འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ

Sanskrit title (Tibetan script, as in the text) ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 33 · folio 249b

ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལུང་དབོག་པར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བར་བྱ་སྟེ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྒོམ་པར་བྱ། ཀུན་དགའ་

བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་ཡིད་ལ་བྱ་བ་དང་ལེགས་པར་ཟིན་པར་བྱ་བ་དང་ལེགས་པར་ཀུན་ཆུབ་པར་བྱ་བ་དང་ལེགས་པར་རབ་ཏུ་གདོན་པར་བྱ་སྟེ། ཡི་གེ་དང་ཚིག་དང་གསལ་བྱེད་ཤིན་ཏུ་གསལ་བས་ཡིག་འབྲུ་དང་ངེས་པའི་ཚིག་བཟང་པོར་གཟུང་བར་

བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་ཆོས་ཉིད་དེ་ཚད་མར་བྱའོ། །ཀུན་དགའ་བོ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་

པའི་དེ་བཞིན་གཤེགས་པ་ང་ལ་ཁྱོད་ཀྱིས་ཅི་ལྟར་དེ་དང་དེས་ཕན་པར་སེམས་པ་དང་དགའ་བ་དང་གུས་པ་དང་། དགེ་བར་བྱ་བའམ་བདེ་བར་གནས་པར་བྱ་བ་འམ་དབུལ་བ་འམ་བསམ་པར་བྱ་བར་སེམས་པ་དེ་བཞིན་དུ་ཀུན་དགའ་བོ་ཁྱོད་ཀྱིས་ཕན་པར་སེམས་པ་དེ་དང་དགའ་བ་དེ་དང་གུས་

པ་དེ་དང་ཡོན་ཏན་དང་ལྡན་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱ་བ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ། ལུང་དབོག་པར་བྱ་ཁ་དོན་དུ་བྱ་བྲི་བར་བྱ་བསྒོམ་པར་བྱ་བཀུར་སྟིར་བྱ་བླ་མར་བྱ་བརྗོད་པར་བྱ་མཆོད་པར་བྱ་

རི་མོར་བྱ་བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁྱོད་ཀྱིས་ང་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་མཆོད་པར་འགྱུར་ཞིང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་ཡང་དགའ་བ་དང་དད་པ་དང་གུས་པ་བསྐྱེད་པ་

ཡིན་ནོ། །ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པ་ང་ལ་ཁྱོད་དགའ་བ་དང་ཡིད་དུ་འོང་བ་ཡོངས་སུ་མི་གཏོང་ན་ཀུན་དགའ་བོ་ཁྱོད་ཀྱིས་ཅི་ནས་ཚིག་གཅིག་ཀྱང་ཆུད་མ་ཟོས་ཤིང་མ་ནུབ་པར་འགྱུར་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཁྱོད་དགའ་བ་དང་ཡིད་དུ་འོང་བ་ཡོངས་

Vol. 33 · folio 250a

སུ་མི་གཏང་བར་གྱིས་ཤིག །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཏད་པ་ལ་བརྩམས་ཏེ་ངས་ཁྱོད་ལ་མང་དུ་བཤད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པའམ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་ངམ་བསྐལ་པ་བྱེ་བ་བརྒྱའམ་བྱེ་བ་སྟོང་

ངམ་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་ངམ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངམ་དེ་བས་ཀྱང་ལྷག་པར་ཡོད་མོད་ཀྱི། ཀུན་དགའ་བོ་མདོར་ན་ཅི་ལྟར་ཁྱོད་ཀྱི་སྟོན་པ་ང་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོན་པ་ཡིན་ནོ། །ཀུན་དགའ་བོ་ཅི་ལྟར་འདས་པ་དང་མ་

འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ཀྱི་སྟོན་པ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ཀྱི་སྟོན་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་

ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པ་ཡིན་ཏེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཚད་མེད་པའི་ཡོངས་སུ་གཏད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་ཡོངས་སུ་གཏད་དོ་རྗེས་སུ་གཏད་དོ། །ཀུན་དགའ་བོ་གང་

གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་བཏང་བ་དང་ཆོས་ཡོངས་སུ་མ་བཏང་བ་དང་དགེ་འདུན་ཡོངས་སུ་མ་བཏང་བ་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡོངས་སུ་མ་བཏང་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་

གཏང་བར་བྱ་སྟེ་འདི་ནི་ངའི་རྗེས་སུ་བསྟན་པའོ། །ཀུན་དགའ་བོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དང་འདྲི་བ་དང་། སྒོམ་

པར་བྱེད་པ་དེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་རྗེས་སུ་ཡོངས་སུ་གཟུང་བར་འགྱུར་རོ། །ཀུན་དགའ་བོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་འཇིག་པའི་ཚེ་རྗེས་སུ་གཟུང་ན་དེས་འདས་པ་དང་མ་འོངས་

Vol. 33 · folio 250b

པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་རྗེས་སུ་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །ཀུན་དགའ་བོ་གང་དག་འདས་པའི་དུས་སུ་

བྱུང་པར་གྱུར་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །ཀུན་དགའ་བོ་གང་དག་མ་འོངས་

པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །ཀུན་དགའ་བོ་གང་དག་འཇིག་

རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སྐྱེས་སོ། །ཀུན་དགའ་བོ་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སྐྱེས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་དབོག་

པར་བྱ་ཁ་ཏོན་དུ་བྱ་བྲི་བར་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ་རྣལ་འབྱོར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་སྟེ་སྐྱེད་པ་འབྱིན་པའོ། །ཀུན་དགའ་བོ་བྱང་

Vol. 33 · folio 251a

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱུང་བར་གྱུར་པ་དང་ངེས་པར་འབྱུང་བར་འགྱུར་པ་དང་ངེས་པར་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཀུན་

དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བསླབས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་

ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་ལན་གཉིས་སུ་ཁྱོད་ལ་ཡོངས་སུ་གཏད་དོ་རྗེས་སུ་གཏད་དོ། །

ཀུན་དགའ་བོ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པའི་དུས་ཀྱི་ཐོག་མ་མེད་པའི་འཁོར་བར་སེམས་ཅན་

རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མཛོད་འདི་ཉིད་ལས་བཤད་དོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་གང་དག་མ་འོངས་པའི་དུས་ཀྱི་དཔག་ཏུ་མེད་པའི་

འཁོར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མཛོད་འདི་ཉིད་ལས་འཆད་དོ། །

ཀུན་དགའ་བོ་གང་ད་ལྟར་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཀུན་དགའ་བོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་

Vol. 33 · folio 251b

མཛོད་འདི་ཉིད་ལས་རབ་ཏུ་འབྱེད་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་འདི་དག་ནི་མི་ཟད་པའི་ཆོས་ཀྱི་མཛོད་དོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཉན་ཐོས་ཀྱི་སའི་ཆོས་བཤད་

པར་གྱུར་ལ། ཆོས་དེ་བཤད་པ་ན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པར་གྱུར་ན། དེ་ལྟ་ན་ཡང་ངའི་ཉན་ཐོས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་རྗེས་སུ་བསྐོར་ནས་ཆོས་

སྟོན་པ་ཁྱོད་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་གཅིག་ཙམ་ཡང་བཤད་དམ་རབ་ཏུ་བསྟན་ན། དེ་ལྟར་ན་ངའི་ཉན་ཐོས་ཀྱི་ཆོས་ཀྱི་

འཁོར་ལོ་བསྐོར་ཅིང་རྗེས་སུ་བསྐོར་ནས་ཆོས་སྟོན་པ་ཁྱོད་ཀྱིས་ང་མགུ་བ་བྱས་པར་འགྱུར་གྱི་སྔར་གྱི་ཆོས་བཤད་པ་དེས་ནི་མ་ཡིན་ནོ། །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་གང་དག་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་

བྱས་ན། ཀུན་དགའ་བོ་དེ་ཅི་སྙམ་དུ་སེམས་དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་

ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མང་ངོ་། བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དེ་དག་པས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པ་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་ཆུང་ངུ་ན་ཉི་མ་གཅིག་ཙམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་

Vol. 33 · folio 252a

ཆོས་སྟོན་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་ཉི་མ་གཅིག་ལྟ་ཞོག་གི་ཆུང་ངུ་ན་སྔ་དྲོ་ཙམ་འམ། ཀུན་དགའ་བོ་སྔ་དྲོ་ཆོས་སྟོན་པ་ལྟ་ཞོག་ཆུང་ངུ་ན་ཆུ་ཚོད་གཅིག་ཙམ་འམ། ཀུན་དགའ་བོ་ཆུ་ཚོད་གཅིག་ལྟ་ཞོག་ཆུང་ངུ་ན་ཡུད་ཙམ་འམ།

ཀུན་དགའ་བོ་ཡུད་ཙམ་ལྟ་ཞོག་ཐང་གཅིག་གམ། ཀུན་དགའ་བོ་ཐང་གཅིག་ལྟ་ཞོག་ཆུང་ངུ་ན་སྐད་ཅིག་གཅིག་ཙམ་དུ་ཡང་སྟེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

གཞན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་

གནོན་ཏོ། །ཀུན་དགའ་བོ་དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་དེ་ལྟ་བུའི་དགེ་བའི་རྩ་བ་ལ་སེམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ནི་

ཀུན་དགའ་བོ་གནས་མེད་སྐབས་མེད་དེ་འདི་ནི་གནས་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཅི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མའི་འཁོར་བཞི་དང་ལྷ་དང་ཀླུ་དང་གནོད་སྦྱིན་

དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་

བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བྱས་པ་མི་བསྐྱོད་པ་རྒྱ་མཚོ་ལྟ་བུ་ཟབ་པ། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱང་ཟག་པ་ཟད་པ་ཉོན་མོངས་པ་མེད་པ་

Vol. 33 · folio 252b

དབང་དུ་གྱུར་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཅང་ཤེས་པ་གླང་པོ་ཆེན་པོ་བྱ་བ་བྱས་པ་བྱེད་པ་བྱས་པ་ཁུར་བོར་བ་རང་གི་དོན་རྗེས་སུ་ཐོབ་པ་སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་སེམས་ཐམས་

ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ཆོས་སྟོན་པ་མཐོང་བར་འགྱུར་བ་དེ་ལྟར་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་དག་སླར་བརྟུལ་ཏོ། །

བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་སླར་བརྟུལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ཡང་མི་སྣང་བར་གྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ཉན་ཐོས་ཆེན་པོ་

དེ་དག་དང་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་འཁོར་བཞི་པོ་དེ་དག་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དེ་དག་གི་མིག་ལམ་དུ་མི་སྣང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་བརྟུལ་བར་གྱུར་པས་དེ་དག་ཐམས་ཅད་དེ་དག་གི་མིག་ལམ་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་

ལྟར་ཆོས་ཐམས་ཅད་ནི་མིག་ལམ་དུ་ཡང་སྣང་བར་མི་འགྱུར་ཏེ་ཆོས་རྣམས་ལ་ཆོས་རྣམས་སྣང་བར་མི་འགྱུར་ཆོས་རྣམས་ཀྱིས་ཆོས་རྣམས་མི་མཐོང་ཆོས་རྣམས་ཀྱིས་ཆོས་རྣམས་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་ཤེས་པ་པོ་མ་ཡིན་མཐོང་བ་པོ་མ་ཡིན་དགོས་པ་བྱེད་

