དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) སདདྷརྨ་པུཎ་ཌ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 51 · folio 115b

ཁྱབ། །འདི་ལ་མཁས་རྣམས་ཞུམ་པར་མ་བྱེད་ཅིག །ཀུན་ཀྱང་བརྟན་དང་ལྡན་ཞིང་དྲན་ལྡན་བྱོས། །ཀུན་ཀྱང་མཉམ་པར་གཞག་ཅིང་གནས་པར་གྱིས། །དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་མཚར་བ། །སྔོན་ཆད་མ་བྱུང་ཆོས་ནི་མཉན་པར་བྱོས། །ངས་ནི་ཁྱེད་ཅག་ལེགས་པར་ཡོངས་དགོད་ཀྱིས། །ཐམས་ཅད་ཐེ་ཚོམ་ནམ་ཡང་མ་

བྱེད་ཅིག །རྣམ་པར་འདྲེན་པ་གཞན་དུ་གསུང་མ་ཡིན། །ང་ཡི་ཡེ་ཤེས་ནམས་ཀྱང་གྲངས་ཡོད་མིན། །བདེ་བར་གཤེགས་པས་ཆོས་ཟབ་ཐུགས་ཆུད་དེ། །བརྟག་མི་ནུས་ཤིང་དེ་ལ་ཚད་ཀྱང་མེད། །ངས་ནི་ཆོས་དེ་རབ་ཏུ་བསྟན་པར་བྱས། །དེ་དག་ཅི་འདྲ་ཅི་ལྟ་ང་ལས་ཉོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་

དེ་དག་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། མ་ཕམ་པ་ཁྱོད་མོས་པར་བྱ། ཁྱོད་ཁོང་དུ་ཆུད་པར་བྱའོ། །མ་ཕམ་པ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད། གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད། བགྲང་དུ་མེད་པ་གང་དག་ཁྱོད་ཀྱིས་སྔོན་

མ་མཐོང་བ་ས་རུམ་ནས་གདོད་འཐོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཐམས་ཅད་ནི། མ་ཕམ་པ་ང་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ང་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་དེ་

ཡོངས་སུ་བསྔོས་སོ། །རིགས་ཀྱི་བུ་འདི་དག་ནི་ངས་བྱང་ཆུབ་སེམས་དཔའི་ཆོས་འདི་ལ་ཡོངས་སུ་སྨིན་པར་བྱས་པ། རབ་ཏུ་བཀོད་པ་བཞག་པ། ཡོངས་སུ་གནས་པར་བྱས་པ། བཙུད་པ་ཁོང་དུ་ཆུད་པར་བྱས་པ་དག་གོ། །མ་ཕམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་འོག་གི་

ནམ་མཁའི་ཁམས་ཀྱིས་ཡོངས་སུ་ཟིན་པ་ན་གནས་ཏེ། ཁ་ཏོན་དང་ལུང་ནོད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་ཞུགས་པ་དག་གོ། །རིགས་ཀྱི་བུ་འདི་དག་ནི་འདུ་འཛི་ལ་མི་དགའ་ཞིང་འདུ་འཛི་མེད་པ་ལ་དགའ་བ་བརྩོན་པ་མི་འདོར་ཞིང་བརྩོན་འགྲུས་བརྩམས་པ་དག་གོ། །མ་ཕམ་པ་རིགས་ཀྱི་བུ་འདི་དག་ནི་དབེན་པ་

ལ་མངོན་པར་དགའ་ཞིང་དབེན་པ་ལ་མོས་པ་སྟེ། རིགས་ཀྱི་བུ་འདི་དག་ནི་ལྷ་དང་མི་ལ་བརྟེན་ཅིང་མི་གནས་སོ། །རིགས་ཀྱི་བུ་འདི་དག་ནི་འདུ་འཛི་མེད་པའི་སྤྱོད་པ་ལ་དགའ་བ་ཆོས་ཀྱི་ཀུན་དགའ་བ་ལ་མོས་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་བརྩོན་པ་དག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་

Vol. 51 · folio 116a

པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་འདི་དག་དཔག་མེད་པ། །འདི་དག་བསམ་གྱིས་མི་ཁྱབ་ཚད་ཀྱང་མེད། །རྫུ་འཕྲུལ་ཤེས་རབ་ཐོས་པ་རྣམས་དང་ལྡན། །བསྐལ་པ་བྱེ་བ་མང་པོར་ཡེ་ཤེས་སྤྱད། །ང་ཡིས་འདི་དག་ཐམས་ཅད་བྱང་ཆུབ་ལ། །ཡོངས་སུ་སྨིན་བྱས་ང་

ཡི་ཞིང་ན་འཁོད། །འདི་དག་ཐམས་ཅད་ང་ཡིས་སྨིན་བྱས་ཏེ། །བྱང་ཆུབ་སེམས་དཔའ་འདི་དག་ང་ཡི་བུ། །འདི་དག་ཐམས་ཅད་དགོན་དང་སྦྱངས་ལ་མོས། །འདུ་འཛི་ས་ནི་རྟག་ཏུ་སྤོང་བར་བྱེད། །ང་ཡི་སྤྱོད་པ་མཆོག་གི་རྗེས་སློབ་ཅིང་། །ང་བུ་འདི་དག་འདུ་འཛི་མེད་པར་སྤྱོད། །ནམ་མཁས་ཡོངས་སུ་ཟིན་པ་

འདིར་གནས་ཏེ། །ཞིང་འདིའི་འོག་ན་དཔའ་རྣམས་ཡོངས་སུ་སྤྱད། །བྱང་ཆུབ་དམ་པ་འདི་ནི་ཀུན་སྒྲུབ་ཅིང་། །ཉིན་མཚན་དུ་ནི་བག་ཡོད་ཤིན་ཏུ་བརྩོན། །ཐམས་ཅད་བརྩོན་འགྲུས་བརྩམས་པ་དྲན་དང་ལྡན། །དཔག་ཏུ་མེད་པའི་ཤེས་རབ་སྟོབས་ལ་གནས། །འདི་དག་མི་འཇིགས་པར་ཡང་ཆོས་འཆད་པའི། །

འོད་གསལ་འདི་དག་ཐམས་ཅད་ང་ཡི་བུ། །བྱང་ཆུབ་དམ་པ་འདི་ནི་ངས་ཐོབ་ནས། །གྲོང་ཁྱེར་ག་ཡ་དེ་ཡི་ཤིང་དྲུང་དེར། །ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར། །ཐམས་ཅད་བྱང་ཆུབ་མཆོག་འདིར་སྨིན་པར་བྱས། །ཟག་མེད་ཡང་དག་ང་ཡི་ཚིག་འདི་ནི། །ཐོས་ནས་ཐམས་ཅད་ང་ལ་དད་པར་གྱིས། །

ང་ཡིས་དེ་ལྟར་བྱང་ཆུབ་མཆོག་ཐོབ་རིང་། །ངས་ནི་འདི་དག་ཐམས་ཅད་ཡོངས་སྨིན་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དེ་དག་ངོ་མཚར་དུ་གྱུར་རྨད་དུ་གྱུར་ནས། ཇི་ལྟར་ན་བཅོམ་ལྡན་འདས་སྐད་ཅིག་བཞུགས་

ནས། ཡུན་རིང་པོ་མ་ལོན་པར་བྱང་ཆུབ་སེམས་དཔའ་གྲངས་མེད་པ་འདི་སྙེད་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བཙུད་དེ་ཡོངས་སུ་སྨིན་པར་མཛད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཞོན་ནུར་གྱུར་པ་ན། སེར་སྐྱའི་གནས་ཀྱི་ཤཱཀྱའི་གྲོང་ཁྱེར་ནས་མངོན་པར་བྱུང་སྟེ། ག་ཡའི་གྲོང་ཁྱེར་ནས་ཤིན་ཏུ་མི་རིང་བ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

Vol. 51 · folio 116b

སངས་རྒྱས་ནས། བཅོམ་ལྡན་འདས་དེང་དུ་དེའི་དུས་ནས་ལོ་བཞི་བཅུ་ལྷགས་ཙམ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པས་དུས་འདི་ཙམ་གྱིས། དེ་བཞིན་གཤེགས་པའི་མཛད་པ་དཔག་ཏུ་མ་མཆིས་པ་འདི་དང་། དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པ་དང་།

དེ་བཞིན་གཤེགས་པའི་ཕ་རོལ་གནོན་པ་མཛད་ཅིང་བྱང་ཆུབ་སེམས་དཔའི་ཚོགས་དང་བྱང་ཆུབ་སེམས་དཔའི་ཕུང་པོ་འདི་བཅོམ་ལྡན་འདས་ཀྱིས་དུས་དེ་ཙམ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཙུད་ཅིང་ཡོངས་སུ་སྨིན་པར་མཛད། བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔའི་ཚོགས་དང་། བྱང་ཆུབ་སེམས་དཔའི་ཕུང་པོ་འདི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བགྲངས་ཀྱང་མཐའ་མི་རྙེད་པ་དེ་ཙམ་དུ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས་པ། དེ་ལྟར་གྲངས་མ་མཆིས་པའི་བྱང་ཆུབ་སེམས་དཔའ་འདི་དག་ནི། ཡུན་རིང་པོར་ཚངས་པར་

སྤྱོད་པ་སྤྱད་པ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ། བསྐལ་པ་བརྒྱ་སྟོང་མང་པོར་ཡོངས་སུ་གྲུབ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མི་གཞན་ཞིག་བཙས་ནས་ལོ་ཉི་ཤུ་རྩ་ལྔ་ལོན་པ་གཞོན་ནུ་ཐོར་བུ་ལང་ཚོ་སྐྲ་ནག་པོ་ཐོག་མའི་ཚོད་དང་ལྡན་

པ་འགའ་ཞིག་མཆིས་ལ། དེས་བུ་ལོ་བརྒྱ་ལོན་པ་དག་སྟོན་ཅིང་རིགས་ཀྱི་བུ་འདི་དག་ནི་ངའི་བུ་འདི་དག་ནི་ངའི་བུའོ་ཞེས་དེ་སྐད་སྨྲས་ལ། མི་ལོ་བརྒྱ་ལོན་པ་དེ་དག་ཀྱང་འདི་སྐད་དུ། འདི་ནི་བདག་གི་ཕ་སྟེ་སྐྱེད་པ་ཡིན་ནོ་ཞེས་མཆི་ན། བཅོམ་ལྡན་འདས་མི་དེའི་ཚིག་ལ་འཇིག་རྟེན་

ཡིད་ཆེས་པར་མི་འགྱུར་ཏེ། ཡིད་ཆེས་པར་དཀའ་བ་ལགས་སོ། བཅོམ་ལྡན་འདས་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོར་མ་ལགས་པར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དཔག་ཏུ་མ་མཆིས་པ་མང་པོ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཚངས་པར་སྤྱོད་པ་སྤྱད་པ། ཡུན་རིང་པོར་སངས་རྒྱས་ཀྱི་ཡེ་ཤེས་ལ་ངེས་པར་བགྱིས་པ། ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ལ་མཉམ་པར་གཞག་པ་དང་ལྡན་པ་ལ་མཁས་པ། མངོན་པར་ཤེས་པ་

Vol. 51 · folio 117a

ཆེན་པོ་དང་ཡོངས་སུ་སྦྱང་བ་བགྱིས་པ། སངས་རྒྱས་ཀྱི་ས་ལ་མཁས་པ། དེ་བཞིན་གཤེགས་པའི་ཆོས་རྣམས་ཡང་དག་པར་རྗོད་པ་ལ་མཁས་པ། འཇིག་རྟེན་ན་ངོ་མཚར་དང་རྨད་དུ་གྱུར་པ་བརྩོན་འགྲུས་དང་སྟོབས་དང་མཐུ་ཆེན་པོ་ཐོབ་པ་དེ་དག་ལ། བཅོམ་ལྡན་འདས་ཀྱིས་འདི་

སྐད་དུ། ངས་འདི་དག་ཐོག་མ་ནས་བྱང་ཆུབ་སེམས་དཔའི་ས་འདི་ལ་ཡང་དག་པར་བཙུད་དེ། ཡོངས་སུ་སྨིན་པར་བྱས་ཤིང་ཡོངས་སུ་བསྔོས་ཏེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ང་ཉིད་ཀྱིས་བརྩོན་འགྲུས་དང་ཕ་རོལ་གནོན་པ་འདི་

དག་ཐམས་ཅད་བྱས་སོ་ཞེས་གསུང་བ་ལ། བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པ་གཞན་མ་ལགས་པར་གསུང་བ་སྟེ། དོན་འདི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་དེ་བཞིན་གཤེགས་པ་ལ་ཡིད་ཆེས་ལགས་མོད་ཀྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་

ཡང་དག་པར་ཞུགས་པ་རྣམས་གནས་འདི་ལ་ཐེ་ཚོམ་འཚལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཡིད་མི་ཆེས་མི་དད་མི་མོས་པར་འགྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ། དེ་དག་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་

ལས་མངོན་པར་འདུ་བགྱིད་པ་དང་ལྡན་པར་འགྱུར་རོ། །ཅི་ནས་བདག་ཅག་ཀྱང་ཆོས་འདི་ལ་ཐེ་ཚོམ་འཚལ་བར་མི་འགྱུར་བ་དང་། མ་འོངས་པའི་དུས་ན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དག་གིས་ཐོས་ན་ཡང་། ཐེ་ཚོམ་འཚལ་བར་མི་འགྱུར་བར་བཅོམ་

ལྡན་འདས་ཀྱིས་དོན་འདི་ལེགས་པར་བཤད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །གང་ཚེ་སེར་སྐྱའི་གནས་སུ་བལྟམས་གྱུར་ཅིང་། །ཤཱཀྱའི་གནས་ནས་མངོན་པར་བྱུང་ནས་སུ། །

གྲོང་ཁྱེར་ག་ཡར་བྱང་ཆུབ་བརྙེས་གྱུར་པ། །འཇིག་རྟེན་མགོན་པོ་དེ་ནས་ཡུན་མི་རིང་། །འཇིགས་བྲལ་འདི་དག་དང་ནི་གཞན་མང་བ། །ཚོགས་ཆེན་བསྐལ་པ་བྱེ་བར་སྤྱད་པ་སྟེ། །རྫུ་འཕྲུལ་སྟོབས་ལ་གནས་ཤིང་མི་གཡོ་བ། །ལེགས་བསླབས་ཤེས་རབ་སྟོབས་ཀྱང་རྟོགས་པར་རིག །

Vol. 51 · folio 117b

ཆུ་ཡི་པད་མ་ལྟ་བུར་མ་གོས་པ། །དེ་དག་ས་འདི་བརྟོལ་ནས་དེང་འདིར་ལྷགས། །འཇིག་རྟེན་བདག་པོ་དྲན་ལྡན་སློབ་མ་སྲས། །ཐམས་ཅད་ཐལ་སྦྱར་གུས་དང་བཅས་ཏེ་མཆིས། །ཁྱོད་ཀྱི་རྨད་བྱུང་འདི་འདྲ་དེ་དག་ལ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཡིད་ཆེས་འགྱུར། །

ཐེ་ཚོམ་གཞོམ་པའི་སླད་དུ་བཀའ་སྩལ་ཏེ། །དོན་འདི་ཅི་བཞིན་ཁྱོད་ཀྱིས་འདིར་བཤད་གསོལ། །དཔེར་ན་འདི་ན་སྐྱེས་བུ་ལ་ལ་ཞིག །བཙས་ནས་ལོ་ནི་ཉི་ཤུ་ལྷག་ལོན་པ། །གཞོན་ནུ་ཐོར་བུ་ལང་ཚོ་སྐྲ་གནག་དེས། །བཙས་ནས་ལོ་བརྒྱ་ལོན་ལ་བུར་སྟོན་ཅིང་། །

སྐྲ་སྐྱ་གཉེར་མ་ཅན་དག་འདི་སྐད་དུ། །འདི་ནི་བདག་ཅག་ལུས་སྐྱེད་ཡིན་མཆི་ན། །ཐོར་བུའི་བུ་ནི་འདི་འདྲ་འདི་དག་ལ། །འཇིག་རྟེན་མགོན་པོ་ཤིན་ཏུ་ཡིད་ཆེས་དཀའ། །དེ་བཞིན་བཅོམ་ལྡན་འདས་ཀྱང་སྐུ་གཞོན་ལ། །བྱང་ཆུབ་སེམས་དཔའ་མཁས་པ་མང་པོ་འདི། །དྲན་

དང་ལྡན་ཞིང་མི་འཇིགས་ཤེས་རབ་ཅན། །བསྐལ་པ་བྱེ་བ་སྟོང་དུ་ལེགས་པར་བསླབས། །བརྟན་དང་ལྡན་ཞིང་ཤེས་རབ་མཁས་གྱུར་པ། །ཐམས་ཅད་བྱད་བཞིན་བཟང་ཞིང་བལྟ་ན་སྡུག །ཆོས་རྣམས་གཏན་ལ་དབབ་ཅིང་མི་འཇིགས་པ། །འཇིག་རྟེན་

རྣམ་པར་འདྲེན་པས་ཡོངས་སུ་བསྟོང་། །རླུང་ལྟར་ཆགས་པ་མ་མཆིས་རྒྱུ་བ་སྟེ། །ནམ་མཁའི་ཁམས་ལ་རྟག་ཏུ་གནས་མ་ལགས། །སངས་རྒྱས་བྱང་ཆུབ་འདི་ནི་ཡོངས་ཚོལ་ཞིང་། །བདེ་བར་གཤེགས་ཀྱི་སྲས་རྣམས་བརྩོན་འགྲུས་སྐྱེད། །འཇིག་རྟེན་

མགོན་པོའི་མངོན་སུམ་ཐོས་པས་ན། །བདག་ཅག་ལ་ནི་ཐེ་ཚོམ་གཞར་མ་མཆིས། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་པ་ན། །འདི་ལ་ཇི་ལྟ་བུར་ནི་ཡིད་ཆེས་འགྱུར། །གནས་འདི་ལ་ནི་ཐེ་ཚོམ་འཚལ་བ་ཡིས། །བྱང་ཆུབ་སེམས་དཔའ་ངན་འགྲོར་མཆིས་

ས་རེ། །བཅོམ་ལྡན་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །སྨིན་མཛད་ཇི་བཞིན་དེ་ནི་ལུང་བསྟན་གསོལ། །དམ་པའི་ཆོས་པད་མ་དཀར་པོ་ལས། བྱང་ཆུབ་སེམས་དཔའ་ས་རུམ་ནས་འཐོན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་པའོ།། །།

Vol. 51 · folio 118a

བམ་པོ་བཅུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ངས་ཡང་དག་པའི་ཚིག་སྨྲས་པ་ལ་དད་ཅིང་ཡིད་ཆེས་པར་གྱིས་ཤིག །ལན་གཉིས་ལན་གསུམ་དུ་ཡང་

བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ངས་ཡང་དག་པའི་ཚིག་སྨྲས་པ་ལ་དད་ཅིང་ཡིད་ཆེས་པར་གྱིས་ཤིག །དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བྱམས་པ་མདུན་དུ་བཞག་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་འདི་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། །དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་བདག་ཅག་ཡིད་

ཆེས་པར་བགྱིད་དོ། །ལན་གཉིས་སུ་ཡང་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། དེ་བཞིན་གཤེགས་པས་

བཀའ་སྩལ་པ་ལ་བདག་ཅག་ཡིད་ཆེས་པར་བགྱིད་དོ། །ལན་གསུམ་དུ་ཡང་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་འདི་དག་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་

དུ་གསོལ། དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་བདག་ཅག་ཡིད་ཆེས་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་

དག་དེའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་འདི་ལྟ་བུ་འདི་ཉོན་ཅིག །རིགས་ཀྱི་བུ་དག་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདིས་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་ཁྱིམ་ནས་མངོན་པར་བྱུང་སྟེ། གྲོང་ཁྱེར་ག་ཡ་ཞེས་བྱ་བར་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་

Vol. 51 · folio 118b

ནས་ད་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་དེ་ལྟར་ཤེས་མོད་ཀྱི། རིགས་ཀྱི་བུ་དག་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །

རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་བྱུང་ལ་དེས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུའི་སའི་ཁམས་ཀྱི་རྡུལ་ཕྲ་རབ་དག་ལས་རྡུལ་ཕྲ་རབ་གཅིག་ཁྱེར་ཏེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་

ཕྲག་ལྔ་བཅུ་ཁོ་ན་འདས་ནས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་བཞག་ལ། མི་དེས་རྣམ་གྲངས་འདིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་སའི་ཁམས་རྣམས་ཟད་པར་བྱས་ནས། སའི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཐམས་ཅད་རྣམ་གྲངས་འདི་དང་གཞག་པའི་ཚུལ་འདིས་ཤར་ཕྱོགས་སུ་

བཞག་ན། རིགས་ཀྱི་བུ་དག་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་དག་ལ་ལ་ཞིག་གིས་བསམ་པའམ། དཔག་པའམ། བགྲང་བའམ། བརྟག་པར་ནུས་སམ། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཐམས་ཅད་དང་ལྡན་པའི་

བྱང་ཆུབ་སེམས་དཔའི་ཚོགས་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་དག་ནི་གྲངས་མ་མཆིས་པ་བགྲང་དུ་མ་མཆིས་པ་སེམས་ཀྱི་ས་ལས་ཡང་དག་པར་འདས་པ་སྟེ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་

ཀྱིས་ཀྱང་། འཕགས་པའི་ཡེ་ཤེས་ཀྱི་བསམ་པ་འམ། དཔག་པའམ། བགྲང་བའམ། བརྟག་པར་མི་ནུས་སོ། །བཅོམ་ལྡན་འདས་གནས་འདི་ནི། བདག་ཅག་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་སྤྱོད་ཡུལ་དུ་ཡང་མི་འགྱུར་ཏེ།

བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་དག་དེ་ཙམ་དུ་ཚད་མ་མཆིས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་མོས་པར་བྱའོ། །ཁྱེད་ཀྱི་ཁོང་དུ་

Vol. 51 · folio 119a

ཆུད་པར་བྱའོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་ལས། མི་དེས་གང་དག་ཏུ་རྡུལ་ཕྲ་རབ་དེ་དག་བཞག་པ་དང་། རིགས་ཀྱི་བུ་དག་གང་དག་ཏུ་མ་བཞག་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དེ་དག་ཐམས་ཅད་ན་རྡུལ་ཕྲ་རབ་ཀྱི་རྡུལ་

ཡོད་པ་དེ་དག་ནི། རིགས་ཀྱི་བུ་དག་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཇི་སྙེད་པ་དེ་སྙེད་དུ་མེད་དོ། །རིགས་ཀྱི་བུ་དག་གང་ཚུན་ཆད་ངས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང་། འཇིག་རྟེན་གྱི་ཁམས་

གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཏུ་སེམས་ཅན་རྣམས་ལ་ཆོས་བསྟན་པ་དེའི་བར་དུ། རིགས་ཀྱི་བུ་དག་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་སོགས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ཡོངས་སུ་བརྗོད་པའི་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། རིགས་ཀྱི་བུ་དག་ངས་ཐབས་མཁས་པས་ཆོས་བསྟན་པ་མངོན་པར་བསྒྲུབ་པ་དེ་དག་སྤྲུལ་ཏོ། །རིགས་ཀྱི་བུ་དག་ཡང་དེ་བཞིན་གཤེགས་པ་ནི། སེམས་ཅན་འོངས་ཤིང་ལྷགས་

པ་རྣམས་ཀྱི་དབང་པོ་དང་བརྩོན་འགྲུས་ཀྱི་རིམ་པ་ལ་གཟིགས་ནས། དེ་དང་དེ་དག་ཏུ་བདག་གི་མིང་བརྗོད་ཅིང་དེ་དང་དེ་དག་ཏུ་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་བརྗོད་དོ། །ཆོས་ཀྱི་རྣམ་གྲངས་རྣམ་པ་མང་པོས་དེ་ལྟ་དེ་ལྟ་བུར་སེམས་ཅན་རྣམས་ཡོངས་སུ་ཚིམ་པར་མཛད་དོ། །

རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་མོས་པ་ཐ་དད་པའི་སེམས་ཅན་དགེ་བའི་རྩ་བ་ཆུང་བ། ཉེ་བའི་ཉོན་མོངས་པ་མང་བ་རྣམས་ལ་འདི་སྐད་དུ། དགེ་སློང་དག་ང་ནི་ན་གཞོན་ཏེ། མངོན་པར་བྱུང་བ་དང་དགེ་སློང་དག་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ནོ་ཞེས་གསུང་ངོ་། །རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་མོད་ཀྱི། ང་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ནོ་ཞེས་གསུངས་ཏེ། སེམས་ཅན་རྣམས་ཡོངས་སུ་

Vol. 51 · folio 119b

སྨིན་པར་བྱ་བ་དང་གཟུད་པའི་དོན་མ་གཏོགས་པར་ཆོས་ཀྱི་རྣམ་གྲངས་འདི་དག་མ་བཤད་དོ། །རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་སེམས་ཅན་རྣམས་གདུལ་བའི་ཕྱིར་གསུངས་སོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་སེམས་ཅན་

རྣམས་གདུལ་བའི་ཕྱིར་ཚིག་གང་གསུངས་པ། བདག་ལས་སྨོས་ཀྱང་རུང་གཞན་ལས་སྨོས་ཀྱང་རུང་། བདག་ལ་དམིགས་ཀྱང་རུང་གཞན་ལ་དམིགས་ཀྱང་རུང་སྟེ། དེ་བཞིན་གཤེགས་པས་གང་ཅི་བཤད་པའི་ཆོས་ཀྱི་རྣམ་གྲངས་དེ་དག་ཐམས་ཅད་ནི་བདེན་པ་དེ་བཞིན་གཤེགས་པས་

གསུངས་པ་སྟེ། འདི་ལ་དེ་བཞིན་གཤེགས་པ་ལ་བརྫུན་དུ་སྨྲ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཁམས་གསུམ་པ་སྐྱེ་བ་མེད་པ་དང་། འཆི་བ་མེད་པ་དང་། འཆི་འཕོ་བ་མེད་པ་དང་། འབྱུང་བ་མེད་པ་དང་། འཁོར་བ་མེད་པ་དང་། ཡོངས་སུ་མྱ་ངན་འདའ་

བ་མེད་པ་དང་། བྱུང་བ་མ་ཡིན་པ་དང་། མ་བྱུང་བ་མ་ཡིན་པ་དང་། ཡོད་པ་མ་ཡིན་པ་དང་། མེད་པ་མ་ཡིན་པ་དང་། དེ་བཞིན་དུ་མ་ཡིན་པ་དང་། གཞན་དུ་མ་ཡིན་པ་དང་། མ་ནོར་བ་དེ་བཞིན་ཉིད་མ་ཡིན་པ་དང་། མ་ནོར་བ་དེ་བཞིན་ཉིད་མ་ཡིན་པ་ཡང་མ་ཡིན་པར་ཡང་དག་

པ་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་། ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་མཐོང་བ་དེ་ལྟར་དེ་བཞིན་གཤེགས་པས་ཁམས་གསུམ་པ་གཟིགས་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་གནས་འདི་ལ་མངོན་སུམ་གྱི་ཆོས་དང་ལྡན་ཏེ་བསྙེལ་བ་མི་མངའ་བའི་ཆོས་ཅན་ནོ། །

དེ་ལ་དེ་བཞིན་གཤེགས་པས་གང་ཅི་གསུངས་པ་དེ་དག་ཐམས་ཅད་བདེན་ཏེ་མི་བརྫུན་ནོ། །ཡང་སེམས་ཅན་སྤྱོད་པ་ཐ་དད་པ་དང་། བསམ་པ་ཐ་དད་པ་དང་། འདུ་ཤེས་དང་རྣམ་པར་རྟོག་པ་སྤྱོད་པ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་རྣམ་པ་མང་

པོ་དམིགས་པ་རྣམ་པ་མང་པོས་བཤད་དོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་མཛད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་མཛད་དོ། །ཡུན་རིང་པོ་དེ་སྲིད་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པའི་ཚེའི་ཚད་ནི་དཔག་ཏུ་མེད་དོ། །དེ་

Vol. 51 · folio 120a

བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ་རྟག་ཏུ་བཞུགས་མོད་ཀྱི། འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདས་པའང་སྟོན་ཏོ། །རིགས་ཀྱི་བུ་དག་ངས་ད་དུང་ཡང་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་པའི་

ཚེའི་ཚད་དུ་ཡང་མ་ཕྱིན་ཏེ། རིགས་ཀྱི་བུ་དག་ངས་ད་དུང་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་ཉིས་གྱུར་གྱིས་ངའི་ཚེའི་ཚད་ཚང་བར་འགྱུར་རོ། །རིགས་ཀྱི་བུ་དག་ངས་འདི་ལྟར་ཡོངས་སུ་མྱ་ངན་ལས་ནི་མི་འདའ་མོད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན།

རིགས་ཀྱི་བུ་དག་ངས་རྣམ་གྲངས་འདིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། ང་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཧ་ཅང་ཡང་ཡུན་རིང་དུ་འདུག་ཅིང་རྒྱུན་དུ་མཐོང་ན་སེམས་ཅན་དགེ་བའི་རྩ་བ་མ་བྱས་པ། བསོད་ནམས་དང་བྲལ་བ་དབུལ་པོར་གྱུར་པ་འདོད་པ་ལ་བརྐམ་

པ། ལྡོངས་པ། ལྟ་བ་མང་པོའི་དྲ་བས་ཁེབས་པ་རྣམས་དེ་བཞིན་གཤེགས་པ་བཞུགས་སོ་སྙམ་སྟེ། སླེབས་པར་འཛིན་པའི་འདུ་ཤེས་ཅན་དུ་འགྱུར་ཞིང་རྙེད་པར་དཀའ་བའི་འདུ་ཤེས་མི་སྐྱེད་དེ། དེ་བཞིན་གཤེགས་པ་བདག་ཅག་དང་ཉེའོ་ཞེས་ཁམས་གསུམ་ནས་འབྱུང་བའི་

ཕྱིར་བརྩོན་འགྲུས་མི་རྩོམ་ཞིང་། དེ་བཞིན་གཤེགས་པ་དཀོན་པར་འདུ་ཤེས་མི་སྐྱེད་པར་འགྱུར་རོ་སྙམ་སྟེ། རིགས་ཀྱི་བུ་དག་དེའི་ཕྱིར་དེ་བཞིན་གཤེགས་པ་ཐབས་མཁས་པས། དགེ་སློང་དག་དེ་བཞིན་གཤེགས་པ་དག་འབྱུང་བ་ནི་ཤིན་དུ་རྙེད་པར་དཀའོ་ཞེས་ཚིག་དེ་སྐད་གསུང་

ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་དག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས། དེ་བཞིན་གཤེགས་པ་མཐོང་བར་འགྱུར་ཡང་སྲིད་མི་འགྱུར་ཡང་སྲིད་དེ། རིགས་ཀྱི་བུ་དག་དེའི་ཕྱིར་ངས་དེ་དག་ལ་དམིགས་པ་བྱས་ཏེ། དགེ་སློང་དག་དེ་བཞིན་

གཤེགས་པ་རྣམས་འབྱུང་བ་ནི་རྙེད་པར་དཀའོ་ཞེས་སྨྲས་པས། དེ་དག་གིས་དེ་བཞིན་གཤེགས་པ་དག་འབྱུང་བ་རབ་ཏུ་རྙེད་པར་དཀའ་བར་རིག་ནས་ངོ་མཚར་དུ་འདུ་ཤེས་སྐྱེད་པར་འགྱུར། མྱ་ངན་གྱི་འདུ་ཤེས་སྐྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་མཐོང་ན་ཡང་།

Vol. 51 · folio 120b

དེ་བཞིན་གཤེགས་པ་ལ་ལྟ་བས་སྐོམ་པར་འགྱུར་རོ། །དེ་དག་གི་དེ་བཞིན་གཤེགས་པ་ལ་དམིགས་པ་ཡིད་ལ་བྱེད་པའི་དགེ་བའི་རྩ་བ་དེ་དག་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་གྱུར་པའི་དོན་དུ་རིག་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་མོད་ཀྱི་སེམས་

ཅན་རྣམས་འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ་བར་གསུངས་སོ། །རིགས་ཀྱི་བུ་དག་གང་འདི་སྐད་དུ་གསུང་བ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་ཏེ། དེ་ལ་དེ་བཞིན་གཤེགས་པ་བརྫུན་དུ་སྨྲ་བ་མེད་དོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་

བུ་སྨན་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ། གསལ་བ། ཡིད་གཞུངས་པ། ཤིན་དུ་བྱུང་བ་འགའ་ཞིག་ཡོད་ལ། སྐྱེས་བུ་དེ་ལ་ཡང་བུ་མང་པོ་བཅུའམ་ཉི་ཤུ་འམ་སུམ་ཅུའམ་བཞི་བཅུའམ་ལྔ་བཅུའམ་བརྒྱ་འམ་སྟོང་ཡོད་པར་གྱུར་ལ། སྨན་པ་དེ་ལོགས་ཤིག་

ཏུ་སོང་སྟེ་དེའི་བུ་དེ་དག་ཐམས་ཅད་དབྱིག་དུག་འཐུངས་སམ། མདའ་དུག་འཐུངས་ནས། དེ་རྣམས་དབྱིག་དུག་དང་མདའ་དུག་དེ་དག་གིས་སྡུག་བསྔལ་གྱི་ཚོར་བ་དེ་དག་གིས་ཉོན་མོངས་ཤིང་གདུངས་ཏེ་ས་ལ་འགྲེ་ལྡོག་ལ། དེ་ནས་དེ་དག་གི་ཕ་སྨན་པ་ལོགས་ཤིག་ནས་འོངས་

ནས། བུ་དེ་རྣམས་དབྱིག་དུག་གམ་མདའ་དུག་དེའི་སྡུག་བསྔལ་གྱིས་ཉམ་ཐག་སྟེ། ཁ་ཅིག་ནི་འདུ་ཤེས་ལོག་པར་གྱུར། ཁ་ཅིག་ནི་འདུ་ཤེས་མ་ལོག་སྟེ་དེ་དག་ཐམས་ཅད་སྡུག་བསྔལ་དེ་ཉིད་ཀྱིས་ཉམ་ཐག་ལ་ཕ་དེ་མཐོང་ནས་མངོན་པར་དགའ་སྟེ། དེ་ལ་འདི་སྐད་ཅེས་ཡབ་བདེ་

ཞིང་གནོད་པ་མི་མངའ་སྟེ་ལེགས་པར་བྱོན་ཏམ། བདག་ཅག་གི་ལུས་འཇིག་པར་བྱེད་པ་དབྱིག་དུག་གམ་མདའ་དུག་འདི་ལས་ཡོངས་སུ་དགྲོལ་བར་གསོལ་ཡབ་ཀྱིས་བདག་ཅག་ལ་སྲོག་སྩལ་དུ་གསོལ་ཞེས་སྨྲས་པ་དང་། དེ་ནས་སྨན་པ་དེས་བུ་དེ་དག་སྡུག་བསྔལ་གྱིས་ཉམ་ཐག་སྟེ།

ན་བས་ཉོན་མོངས་ཤིང་གདུངས་ཏེ་ས་ལ་འགྲེ་ལྡོག་པ་མཐོང་ནས། དེས་སྨན་ཆེན་པོ་ཁ་དོག་དང་ལྡན་པ་དྲི་དང་ལྡན་པ་རོ་དང་ལྡན་པ་བསྡུས་ནས་རྡོ་ལ་བཏགས་ཏེ། བུ་དེ་དག་འཐུང་དུ་བཅུག་ནས་འདི་སྐད་ཅེས་བུ་ཁྱོད་རྣམས་སྨན་ཆེན་པོ་ཁ་དོག་དང་ལྡན་པ་དྲི་དང་ལྡན་པ་རོ་དང་ལྡན་པ་འདི་

Vol. 51 · folio 121a

འཐུང་ཅིག །རིགས་ཀྱི་བུ་དག་ཁྱེད་སྨན་བཟང་པོ་འདི་འཐུངས་ན། མྱུར་དུ་དབྱིག་དུག་གམ་མདའ་དུག་ལས་ཐར་ཏེ། བདེ་ཞིང་ནད་མེད་པར་འགྱུར་རོ་ཞེས་སྨྲས་ན། དེ་ནས་སྨན་པ་དེའི་བུ་གང་དག་འདུ་ཤེས་མ་ལོག་པ་དེ་དག་ནི་སྨན་དེའི་ཁ་དོག་མཐོང་དྲི་སྣམས་རོ་མྱངས་ནས་

མྱུར་དུ་འཐུངས་པ་དང་། དེ་དག་ནད་ཐམས་ཅད་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཐར་བར་གྱུར་ཏོ། །དེའི་བུ་གང་དག་འདུ་ཤེས་ལོག་པར་གྱུར་པ་དེ་དག་གིས་ཕ་དེ་ལ་མངོན་པར་བསྟོད་དེ། འདི་སྐད་དུ་ཡབ་བདེ་ཞིང་གནོད་པ་མི་མངའ་སྟེ་ལེགས་པར་བྱོན་ཏམ། བདག་ཅག་གསོར་གསོལ་ཞེས་

ཚིག་དེ་སྐད་སྨྲས་ཏེ། སྨན་བྱིན་པ་དེ་མི་འཐུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་འདུ་ཤེས་ལོག་པར་གྱུར་པ་དེས་སྨན་དེའི་ཁ་དོག་ཀྱང་མི་འདོད་དྲི་ཡང་མི་འདོད་རོ་ཡང་མི་འདོད་དོ། །དེ་ནས་སྐྱེས་བུ་སྨན་པ་དེས་འདི་སྙམ་དུ་བསམས་ཏེ། བདག་གི་བུ་འདི་དག་དབྱིག་དུག་གམ་མདའ་

དུག་དེས་འདུ་ཤེས་ལོག་པར་གྱུར་པས་སྨན་འདི་ཡང་འཐུང་དུ་མ་རུང་སྟེ་ང་ལ་ནི་མངོན་པར་བསྟོད་ན། བདག་གིས་བུ་འདི་དག་ལ་ཐབས་མཁས་པས་སྨན་འདི་བླུད་དོ་སྙམ་མོ། །དེ་ནས་སྨན་པ་དེ་བུ་དེ་དག་ལ་ཐབས་མཁས་པས་སྨན་བླུད་པར་འདོད་ནས་འདི་སྐད་ཅེས་རིགས་ཀྱི་བུ་དག་ང་ནི་རྒས་འཁོགས་

གཏུགས་ཏེ། ངའི་འཆི་བའི་དུས་ཉེ་བར་གནས་ཀྱིས་བུ་ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །མི་བདེ་བར་མ་གྱུར་ཅིག །སྨན་ཆེན་པོ་བྱིན་པ་འདི་ཁྱེད་འདོད་ན་སྨན་འདི་འཐུང་ཤིག་ཅེས་སྨྲས་ཏེ། བུ་དེ་དག་ལ་ཐབས་མཁས་པས་དེ་སྐད་བསྒོ་ནས། ཡུལ་གཞན་དུ་སོང་སྟེ་ཕྱིན་ནས་བདག་ཤིའོ་ཞེས་བུ་

ནད་པ་དེ་དག་ཐོས་པར་བྱས་པ་དང་། དེ་དག་དེའི་ཚེ་ཤིན་དུ་མྱ་ངན་དུ་གྱུར། ཤིན་དུ་སྨྲེ་སྔགས་འདོན་པར་གྱུར་ཏེ། བདག་ཅག་གི་ཕ་མགོན་པོ་སྐྱེད་པ། རྗེས་སུ་སྙིང་བརྩེ་བ་གཅིག་པུ་དེ་ཡང་ཤི་བས། དེའི་ཕྱིར་ད་བདག་ཅག་མགོན་མེད་པར་གྱུར་ཏོ་སྙམ་མོ། །དེ་དག་བདག་ཉིད་མགོན་མེད་

པར་མཐོང་བདག་ཉིད་སྐྱབས་མེད་པར་མཐོང་ནས་ཕྱིར་ཞིང་མྱ་ངན་བྱེད་པས་གཟིར་བར་གྱུར་ཏེ། དེ་དག་ཕྱིར་ཞིང་མྱ་ངན་བྱེད་པས་གཟིར་བ་དེས་འདུ་ཤེས་ལོག་པ་འདུ་ཤེས་མ་ལོག་པར་གྱུར་ཏེ། སྨན་གང་ཁ་དོག་དང་དྲི་དང་རོར་ལྡན་པ་དེ་ཡང་ཁ་དོག་དང་དྲི་དང་རོར་ལྡན་པར་ཤེས་ནས་དེ་ནས་དེའི་ཚེ་

Vol. 51 · folio 121b

དེ་འཐུངས་སོ། །དེ་འཐུངས་ནས་ནད་དེ་ལས་ཐར་བར་གྱུར་ཏོ། །དེ་ནས་སྨན་པ་དེས་བུ་དེ་དག་ནད་སོས་པར་རིག་ནས་སླར་བདག་ཉིད་བསྟན་ན། རིགས་ཀྱི་བུ་དག་འདི་ཇི་སྙམ་དུ་སེམས། སྨན་པ་ཐབས་མཁས་པ་བྱེད་པ་དེ་ལ་ལ་ལ་དག་དེ་བརྫུན་དུ་སྨྲའོ་ཞེས་ཟེར་རམ། གསོལ་པ་བཅོམ་

ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་དུ་ང་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་མངོན་པར་རྫོགས་པར་སངས་རྒྱས་མོད་

ཀྱི། ངས་སྐབས་སྐབས་སུ་ཐབས་མཁས་པ་འདི་ལྟ་བུ་དག་སེམས་ཅན་རྣམས་གདུལ་བའི་ཕྱིར་བསྟན་ཏེ། གནས་དེར་ང་ལ་བརྫུན་དུ་སྨྲ་བར་འགྱུར་བ་གང་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་དོན་གྱི་རྣམ་པ་འདི་ཉིད་རྒྱས་པར་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །

བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །བྱང་ཆུབ་སེམས་དཔའ་མང་འདི་ཡང་དག་གཟུང་། །སངས་རྒྱས་ཡེ་ཤེས་ལ་ནི་དེ་དག་དགོད། །སེམས་ཅན་བྱེ་བ་ཁྲག་ཁྲིག་

མཐའ་ཡས་པ། །བསྐལ་པ་བྱེ་བ་མང་པོར་སྨིན་པར་བྱ། །མྱ་ངན་འདས་པའི་ས་ཡང་བསྟན་བྱས་ཏེ། །སེམས་ཅན་རྣམ་པར་གདུལ་ཕྱིར་ཐབས་བརྗོད་དོ། དེ་ཚེ་ང་ནི་མྱ་ངན་མི་འདའ་སྟེ། །འདི་ཉིད་ན་ནི་ཆོས་རྣམས་རབ་སྟོན་ཏོ། །དེ་ན་ང་བདག་ཉིད་ཀྱང་བྱིན་གྱིས་བརླབ། །ང་ཡིས་སེམས་ཅན་

ཀུན་ཀྱང་བྱིན་གྱིས་བརླབ། །ལོག་པའི་བློ་ལྡན་བླུན་པོའི་མི་རྣམས་ཀྱིས། །འདི་ན་ང་འདུག་པ་ཡང་མི་མཐོང་ངོ་། །ང་ལུས་ཡོངས་སུ་མྱ་ངན་འདས་མཐོང་ནས། །རིང་བསྲེལ་རྣམས་ལ་མཆོད་པ་རྣམ་མང་བྱེད། །ང་མ་མཐོང་བས་དེ་དག་སྲེད་པ་སྐྱེད། །དེ་ནས་དེ་དག་སེམས་ཀྱང་དྲང་པོར་འགྱུར། །

ནམ་ཞིག་དེ་དག་འཇམ་ཞིང་མཉེན་དྲང་སྟེ། །སེམས་ཅན་ལུས་ཀྱང་བཏང་བར་གྱུར་པ་ན། །དེ་ན་ང་ཡི་ཉན་ཐོས་དགེ་འདུན་བྱས། །བྱ་རྒོད་ཕུང་པོར་ང་ཉིད་དེར་བསྟན་ཏེ། །དེ་ལ་ང་ཡིས་ཕྱིས་ནི་འདི་སྐད་སྨྲས། །འདི་ཉིད་ན་སྟེ་མྱ་ངན་ང་མ་འདས། །དགེ་སློང་གང་དག་དེ་ནི་ང་ཐབས་མཁས། །

Vol. 51 · folio 122a

ཡང་ཡང་ང་འབྱུང་འཚོ་བའི་འཇིག་རྟེན་དུ། །སེམས་ཅན་གཞན་གྱི་ང་ནི་མདུན་དུ་བྱས། །དེ་ལ་བྱང་ཆུབ་མཆོག་འདི་རབ་ཏུ་བཤད། །འཇིག་མགོན་མྱ་ངན་མ་འདས་མ་རྟོགས་པར། །ཁྱོད་ཀྱིས་ང་ཡི་སྒྲ་ཡང་མི་ཐོས་སོ། །སེམས་ཅན་རྣམ་པར་འཇིག་པར་ངས་མཐོང་ཡང་། །

ངས་ནི་བདག་གི་ལུས་ཉིད་མ་བསྟན་ཏེ། །རེ་ཤིག་ང་མཐོང་བར་ནི་འདོད་བྱོས་ལ། །སྐོམ་པར་གྱུར་ནས་དམ་པའི་ཆོས་བཤད་དོ། །རྟག་ཏུ་ང་ཡི་བྱིན་རླབས་དེ་འདྲ་སྟེ། །བསྐལ་པ་བསམ་ཡས་བྱེ་བ་སྟོང་དུ་ནི། །བྱ་རྒོད་ཕུང་པོ་འདི་ལས་མི་འཕོ་ཡང་། །གུད་ན་བྱེ་བ་སྙེད་ཀྱི་མལ་ཆ་ཡོད། །གང་ཚེ་

འཇིག་རྟེན་ཁམས་འདི་སེམས་ཅན་གྱིས། །བསྐལ་པས་སྲེག་པར་མཐོང་ཞིང་རྟོག་པ་ན། །དེ་ཚེ་ང་ཡི་སངས་རྒྱས་ཞིང་འདི་ནི། །ལྷ་དང་མི་ཡིས་ཡོངས་སུ་གང་བར་འགྱུར། །དེ་དག་རྩེ་ཞིང་དགའ་བ་སྣ་ཚོགས་ལྡན། །སྐྱེད་མོས་ཁང་བཟངས་གཞལ་མེད་བྱེ་བ་ཡོད། །རིན་ཆེན་རི་བོ་རྣམས་དང་

དེ་བཞིན་དུ། །མེ་ཏོག་འབྲས་ལྡན་ཤིང་ལྗོན་རྣམས་ཀྱིས་བརྒྱན། །སྟེང་ནས་ལྷ་རྣམས་རྔ་ཆེན་རབ་ཏུ་རྡུང་། །མན་དཱ་ར་ཡི་ཆར་ཡང་ཤིན་ཏུ་འབབས། །མཁས་པ་གཞན་གང་བྱང་ཆུབ་འདིར་ཞུགས་དང་། །ང་དང་ཉན་ཐོས་རྣམས་ལ་མངོན་པར་འཐོར། །ང་ཡི་ཞིང་འདི་དེ་ལྟར་རྟག་གནས་ཀྱང་། །

གཞན་དག་འདི་ལ་བསྐལ་པས་སྲེག་པར་རྟོག །མྱ་ངན་བརྒྱ་ཡིས་གང་ཞིག་གཙེས་པ་དང་། །འཇིག་རྟེན་ཁམས་ནི་ཤིན་དུ་འཇིག་པར་མཐོང་། །ལོ་མང་བྱེ་བར་དེ་བཞིན་གཤེགས་རྣམས་དང་། །ཆོས་དང་ང་ཡི་དགེ་འདུན་ཚོགས་རྣམས་ཀྱིས། །མིང་ནི་ནམ་ཡང་ཐོས་པར་མི་འགྱུར་ཏེ། །

སྡིག་པའི་ལས་ཀྱི་འབྲས་བུ་དེ་འདྲའོ། །ནམ་ཞིག་སེམས་ཅན་འཇམ་ཞིང་མཉེན་པ་རྣམས། །མི་ཡི་འཇིག་རྟེན་འདིར་ནི་སྐྱེས་གྱུར་ཏེ། །དགེ་བའི་ལས་ཀྱིས་དེ་ལྟར་སྐྱེས་མ་ཐག །ང་ནི་ཆོས་རྣམས་རབ་ཏུ་འཆད་པར་མཐོང་། །དེ་དག་ལ་ནི་ནམ་ཡང་ང་མི་འཆད། །བྱ་བ་འདི་འདྲ་མཐའ་ཡས་

