་ཏོ། །དེ་ལྟ་བས་ན་ཤ་ཟ་བ་ལ་ཉེས་དམིགས་འདི་ལྟ་བུ་ཡོད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་དེ་ལ་སྲོག་གཅོད་པ་དག་ནི་ཁེ་འདོད་པའི་ཕྱིར་སྲོག་བཅད་ནས་འཚོང་བར་བྱེད་དོ། །གང་བླུན་པོ་ཤ་ཟ་བ་དེ་དག་ནི་རིན་གྱིས་
ཤ་རྣམས་ཉོ་བར་བྱེད་དོ། །སྲོག་གཅོད་པར་བྱེད་པ་དེ་དག་ཁེ་འདོད་པའི་ཕྱིར་ལྕགས་ཀྱུ་དང་རྒྱ་རྣམས་ཀྱིས་སྲོག་ཆགས་ནམ་མཁའ་ལ་རྒྱུ་བ་དང་། ཆུ་ལ་གནས་པ་དང་། ས་ལ་འགྲོ་བ་དག་རྣམ་པ་དུ་མས་གསོད་ཅིང་ཁེ་ཚོལ་བར་བྱེད་དོ། །བློ་གྲོས་ཆེན་པོ་
བྱེད་དུ་མ་བཅུག་པ་དང་། མ་བཙལ་བ་དང་། འདུ་ཤེས་མེད་པ་ཞེས་བྱ་བའི་ཤ་གང་ཡང་མེད་པས་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། །བློ་གྲོས་ཆེན་པོ་ངས་སྔར་ཤ་རྣམ་པ་ལྔ་དང་བཅུ་བཀག་ལ་མདོ་སྡེ་འདིར་ནི་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐབས་ཀྱིས་གནང་བ་
ཐམས་ཅད་ཀྱང་བཀག་གོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་བཟའ་བར་བྱ་བ་ཡང་མེད་ན་ཉའི་ཤ་ཟ་བ་ལྟ་ཅི་སྨོས་ཏེ། གཞན་ཡང་བྱེད་དུ་མི་འཇུག་གོ། །ཐུགས་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་
Vol. 49 · folio 284a
སེམས་ཅན་ཐམས་ཅད་བུ་གཅིག་པ་དང་འདྲ་བར་གཟིགས་ཏེ། དེའི་ཕྱིར་བུའི་ཤ་བཟའ་བར་མི་གནང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྔོན་ཆད་གཉེན་བཤེས་
བྱས་ཕྱིར་དང་། །ངན་པ་མི་གཙང་འདྲེས་པ་དང་། །ཁུ་ཆུ་ཁྲག་ལས་བྱུང་བ་དང་། །དྲི་ཚོར་ཐམས་ཅད་འཇིགས་སྐྲག་པས། །ཤ་རྣམས་དང་ནི་བཙོང་དག་དང་། །ཀིའུ་དང་བྱིས་ཀུ་ལ་སོགས་དང་། །བག་མེད་སྣ་ཚོགས་འགྱུར་བའི་ཆང་། །རྣལ་འབྱོར་
པས་ནི་རྟག་ཏུ་སྤང་། །འབྲུ་མར་དག་ཀྱང་སྤང་བྱ་སྟེ། །བུག་ཕུག་པ་ཡི་ཁྲི་ཡང་སྤང་། །སྲོག་ཆགས་དག་ནི་ཕྲ་མོ་རྣམས། །དེ་ན་རབ་ཏུ་འཇིགས་ཕྱིར་རོ། །ཟས་ལས་བག་མེད་སྐྱེ་བར་འགྱུར། །བག་མེད་པ་ལས་རྟོག་པ་སྐྱེ། །རྟོག་པ་ལས་ནི་འདོད་
ཆགས་སྐྱེ། །དེ་ཡི་ཕྱིར་ན་བཟའ་མི་བྱ། །ཟས་ཀྱི་དབང་གིས་འདོད་ཆགས་སྐྱེ། །འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད། །རྨོངས་པས་སྲིད་པའི་འདོད་པ་སྐྱེད། །འཁོར་བ་ལས་ནི་གྲོལ་མི་འགྱུར། །ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་
ནི་ནོར་སྦྱིན་བྱེད། །གཉི་ག་སྡིག་པའི་ལས་ཅན་པས། །ཤི་ནས་འོ་དོད་འབོད་པར་ལྟུང་། །བཅོལ་ཚོལ་འདུ་ཤེས་དེ་མེད་ན། །རྣམ་གསུམ་དག་པའི་ཤ་ཡང་མེད། །རྒྱུ་མེད་ལས་ནི་ཡོད་མིན་པས། །དེ་ཡི་ཕྱིར་ན་བཟའ་མི་བྱ། །རྣལ་འབྱོར་པ་ནི་དེ་དག་གིས། །