ནུས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ནམ་མཁའ་བྱེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་བྱེད་པ་མེད་པའོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟར་བསམ་གྱིས་མི་ཁྱབ་པའོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་ཚོར་བ་

Vol. 33 · folio 253a

པོ་མ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །བསླབ་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཆེན་པོ་རྗེས་སུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་

བསླབ་པ་འདི་དག་ནི་བསླབ་པ་ཐམས་ཅད་ཀྱི་མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །རབ་ཅེས་བྱའོ། །མཆོག་རབ་ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་མ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་

བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཕན་པ་ཐོབ་པར་བྱེད་པའོ། །འཇིག་རྟེན་ཐམས་ཅད་བདེ་བ་ཐོབ་པར་བྱེད་པའོ། །མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་བའོ། །སངས་རྒྱས་ཀྱིས་གནང་ཞིང་སངས་རྒྱས་ཀྱིས་བསྔགས་པ་སྟེ། ཀུན་

དགའ་བོ་བསླབ་པ་འདི་ལ་བསླབས་ཤིང་བསླབ་པ་འདི་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞབས་ཀྱི་མཐེ་བོ་གཅིག་གིས་བཏེག་སྟེ་སླར་བཞག་ཀྱང་སངས་རྒྱས་

བཅོམ་ལྡན་འདས་དེ་དག་འདི་སྙམ་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཏེག་པ་འམ་བཞག་པར་མི་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞལ་དུ་མེད་གྲངས་མེད་པའི་ཡོན་ཏན་དང་ལྡན་ཏེ། ཀུན་དགའ་བོ་སངས་རྒྱས་

བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ལ་བསླབས་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ལ་ཆགས་པ་མེད་པ་ཉིད་རྗེས་སུ་བརྙེས་སོ། །ཀུན་དགའ་བོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཀྱི་བསླབ་པ་ཅི་སྙེད་ཡོད་

Vol. 33 · folio 253b

པའི་བསླབ་པ་དེ་དག་ཐམས་ཅད་ལས་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ནི་མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །རབ་ཅེས་བྱའོ། །མཆོག་རབ་ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་མ་ཞེས་བྱའོ། །བླ་ན་མེད་པ་ཞེས་

བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མེད་པའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་མ་འམ་ཟད་པ་འམ་མཐའ་མ་བཟུང་བར་སེམས་པ་དེ་ནི་ནམ་མཁའི་ཚད་མ་འམ་ཟད་པ་འམ་མཐའ་མ་བཟུང་བར་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མེད་པའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་ཟད་པའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་མ་མེད་པའོ། །ཀུན་དགའ་བོ་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་མ་འམ་ཟད་པ་འམ་མཐའ་མ་ནི་མ་བཤད་དེ། ཀུན་

དགའ་བོ་ཡང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ལ་ནི་ཚད་མ་དང་འབྲེལ་པ་ཡོད་ཀྱི་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཚད་མ་དང་འབྲེལ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་དང་ལྡན་པ་མ་ཡིན་ནོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པའོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཡང་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་མ་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པས་ཚད་མ་མ་བསྟན་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་དེ་བཞིན་

Vol. 33 · folio 254a

གཤེགས་པས་ཚད་མ་མ་བརྗོད་དོ། །ཀུན་དགའ་བོ་དབེན་པའི་ཆོས་ལ་དབེན་པ་དམིགས་སུ་མེད་ན་དེའི་ཚད་མ་ལྟ་ག་ལ་ཡོད། ཀུན་དགའ་བོ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞལ་དུ་མེད་པའི་ཕྱིར་ཚད་མ་མེད་ཅིང་ཚད་མེད་པ་ཡིན་ནོ། །ཀུན་

དགའ་བོ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པ་དེ་དག་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཡང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟད་པའམ་

ཡོངས་སུ་ཟད་པར་འགྱུར་བ་མ་ཡིན་ནོ། །ཀུན་དགའ་བོ་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་

འབྱེད་པར་འགྱུར་ཡང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟད་པ་འམ་ཡོངས་སུ་ཟད་པར་འགྱུར་བ་མ་ཡིན་ནོ། །ཀུན་དགའ་བོ་ད་ལྟར་གཞལ་དུ་མེད་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཡང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟད་པ་འམ་ཡོངས་སུ་ཟད་པར་འགྱུར་བ་མ་ཡིན་ནོ། །ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཡང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གྱིས་རབ་ཏུ་ཕྱེ་བ་ཡིན་ཡང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟད་པ་འམ་ཡོངས་སུ་ཟད་པར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་ཏེ། ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་ཟད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ་དེ་བཞིན་གཤེགས་པས་གསུངས་པའི་གནས་འདི་ནི་ཟབ་མོ་ཞིག་ཡིན་

Vol. 33 · folio 254b

གྱིས་དེ་བཞིན་གཤེགས་པ་ལ་བདག་གིས་གནས་འདི་ཞུའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་བས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་ཟད་པ་སྟེ་འདི་ལྟ་སྟེ་ནམ་མཁའ་མི་ཟད་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ལྟར་མངོན་པར་བསྒྲུབ་

པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཟད་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཟད་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་རིག་པ་མི་ཟད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་བྱེད་མི་ཟད་པ་དང་རྣམ་པར་ཤེས་པ་མི་ཟད་པ་དང་མིང་

དང་གཟུགས་མི་ཟད་པ་དང་སྐྱེ་མཆེད་དྲུག་མི་ཟད་པ་དང་རེག་པ་མི་ཟད་པ་དང་ཚོར་བ་མི་ཟད་པ་དང་སྲེད་པ་མི་ཟད་པ་དང་ལེན་པ་མི་ཟད་པ་དང་སྲིད་པ་མི་ཟད་པ་དང་སྐྱེ་བ་མི་ཟད་པ་དང་རྒ་ཤི་མི་ཟད་པ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་