འདི་དག་སྟེ། །དེ་ཡིས་ཡུན་རིང་ནས་ནི་ང་མཐོང་ངོ་། །དེ་ལ་རྒྱལ་བ་ཤིན་དུ་རྙེད་དཀར་བཤད། ང་ཡི་ཡེ་ཤེས་སྟོབས་ནི་འདི་འདྲ་སྟེ། །དེ་ནི་ཤིན་དུ་འོད་གསལ་མཐའ་ཡོང་མེད། །ང་ཡི་ཚེ་རིང་བསྐལ་པ་མཐའ་ཡས་ཏེ། །དེ་ནི་སྔོན་གྱི་སྤྱོད་པ་སྤྱད་པས་བསྒྲུབས། །མཁས་རྣམས་འདི་ལ་སོམ་ཉི་མ་

Vol. 51 · folio 122b

བྱེད་པར། །ཐེ་ཚོམ་ཟ་བ་རྣམས་ནི་མ་ལུས་སྤོངས། །ངས་ནི་ཚིག་དེ་ཡང་དག་རབ་སྨྲས་ཏེ། །བརྫུན་གྱི་ཚིག་ནི་ང་ལས་གཞར་མི་འབྱུང་། །དཔེར་ན་ཐབས་བསླབས་པ་ཡི་སྨན་པ་དེས། །འདུ་ཤེས་ལོག་པར་གྱུར་པའི་བུ་རྣམས་ཕྱིར། །བདག་ཉིད་མ་ཤི་བཞིན་དུ་ཤི་ཞེས་བརྗོད། །དེ་བརྫུན་མི་སྨྲ་

སྙམ་དུ་མཁས་པས་རིག །དེ་བཞིན་ང་ཡང་རང་འབྱུང་འཇིག་རྟེན་ཕ། །སྐྱེ་དགུ་ཀུན་གྱི་གསོ་བྱེད་མགོན་པོ་སྟེ། །བྱིས་པ་གཏི་མུག་ལོག་པར་རྣམ་རིག་ནས། །མྱ་ངན་མ་འདས་མྱ་ངན་འདའ་བར་བསྟན། །ཅི་ཕྱིར་ཞེ་ན་རྟག་པར་ང་མཐོང་ན། །མི་ཤེས་མ་རིག་པ་རྣམས་ལེ་ལོར་འགྱུར། །འདོད་པ་ལ་ཡང་

བག་མེད་ཡིད་རྟོན་ཏེ། །བག་མེད་རྒྱུ་ཡིས་ངན་འགྲོ་རབ་ཏུ་ལྟུང་། །སྤྱོད་དང་སྤྱོད་པ་རིག་ནས་རྟག་པར་ཡང་། །ཅི་ནས་བྱང་ཆུབ་ལ་ནི་དགོད་པ་དང་། །ཅི་ནས་སངས་རྒྱས་ཆོས་རྣམས་ཐོབ་བྱའི་ཕྱིར། །སེམས་ཅན་རྣམས་ལ་ང་ནི་དེ་བཞིན་སྨྲ། །དམ་པའི་ཆོས་པད་མ་དཀར་པོ་ལས་དེ་བཞིན་གཤེགས་

པའི་སྐུ་ཚེའི་ཚད་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅོ་ལྔ་པའོ།། །།དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་བཤད་པ་ན། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་

བཀའ་སྩལ་པ། མ་ཕམ་པ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་སྟོང་དུ་བསྒྲེས་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དག་གིས་གཟུངས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ཐོགས་པ་མེད་པའི་སྤོབས་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་བྱེ་བ་བརྒྱ་སྟོང་དུ་ཡོངས་སུ་བསྒྱུར་བའི་གཟུངས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས། ཆོས་

Vol. 51 · folio 123a

ཀྱི་རྣམ་གྲངས་འདི་ཐོས་ནས་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་སྟོང་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དྲི་མ་མེད་པའི་སྣང་བ་ཞེས་བྱ་བའི་ཆོས་

ཀྱི་འཁོར་ལོ་བསྐོར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་བརྒྱད་ཀྱིས་ཐོགས་པར་གྱུར་ཏོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གླིང་བཞི་པ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་བཞིས་ཐོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

གཞན་ཡང་གླིང་བཞི་པ་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གསུམ་གྱིས་ཐོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གླིང་བཞི་པ་གཉིས་

ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཉིས་ཀྱིས་ཐོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གླིང་བཞི་པ་གཅིག་གི་འཇིག་རྟེན་གྱི་ཁམས་ཀྱི་

རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་

གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཆོས་མངོན་པར་རྟོགས་པའི་གནས་བསྟན་མ་ཐག་ཏུ། དེའི་མོད་ལ་སྟེང་གི་ནམ་མཁའ་བར་

Vol. 51 · folio 123b

སྣང་ལས། མེ་ཏོག་མན་དཱ་ར་དང་མན་དཱ་ར་ཆེན་པོའི་མེ་ཏོག་གི་ཆར་ཆེན་པོ་མངོན་པར་བབ་སྟེ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་དག་ན་སེང་གེའི་ཁྲི་ལ་བཞུགས་པ་དེ་དག་ཐམས་ཅད་ལ་འཐོར་མངོན་

པར་རབ་ཏུ་འཐོར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་སེང་གེའི་ཁྲི་

ལ་བཞུགས་པ་ལ་ཡང་འཐོར་མངོན་པར་རབ་ཏུ་འཐོར་རོ། །ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དང་། འཁོར་བཞི་པོ་དེ་དག་ལ་ཡང་འཐོར་མངོན་པར་རབ་ཏུ་འཐོར་རོ། །བར་སྣང་ལས་ལྷའི་ཙན་དན་དང་ཨ་ག་རུའི་ཕྱེ་མ་ཡང་རབ་ཏུ་བབ་པོ། །སྟེང་གི་ནམ་མཁའི་བར་སྣང་

ལས་རྔ་དག་ཀྱང་མ་བརྡུངས་པར་ཡིད་དུ་འོང་བ་སྙན་ཅིང་འཇམ་པའི་སྒྲ་འབྱིན་ཏོ། །སྟེང་ནས་ལྷའི་རས་བཅོས་བུ་ཟུང་བརྒྱ་སྟོང་དག་ཀྱང་ལྟུང་ངོ་། །སྟེང་གི་ནམ་མཁའ་བར་སྣང་ལས་རྒྱན་ཕྲེང་དང་། སེ་མོ་དོ་དང་། མུ་ཏིག་གི་ཕྲེང་བ་དང་། ནོར་བུ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་ཆེན་པོ་དག་ཀྱང་

ཕྱོགས་ཐམས་ཅད་དུ་ཀུན་ནས་རབ་ཏུ་འཕྱང་ངོ་། །རིན་ཐང་མེད་པའི་བདུག་པའི་པོག་ཕོར་རིན་པོ་ཆེ་ལས་བྱས་པ་བརྒྱ་སྟོང་དག་ཀྱང་ཀུན་ནས་རང་རྒྱུའོ། །དེ་བཞིན་གཤེགས་པ་རེ་རེ་ལ་ཡང་རིན་པོ་ཆེའི་གདུགས་ཀྱི་ཕྲེང་བ་ཚངས་པའི་འཇིག་རྟེན་ལ་ཐུག་པ། སྟེང་གི་ནམ་མཁའ་བར་སྣང་ལ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཛིན་ཏོ། །རྣམ་གྲངས་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ལ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རིན་པོ་ཆེའི་གདུགས་ཀྱི་ཕྲེང་བ་ཚངས་པའི་འཇིག་རྟེན་ལ་ཐུག་པ་སྟེང་གི་ནམ་

མཁའ་བར་སྣང་ལ་འཛིན་ཏོ། །སོ་སོ་ནས་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་ཡང་དག་པར་སངས་རྒྱས་ལ་བསྟོད་པ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་དག་ལ་མངོན་པར་བསྟོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་

Vol. 51 · folio 124a

ཏོ། །བདེ་བར་གཤེགས་པས་ངོ་མཚར་ཆོས་བསྒྲགས་པ། །འདྲེན་པ་རྣམས་ཀྱི་མཐུ་ཆེན་ཅི་འདྲ་དང་། །ཇི་ལྟར་སྐུ་ཚེའི་ཚད་ཀྱང་མཐའ་ཡས་པ། །བདག་ཅག་རྣམས་ཀྱིས་འདི་སྔོན་ཡོང་མ་ཐོས། །བདེ་བར་གཤེགས་པས་མངོན་དུ་རྣམ་ཕྱེ་བ། །འདི་

འདྲའི་ཆོས་དེ་དེ་རིང་ཐོས་པས་ན། །སྲོག་ཆགས་བྱེ་བ་སྟོང་རྣམས་དགའ་བས་ཁྱབ། །འཇིག་རྟེན་རྣམ་པར་འདྲེན་གྱི་ཐུགས་སྲས་ནི། །ཁ་ཅིག་མི་ལྡོག་བྱང་ཆུབ་མཆོག་ལ་འཁོད། །ཁ་ཅིག་གཟུངས་རྣམས་ཀྱི་ནི་མཆོག་ལ་གནས། །ཁ་ཅིག་སྤོབས་པ་ཐོགས་པ་མེད་ལ་འཁོད། །

ཁ་ཅིག་བྱེ་བ་སྟོང་གི་གཟུངས་ལ་གནས། །དེ་བཞིན་གཞན་ཡང་ཞིང་རྡུལ་ཕྲ་རབ་རྙེད། །དེ་དག་སངས་རྒྱས་ཡེ་ཤེས་མཆོག་ལ་གནས། །དེ་བཞིན་ཁ་ཅིག་སྐྱེ་བ་བརྒྱད་ཀྱིས་ན། །མཐའ་ཡས་གཟིགས་པ་རྒྱལ་བ་རྣམས་སུ་འགྱུར། །རྣམ་པར་འདྲེན་པའི་ཆོས་འདི་ཐོས་ནས་

སུ། །ཁ་ཅིག་སྐྱེ་བ་བཞི་ལས་རབ་ཏུ་འདས། །གཞན་དག་ཁ་ཅིག་གསུམ་དང་གཉིས་ཀྱིས་ན། །དོན་དམ་གཟིགས་པ་བྱང་ཆུབ་ཐོབ་པར་འགྱུར། །ཁ་ཅིག་དེ་ན་སྐྱེ་བ་གཅིག་གནས་ནས། །སྲིད་པ་གཞན་ལ་ཐམས་ཅད་མཁྱེན་དུ་འགྱུར། །འདྲེན་པའི་སྐུ་ཚེའི་ཚད་འདི་ཐོས་པས་

ན། །འབྲས་བུ་ཟག་མེད་དེ་འདྲ་རབ་ཏུ་ཐོབ། །སེམས་ཅན་བྱེ་བ་གང་རྣམས་ཆོས་ཐོས་ནས། །བྱང་ཆུབ་སེམས་དཔའ་ལ་ནི་སེམས་བསྐྱེད་པ། །ཞིང་བརྒྱད་དག་གི་ཕྲ་རབ་རྡུལ་སྙེད་དེ། །བགྲངས་ན་དཔག་མི་ལང་བ་དེ་སྙེད་དོ། །སངས་རྒྱས་བྱང་ཆུབ་འདི་ནི་རབ་བསྟན་པས། །མཐའ་

ཡས་གང་ལ་ཚད་ཀྱང་མ་མཆིས་པ། །ནམ་མཁའི་ཁམས་ལྟར་དཔག་ཏུ་མ་མཆིས་ཏེ། །དྲང་སྲོང་ཆེན་པོས་དེ་འདྲའི་ཕྲིན་ལས་མཛད། །མན་དཱ་ར་བའི་ཆར་པ་རབ་ཏུ་འབབ། །ལྷ་ཡི་བུ་དག་བྱེ་སྟོང་མང་པོ་དང་། །བརྒྱ་བྱིན་ཚངས་པ་གང་གཱའི་བྱེ་མ་སྙེད། །ཞིང་སྟོང་བྱེ་བ་དག་ནས་

དེ་དག་ལྷགས། །ཙན་དན་དང་ནི་སྤོས་མཆོག་ཕྱེ་མ་དང་། །ཨ་ག་རུ་ཡི་ཕྱེ་མས་འཐོར་བཞིན་དུ། །ནམ་མཁའ་ལ་ནི་བྱ་བཞིན་རབ་རྒྱུ་ཞིང་། །རྒྱལ་བའི་དབང་པོ་ལ་ཡང་ཚུལ་བཞིན་འཐོར། །སྟེང་གི་ནམ་མཁའ་ལས་ནི་རྔ་རྣམས་ཀྱང་། །མ་བརྡུངས་པར་ནི་སྒྲ་སྙན་ཉིད་ལས་

Vol. 51 · folio 124b

གྲག །ལྷ་རས་བཅོས་བུ་བྱེ་བ་སྟོང་རྣམས་ཀྱང་། །འདྲེན་པ་རྣམས་ལ་བསྐོར་ཞིང་འཐོར་བར་བགྱིད། །བདུག་པ་རིན་ཐང་མ་མཆིས་རི་བ་ཡི། །རིན་ཆེན་པོག་ཕོར་བྱེ་བ་སྟོང་རྣམས་ཀྱང་། །སྐྱོབ་པ་འཇིག་རྟེན་བདག་པོ་མཆོད་སླད་དུ། །དེ་ན་ཀུན་དུ་བདག་ཉིད་རབ་ཏུ་རྒྱུ། །

གདུགས་རྣམས་བྱེ་བ་ཁྲག་ཁྲིག་མཐའ་ཡས་པ། །རིན་ཆེན་དག་ལས་བགྱིས་པ་མཐོ་ཞིང་ཆེ། །ཕལ་ཆེན་ཚངས་པའི་འཇིག་རྟེན་བར་ཐུག་པ། །བྱང་ཆུབ་སེམས་དཔའ་མཁས་པ་འདི་དག་འཛིན། །རྒྱལ་བའི་བ་དན་བལྟ་སྡུག་བཅས་པ་ཡི། །འདྲེན་པ་རྣམས་ཀྱི་རྒྱལ་མཚན་

རབ་ཏུ་བཙུགས། །བདེ་གཤེགས་སྲས་རྣམས་རབ་ཏུ་སེམས་དགའ་བས། །ཚིགས་སུ་བཅད་པ་སྟོང་གིས་མངོན་པར་བསྟོད། །དེ་འདྲ་ངོ་མཚར་ཁྱད་འཕགས་རྨད་བྱུང་བ། །སྣ་ཚོགས་འདི་དག་འདྲེན་པ་དེ་རིང་གདའ། །སྐུ་ཚེའི་ཚད་ནི་ངེས་པར་བསྟན་མཛད་པས། །སེམས་

ཅན་འདི་ཀུན་རབ་ཏུ་དགའ་བ་ཐོབ། །ཕྱོགས་བཅུ་དག་ན་དེ་རིང་དོན་རྒྱ་ཆེ། །འདྲེན་པ་རྣམས་ཀྱི་གསུང་ཡང་མངོན་པར་འཕགས། །སྲོག་ཆགས་བྱེ་བ་སྟོང་རྣམས་ཚིམ་པར་གྱུར། །བྱང་ཆུབ་ཕྱིར་ནི་དགེ་བ་རྣམས་དང་ལྡན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། མ་ཕམ་པ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སེམས་ཅན་གང་དག་གིས་སེམས་བསྐྱེད་པ་གཅིག་ཙམ་ཞིག་མོས་པ་བསྐྱེད་དམ། མངོན་པར་དད་ན་རིགས་

ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བསོད་ནམས་ཇི་ཙམ་ཞིག་སྐྱེ་བར་འགྱུར་བ་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་དག་བསོད་ནམས་ཇི་ཙམ་སྐྱེད་པར་འགྱུར་བ་དེ་བཤད་དོ། །མ་ཕམ་པ་འདི་ལྟ་སྟེ་དཔེར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་

Vol. 51 · folio 125a

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། མ་ཕམ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས། དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་

འདི་ཐོས་ནས། སེམས་བསྐྱེད་པ་གཅིག་ཙམ་ཞིག་མོས་པ་བསྐྱེད་དམ་མངོན་པར་དད་ན་དེའི་བསོད་ནམས་མངོན་པར་འདུ་བྱས་པ་འདི་ལ། ཕ་རོལ་ཏུ་ཕྱིན་པ་ལྔ་དང་ལྡན་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་དུ་ཡོངས་སུ་རྫོགས་པར་བསོད་ནམས་མངོན་པར་འདུ་བྱས་པ་

དང་། དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་སྟེ།

གྲངས་སུ་ཡང་ཆར་ཡང་བགྲང་བར་ཡང་དཔེར་ཡང་རྒྱུར་ཡང་མི་བཟོད་དོ། །མ་ཕམ་པ་དེ་ལྟ་བུའི་བསོད་ནམས་མངོན་པར་འདུ་བྱེད་པ་དང་ལྡན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས། ཕྱིར་ལྡོག་པ་དེ་ནི་གནས་མེད་དོ། །དེ་

ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཡེ་ཤེས་འདི་ནི་ཚོལ་བའི་ཕྱིར། །གང་གིས་ཕ་རོལ་ཕྱིན་པ་ལྔ། །ཡི་དམ་བཅས་ནས་དེར་ཞུགས་ཏེ། །བསྐལ་པ་བྱེ་བ་སྟོང་ཕྲག་ཀྱང་། །བརྒྱད་དུ་ཆང་བར་

རབ་ཏུ་སྦྱོར། །ཕྱི་ཕྱིར་ཉན་ཐོས་རྣམས་དང་ནི། །སངས་རྒྱས་རྣམས་ལ་སྦྱིན་པ་བྱིན། །བྱང་ཆུབ་སེམས་དཔའ་བྱེ་བ་དང་། །རང་སངས་རྒྱས་ནི་མང་པོ་ལ། །བཟའ་བཅའ་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་ཆས་མགུ་བར་བྱེད། །གནས་དང་གཙུག་ལག་ཁང་

རྣམས་ཀྱང་། །ཙན་དན་ལས་ནི་འདིར་བྱས་དང་། །ཀུན་དགའ་ར་བ་ཉམས་དགའ་དང་། །འཆག་ས་མཛེས་པར་བྱས་པ་རྣམས། །སྦྱིན་པ་སྣ་ཚོགས་རྣམ་པ་མང་། །དེ་ལྟ་བུ་ཡི་སྦྱིན་འདིར་བྱིན། །བསྐལ་པ་བྱེ་བ་ཕྲག་སྟོང་དུ། །བྱིན་ནས་བྱང་ཆུབ་ཕྱིར་ཡང་བསྔོས། །སངས་

Vol. 51 · folio 125b

རྒྱས་ཡེ་ཤེས་ཆེད་ཀྱི་ཕྱིར། །རྫོགས་སངས་རྒྱས་ཀྱིས་བསྔགས་དག་ཅིང་། །མ་ཉམས་ཡང་དག་བསྟོད་པ་ཡི། །ཚུལ་ཁྲིམས་ཕྱིར་ཞིང་སྲུང་བར་བྱེད། །ཕྱིར་ཞིང་བཟོད་པ་སྒོམ་པར་བྱེད། །འདུལ་བའི་ས་ལ་རབ་ཏུ་གནས། །བརྟན་དང་ལྡན་ཞིང་དྲན་དང་ལྡན། །ཁ་ངན་

མང་པོ་བཟོད་པར་བྱེད། །དམིགས་པ་ཅན་གྱི་སེམས་ཅན་དག །ང་རྒྱལ་དག་ལ་རབ་གནས་པས། །སྨད་པ་བྱས་པ་དེ་དག་ཀྱང་། །སངས་རྒྱས་ཡེ་ཤེས་ཕྱིར་བཟོད་དོ། །བརྩོན་འགྲུས་ལ་ནི་རྟག་ཏུ་འབད། །དྲན་པ་བརྟན་ཞིང་མངོན་པར་བརྩོན། །ཡིད་ལ་གཞན་དུ་རྟོག་པ་

མེད། །བསྐལ་པ་བྱེ་བར་དེ་བཞིན་གྱུར། །དགོན་པའི་གནས་ན་རབ་ཏུ་འདུག །འཆག་སར་མངོན་པར་སོང་ནས་སུ། །གཉིད་དང་རྨུགས་པ་རབ་སྤངས་ཏེ། །བསྐལ་པ་བྱེ་བར་དེ་དག་སྤྱོད། །བསམ་གཏན་བསམ་གཏན་ཆེན་པོ་པ། །བསམ་གཏན་དགའ་ཞིང་མཉམ་

པར་གཞག །བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད། །དེ་ལས་མི་ཉུང་བསམ་གཏན་བྱེད། །དཔའ་བོ་དེ་ནི་བསམ་གཏན་དེས། །ཐམས་ཅད་མཁྱེན་པར་བདག་བསྒྱུར་ཞེས། །བྱང་ཆུབ་དམ་པ་དོན་དུ་གཉེར། །བསམ་གཏན་དག་གི་ཕ་རོལ་སོང་། །བསྐལ་པ་བྱེ་བ་ཕྲག་

སྟོང་དུ། །བྱ་བ་འདི་ལ་རབ་གནས་པའི། །དེ་དག་བསོད་ནམས་གང་ཡིན་པ། །གང་སྔར་ཡོངས་སུ་བསྒྲགས་པ་བས། །སྐྱེས་པ་རྣམས་སམ་བུད་མེད་དག །གང་གིས་ང་ཡི་ཚེ་ཐོས་ནས། །སྐད་ཅིག་དད་པར་བྱེད་པ་ཡང་། །བསོད་ནམས་དེ་ནི་མཐའ་ཡས་སོ། །

གཡོ་བ་དང་ནི་རློམ་སེམས་དང་། །ཐེ་ཚོམ་དག་ཀྱང་རྣམ་སྤངས་ཏེ། །ཡུད་ཙམ་ཤིན་ཏུ་མོས་པ་ཡང་། །དེ་ཡི་འབྲས་བུ་འདི་འདྲའོ། །བསྐལ་པ་བྱེ་བར་སྤྱོད་པ་ཡི། །བྱང་ཆུབ་སེམས་དཔའ་གང་ཡིན་པ། །ང་ཚེ་བསམ་གྱིས་མི་ཁྱབ་པ། །འདི་ཐོས་དེ་དག་མི་སྤང་ངོ་། །སྤྱི་

བོ་ཡིས་ཀྱང་ཕྱག་འཚལ་ཏེ། །མ་འོངས་པ་ཡི་དུས་ན་ཡང་། །བདག་ཅག་འདི་འདྲར་རབ་གྱུར་ཅིག །སྲོག་ཆགས་བྱེ་བ་བསྒྲལ་བར་བགྱི། །ཇི་ལྟར་མགོན་པོ་ཤཱཀྱ་ཐུབ། །ཐུབ་ཆེན་ཤཱཀྱ་སེང་གེ་ཡིས། །བྱང་ཆུབ་སྙིང་པོར་བཞུགས་ནས་སུ། །སེང་གེའི་སྒྲ་འདི་བསྒྲགས་

Vol. 51 · folio 126a

པ་ལྟར། །བདག་ཀྱང་མ་འོངས་དུས་ཀྱི་ཚེ། །ལུས་ཆེན་ཀུན་གྱིས་བཀུར་སྟི་ཞིང་། །བྱང་ཆུབ་སྙིང་པོར་འདུག་ནས་ནི། །འདི་ལྟ་བུ་ཡི་ཆོས་བཤད་དོ། །མི་གང་ཐོས་པ་འཛིན་གྱུར་ཞིང་། །ལྷག་པའི་བསམ་པ་ཕུན་སུམ་ཚོགས། །ལྡེམ་པོར་དགོངས་ཏེ་བཤད་

ཞེས་པ། །དེ་དག་རྣམས་ནི་ཐེ་ཚོམ་མེད། །མ་ཕམ་པ་གཞན་ཡང་དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འབབ་པ་དང་འཇུག་པ་དང་ཁོང་དུ་ཆུད་པ་དེ་ནི་དེ་བས་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བའི་བསོད་ནམས་མངོན་པར་འདུ་བྱེད་པ་ཆེས་དཔག་

