འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ

Sanskrit title (Tibetan script, as in the text) ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 33 · folio 1b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ།

དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་གོ། །ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་

པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། །བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ།

ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་

Vol. 33 · folio 2a

དགའ་བོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་བདག་ཉིད་ཀྱི་རང་གི་ཤེས་རབ་ཀྱི་སྤོབས་པའི་

སྟོབས་བསྐྱེད་པ་དང་། རང་གི་ཤེས་རབ་ཀྱི་སྤོབས་པའི་སྟོབས་བྱིན་གྱིས་བརླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པར་འགྱུར་རམ། འོན་ཏེ་སངས་རྒྱས་ཀྱི་མཐུས་ཡིན་སྙམ་མོ། །དེ་ནས་སངས་རྒྱས་ཀྱི་

མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་དེ་ལྟ་བུའི་ཚུལ་གྱི་སེམས་ཀྱི་རྟོག་པ་དེ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་གང་ཅི་སྨྲ་བ་དང་སྟོན་པ་དང་། ཉེ་བར་སྟོན་

པ་དང་། རྗོད་པར་བྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་གསལ་བར་བྱེད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གང་བསྟན་པའི་ཆོས་བསྟན་པ་དེ་ལ་སློབ་

པ་ན་དེ་དག་གིས་ཆོས་ཉིད་དེ་མངོན་སུམ་དུ་བྱས་ནས་འཛིན་ཏོ། །དེ་དག་གིས་ཆོས་ཉིད་དེ་མངོན་སུམ་དུ་བྱས་ཤིང་བཟུང་ནས་གང་དང་གང་འཆད་པ་དང་གང་དང་གང་སྟོན་པ་དང་གང་དང་གང་ཉེ་བར་སྟོན་པ་དང་གང་དང་གང་རྗོད་པར་བྱེད་པ་དང་གང་དང་གང་གསལ་བར་བྱེད་པ་དང་

Vol. 33 · folio 2b

གང་དང་གང་ཡང་དག་པར་གསལ་བར་བྱེད་པ་དེ་དག་ཐམས་ཅད་ཆོས་ཉིད་དང་མི་འགལ་བ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རིགས་ཀྱི་བུ་དེ་དག་འདི་ལྟར་ཆོས་ཉིད་དེ་ཉེ་བར་སྟོན་པ་རྣམས་ཆོས་ཉིད་དང་མི་འགལ་བ་དེ་ཡང་དེ་བཞིན་གཤེགས་པས་ཆོས་བསྟན་པའི་རྒྱུ་མཐུན་པའོ། །

དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ་གང་ལགས་པ་དེ་ལ་བཅོམ་ལྡན་

འདས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ཆོས་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཞེས་བགྱི་བའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འམ་བྱང་ཆུབ་སེམས་དཔའི་ཆོས་ཀྱང་བདག་གིས་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་འཚལ། མ་

དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་འོན་ཀྱང་ཡང་གལ་ཏེ་འདི་ལྟར་སྨྲས་པ་དང་བསྟན་པ་དང་ཉེ་བར་བསྟན་པ་ལ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སེམས་མི་འགོང་ཀུན་ཏུ་མི་ཞུམ་བག་མི་ཚ། བག་འཁུམས་པར་མི་འགྱུར་འདིའི་ཡིད་ཕྱིར་ཕྱོགས་པར་མི་བགྱིད་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར། མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ན། འདི་ཉིད་བྱང་ཆུབ་སེམས་

Vol. 33 · folio 3a

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྗེས་སུ་བསྟན་པར་བགྱི་བ་ལགས་སོ། །འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བགྱིའོ། །འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

གདམས་པ་ལགས་སོ། །གལ་ཏེ་དེ་ལྟར་གནས་ན་དེ་ཉིད་འདིའི་གདམས་པ་དང་རྗེས་སུ་བསྟན་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས།

ཅི་ལྟར་བསླབས་ན་འདི་བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བགྱིད་པ་དེ་ལྟར་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་

དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་

སེམས་མེད་པ་ཉིད་གང་ཡིན་པའི་སེམས་མེད་པ་ཉིད་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པ་འམ་དམིགས་པར་ཡང་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མེད་པ་དེ་ལ་ཡོད་

པའམ་མེད་པ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྐད་དུ་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་སྨྲས་པའི་ཁྱོད་ཀྱི་བརྒལ་བ་གང་ཡིན་པ་དེ་ཅི་རིགས་པར་འགྱུར་རམ། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་

སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་མེད་པ་ཉིད་དེ་ཡང་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་

Vol. 33 · folio 3b

བྱིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ཡང་ཁྱོད་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་མེད་པ་ལ་གནས་པའི་མཆོག་ཏུ་གསུངས་པ་ལྟར་སྟོན་པ་ལེགས་སོ་ལེགས་སོ། །དེ་བས་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ལས་ཕྱིར་མི་ལྡོག་པར་ཉེ་བར་བརྟག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཡང་རིག་པར་བྱའོ། །ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་གཟུང་བར་བྱ།

བཅང་བར་བྱ། ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་རྣལ་འབྱོར་དུ་བྱའོ། །རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་

ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་རྣལ་འབྱོར་དུ་བྱའོ། །བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་

པར་བྱ་རབ་ཏུ་གདོན་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ཐབས་མཁས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབས་ཤིང་རྣལ་

འབྱོར་དུ་བྱ་བའི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་རྒྱས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བསྟན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་གཟུང་བར་བྱ་བཅང་བར་

བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ཐབས་མཁས་པ་དང་ལྡན་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་

Vol. 33 · folio 4a

ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་རྣལ་འབྱོར་དུ་བྱ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྒྱས་པར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

བྱང་ཆུབ་སེམས་དཔའི་མིང་གང་ལགས་པ་འདི་ཉིད་བདག་གིས་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་

དཔའི་མིང་འདི་ཉིད་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི།

བཅོམ་ལྡན་འདས་གང་བདག་གིས་དངོས་པོ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། མིང་ཙམ་གྱིས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་འདུ་བ་དང་འགོད་པར་བགྱིད་པ་ནི་བདག་གི་གློ་བ་ལ་གཅགས་ལགས་སོ། །བཅོམ་ལྡན་འདས་འོན་ཀྱང་མིང་དེ་ཡང་

གནས་པ་མ་ལགས་ཤིང་མི་གནས་པ་ཡང་མ་ལགས་ལ་གནས་པ་དང་བྲལ་བ་མ་ལགས་ཤིང་གནས་པ་དང་བྲལ་བ་མ་ལགས་པ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པའི་སླད་དུའོ། །དེ་ལྟར་མིང་དེ་གནས་པ་མ་ལགས་ཤིང་མི་གནས་པ་ཡང་མ་ལགས་ལ་

གནས་པ་དང་བྲལ་བ་མ་ལགས་ཤིང་གནས་པ་དང་བྲལ་བ་མ་ལགས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་དང་བསྟན་པ་དང་ཉེ་བར་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འགོང་ཀུན་ཏུ་མི་

ཞུམ་བག་མི་ཚ། བག་འཁུམས་པར་མི་འགྱུར་འདིའི་ཡིད་ཕྱིར་ཕྱོགས་པར་མི་བགྱིད་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར། མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ཞིང་། ལྷག་པའི་བསམ་པས་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་

Vol. 33 · folio 4b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བགྱིའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་སྟེ་མི་གནས་པའི་ཚུལ་གྱིས་ལེགས་པར་གནས་པ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས་གཟུགས་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཚོར་བ་ལ་མ་ལགས་འདུ་ཤེས་ལ་མ་ལགས་འདུ་བྱེད་རྣམས་ལ་མ་ལགས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །ཅིའི་སླད་དུ་ཞེ་ན། གལ་ཏེ་

གཟུགས་ལ་གནས་ན་གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་གལ་ཏེ་རྣམ་པར་ཤེས་པ་ལ་གནས་ན་རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་ལ་སྤྱད་ཀྱི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བྱེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བགྱིད་པ་ཡང་མ་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་རྫོགས་པར་བགྱིད་པ་ཡང་མ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་ན་ཡོངས་སུ་མི་གཟུང་བ་ཡོངས་སུ་གཟུང་བས་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

གཟུགས་ཡོངས་སུ་གཟུང་བ་མ་མཆིས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་མ་མཆིས་སོ། །གཟུགས་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས། དེ་བཞིན་

དུ་ཚོར་བ་གང་ལགས་པ་དང་འདུ་ཤེས་གང་ལགས་པ་དང་། འདུ་བྱེད་རྣམས་གང་ལགས་པ་དང་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡོངས་སུ་གཟུང་བ་མ་མཆིས་སོ།

Vol. 33 · folio 5a

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བགྱིའོ། །འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་ཏེ་

ཡངས་པ་མདུན་དུ་བགྱིས་པ་ཚད་མེད་པར་ངེས་བ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའོ། །ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཡོངས་སུ་གཟུང་བ་མ་མཆིས་ཏེ། མཚན་མར་གཟུང་བ་མ་ལགས་སོ། །གལ་ཏེ་མཚན་མར་བཟུང་བར་གྱུར་ན་ཀུན་

ཏུ་རྒྱུ་ཕྲེང་བ་ཅན་འདི་ལ་དད་པར་མི་འགྱུར་བ་ཞིག་ན། ཀུན་ཏུ་རྒྱུ་ཕྲེང་བ་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་ནས་དད་པས་རྗེས་སུ་འབྲང་ཞིང་ཕྱོགས་གཅིག་པའི་ཡེ་ཤེས་ཀྱིས་ཞུགས་སོ། །དེ་ཞུགས་ནས་ཀྱང་གཟུགས་ཡོངས་སུ་མི་འཛིན་ཏོ། །དེ་བཞིན་དུ་ཚོར་བ་མ་

ལགས་འདུ་ཤེས་མ་ལགས་འདུ་བྱེད་རྣམས་མ་ལགས་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏོ། །དེ་ལ་ཤེས་པ་དེ་དགའ་བ་དང་བདེ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་པ་དེ་ནང་གི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་པ་དེ་ཕྱི་རོལ་

གྱི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་། །ཤེས་པ་དེ་ཕྱི་ནང་གི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་། ཤེས་པ་དེ་གཟུགས་ལས་གཞན་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཤེས་པ་དེ་ནང་གི་ཚོར་བ་དང་འདུ་ཤེས་དང་འདུ་

བྱེད་རྣམས་ཀྱི་མ་ཡིན། ཤེས་པ་དེ་ནང་གི་རྣམ་པར་ཤེས་པའི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་པ་དེ་ཕྱི་རོལ་གྱི་རྣམ་པར་ཤེས་པའི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་། །ཤེས་པ་དེ་ཕྱི་ནང་གི་རྣམ་པར་ཤེས་པའི་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་།

ཤེས་པ་དེ་རྣམ་པར་ཤེས་པ་ལས་གཞན་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚིག་གི་རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་མོས་སོ། །དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་ཐམས་ཅད་དུ་དད་པས་རྗེས་སུ་འབྲང་ཞིང་ཆོས་ཉིད་ཚད་མར་བགྱིས་ཏེ་འདི་ལྟར་མོས་པ་

Vol. 33 · folio 5b

ཞེས་བགྱིའོ། །དེས་ཆོས་གང་ཡང་ཡོངས་སུ་མ་བཟུང་ངོ་། །གང་གཟུང་བའམ་གཏང་བར་བགྱི་བའི་ཆོས་དེ་གང་ཡང་མ་དམིགས་སོ། །དེ་མྱ་ངན་ལས་འདས་པར་ཡང་རློམ་སེམས་སུ་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བགྱི་སྟེ། གང་གཟུགས་ཡོངས་སུ་མི་འཛིན། དེ་བཞིན་དུ་གང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་གང་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་དེ་བཞིན་གཤེགས་

པའི་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་ཡོངས་སུ་མ་རྫོགས་པར་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་བ་སྟེ། དེ་བས་ན་བཅོམ་ལྡན་འདས་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་

རིག་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པས་འདི་ལྟར་ཉེ་བར་བརྟག་ཅིང་འདི་ལྟར་ངེས་པར་བསམ་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་གང་ཡིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན། ཅི་ཆོས་གང་མེད་པ་དང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས། གལ་ཏེ་དེ་ལྟར་ཉེ་བར་བརྟགས་དེ་ལྟར་ངེས་པར་བསམས་ན། མི་འགོང་ཀུན་ཏུ་མི་ཞུམ་བག་མི་ཚ། བག་འཁུམས་

པར་མི་འགྱུར་འདིའི་ཡིད་ཕྱིར་ཕྱོགས་པར་མི་བགྱིད་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར། མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བགྱིའོ། །དེ་

ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འདི་ལྟར་གང་གི་ཚེ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བ། དེ་བཞིན་དུ་གང་གི་ཚེ་ཚོར་བ་ཉིད་དང་འདུ་ཤེས་ཉིད་དང་། འདུ་བྱེད་རྣམས་ཉིད་དང་དེ་བཞིན་དུ་འདི་ལྟར་གང་

Vol. 33 · folio 6a

གི་ཚེ་རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བ། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་བྲལ་བ། གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དང་

བྲལ་བ་ཡིན་ན་དེ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་

བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །དེ་བཞིན་དུ་ཚོར་བ་ཉིད་དང་འདུ་ཤེས་ཉིད་དང་འདུ་བྱེད་རྣམས་ཉིད་དང་དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བའི།

ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དང་བྲལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་ཡང་བྲལ་བའོ། །མཚན་ཉིད་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་ཡང་བྲལ་བའོ། །མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ཀྱི་གཞིའི་ངོ་བོ་ཉིད་དང་ཡང་བྲལ་བའོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དང་ཡང་བྲལ་བའོ། །དེ་སྐད་ཅེས་

སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་ལ་སློབ་པར་འགྱུར་བ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རམ།

ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་ལ་སློབ་པར་འགྱུར་བ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་

Vol. 33 · folio 6b

ཤཱ་རིའི་བུ་ཆོས་ཐམས་ཅད་ནི་ངེས་པར་འབྱུང་བ་མེད་ཅིང་མ་སྐྱེས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་རོ། །ཅི་ལྟ་ཅི་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་

གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། ལུས་དང་སེམས་ཡོངས་སུ་དག་པ་དང་མཚན་ཡོངས་སུ་དག་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སངས་རྒྱས་དང་ཉེ་བར་ཡང་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བ་ཡིན་ནོ། །གཞན་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་བརྩམས་ཏེ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གཟུགས་ལ་སྤྱོད་ན་

མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་ཀྱི་མཚན་མ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་མཚན་མའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་ཀྱི་སྐྱེ་བ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་ཀྱི་འགག་པ་ལ་སྤྱོད་ན་མཚན་མ་ལ་

སྤྱོད་དོ། །གལ་ཏེ་གཟུགས་ཀྱི་འཇིག་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་སྟོང་བའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་སྤྱོད་དོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་བྱང་ཆུབ་སེམས་དཔའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་བྱང་ཆུབ་

སེམས་དཔའོ་སྙམ་ན་དེ་དམིགས་པ་ཉིད་ལ་སྤྱོད་དོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་གལ་ཏེ་རྣམ་པར་ཤེས་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་མཚན་མ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་

པ་མཚན་མའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་སྐྱེ་བ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་འགག་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་འཇིག་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་རྣམ་

Vol. 33 · folio 7a

པར་ཤེས་པ་སྟོང་པའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་སྤྱོད་དོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་བྱང་ཆུབ་སེམས་དཔའོ་སྙམ་དུ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་བྱང་ཆུབ་སེམས་དཔའོ་སྙམ་ན་དེ་དམིགས་པ་ཉིད་ལ་སྤྱོད་དོ། །

གལ་ཏེ་ཡང་དེ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན་དེ་མཚན་མ་ཉིད་ལ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་འདི་ནི་ཐབས་མི་མཁས་པར་རིག་པར་བྱའོ། །དེ་

ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་

འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་མི་སྤྱོད། གཟུགས་ཀྱི་མཚན་མ་ལ་མི་སྤྱོད། གཟུགས་མཚན་མའོ་སྙམ་དུ་མི་སྤྱོད། གཟུགས་ཀྱི་སྐྱེ་བ་ལ་མི་སྤྱོད།

གཟུགས་ཀྱི་འགག་པ་ལ་མི་སྤྱོད། གཟུགས་ཀྱི་འཇིག་པ་ལ་མི་སྤྱོད། གཟུགས་སྟོང་པའོ་སྙམ་དུ་མི་སྤྱོད། བདག་སྤྱོད་དོ་སྙམ་དུ་མི་སྤྱོད། བདག་བྱང་ཆུབ་སེམས་དཔའོ་སྙམ་དུ་མི་སྤྱོད། བདག་བྱང་ཆུབ་སེམས་དཔའོ་སྙམ་དུ་དམིགས་པ་ལ་མི་སྤྱོད་པ་དང་། དེ་བཞིན་དུ་

གལ་ཏེ་ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། གལ་ཏེ་རྣམ་པར་ཤེས་པ་ལ་མི་སྤྱོད། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད། རྣམ་པར་ཤེས་པ་མཚན་མའོ་སྙམ་དུ་མི་སྤྱོད། རྣམ་པར་ཤེས་པའི་སྐྱེ་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་འགག་

པ་ལ་མི་སྤྱོད། རྣམ་པར་ཤེས་པ་འཇིག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་སྟོང་པའོ་སྙམ་དུ་མི་སྤྱོད། བདག་སྤྱོད་དོ་སྙམ་དུ་མི་སྤྱོད་དོ། །བདག་བྱང་ཆུབ་སེམས་དཔའོ་སྙམ་དུ་མི་སྤྱོད། བདག་བྱང་ཆུབ་སེམས་དཔའོ་སྙམ་དུ་དམིགས་པ་ལ་མི་སྤྱོད་ཅིང་། གལ་ཏེ་

Vol. 33 · folio 7b

ཡང་དེ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་ཡིན་ནོ་སྙམ་དུ་མི་སེམས་པ་སྟེ། །ད་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པ་ཡིན་ནོ། །དེ་སྤྱོད་ཀྱང་སྤྱོད་དོ་སྙམ་དུ་ཉེ་བར་མི་རྟོགས། མི་སྤྱོད་དོ་སྙམ་དུ་ཉེ་བར་མི་རྟོགས། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་སྙམ་དུ་ཉེ་བར་མི་རྟོགས། སྤྱོད་པ་ཡང་མ་ཡིན་ལ་མི་སྤྱོད་པ་ཡང་མ་ཡིན་ནོ་སྙམ་དུ་ཉེ་བར་མི་རྟོགས། སྤྱད་པར་བྱ་བའོ་སྙམ་དུ་ཡང་ཉེ་བར་མི་

རྟོགས། སྤྱད་པར་མི་བྱའོ་སྙམ་དུ་ཡང་ཉེ་བར་མི་རྟོགས། སྤྱད་པར་བྱ་བ་ཡང་ཡིན་ལ་སྤྱད་པར་མི་བྱ་བ་ཡང་ཡིན་ནོ་སྙམ་དུ་ཉེ་བར་མི་རྟོགས། སྤྱད་པར་བྱ་བ་ཡང་མ་ཡིན་ལ་སྤྱད་པར་མི་བྱ་བ་ཡང་མ་ཡིན་པ་ཉིད་དོ་སྙམ་དུ་ཉེ་བར་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཉེ་

བར་མ་རྟོགས་ཤིང་མ་ཟིན་པས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཆོས་ཐམས་ཅད་ལེན་པ་མེད་པ་ཞེས་བྱ་བ་སྟེ། ཡངས་པ་མདུན་དུ་བྱས་པ་ཚང་མེད་པར་ངེས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ཏིང་ངེ་

འཛིན་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་སངས་རྒྱས་ཀྱི་མཐུས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

གང་ཏིང་ངེ་འཛིན་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ལགས་སོ། །དེ་ནི་ཏིང་ངེ་འཛིན་དེ་

ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཏིང་ངེ་འཛིན་ངས་ཀྱང་རློམ་སེམས་སུ་མི་བགྱིད་བདག་ནི་མཉམ་པར་བཞག་པ་སྟེ། བདག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །བདག་ཏིང་ངེ་འཛིན་ལ་སྙོམས་པར་བཞག་པའོ། །བདག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ་སྙམ་

Vol. 33 · folio 8a

པ་དེ་ལྟ་བུ་དེ་ལ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་གང་གིས་

གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པའི་ཏིང་ངེ་འཛིན་དེ་བསྟན་པར་ནུས་སམ། རབ་འབྱོར་གྱིས་སྨྲས་པ།

ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེས་ནི་ཏིང་ངེ་འཛིན་དེ་ཡང་མི་ཤེས་ཡང་དག་པར་མི་ཤེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མི་ཤེས་ཡང་དག་པར་མི་ཤེས་ཞེས་ཟེར་རམ། ཚེ་དང་ལྡན་པ་རབ་

འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་མི་ཤེས་ཡང་དག་པར་མི་ཤེས་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་མེད་པས་ན་མི་ཤེས་ཡང་དག་པར་མི་ཤེས་སོ། །ཏིང་ངེ་འཛིན་དེ་ཡང་མི་ཤེས་ཡང་དག་པར་མི་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་

ལྡན་པ་རབ་འབྱོར་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། ཇི་ལྟར་ཡང་ཁྱོད་དེ་བཞིན་གཤེགས་པའི་མཐུས་སྤོབས་པ་དང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྟོན་པ་ནི་རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་ནི་དེ་བཞིན་དུ་འདི་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་

Vol. 33 · folio 8b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ལྟར་སློབ་ན་ཆོས་གང་ལ་སློབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ཆོས་གང་ལ་ཡང་མི་སློབ་བོ། །

དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཅི་ལྟར་མངོན་པར་ཆགས་པ་དེ་བཞིན་དུ་ཡོད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་འོ་ན་དེ་དག་ཅི་ལྟར་མཆིས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཤཱ་རིའི་བུ་ཅི་ལྟར་མེད་པ་དེ་བཞིན་དུ་ཡང་དག་པར་ཡོད་དེ་དེ་ལྟར་མེད་པ་དེའི་ཕྱིར་མ་རིག་པ་ཞེས་བྱའོ། །དེ་དག་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་མངོན་པར་ཆགས་ཏེ། དེ་དག་གིས་ཆོས་ཐམས་ཅད་མེད་པ་ལ་བརྟགས་སོ། །དེ་དག་

གིས་དེ་ལ་བརྟགས་ནས་མཐའ་གཉིས་ལ་ཞེན་པས་ཆོས་དེ་དག་མི་ཤེས་མི་མཐོང་སྟེ། དེའི་ཕྱིར་དེ་དག་མེད་བཞིན་དུ་ཆོས་ཐམས་ཅད་ལ་རྟོག་གོ། །བརྟགས་ནས་མཐའ་གཉིས་ལ་མངོན་པར་ཆགས་སོ། །མངོན་པར་ཆགས་པ་དེའི་གཞིས་དམིགས་པ་ལ་གནས་ནས་

འདས་པའི་ཆོས་ལ་རྟོག་གོ་མ་འོངས་པའི་ཆོས་ལ་རྟོག་གོ་ད་ལྟར་བྱུང་བའི་ཆོས་ལ་རྟོག་གོ། །དེ་དག་གིས་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ཏོ། །དེ་དག་གིས་མེད་པའི་ཆོས་ཐམས་ཅད་ལ་བརྟགས་སོ། །དེ་དག་གིས་མེད་པའི་ཆོས་དེ་དག་ཐམས་ཅད་ལ་

བརྟགས་པས་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་ངོ་། །ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་མ་མཐོང་བས་ཁམས་གསུམ་ལས་ངེས་པར་མི་འབྱུང་ཡང་དག་པའི་མཐའ་ཁོང་དུ་མི་ཆུད་དེ་དེའི་ཕྱིར་དེ་དག་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་དག་

Vol. 33 · folio 9a

ཆོས་བདེན་པ་ལ་ཡིད་མི་ཆེས་སོ། །ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་

ཐམས་ཅད་མཁྱེན་པ་ཉིད་ལ་སློབ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཆོས་ཐམས་ཅད་ལ་སློབ་བོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པར་འགྱུར་ཐམས་

ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཞིག་འདི་སྐད་དུ་འདྲི་སྟེ་ཅི་སྒྱུ་མའི་སྐྱེས་བུ་འདི་ཐམས་ཅད་

མཁྱེན་པ་ཉིད་ལ་སློབ་པར་འགྱུར་རམ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་རམ་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རམ་ཞེས་དེ་སྐད་དུ་ཡོངས་སུ་འདྲི་ན་བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྟན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་རབ་འབྱོར་དེ་བས་ན་འདིར་ཁྱོད་ཉིད་ལ་དྲི་བར་བྱ་ཡིས་ཁྱོད་ཀྱིས་ཅི་ནུས་པ་དེ་བཞིན་དུ་སྟོན་ཅིག་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་

ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས་སྒྱུ་མ་དེ་གཞན་ལ་གཟུགས་དེ་གཞན་ནམ་དེ་བཞིན་དུ་སྒྱུ་མ་དེ་གཞན་ལ་ཚོར་བ་དེ་གཞན་ནམ་འདུ་ཤེས་དེ་གཞན་ནམ་འདུ་བྱེད་རྣམས་དེ་གཞན་ནམ།

Vol. 33 · folio 9b

རབ་འབྱོར་དེ་ཅི་སྙམ་དུ་སེམས་སྒྱུ་མ་དེ་གཞན་ལ་རྣམ་པར་ཤེས་པ་དེ་གཞན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་ཏེ་སྒྱུ་མ་དེ་གཞན་ལ་གཟུགས་དེ་གཞན་མ་ལགས་ཏེ། བཅོམ་ལྡན་འདས་གཟུགས་ཉིད་སྒྱུ་མ་ལགས་སོ། །སྒྱུ་མ་ཉིད་

གཟུགས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སྒྱུ་མ་དེ་གཞན་ལ་ཚོར་བ་དེ་གཞན་དང་འདུ་ཤེས་དེ་གཞན་དང་འདུ་བྱེད་རྣམས་དེ་གཞན་ཡང་མ་ལགས་ཏེ། བཅོམ་ལྡན་འདས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཉིད་སྒྱུ་མ་ལགས་སོ། །སྒྱུ་མ་ཉིད་ཚོར་བ་

དང་འདུ་ཤེས་དང་འདུ་བྱེད་རྣམས་ལགས་སོ། །བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་རྣམ་པར་ཤེས་པ་དེ་གཞན་ཡང་མ་ལགས་ཏེ། བཅོམ་ལྡན་འདས་རྣམ་པར་ཤེས་པ་ཉིད་སྒྱུ་མ་ལགས་སོ་སྒྱུ་མ་ཉིད་རྣམ་པར་ཤེས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ཅི་སྙམ་དུ་སེམས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་འདུ་ཤེས་དང་ཀུན་ཤེས་པ་དང་རྣམ་པར་རིག་པ་དང་ཐ་སྙད་འདི་ཡིན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་

རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ་བདེ་བར་གཤེགས་པ་དེ་དེ་བཞིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དེས་ནི་སྒྱུ་མའི་སྐྱེས་བུ་ལྟར་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལ་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་སྒྱུ་མའི་སྐྱེས་བུར་གཟུང་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བཅོམ་ལྡན་འདས་ཀྱིས་གཟུགས་ནི་སྒྱུ་མ་ལྟ་བུར་