པ་མི་ཟད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་མཐའ་གཉིས་སྤངས་པའོ། །རབ་འབྱོར་དེ་ལྟར་རྣམ་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་

Vol. 33 · folio 255a

དཔའ་ཆེན་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མཐའ་དང་དབུས་མེད་པར་རྣམ་པར་ལྟ་སྟེ། རབ་འབྱོར་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དེ་ལྟར་ལྟ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་མ་འདྲེས་

པའི་ཆོས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལྟ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་མི་ཟད་པ་མངོན་པར་བསྒྲུབ་པ་

འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་ན་དེ་ནི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཏེ་འོན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཡིད་ལ་བྱེད་པ་འདི་དང་ཐབས་མཁས་པ་འདི་ལ་མ་བརྟེན་པས་མི་ཤེས་སོ། །ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པས་མི་ཟད་པ་མངོན་པར་བསྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཅི་ལྟར་མི་ཟད་པ་མངོན་པར་བསྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་པ་དང་ཕྱིར་ལྡོག་པ་དང་ཕྱིར་ལྡོག་པར་འགྱུར་བ་དེ་དག་ཐམས་ཅད་ནི་ཐབས་མཁས་པ་འདི་ལ་མ་བརྟེན་པས་ཕྱིར་ལོག་གོ་ཕྱིར་ལྡོག་གོ་ཕྱིར་ལྡོག་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མ་ལོག་པ་དང་ཕྱིར་མི་ལྡོག་པ་དང་ཕྱིར་ལྡོག་པར་མི་འགྱུར་བ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་ཕྱིར་མ་ལོག་གོ་ཕྱིར་མི་ལྡོག་གོ་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ལྟར་

Vol. 33 · folio 255b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མི་ཟད་པ་མངོན་པར་བསྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་མི་ཟད་པ་མངོན་པར་བསྒྲུབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ཅིང་འབྲེལ་པར་

འབྱུང་བ་ལ་རྣམ་པར་ལྟའོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བས་ཆོས་གང་ཡང་རྒྱུ་མེད་པར་འབྱུང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་གང་ཡང་རྟག་པ་འམ་བརྟན་པ་འམ་ཐེར་ཟུག་

པའམ་རྣམ་པར་འགྱུར་བ་མེད་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་གང་ཡང་བྱེད་པ་པོ་འམ་ཚོར་བ་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་ཟད་པར་མངོན་

པར་བསྒྲུབ་པས་མངོན་པར་སྒྲུབ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་ཡིན་ནོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་མངོན་པར་བསྒྲུབ་པས་མངོན་པར་

སྒྲུབ་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེའི་ཚེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཚོར་བ་མ་ཡིན་འདུ་ཤེས་མ་ཡིན་འདུ་བྱེད་རྣམས་མ་ཡིན་རྣམ་པར་ཤེས་པ་ཡང་དག་པར་རྗེས་

སུ་མི་མཐོང་། མ་རིག་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་འདུ་བྱེད་རྣམས་མ་ཡིན་རྣམ་པར་ཤེས་པ་མ་ཡིན་མིང་དང་གཟུགས་མ་ཡིན་སྐྱེ་མཆེད་དྲུག་མ་ཡིན་རེག་པ་མ་ཡིན་ཚོར་བ་མ་ཡིན་སྲེད་པ་མ་ཡིན་ལེན་པ་མ་ཡིན་སྲིད་པ་མ་ཡིན་སྐྱེ་བ་མ་ཡིན་རྒ་ཤི་མ་ཡིན་

མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཀྱི་ཞིང་འདིའོ་ཞེས་ཡང་ཡང་དག་པར་རྗེས་སུ་མི་མཐོང་སངས་རྒྱས་ཀྱི་ཞིང་གཞན་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཆོས་གང་

Vol. 33 · folio 256a

གིས་སངས་རྒྱས་ཀྱི་ཞིང་འདི་འམ་གཞན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །

རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ་བདུད་སྡིག་ཅན་ཤིན་ཏུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་ཕ་མ་འཆི་བའི་དུས་བྱས་པར་གྱུར་ན་ཤིན་ཏུ་མྱ་ངན་གྱི་ཟུག་

རྔུ་དང་ལྡན་པར་འགྱུར་བ་དེ་བཞིན་དུ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ་བདུད་སྡིག་ཅན་ཡང་ཤིན་ཏུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་

ཅི་བདུད་སྡིག་ཅན་གཅིག་ཅིག་ཤིན་ཏུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་རམ་འོན་ཏེ་བདུད་སྡིག་ཅན་མང་པོ་ཤིན་ཏུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་རམ་འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཅན་ཅི་སྙེད་མཆིས་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་ཤིན་ཏུ་

མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པ་དེའི་ཚེ་སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཤིན་ཏུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་ཏེ། རང་རང་གི་སྟན་ལ་ཡང་ཉམས་མི་དགའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་གནས་པ་ལ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བདག་ཅག་གིས་འདི་བཟུང་ལ་ཐོ་བཙམ་མོ་སྙམ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་བཟློག་པར་བྱའོ་སྙམ་པའི་གླགས་རྙེད་པར་མི་འགྱུར་

Vol. 33 · folio 256b

གཏིང་རྙེད་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐབས་མཁས་པ་ཐམས་

ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ནི་བདུད་ཀྱི་ལས་གང་ཅུང་ཟད་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་འབྱུང་བའི་ཚེ་རབ་ཏུ་ཤེས་པར་འགྱུར་ཏེ་རབ་ཏུ་ཤེས་ནས་རྣམ་པར་སྤོང་

བར་འགྱུར་རོ། །རབ་འབྱོར་ཐབས་མཁས་པ་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་བྱེད་པ་དེའི་ཚེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་

གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ལ་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སྐྱེས་སོ་སྙམ་དུ་བསམ་པར་བྱའོ། །དེ་ལྟར་བསམས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡང་སེམས་འདི་ལྟར་

Vol. 33 · folio 257a

བསྐྱེད་པར་བྱ་སྟེ། ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་དག་རྗེས་སུ་བརྙེས་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་དེ་དག་ཀྱང་རྗེས་སུ་ཐོབ་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཉིན་གཅིག་འདས་ཀྱི་བར་ལ་ཐ་ན་སེ་གོལ་གཏོགས་པ་སྲིད་ཙམ་དུ་ཡང་སེམས་བསྐྱེད་པ་འདི་དག་བསྐྱེད་པར་བྱ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གང་ཡང་དམིགས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་བསྐལ་

པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་ཅན་དེ་བས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཉི་མ་གཅིག་འདས་ཀྱི་བར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་སེ་གོལ་གཏོགས་པ་གཅིག་ཙམ་

དུ་མངོན་པར་སྒྲུབ་ན་བསོད་ནམས་ཆེས་མང་དུ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉིན་གཅིག་འདས་ཀྱི་བར་ལ་ཆུང་ངུ་ན་སེ་གོལ་གཏོགས་པ་སྲིད་ཙམ་ཡང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་སེམས་བསྐྱེད་པ་འདི་བསྐྱེད་པ་དེ་དེ་བཞིན་གཤེགས་པས་དགོངས་པར་རིག་པར་བྱ་ན། གང་སེམས་བསྐྱེད་པ་འདི་ཉིན་ཐོག་ཐག་རྗེས་སུ་འཇུག་པར་བྱེད་པ་ལྟ་ཅི་སྨོས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་

པས་དགོངས་པས་འགྲོ་བ་གང་ཞིག་ལ་རེ་བར་བྱ་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པས་དགོངས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གཏོགས་པར་འགྲོ་བ་གཞན་དུ་དོགས་པར་མི་བྱ་སྟེ་དེ་ནི་སྐལ་པ་མེད་པ་དང་ངན་

སོང་རྣམས་སུ་སྐྱེ་བར་མི་འགྱུར་གྱི་མཐོ་རིས་སུ་སྐྱེ་བར་རེ་བར་བྱའོ། །དེར་ཡང་དེ་བཞིན་གཤེགས་པ་རྣམས་དང་མི་འབྲལ་བར་འགྱུར་ཞིང་དེ་བཞིན་གཤེགས་པ་དང་མ་བྲལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །རབ་འབྱོར་

Vol. 33 · folio 257b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཆུང་ངུ་ན་སེ་གོལ་གཏོགས་པ་གཅིག་ཙམ་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྒྲུབ་ཅིང་སེམས་བསྐྱེད་པ་འདི་སྐྱེད་པར་བྱེད་པའི་ཡོན་ཏན་འདི་དག་དང་ཕན་ཡོན་འདི་དག་

ཡིན་ན། གང་ཞིག་སེམས་བསྐྱེད་པ་འདི་ཉིན་ཐོག་ཐག་རྗེས་སུ་འཇུག་པར་བྱེད་པ་ལྟ་ཅི་སྨོས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པའི་དྲུང་ན་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

སྤོས་ཀྱི་གླང་པོ་ཞེས་བྱ་བ་ཚངས་པར་སྤྱད་པ་སྤྱོད་པ་བཞིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་མེ་ཏོག་བཀྲམ་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟར་རྗེས་སུ་རིག་པར་བྱ་སྟེ། ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་

ཅད་འབྱུང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་འགྱུར་བ་མེད་པར་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་བདག་མེད་པ་དང་རྣམ་པར་རིག་པ་མེད་པར་ཤེས་རབ་ཀྱིས་རྗེས་སུ་

རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་མིང་ཙམ་དང་ཐ་སྙད་གདགས་པ་ཙམ་གྱིས་བརྗོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཐ་སྙད་གདགས་པ་ཡང་གང་ལ་ཡང་མ་ཡིན་གང་གིས་ཀྱང་མ་ཡིན་གང་

ཡང་ཐ་སྙད་གདགས་པ་མེད་དོ། །ཆོས་ཐམས་ཅད་ཐ་སྙད་མེད་པ་བརྗོད་དུ་མེད་པ་སྨྲར་མེད་པ་ཚིག་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཚད་མ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །

Vol. 33 · folio 258a

གཟུགས་ཚད་མ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །དེ་བཞིན་དུ་ཚོར་བ་ཚད་མ་མེད་པ་དང་འདུ་ཤེས་ཚད་མ་མེད་པ་དང་འདུ་བྱེད་རྣམས་ཚད་མ་མེད་པ་དང་རྣམ་པར་ཤེས་པ་ཚད་མ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་

རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་

དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཚིག་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་འགོག་པ་མེད་པས་སྤང་བར་བྱ་བ་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །

ཆོས་ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་ཅིང་དེ་བཞིན་ཉིད་དང་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་མི་འོང་མི་འགྲོ་མི་ཤེས་མི་སྐྱེ་ཤིན་ཏུ་མི་སྐྱེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །བདག་

དང་གཞན་དུ་མི་ལྟ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཁུར་བོར་ཞིང་ཁུར་མི་ཁྱེར་བའི་ཕྱིར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཡུལ་མེད་ཅིང་ཕྱོགས་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ནི་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཡུལ་དང་ཕྱོགས་མེད་པའོ། །རབ་འབྱོར་

དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཡུལ་དང་ཕྱོགས་མེད་པའོ། །ཆོས་ཐམས་ཅད་འགོག་པ་རབ་ཏུ་སིམ་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །དགའ་བ་མེད་ཅིང་དགའ་བ་དང་བྲལ་