ཏུ་མེད་པ་སྐྱེད་ན། གང་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ཉན་ཏམ། སྒྲོགས་སམ། འཛིན་ཏམ། ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་གམ། གླེགས་བམ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་།

རྒྱལ་མཚན་དང་། ལྷའི་བ་དན་དང་། འབྲུ་མར་གྱི་མར་མེ་དང་། མར་གྱི་མར་མེ་དང་། སྤོས་མར་གྱི་མར་མེ་དག་གིས་བསྟི་སྟང་བྱེད་དམ་བསྟི་སྟང་བྱེད་དུ་འཇུག་པ་ལྟ་ཅི་སྨོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བའི་བསོད་ནམས་མངོན་པར་འདུ་བྱེད་པ་ཆེས་མང་དུ་སྐྱེད་དོ། །

མ་ཕམ་པ་གང་གི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ལྷག་པའི་བསམ་པས་མོས་པར་བྱེད་པ་དེའི་ཚེ། དེའི་ལྷག་པའི་བསམ་པའི་མཚན་ཉིད་ནི་འདི་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་ང་བྱ་རྒོད་ཀྱི་

ཕུང་པོའི་རི་ལ་འདུག་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་པ་དང་། ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་ན་འདུག་ཅིང་ཆོས་སྟོན་པར་མཐོང་བ་དང་། ངའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་

གྱི་ཁམས་མི་མཇེད་འདི་གཞི་བཻ་དཱུརྱ་ལས་གྲུབ་ཅིང་མཉམ་པར་གནས་ལ། གསེར་སྐུད་མིག་མངས་རིས་སུ་བྲེས་ཤིང་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་ཀྱིས་རྣམ་པར་བཀྲ་བར་མཐོང་བ་དང་། འདི་ན་ཡོངས་སུ་སྤྱད་པའི་ཁང་པ་བརྩེགས་པ་དག་ན་བྱང་ཆུབ་སེམས་དཔའ་དག་

Vol. 51 · folio 126b

གནས་པར་མཐོང་བ་སྟེ། མ་ཕམ་པ་འདི་ནི་ལྷག་པའི་བསམ་པས་མོས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་ལྷག་པའི་བསམ་པའི་མཚན་ཉིད་དུ་རིག་པར་བྱའོ། །མ་ཕམ་པ་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། གང་དག་ཆོས་ཀྱི་རྣམ་

གྲངས་འདི་ཐོས་ན་མི་སྤོང་བའི་སྟེང་དུ་རྗེས་སུ་ཡི་རང་བ་དེ་དག་ཀྱང་། ལྷག་པའི་བསམ་པས་མོས་པའི་རིགས་ཀྱི་བུར་ངས་བཤད་ན། གང་འཛིན་པ་དང་ཀློག་པ་ལྟ་ཅི་སྨོས་ཏེ་དེ་ནི་དེ་བཞིན་གཤེགས་པ་ཕྲག་པ་ལ་ཐོགས་པ་ཡིན་ནོ། །མ་ཕམ་པ་གང་ཆོས་ཀྱི་རྣམ་གྲངས་འདི་

གླེགས་བམ་དུ་བྱས་ཤིང་ཕྲག་པ་ལ་ཐོགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ངའི་མཆོད་རྟེན་བྱ་མི་དགོས། གཙུག་ལག་ཁང་བྱ་མི་དགོས། དགེ་སློང་གི་དགེ་འདུན་གྱི་ན་བའི་གསོས་སྨན་དང་ཡོ་བྱད་དག་སྦྱིན་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་ཕམ་པ་རིགས་ཀྱི་

བུའམ་རིགས་ཀྱི་བུ་མོ་དེས་ངའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་པ་ཡིན། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་ནི་ཚངས་པའི་འཇིག་རྟེན་ལ་ཐུག་པ་ཁོ་ར་ཁོར་ཡུག་ཏུ་ནི་རིམ་བཞིན་དུ་གདུགས་ཡོངས་སུ་བཟུང་བ་དང་བཅས་པ་ལྷའི་བ་དན་དང་བཅས་པ་དྲིལ་བུའི་སྒྲ་གསལ་

བར་འབྱུང་བ་དག་བྱས་པ་ཡིན་ནོ། །སྐུ་གདུང་གི་མཆོད་རྟེན་དེ་དག་ལ་ལྷ་དང་། མིའི་མེ་ཏོག་དང་། སྤོས་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་རྣམ་པ་

མང་པོ་དག་གིས་བཀུར་སྟི་རྣམ་པ་མང་པོ་བྱས་པ་ཡིན་ནོ། །ཡིད་དུ་འོང་བ་སྙན་ཅིང་གསལ་བའི་སྒྲ་དང་། རྔ་བོ་ཆེ་རྣམ་པ་མང་པོ་དག་དང་། རོལ་མོའི་སྒྲ་དང་། ཕེག་རྡོབ་པ་དང་། རྣམ་པ་ཐ་དད་པའི་གླུ་དང་། གར་དང་། བཞད་གད་དང་། རོལ་མོ་རྣམ་པ་མང་པོ་ཚད་མེད་པས།

བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་མང་པོར་བཀུར་སྟི་བྱས་པར་འགྱུར་རོ། །མ་ཕམ་པ་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་དང་། བཀླགས་པ་དང་། ཡི་གེར་བྲི་བ་དང་། རབ་ཏུ་སྟོན་པ་དེས་ངའི་ཕྱིར་ཙན་དན་དམར་པོའི་གཙུག་

Vol. 51 · folio 127a

ལག་ཁང་རྒྱ་ཆེན་པོ་ཡངས་པ་མཐོན་པོ། ཁང་བཟངས་སུམ་ཅུ་རྩ་གཉིས་ཡོད་པ་བརྒྱད་རྩེགས། དགེ་སློང་སྟོང་གི་གནས་ཀུན་དགའ་ར་བ་དང་། མེ་ཏོག་གིས་མཛེས་པར་བྱས་པ། འཆག་སའི་ནགས་ཚལ་དང་ལྡན་པ། མལ་སྟན་དང་བཅས་པ། བཟའ་

བ་དང་བཅའ་བ་དང་། ཟས་དང་སྐོམ་དང་། ན་བའི་གསོས་སྨན་གྱིས་ཡོངས་སུ་གང་བ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་དག་བྱས་པར་གྱུར་ཏོ། །དེ་དག་མང་ཞིང་དཔག་ཏུ་མེད་དེ། བརྒྱའམ་སྟོང་ངམ། སྟོང་ཕྲག་བརྒྱའམ། བྱེ་བའམ། བྱེ་བ་བརྒྱའམ། བྱེ་

བ་སྟོང་ངམ། བྱེ་བ་བརྒྱ་སྟོང་ངམ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ངའི་མདུན་དུ་ཉན་ཐོས་ཀྱི་དགེ་འདུན་ལ་ཕུལ་ཏེ། དེ་དག་ཀྱང་ངས་ཡོངས་སུ་སྤྱད་པར་རིག་པར་བྱའོ། །མ་ཕམ་པ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་

འཛིན་ཏམ། ཀློག་གམ། སྟོན་ཏམ། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་ཀྱང་རུང་སྟེ། རྣམ་གྲངས་འདིས་དེས་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་གྱི་མཆོད་རྟེན་དག་བྱ་མི་དགོས་སོ། །དགེ་འདུན་ལ་མཆོད་པ་བྱ་མི་དགོས་སོ་ཞེས་ང་དེ་སྐད་འཆད་ན། མ་ཕམ་པ་གང་

ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་། སྦྱིན་པ་སྒྲུབ་པ་འམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་སྒྲུབ་པ་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་མངོན་པར་འདུ་བྱེད་པ་ཆེས་དཔག་ཏུ་མེད་པ་གྲངས་མེད་

པ་མཐའ་ཡས་པ་སྐྱེད་པ་ལྟ་ཅི་སྨོས། མ་ཕམ་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཁམས་ནི་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་གི་ཕྱོགས་དང་། ཕྱོགས་མཚམས་རྣམས་སུ་ཡང་མུ་མེད་པ་དེ་བཞིན་དུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་

ནམས་མངོན་པར་འདུ་བྱེད་པ། སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། སྟོན་ཏམ། ཡི་གེར་འདྲིའམ་ཡི་གེར་འདྲིར་འཇུག་ན། དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བསྟི་སྟང་བྱ་

Vol. 51 · folio 127b

བའི་ཕྱིར་མངོན་པར་བརྩོན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་བསྔགས་པ་སྨྲ་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་བརྗོད་ཅིང་གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པ་ཡིན་ནོ། །

བཟོད་པ་བསྒྲུབས་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་དང་འགྲོགས་ན་བདེ་བ་དང་། བཟོད་པ་ཅན་དང་། དུལ་བ་དང་། ཕྲག་དོག་མེད་པ་དང་། ཁྲོ་བ་ཡིད་ལ་བྱེད་པ་དང་བྲལ་བ་དང་། གནོད་སེམས་མེད་པ་ཡིད་ལ་བྱེད་པ་དང་། དྲན་པ་དང་ལྡན་པ་དང་

མཐུ་དང་ལྡན་པ་ཡིན། བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་རྟག་ཏུ་བརྩོན་པ་ཡིན། བསམ་གཏན་པ་ཡིན། ནང་དུ་ཡང་དག་འཇོག་ལྷུར་ལེན་པ་ཡིན། ནང་དུ་ཡང་དག་འཇོག་མང་དུ་བྱེད་པ་དང་འདྲི་བར་རབ་ཏུ་དབྱེ་བ་ལ་མཁས་པ་ཡིན། འདྲི་བ་བྱེ་བ་

ཁྲག་ཁྲིག་བརྒྱ་སྟོང་གི་ལན་ལྡོན་པ་ཡིན་ནོ། །མ་ཕམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་འཛིན་པའི་ཡོན་ཏན་དག་ནི་གང་དག་ངས་ཡོངས་སུ་བརྗོད་པ་འདི་ལྟ་བུ་འདི་དག་

ཡིན་ནོ། །མ་ཕམ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་འདི་ལྟར་རིག་པར་བྱ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བྱང་ཆུབ་ཀྱི་སྙིང་པོར་ཡང་དག་པར་ཞུགས་ཏེ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་ཡིན་པར་

རིག་པར་བྱའོ། །མ་ཕམ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གང་ན་འགྲེང་ངམ་འདུག་གམ་འཆག་པ་དེར་མ་ཕམ་པ་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་བརྩིག་གོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་ཡིན་ནོ་ཞེས་དེ་ལ་བརྗོད་པར་

བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་མགོན་མྱ་ངན་འདས་པ་ན། །མདོ་སྡེ་འདི་ནི་གང་འཛིན་པ། །བསོད་ནམས་ཕུང་པོ་མུ་མེད་པར། །ང་ཡིས་ཡང་དང་ཡང་དུ་བསྔགས། །དེས་ནི་ང་ལ་མཆོད་པ་བྱས། །རིང་

Vol. 51 · folio 128a

བསྲེལ་གྱི་ནི་མཆོད་རྟེན་ཡང་། །རིན་ཆེན་བྱས་པ་སྣ་ཚོགས་པ། །བལྟ་ན་སྡུག་ཅིང་མཛེས་རྣམས་བྱས། །འཕང་དུ་ཚངས་པའི་འཇིག་རྟེན་མཉམ། །གདུགས་ཕྲེང་རྣམས་དང་རབ་ཏུ་ལྡན། །ཁོ་ར་ཡུག་ལྡན་དཔལ་ཅན་ཏེ། །རྣམ་རྒྱལ་བ་དན་རྣམས་དང་ལྡན། །

དྲིལ་བུ་གསལ་བའི་སྒྲ་འབྱུང་སྟེ། །དར་གྱི་ལྡ་ལྡིས་མཛེས་པར་བྱས། །དེ་བཞིན་དྲིལ་བུ་རླུང་བསྐྱོད་པས། །རྒྱལ་བའི་རིང་བསྲེལ་ཤིན་ཏུ་མཛེས། །སྤོས་དང་མེ་ཏོག་བྱུག་པ་དང་། །གོས་དང་རོལ་མོའི་སྒྲ་རྣམས་དང་། །རྔ་རྣམས་ཀྱིས་ཀྱང་ཡང་དང་ཡང་། །དེ་དག་མཆོད་པ་རྒྱ་ཆེན་

བྱས། །རོལ་མོ་སྒྲ་སྙན་ཆ་བྱད་རྣམས། །རིང་བསྲེལ་དེ་ལ་བརྡུངས་ཤིང་གསིལ། །སྤོས་དང་འབྲུ་མར་མར་མེ་རྣམས། །དེ་དག་ལ་ནི་ཀུན་ནས་ཕུལ། །གང་གིས་མདོ་སྡེ་འདི་བཟུང་ཞིང་། །ཟད་པའི་དུས་ལ་སྟོན་པ་ཡིས། །དེས་ནི་མཆོད་པ་རྣམ་མང་པོ། །དེ་འདྲ་མཐའ་ཡས་ང་ལ་བྱས། །

གཙུག་ལག་ཁང་མང་བྱེ་བ་དག །ཙན་དན་ལས་ནི་བྱས་པ་ཡིན། །ཁང་བཟངས་སུམ་ཅུ་རྩ་གཉིས་ཏེ། །དེ་དག་འཕང་དུ་བརྒྱད་རྩེག་གོ། །མལ་ཆ་དག་གིས་ཉེ་བར་བརྟན། །བཟའ་བཅའ་རྣམས་ཀྱང་ཚོགས་པར་ལྡན། །ཡོལ་བ་བཟང་པོ་རབ་ཏུ་བཤམས། །གནས་རྣམས་ཀྱང་ནི་རྣམ་

པར་སྟོང་། །མེ་ཏོག་ཀུན་དགས་མཛེས་བྱས་པའི། །ཀུན་དགའ་དག་དང་འཆག་ས་བྱིན། །གཟུགས་མང་རྣམ་པ་སྣ་ཚོགས་ཀྱི། །གདིང་གཡོགས་མང་པོ་དེ་བཞིན་ནོ། །རྣམ་འདྲེན་མྱ་ངན་འདས་པ་ན། །གང་ཞིག་མདོ་འདི་འཛིན་པ་དེས། །ང་ཡི་མདུན་དུ་དགེ་འདུན་ལ། །མཆོད་པ་

མང་པོ་བྱས་པ་ཡིན། །མོས་པ་སྙིང་པོར་གང་གྱུར་ཏེ། །གང་ཞིག་མདོ་འདི་ཀློག་པ་འམ། །ཡི་གེར་འདྲི་བར་བྱེད་པ་སྟེ། །དེ་བས་བསོད་ནམས་མང་དུ་ཐོབ། །མི་འགའ་ལ་ལས་གླེགས་བམ་ལ། །ཤིན་ཏུ་ངེས་ཚིག་འདྲིར་བཅུག་སྟེ། །སྤོས་དང་ཕྲེང་བ་བྱུག་པ་ཡིས། །གླེགས་

བམ་དེ་ལ་མཆོད་པ་བྱེད། །སྤོས་ཀྱི་འབྲུ་མར་བཀང་བ་ཡི། །མར་མེ་རྟག་ཏུ་སུ་འབུལ་ཞིང་། །སྣ་མ་ཨུད་པལ་སིལ་མ་དང་། །ཙམ་པ་ཀས་ཀྱང་རབ་ཏུ་གཏོར། །གླེགས་བམ་དག་ལ་འདི་འདྲ་བའི། །མཆོད་པ་བྱེད་པའི་མི་དེ་ནི། །བསོད་ནམས་མང་པོ་རབ་འཕེལ་ཏེ། །དེ་ལ་

Vol. 51 · folio 128b

ཚད་ཀྱང་ཡོང་མེད་དོ། །ཇི་ལྟར་ནམ་མཁའི་ཁམས་ཀྱི་ཚད། །ཕྱོགས་བཅུ་དག་ནི་ཐམས་ཅད་དུ། །རྟག་ཏུ་རྙེད་པར་འགྱུར་མ་ཡིན། །བསོད་ནམས་ཕུང་པོ་འདི་དེ་འདྲ། །བཟོད་ཅིང་དུལ་ཏེ་མཉམ་པར་གཞག །ཚུལ་ཁྲིམས་ལྡན་ཞིང་བསམ་གཏན་པ། །ཡང་དག་ནང་འཇོག་སྤྱོད་

ཡུལ་ཅན། །དེ་འདྲ་བ་ལྟ་སྨོས་ཅི་དགོས། །ཁྲོ་བ་མེད་ཅིང་ཕྲ་མ་མེད། །མཆོད་རྟེན་དག་ལ་གུས་པར་གནས། །དགེ་སློང་རྣམས་ལའང་རྟག་ཏུ་འདུད། །ང་རྒྱལ་མེད་ཅིང་ལེ་ལོ་མེད། །ཤེས་རབ་ལྡན་ཞིང་བདེ་བཞིན་བརྟན། །དྲི་བ་དྲིས་ན་མི་ཁྲོ་སྟེ། །སྙིང་རྗེ་བློ་ཡིས་སྲོག་ཆགས་

ལ། །རྗེས་སུ་འཐུན་པར་རབ་ཏུ་སྟོན། །གང་ཞིག་དེ་འདྲར་གྱུར་ནས་སུ། །མདོ་འདི་ཡང་ནི་གང་འཛིན་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ཚད་ཀྱང་རྙེད་པར་མི་འགྱུར་རོ། །མདོ་འདི་འཛིན་པར་བྱེད་པ་ཡི། །དེ་ལྟ་བུ་ཡི་ཆོས་སྨྲ་བ། །གལ་ཏེ་མི་འགས་མཐོང་ན་ཡང་། །དེ་ལ་

ཤིན་ཏུ་བཀུར་སྟི་བྱ། །ལྷ་ཡི་མེ་ཏོག་རྣམས་ཀྱིས་དེ་ལ་གཏོར། །ལྷ་ཡི་གོས་རྣམས་ཀྱིས་ཀྱང་མངོན་པར་དགབ། །དེ་ཡི་རྐང་པར་མགོ་བོས་ཕྱག་འཚལ་ཏེ། །དེ་ལ་དེ་བཞིན་གཤེགས་པར་འདུ་ཤེས་སྐྱེད། །དེ་མཐོང་ནས་ནི་དེ་ཚེ་འདི་སྙམ་དུ། །དེ་ནི་ཤིང་ལྗོན་དྲུང་དུ་འགྲོར་འགྱུར་

ཏེ། །ལྷ་དང་བཅས་པའི་འཇིག་རྟེན་ཕན་པའི་ཕྱིར། །བླ་མེད་བྱང་ཆུབ་ཞིང་འཚང་རྒྱ་སྙམ་བསམ། །མདོ་སྡེ་འདི་ལས་ཚིགས་བཅད་གཅིག་བརྗོད་ཅིང་། །དེ་འདྲའི་མཁས་དེ་གང་ན་འཆག་པ་འམ། །གང་ན་འགྲེང་ངམ་འོན་ཏེ་འདུག་པ་འམ། །དཔའ་བོ་གང་དུ་ཉལ་བར་བྱེད་པའང་

རུང་། །དེར་ནི་འདྲེན་པ་སངས་རྒྱས་བཅོམ་ལྡན་གྱི། །ཆེད་དུ་སྐྱེས་བུ་དམ་པའི་མཆོད་རྟེན་ནི། །བལྟ་ན་སྡུག་པ་སྣ་ཚོགས་བྱེད་དུ་གཞུག །དེ་བཞིན་དེར་ནི་མཆོད་པ་སྣ་ཚོགས་བྱས། །གང་ན་སངས་རྒྱས་བུ་དེ་འདུག་པ་ཡི། །ས་ཕྱོགས་དེ་ནི་ང་ཡིས་ཡོངས་སུ་སྤྱད། །ངས་ནི་དེ་

ཉིད་དུ་ཡང་འཆག་པ་བྱས། །དེ་ཉིད་དུ་ཡང་ང་ནི་འདུག་པར་གྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

Vol. 51 · folio 129a

བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ཐོས་ནས་རྗེས་སུ་ཡི་རང་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད་

པར་འགྱུར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །དཔའ་ཆེན་མྱ་ངན་འདས་ནས་གང་། །མདོ་འདི་འདྲ་བ་ཉན་པ་དང་། །ཐོས་ནས་རྗེས་སུ་ཡི་རང་བ། །དེ་ཡི་དགེ་བ་ཅི་ཙམ་འགྱུར། དེ་

ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་

བསྙེན་མའམ་སྐྱེས་བུ་མཁས་པའམ་གཞོན་ནུའམ་གཞོན་ནུ་མ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ཉན་ཅིང་ཐོས་ནས་ཀྱང་རྗེས་སུ་ཡི་རང་ལ་ཆོས་ཉན་པ་དེ་ནས་སོང་སྟེ། གཙུག་ལག་ཁང་ན་འདུག་གམ་ཁྱིམ་ན་འདུག་གམ་དགོན་པ་ན་འདུག་གམ་སྲང་ན་འདུག་གམ་གྲོང་ན་

འདུག་གམ་ལྗོངས་ན་འདུག་ཀྱང་རུང་སྟེ། རྒྱུ་དེ་དག་དང་བྱེད་རྒྱུ་དེ་དག་དང་ཆོས་དེ་ཇི་ལྟར་ཐོས་པ་དང་ཇི་ལྟར་ཟིན་པ་བཞིན་དུ་ཅི་ནུས་ཀྱིས། ཕའམ་མའམ་ཉེ་དུའམ་ཡང་དག་པར་མགུ་བར་འགྱུར་བའམ་འདྲིས་པའམ་གཞན་གང་ཡང་རུང་སྟེ། སེམས་ཅན་ཕ་རོལ་ལ་བསྟན་ནས་

དེས་དེ་ཐོས་ཏེ། རྗེས་སུ་ཡི་རང་ལ་རྗེས་སུ་ཡི་རང་ནས་ཀྱང་གཞན་ལ་སྨྲས་ཏེ། དེས་ཀྱང་དེ་ཐོས་ནས་རྗེས་སུ་ཡི་རང་ལ་དེས་ཀྱང་གཞན་ལ་སྨྲས་ཏེ། དེས་ཀྱང་དེ་ཐོས་ནས་རྗེས་སུ་ཡི་རང་ལ་དེ་ལྟར་ན་རྣམ་གྲངས་འདིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལྔ་བཅུ་པ་ལ་ཐུག་ན། མ་ཕམ་

པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ། རྗེས་སུ་ཡི་རང་བ་ལྔ་བཅུ་པའི་མིར་གྱུར་པ་གང་ཡིན་པ། མ་ཕམ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ། ངས་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་

Vol. 51 · folio 129b

ཤིག་དང་ངས་ཁྱོད་ལ་བཤད་དོ། །མ་ཕམ་པ་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཞིན་སེམས་ཅན་འཁོད་ཅིང་ཡོད་པ་འགྲོ་བ་དྲུག་ཏུ་སྐྱེས་པ། སྒོ་ང་ལས་སྐྱེས་པའམ། མངལ་ནས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ་བརྫུས་

ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། རྐང་མེད་དམ། རྐང་གཉིས་པའམ། རྐང་བཞི་པའམ། རྐང་མངས་སམ། སེམས་ཅན་ཇི་ཙམ་སེམས་ཅན་གྱི་

ཁམས་སུ་བསྡུས་ཤིང་། ཡང་དག་པར་འདུ་བར་འགྱུར་བ་རྣམས། མི་བསོད་ནམས་འདོད་པ། ཕན་པར་འདོད་པ་འགའ་ཞིག་བྱུང་བས། སེམས་ཅན་གྱི་ཚོགས་ད་ལ་འདོད་པའི་རྩེད་མོ་དང་དགའ་བའི་ལོངས་སྤྱོད་སྡུག་པ་མཛེས་པ་གཅེས་པ་ཡིད་དུ་འོང་བ་དག་བྱིན་ལ། འདོད་པའི་

རྩེད་མོ་ལ་དགའ་བ་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཕྱིར་སེམས་ཅན་རེ་རེ་ལ་ཡང་འཛམ་བུའི་གླིང་ཡོངས་སུ་གང་བ་བྱིན་ཏེ། འགྲོན་བུ་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རྟའི་ཤིང་རྟ་དང་། གླང་གི་ཤིང་རྟ་དང་།