གསུངས་ཏེ། གཟུགས་གང་ལགས་པ་དེ་ཡང་དབང་པོ་དྲུག་དང་ཕུང་པོ་ལྔ་པོ་དེ་དག་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སྒྱུ་མ་ལྟ་བུར་གསུངས་ཤིང་བཅོམ་ལྡན་འདས་འདི་ལྟར་བཅོམ་ལྡན་འདས་ཀྱིས་

Vol. 33 · folio 10a

རྣམ་པར་ཤེས་པ་ཡང་སྒྱུ་མ་ལྟ་བུར་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་ཤེས་པ་གང་ལགས་པ་དེ་ཡང་དབང་པོ་དྲུག་དང་ཕུང་པོ་ལྔ་པོ་དེ་དག་ལགས་སོ། །བཅོམ་ལྡན་འདས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་བསྟན་པ་འདི་ཐོས་ན་དངང་ཞིང་ཀུན་ཏུ་སྐྲག་ལ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྡིག་པའི་གྲོགས་པོའི་

ལག་ཏུ་སོང་བར་གྱུར་ན་ནི། དངང་ཞིང་ཀུན་ཏུ་སྐྲག་ལ་ཀུན་ཏུ་སྐྲག་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་གྱུར་ན་ནི་མི་དངང་ཀུན་ཏུ་མི་སྐྲག་

ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་གང་

རྣམས་ལགས་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་འདོམས་ཤིང་རྗེས་སུ་སྟོན་པ་རྣམས་དང་། གང་དེ་དག་ལ་བདུད་ཀྱི་ལས་རྣམས་ཉེ་བར་སྟོན་པ་སྟེ། བདུད་ཀྱི་ཉེས་པ་ནི་འདི་ལྟ་བུར་རིག་པར་

བྱ། བདུད་ཀྱི་ཉེས་པ་ནི་འདི་དག་ཡིན། བདུད་ཀྱི་ལས་ནི་འདི་དག་ཡིན་པར་རིག་པར་བྱ། བདུད་ཀྱི་ལས་འདི་དག་ཁྱེད་ཀྱིས་རྟོགས་ནས་སྤང་བར་བྱའོ་ཞེས་བྱ་བ་སྟེ། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཐེག་པ་ཆེན་

པོ་ལ་ཡང་དག་པར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་དགེ་བའི་བཤེས་གཉེན་རྣམས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་

Vol. 33 · folio 10b

གང་འདི་སྐད་དུ་རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་དགེ་བའི་བཤེས་གཉེན་རྣམས་སུ་རིག་པར་བྱའོ་ཞེས་བཀའ་སྩལ་བ་དང་།

བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བཀའ་སྩལ་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་གཞིའི་དོན་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་

སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞིའི་དོན་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རྗེས་སུ་རྟོགས་པའི་དོན་དུ་ཆགས་པ་མེད་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། རབ་འབྱོར་བྱང་ཆུབ་དོན་དུ་གཉེར་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་རྒྱུ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་རིས་ཆེན་པོའི་མཆོག་ཉིད་དུ་བྱའོ་སྙམ་པ་སྟེ་དོན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

འདས་བདག་ཀྱང་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བར་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེའི་དུས་ལ་བབ་པར་ཤེས་ན་སྤོབས་པར་གྱིས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུས་གསོལ་པ། བདག་ཏུ་

Vol. 33 · folio 11a

ལྟ་བ་དང་སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་འབྱུང་བར་ལྟ་བ་དང་འཇིག་པར་ལྟ་བ་དང་ཆད་པར་ལྟ་བ་དང་རྟག་པར་ལྟ་བ་དང་རང་གི་ལུས་ལ་ལྟ་བ་ཆེན་པོ་འདི་ལྟ་བུ་ལ་སོགས་པའི་ལྟ་བ་དེ་དག་སྤང་བའི་སླད་དུ་ཆོས་

བསྟན་ཏོ་སྙམ་སྟེ། དོན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཞེས་བགྱི་བར་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེའི་དུས་ལ་བབ་པར་ཤེས་ན་སྤོབས་པར་གྱིས་ཤིག །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ནི།

བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་སེམས་ཐམས་ཅད་མཁྱེན་པའི་སེམས་ཟག་པ་མེད་པའི་སེམས་མཉམ་པ་མེད་པའི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་གང་ལགས་པའི་སེམས་དེ་ལ་ཡང་མ་ཆགས་

ཡོངས་སུ་མ་ཟིན་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པའི་སེམས་དེ་ནི་ཟག་པ་མ་མཆིས་པ་ཡོངས་སུ་མ་ཟིན་པའོ། །དེ་ནི་ཐམས་ཅད་མཁྱེན་པའི་སེམས་ཟག་པ་མ་མཆིས་ཤིང་ཡོངས་སུ་མ་ཟིན་པ་གང་ལགས་པའི་སེམས་དེ་ལ་ཡང་མ་ཆགས་ཤིང་ཡོངས་སུ་མ་

ཟིན་ཏེ་དོན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་རྒྱུས་སེམས་དེ་ལ་ཡང་མ་ཆགས་ཤིང་ཡོངས་སུ་མ་ཟིན། རབ་འབྱོར་

གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པའི་ཕྱིར་སེམས་དེ་ལ་ཡང་མ་ཆགས་ཤིང་ཡོངས་སུ་མ་ཟིན་ཏོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་སེམས་

Vol. 33 · folio 11b

མེད་པ་དེ་ཡོད་པའམ་མེད་པ་ཡོད་པའམ་དམིགས་པར་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མེད་པ་དེ་ལ་གང་ཡོད་པའམ་མེད་པ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་

པ་ཤཱ་རིའི་བུ་དེ་ཇི་ལྟར་འདི་སྐད་དུ་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་ཟེར། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་ལྟར་ཡང་ཁྱོད་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་མེད་པ་ལ་གནས་པའི་མཆོག་ཏུ་གསུངས་པ་ལྟར་སྟོན་པ་ལགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་

འདས་ལ་ཚེ་དང་ལྡན་པ་གང་པོ་བྱམས་མའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་དཔའ་ཆེན་པོ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་གང་ལགས་པ་འདི་ནི་སེམས་དཔའ་དེ་གོ་ཆ་ཆེན་པོ་བགོས་པ། སེམས་དཔའ་དེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་

དག་པར་གནས་པ་ལགས་ཏེ། དེའི་སླད་དུ་སེམས་དཔའ་ཆེན་པོ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ་གོ་ཆ་ཆེན་པོ་བགོས་པ་ཞེས་བགྱི་བ་འདི་

གསུངས་ན། བཅོམ་ལྡན་འདས་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་བདག་གིས་སེམས་ཅན་གཞལ་དུ་མེད་པ་ཡོངས་སུ་

མྱ་ངན་ལས་བཟླ་བར་བྱའོ་བདག་གིས་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་ལ། གང་གིས་གང་ཡོངས་སུ་མྱ་ངན་ལས་བཟླས་པའི་སེམས་ཅན་དེ་དག་ཀྱང་ཡོད་པ་མ་ཡིན་ནོ་སྙམ་སྟེ། དེས་སེམས་ཅན་དེ་སྙེད་པ་དེ་དག་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་ལ་གང་

ཡོངས་སུ་མྱ་ངན་ལས་བཟླས་པ་དང་གང་གིས་ཡོངས་སུ་མྱ་ངན་ལས་བཟླས་པའི་སེམས་ཅན་ཡང་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་རོ། །རབ་འབྱོར་དཔེར་ན་སྒྱུ་མ་བྱེད་པ་མཁས་པ་

Vol. 33 · folio 12a

འམ་སྒྱུ་མ་བྱེད་པའི་ཉེ་གནས་ཀྱིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོའི་ཚོགས་ཆེན་པོ་མངོན་པར་སྤྲུལ་ཏེ་མངོན་པར་སྤྲུལ་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་མི་སྣང་བར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལ་ཡང་གང་གིས་གང་ཡང་བསད་པའམ་ཤི་བའམ་བཤིག་

པའམ་མི་སྣང་བར་བྱས་པ་ཡོད་དམ། རབ་འབྱོར་གྱིས་གསོལ་བ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་རྣམས་ཡོངས་སུ་མྱ་ངན་

ལས་ཟློ་བར་བྱེད་དེ་གང་ཡོངས་སུ་མྱ་ངན་ལས་བཟླས་པ་དང་གང་གིས་ཡོངས་སུ་མྱ་ངན་ལས་བཟླས་པར་འགྱུར་བའི་སེམས་ཅན་ཡང་འགའ་ཞིག་ཡོད་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྟན་པ་འདི་ལྟ་བུ་འདི་ཐོས་ནས་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་

སྐྲག་པ་དང་ལྡན་པར་མི་འགྱུར་ན། འདི་ཙམ་གྱིས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གོ་ཆ་ཆེན་པོ་བགོས་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་བཅོམ་ལྡན་

འདས་ཀྱིས་ཇི་ལྟར་གསུངས་བའི་དོན་བདག་གིས་འཚལ་བ་དེ་ལྟར་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་གོ་ཆ་མ་མཆིས་པ་བགོས་པ་ལགས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་འདི་ནི་གོ་ཆ་མེད་པར་བགོས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱས་པ་རྣམ་པར་མ་བསྒྱུར་བ་མངོན་པར་འདུས་མ་བྱས་པའོ། །སེམས་ཅན་གང་དག་གི་དོན་དུ་གོ་ཆ་འདི་བགོས་པའི་སེམས་ཅན་དེ་དག་ཀྱང་

མ་བྱས་པ་རྣམ་པར་མ་བསྒྱུར་བ་མངོན་པར་འདུས་མ་བྱས་པའོ། །དེ་སྐད་ཅེས་བཀའ་སྩལ་བ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ་བདེ་བར་གཤེགས་པ་དེ་དེ་བཞིན་ནོ། །དེ་ཅིའི་སླད་དུ་ཞེ་ན།

Vol. 33 · folio 12b

བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཀྱང་མ་བཅིངས་མ་

གྲོལ་བའོ། །དེ་བཞིན་དུ་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང་བཅོམ་ལྡན་འདས་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་གང་པོ་བྱམས་མའི་བུས་ཚེ་དང་ལྡན་པ་རབ་འབྱོར་

ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཞེས་ཟེར་རམ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཞེས་ཟེར་རམ། ཚེ་དང་ལྡན་པ་རབ་འབྱོར་

གཟུགས་ཀྱི་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བ་ཞེས་ཟེར་རམ། དེ་བཞིན་དུ་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང་ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བ་ཞེས་ཟེར་རམ།

ཚེ་དང་ལྡན་པ་རབ་འབྱོར་འོན་ཏེ་གཟུགས་གང་མ་བཅིངས་མ་གྲོལ་བ་ཞེས་ཟེར་བའི་གཟུགས་དེ་གང་ཡིན། དེ་བཞིན་དུ་ཚོར་བ་དེ་གང་ཡིན་འདུ་ཤེས་དེ་གང་ཡིན་འདུ་བྱེད་རྣམས་དེ་གང་ཡིན་ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་ཤེས་པ་ཡང་མ་བཅིངས་མ་གྲོལ་བ་ཞེས་ཟེར་བའི་རྣམ་པར་

ཤེས་པ་དེ་གང་ཡིན། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བ་ཞེས་ཟེར་བའི་གཟུགས་ཀྱི་དེ་བཞིན་ཉིད་དེ་གང་ཡིན། དེ་བཞིན་དུ་ཚོར་བའི་དེ་བཞིན་ཉིད་དང་། འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དེ་གང་ཡིན།

ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བ་ཞེས་ཟེར་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་གང་པོ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་

Vol. 33 · folio 13a

པ་གང་པོ་གང་གི་ཚེ་སྒྱུ་མའི་སྐྱེས་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྒྱུ་མའི་སྐྱེས་བུའི་ཚོར་བ་གང་ཡིན་པ་དང་། སྒྱུ་མའི་སྐྱེས་བུའི་འདུ་ཤེས་གང་ཡིན་པ་དང་། སྒྱུ་མའི་སྐྱེས་བུའི་འདུ་བྱེད་རྣམས་གང་ཡིན་པ་དང་།

ཚེ་དང་ལྡན་པ་གང་པོ་གང་གི་ཚེ་སྒྱུ་མའི་སྐྱེས་བུའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྒྱུ་མའི་སྐྱེས་བུའི་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྒྱུ་མའི་སྐྱེས་བུའི་ཚོར་བའི་དེ་

བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་ཚེ་དང་ལྡན་པ་གང་བོ་སྒྱུ་མའི་སྐྱེས་བུའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་སླད་དུ་ཞེ་ན། ཡང་དག་པ་མ་ཡིན་པས་ན་མ་བཅིངས་མ་

གྲོལ་བའོ། །དབེན་པས་ན་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པས་ན་མ་བཅིངས་མ་གྲོལ་བ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ཆེན་པོ་བགོས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་གོ་ཆ་

ཆེན་པོ་གོ་ཆ་མེད་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་གང་བོ་བྱམས་མའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་གོ་ཆ་ཆེན་པོ་བགོས་པར་གྱུར་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པར་འགྱུར་བའི་ཐེག་པ་ཆེན་པོ་དེ་ནི་གང་ལགས། ཐེག་པ་ཆེན་པོ་དེ་ལ་ཇི་ལྟར་ཡང་དག་པར་ཞུགས་པར་རིག་པར་བགྱི་བའམ། ཐེག་པ་ཆེན་པོ་དེས་