Vol. 33 · folio 258b

བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །འདོད་ཆགས་པ་མེད་ཅིང་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ནི་དེ་ཁོ་ན་དང་བཅས་

པའི་ངོ་བོ་ཉིད་ཀྱིས་ན་འདོད་ཆགས་པར་མི་བྱེད་འདོད་ཆགས་དང་བྲལ་བར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་དེ་ཁོ་ན་དང་བཅས་པའི་ངོ་བོ་ཉིད་ཀྱིས་ན་འདོད་ཆགས་པར་མི་བྱེད་འདོད་ཆགས་དང་བྲལ་བར་མི་བྱེད་དོ། །རང་

བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཆགས་པ་དང་མ་ཆགས་པའི་ཞེན་པ་དང་བྲལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པས་ཆོས་ཐམས་ཅད་བྱང་

ཆུབ་པོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །བྱམས་པ་ཆེན་པོ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་སྨན་ལྟ་བུའོ་ཞེས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་བྱམས་པ་ལ་གནས་པ་དང་སྙིང་རྗེ་ལ་གནས་པ་དང་དགའ་བ་ལ་གནས་པ་དང་བཏང་སྙོམས་ལ་གནས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཚངས་པར་གྱུར་བས་ཞེ་སྡང་

མི་བསྐྱེད་ཅིང་ཞེ་སྡང་ཐམས་ཅད་མི་ལེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་སྨོན་པ་མེད་པའི་ཕྱིར་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །རྒྱ་མཚོ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ནམ་མཁའ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །རི་རབ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པར་རྗེས་སུ་རིག་པར་བྱའོ། །གཟུགས་མུ་མེད་པའི་ཕྱིར་

Vol. 33 · folio 259a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་

མུ་མེད་པར་སྣང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སྒྲ་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་

མེད་པར་རྗེས་སུ་རིག་པར་བྱའོ། །དེ་བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །དགེ་བ་དང་མི་དགེ་བའི་ཆོས་བསགས་པ་

ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་བསགས་པ་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མུ་མེད་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སྟོང་པ་ཉིད་

མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །སེམས་ཀྱི་སྤྱོད་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་

Vol. 33 · folio 259b

རྗེས་སུ་རིག་པར་བྱའོ། །དགེ་བ་དང་མི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ། །སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱིར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁྲུག་པ་མེད་པར་རྗེས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ནི་རྒྱ་མཚོ་དང་མཚུངས་པའོ། །དེ་བཞིན་དུ་རབ་འབྱོར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་རྒྱ་མཚོ་དང་མཚུངས་པའོ། །གཟུགས་

ནི་ནམ་མཁའ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཚུངས་པའོ། །གཟུགས་ནི་རི་རབ་སྣ་ཚོགས་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་

རྣམ་པར་ཤེས་པ་ནི་རི་རབ་སྣ་ཚོགས་དང་མཚུངས་པའོ། །གཟུགས་ནི་མུ་མེད་པ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་མུ་མེད་པ་དང་མཚུངས་པའོ། །གཟུགས་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་འབྱུང་བ་དང་

མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་འབྱུང་བ་དང་མཚུངས་པའོ། །གཟུགས་ནི་སྒྲ་ཐམས་ཅད་མུ་མེད་པ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་

དང་རྣམ་པར་ཤེས་པ་ནི་སྒྲ་ཐམས་ཅད་མུ་མེད་པ་དང་མཚུངས་པའོ། །གཟུགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་མུ་མེད་པ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་

ཡང་དག་པར་སྒྲུབ་པ་མུ་མེད་པ་དང་མཚུངས་པའོ། །གཟུགས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མུ་མེད་པ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སེམས་ཅན་གྱི་ཁམས་

Vol. 33 · folio 260a

ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མུ་མེད་པ་དང་མཚུངས་པའོ། །གཟུགས་ནི་ས་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ས་དང་མཚུངས་པའོ། །གཟུགས་ནི་ཆུ་དང་མཚུངས་པའོ། །

དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཆུ་དང་མཚུངས་པའོ། །གཟུགས་ནི་མེ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་མེ་དང་མཚུངས་པའོ། །གཟུགས་ནི་རླུང་དང་མཚུངས་པའོ། །

དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་རླུང་དང་མཚུངས་པའོ། །གཟུགས་ནི་ནམ་མཁའ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཚུངས་པའོ། །གཟུགས་

ནི་རྣམ་པར་ཤེས་པ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་དང་མཚུངས་པའོ། །གཟུགས་ནི་དགེ་བ་དང་མི་དགེ་བའི་ཆོས་བསགས་པ་དང་བྲལ་བའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་

བྱེད་རྣམས་དང་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་བསགས་པ་དང་བྲལ་བའོ། །གཟུགས་ནི་ཆོས་ཐམས་ཅད་བསགས་པ་དང་བྲལ་བའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་བསགས་པ་དང་བྲལ་

བའོ། །གཟུགས་ནི་ཆོས་ཐམས་ཅད་ཏིང་ངེ་འཛིན་མུ་མེད་པ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་ཏིང་ངེ་འཛིན་མུ་མེད་པ་དང་མཚུངས་པའོ། །གཟུགས་ནི་བྲལ་བ་སྟེ་གཟུགས་ཀྱི་ངོ་བོ་ཉིད་དང་གཟུགས་

ཀྱི་དེ་བཞིན་ཉིད་ནི་སངས་རྒྱས་ཀྱི་ཆོས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་བྲལ་བ་སྟེ་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་སངས་རྒྱས་ཀྱི་ཆོས་སོ། །གཟུགས་ནི་ཆོས་ཐམས་ཅད་མུ་མེད་པའི་ཆོས་