གླང་པོ་ཆེའི་ཤིང་རྟ་དང་། ཁང་པ་བརྩེགས་པ་དང་། ཁང་པ་ཡང་བྱིན་ཏེ། མ་ཕམ་པ་རྣམ་གྲངས་འདིས་སྦྱིན་པའི་བདག་པོ་སྦྱིན་བདག་ཆེན་པོའི་མི་དེས་ལོ་བརྒྱད་ཅུ་ཚང་བར་སྦྱིན་པ་བྱིན་ལ། མ་ཕམ་པ་དེ་ནས་སྦྱིན་པའི་བདག་པོ་སྦྱིན་བདག་ཆེན་པོའི་མི་དེ་འདི་སྙམ་དུ་སེམས་ཏེ།

སེམས་ཅན་འདི་དག་ཐམས་ཅད་ཀྱང་བདག་གིས་རྩེན་དུ་བཅུག་དགའ་བར་བྱས་བདེ་བར་གསོས་ན། སེམས་ཅན་འདི་དག་མགོ་སྐྱ་ཞིང་གཉེར་མས་གང་སྟེ། ན་ཚོད་ལོ་བརྒྱད་ཅུ་ལོན་པས་རྒས་ཏེ། འཆི་བའི་དུས་བྱེད་པར་ཡང་ཉེ་བར་གྱུར་ན་བདག་གིས་འདི་དག་དེ་བཞིན་

གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བཙུད་དེ་རྗེས་སུ་བསྟན་ཏོ་སྙམ་ནས། མ་ཕམ་པ་དེ་ནས་མི་དེས་སེམས་ཅན་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་ཡང་དག་པར་བཙུད་དེ། ཡང་དག་པར་བཙུད་ནས་འཛིན་དུ་བཅུག་ལ།

Vol. 51 · folio 130a

སེམས་ཅན་དེ་དག་གིས་ཀྱང་ཆོས་དེ་མཉན་ཏེ་ཐོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་འདུས་ཏེ་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་པ་ནས། ཟག་པ་ཟད་པ་བསམ་གཏན་པ་བསམ་གཏན་

པ་ཆེན་པོ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་དགྲ་བཅོམ་པའི་བར་དུ་གྱུར་ན། མ་ཕམ་པ་འདི་ཇི་སྙམ་དུ་སེམས། སྦྱིན་པའི་བདག་པོ་སྦྱིན་པའི་བདག་པོ་ཆེན་པོའི་མི་དེ་གཞི་དེ་ལས་བསོད་ནམས་མང་པོ་དཔག་ཏུ་མེད་གྲངས་མེད་པ་སྐྱེད་དམ། དེ་སྐད་ཅེས་བཀའ་སྩལ་

ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། སྦྱིན་པའི་བདག་པོ་སྦྱིན་པའི་བདག་པོ་ཆེན་པོའི་མི་དེ་སེམས་ཅན་དེ་སྙེད་ལ་བདེ་

བའི་ཡོ་བྱད་ཐམས་ཅད་སྩལ་བའི་སླད་དུ་རྒྱུ་དེས་ཀྱང་བསོད་ནམས་མང་དུ་སྐྱེད་ན། བཅོམ་ལྡན་འདས་དེའི་གོང་དུ་དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་ཁྱོད་མོས་པར་བྱ་ཁོང་དུ་ཆུད་པར་བྱའོ། །སྦྱིན་པའི་བདག་པོ་སྦྱིན་བདག་ཆེན་པོའི་མི་གང་གིས། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཞིའི་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་

ཐམས་ཅད་ཀྱིས་རིམ་གྲོ་བྱས་ཏེ། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་ནས་བསོད་ནམས་སྐྱེད་ལ། གང་ཡང་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ་ལྔ་བཅུ་པར་གྱུར་པའི་མི་དེས། ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་གམ། ཚིག་གཅིག་ཙམ་ཐོས་ཏེ་རྗེས་

སུ་ཡི་རང་ན། གང་མི་དེའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ནི། སྦྱིན་པའི་བདག་པོ་སྦྱིན་བདག་ཆེན་པོའི་མི་དེའི་སྦྱིན་པ་དང་ལྡན་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་བས་གང་མི་གཅིག་ནས་གཅིག་ཏུ་བརྒྱུད་

Vol. 51 · folio 130b

པའི་ལྔ་བཅུ་པའི་མིས། ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་གམ་ཚིག་གཅིག་ཐོས་ནས་རྗེས་སུ་ཡི་རང་བ་ནི་ཆེས་མང་སྟེ། མ་ཕམ་པ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དང་དགེ་བ་མངོན་པར་འདུ་བྱེད་པ་འདིའི་མདུན་ན། སྔ་མའི་

སྦྱིན་པ་དང་ལྡན་པ་དང་དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་

སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་སྟེ། བགྲང་བར་ཡང་ཆར་ཡང་གྲངས་སུ་ཡང་དཔེར་ཡང་རྒྱུར་ཡང་མི་བཟོད་དོ། །མ་ཕམ་པ་དེ་ལྟར་ལྔ་བཅུ་པའི་མི་དེ་ཐ་ན་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་གམ་ཚིག་གཅིག་ལ་རྗེས་སུ་ཡི་རང་བ་ཡང་། བསོད་ནམས་འདི་སྙེད་

སྐྱེད་ན་མ་ཕམ་པ་གང་གིས་ངའི་མངོན་སུམ་དུ་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏེ་ཐོས་ནས་རྗེས་སུ་ཡི་རང་བ་ལྟ་ཅི་སྨོས་ཏེ། མ་ཕམ་པ་དེའི་བསོད་ནམས་མངོན་པར་འདུ་བྱེད་པ་ནི་ཆས་དཔག་ཏུ་མེད་ཆེས་གྲངས་མེད་ཅེས་ངས་བཤད་དོ། །མ་ཕམ་པ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་

གང་གིས་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར། བདག་གི་ཁྱིམ་ནས་བྱུང་སྟེ། གཙུག་ལག་ཁང་དུ་སོང་ལ། དེ་ཕྱིན་ནས་དེར་འགྲེང་ངམ་འདུག་སྟེ་ཆོས་ཀྱི་རྣམ་གྲངས་འདི་ཡུད་ཙམ་མཉན་ན། སེམས་ཅན་དེ་བསོད་ནམས་མངོན་པར་འདུ་བྱ་བ་དེ་ཙམ་བྱས་ཤིང་བསགས་

པས། དེ་ཚེ་རྗེས་ནས་ལུས་ཕྱི་མ་དང་བདག་གི་ངོ་བོ་ཕྱི་མ་ཐོབ་པ་ལ་གླང་གི་ཤིང་རྟ་འཐོབ་པར་འགྱུར་རོ། །རྟའི་ཤིང་རྟ་དང་། གླང་པོ་ཆེའི་ཤིང་རྟ་དང་། ཁྱོགས་ཀྱི་བཞོན་པ་དང་། གྲུའི་བཞོན་པ་དང་། ཁྱུ་མཆོག་གི་བཞོན་པ་དང་། ལྷའི་གཞལ་མེད་ཁང་ཐོབ་པར་འགྱུར་རོ། །

གལ་ཏེ་ཡང་མདོའི་ཆོས་སྒྲོག་པ་དེར་ཡུད་ཙམ་ཞིག་འདུག་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ་ཕ་རོལ་འདུག་ཏུ་བཅུག་གམ་སེམས་ཅན་གཞན་ལ་སྟན་བགོས་ན། བསོད་ནམས་མངོན་པར་འདུ་བྱེད་པ་དེས། བརྒྱ་བྱིན་གྱི་སྟན་དང་། ཚངས་པའི་སྟན་དང་། འཁོར་ལོས་

Vol. 51 · folio 131a

སྒྱུར་བའི་སེང་གེའི་ཁྲི་ཐོབ་པར་འགྱུར་རོ། །མ་ཕམ་པ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་མི་གཞན་ཞིག་ལ་འདི་སྐད་དུ། ཀྱེ་མི་ཁྱོད་ཚུར་ཤོག །དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཉོན་ཅིག་ཅེས་སྨྲས་ལ། མི་

དེ་ཡང་སྤྲོ་བ་རྙེད་ནས་གལ་ཏེ་ཡུད་ཙམ་ཞིག་མཉན་ན་སེམས་ཅན་དེ་སྤྲོ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དེས། གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ལྷན་ཅིག་འགྲོགས་པ་འཐོབ་པོ། །བླུན་པོར་མི་འགྱུར་རོ། །དབང་པོ་རྣོ་ཞིང་ཤེས་

རབ་དང་ལྡན་པར་འགྱུར་རོ། །ཚེ་རབས་བརྒྱ་སྟོང་དུ་ཡང་ཁ་རུལ་ཅིང་མནམ་པར་མི་འགྱུར། དེ་ལ་ལྕེ་ནད་མེད་པར་འགྱུར། ཁ་ནད་མེད་པར་འགྱུར། སོ་སྔོན་པོར་མི་འགྱུར། སོ་མི་མཉམ་པ་མེད་པ་དང་། སོ་མི་སེར་བ་དང་། སོ་གྱེད་འདུམས་མེད་པ་དང་། སོ་སྔོ་བ་མེད་པ་

དང་། སོ་བྱུང་བ་མེད་པ་དང་། སོ་ཡོ་བ་མེད་པར་འགྱུར་རོ། །མཆུ་འཕྱང་དུ་མི་འགྱུར། མཆུ་ནང་དུ་སོང་བ་མ་ཡིན་པ་དང་། མཆུ་ལོག་པ་མེད་པ་དང་། མཆུ་ཤོ་རེར་མ་གྱུར་པ་དང་། མཆུ་ཡོ་བ་མེད་པ་དང་། མཆུ་གནག་པ་མེད་པ་དང་། མཆུ་མི་སྡུག་པ་མེད་པར་འགྱུར་

རོ། །སྣ་ལེབ་ལེབ་པོར་མི་འགྱུར། སྣ་ཡོན་པོར་མི་འགྱུར་རོ། །གདོང་རིང་པོར་མི་འགྱུར། གདོང་ཡོན་པོར་མི་འགྱུར། གདོང་ནག་པོར་མི་འགྱུར། གདོང་བལྟ་ན་མི་སྡུག་པར་མི་འགྱུར་རོ། །མ་ཕམ་པ་འདི་ལྟར་ལྕེ་དང་སོ་དང་། མཆུ་སྲབ་ཅིང་ཤིན་ཏུ་ལེགས་པར་འགྱུར།

སྣ་ཆེ་བ་དང་། བཞིན་གྱི་དབྱིབས་ལེགས་པ་དང་། སྨིན་མ་ལེགས་པ་དང་། དཔྲལ་བའི་དབྱེས་ཆེ་བར་འགྱུར། དཔེ་བྱད་རྫོགས་པ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པས་གདམས་པ་དང་རྗེས་སུ་བསྟན་པ་ཡང་ཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་

འདས་རྣམས་དང་ཡང་མྱུར་དུ་ཕྲད་པར་འགྱུར་རོ། །མ་ཕམ་པ་ལྟོས། སེམས་ཅན་གཅིག་སྤྲོ་བར་བྱས་པས་ཀྱང་། བསོད་ནམས་དེ་ཙམ་སྐྱེད་ན་གང་གིས་བསྟི་སྟང་དུ་བྱས་ཏེ་མཉན་ཏམ། བསྟི་སྟང་དུ་བྱས་ཏེ་ཀློག་གམ། བསྟི་སྟང་དུ་བྱས་ཏེ་སྟོན་ཏམ། བསྟི་སྟང་

Vol. 51 · folio 131b

དུ་བྱས་ཏེ་རབ་ཏུ་འཆད་པ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གཅིག་ནས་གཅིག་ཏུ་བརྒྱུད་པ་ལྔ་བཅུ་པ། །གང་གིས་མདོ་འདིའི་ཚིགས་བཅད་གཅིག་མཉན་ཏེ། །ཐོས་ནས་སེམས་དང་རྗེས་སུ་ཡི་རང་བའི། །

བསོད་ནམས་ཇི་སྙེད་འབྱུང་བ་དེ་ཉོན་ཅིག །གལ་ཏེ་སྦྱིན་བྱེད་མི་ཞིག་བྱུང་གྱུར་ཏེ། །རྟག་ཏུ་སེམས་ཅན་བྱེ་བ་ཁྲག་ཁྲིག་ལ། །གང་སྔར་ང་ཡིས་དཔེ་བྱས་དེ་དག་རྣམས། །དེ་ཀུན་ལོ་ཡང་བརྒྱད་ཅུ་ཚིམ་པར་བྱས། །མགོ་ལ་སྐྲ་དཀར་གཉེར་མ་ཀུན་བྱུང་སྟེ། །དེ་དག་རྒལ་ཉེར་

གནས་དེས་མཐོང་ནས། །ཀྱེ་མ་སེམས་ཅན་ཉོན་མོངས་འདི་དག་ཀུན། །ཆོས་ཀྱིས་འདི་དག་རབ་ཏུ་བསྟན་པར་བྱ། །དེ་ཡིས་དེ་རྣམས་ལ་ནི་ཕྱིས་ཆོས་སྨྲས། །མྱ་ངན་འདའ་བའི་ས་ཡང་རབ་ཏུ་བཤད། །སྲིད་པ་ཐམས་ཅད་དབུ་བ་སྨིག་རྒྱུ་འདྲ། །སྲིད་པ་ཀུན་ལ་མྱུར་དུ་ཡིད་བྱུང་

བྱོས། །སྦྱིན་པ་བྱེད་པའི་མི་དེའི་གན་ནས་སུ། །སེམས་ཅན་དེ་དག་ཀུན་གྱིས་ཆོས་ཐོས་ནས། །ཟག་པ་ཟད་ཅིང་ཐ་མའི་ལུས་འཛིན་པར། །དུས་གཅིག་དུ་ན་དགྲ་བཅོམ་ཐོབ་གྱུར་ཀྱང་། །གང་ཞིག་བརྒྱུད་དེ་ཚིགས་བཅད་གཅིག་ཐོས་ཤིང་། །རྗེས་སུ་ཡི་རང་བསོད་ནམས་ཇི་སྙེད་པ། །

དེ་ཡི་བསོད་ནམས་དེ་བས་ཆེས་མང་སྟེ། །བསོད་ནམས་ཕུང་པོ་སྔ་མས་ཆར་མི་ཕོད། །གང་གིས་བརྒྱུད་དེ་ཚིགས་བཅད་གཅིག་ཐོས་པ། །དེ་ལྟར་དེ་ཡི་བསོད་ནམས་མང་གྱུར་ཏེ། །དེ་དག་མཐའ་ཡས་ཚད་ཀྱང་ཡོང་མེད་ན། །མངོན་སུམ་ཐོས་པ་དེ་ནི་སྨོས་ཅི་དགོས། །གང་དེར་

སེམས་ཅན་གཅིག་ལ་འང་སྨྲས་པ་ནི། །བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མར་ཡང་། །མདོ་འདི་ཡང་ནི་ཤིན་ཏུ་རྙེད་དཀའ་ཡིས། །སོང་སྟེ་ཆོས་ཉོན་ཅེས་ནི་སྤྲོ་བར་བྱས། །སེམས་ཅན་དེ་དག་དེ་ཡིས་སྤྲོ་བྱས་ནས། །མདོ་འདི་ཡང་ནི་ཡུད་ཙམ་ཉན་བྱེད་པ། །དེ་ཡི་ལས་ཀྱི་འབྲས་བུ་མཉན་

པར་གྱིས། །ནམ་ཡང་དེ་ལ་ཁ་ཡི་ནད་མེད་འགྱུར། །དེ་ཡི་ལྕེ་ཡང་ན་བར་གཞར་མི་འགྱུར། །དེ་ཡི་སོ་རྣམས་འབྱུང་བར་མི་འགྱུར་རོ། །སྔོན་པོ་སེར་པོ་མི་འཐུན་གཞར་མི་འགྱུར། །མཆུ་མི་སྡུག་པར་ཡང་ནི་ཡོང་མི་འགྱུར། །དེ་གདོང་ཡོ་འམ་སྐམ་ཞིང་རིང་བ་མེད། །ནམ་ཡང་སྣ་

Vol. 51 · folio 132a

ལེབ་ཏུ་ནི་ཡོང་མི་འགྱུར། །སོ་དང་མཆུ་དང་བཞིན་གྱི་དཀྱིལ་འཁོར་དང་། །དེ་ཡི་སྣ་དང་དཔྲལ་བའི་དབྱིབས་ཀྱང་ལེགས། །མི་རྣམས་ཀྱིས་ནི་བལྟ་ན་སྡུག་པར་འགྱུར། །དེ་ཡི་ཁ་ནི་རུལ་བར་གཞར་མི་འགྱུར། །ཨུད་པལ་བཞིན་དུ་རྟག་ཏུ་དྲི་ཞིམ་པ། །དེ་ཡི་ཁ་

ནས་དྲི་ཡང་འབྱུང་བར་འགྱུར། །དཔའ་བོ་ཁྱིམ་ནས་གཙུག་ལག་ཁང་དུ་སོང་། །མདོ་སྡེ་ཉན་པའི་ཕྱིར་ནི་དེར་སོང་སྟེ། །སོང་ནས་དེར་ནི་ཡུད་ཙམ་དེས་ཆོས་མཉན། །དད་པའི་སེམས་ཀྱི་འབྲས་བུ་མཉན་པར་གྱིས། །དེ་ཡི་ལུས་ནི་ཤིན་ཏུ་དཀར་བར་འགྱུར། །བརྟན་པ་དེ་ནི་རྟ་ཡི་

ཤིང་རྟས་འགྲོ། །གླང་ཆེན་ཤིང་རྟ་མཐོན་པོར་འདུག་ནས་སུ། །རིན་པོ་ཆེ་ཡིས་བརྒྱན་པ་ཞོན་ཞིང་འཆག །ཤིན་ཏུ་སྦུད་པའི་ཁྱོགས་ཀྱང་དེས་ཐོབ་ནས། །དེ་དག་དུ་མ་མི་ཡིས་བཏེག་ཅིང་བཀུར། །ཆོས་ཉན་ཕྱིར་ནི་སོང་བ་གྱུར་པ་དེའི། །འབྲས་བུ་དགེ་བ་འདི་འདྲར་འགྱུར་བ་

ཡིན། །དེ་ནི་འཁོར་གྱི་ནང་དེར་འདུག་ནས་སུ། །དཀར་པོའི་ལས་རྣམས་བྱས་པ་དེ་དག་གིས། །ཚངས་པའི་སྟན་དང་རྒྱལ་པོའི་སྟན་རྣམས་དང་། །བརྒྱ་བྱིན་སྟན་རྣམས་ཀྱང་ནི་དེས་ཐོབ་འགྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་རྗེས་སུ་ཡི་རང་བའི་བསོད་ནམས་བསྟན་

པའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ།། །།བམ་པོ་བཅུ་གཅིག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རྒྱུན་དུ་བརྩོན་ལ་བཀའ་སྩལ་པ། རིགས་ཀྱི་བུ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ་

ཀློག་པའམ་སྟོན་པའམ་ཡི་གེར་འདྲི་བ་ཡང་རུང་སྟེ། རིགས་ཀྱི་བུ་དེ་མིག་གི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །སྣའི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ལུས་

ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །དེ་ཡོན་ཏན་བརྒྱ་ཕྲག་མང་པོས་དབང་པོ་དྲུག་གི་གྲོང་ཡོངས་སུ་དག་ཅིང་། ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །དེའི་ཕ་དང་མ་ལས་བྱུང་བའི་ཤའི་མིག་ཐ་མལ་པ་དེ་ལྟར་ཡོངས་

Vol. 51 · folio 132b

སུ་དག་པའི། མིག་གི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་དང་བྲག་དང་ནགས་སྟུག་པོར་བཅས་པ་དང་འོག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཐུག་པ་ཡན་ཆད། སྟེང་དུ་སྲིད་པའི་རྩེ་མོར་ཐུག་པའི་བར་དུ་དེ་དག་ཐམས་ཅད་མཐོང་

ངོ་། །ཤའི་མིག་ཐ་མལ་པས་སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ་འང་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཁོར་གྱི་དབུས་སུ་མི་འཇིགས་པ། །

གང་ཞིག་མདོ་སྡེ་འདི་འཆད་ཅིང་། །ལེ་ལོ་མེད་པར་རབ་འཆད་པ། །དེ་ཡི་ཡོན་ཏན་ང་ལས་ཉོན། །ཡོན་ཏན་དག་ནི་བརྒྱད་བརྒྱ་ཡི། །དེ་ཡི་མིག་ནི་ཀུན་དུ་མཛེས། །དེས་ནི་དེ་མིག་དྲི་མ་མེད། །རྙོག་པ་མེད་ཅིང་དག་པར་འགྱུར། །ཕ་དང་མ་ལས་བྱུང་བ་ཡི། །དེ་ཡི་ཤ་ཡི་མིག་དེས་

ནི། །འཇིག་རྟེན་ཁམས་འདི་ཐམས་ཅད་ཀྱང་། །ཕྱི་ནང་བཅས་པ་རབ་ཏུ་མཐོང་། །ལྷུན་པོའི་རི་རབ་ཐམས་ཅད་དང་། །ཁོ་ར་ཡུག་ཀྱང་དེས་མཐོང་སྟེ། །རི་གཞན་གང་རྣམས་གྲགས་པ་དང་། །རྒྱ་མཚོ་དག་ཀྱང་མཐོང་བར་འགྱུར། །འོག་ཏུ་མནར་མེད་དམྱལ་བར་ཐུག །

སྟེང་དུ་སྲིད་པའི་རྩེར་གནས་པ། །བརྟན་པ་དེས་ནི་ཀུན་མཐོང་སྟེ། །ཤ་ཡི་མིག་ནི་དེ་འདྲའོ། །ད་དུང་དེ་ལ་ལྷ་ཡི་མིག །མེད་པས་ཤེས་པ་མ་ཡིན་ནོ། །དེ་ཡི་ཤ་ཡི་མིག་གི་ཡུལ། །དེ་དག་དེ་ལྟར་འགྱུར་བ་ཡིན། །རྟག་པར་རྒྱུན་དུ་བརྩོན་གཞན་ཡང་རིགས་ཀྱི་བུའམ་རིགས་

ཀྱི་བུ་མོ་དེས་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བསྟན་ཅིང་གཞན་དག་ལ་ཡང་དག་པར་བཤད་ན། རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་པོ་དེ་དག་དང་ལྡན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཐུག་པ་ཡན་ཆད། སྲིད་

པའི་རྩེ་མོ་ལ་ཐུག་པ་མན་ཆད་ན། ཕྱི་ནང་གི་སྒྲ་རྣམ་པ་མང་པོ་གང་དག་འབྱུང་བ་འདི་ལྟ་སྟེ། གླང་པོ་ཆེའི་སྒྲའམ། རྟའི་སྒྲའམ། རྔ་མོའི་སྒྲའམ། བ་ལང་གི་སྒྲའམ། རའི་སྒྲའམ། ཤིང་རྟའི་སྒྲའམ། ངུ་བའི་སྒྲའམ། མྱ་ངན་གྱི་སྒྲའམ། འཇིགས་པའི་སྒྲའམ། དུང་གི་

Vol. 51 · folio 133a

སྒྲའམ། དྲིལ་བུའི་སྒྲའམ། རྔའི་སྒྲའམ། རྩེད་མོའི་སྒྲའམ། གླུའི་སྒྲའམ། རོལ་མོའི་སྒྲའམ། སྐྱེས་པའི་སྒྲའམ། བུད་མེད་ཀྱི་སྒྲའམ། ཁྱེའུའི་སྒྲའམ། བུ་མོའི་སྒྲའམ། ཆོས་ཀྱི་སྒྲའམ། ཆོས་མ་ཡིན་པའི་སྒྲའམ། བདེ་བའི་སྒྲའམ། སྡུག་བསྔལ་

བའི་སྒྲའམ། བྱིས་པའི་སྒྲའམ། འཕགས་པའི་སྒྲའམ། ཡིད་དུ་འོང་བའི་སྒྲ་འམ། ཡིད་དུ་མི་འོང་བའི་སྒྲའམ། ལྷའི་སྒྲའམ། ཀླུའི་སྒྲའམ། གནོད་སྦྱིན་གྱི་སྒྲའམ། དྲི་ཟའི་སྒྲའམ། ལྷ་མ་ཡིན་གྱི་སྒྲའམ། ནམ་མཁའ་ལྡིང་གི་སྒྲའམ། མིའམ་ཅིའི་སྒྲའམ། ལྟོ་འཕྱེ་ཆེན་