གང་ནས་ངེས་པར་འབྱུང་བར་འགྱུར་བའམ་ཐེག་པ་ཆེན་པོ་དེ་ལ་གང་གིས་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་དེས་གང་དུ་གནས་པར་འགྱུར་བའམ། ཐེག་པ་ཆེན་པོ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་

Vol. 33 · folio 13b

ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཐེག་པ་ཆེན་པོ་ཞེས་བྱ་བ་འདི་ནི་གཞལ་དུ་མེད་པའི་ཚིག་བླ་དགས་སོ། །རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་འདི་ནི་ཚད་མེད་པའི་ཕྱིར་རོ། །རབ་འབྱོར་གང་ཡང་འདི་སྐད་དུ་

ཐེག་པ་ཆེན་པོ་དེ་ལ་ཇི་ལྟར་ཡང་དག་པར་ཞུགས་པར་རིག་པར་བགྱི་བའམ། ཐེག་པ་ཆེན་པོ་དེས་གང་ནས་ངེས་པར་འབྱུང་བར་འགྱུར་བའམ། ཐེག་པ་ཆེན་པོ་དེ་ལ་གང་གིས་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་དེས་གང་དུ་གནས་པར་འགྱུར་བ་འམ།

ཐེག་པ་ཆེན་པོ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒོ་ནས་ཡང་དག་པར་ཞུགས་ནས། ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་མི་དམིགས་པ་གང་ཡིན་པས་ཡང་དག་པར་ཞུགས་ཏེ་ཐམས་ཅད་མཁྱེན་པ་ཉིད་

དུ་གནས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་འབྱུང་བར་འགྱུར་ཏེ། འོན་ཀྱང་གང་ནས་ཀྱང་ངེས་པར་འབྱུང་བ་མེད་གང་གིས་ཀྱང་ཡང་དག་པར་མ་ཞུགས་གང་དུ་ཡང་གནས་པར་མི་འགྱུར་མོད་ཀྱི་གནས་པ་མེད་པའི་ཚུལ་གྱིས་ཐམས་ཅད་

མཁྱེན་པ་ཉིད་ལ་གནས་པར་འགྱུར་ལ། ཐེག་པ་ཆེན་པོ་དེས་གང་ཡང་ངེས་པར་མ་ཕྱུང་ངེས་པར་འབྱུང་བར་ཡང་མི་འགྱུར་ངེས་པར་ཕྱུང་བ་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གང་ངེས་པར་འབྱུང་བ་དང་གང་གིས་ངེས་པར་འབྱུང་བའི་ཆོས་དེ་གཉི་ག་ཡང་མེད་ཅིང་མི་དམིགས་

ཏེ། དེ་ལྟར་ན་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པ་ལ་ཆོས་གང་ཞིག་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་

པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་བ་ལ་རྗོད་དོ།།ནམ་མཁའ་ལྟར་མཉམ་པ་ཉིད་ཀྱི་ཕྱིར་དེ་ནི་ཐེག་པ་ཆེན་པོའོ། །ཇི་ལྟར་ནམ་མཁའ་ལ་སེམས་ཅན་གཞལ་དུ་མ་མཆིས་གྲངས་

Vol. 33 · folio 14a

མ་མཆིས་ཚད་མ་མཆིས་པའི་གོ་སྐབས་མཆིས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སེམས་ཅན་གཞལ་དུ་མ་མཆིས་གྲངས་མ་མཆིས་ཚད་མ་མཆིས་པའི་གོ་སྐབས་མཆིས་ཏེ། བཅོམ་ལྡན་འདས་རྣམ་གྲངས་འདིས་ན་འདི་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའོ། །འདི་ལ་འོང་བ་ཡང་མ་མཐོང་འདི་ལ་འགྲོ་བ་ཡང་མ་མཐོང་ཞིང་འདི་ལ་གནས་པ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟར་ཐེག་པ་ཆེན་པོ་འདི་ལ་སྔོན་གྱི་མཐའ་མི་དམིགས་ཕྱི་མའི་མཐའ་

ཡང་མི་དམིགས་དབུས་ཀྱང་མི་དམིགས་ཏེ། བཅོམ་ལྡན་འདས་ཐེག་པ་དེ་ནི་དུས་གསུམ་དུ་མཉམ་པའོ། །དེ་བས་ན་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་

ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལ་བསླབས་པས་ཐམས་ཅད་མཁྱེན་པ་ཉིད་རྗེས་

སུ་ཐོབ་པར་གྱུར་ཏོ་རྗེས་སུ་ཐོབ་བོ་རྗེས་སུ་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་བོ་བྱམས་མའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བྱིན་གྱིས་བརླབས་པ་འདི་ནི་ཐེག་པ་

ཆེན་པོ་བཤད་པར་བྱ་བར་སེམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་སྟོན་པར་མ་གྱུར་ལགས་གྲང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐེག་པ་ཆེན་པོ་རྗེས་སུ་མཐུན་པར་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་

Vol. 33 · folio 14b

ཀྱི་མཐུས་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཡང་ཉེ་བར་མ་རྟོགས་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་ཡང་ཉེ་བར་མ་རྟོགས་བྱང་ཆུབ་སེམས་དཔའ་དབུས་སུ་ཡང་ཉེ་བར་མ་རྟོགས་སོ། །ཉེ་བར་མ་རྟོགས་པ་དེ་ཅིའི་སླད་

དུ་ཞེ་ན། གཟུགས་མུ་མ་མཆིས་པས་ན་བྱང་ཆུབ་སེམས་དཔའ་ཡང་མུ་མ་མཆིས་པར་རིག་པར་བགྱིའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མུ་མ་མཆིས་པས་ན་བྱང་ཆུབ་སེམས་དཔའ་ཡང་མུ་མ་མཆིས་པར་རིག་པར་བགྱིའོ། །གཟུགས་

བྱང་ཆུབ་སེམས་དཔའོ་ཞེས་ཉེ་བར་མ་རྟོགས་ཏེ་འདི་ཡང་མ་མཆིས་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའོ་ཞེས་ཉེ་བར་མ་རྟོགས་ཏེ། འདི་ཡང་མ་མཆིས་མི་དམིགས་སོ། །བཅོམ་ལྡན་འདས་དེ་

ལྟར་བདག་གིས་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་དམིགས་པས་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་མིང་འདི་གང་ལ་ཡོད་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་མི་དམིགས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་མི་དམིགས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་མ་མཐོང་ཞིང་མ་

དམིགས་ན་ཆོས་གང་ཞིག་ཆོས་གང་གིས་ཆོས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་སངས་རྒྱས་ཞེས་བགྱི་བ་འདི་ནི་མིང་ཙམ་མོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ཡང་མིང་ཙམ་མོ། །བཅོམ་ལྡན་འདས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི་ཡང་མིང་ཙམ་མོ། །མིང་དེ་ཡང་མངོན་པར་མ་གྲུབ་སྟེ། བཅོམ་ལྡན་འདས་ཇི་ལྟར་བདག་བདག་ཅེས་རྗོད་ཀྱང་བཅོམ་ལྡན་འདས་བདག་ཤིན་ཏུ་མངོན་པར་མ་གྲུབ་པ་བཞིན་ནོ། །དེ་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ལ་

Vol. 33 · folio 15a

གང་ཞིག་གཟུང་དུ་མ་མཆིས་ཤིང་མངོན་པར་མ་གྲུབ་པའི་གཟུགས་གང་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དེ་གང་ལགས། གང་ཞིག་གཟུང་དུ་མ་མཆིས་ཤིང་མངོན་པར་མ་གྲུབ་པའི་རྣམ་པར་ཤེས་པ་དེ་གང་ལགས། དེ་ལྟར་ཆོས་དེ་དག་

ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་གང་ལགས་པ་དེ་ནི་མངོན་པར་མ་གྲུབ་པ་ལགས་ལ། གང་ཆོས་ཐམས་ཅད་ཀྱི་མངོན་པར་མ་གྲུབ་པ་གང་ལགས་པ་དེ་ཡང་ཆོས་མ་ལགས་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་མ་གྲུབ་པས་མངོན་པར་མ་གྲུབ་པ་ལ་ཅི་ཞིག་

གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་མངོན་པར་མ་གྲུབ་པ་ལས་གཞན་ན་ཆོས་ཐམས་ཅད་དམ་སངས་རྒྱས་ཀྱི་ཆོས་སམ་བྱང་ཆུབ་སེམས་དཔའི་ཆོས་སམ་གང་བྱང་ཆུབ་ཏུ་སྤྱོད་པ་ཡང་མི་དམིགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བཤད་ཅིང་དེ་

ལྟར་བསྟན་ཏེ་དེ་ལྟར་ཉེ་བར་བསྟན་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འགོང་ཀུན་ཏུ་མི་ཞུམ་བག་མི་ཚ། བག་འཁུམས་པར་མི་འགྱུར་འདིའི་ཡིད་ཕྱིར་ཕྱོགས་པར་མི་བགྱིད་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར། མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་

པ་དང་ལྡན་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་

ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་རྟོག་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སེམས་པའོ་ཞེས་དེ་ལྟར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་འདི་དག་ཉེ་བར་རྟོག་པ་དེའི་ཚེ། གཟུགས་ཉེ་བར་མི་རྟོགས་གཟུགས་ཉེ་བར་མི་འཛིན་གཟུགས་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་གཟུགས་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཚོར་བ་མ་ཡིན་འདུ་ཤེས་མ་ཡིན་

Vol. 33 · folio 15b

འདུ་བྱེད་རྣམས་མ་ཡིན་རྣམ་པར་ཤེས་པ་ཉེ་བར་མི་རྟོགས་རྣམ་པར་ཤེས་པ་ཉེ་བར་མི་འཛིན་རྣམ་པར་ཤེས་པ་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་རྣམ་པར་ཤེས་པ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་ཀྱི་སྐྱེ་བ་མ་མཆིས་པ་གང་

ལགས་པ་དེ་ནི་གཟུགས་མ་ལགས། གཟུགས་ཀྱི་འཇིག་པ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེས་ན་སྐྱེ་བ་མ་མཆིས་པ་དང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །དེས་ན་འཇིག་པ་མ་མཆིས་པ་

དང་གཟུགས་ཞེས་བགྱི་བ་འདི་ཡང་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་ཏེ། གང་ཡང་འདི་སྐད་དུ་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་གཏོགས་སོ། །དེ་བཞིན་དུ་འདི་ལྟར་ཚོར་བའི་གང་ལགས་པ་དང་། འདུ་ཤེས་ཀྱི་གང་

ལགས་པ་དང་འདུ་བྱེད་རྣམས་ཀྱི་གང་ལགས་པ་དང་། འདི་ལྟར་རྣམ་པར་ཤེས་པའི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས། རྣམ་པར་ཤེས་པའི་འཇིག་པ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་ཏེ། དེས་ན་སྐྱེ་བ་མ་

མཆིས་པ་དང་རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ཡང་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །དེས་ན་འཇིག་པ་མ་མཆིས་པ་དང་རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ཡང་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་ཏེ། གང་ཡང་འདི་སྐད་དུ་རྣམ་པར་

ཤེས་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་གཏོགས་སོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཉེ་བར་རྟོག་ན། དེའི་ཚེ་གཟུགས་ཉེ་བར་མི་རྟོགས་གཟུགས་ཉེ་བར་མི་འཛིན་གཟུགས་སྐྱེ་བར་ཡང་དག་

པར་རྗེས་སུ་མི་མཐོང་གཟུགས་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཚོར་བ་མ་ཡིན་འདུ་ཤེས་མ་ཡིན་འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པ་ཉེ་བར་མི་རྟོགས་རྣམ་པར་ཤེས་པ་ཉེ་བར་མི་འཛིན་རྣམ་པར་ཤེས་པ་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་རྣམ་

Vol. 33 · folio 16a

པར་ཤེས་པ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས། གཟུགས་ཀྱི་འཇིག་པ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེས་ན་

སྐྱེ་བ་མ་མཆིས་པ་དང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །དེས་ན་འཇིག་པ་མ་མཆིས་པ་དང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་ཏེ། གང་ཡང་འདི་སྐད་དུ་གཟུགས་ཞེས་བགྱི་བ་

འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་གཏོགས་སོ། །དེ་བཞིན་དུ་འདི་ལྟར་ཚོར་བའི་གང་ལགས་པ་དང་། འདུ་ཤེས་ཀྱི་གང་ལགས་པ་དང་། འདུ་བྱེད་རྣམས་ཀྱི་གང་ལགས་པ་དང་། འདི་ལྟར་རྣམ་པར་ཤེས་པའི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་

ལགས། རྣམ་པར་ཤེས་པའི་འཇིག་པ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་ཏེ། དེས་ན་སྐྱེ་བ་མ་མཆིས་པ་དང་རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ཡང་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །དེས་ན་འཇིག་པ་མ་མཆིས་པ་དང་རྣམ་

པར་ཤེས་པ་ཞེས་བགྱི་བ་འདི་ཡང་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་ཏེ། གང་ཡང་འདི་སྐད་དུ་རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་གཏོགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་

བ། བམ་པོ་གཉིས་པ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །དེའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཇི་སྐད་སྨྲས་པའི་དོན་བདག་གིས་ཤེས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་

གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ན་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་སྤྱོད་པའམ་སེམས་ཅན་རྣམས་ཀྱི་ཕྱིར་སྡུག་བསྔལ་གང་ཡིན་པ་དེ་དག་ཉམས་སུ་མྱོང་བའི་དོན་དུ་སྤྲོ་བ་ཡང་ཅི་ཞིག་ཡོད། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་

Vol. 33 · folio 16b

དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་དོ། །གང་ཞིག་དཀའ་བའི་འདུ་ཤེས་ཀྱིས་སྤྱོད་པ་དེ་ནི་བྱང་ཆུབ་སེམས་དཔར་ཡང་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན།