Vol. 33 · folio 260b

ཉིད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་མུ་མེད་པའི་ཆོས་ཉིད་དོ། །གཟུགས་ནི་སྟོང་པ་མུ་མེད་པའི་ཆོས་ཉིད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སྟོང་པ་མུ་

མེད་པའི་ཆོས་ཉིད་དོ། །གཟུགས་ནི་སེམས་དང་སེམས་ལས་བྱུང་བ་མུ་མེད་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སེམས་དང་སེམས་ལས་བྱུང་བ་མུ་མེད་པའོ། །གཟུགས་ནི་སེམས་ཀྱི་སྤྱོད་པ་ལས་བྱུང་བའོ། །དེ་བཞིན་

དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སེམས་ཀྱི་སྤྱོད་པ་ལས་བྱུང་བའོ། །གཟུགས་ནི་དགེ་བ་དང་མི་དགེ་བ་དང་མི་དམིགས་པའི་བར་དུའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བ་དང་མི་

དམིགས་པའི་བར་དུའོ། །གཟུགས་ནི་སེང་གེའི་སྒྲ་དང་མཚུངས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སེང་གེའི་སྒྲ་དང་མཚུངས་པའོ། །གཟུགས་ནི་འཁྲུག་པ་མེད་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་

རྣམས་དང་རྣམ་པར་ཤེས་པ་ནི་འཁྲུག་པ་མེད་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དེ་ལྟར་རྗེས་སུ་རིག་པར་བྱེད་པ་དང་རྣམ་པར་དཔྱོད་པ་དང་འཇུག་པ་དང་རྟོགས་པར་བྱེད་པ་དང་སེམས་པ་དང་འཇལ་བ་དང་ཉེ་བར་རྟོག་པ་དང་། སྒྱུ་དང་གཡོ་ཐམས་ཅད་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་ལེ་ལོ་ཐམས་ཅད་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་

རློམ་སེམས་ཐམས་ཅད་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་བདག་སྟོད་པ་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་གཞན་ལ་སྨོད་པ་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་བདག་ཏུ་འདུ་ཤེས་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་སེམས་ཅན་དུ་འདུ་ཤེས་རྣམ་པར་

Vol. 33 · folio 261a

སྤངས་པའི་ཡིད་ལ་བྱེད་པ་དང་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་སྒྲིབ་པ་ལྔ་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང་ཕྲག་དོག་དང་སེར་སྣ་རྣམ་པར་སྤངས་པ་ཡིད་ལ་བྱེད་པ་དང་སྐྱེ་བོ་ཐམས་ཅད་སྤངས་པའི་ཡིད་

ལ་བྱེད་པ་དག་གིས་སྒོམ་པར་འགྱུར་བ་དེའི་ཚེ་དེ་ལ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང་སངས་རྒྱས་ཀྱི་ཞིང་བླ་ན་མེད་པ་དང་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པ་རྙེད་དཀའ་བར་མི་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་

ལས་རྗེས་སུ་རིག་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་གསུམ་པ། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྟག་ཏུ་ངུ་གང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་མི་ཟད་པར་སྒྲོགས་པའི་དྲུང་དུ་ན་ཚངས་པར་སྤྱད་པ་སྤྱོད་པ་དེས་ཡོངས་སུ་བཙལ་བ་དེ་བཞིན་དུ་ཡོངས་སུ་བཙལ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཚོལ་བ་ན་ཅི་ལྟར་ཡོངས་སུ་བཙལ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་ན་ལུས་ལ་ཆེད་ཆེར་མི་བྱེད་སྲོག་ལ་མི་ལྟ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་མི་གནས་པར་ཡོངས་

སུ་བཙལ་བས་ཡོངས་སུ་བཙལ་ཏོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་ཞིང་འབྲོག་དགོན་པ་ཞིག་ཏུ་ཕྱིན་པ་ན་བར་སྣང་ལས། རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཞིག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་གྱིས། ཅི་ལྟར་ལུས་ངལ་བ་ཡིད་ལ་བྱེད་པ་མི་སྐྱེད་

Vol. 33 · folio 261b

པ་དང་གཉིད་དང་རྨུགས་པ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་བཟའ་བ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་བཏུང་བ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་མཚན་མོ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་ཉིན་མོ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་གྲང་བ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་ཚ་བ་ཡིད་ལ་བྱེད་པ་མི་སྐྱེད་པ་དེ་ལྟར་

སོང་ཞིག །ནང་ངམ་ཕྱི་རོལ་གང་ལ་ཡང་སེམས་སྨོན་པར་མ་བྱེད་ཅིག་རིགས་ཀྱི་བུ་གཡོན་དུ་མ་ལྟ་བར་སོང་ཞིག །གཡས་སུ་མ་ཡིན་ཤར་དུ་མ་ཡིན་ལྷོ་རུ་མ་ཡིན་ནུབ་ཏུ་མ་ཡིན་བྱང་དུ་མ་ཡིན་སྟེང་དུ་མ་ཡིན་འོག་ཏུ་མ་ཡིན་ཕྱོགས་མཚམས་སུ་ཡང་མ་ལྟ་བར་སོང་ཞིག །རིགས་

ཀྱི་བུ་ཅི་ལྟར་བདག་ལས་མ་གཡོས་ཤིང་འཇིག་ཚོགས་ལས་ཀྱང་མ་ཡིན་པ་དང་ཅི་ལྟར་གཟུགས་ལས་ཀྱང་མ་གཡོས་པ་དང་ཅི་ལྟར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ཅི་ལྟར་རྣམ་པར་ཤེས་པ་ལས་ཀྱང་མ་གཡོས་པ་དེ་ལྟར་སོང་ཞིག །གང་འདི་ལས་གཡོས་པ་དེ་ནི་རྣམ་