དེས་ན་ཐམས་ཅད་སྤང་བྱར་བྱ། །ཕྱོགས་བཅུ་སངས་རྒྱས་བཅོམ་ལྡན་འདས། །ཐམས་ཅད་རབ་ཏུ་སྨོད་པར་འགྱུར། །གཅིག་ལ་གཅིག་ནི་ཟ་བར་བྱེད། །ཤི་ནས་གཅན་གཟན་རིགས་སུ་ལྟུང་། །དྲི་མི་ཞིམ་པ་སྨད་པ་དང་། །གླེན་པ་དག་ཏུ་སྐྱེ་བར་འགྱུར། །
ཕལ་ཆེར་གདོལ་པའི་རིགས་སུ་སྐྱེ། །རྔོན་པ་སྨེ་ཤ་ཅན་རིགས་དང་། །ཡང་ན་འཕྲ་མེན་རིགས་སུ་སྐྱེ། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །སྲིན་པོ་བྱི་ལ་ལ་སོགས་པའི། །མངལ་ཀུན་དུ་ནི་སྐྱེ་བར་འགྱུར། །གླང་པོ་འཆིང་དང་སྤྲིན་ཆེན་དང་། །
Vol. 49 · folio 284b
སོར་མོའི་ཕྲེང་བའི་མདོ་དག་དང་། །ལང་ཀར་གཤེགས་པའི་མདོ་འདི་ལས། །ངས་ནི་ཤ་རྣམས་རབ་ཏུ་བཀག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་དང་། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་གླེན་པར་སྐྱེ་བར་འགྱུར། །
སྔར་ཡང་མཐོང་ཐོས་དོགས་པ་ཡི། །ཤ་རྣམས་ཐམས་ཅད་སྤང་བར་བཤད། །རྟོག་གེ་རྣམས་ཀྱིས་མ་རྟོགས་པས། །དེ་ཕྱིར་ཤ་ཟན་གནས་སུ་སྐྱེས། །ཇི་ལྟར་འདོད་ཆགས་ཉེས་པ་ཡིས། །འཕགས་པའི་རྣམ་གྲོལ་སྒྲིབ་འགྱུར་ཞིང་། །ཤ་
ཆང་སྒོག་བཙོང་ལ་སོགས་པའང་། །འཕགས་པའི་ལམ་གྱི་བར་ཆད་བྱེད། །མ་འོངས་དུས་ཀྱི་སྐྱེ་བོ་དག །ཤ་ཟ་གཏི་མུག་སྨྲ་བ་རྣམས། །ཤ་ནི་སྡིག་མེད་རུང་བས་ན། །སངས་རྒྱས་ངེད་ལ་གནང་ཞེས་ཟེར། །ཟས་ལ་སྨན་སྟེན་འདུ་ཤེས་དང་། །
དེ་བཞིན་བུ་ཤ་ལྟ་བུར་ཡང་། །ཆོས་ཤེས་སྐྱོ་བ་བསྐྱེད་ནས་ནི། །རྣལ་འབྱོར་ཅན་གྱིས་བསོད་སྙོམས་སྤྱད། །སྙིང་རྗེ་སེམས་ལ་གང་གནས་པ། །ཡོངས་སུ་སྐྱོ་བར་ང་ཡིས་བཤད། །སྟག་དང་སྤྱང་ཀི་གཅན་གཟན་རྣམས། །རྟག་ཏུ་ལྷན་ཅིག་
འགྲོགས་ཤིང་གནས། །གལ་ཏེ་ཤ་རྣམས་ཟ་བྱེད་ན། །སེམས་ཅན་དག་ནི་སྐྲག་འགྱུར་བས། །དེ་ཕྱིར་རྣལ་འབྱོར་པ་དག་གིས། །སྙིང་རྗེའི་སེམས་ཀྱིས་ཤ་མི་བཟའ། །ཤ་ཟ་སྙིང་རྗེ་ཤེས་རབ་མེད། །རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། །འཕགས་པའི་
རྒྱལ་མཚན་དག་དང་འགལ། །དེ་ཡི་ཕྱིར་ན་བཟའ་མི་རིགས། །བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར། །གཞན་ཡང་རྣལ་འབྱོར་པ་ཡི་གནས། །ཤེས་རབ་ཕྱུག་པོའི་ཁྱིམ་དུ་སྐྱེ། །འདི་ནི་ཤ་སྤངས་དབང་གིས་སོ། །འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་
ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་ཞེས་བྱ་བ་རྫོགས་སོ།། །།དཔལ་ལྷ་བཙན་པོའི་བཀའ་ལུང་གིས་རྒྱའི་སློབ་དཔོན་ཝེན་ཧྭི་ཡིས་མཛད་པའི་འགྲེལ་པ་དང་སྦྱར་ནས། ལོ་ཙྪ་བ་དགེ་སློང་འགོས་ཆོས་གྲུབ་ཀྱིས་བསྒྱུར་ཅིང་ཞུས།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words