ཚེ་དང་ལྡན་པ་ཤཱ་རིའི་བུ་དཀའ་བའི་འདུ་ཤེས་བསྐྱེད་ནས་ནི་སེམས་ཅན་གཞལ་དུ་མེད་གྲངས་མེད་པའི་དོན་བྱ་བར་མི་ནུས་སོ། །འོན་ཀྱང་བདེ་བའི་འདུ་ཤེས་ཉིད་དུ་བྱས་ནས་དེ་སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ་དང་ཕར་འདུ་ཤེས་པ་དང་བུར་འདུ་ཤེས་པ་དང་བུ་མོར་འདུ་ཤེས་

བསྐྱེད་པར་བྱས་ཤིང་། དེ་བཞིན་དུ་སྐྱེས་པ་དང་བུད་མེད་དག་ལ་འདུ་ཤེས་དེ་དག་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་མར་

འདུ་ཤེས་པ་དང་ཕར་འདུ་ཤེས་པ་དང་བུར་འདུ་ཤེས་པ་དང་བུ་མོར་འདུ་ཤེས་པ་དང་བདག་ཉིད་ཀྱི་བར་དུ་ཡང་འདུ་ཤེས་བསྐྱེད་པར་བྱ་སྟེ། ཇི་ལྟར་བདག་ནི་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་བ་དེ་བཞིན་དུ་སེམས་ཅན་

ཐམས་ཅད་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱའོ་ཞེས་དེ་ལྟར་སེམས་ཅན་ཐམས་ཅད་ལ་ཡང་འདུ་ཤེས་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་འདི་དག་ཐམས་ཅད་ཡོངས་སུ་མི་གཏང་ངོ་། །བདག་གིས་སེམས་ཅན་འདི་

དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དཔག་ཏུ་མེད་པ་ལས་ཐར་བར་བྱའོ། །བདག་གི་ལུས་བརྒྱར་གཏུབས་ཀྱང་ཆུང་ངུ་ན་འདི་དག་ལ་བདག་གིས་གནོད་སེམས་ཀྱང་མི་བསྐྱེད་དོ་སྙམ་དུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་པར་བྱའོ། །གལ་ཏེ་སེམས་

ཅན་དེ་ལྟར་གནས་ན་དཀའ་བ་བྱེད་པའི་འདུ་ཤེས་སུ་སྤྱོད་པ་མ་ཡིན་ནོ། །དཀའ་བ་བྱེད་པའི་འདུ་ཤེས་སུ་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ནས་ཀྱང་བདག་ནི་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་

Vol. 33 · folio 17a

ཐམས་ཅད་མེད་ཅིང་མི་དམིགས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་ཅིང་མི་དམིགས་པ་དེ་ལྟར་སེམས་བསྐྱེད་པར་བྱ་ཞིང་དེ་ལྟར་ནང་དང་ཕྱིའི་ཆོས་ཐམས་ཅད་ལ་འདུ་ཤེས་བསྐྱེད་པར་བྱའོ། །གལ་ཏེ་སེམས་

དེ་ལྟར་སྤྱོད་ན་དཀའ་བའི་འདུ་ཤེས་ཅན་དུ་སྤྱོད་པ་མ་ཡིན་དཀའ་བའི་འདུ་ཤེས་ཅན་དུ་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ནོ་ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ།

བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་མེད་པའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་བྱང་ཆུབ་སེམས་དཔའ་ཉིད་སྐྱེ་བ་མེད་དམ་འོན་ཏེ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་སྐྱེ་བ་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་

ཆོས་རྣམས་ཀྱང་སྐྱེ་བ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཁོ་ན་སྐྱེ་བ་མེད་དམ་འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་

བ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་སྐྱེ་བ་མེད་དམ་འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཀྱང་སྐྱེ་བ་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་

ཀྱང་སྐྱེ་བ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐམས་ཅད་མཁྱེན་པའི་ཆོས་རྣམས་ཁོ་ན་སྐྱེ་བ་མེད་དམ་འོན་ཏེ་སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད་དོ། །ཤཱ་རིའི་བུས་

སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སོ་སོའི་སྐྱེ་བོ་ཉིད་སྐྱེ་བ་མེད་དམ། འོན་ཏེ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྐྱེ་བ་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྐྱེ་བ་མེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་

Vol. 33 · folio 17b

པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་སྐྱེ་བ་མེད་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་

ཀྱང་སྐྱེ་བ་མེད་སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྐྱེ་བ་མེད་པ་ཡིན་ན། ཚེ་དང་ལྡན་པ་རབ་འབྱོར་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་ཡིན་ནམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་

འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་མ་སྐྱེས་པའི་ཆོས་ལ་ཐོབ་པར་མི་འདོད་ལ་མངོན་པར་རྟོགས་པར་ཡང་མ་ཡིན་ཏེ། མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་འཐོབ་པར་ཡང་མི་འགྱུར་རོ། །ཤཱ་རིའི་བུས་སྨྲས་པ་ཚེ་

དང་ལྡན་པ་རབ་འབྱོར་ཡང་ཅི་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་སྐྱེས་པ་འཐོབ་པར་འགྱུར་རམ། འོན་ཏེ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་འཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་མ་སྐྱེས་པའི་ཆོས་སྐྱེས་པ་ཡིན་ནམ། འོན་ཏེ་མ་སྐྱེས་པའི་

ཆོས་མ་སྐྱེས་པ་ཉིད་ཡིན། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སྐྱེ་བའི་ཆོས་ཉིད་མི་སྐྱེ་བ་ཡིན་ནམ་འོན་ཏེ་མི་སྐྱེ་བའི་ཆོས་མི་སྐྱེ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བའི་ཆོས་སམ་མི་སྐྱེ་པའི་ཆོས་ཞེས་སྨྲ་བར་མི་སྤོབས་སོ། །ཤཱ་རིའི་

བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་སྐྱེ་བ་མེད་པ་ཡང་སྨྲ་བར་མི་སྤོབས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་རྗོད་པ་ཡིན་ལ་ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་སོ་སོར་སྣང་བ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་

སྤོབས་པ་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཁོ་ན་བཞིན་དུ་ཤིན་ཏུ་སོ་སོར་སྣང་བ་ཉིད་དོ། །དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྟོན་པའི་ནང་ན་མཆོག་ཏུ་གཞག་པར་བྱའོ། །དེ་ཅིའི་

Vol. 33 · folio 18a

ཕྱིར་ཞེ་ན། འདི་ལྟར་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ནི་གང་དང་གང་ཉིད་ལ་ཡོངས་སུ་དྲི་བ་བྱས་པ་དེ་དང་དེ་ཉིད་ལ་ངེས་པར་འབྱུང་བར་འགྱུར་ཞིང་ཆོས་ཉིད་ལས་ཀྱང་མི་གཡོ་ལ་ཆོས་ཉིད་དེ་དང་འགལ་བར་ཡང་མི་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང་ཚེ་དང་

ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་མི་གནས་པའི་ཆོས་ཅན་རྣམས་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ་དེ་དག་ནི་གང་དང་གང་ཉིད་ལ་ཡོངས་སུ་དྲི་བ་བྱས་པ་དེ་དང་དེ་ཉིད་ལ་ངེས་པར་འབྱུང་བར་འགྱུར་

ཞིང་ཆོས་ཉིད་དང་འགལ་བར་ཡང་མི་བྱེད་ལ་ཆོས་ཉིད་ལས་ཀྱང་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་ཆོས་ཐམས་ཅད་མི་གནས་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་

རབ་འབྱོར་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་འདི་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཐེག་པ་ཐམས་ཅད་ཆོས་ཐམས་

ཅད་ལ་མི་གནས་པའི་ཕྱིར་ཆོས་ཐམས་ཅད་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟར་བཤད་ཅིང་འདི་ལྟར་བསྟན་པ་དང་འདི་ལྟར་ཉེ་བར་བསྟན་པ་ལ་སེམས་ཞུམ་པར་མི་འགྱུར་

བ་དང་ནེམ་ནུར་དུ་མི་འགྱུར་བ་དང་རྨོངས་པར་མི་འགྱུར་བ་དང་། སེམས་གཞན་དུ་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བ་ཡིན་ནོ་ཞེས་རིག་པར་བྱའོ། །དེ་ནས་

ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པ་གང་ཡིན་པ་དེ་ཅི་ལྟར་ཡིད་ལ་བྱེད་པ་དང་མ་བྲལ་བར་འགྱུར། ཚེ་དང་

Vol. 33 · folio 18b

ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་ན། དེ་ལྟ་ན་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་བྲལ་བར་འགྱུར་ཞིང་། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་མ་བྲལ་ན་དེ་ལྟ་ན་ནི་དེ་ཡིད་ལ་བྱེད་པ་དེ་དང་བྲལ་བར་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མ་བྲལ་བ་ཉིད་

དུ་འགྱུར་ན་དེ་ལྟ་ཡིན་དུ་ཟིན་ན་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མ་བྲལ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱང་ཡིད་ལ་བྱེད་པ་དང་མ་བྲལ་བར་གནས་སོ། །དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་

ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལེགས་སོ་ལེགས་སོ། །འོན་ཀྱང་ཁྱོད་ལ་ཡང་ཀླན་ཀར་འགྱུར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་དོན་འདི་ཉིད་ཡང་དག་པའི་ཚིག་ཏུ་བརྗོད་པར་ཡང་ཡོངས་སུ་གཟུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་

རིའི་བུ་སེམས་ཅན་ངོ་བོ་ཉིད་མེད་པས་ན་ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དངོས་པོ་མེད་པས་ན་ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དབེན་པས་ན་ཡིད་ལ་བྱེད་པ་དབེན་པར་རིག་

པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་བསམ་གྱིས་མི་ཁྱབ་པས་ན་ཡིད་ལ་བྱེད་པ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མངོན་པར་རྫོགས་པར་བྱང་མ་ཆུབ་པས་ན་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་བྱང་མ་ཆུབ་པར་རིག་པར་བྱའོ། །

ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་ཡང་དག་པ་ཇི་ལྟ་བ་མ་ཡིན་པའི་དོན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་ན་ཡིད་ལ་བྱེད་པ་ཡང་དག་པ་ཇི་ལྟ་བ་མ་ཡིན་པའི་དོན་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

Vol. 33 · folio 19a

པོ་ནི་དེ་ལྟ་བུའི་ངོ་བོའི་ཡིད་ལ་བྱེད་པ་འདི་དང་གནས་པ་འདིས་གནས་པར་འདོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།དེའི་ཚེ་ཡང་

ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་བཞི་ཁྲི་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་ཏེ་འཁོད་པར་གྱུར་ཏོ། །འཇིག་རྟེན་སྐྱོང་བ་བཞི་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ཉི་ཁྲིར་བཅས་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་ཚངས་རིས་ཀྱི་ལྷའི་བུ་ཁྲིར་

བཅས་པ་དང་། གནས་གཙང་མའི་ལྷའི་བུ་ལྔ་སྟོང་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འཁོད་པར་གྱུར་ཏེ། ལྷ་རྣམས་ཀྱི་རང་གི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་གང་ཡིན་པ་དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་གཟི་བརྗིད་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་

ཀྱིས་ཟིལ་གྱིས་མནན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ལྷའི་བུ་སྟོང་ཕྲག་མང་པོ་འཁོར་འདིར་འདུས་ཏེ་འཁོད་པ་འདི་རྣམས་འཕགས་པ་རབ་འབྱོར་ལས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བསྟན་པ་དང་གདམས་པ་དང་རྗེས་སུ་བསྟན་པ་ཉན་པར་འདོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་ཅི་ལྟར་བསླབ་པར་བྱ་ཅི་ལྟར་རྣལ་འབྱོར་དུ་བྱ། གནས་

བརྟན་རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་གཟི་བརྗིད་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཉེ་བར་བསྟན་པར་བྱ་སྟེ། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་སེམས་བསྐྱེད་

པར་བྱའོ། །གང་དག་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་ལས་མཚམས་བཅད་པས་དེ་དག་ཡང་དང་ཡང་དུ་འཁོར་ཞིང་བླ་ན་མེད་པ་

Vol. 33 · folio 19b

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་དོ། །འོན་ཀྱང་གལ་ཏེ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ། །ཁོ་བོ་ནི་དེ་དག་གི་དགེ་བ་ལ་བར་ཆད་མི་བྱེད་དེ་ཁྱད་པར་དུ་

འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ལྷག་པར་དམིགས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

ལ་སྤྲོ་བ་སྐྱེད་པ་གང་ཡིན་པ་ནི་རབ་འབྱོར་ཡང་ཁྱོད་ལེགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་བཅོམ་ལྡན་འདས་ཀྱི་བཀའ་དྲིན་གཟོ་བར་བགྱི་སྟེ་བཀའ་དྲིན་མི་

གཟོ་བར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་བདག་ཅག་རྣམས་ཀྱི་དོན་དུ་བྱང་ཆུབ་ཀྱི་ཕྱིར་ཚངས་

པར་སྤྱད་པ་སྤྱོད་པ་ན་ཉན་ཐོས་གང་དག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་སྤྱད་པས་བླ་ན་མེད་པའི་ཡེ་ཤེས་བསྐྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

རྗེས་སུ་ཡོངས་སུ་གཟུང་བར་བགྱི་ཞིང་རྗེས་སུ་ཡོངས་སུ་བསྐོར་བར་བགྱིའོ་ཡང་དག་པར་ཡོངས་སུ་གཟུང་བར་བགྱི་ཞིང་ཡང་དག་པར་ཡོངས་སུ་བསྐོར་བར་ཡང་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལ་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་རྗེས་སུ་ཡོངས་སུ་བཟུང་ཞིང་རྗེས་སུ་ཡོངས་སུ་བསྐོར་བ་དང་ཡང་དག་པར་ཡོངས་སུ་བཟུང་ཞིང་ཡང་དག་པར་ཡོངས་སུ་བསྐོར་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་