པོའི་སྒྲའམ། མིའི་སྒྲའམ། མི་མ་ཡིན་པའི་སྒྲའམ། མེའི་སྒྲའམ། ཆུའི་སྒྲའམ། རླུང་གི་སྒྲའམ། གྲོང་གི་སྒྲའམ། གྲོང་ཁྱེར་གྱི་སྒྲའམ། དགེ་སློང་གི་སྒྲའམ། ཉན་ཐོས་ཀྱི་སྒྲའམ། རང་སངས་རྒྱས་ཀྱི་སྒྲའམ། བྱང་ཆུབ་སེམས་དཔའི་སྒྲའམ། དེ་བཞིན་གཤེགས་པའི་

སྒྲའམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་ན། སྒྲ་ཅི་བྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་རྣ་བའི་དབང་པོ་ཐ་མལ་པ་ཡོངས་སུ་དག་པ་དེས་ཐོས་ཏེ། རེ་ཞིག་ལྷའི་རྣ་བ་ནི་མི་སྒྲུབ་མོད་ཀྱི་སེམས་ཅན་དེ་དང་དེ་དག་གི་སྐད་དུ་རབ་ཏུ་རྟོགས་སོ། །སེམས་

ཅན་དེ་དང་དེ་དག་གིས་སྐད་ལ་རྣམ་པར་རྟོག་གོ། །རྣམ་པར་འབྱེད་དོ། །རྣ་བའི་དབང་པོ་ཐ་མལ་པ་དེས་སེམས་ཅན་དེ་དང་དེ་དག་གིས་སྐད་རྣམས་ཐོས་ཀྱང་། དེའི་རྣ་བའི་དབང་པོ་ལ་སྒྲ་དེ་དག་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་ཏོ། །རྟག་པར་རྒྱུན་དུ་བརྩོན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་རྣ་བའི་དབང་པོ་འདི་ལྟ་བུ་ཐོབ་པར་འགྱུར་ཏེ། རེ་ཞིག་ལྷའི་རྣ་བ་ནི་མངོན་པར་མི་སྒྲུབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་

ཏོ། །དེ་ཡི་རྣ་བའི་དབང་པོ་ཐ་མལ་པ། །རྙོག་པ་མེད་ཅིང་རྣམ་པར་དག་པར་འགྱུར། །འཇིག་རྟེན་ཁམས་འདི་དག་ན་མ་ལུས་པར། །རྣམ་པ་མང་པོའི་སྒྲ་རྣམས་དེས་ཐོས་ཏེ། །རྔ་བོ་ཆེ་དང་རྫ་རྔ་སྒྲ་སྙན་དང་། །པི་བང་གླིང་བུ་དང་ནི་པ་ལླ་ཀི །ཤིང་རྟ་བ་ལང་ར་དང་

Vol. 51 · folio 133b

ལུག་དག་དང་། །རྟ་དང་གླང་ཆེན་དག་གི་སྒྲ་ཡང་ཐོས། །འཇམ་ཞིང་ཡིད་འོང་གླུ་ཡི་དབྱངས་ཀྱང་ཐོས། །བརྟན་པ་དེ་ནི་དེ་ལ་ཆགས་པ་མེད། །གང་དང་གང་ན་སུ་དང་སུ་སྨྲ་བ། །བྱེ་བ་སྙེད་ཀྱི་མི་ཡི་སྒྲ་རྣམས་ཐོས། །ལྷ་ཡི་སྒྲ་དང་ཀླུ་ཡི་དབྱངས་རྣམས་ཀྱང་། །སྙན་ཅིང་ཡིད་དུ་

འོང་བ་རྟག་པར་ཐོས། །སྐྱེས་པ་བུད་མེད་དག་གི་སྒྲ་རྣམས་དང་། །ཁྱེའུ་དང་བུ་མོའི་སྒྲ་ཡང་དེ་བཞིན་ཐོས། །རི་དང་ཕུག་ན་གང་གནས་དེ་དག་དང་། །ཁུ་བྱུག་རྨ་བྱ་ཀ་ལ་པིང་ཀ་དང་། །བྱ་རྣམས་གང་དག་ཤང་ཤང་ཏེའུ་རྣམས་དང་། །དེ་དག་རྣམས་ཀྱི་སྒྲ་སྙན་འདིར་ཐོས་

སོ། །སེམས་དམྱལ་དག་ན་སྡུག་བསྔལ་གང་མྱོང་བ། །ཤིན་ཏུ་མི་བཟད་པ་ཡི་སྒྲ་རྣམས་དང་། །ཟས་ཀྱི་སྡུག་བསྔལ་དག་གིས་ཉེན་པ་ཡི། །ཡི་དགས་རྣམས་ཀྱི་སྒྲ་ཕྱུང་དེ་བཞིན་ཐོས། །ལྷ་མ་ཡིན་དང་རྒྱ་མཚོའི་ནང་གནས་དང་། །སྒྲ་འབྱིན་པ་དང་དེ་བཞིན་གཞན་དག་

དང་། །ཆོས་སྨྲ་བ་དེ་འདི་ན་འདུག་བཞིན་དུ། །སྒྲ་རྣམས་ཐམས་ཅད་ཐོས་ཏེ་ཆོད་པ་མེད། །དུད་འགྲོའི་སྐྱེ་གནས་དག་ན་ཕན་ཚུན་དུ། །སྨྲ་བར་བྱེད་པའི་སྒྲ་རྣམས་གང་ཡིན་པ། །རྣམ་པ་ཐ་དད་སྒྲ་རྣམས་མང་པོ་དག །དེ་ནི་འདི་ན་འདུག་བཞིན་དེ་དག་ཐོས། །ལྷ་གང་ཚངས་

པའི་འཇིག་རྟེན་གནས་པ་དང་། །གང་དག་འོག་མིན་དང་ནི་འོད་གསལ་ལྷ། །ཕན་ཚུན་དུ་ནི་སྒྲ་སྐད་གང་འབྱིན་པ། །དེ་དག་མ་ལུས་ཐམས་ཅད་དེས་ཐོས་སོ། །བདེ་བར་གཤེགས་ཀྱི་བསྟན་ལ་རབ་བྱུང་ནས། །དགེ་སློང་གང་དག་ཁ་དོན་བྱེད་པ་དང་། །འཁོར་གྱི་ནང་ན་

ཆོས་སྟོན་གང་ཡིན་པ། །དེ་དག་སྒྲ་ཡང་རྟག་ཏུ་དེ་ཡིས་ཐོས། །འཇིག་རྟེན་ཁམས་འདིར་བྱང་ཆུབ་སེམས་དཔའ་གང་། །ཁ་དོན་དག་ཀྱང་བྱེད་ཅིང་ཕན་ཚུན་དུ། །ཆོས་རྣམས་ཡང་དག་རྗོད་པར་གང་བྱེད་པ། །དེ་དག་སྒྲ་རྣམས་རྣམ་པ་ཐ་དད་ཐོས། །བྱང་ཆུབ་སེམས་

དཔའ་མདོ་འདི་གང་འཛིན་པས། །སངས་རྒྱས་བཅོམ་ལྡན་མི་འདུལ་ཁ་ལོ་སྒྱུར། །འཁོར་རྣམས་ལ་ཡང་ཆོས་མཆོག་གང་གསུང་བ། །དུས་གཅིག་ཏུ་ནི་དེ་ཡང་དེ་ཡིས་ཐོས། །མནར་མེད་ཡན་ཆད་སྟེང་དུ་སྲིད་པའི་རྩེ། །སྟོང་གསུམ་གྱི་ནི་ཞིང་འདི་ཐམས་ཅད་ན། །

Vol. 51 · folio 134a

ནང་ལོགས་དག་དང་ཕྱི་ལོགས་དག་ནས་ཀྱང་། །སེམས་ཅན་གང་གིས་སྒྲ་མང་ཕྱུང་བ་དང་། །སེམས་ཅན་ཀུན་གྱི་སྒྲ་རྣམས་ཐོས་གྱུར་ཀྱང་། །འོན་ཀྱང་དེ་ཡི་རྣ་བ་འགག་པ་མེད། །དབང་པོ་གསལ་ཞིང་གནས་དང་གནས་ཀྱང་ཤེས། །རྣ་བའི་དབང་པོ་ཐ་

མལ་དེ་ཙམ་མོ། །རེ་ཞིག་ལྷ་ཡི་ལ་ནི་འབད་མི་བྱེད། །ཐ་མལ་རྣ་བ་དེ་ནི་དེ་ལྟར་འདུག །འཇིགས་མེད་གང་གིས་མདོ་འདི་བཟུང་བ་ནི། །དེ་ཡི་ཡོན་ཏན་དག་ནི་དེ་འདྲར་འགྱུར། །རྟག་པར་རྒྱུན་དུ་བརྩོན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་

འདི་འཛིན་ཏམ། རབ་ཏུ་སྟོན་ཏམ། ཁ་ཏོན་བྱེད་དམ། ཡི་གེར་འདྲི་བ་དེ། སྣའི་ཡོན་ཏན་བརྒྱད་བརྒྱ་དང་ལྡན་ཞིང་སྣའི་དབང་པོ་ཡོངས་སུ་དག་པར་འགྱུར་ཏེ། དེའི་སྣའི་དབང་པོ་ཡོངས་སུ་དག་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་གི་དྲི་རྣམ་པ་

མང་པོ་ཡོད་པ་འདི་ལྟ་སྟེ། རུལ་བའི་དྲིའམ་ཡིད་དུ་འོང་བའི་དྲིའམ་ཡིད་དུ་མི་འོང་བའི་དྲིའམ་མེ་ཏོག་རྣམ་པ་ཐ་དད་པའི་དྲི་འདི་ལྟ་སྟེ། སྣ་མའི་མེ་ཏོག་དང་། མ་ལི་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་གྱི་དྲི་རྣམས་ཀྱང་ཚོར་རོ། །ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོའི་དྲི་

རྣམས་ཀྱང་ཚོར་ཏེ་འདི་ལྟ་སྟེ། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་རྣམས་ཀྱི་དྲི་དག་ཀྱང་ཚོར་རོ། །མེ་ཏོག་དང་འབྲས་བུའི་ཤིང་རྣམ་པ་མང་པོའི་མེ་ཏོག་དང་། འབྲས་བུའི་དྲི་རྣམས་ཀྱང་ཚོར་ཏེ། འདི་ལྟ་སྟེ། ཙན་དན་དང་། ཏ་མ་ལའི་འདབ་མ་དང་།

རྒྱ་སྤོས་དང་། ཨ་ག་རུའི་དྲི་ཞིམ་པོ་རྣམས་ཀྱང་ཚོར་རོ། །སྤོས་རྣམ་པ་ཐ་དད་པ་བརྒྱ་སྟོང་གནས་གཅིག་ན་འདུག་པ་ཐམས་ཅད་ཀྱང་ཚོར་རོ། །ཐམས་ཅད་ཀྱང་ཤེས་སོ། །སེམས་ཅན་གྱི་དྲི་རྣམ་པ་མང་པོ་ཡང་ཚོར་ཏེ་འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ར་ལུག་

དང་། ཕྱུགས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རྣམ་པ་མང་པོའི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །སྐྱེས་པ་དང་བུད་མེད་ཀྱི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །ཁྱེའུ་དང་བུ་མོའི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །རྩྭ་དང་ཤིང་གེལ་པ་དང་

Vol. 51 · folio 134b

སྨན་དང་ནགས་ཐག་རིང་པོ་ན་འདུག་པའི་དྲི་རྣམས་ཀྱང་ཚོར་རོ། །དྲི་ཡང་དག་པར་ཚོར་ཏེ་དྲི་ཡང་དག་པར་ཤེས་མོད་ཀྱི། དྲི་དེ་དག་གིས་མི་འཕྲོགས། དེ་དག་གིས་མྱོས་པར་མི་འགྱུར་རོ། །དེ་འདི་ན་འདུག་བཞིན་དུ་ལྷ་དག་གི་དྲི་རྣམས་ཀྱང་ཚོར་ཏེ་འདི་ལྟ་སྟེ། ཡོངས་འདུ་

ས་བརྟོལ་གྱི་དྲི་རྣམས་ཀྱང་ཚོར་རོ། །མེ་ཏོག་མན་དཱ་ར་དང་མན་དཱ་ར་ཆེན་པོ་དང་མཉྫུ་ཥ་ཀ་དང་མཉྫུ་ཥ་ཀ་ཆེན་པོ་རྣམས་ཀྱི་ལྷའི་དྲི་རྣམས་ཀྱང་ཚོར་རོ། །ལྷའི་ཨ་ག་རུའི་ཕྱེ་མ་དང་ཙན་དན་གྱི་ཕྱེ་མ་དག་གི་དྲི་རྣམས་ཀྱང་ཚོར་རོ། །ལྷའི་མེ་ཏོག་རྣམ་པ་ཐ་དད་པ་བརྒྱ་སྟོང་གི་དྲི་དག་ཀྱང་ཚོར་རོ། །

དེ་དག་གི་མིང་རྣམས་ཀྱང་ཤེས་སོ། །ལྷའི་བུའི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་ཏེ་འདི་ལྟ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱི་ལུས་ཀྱི་དྲི་ཡང་ཚོར་རོ། །རྣམ་པར་རྒྱལ་བའི་ཁང་བཟངས་ན་རྩེ་དགའ་ཞིང་དགའ་མགུར་སྤྱོད་པའམ། ཆོས་བཟངས་ལྷའི་འདུན་ས་ན་སུམ་ཅུ་རྩ་གསུམ་པའི་ལྷ་

རྣམས་ལ་ཆོས་སྟོན་པའམ། རྩེ་དགའ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དེ་ཡང་ཤེས་སོ། །ལྷའི་བུ་གཞན་རྣམས་ཀྱི་སོ་སོའི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །ལྷའི་བུ་མོ་རྣམས་དང་ལྷའི་ཆུང་མ་རྣམས་ཀྱི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །ལྷ་གཞོན་ནུ་རྣམས་ཀྱི་ལུས་ཀྱི་

དྲི་རྣམས་ཀྱང་ཚོར་རོ། །ལྷ་གཞོན་ནུ་མ་རྣམས་ཀྱི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་ཏེ། དྲི་དེ་དག་གིས་ཀྱང་མི་འཕྲོགས་ཤིང་མྱོས་པར་ཡང་མི་འགྱུར་རོ། །རྣམ་གྲངས་འདིས་སྲིད་པའི་རྩེ་མོའི་བར་དུ་སྐྱེས་པའི་སེམས་ཅན་དེ་དག་གི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །ཚངས་རིས་ཀྱི་

ལྷའི་བུ་རྣམས་དང་། ཚངས་པ་ཆེན་པོ་རྣམས་ཀྱི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །རྣམ་གྲངས་འདིས་ལྷའི་རིས་ཐམས་ཅད་ཀྱི་ལུས་ཀྱི་དྲི་རྣམས་ཀྱང་ཚོར་རོ། །ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དག་གི་སྐུའི་དྲི་

རྣམས་ཀྱང་ཚོར་རོ། །དེ་བཞིན་གཤེགས་པ་དག་གི་གདན་གྱི་དྲི་རྣམས་ཀྱང་ཚོར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བཞུགས་པ་དེ་ཡང་རབ་ཏུ་ཤེས་སོ། །དེའི་སྣའི་དབང་པོ་དེ་ཡང་དྲི་རྣམ་པ་མང་པོ་དེ་དང་དེ་དག་

Vol. 51 · folio 135a

གིས་མི་འཕྲོགས་ཏེ་ཉམས་པའམ་གནོད་པར་འགྱུར་བ་ཡང་མེད་དོ། །དེ་འདོད་ན་དྲི་དེ་དང་དེ་དག་གཞན་དག་ལ་ཡང་སྟོན་ཏེ། དེ་དྲན་པ་ཉམས་པར་འགྱུར་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །

དེ་ཡི་སྣ་ཡི་དབང་པོ་རྣམ་དག་འགྱུར། །གང་རྣམས་འཇིག་རྟེན་ཁམས་འདི་ཐམས་ཅད་ན། །དྲི་ཞིམ་དྲི་མི་ཞིམ་པ་ཅི་ཡོད་པ། །དེས་ནི་རྣམ་པ་མང་པོའི་དྲི་ཡང་ཚོར། །སྣ་མའི་མེ་ཏོག་དྲི་དང་མ་ལི་ཀ །ཙན་དན་ཏ་མ་ལ་ཡི་འདབ་མ་དང་། །རྒྱ་སྤོས་དག་དང་ཨ་ག་རུ་ཡི་དྲི། །

མེ་ཏོག་འབྲས་བུ་སྣ་མང་དེ་དག་དང་། །སྐྱེས་པ་བུད་མེད་རིང་ན་འདུག་པ་དང་། །ཁྱེའུ་རྣམས་དང་ནི་བུ་མོ་དེ་དག་དང་། །སེམས་ཅན་རྣམས་ཀྱི་དྲི་ཡང་དེ་བཞིན་ཤེས། །དེ་ཡི་གནས་ཀྱང་དེས་ནི་དྲི་ལས་ཤེས། །འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱང་དེ་ཡིས་ཤེས། །སྟོབས་ཀྱི་

འཁོར་ལོས་སྒྱུར་དང་རྒྱལ་ཕྲན་དང་། །དེ་བཞིན་ཁྱེའུ་དང་བུ་མོ་དེ་དག་དང་། །ཆུང་མའི་འཁོར་ཀུན་དྲི་ལས་དེ་ཡིས་ཤེས། །ཡོངས་སུ་ལོངས་སྤྱོད་རིན་ཆེན་རྣམ་མང་དང་། །སྤ་བ་གང་དག་ས་ལ་འདུག་རྣམས་དང་། །བུད་མེད་རིན་པོ་ཆེར་གྱུར་དེ་དག་ཀྱང་། །བྱང་ཆུབ་སེམས་

དཔའ་དེ་ཡིས་དྲི་ལས་ཤེས། །དེ་དག་རྣམས་ཀྱི་རྒྱན་རྣམས་ཅི་ཡོད་པ། །ལུས་ལ་བཏགས་པ་རྣམ་པ་སྣ་ཚོགས་གཟུགས། །གོས་དང་ཕྲེང་བ་བྱུག་པ་སྤོས་རྣམས་ཀྱང་། །དྲི་ལས་བྱང་ཆུབ་སེམས་དཔའ་དེ་ཡིས་ཤེས། །དེ་བཞིན་འགྲེང་དང་འདུག་དང་ཉལ་བ་དང་། །རྩེད་

མོ་དགའ་བ་མཐུ་སྟོབས་ཐམས་ཅད་ཀྱང་། །མདོ་སྡེ་དམ་པ་འདི་ནི་གང་འཛིན་པ། །བརྟན་པ་དེ་ཡི་སྣ་ཡི་སྟོབས་ཀྱིས་ཤེས། །སྤོས་མཆོག་འབྲུ་མར་དྲི་ཡང་དེ་བཞིན་ཏེ། །མེ་ཏོག་འབྲས་བུ་རྣམ་པ་མང་པོའི་དྲི། །དྲི་འདི་ག་གེ་མོ་ན་ཡོད་ཅེས་ཀྱང་། །འདུག་བཞིན་དུ་ནི་ཅིག་ཅར་

ཤེས་ཤིང་ཚོར། །རི་ཡི་ཕྲག་ནི་རྣམ་པ་སྣ་ཚོགས་ན། །ཙན་དན་མེ་ཏོག་རྒྱས་མང་གང་ཡོད་དང་། །སེམས་ཅན་གང་དག་དེ་ན་གནས་པ་ཡང་། །མཁས་དེས་དེ་དག་ཐམས་ཅད་དྲི་ལས་ཤེས། །ཁོར་ཡུག་ངོས་ལ་གང་དག་གནས་པ་དང་། །རྒྱ་མཚོའི་དབུས་ན་གང་དག་འཁོད་

Vol. 51 · folio 135b

པ་དང་། །ས་ཡི་དབུས་ན་སེམས་ཅན་གང་གནས་པ། །མཁས་པ་དེས་ནི་ཐམས་ཅད་དྲི་ལས་ཤེས། །ལྷ་དང་ལྷ་མ་ཡིན་ཡང་དེ་བཞིན་ཤེས། །དེས་ནི་ལྷ་མིན་བུ་མོ་དག་ཀྱང་ཤེས། །ལྷ་མ་ཡིན་གྱི་རྩེད་མོ་དགའ་བའང་ཤེས། །དེ་ཡི་སྣ་ཡི་དབང་པོའི་མཐུ་དེ་འདྲ། །ནགས་ཁྲོད་དག་

ན་རྐང་བཞི་གང་ཡོད་པ། །སེང་གེ་སྟག་དང་དེ་བཞིན་གླང་ཆེན་མཆོག །དེ་ནམ་ཧེ་བ་ལང་བ་མེན་རྣམས། །དེ་དག་གནས་པ་དེ་ཡི་སྣ་ཡིས་ཤེས། །བུད་མེད་གང་དག་སྦྲུམ་མར་གྱུར་པ་དང་། །ཁྱེའུ་འམ་འོན་ཏེ་བུ་མོ་གང་ཡིན་པ། །རུམ་ན་འཆང་བ་ཤིན་ཏུ་ངལ་བའི་ལུས། །དེ་ལ་གང་

ཡོད་དེ་ཡི་དྲི་ལས་ཤེས། །སེམས་ཅན་མངལ་དུ་ཞུགས་པའང་དེས་ཤེས་ཏེ། །རྣམ་པར་འཇིག་པའི་ཆོས་ཀྱང་དེ་ཡིས་ཤེས། །བུད་མེད་འདི་ནི་སྡུག་བསྔལ་རྣམས་དང་བྲལ། །བསོད་ནམས་ལྡན་པའི་བུ་ནི་འབྱུང་བར་ཤེས། །སྐྱེས་བུའི་བསམ་པ་མང་པོ་རབ་ཤེས་ཏེ། །བསམ་

པའི་དྲི་ཡང་དེ་བཞིན་དེ་ཡིས་ཚོར། །འདོད་ཆགས་ཞེ་སྡང་དེ་བཞིན་འཆབ་པ་དང་། །ཉེ་བར་ཞི་བའི་སེམས་ཀྱི་དྲི་ཡང་ཚོར། །ས་ལ་གཏེར་རྣམས་གང་དག་ཡོད་གྱུར་པ། །ནོར་རྣམས་དང་ནི་གསེར་དངུལ་འགྲོན་བུ་ཡིས། །ལྕགས་ཀྱི་སྒྲོམ་རྣམས་དེ་བཞིན་གང་བ་དག །དྲི་ལས་

བྱང་ཆུབ་སེམས་དཔའ་དེ་ཡིས་ཤེས། །མུ་ཏིག་ནོར་བུ་དོ་ཤལ་སེ་མོ་དོ། །རིན་ཐང་མེད་པའི་རིན་ཆེན་རྣམ་མང་པོ། །རིན་ཐང་མེད་པའི་མིང་དང་འོད་དབྱིབས་ཀྱང་། །དེ་དག་ཐམས་ཅད་དེ་ཡི་དྲི་ལས་ཤེས། །དེ་བཞིན་སྟེང་གི་ལྷ་ཡི་མེ་ཏོག་རྣམས། །མན་དཱ་ར་དང་མཉྫུ་ཥ་ཀ་དང་། །

ཡོངས་འདུའི་མེ་ཏོག་གང་དག་ཡོད་གྱུར་པ། །དཔའ་བོ་འདི་ན་འདུག་བཞིན་དེ་དག་ཚོར། །གང་གི་གཞལ་མེད་ཁང་རྣམས་ཅི་འདྲ་བ། །ཡངས་དང་འབྲིང་དང་དེ་བཞིན་ཆུང་ངུ་དང་། །དེ་ན་རྣམ་པ་སྣ་ཚོགས་གཟུགས་ཡོད་པ། །འདི་ན་འདུག་བཞིན་སྣ་ཡི་སྟོབས་ཀྱིས་ཚོར། །སྐྱེད་