Vol. 33 · folio 20a

རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་ངས་ཁྱོད་ལ་བཤད་པར་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྟེ། ཀཽ་ཤི་ཀ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་པར་འགྱུར་བར་བྱའོ། །གཟུགས་ལ་གནས་པར་མི་བྱའོ། །ཚོར་བ་ལ་མ་

ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །མིག་ལ་གནས་པར་མི་བྱའོ་གཟུགས་ལ་གནས་པར་མི་བྱའོ། །མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ་མིག་གི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མི་བྱའོ། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་གནས་པར་མི་བྱའོ། །སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དང་ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་ལ་གནས་པར་མི་བྱའོ། །སའི་ཁམས་ལ་གནས་པར་མི་བྱའོ། །ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བྱའོ། །དྲན་པ་ཉེ་བར་གཞག་པ་ལ་གནས་པར་མི་བྱའོ། །

ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་ལ་གནས་པར་མི་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་ལ་གནས་

པར་མི་བྱའོ། །རང་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ། །སངས་རྒྱས་ཉིད་ལ་གནས་པར་མི་བྱའོ། །དེ་ལྟར་ན་གཟུགས་སོ་ཞེས་གནས་པར་མི་བྱའོ། །དེ་ལྟར་ན་ཚོར་བའོ་ཞེས་བྱ་བ་དང་འདུ་ཤེས་སོ་ཞེས་བྱ་བ་དང་འདུ་བྱེད་རྣམས་སོ་ཞེས་བྱ་བ་དང་དེ་ལྟར་ན་རྣམ་པར་ཤེས་པའོ་

Vol. 33 · folio 20b

ཞེས་གནས་པར་མི་བྱའོ། །དེ་ལྟར་ན་མིག་གོ་ཞེས་བྱ་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བའི་བར་དུ་གནས་པར་མི་བྱའོ། །དེ་ལྟར་ན་སའི་ཁམས་སོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བའི་བར་དུ་གནས་པར་མི་བྱའོ། །དེ་ལྟར་ན་

དྲན་པ་ཉེ་བར་གཞག་པའོ་ཞེས་གནས་པར་མི་བྱའོ། །དེ་ལྟར་ན་ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་ཞེས་བྱ་བ་དང་དེ་ལྟར་ན་ལམ་གྱི་ཡན་ལག་གོ་ཞེས་གནས་པར་མི་བྱའོ། །དེ་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་

བུའོ་ཞེས་གནས་པར་མི་བྱའོ། །དེ་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ་ཞེས་བྱ་བ་དང་དེ་ལྟར་ན་ཕྱིར་མི་འོང་བའི་འབྲས་བུའོ་ཞེས་བྱ་བ་དང་དེ་ལྟར་ན་དགྲ་བཅོམ་པའོ་ཞེས་གནས་པར་མི་བྱའོ། །དེ་ལྟར་ན་རང་སངས་རྒྱས་སོ་ཞེས་གནས་པར་མི་བྱའོ། །དེ་ལྟར་ན་སངས་རྒྱས་སོ་

ཞེས་གནས་པར་མི་བྱའོ། །གཟུགས་རྟག་པ་དང་མི་རྟག་པའོ་ཞེས་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རྟག་པ་དང་མི་རྟག་པའོ་ཞེས་གནས་པར་མི་བྱའོ། །གཟུགས་བདེ་བ་དང་སྡུག་བསྔལ་བའོ་ཞེས་གནས་པར་མི་བྱའོ། །

དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་བའོ་ཞེས་གནས་པར་མི་བྱའོ། །གཟུགས་སྟོང་པ་དང་མི་སྟོང་པའོ་ཞེས་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་སྟོང་པ་དང་

མི་སྟོང་པའོ་ཞེས་གནས་པར་མི་བྱའོ། །གཟུགས་བདག་དང་བདག་མེད་པའོ་ཞེས་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་བདག་དང་བདག་མེད་པའོ་ཞེས་གནས་པར་མི་བྱའོ། །གཟུགས་སྡུག་པ་དང་མི་སྡུག་པའོ་ཞེས་

གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་སྡུག་པ་དང་མི་སྡུག་པའོ་ཞེས་གནས་པར་མི་བྱའོ། །གཟུགས་སྟོང་པའོ་ཞེས་ཉེ་བར་དམིགས་པས་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་

Vol. 33 · folio 21a

པར་ཤེས་པ་སྟོང་པའོ་ཞེས་ཉེ་བར་དམིགས་པས་གནས་པར་མི་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་འདུས་

མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གནས་པར་མི་བྱའོ། །རང་སངས་རྒྱས་ཉིད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གནས་པར་མི་བྱའོ། །སངས་རྒྱས་ཉིད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གནས་པར་མི་བྱའོ། །རྒྱུན་ཏུ་ཞུགས་པ་སྦྱིན་པའི་གནས་སོ་ཞེས་བྱ་བར་གནས་པར་

མི་བྱའོ། །རྒྱུན་ཏུ་ཞུགས་པ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའོ་ཞེས་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བ་སྦྱིན་པའི་གནས་སོ་ཞེས་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བ་ཡོངས་སུ་མཐར་མ་ཕྱིན་པའི་ཕྱིར་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་

འགྱུར་རོ་ཞེས་གནས་པར་མི་བྱའོ། །ཕྱིར་མི་འོང་བ་སྦྱིན་པའི་གནས་སོ་ཞེས་གནས་པར་མི་བྱའོ། །ཕྱིར་མི་འོང་བ་འཇིག་རྟེན་འདིར་ཕྱིར་མི་འོང་བར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གནས་པར་མི་བྱའོ། །དགྲ་བཅོམ་པ་ཉིད་སྦྱིན་པའི་གནས་སོ་ཞེས་གནས་པར་མི་བྱའོ། །

དགྲ་བཅོམ་པ་འདི་ཉིད་དུ་ཕུང་པོའི་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་གནས་པར་མི་བྱའོ། །རང་སངས་རྒྱས་སྦྱིན་པའི་གནས་སོ་ཞེས་གནས་པར་མི་བྱའོ། །རང་སངས་རྒྱས་ནི་ཉན་ཐོས་ཀྱི་ས་ལས་འདས་ནས་སངས་རྒྱས་

ཀྱི་ས་མ་ཐོབ་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གནས་པར་མི་བྱའོ། །སངས་རྒྱས་ནི་སྦྱིན་པའི་གནས་སོ་ཞེས་གནས་པར་མི་བྱའོ། །སངས་རྒྱས་ནི་སོ་སོའི་སྐྱེ་བོའི་ས་ལས་འདས་པ་དང་ཉན་ཐོས་ཀྱིས་ལས་འདས་པ་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས་གཞལ་

དུ་མེད་གྲངས་མེད་པའི་སེམས་ཅན་རྣམས་ཀྱི་དོན་མཛད་དེ། གཞལ་དུ་མེད་གྲངས་མེད་སེམས་ཅན་བྱེ་པ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་མྱ་ངན་ལས་བཟླས། གཞལ་དུ་མེད་གྲངས་མེད་པའི་སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་

Vol. 33 · folio 21b

སུ་ངེས་པར་མཛད་ཅིང་སངས་རྒྱས་ཀྱི་ས་ལ་བཞུགས་ཏེ་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཕུང་བོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་དེས་འདི་ལྟར་ཡང་གནས་པར་མི་

བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། གལ་ཏེ་སངས་རྒྱས་ནི་སོ་སོའི་སྐྱེ་བོའི་ས་ལས་འདས་པ་དང་ཉན་ཐོས་ཀྱི་ས་ལས་འདས་པ་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས་གཞལ་དུ་མེད་གྲངས་མེད་པའི་སེམས་ཅན་རྣམས་ཀྱི་དོན་མཛད་དེ། གཞལ་དུ་

མེད་གྲངས་མེད་པའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་མྱ་ངན་ལས་བཟླས། གཞལ་དུ་མེད་གྲངས་མེད་པའི་སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ངེས་པར་མཛད་ཅིང་སངས་རྒྱས་ཀྱི་ས་ལ་བཞུགས་ཏེ་སངས་རྒྱས་ཀྱི་

མཛད་པ་མཛད་ནས་ཕུང་བོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་དེས་འདི་ལྟར་ཡང་གནས་པར་མི་བྱ་ན་དེས་ཡང་ཅི་ལྟར་འདི་ལ་གནས་པར་བྱ་ཅི་ལྟར་བསླབ་པར་བྱ་སྙམ་པ་དང་།

དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་ཅི་ཞིག་ལ་གནས། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཅི་ལ་ཡང་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་ཤིན་ཏུ་མི་གནས་པ་སྟེ་དེ་ནི་འདུས་བྱས་ཀྱི་ཁམས་ལ་ཡང་མི་གནས་ལ་འདུས་མ་བྱས་ཀྱི་ཁམས་ལ་ཡང་མི་གནས་ཏེ་དེ་ལས་བཞེངས་པ་ཡང་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །

Vol. 33 · folio 22a

ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟ་བུ་ཉིད་གནས་པར་བྱ་ཞིང་འདི་ལྟར་བསླབ་པར་བྱ་སྟེ། ཅི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགའ་ཞིག་ལ་གནས་པ་མ་ཡིན་

ཞིང་མི་གནས་པ་ཡང་མ་ཡིན་ལ་མི་འཐུན་པར་གནས་པ་མ་ཡིན་ཞིང་མི་འཐུན་པར་མི་གནས་པ་ཡང་མ་ཡིན་པ་དེ་བཞིན་དུ་གནས་པར་བྱའོ་སྙམ་པ་དང་། དེ་བཞིན་གཤེགས་པའི་གནས་པ་ཅི་ལྟ་བ་དེ་བཞིན་དུ་གནས་པར་བྱའོ་སྙམ་ཞིང་དེ་བཞིན་དུ་བསླབ་པར་བྱའོ་སྙམ་པ་དང་། དེ་བཞིན་

གཤེགས་པའི་གནས་པ་ཅི་ལྟ་བ་དེ་བཞིན་དུ་གནས་ན་མི་གནས་པའི་ཚུལ་གྱིས་ཤེས་པར་གནས་པ་ཡིན་ནོ་སྙམ་དུ་འདིས་དེ་ལྟར་བསླབ་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་གནས་པར་བྱ་ཞིང་དེ་བཞིན་དུ་བསླབ་པར་བྱ་སྟེ། དེ་ལྟར་སློབ་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བ་ཡིན་ནོ། །དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་སྐད་དང་

གནོད་སྦྱིན་གྱི་སྒྲ་དང་གནོད་སྦྱིན་གྱི་ཚིག་དང་གནོད་སྦྱིན་གྱི་གཏམ་དུ་བྱས་པ་དང་གནོད་སྦྱིན་གྱི་རབ་ཏུ་བརྗོད་པ་གང་ཡིན་པ་དེ་དག་སྨྲས་པ་ནི་ཤེས་པར་རུང་གི །གནས་བརྟན་རབ་འབྱོར་གང་འཆད་པ་དང་རབ་ཏུ་རྗོད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་འདི་ནི་ཤེས་པར་ཡང་མི་རུང་ངོ་སྙམ་

མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པའི་ངོ་བོ་ཉིད་དེ་ལྟ་བུ་སེམས་ཀྱིས་ཡོངས་སུ་ཤེས་ནས་ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་ཤེས་པར་མི་རུང་ཤེས་པར་མི་རུང་ཞེས་བྱ་བ་དེ་ནི་འདི་ལྟར་འདི་ལ་ཅུང་ཟད་ཀྱང་སྨོས་པ་

མེད་དེ། འདི་ལ་ཅུང་ཟད་ཀྱང་ཐོས་པ་མེད་དོ། །དེ་ནས་ལྷའི་བུ་དེ་དག་ཡང་འདི་སྙམ་སེམས་པར་གྱུར་ཏེ། ཨེ་མའོ་འཕགས་པ་རབ་འབྱོར་འདིས་ནི་གསལ་བར་བྱེད་པར་འགྱུར་རོ་ཨེ་མའོ་འཕགས་པ་རབ་འབྱོར་འདིས་ནི་གསལ་བར་བྱེད་པར་འགྱུར་ཏེ། འཕགས་པ་རབ་འབྱོར་ནི་

Vol. 33 · folio 22b

རིང་བ་བས་ཀྱང་ཆེས་རིང་དུ་འཇུག་པ་འཕགས་པ་རབ་འབྱོར་ནི་ཕྲ་བ་བས་ཀྱང་ཆེས་ཕྲ་བ་ཟབ་པ་བས་ཀྱང་ཆེས་ཟབ་པར་འཇུག་པས་སྟོན་ཅིང་འཆད་དོ་སྙམ་མོ། །དེ་ནས་ཡང་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་

ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་ལྟ་བས་ན་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འདོད་པ་དང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་པ་དེས་བཟོད་པ་འདི་ལ་མ་རྟེན་པར་མི་འགྲུབ་བོ། །དེ་བཞིན་དུ་སྦྱར་ཏེ་གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་

པར་འདོད་པ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་འདོད་པ་དང་། གང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འདོད་པ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འདོད་པ་དང་། གང་དགྲ་བཅོམ་པ་ཉིད་ཐོབ་པར་འདོད་པ་དང་དགྲ་བཅོམ་པ་ཉིད་ལ་གནས་པར་འདོད་པ་དང་།

གང་རང་བྱང་ཆུབ་ཐོབ་པར་འདོད་པ་དང་རང་བྱང་ཆུབ་ལ་གནས་པར་འདོད་པ་དེས་བཟོད་པ་འདི་ལ་མ་རྟེན་པར་མི་འགྲུབ་བོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་པ་དེས་བཟོད་

པ་འདི་ལ་མ་རྟེན་པར་མི་འགྲུབ་བོ། །དེ་ནས་ཡང་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། འཕགས་པ་རབ་འབྱོར་འདི་ལ་ཆོས་ཉན་པ་རང་བཞིན་ཅི་ལྟ་བུ་ཞིག་བཙལ་བར་བྱ་སྙམ་པ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་

སེམས་ཀྱིས་ཤེས་ནས་ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་ཁོ་བོ་ལ་ཆོས་ཉན་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་དག་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཉན་པར་མི་འགྱུར་མངོན་དུ་བྱེད་པར་མི་འགྱུར་རོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་

ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཡང་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་ཡིན་གྱི་དེ་དག་སྒྱུ་མ་ནི་མ་ཡིན་ནམ། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་ལྷའི་བུ་དག་སེམས་

Vol. 33 · folio 23a

ཅན་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། ལྷའི་བུ་དག་དེ་ལྟར་ན་སྒྱུ་མ་དང་སེམས་ཅན་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ལྟར་ན་རྨི་ལམ་དང་སེམས་ཅན་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་

ལྟ་བུའོ། །རྒྱུན་ཏུ་ཞུགས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཡང་སྒྱུ་

མ་ལྟ་བུ་རྨི་ལམ་ལྟ་བུའོ། །དགྲ་བཅོམ་པ་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རང་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རང་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཡང་དག་པར་

རྫོགས་པའི་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་ཟེར་རམ་ཡང་དག་པར་རྫོགས་པའི་སངས་

རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་སྨྲ་ན་ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དེ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་

ཞེས་ཟེར་རམ། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་བདག་ནི་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ། །ལྷའི་བུ་དག་དེ་ལྟར་ན་སྒྱུ་མ་དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་

དེ་གཉིས་སུ་བྱར་མེད་དོ། །དེ་ལྟར་ན་རྨི་ལམ་དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཚེ་དང་ལྡན་པ་གང་བོ་བྱམས་མའི་བུ་དང་ཚེ་དང་ལྡན་པ་ལྟོ་རིངས་ཆེན་པོ་དང་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དང་ཚེ་དང་ལྡན་པ་འོད་

Vol. 33 · folio 23b

སྲུང་ཆེན་པོ་དང་ཉན་ཐོས་ཆེན་པོ་གཞན་དག་གིས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དང་ཐབས་ཅིག་ཏུ་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་བསྟན་པ་འདི་ལ་སུ་དག་ཡང་དག་པར་འཛིན་པར་

འགྱུར། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གནས་བརྟན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སམ། ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་སམ། དགྲ་བཅོམ་པ་ཟག་པ་ཟད་པ་

གང་ཡིན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་བསྟན་པ་འདི་ལ་ཡང་དག་པར་འཛིན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གནས་བརྟན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་བཤད་པ་འདི་ལ་ཡང་དག་

པར་འཛིན་པ་སུ་ཡང་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལ་ཆོས་གང་ཡང་མ་སྨོས་ཆོས་གང་ཡང་ཡོངས་སུ་སྣང་བར་མ་བྱས། ཆོས་གང་ཡང་མ་བཞག་གོ། །དེ་བས་ན་ཅི་ལྟར་འདི་ལ་ཆོས་གང་ཡང་མ་སྨོས་ཆོས་གང་ཡང་ཡོངས་སུ་སྣང་བར་མ་བྱས་ཆོས་གང་ཡང་མ་བཞག་པ་དེ་

བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་བསྟན་པ་འདི་ལ་ཡང་དག་པར་འཛིན་པ་གང་ཡང་མི་འབྱུང་ངོ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འཕགས་པ་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ལ་བདག་གིས་ཀྱང་མཆོད་པའི་དོན་དུ་འདི་ལྟར་མེ་

ཏོག་དག་མངོན་པར་སྤྲུལ་ཏེ་འཕགས་པ་རབ་འབྱོར་ལ་མངོན་པར་གཏོར་ཏོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེའི་ཚེ་མེ་ཏོག་དག་མངོན་པར་སྤྲུལ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་མངོན་པར་གཏོར་ཏོ། །དེ་ནས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་

ལ་རྗེས་སུ་བརྗོད་པའི་ཕྱིར་འདི་སྙམ་དུ་སེམས་ཏེ། ཡང་འདི་ལྟར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ། །འདི་ལྟར་ལྷ་རྣམས་ཀྱི་དབང་པོས་

Vol. 33 · folio 24a

མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ཤིང་དང་གེལ་བ་དང་འཁྲི་ཤིང་ལས་སྐྱེས་པ་མ་ཡིན་གྱི་ཡིད་ལས་བྱུང་བའི་མེ་ཏོག་གོ་སྙམ་པ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་རབ་

འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་མེ་ཏོག་འདི་དག་ནི་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ལས་སྐྱེས་པའི་མེ་ཏོག་ནི་གང་ཡང་མེད་དེ་ཤིང་དང་གེལ་བ་དང་འཁྲི་ཤིང་ལས་སྐྱེས་པ་ཡང་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་

བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་འདི་སྐད་དུ་མེ་ཏོག་འདི་དག་ནི་མ་སྐྱེས་པ་སྟེ། མེ་ཏོག་འདི་དག་ནི་ཡིད་ལས་སྐྱེས་པ་མ་ཡིན་ཤིང་དང་གེལ་བ་དང་འཁྲི་ཤིང་ལས་སྐྱེས་པ་ཡང་མ་ཡིན་ནོ་ཞེས་ཟེར་ན། ཀཽ་ཤི་ཀ་གང་མ་སྐྱེས་པ་དེ་ནི་མེ་ཏོག་མ་ཡིན་ནོ། །དེ་ནས་

ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཨེ་མའོ་འཕགས་པ་རབ་འབྱོར་ནི་ཤེས་རབ་ཟབ་སྟེ་མིང་དང་ཚིག་ཏུ་བཏགས་པ་དེ་ཡང་སྟོན་ལ་དེ་དང་ཡང་འགལ་བར་ཡང་མི་བྱེད། དེ་ཉིད་ཀྱང་གསལ་བར་བྱེད་ཅིང་དེ་ཉིད་ཀྱང་ཉེ་བར་སྟོན་ཏོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་

བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། འཕགས་པ་རབ་འབྱོར་ཅི་སྐད་དུ་ཉེ་བར་སྟོན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལ་བསླབ་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་།

ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་བསླབ་པར་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་རྒྱུན་

ཏུ་ཞུགས་པའི་འབྲས་བུ་ལ་མི་སློབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མི་སློབ་ཕྱིར་མི་འོང་བའི་འབྲས་བུ་ལ་མི་སློབ་དགྲ་བཅོམ་པ་ཉིད་ལ་མི་སློབ་བོ། །རང་སངས་རྒྱས་ཉིད་ལ་མི་སློབ་སངས་རྒྱས་ཉིད་ལ་མི་སློབ་སྟེ། གང་ས་འདི་དག་ལ་མི་སློབ་པ་དེ་ནི་སངས་རྒྱས་ཉིད་དང་ཐམས་ཅད་

Vol. 33 · folio 24b

མཁྱེན་པ་ཉིད་ལ་སློབ་བོ། །གང་སངས་རྒྱས་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་དེ་ནི་སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་གྲངས་མེད་པ་ལ་སློབ་བོ། །གང་སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་གྲངས་མེད་པ་ལ་སློབ་པ་དེ་ནི་གཟུགས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་

བོ། །དེ་བཞིན་དུ་དེ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་དེ་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །གང་གཟུགས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དང་གང་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་

བྱེད་རྣམས་ལ་མ་ཡིན་གང་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དེ་ན་གཟུགས་ཡོངས་སུ་གཟུང་བ་དང་དོར་བར་བྱ་བའི་ཕྱིར་མི་སློབ་བོ། །དེ་བཞིན་དུ་དེ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་དེ་རྣམ་པར་ཤེས་པ་ཡོངས་སུ་

གཟུང་བ་དང་དོར་བར་བྱ་བའི་ཕྱིར་མི་སློབ་བོ། །ཆོས་འགའ་ཞིག་ཡོངས་སུ་གཟུང་བའི་ཕྱིར་ཡང་མི་སློབ་སྟེ། སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་བོ། །གང་ཆོས་འགའ་ཞིག་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་པ་དེ་ནི་ཐམས་ཅད་མཁྱེན་པ་

ཉིད་ཀྱང་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་སྟེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་

དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་འགའ་ཞིག་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་གཟུང་བའི་ཕྱིར་མི་

སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ། ནུབ་པའི་ཕྱིར་མི་སློབ་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རམ། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ཚེ་དང་

Vol. 33 · folio 25a

ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་འགའ་ཞིག་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་

སུ་གཟུང་བའི་ཕྱིར་མི་སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་ཅིང་སྐྱེ་བའི་ཕྱིར་མི་སློབ་ནུབ་པའི་ཕྱིར་མི་སློབ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་

ཅད་མཁྱེན་པ་ཉིད་ལ་སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

གང་ལས་བཙལ་བར་བྱ། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚེ་དང་ལྡན་པ་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་

ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་འདི་ལྟར་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་གང་ཡིན་པ་འདི་སུའི་མཐུར་རིག་པར་བྱ་འདི་སུའི་བྱིན་གྱི་རླབས་སུ་རིག་པར་བྱ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འཆད་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་མཐུར་རིག་པར་བྱ། འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སུ་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་འདི་སྐད་དུ་འཕགས་པ་

རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་གང་ཡིན་པ་འདི་སུའི་མཐུར་རིག་པར་བྱ་འདི་སུའི་བྱིན་གྱི་རླབས་སུ་རིག་པར་བྱ་ཞེས་ཟེར་བ་ནི་ཀཽ་ཤི་ཀ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་མཐུར་རིག་པར་བྱའོ། །འདི་ནི་དེ་བཞིན་

Vol. 33 · folio 25b

གཤེགས་པའི་བྱིན་གྱི་རླབས་སུ་རིག་པར་བྱའོ། །ཀཽ་ཤི་ཀ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལས་བཙལ་བར་བྱ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་གཟུགས་ལས་བཙལ་བར་མི་བྱ་གཟུགས་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །དེ་བཞིན་དུ་ཚོར་བ་ལས་མ་ཡིན་འདུ་ཤེས་ལས་མ་ཡིན་འདུ་བྱེད་རྣམས་ལས་མ་ཡིན་རྣམ་པར་ཤེས་པ་ལས་བཙལ་བར་མི་བྱ་རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་གཟུགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གཞན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །དེ་བཞིན་དུ་ཚོར་བ་མ་ཡིན་འདུ་ཤེས་མ་ཡིན་འདུ་བྱེད་རྣམས་མ་ཡིན་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་

རྣམ་པར་ཤེས་པ་ལས་གཞན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་

རོལ་ཏུ་ཕྱིན་པ་ཆེན་པོའོ། །འཕགས་པ་རབ་འབྱོར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པ་རབ་འབྱོར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པ་རབ་འབྱོར་འདི་ལྟ་

སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །གནས་བརྟན་རབ་འབྱོར་གྱིས་སྨྲས་པ་དེ་དེ་བཞིན་ནོ་ཀཽ་ཤི་ཀ་དེ་དེ་བཞིན་ཏེ་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ནི་ཚད་མ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཆེ་བའི་

Vol. 33 · folio 26a

ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཆེ་བའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །

གཟུགས་ཚད་མ་མེད་པའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཚད་མ་མེད་པའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་

མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་ཚད་མེད་པའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཚད་མེད་པའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ནི་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་མཐའ་ཡས་པའི་ཕྱིར་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར་ཀཽ་ཤི་

ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བར་མངོན་པར་ཆགས་པར་མི་བྱེད་དེ། དེ་བཞིན་དུ་ཚད་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་དེ་བཞིན་དུ་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་

པ་ཞེས་བྱ་བ་དང་དེ་བཞིན་དུ་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མངོན་པར་ཆགས་པར་མི་བྱེད་དོ། །ཀཽ་ཤི་ཀ་དེ་ལྟ་བས་ན་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །འདི་ནི་ཚད་མ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་

པའོ། །ཀཽ་ཤི་ཀ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་དམིགས་པ་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་སེམས་ཅན་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་

Vol. 33 · folio 26b

མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་ཡང་ཅི་ལྟར་ན་དམིགས་པ་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། །ཀཽ་ཤི་ཀ་འདི་ལྟར་ཆོས་ཐམས་ཅད་ཀྱི་ཐོག་མ་དང་དབུས་དང་ཐ་མ་མི་དམིགས་ཏེ་དེ་བས་ན་

ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཀཽ་ཤི་ཀ་རྣམ་གྲངས་འདིས་དམིགས་པ་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་གཞན་ཡང་གང་གི་ཕྱིར་འདི་

ལྟར་ཆོས་ཐམས་ཅད་མཐའ་ཡས་མུ་མེད་དེ་དེ་རྣམས་ཀྱི་ཐོག་མ་འམ་དབུས་སམ་ཐ་མ་ཡང་མི་དམིགས་ཏེ། དེ་བས་ན་ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་ཀྱི་ཐོག་མ་འམ་དབུས་སམ་ཐ་

མ་ཡང་མི་དམིགས་སོ། །ཀཽ་ཤི་ཀ་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཐོག་མའམ་དབུས་སམ་ཐ་མ་ཡང་མི་དམིགས་ཏེ། ཀཽ་ཤི་ཀ་རྣམ་གྲངས་འདིས་ཀྱང་དམིགས་པ་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་

མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་གཞན་ཡང་སེམས་ཅན་མཐའ་ཡས་མུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་ཐོག་མ་འམ་དབུས་སམ་ཐ་མ་ཡང་མི་དམིགས་སོ། །ཀཽ་ཤི་ཀ་དེ་བས་ན་སེམས་ཅན་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཇི་ལྟར་ན་སེམས་ཅན་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་