མོས་ཚལ་གྱི་ས་ཡང་དེ་བཞིན་ཤེས། །ཆོས་བཟངས་དང་ནི་རྣམ་པར་རྒྱལ་བ་ཡི། །ཁང་བཟངས་མཆོག་ན་ལྷ་གང་འཁོད་པ་དག །དེ་ན་ལྷ་བུ་རྩེན་པའང་རྟག་ཏུ་ཤེས། །གང་ཞིག་གང་ན་ལས་ནི་བྱེད་པའམ། །འདུག་དང་ཉལ་དང་གང་དུ་འགྲོ་བ་ཡང་། །འདི་ན་འདུག་

Vol. 51 · folio 136a

བཞིན་དེ་དག་དྲི་ཡང་ཚོར། །ལྷ་ཡི་བུ་རྣམས་དེས་ནི་དྲི་ལས་ཤེས། །མེ་ཏོག་མང་བརྒྱན་ལྷ་ཡི་བུ་མོ་གང་། །ཕྲེང་བ་ཐོགས་ཤིང་ལྷབ་ལྷུབ་རྣམས་ཀྱིས་བརྒྱན། །གང་དང་གང་དུ་རྩེན་ཞིང་འདོང་བ་དག །བྱང་ཆུབ་སེམས་དཔའ་དེ་ཡིས་དྲི་ལས་ཤེས། །སྟེང་

དུ་སྲིད་པའི་རྩེ་མོའི་བར་གྱི་ལྷ། །ཚངས་པ་ཚངས་ཆེན་གཞལ་མེད་ཁང་རྒྱུ་བ། །བསམ་གཏན་གནས་སམ་འོན་ཏེ་ལངས་པ་ཡང་། །དེ་དག་དེར་ནི་དྲི་ལས་རབ་ཏུ་ཤེས། །འོད་གསལ་གྱི་ནི་ལྷ་ཡི་བུ་རྣམས་ཀྱང་། །འཆི་འཕོས་སྐྱེས་པ་གསར་དུ་འོངས་པ་ཤེས། །བྱང་ཆུབ་

སེམས་དཔའ་མདོ་འདི་འཛིན་པ་ཡི། །སྣ་ཡི་དབང་པོ་འདི་འདྲར་འགྱུར་བ་ཡིན། །དགེ་སློང་གང་རྣམས་བདེ་གཤེགས་བསྟན་པ་ལ། །མངོན་པར་བརྩོན་པ་འཆག་ཅིང་འདུག་པ་དང་། །ལུང་ནོད་ཁ་དོན་མོས་པའི་དགེ་སློང་རྣམས། །ཐམས་ཅད་བྱང་ཆུབ་སེམས་དཔའ་

དེ་ཡིས་ཤེས། །རྒྱལ་བའི་སྲས་པོ་ཉན་ཐོས་གང་ཡོད་པ། །ལ་ལ་རྟག་ཏུ་ཤིང་དྲུང་གནས་པ་དག །དགེ་སློང་འདི་ཞེས་བྱ་བར་འདིར་གནས་ཤེས། །དེ་དག་ཐམས་ཅད་མཁས་པ་དེས་ཤེས་སོ། །བྱང་ཆུབ་སེམས་དཔའ་དྲན་ལྡན་བསམ་གཏན་པ། །རྟག་ཏུ་ལུང་ནོད་ཁ་

དོན་འགའ་གང་དག །འཁོར་གྱི་ནང་ན་ཆོས་ཀྱང་རབ་འཆད་པ། །དེ་དག་དྲི་ལས་བྱང་ཆུབ་སེམས་དཔས་ཤེས། །བདེ་བར་གཤེགས་པ་ཐུབ་ཆེན་ཕྱོགས་གང་ན། །ཉན་ཐོས་དགེ་འདུན་མདུན་གྱིས་བལྟས་དབུས་ན། །ཕན་ཞིང་ཐུགས་བརྩེ་རབ་ཏུ་ཆོས་འཆད་པ། །

འཇིག་རྟེན་མགོན་པོ་དེ་ཡང་དྲི་ལས་ཤེས། །སེམས་ཅན་གང་རྣམས་ཆོས་འདི་ཉན་པ་དག །གང་རྣམས་ཐོས་ནས་དགའ་བའི་ཡིད་གྱུར་པ། །དེ་ན་རྒྱལ་བའི་འཁོར་རྣམས་ཐམས་ཅད་ཀྱང་། །འདི་ན་འདུག་བཞིན་བྱང་ཆུབ་སེམས་དཔས་ཤེས། །དེ་ཡི་སྣ་ཡི་སྟོབས་ནི་

དེ་འདྲར་འགྱུར། །དེ་ལ་ལྷ་ཡི་སྣ་ནི་ད་དུང་མེད། །ཟག་པ་མེད་པར་གྱུར་པ་ལྷ་ཡི་སྣ། །དེ་ཡི་སྔུན་དུ་འགྲོ་བར་འདི་འགྱུར་རོ། །རྟག་པར་རྒྱུན་དུ་བརྩོན་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ་སྟོན་ཏམ་རབ་ཏུ་འཆད་དམ་ཡི་གེར་འདྲིར་

Vol. 51 · folio 136b

འཇུག་ན། ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ་པོ་དེ་དག་དང་ལྡན་པའི་ལྕེའི་དབང་པོ་ཐོབ་པར་འགྱུར་ཏེ། དེ་ལྕེའི་དབང་པོ་དེ་ལྟ་བུས་རོ་གང་དག་མྱངས་པ་དང་རོ་གང་དག་ཚོར་བ་དང་རོ་གང་དག་ལྕེའི་དབང་པོ་ལ་རེག་པ་དེ་ཐམས་ཅད་ལྷའི་རོ་བྲོ་བ་དམ་པར་འགྱུར་རོ། །ཇི་ལྟར་ཡིད་དུ་མི་འོང་

བའི་རོ་གང་དག་ཡང་མི་མྱོང་བ་དེ་ལྟ་བུ་མྱོང་བར་འགྱུར་རོ། །ཡིད་དུ་མི་འོང་བའི་རོ་གང་ཡིན་པ་དེ་དག་ཀྱང་། དེའི་ལྕེའི་དབང་པོའི་སྟེང་དུ་རེག་ན་ལྷའི་རོ་བྲོ་བར་འགྱུར་རོ། །འཁོར་གྱི་ནང་དུ་སོང་ནས་ཆོས་གང་བཤད་པ་དེས་སེམས་ཅན་དེ་དག་དབང་པོ་ཚིམ་པར་འགྱུར་རོ། །མགུ་

བ་དང་ཡོངས་སུ་མགུ་བ་དང་མཆོག་ཏུ་དགའ་བ་སྐྱེའོ། །དེའི་སྒྲ་ཡང་ཟབ་ཅིང་ཡིད་དུ་འོང་ལ་མཉེན་ཞིང་སྙན་པར་འགྱུར་ཏེ། སྙིང་ལ་འབབ་པ་དང་དགའ་བར་འགྱུར་བ་དེས་སེམས་ཅན་དེ་དག་དགའ་མགུ་ཡི་རངས་པའི་སེམས་སུ་འགྱུར་རོ། །གང་དག་ལ་ཆོས་བཤད་པ་དེ་དག་

གིས་ཀྱང་དེའི་དབྱངས་འཇམ་ཞིང་སྙན་པ་ཡིད་དུ་འོང་བའི་སྒྲ་ཐོས་ནས། ལྷ་རྣམས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དེའི་དྲུང་དུ་འགྲོ་བར་སེམས་སོ། །ལྷའི་བུ་དང་ལྷའི་བུ་མོ་རྣམས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་

བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དྲུང་དུ་འགྲོ་བར་སེམས་སོ། །བརྒྱ་བྱིན་དང་ཚངས་པ་དང་ཚངས་རིས་ཀྱི་ལྷའི་བུ་རྣམས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དྲུང་དུ་འགྲོ་བར་སེམས་སོ། །ཀླུ་དང་ཀླུའི་བུ་མོ་རྣམས་

ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དྲུང་དུ་འགྲོ་བར་སེམས་སོ། །ལྷ་མ་ཡིན་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དྲུང་དུ་འགྲོ་བར་སེམས་སོ། །

ནམ་མཁའ་ལྡིང་དང་ནམ་མཁའ་ལྡིང་གི་བུ་མོ་རྣམས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་དྲུང་དུ་འགྲོ་བར་སེམས་སོ། །མིའམ་ཅི་དང་མིའམ་ཅིའི་བུ་མོ་དང་གནོད་སྦྱིན་དང་གནོད་སྦྱིན་གྱི་བུ་མོ་དང་ཤ་ཟ་དང་ཤ་ཟའི་བུ་མོ་རྣམས་ཀྱང་

Vol. 51 · folio 137a

བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པར་བྱ་བའི་ཕྱིར་དྲུང་དུ་འགྲོ་བར་སེམས་ཏེ། དེ་དག་ཀྱང་དེ་ལ་བཀུར་སྟིར་བྱེད་བསྟི་སྟང་དུ་བྱེད་བཙུན་པར་བྱེད་མཆོད་པ་དང་། གསོལ་བར་བྱེད་དབུལ་བར་བྱེད་དོ། །དགེ་སློང་དང་། དགེ་

སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་ལྟ་འདོད་པར་འགྱུར་རོ། །རྒྱལ་པོ་དང་རྒྱལ་བུ་དང་། རྒྱལ་པོའི་བློན་པོ་རྣམས་ཀྱང་ལྟ་འདོད་པར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ།

བུ་དང་བཅས་པ། བློན་པོ་དང་བཅས་པ། བཙུན་མོའི་འཁོར་དང་བཅས་པ་དང་། གཡོག་འཁོར་དང་བཅས་པ་ཡང་བཀུར་སྟིར་བྱ་བའི་ཕྱིར་ལྟ་འདོད་པར་འགྱུར་རོ། །ཆོས་སྨྲ་བ་དེ་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྙན་པའི་ཆོས་

འཆད་དོ། །བྲམ་ཟེ་དང་ཁྱིམ་བདག་དང་། ཡུལ་གྱི་མི་གཞན་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་ཚེའི་མཐའ་མར་ཕྱིན་གྱི་བར་དུ། ཆོས་སྨྲ་བ་དེའི་ཕྱི་བཞིན་དུ་འབྲང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱང་དེ་ལ་ལྟ་འདོད་པར་འགྱུར་རོ། །རང་སངས་

རྒྱས་རྣམས་ཀྱང་དེ་ལ་ལྟ་འདོད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་ལ་གཟིགས་བཞེད་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཕྱོགས་གང་ན་འདུག་པ་དེའི་ཕྱོགས་སུ་དེ་བཞིན་གཤེགས་པ་གཟིགས་ཏེ་ཆོས་འཆད་དོ། །སངས་རྒྱས་

ཀྱི་ཆོས་རྣམས་ཀྱི་སྣོད་དུ་འགྱུར་ཏེ། དེ་ལྟར་དེ་ཟབ་ཅིང་ཡིད་དུ་འོང་བའི་ཆོས་རྣམས་ཀྱི་སྒྲ་འབྱིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་ཡི་ལྕེ་ཡི་དབང་པོ་མཆོག་ཏུ་འགྱུར། །ནམ་ཡང་ངན་པའི་རོ་ནི་ཡོང་

མི་མྱོང་། །རེག་མ་ཐག་ཏུ་ལྷ་ཡི་རོ་བྲོར་འགྱུར། །ལྷ་ཡི་རོ་བྲོ་ཤིན་ཏུ་ལྡན་པ་ཡིན། །རྣ་བར་སྙན་ཅིང་ཡིད་དུ་འོང་བ་དང་། །འཇམ་ཞིང་མཉེན་པའི་སྒྲ་སྐད་རབ་ཏུ་སྨྲ། །འཁོར་གྱི་དབུས་དེར་དགའ་བར་འགྱུར་བ་ཡི། །ཟབ་མོའི་དབྱངས་ནི་རྟག་པར་རབ་ཏུ་སྨྲ། །བྱེ་བ་ཁྲག་ཁྲིག་

Vol. 51 · folio 137b

དུ་མའི་དཔེ་རྣམས་ཀྱིས། །དེས་བཤད་པ་ལ་ཆོས་རྣམས་གང་ཉན་པ། །དེ་ན་དེ་ལ་མཆོག་ཏུ་དགའ་བ་སྐྱེད། །དེ་ལ་མཆོད་པ་དཔག་ཏུ་མེད་པ་བྱེད། །ལྷ་དང་ཀླུ་དང་གནོད་སྦྱིན་ལྷ་མིན་དང་། །གསང་བ་པ་དག་རྟག་ཏུ་དེ་ལྟ་འདོད། །ཆོས་འདི་ཤིན་ཏུ་གུས་པར་ཉན་པ་དེ། །ཡོན་ཏན་

འདི་དག་ཐམས་ཅད་དེ་ཡིར་འགྱུར། །འདོད་པར་གྱུར་ན་འཇིག་རྟེན་ཁམས་འདི་དག །དབྱངས་ཀྱིས་ཐམས་ཅད་དུ་ཡང་གོ་བར་བྱེད། །དེ་ཡི་དབྱངས་ནི་མཉེན་ཞིང་འཇམ་པ་སྟེ། །ཟབ་ཅིང་སྙན་ལ་ཤིན་ཏུ་དགའ་བར་འགྱུར། །རྒྱལ་པོ་ས་བདག་འཁོར་ལོས་སྒྱུར་བ་རྣམས། །མཆོད་

པའི་ཕྱིར་ནི་དེ་ཡི་དྲུང་དུ་འདོང་། །བུ་དང་ཆུང་མར་བཅས་ཏེ་ཐལ་མོ་སྦྱར། །རྟག་ཏུ་དེ་ལ་ཆོས་ནི་ཉན་པར་འགྱུར། །གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བཀུར་སྟི་བྱེད། །ཀླུ་དང་དྲི་ཟ་དག་གི་ཚོགས་རྣམས་དང་། །ཤ་ཟ་ཕོ་དང་ཤ་ཟ་མོ་རྣམས་ཀྱིས། །བསྟི་སྟང་རི་མོ་མཆོད་པ་རྣམས་

ཀྱང་བྱས། །ཚངས་པ་རྣམས་ལ་དེ་ནི་དབང་བྱེད་འགྱུར། །ལྷ་བུ་དབང་ཕྱུག་ཆེ་དང་དབང་ཕྱུག་དང་། །བརྒྱ་བྱིན་དེ་བཞིན་ལྷ་ཡི་བུ་གཞན་དང་། །ལྷ་ཡི་བུ་མོ་མང་པོ་དྲུང་དུ་འགྲོ། །སངས་རྒྱས་འཇིག་རྟེན་ཕན་ཞིང་ཐུགས་བརྩེ་གང་། །ཉན་ཐོས་བཅས་པས་དེ་ཡི་དབྱངས་ཐོས་

ནས། །ཞལ་སྟོན་པ་དང་བསྲུང་བ་དག་ཀྱང་མཛད། །ཆོས་འདི་འཆད་པ་ལ་ནི་དགྱེས་པར་འགྱུར། །རྟག་པར་རྒྱུན་དུ་བརྩོན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ་ཀློག་གམ་རབ་ཏུ་འཆད་དམ་སྟོན་ཏམ་ཡི་གེར་བྲིས་ན། དེའི་

ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །དེའི་ལུས་ཡོངས་སུ་དག་སྟེ་པགས་པའི་མདོག་བཻ་དཱུརྱ་ལྟར་དག་ཅིང་སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་བར་འགྱུར་རོ། །དེའི་ལུས་ཡོངས་སུ་དག་པ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་

སྣང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་འཆི་འཕོ་བ་དང་། སྐྱེ་བ་དང་། ངན་པ་དང་། བཟང་པོ་དང་། མདོག་བཟང་པོ་དང་། མདོག་ངན་པ་དང་། བདེ་འགྲོ་དང་། ངན་འགྲོ་དང་། རི་ཁོར་ཡུག་དང་། ཁོར་ཡུག་

Vol. 51 · folio 138a

ཆེན་པོ་དང་། ལྷུན་པོ་དང་། རིའི་རྒྱལ་པོ་རི་རབ་ལ་སེམས་ཅན་གང་དག་གནས་པ་རྣམས་དང་། འོག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་པ་དང་། སྟེང་དུ་སྲིད་པའི་རྩེ་མོའི་བར་དུ་སེམས་ཅན་གང་དག་གནས་པ་དེ་དག་ཐམས་ཅད་ཀྱང་བདག་

གི་ལུས་ལ་སྣང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་གང་ལ་ལ་དག་བཞུགས་པ་དང་། དེ་བཞིན་གཤེགས་པ་དེ་དག་ཆོས་གང་སྟོན་

པ་དང་། སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། སེམས་ཅན་དེ་དག་ཐམས་ཅད་ཀྱི་ལུས་སོ་སོར་ཐོབ་པ་ཡང་། བདག་གི་ལུས་ལ་སྣང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ལུས་ཡོངས་སུ་དག་པའི་ཕྱིར་རོ། །དེ་ནས་དེའི་

ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཞིག་རྒྱ་ཆེ་མདོ་འདི་འཛིན་བྱེད་པ། །དེ་ཡི་ལུས་ནི་ཡོངས་སུ་དག་པར་འགྱུར། །རྣམ་དག་བཻ་དཱུརྱ་ལྟར་གྲུབ་པ་སྟེ། །རྟག་ཏུ་སེམས་ཅན་རྣམས་ཀྱིས་མཐོང་ན་དགའ། །མེ་ལོང་ཕྱིས་པར་གཟུགས་

བརྙན་སྣང་བ་བཞིན། །ལུས་ལ་འཇིག་རྟེན་འདི་དག་དེ་བཞིན་སྣང་། །སེམས་ཅན་གཞན་མིན་རང་བྱུང་དེ་ཡིས་མཐོང་། །ཡོངས་སུ་དག་པའི་ལུས་ནི་དེ་འདྲའོ། །འཇིག་རྟེན་ཁམས་འདིའི་སེམས་ཅན་ཅི་ཡོད་པ། །ལྷ་མི་ལྷ་མ་ཡིན་དང་གསང་བ་པ། །སེམས་དམྱལ་ཡི་དགས་

དུད་འགྲོའི་སྐྱེ་གནས་རྣམས། །ལུས་དེ་ལ་ནི་གཟུགས་བརྙན་སོ་སོར་སྣང་། །སྲིད་པའི་རྩེ་བར་གཞལ་མེད་ཁང་གི་ལྷ། །བྲག་རྣམས་དང་ནི་རི་དང་ཁོ་ར་ཡུག །གངས་རི་རི་རབ་ལྷུན་པོ་ཆེན་པོ་རྣམས། །དེ་ཡི་ལུས་ལས་རྣམ་པ་ཐམས་ཅད་སྣང་། །དེ་ཡི་ལུས་ལ་ཉན་ཐོས་

བཅས་པ་ཡི། །སངས་རྒྱས་རྣམས་དང་སངས་རྒྱས་སྲས་གཞན་ཡང་། །བྱང་ཆུབ་སེམས་དཔའ་གཅིག་པུ་གང་གནས་དང་། །ཚོགས་ལ་གང་དག་ཆོས་སྟོན་རྣམས་ཀྱང་སྣང་། །དེ་ཡི་རྣམ་དག་ལུས་ནི་དེ་འདྲ་སྟེ། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དེ་ལ་སྣང་། །

Vol. 51 · folio 138b

དེ་ནི་ད་དུང་ལྷ་ཡིས་མ་ཐོབ་སྟེ། །དེ་ཡི་རང་བཞིན་ལུས་ནི་དེ་འདྲའོ། །རྟག་པར་རྒྱུན་དུ་བརྩོན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ་སྟོན་ཏམ་རབ་ཏུ་འཆད་དམ་

ཡི་གེར་འདྲི་འམ་ཀློག་ན། ཡིད་ཀྱི་ལས་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་པོ་དེ་དག་དང་ལྡན་ཞིང་ཡིད་ཀྱི་དབང་པོ་ཡོངས་སུ་དག་པར་འགྱུར་རོ། །དེ་ཡིད་ཀྱི་དབང་པོ་ཡོངས་སུ་དག་པ་དེས། ཐ་ན་ཚིགས་སུ་བཅད་པ་གཅིག་ཐོས་པས་ཀྱང་དེའི་དོན་མང་པོར་ཤེས་སོ། །དེས་དེ་དག་

ཁོང་དུ་ཆུད་ནས་དེའི་ཕྱིར་ཟླ་བ་གཅིག་ཏུ་ཆོས་སྟོན་ཏོ། །ཟླ་བ་བཞི་འམ་ལོར་ཡང་ཆོས་སྟོན་ཏོ། །ཆོས་གང་བཤད་པ་དེ་ལ་དེ་བརྗེད་ངས་པར་མི་འགྱུར་རོ། །འཇིག་རྟེན་པའི་འཇིག་རྟེན་གྱི་ཐ་སྙད་གང་དག་སྐད་དམ་སྔགས་ཅི་ཡོད་པ་དེ་དག་ཐམས་ཅད་ཆོས་ཀྱི་ཚུལ་དང་སྦྱོར་

རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་འགྲོ་བ་དྲུག་ཏུ་སྐྱེས་ཤིང་འཁོར་བའི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་གཡོ་བ་རྣམས་ཀྱང་ཤེས་སོ། །གཡོས་པ་དང་བསམ་པ་དང་སྤྲོས་པ་རྣམས་ཀྱང་ཤེས་ཤིང་

རབ་ཏུ་རྟོགས་སོ། །རེ་ཞིག་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱང་དེའི་ཡིད་ཀྱི་དབང་པོ་འདི་ལྟ་བུར་ཡོངས་སུ་དག་པར་འགྱུར་རོ། །ཆོས་ཀྱི་ངེས་པའི་ཚིག་གང་དང་གང་རྗེས་སུ་བསམས་ཏེ། གཏམ་སྟོན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་

པས་གསུངས་པ་ཐམས་ཅད་སྟོན་ཏོ། །སྔོན་གྱི་རྒྱལ་བས་མདོ་སྡེའི་རྣམ་གྲངས་བསྟན་པ་ཐམས་ཅད་འཆད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་ཡི་ཡིད་ཀྱི་དབང་པོ་རྣམ་དག་འགྱུར། །གསལ་ཞིང་འོད་གསལ་

རྙོག་པ་མེད་པ་སྟེ། །ངན་པ་བཟང་པོ་དེ་བཞིན་བར་མ་དང་། །དེས་ནི་རྣམ་པ་མང་པོའི་ཆོས་རབ་ཤེས། །བརྟན་པ་དེས་ནི་ཚིགས་བཅད་གཅིག་ཐོས་ཀྱང་། །དེ་དོན་རྣམ་པ་མང་པོ་དེ་ཡིས་ཤེས། །ཟླ་བ་བཞི་འམ་དེ་བཞིན་ལོ་ཡི་བར། །རྟག་ཏུ་ཡང་དག་འབྲེལ་པར་རབ་ཏུ་

Vol. 51 · folio 139a

སྨྲ། །སེམས་ཅན་གང་རྣམས་འཇིག་རྟེན་ཁམས་འདི་ཡི། །ཕྱི་རོལ་དག་དང་ནང་ན་གང་གནས་པ། །ལྷ་མི་ལྷ་མ་ཡིན་དང་གསང་བ་པ། །ཀླུ་དང་དུད་འགྲོའི་སྐྱེ་གནས་གར་སོང་དང་། །འགྲོ་བ་དྲུག་ན་གནས་པའི་སེམས་ཅན་རྣམས། །དེ་དག་རྣམས་ཀྱིས་

རྣམ་པར་ཅི་བསམས་པ། །སྐད་ཅིག་ཏུ་ནི་ཐམས་ཅད་མཁས་པས་ཤེས། །མདོ་འཛིན་པ་ཡི་ཕན་ཡོན་འདི་དག་གོ །བསོད་ནམས་བརྒྱ་ཡི་མཚན་ལྡན་སངས་རྒྱས་ཀྱིས། །འཇིག་རྟེན་ཀུན་ལ་ཆོས་གང་རབ་བཤད་པ། །དེ་ཡི་རྣམ་པར་དག་པའི་སྒྲ་ཡང་ཐོས། །དེ་ཡིས་