པའི་ཕ་རོལ་ཏུ་ཕྱིན་པ་ཡིན། གནས་བརྟན་རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་བགྲང་བ་དང་མི་ལྡན་པའམ་བགྲང་བ་མང་པོས་སེམས་ཅན་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ།

Vol. 33 · folio 27a

འཕགས་པ་རབ་འབྱོར་འོ་ན་ཅི་ལྟར་སེམས་ཅན་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། གནས་བརྟན་རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས་འདི་ལྟ་སྟེ་སེམས་ཅན་སེམས་

ཅན་ཞེས་བྱ་བ་འདི་ཆོས་གང་གི་ཚིག་བླ་དགས་ཡིན། བརྒྱ་བྱིན་གྱིས་སྨྲས་པ། འཕགས་པ་རབ་འབྱོར་འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན་ཆོས་མེད་པའི་ཚིག་བླ་དགས་ཀྱང་མ་ཡིན་ཏེ་མིང་དུ་བཏགས་པ་འདི་ནི་བློ་བུར་དུ་བྱུང་བའོ། །

མིང་དུ་བཏགས་པ་འདི་ནི་དངོས་པོ་མེད་པའོ། །མིང་དུ་བཏགས་པ་འདི་ནི་བདག་གི་བ་མེད་པའོ། །འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་མིང་དུ་བཏགས་པ་འདི་ནི་དམིགས་སུ་མེད་པའོ། །གནས་བརྟན་རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས་འདི་ལ་སེམས་

ཅན་དུ་ཡོངས་སུ་བརྟན་པར་བྱས་པ་གང་ཡང་ཡོད་དམ། བརྒྱ་བྱིན་གྱིས་སྨྲས་པ། འཕགས་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ལ་སེམས་ཅན་ཡོངས་སུ་བསྟན་པར་བྱས་པ་འགའ་ཞིག་མེད་པ་དེ་ལ་སེམས་ཅན་མཐའ་ཡས་པ་ཡོད་དམ།

ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་བཞུགས་ཏེ་མཐའ་ལས་འདས་པ་རྣམ་པར་རིག་པར་བྱེད་པའི་དབྱངས་དང་གསུང་དབྱངས་ཟབ་མོས་སེམས་ཅན་སེམས་ཅན་ཞེས་ཚིག་ཏུ་

བརྗོད་དུ་ཟིན་ཀྱང་དེ་ལ་སེམས་ཅན་གང་ཡང་སྐྱེས་པའམ་སྐྱེ་བར་འགྱུར་བའམ་སྐྱེ་བའམ་འགག་པའམ་འགག་པར་འགྱུར་བའམ་འགག་པ་ཡོད་དམ། བརྒྱ་བྱིན་གྱིས་སྨྲས་པ། འཕགས་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་དག་པའི་

ཕྱིར་དང་ཐོག་མ་ནས་ཡོངས་སུ་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་རྣམ་གྲངས་འདིས་ཀྱང་འདི་ལྟར་སེམས་ཅན་མཐའ་ཡས་པའི་ཕྱིར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་དེ་ལྟར་ཡང་སེམས་ཅན་མཐའ་

Vol. 33 · folio 27b

ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་ཚངས་པ་དང་བཅས་པ་དང་སྐྱེ་དགུའི་བདག་པོ་དང་བཅས་པ་དང་དྲང་སྲོང་དང་བཅས་པ་དང་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དང་བཅས་པ་རྣམས་ཀྱིས་ལན་

གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཨེ་མའོ་ཆོས་ཨེ་མའོ་ཆོས་ཨེ་མའོ་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པ་འབྱུང་བ་གང་ཡིན་པ་དེ་ནི་འཕགས་པ་གནས་བརྟན་རབ་འབྱོར་གྱིས་ལེགས་པར་སྨྲས་པས་བརྗོད་ཅིང་བསྟན་ཏེ་བཤད་ལ་རབ་ཏུ་བཞག་གོ། །བཅོམ་

ལྡན་འདས་དེང་སླན་ཅད་བདག་ཅག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པ་འདི་ནི་དེ་བཞིན་

གཤེགས་པ་ལགས་པར་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང་པོ་དང་བཅས་པའི་ལྷ་རྣམས་དང་ཚངས་པ་དང་བཅས་པ་དང་སྐྱེ་དགུའི་བདག་པོ་དང་བཅས་པ་དང་དྲང་སྲོང་དང་བཅས་པ་དང་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དེ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་

དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ལྷའི་བུ་དག་གང་གི་ཚེ་རྒྱལ་པོའི་ཕོ་བྲང་འཁོར་ན་མར་མེ་ཅན་ཞེས་བྱ་བའི་ཚོང་དུས་ཀྱི་དབུས་སུ་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་ན་ང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བར་

གྱུར་པས། དེའི་ཚེ་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

རིག་པ་དང་རྐང་པར་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་རིག་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་

Vol. 33 · folio 28a

འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒྲུབ་པར་བྱེད་པ་དང་རྗེས་སུ་ཡོངས་སུ་འཛིན་པར་བྱེད་པ་ངོ་མཚར་ཏོ། །བདེ་

བར་གཤེགས་པ་ཤིན་ཏུ་ངོ་མཚར་ཏོ་ཞེས་གསོལ་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་བརྒྱ་བྱིན་གྱི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་གསུམ་པ། དེ་ནས་བཅོམ་

ལྡན་འདས་ཀྱིས་འཁོར་དེར་ལྷའི་བུ་གང་དག་འདུས་ཏེ་འཁོད་པར་གྱུར་པ་དང་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མའི་འཁོར་གང་དག་འདུས་ཏེ་འཁོད་པར་གྱུར་པ་དང་། ལྷའི་བུ་དེ་རྣམས་འདུས་ཏེ་འཁོད་པར་གྱུར་པར་མཁྱེན་ཅིང་འཁོར་བཞི་པོ་ཐམས་ཅད་འདུས་

ཤིང་འཁོད་པར་ཡང་མཁྱེན་ནས། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་འོད་གསལ་དང་དགེ་ཆུང་དང་འོག་མིན་གྱི་ལྷའི་བུ་རྣམས་དཔང་དུ་བཞག་སྟེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་པ་ན་སྤྱོད་པའི་ལྷའི་

བུ་རྣམས་དང་ཚངས་པ་ཆེན་པོ་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་འོད་གསལ་གྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ་འཆང་ངམ་ཀློག་གམ་ཀུན་ཆུབ་པར་བྱེད་དམ་རབ་ཏུ་

འདོན་ན། དེ་ལ་བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་གླགས་ལྟ་བ་དང་གླགས་ཚོལ་བ་དག་གིས་གླགས་རྙེད་པར་མི་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་མིའམ་མི་མ་ཡིན་པ་གླགས་ལྟ་བ་དང་གླགས་ཚོལ་བ་རྣམས་ཀྱིས་གླགས་རྙེད་པར་ཡང་མི་འགྱུར་རོ། །

རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་ཡང་བ་མ་སྤངས་བར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལྷའི་བུ་དག་གཞན་ཡང་ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་དང་ལྷའི་བུ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་

Vol. 33 · folio 28b

བཟུང་བ་དང་མ་བཅངས་པ་དང་མ་ཀླགས་པ་དང་ཀུན་ཆུབ་པར་མ་བྱས་པ་དང་རབ་ཏུ་མི་འདོན་པའི་ལྷའི་བུ་དེ་དག་རིགས་ཀྱི་བུ་དེའི་དྲུང་དུ་འོང་འདོད་པར་འགྱུར་ཏེ། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་

རབ་ཏུ་འདོན་པ་དེ་ལ་ཉན་པར་འགྱུར་ཏེ། ཐོས་ནས་ཀྱང་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་རོ། །ལྷའི་བུ་དག་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་འཆང་

བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དེ་དགོན་པར་སོང་ཡང་རུང་ཤིང་དྲུང་དུ་སོང་ཡང་རུང་ཁྱིམ་སྟོང་དུ་སོང་ཡང་རུང་བླ་གབ་མེད་པར་སོང་ཡང་རུང་ལམ་དུ་སོང་ཡང་རུང་ལམ་གོལ་བར་སོང་ཡང་རུང་འབྲོག་དགོན་པར་སོང་ཡང་རུང་རྒྱ་མཚོ་ཆེན་པོར་སོང་ཡང་རུང་།

དེ་དང་དེར་འགྲོ་བ་འམ་འཆག་པ་འམ་འདུག་པའམ་ཉལ་བ་ན་ཡང་རུང་སྟེ། འཇིགས་པར་འགྱུར་བ་འམ་རེངས་པར་འགྱུར་བ་ཉིད་མི་འབྱུང་མི་སྐྱེའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་

རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པར་འགྱུར་བ་དེ་ནི་ཐེག་པ་གསུམ་གྱིས་སེམས་ཅན་རྣམས་འདུལ་བར་བགྱིད་ཅིང་སེམས་ཅན་གྱི་འདུ་ཤེས་ཀྱང་མི་སྐྱེད་པ་ནི་ངོ་མཚར་ཏོ། །བཅོམ་

ལྡན་འདས་བདག་ཅག་གིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པར་འགྱུར་བ་དེ་ལ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་

ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པར་འགྱུར་བ་དེ་དག་ལ་བསྲུང་བ་དང་བསྐྱབ་པ་

Vol. 33 · folio 29a

དང་སྦ་བར་བགྱིའོ། །བཅོམ་ལྡན་འདས་ལ་ཚངས་པ་མི་མཇེད་ཀྱི་བདག་པོ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་བཅས་པས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པར་འགྱུར་བ་དེ་ལ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་

བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་། རབ་ཏུ་འདོན་པ་དེ་ཚེ་འདི་ལ་ཡོན་ཏན་འདི་དག་ངེས་པར་འཐོབ་ཅིང་ཡོངས་སུ་འཛིན་པར་འགྱུར་བ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཡང་ཅི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་གཟུང་བར་འགྱུར་རམ། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་བཟུང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་གཟུང་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པར་བྱེད་ན་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཚེ་

འདི་ལ་ཡོན་ཏན་གང་དག་འཛིན་པར་འགྱུར་བ་དེ་ཐམས་ཅད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལེགས་སོ་ཞེས་གསོལ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱི་ལྟར་

ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་ལ་གང་ཞིག་ཆོས་འདི་ལ་རྩོད་པར་འདོད་པ་དང་རྒོལ་བར་འདོད་པ་དང་འགལ་བར་བྱེད་འདོད་ན། རྩོད་པར་འདོད་པ་དང་རྒོལ་བར་འདོད་པ་དང་འགལ་བར་བྱེད་འདོད་པ་དེ་དག་གི་རྩོད་པ་དང་རྒོལ་

Vol. 33 · folio 29b

བ་དང་འགལ་བར་བྱེད་པ་སྐྱེས་ཤིང་སྐྱེས་པ་རྣམས་སླར་ནུབ་པ་ཉིད་དུ་འགྱུར་ཞིང་གནས་པར་མི་འགྱུར་ཏེ། རྩོད་པར་འདོད་པ་དང་རྒོལ་བར་འདོད་པ་དང་འགལ་བར་བྱེད་འདོད་པ་དེ་དག་གི་བསམ་པ་དེ་དག་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།

ཀཽ་ཤི་ཀ་དེ་ནི་འདི་ལྟར་འགྱུར་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དེའི་རྩོད་པའི་

གཞི་དེ་ལྟར་སྐྱེས་ཤིང་སྐྱེས་པ་དེ་དག་སླར་ཡང་ནུབ་པ་ཉིད་དུ་འགྱུར་ཞིང་གནས་པར་མི་འགྱུར་ཏེ། རྩོད་པར་འདོད་པ་དང་རྒོལ་བར་འདོད་པ་དང་འགལ་བར་བྱེད་འདོད་པ་དེ་དག་གི་བསམ་པ་དེ་དག་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་

བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དེ་ཚེ་འདི་ལ་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །ཀཽ་ཤི་ཀ་འདི་

ལྟ་སྟེ་དཔེར་ན་རྩི་མ་གྷི་ཞེས་བྱ་བ་དུག་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞིག་ཡོད་དེ་དེར་སྐྱེ་བོ་སྦྲུལ་གདུག་པ་བཀྲེས་ཤིང་ཟས་འདོད་དེ་ཟས་ཚོལ་བ་ཞིག་གིས་སྲོག་ཆགས་སུ་གྱུར་པ་འགའ་ཞིག་མཐོང་སྟེ་སྐྱེ་བོ་སྦྲུལ་གདུག་པ་དེས་ཟས་ཀྱི་ཕྱིར་བཟའ་བར་འདོད་ནས་སྲོག་ཆགས་སུ་གྱུར་པ་དེའི་

དྲིའི་ཕྱོགས་སུ་འབྲང་ཞིང་བསྙགས་པ་དང་དེ་ནས་སྲོག་ཆགས་སུ་གྱུར་པ་དེ་རྩི་མ་གྷི་གང་ན་ཡོད་པ་དེར་སོང་ནས་ཕྱིན་ཏེ་འདུག་པ་དང་དེ་ནས་སྦྲུལ་དེ་རྩི་དེའི་དྲི་ཙམ་གྱིས་ཕྱིར་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སྦྲུལ་གྱི་གདུག་པ་ཟིལ་གྱིས་གནོན་པ་དེ་ནི་རྩི་དེའི་སྨན་གྱི་ཡོན་ཏན་དུ་བལྟ་བར་

བྱ་སྟེ་རྩི་དེ་ནི་དེ་ལྟར་མཐུ་ཆེའོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དེ་ལ་ནི་ཀཽ་ཤི་ཀ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words