ཅི་བསྟན་པ་ཡང་དེས་བཟུང་སྟེ། །ཆོས་ཀྱི་མཆོག་ཀྱང་མང་དུ་རྣམ་པར་སེམས། །དེ་ནི་རྟག་ཏུ་མང་པོ་སྟོན་པར་འགྱུར། །དེ་ནི་རྨོངས་པར་ནམ་ཡང་མི་འགྱུར་ཏེ། །མདོ་འཛིན་པ་ཡི་ཕན་ཡོན་འདི་དག་གོ། །དེས་ནི་མཚམས་དང་ཚིག་ཀྱང་རབ་ཏུ་ཤེས། །ཆོས་རྣམས་ཀུན་

གྱི་མཚན་ཉིད་མི་འཐུན་དང་། །དོན་དང་ངེས་པའི་ཚིག་ཀྱང་རབ་ཏུ་ཤེས། །ཇི་ལྟར་དེ་དག་ཤེས་པ་བཞིན་དུ་འཆད། །སྔོན་གྱི་འཇིག་རྟེན་དག་གི་སློབ་དཔོན་གྱིས། །ཡུན་རིང་འདིར་ནི་མདོ་སྡེ་གང་བཤད་པ། །དེ་ཡི་ཆོས་རྣམས་འཁོར་གྱི་དབུས་སུ་ཡང་། །འཇིགས་པ་མེད་

པར་རྟག་ཏུ་དེ་འཆད་དོ། །མདོ་འདི་བཟུང་བ་དང་ནི་བཀླགས་པ་ཡིས། །དེ་ཡི་ཡིད་ཀྱི་དབང་པོ་དེ་འདྲར་འགྱུར། །ད་དུང་མ་ཆགས་ཡེ་ཤེས་མ་ཐོབ་སྟེ། །འདི་ནི་དེ་ཡི་སྔོན་དུ་འགྲོ་བར་འགྱུར། །བདེ་བར་གཤེགས་པའི་མདོ་འདི་འཛིན་པ་ཡང་། །སློབ་དཔོན་གྱི་ནི་ས་ལ་འཇུག་

པ་ཡིན། །སེམས་ཅན་ཐམས་ཅད་ལ་ཡང་ཆོས་སྨྲ་སྟེ། །ངེས་ཚིག་བྱེ་བ་སྙེད་ལ་མཁས་པར་འགྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་སྐྱེ་མཆེད་དྲུག་རྣམ་པར་དག་པའི་ཕན་ཡོན་གྱི་ལེའུ་ཞེས་བྱ་བ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་

འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་བཀའ་སྩལ་པ། མཐུ་ཆེན་ཐོབ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་དག་ཁ་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་སྤོང་བ་དང་། མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་དང་།

Vol. 51 · folio 139b

དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་གཤེ་ཞིང་མི་སྙན་པར་སྨྲ་བ་དང་། ཚོགས་པར་མི་དབྱུང་བའི་ཚིག་རྩུབ་པོ་ཟེར་བ་དེ་དག་གི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པར་འགྱུར་ཏེ། དེ་ནི་ཚིག་གིས་བརྗོད་དུ་ཡང་མི་ནུས་སོ། །གང་དག་མདོ་སྡེ་འདི་ལྟ་བུ་འདི་འཛིན་

པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་གི་རྣམ་པར་སྨིན་པ་ནི་འདོད་པར་འགྱུར་ཏེ། ཇི་ལྟར་ངས་སྔར་བརྗོད་པ་དེ་ལྟ་བུར་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་

ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །མཐུ་ཆེན་ཐོབ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དེ་དག་གི་ཡང་ཆེས་ཕ་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ན་ཐ་དད་དུ་གནས་པའི་བསྐལ་

པ་ལ། འཇིག་རྟེན་གྱི་ཁམས་ཆེར་འབྱུང་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་

རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། མཐུ་ཆེན་ཐོབ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་ཀྱི་

རྒྱལ་པོ་དེ་འཇིག་རྟེན་གྱི་ཁམས་ཆེར་བྱུང་བ་དེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་ན་ཆོས་སྟོན་ཏེ། འདི་ལྟ་སྟེ་ཉན་ཐོས་རྣམས་ལ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་

བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཤིན་ཏུ་བཟླ་བའི་ཕྱིར། མྱ་ངན་ལས་འདས་པའི་མཐར་ཐུག་པ་འཕགས་པའི་བདེན་པ་བཞི་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་བླ་

Vol. 51 · folio 140a

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཐར་ཐུག་པའི་ཆོས་སྟོན་ཏོ། །མཐུ་ཆེན་ཐོབ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་དེའི་ཚེའི་ཚད་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་དུ་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་

སྙེད་དུ་དམ་པའི་ཆོས་གནས་པར་གྱུར་ཏོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གླིང་བཞིའི་རྡུལ་ཕྲ་རབ་སྙེད་དུ་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཏོ། །མཐུ་ཆེན་ཐོབ་འཇིག་རྟེན་གྱི་ཁམས་ཆེར་འབྱུང་བ་དེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་དེ། ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་དང་དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་མེད་པར་གྱུར་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་གཞན་ཡང་འཇིག་རྟེན་དུ་བྱུང་ངོ་། །མཐུ་ཆེན་ཐོབ་དེ་ལྟ་བུ་གཅིག་ནས་གཅིག་ཏུ་ཆེར་འབྱུང་བའི་འཇིག་རྟེན་གྱི་ཁམས་དེར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་

ཀྱི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་བྱུང་ངོ་། །མཐུ་ཆེན་ཐོབ་ཐ་དད་དུ་གནས་པའི་བསྐལ་པ་ལ། འཇིག་རྟེན་གྱི་ཁམས་ཆེར་འབྱུང་བ་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་

གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོག་མར་གང་བྱུང་བའི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་

Vol. 51 · folio 140b

འདས་པ་དེའི་དམ་པའི་ཆོས་ནུབ་པར་གྱུར་ཏེ། དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་ནུབ་པར་གྱུར་པའི་ཚེ། དེའི་བསྟན་པ་ལ་ང་རྒྱལ་ཅན་གྱི་དགེ་སློང་གིས་ཤིན་ཏུ་ནོན་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་ཞེས་བྱ་བའི་དགེ་སློང་

ཞིག་བྱུང་ངོ་། །མཐུ་ཆེན་ཐོབ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྟག་ཏུ་བརྙས་པ་ཞེས་བྱ་ཞེ་ན། མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་སུ་མཐོང་ཡང་རུང་སྟེ།

དེ་དག་གི་དྲུང་དུ་སོང་ནས་འདི་སྐད་དུ། ཁོ་བོ་ནི་ཚེ་དང་ལྡན་པ་ཁྱེད་ལ་བརྙས་པར་མི་བྱེད་དེ་ཁྱེད་ནི་མ་བརྙས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིག་དང་། ཁྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་སུ་འགྱུར་རོ། །ཞེས་སྨྲའོ། །མཐུ་ཆེན་ཐོབ་རྣམ་གྲངས་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སློང་དུ་གྱུར་པ་དེ། སེམས་ཅན་རྒྱང་རིང་པོ་ན་འདུག་པ་སུ་མཐོང་ཡང་རུང་སྟེ། དེའི་དྲུང་དུ་སོང་ཞིང་དེ་སྐད་དུ་ཡང་དག་པར་སྒྲོགས་པ་མ་གཏོགས་

པར། ལུང་ཡང་མི་ནོད། ཁ་དོན་ཡང་མི་བྱེད་དེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་དེ་དང་དེ་དག་གི་དྲུང་དུ་སོང་ནས། འདི་སྐད་དུ་ཁོ་བོ་ནི་ཚེ་དང་ལྡན་པ་ཁྱེད་ལ་བརྙས་པར་མི་བྱེད་དེ་ཁྱེད་ནི་མ་བརྙས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཐམས་

ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིག་དང་། ཁྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲའོ། །མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་དེའི་ཚེ་དགེ་སློང་ངམ། དགེ་སློང་མའམ།

དགེ་བསྙེན་ནམ། དགེ་བསྙེན་མའམ་སུ་དང་སུ་ལ་དེ་སྐད་བསྒྲགས་པ་དེ་དག་ཐམས་ཅད་ལས་ཕལ་ཆེར་དེ་ལ་ཁྲོ་ཞིང་གནོད་པར་སེམས་ལ་མ་དད་པ་སྐྱེད་དེ། དེ་ལ་གཤེ་ཞིང་སྤྱོས་ཏེ། ཅིའི་ཕྱིར་དགེ་སློང་འདི་མ་དྲིས་པར་བརྙས་པའི་སེམས་མེད་དོ། །ཞེས་བདག་ཅག་

Vol. 51 · folio 141a

ལ་སྟོན་ཏེ། བདག་ཉིད་ལ་བརྙས་པར་བྱེད་ཅིང་འདི་ལྟར་མ་བསམས་མི་འདོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་ཅག་ལ་ལུང་སྟོན་ཅེས་སྨྲའོ། །མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟ་བུར་གཤེ་ཞིང་སྤྱོ་བས་ལོ་

མང་པོ་འདས་ཏེ། སུ་ལ་ཡང་མི་ཁྲོ་ཞིང་གནོད་སེམས་མི་བསྐྱེད་དོ། །དེ་ལྟར་དེ་ཡང་དག་པར་སྒྲོགས་པ་ལ་བོང་བ་དང་དབྱུག་པ་འཕེན་ཀྱང་། དེས་དེ་དག་ལ་ཐག་རིང་པོ་ནས་སྒྲ་ཆེན་པོར་བྱས་ཏེ། ཁོ་བོ་ཁྱེད་ལ་བརྙས་པར་མི་བྱེད་དོ་ཞེས་ཡང་དག་པར་སྒྲོག་གོ། །དེས་ང་རྒྱལ་ཅན་གྱི་

དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་ཡང་དག་པར་བསྒྲགས་པས་དེ་དག་གིས་དེ་ལ་མིང་རྟག་ཏུ་བརྙས་པ་ཞེས་བཏགས་སོ། །མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེ་འཆི་བའི་

དུས་བྱེད་པ་ཉེ་བར་གནས་ཏེ། འཆི་བའི་དུས་ཀྱི་ཚེ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་དེས་ཆོས་ཀྱི་

རྣམ་གྲངས་འདི་ཚིགས་སུ་བཅད་པ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་བཤད་པ་དེ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེ། འཆི་བའི་དུས་ཉེ་བར་གནས་པའི་ཚེ་བར་སྣང་གི་སྒྲ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །སུས་ཀྱང་མ་

སྨྲས་པར་དེས་བར་སྣང་ལས་སྒྲ་ཐོས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བཟུང་ནས་མིག་རྣམ་པར་དག་པ་དང་། རྣ་བ་རྣམ་པར་དག་པ་དང་། སྣ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་དང་། ཡིད་རྣམ་པར་དག་པ་དེ་ལྟ་བུ་ཐོབ་བོ། །རྣམ་པར་དག་པ་

དེ་དག་ཐོབ་མ་ཐག་ཏུ་ཕྱིར་ཡང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུར་བདག་གི་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བསྒྲགས་སོ། །དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ང་རྒྱལ་ཅན་གང་དག་ལ་

Vol. 51 · folio 141b

སྔོན་ཁྱེད་ལ་ཁོ་བོས་བརྙས་པར་མི་བྱེད་དོ། །ཞེས་བསྒྲགས་པ་གང་དག་གིས། དེའི་མིང་རྟག་ཏུ་བརྙས་པར་བཏགས་པ་དེ་དག་གིས། དེའི་རྫུ་འཕྲུལ་གྱི་སྟོབས་ཀྱི་མཐུ་དང་། དམ་བཅས་པའི་སྟོབས་ཀྱི་མཐུ་དང་། སྤོབས་པའི་སྟོབས་ཀྱི་མཐུ་དང་། ཤེས་རབ་ཀྱི་མཐུ་རྒྱ་ཆེན་པོ་

མཐོང་ནས། ཐམས་ཅད་ཀྱང་ཆོས་མཉན་པའི་ཕྱིར་ཕྱི་ན་འཁོད་པར་གྱུར་ཏོ། །དེས་གཞན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བཙུད་དོ། །མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ། དེ་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བར་མཚན་འཐུན་པ་བྱེ་བ་བརྒྱ་ཕྲག་ཉི་ཤུ་མཉེས་པར་བྱས་ཏེ། ཐམས་ཅད་དུ་ཡང་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་བསྟན་

ཏོ། །དེ་སྔོན་གྱི་དགེ་བའི་རྩ་བ་དེས་རིམ་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བར་མཚན་འཐུན་པ་བྱེ་བ་བརྒྱ་ཕྲག་ཉི་ཤུ་མཐར་གྱིས་མཉེས་པར་བྱས་ནས་དེ་ཐམས་ཅད་དུ་ཡང་། དམ་པའི་ཆོས་པད་མ་དཀར་པོའི་ཆོས་

ཀྱི་རྣམ་གྲངས་འདི་བཟུང་སྟེ། འཁོར་བཞི་ལ་ཡང་དག་པར་རབ་ཏུ་བཤད་དོ། །དེ་སྔོན་གྱི་དགེ་བའི་རྩ་བ་དེས་མཐར་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་སྒྲ་རྒྱལ་པོ་ཞེས་བྱ་བར་མཚན་འཐུན་པ་བྱེ་བ་བརྒྱ་ཕྲག་ཉི་ཤུ་མཉེས་པར་བྱས་

ནས། ཐམས་ཅད་དུ་ཡང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་བཟུང་སྟེ། འཁོར་བཞི་ལ་ཡང་དག་པར་རབ་ཏུ་བཤད་དོ། །ཐམས་ཅད་ན་ཡང་མིག་ཡོངས་སུ་དག་པ་དང་ལྡན་པར་གྱུར་ཏོ། །རྣ་བ་ཡོངས་སུ་དག་པ་དང་། སྣ་ཡོངས་སུ་དག་པ་དང་།

ལྕེ་ཡོངས་སུ་དག་པ་དང་། ལུས་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་སྙེད་ལ་བསྟི་སྟང་བྱས་བླ་

Vol. 51 · folio 142a

མར་བྱས་རི་མོ་དང་མཆོད་པ་དང་གསོལ་བ་དང་དབུལ་བ་བྱས་ཏེ་གཞན་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྟི་སྟང་དུ་བྱ་བ་དང་བླ་མར་བྱ་བ་དང་རི་མོ་དང་མཆོད་པ་དང་གསོལ་བ་བྱས་ནས། དེ་དག་ཐམས་ཅད་དུ་ཡང་དམ་པའི་ཆོས་པད་མ་དཀར་པོའི་

ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། སྔོན་གྱི་དགེ་བའི་རྩ་བ་དེ་ཉིད་ཡོངས་སུ་སྨིན་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མཐུ་ཆེན་ཐོབ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོའི་བསྟན་པ་ལ། འཁོར་བཞི་རྣམས་ཀྱིས་རྟག་ཏུ་བརྙས་པར་གྲགས་ཤིང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྙེད་མཉེས་པར་བྱས་པ། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེ། གཞན་ཞིག་ཡིན་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བར་གྱུར་ན། མཐུ་ཆེན་ཐོབ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་

ཞེས་བྱ་བར་གྱུར་ཏོ། །མཐུ་ཆེན་ཐོབ་གལ་ཏེ་ངས་སྔོན་ཆོས་ཀྱི་རྣམ་གྲངས་འདི་མ་བླངས་མ་བཟུང་བར་གྱུར་ན། ང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ཏེ། མཐུ་ཆེན་ཐོབ་དེ་ལྟར་ངས་སྔོན་གྱི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གན་ནས་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། བཀླགས་པ་དང་བསྟན་པས་དེའི་ཕྱིར་ང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མཐུ་ཆེན་ཐོབ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་བརྒྱ་ཕྲག་མང་པོ་དག་ལ། བཅོམ་ལྡན་འདས་དེའི་བསྟན་པ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བསྒྲགས་ཤིང་། ཁོ་བོ་ཁྱེད་ལ་བརྙས་པར་མི་བྱེད་དོ། །

Vol. 51 · folio 142b

ཁྱེད་ཅག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིག་དང་། ཁྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བྱས་པ་དང་། གང་གིས་བྱང་ཆུབ་སེམས་དཔའ་དེ་ལ་གནོད་སེམས་བསྐྱེད་པར་གྱུར་པ་དེ་དག་གིས་བསྐལ་པ་

བྱེ་བ་བརྒྱ་ཕྲག་ཉི་ཤུར་ནམ་ཡང་དེ་བཞིན་གཤེགས་པ་མ་མཐོང་ཆོས་ཀྱི་སྒྲ་ཡང་མ་ཐོས། དགེ་འདུན་གྱི་སྒྲ་ཡང་མ་ཐོས་སོ་བསྐལ་པ་སྟོང་ཕྲག་བཅུར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་མི་བཟད་པ་མྱོང་ངོ་། །དེ་དག་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་དེ་ལས་

ཡོངས་སུ་ཐར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །མཐུ་ཆེན་ཐོབ་དེའི་ཚེ་དེའི་དུས་ན་སེམས་ཅན་དུ་གྱུར་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྟིང་

བ་དང་། འཕྱ་བ་བྱས་པ་དེ་དག་གང་ཡིན་སྙམ་དུ་སོམ་ཉི་འམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་ན། མཐུ་ཆེན་ཐོབ་འཁོར་འདི་ཉིད་ཀྱི་ནང་ན་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་སེང་གེའི་ཟླ་བ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་དང་བདེ་གཤེགས་སེམས་

པ་ལ་སོགས་པ་དགེ་བསྙེན་མ་ལྔ་བརྒྱ་སྟེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། །མཐུ་ཆེན་ཐོབ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་སྟོན་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལྟར་དོན་ཆེ་སྟེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པར་འགྱུར་རོ། །མཐུ་ཆེན་ཐོབ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ང་ཡོངས་སུ་མྱ་ངན་ལས་འདས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་

ཀྱི་རྣམ་གྲངས་འདི་རྒྱུན་མི་འཆད་པར་གཟུང་བར་བྱའོ། །བསྟན་པར་བྱའོ། །བཀླག་པར་བྱའོ། །བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདས་པའི་དུས་རྣམས་རྗེས་སུ་དྲན་པ་ནི། །འཇིགས་

Vol. 51 · folio 143a

བསྒྲགས་དབྱངས་རྒྱལ་རྒྱལ་བ་གང་བྱུང་བ། །ལྷ་མི་གནོད་སྦྱིན་སྲིན་པོའི་འདྲེན་པ་སྟེ། །མཐུ་ཆེན་དེ་ལ་ལྷ་དང་མི་ཡིས་མཆོད། །རྒྱལ་བ་དེ་ནི་མྱ་ངན་ཡོངས་འདས་ནས། །དམ་ཆོས་འཁྲུགས་པར་གྱུར་པ་ཐ་མ་ལ། །དེ་ན་བྱང་ཆུབ་སེམས་དཔའ་དགེ་

སློང་བྱུང་། །དེ་ཡི་མིང་ནི་རྟག་ཏུ་བརྙས་ཞེས་བྱ། །དེ་ན་དགེ་སློང་གཞན་དང་དེ་བཞིན་དུ། །དམིགས་པར་ལྟ་བའི་དགེ་སློང་དེ་གན་སོང་། །ཁོ་བོས་ཁྱེད་ལ་ནམ་ཡང་བརྙས་པ་མེད། །ཁྱེད་ཀྱིས་བྱང་ཆུབ་མཆོག་ཕྱིར་སྤྱད་པ་སྤྱོད། །དེ་བཞིན་རྟག་ཏུ་ཡང་དག་བསྒྲགས་པ་ན། །

གཤེ་ཞིང་བརྒྱད་པ་དེ་དག་བཟོད་པར་བྱེད། །འཆི་བའི་དུས་བྱེད་ཉེ་བར་གནས་པ་དང་། །དེ་ཡིས་མདོ་སྡེ་འདི་ནི་ཐོས་གྱུར་ནས། །དེ་ཚེ་མཁས་པས་འཆི་བའི་དུས་མ་བྱས། །ཚེ་ཡང་ཤིན་ཏུ་རིང་པོར་བྱིན་བརླབས་ཏེ། །རྣམ་པར་འདྲེན་པ་དེ་ཡི་བསྟན་པ་ལ། །དེ་ཚེ་མདོ་འདི་ཡང་ནི་རབ་

ཏུ་བཤད། །དམིགས་ཅན་མང་པོ་དེ་དག་ཐམས་ཅད་ཀྱང་། །དེ་ཡིས་བྱང་ཆུབ་ཏུ་ནི་ཡོངས་སྨིན་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་ཤི་འཕོས་ནས། །སངས་རྒྱས་བྱེ་བ་ཕྲག་སྟོང་མཉེས་བྱས་ཏེ། །མཐར་གྱིས་བསོད་ནམས་བྱས་པ་དེ་དག་གིས། །མདོ་འདི་ཡང་ནི་རྟག་པར་

རབ་ཏུ་བཤད། །རྒྱལ་བའི་སྲས་དེས་བྱང་ཆུབ་ཡང་དག་ཐོབ། །ཤཱཀྱ་ཐུབ་པ་ང་ཉིད་དེ་ཡིན་ནོ། །དེ་ཚེ་གང་དག་དམིགས་ཅན་དགེ་སློང་དང་། །དགེ་སློང་མ་དང་དགེ་བསྙེན་གང་རྣམས་དང་། །དེ་ན་དགེ་བསྙེན་མ་རྣམས་གང་བྱུང་བ། །མཁས་པས་དེ་ཚེ་བྱང་ཆུབ་བསྒྲགས་གྱུར་པ། །

དེ་དག་རྣམས་ཀྱི་སངས་རྒྱས་བྱེ་མང་མཐོང་། །དེ་དག་ལྔ་བརྒྱ་མི་ཉུང་འདི་རྣམས་དང་། །དེ་བཞིན་དགེ་སློང་ཕ་དང་དགེ་སློང་མ། །ང་ཡི་མངོན་སུམ་དགེ་བསྙེན་འདི་དག་སྟེ། །ཐམས་ཅད་ང་ཡིས་ཆོས་མཆོག་ཐོས་བྱས་ནས། །ངས་ནི་འདི་དག་ཐམས་ཅད་ཡོངས་སྨིན་བྱས། །མྱ་ངན་

ང་འདས་དཔའ་བོ་འདི་ཀུན་ནི། །འདི་ན་མདོ་སྡེ་མཆོག་འདི་འཛིན་པར་འགྱུར། །བསྐལ་པ་མཐའ་ཡས་བྱེ་བ་མང་པོར་ཡང་། །འདི་འདྲའི་ཆོས་ནི་ནམ་ཡང་མི་ཐོས་ཏེ། །སངས་རྒྱས་བྱེ་བ་ཕྲག་བརྒྱ་འབྱུང་ན་ཡང་། །དེ་དག་ཀྱང་ནི་མདོ་འདི་མི་འཆད་དོ། །དེ་ཕྱིར་རང་བྱུང་ཉིད་ཀྱིས་

Vol. 51 · folio 143b

བརྗོད་པའི་ཆོས། །འདི་ལྟ་བུ་ཡི་རྣམ་པ་ཐོས་ནས་སུ། །ཡང་དང་ཡང་ནི་རབ་ཏུ་འདི་བཟུང་ལ། །མྱ་ངན་ང་འདས་མདོ་འདི་རབ་ཤོད་ཅིག །དམ་པའི་ཆོས་པད་མ་དཀར་པོ་ལས་རྟག་ཏུ་བརྙས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དགུ་པའོ།། །།དེ་ནས་བྱང་ཆུབ་སེམས་

དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་གང་དག་ས་རུམ་ནས་འཐོན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་

སུ་མྱ་ངན་ལས་འདས་ནས། བདག་ཅག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གང་དག་ལགས་པ་གང་དུ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་དང་དེར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་བཤད་པར་བགྱིའོ། །

བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་འདི་ལྟ་བུ་བཟུང་བ་དང་། ཀླག་པ་དང་། བསྟན་པ་དང་། རབ་ཏུ་བཤད་པ་དང་། ཡི་གེར་བྲི་བར་འཚལ་བ་ལགས་སོ། །དེ་ནས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་གང་

དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་གནས་པ་དག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་།

མི་མ་ཡིན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་

འདི་ཡང་དག་པར་རབ་ཏུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་ལུས་མི་གདའ་བར་བར་སྣང་ལ་གནས་ཏེ་དབྱངས་ཀྱིས་ཡང་དག་པར་བསྒྲག་པར་བགྱིའོ། །དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་དགེ་བའི་རྩ་བ་བསྐྲུན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words