པར་ཉམས་པར་འགྱུར་རོ། །ཅི་ལས་ཉམས་པར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་རོ། །གང་སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་ནི་འཁོར་བ་ལ་སྤྱོད་དོ། །གང་འཁོར་བ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

མི་སྤྱོད་དེ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་མི་འཐོབ་བོ་ཞེས་བྱ་བའི་སྒྲ་ཐོས་པར་གྱུར་ཏོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྒྲ་དེ་ལ་འདི་སྐད་ཅེས་དེ་བཞིན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ང་ནི་སེམས་ཅན་ཐམས་ཅད་ལ་

སྣང་བར་བྱེད་འདོད་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པར་འདོད་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། སྒྲ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་རིགས་ཀྱི་བུ་རྟག་ཏུ་ངུ་ལེགས་སོ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཡང་སྒྲ་ཐོས་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་ཆོས་ཐམས་ཅད་ལ་མོས་པ་བསྐྱེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་བར་བྱའོ། །ཁྱོད་ཀྱིས་མཚན་མ་ཡོངས་

Vol. 33 · folio 262a

སུ་སྤང་བ་དང་དངོས་པོ་ཡོངས་སུ་སྤང་བ་དང་སེམས་ཅན་དུ་ལྟ་བ་ཡོངས་སུ་སྤང་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་ཡོངས་སུ་སྤང་བར་བྱའོ། །དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པ་

དང་སྨོན་པ་མེད་པ་དང་མ་བྱུང་བ་དང་མ་སྐྱེས་པ་དང་མ་འགགས་པ་དང་དངོས་པོ་མེད་པར་ཆོས་རྣམས་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ་གུས་པར་བྱ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བསྒྲུབས་ན་རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་

ཆུད་པའམ་དགེ་སློང་ཆོས་སྨྲ་བའི་ལུས་ལ་ཡོད་པ་ཐོས་པར་འགྱུར་ཏེ། རིགས་ཀྱི་བུ་གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་དེ་ལ་ཁྱོད་ཀྱིས་སྟོན་པར་འདུ་ཤེས་བསྐྱེད་པར་བྱ་ཞིང་ཁྱོད་ཀྱིས་བྱས་པ་གཟོ་བ་དང་བྱས་པ་ཚོར་བར་བྱ་སྟེ། གང་ལས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ཐོས་པ་འདི་ནི་བདག་གི་དགེ་བའི་བཤེས་གཉེན་ཡིན་ཏེ་འདི་བདག་གིས་ཐོས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་པར་

འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པ་དང་མ་བྲལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །མི་ཁོམ་པ་རྣམས་སྤོང་བར་འགྱུར་རོ། །དལ་བ་ཕུན་སུམ་ཚོགས་པ་སྤྱོད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཕན་ཡོན་འདི་རྣམས་ཁྱོད་ཀྱིས་ཡོངས་སུ་རྟོགས་ལ་དགེ་སློང་ཆོས་

སྨྲ་བ་ལ་སྟོན་པ་ཡིན་པར་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་འཇིག་རྟེན་གྱི་ཟང་ཟིང་དང་ལྡན་པའི་སེམས་ཀྱི་རྒྱུད་ཀྱིས་དགེ་སློང་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་མི་བྱའི་ཁྱོད་ཀྱིས་དགེ་སློང་ཆོས་སྨྲ་བ་ལ་ཆོས་དོན་དུ་གཉེར་བ་དང་ཆོས་ལ་གུས་པར་བྱ་བས་ཕྱི་བཞིན་འབྲང་བར་

བྱའོ། །ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་ཀྱང་རྟོགས་པར་བྱ་སྟེ། རིགས་ཀྱི་བུ་བདུད་སྡིག་ཅན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་དག་བསྙེན་པ་དང་བསྟེན་པ་དང་སྤྱད་པར་བྱ་བའི་ཕྱིར་ཉེ་བར་སྒྲུབ་སྟེ། དེ་དག་ཆོས་སྨྲ་བ་དེས་ཟིལ་

Vol. 33 · folio 262b

གྱིས་མནན་ནས་ཐབས་མཁས་པས་འགྲོགས་ཤིང་སྟེན་པ་དང་བསྙེན་པར་བྱེད་པ་ཡང་ཡོད་དེ་རིགས་ཀྱི་བུ་ཁྱོད་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་ལ་མ་དད་པ་སྐྱེད་པར་མི་བྱའོ། །གཞན་དུ་ན་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་བདག་ནི་ཐབས་མཁས་པ་དེ་མི་ཤེས་ཀྱི་འདི་ནི་ཐབས་མཁས་

པ་རབ་ཏུ་ཤེས་སོ། །འདི་ནི་སེམས་ཅན་གདུལ་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་ཕྱིར་ཆོས་འདི་དག་ལ་བརྟེན་ཅིང་འགྲོགས་ཏེ་བསྙེན་པར་བྱེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གང་ལ་ཡང་ཆགས་པ་འམ་སྒྲིབ་པ་མེད་

ཀྱིས། སྐད་ཅིག་དེ་ཉིད་ལ་རིགས་ཀྱི་བུ་ཁྱོད་ཉིད་ཀྱིས་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་སོ་སོར་བརྟག་པར་བྱའོ། །རིགས་ཀྱི་བུ་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མ་ཡིན་རྣམ་པར་བྱང་བ་མ་ཡིན་ནོ། །དེ་ཅིའི་

ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་སྲོག་མེད་པ་གསོ་བ་མེད་པ་སྐྱེས་བུ་མེད་པ་གང་ཟག་མེད་པ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་སྒྲ་བརྙན་ལྟ་བུ་མིག་ཡོར་ལྟ་བུ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་ཡང་དག་

པའི་ཚུལ་དེ་ལྟར་རྟོག་ཅིང་ཆོས་སྨྲ་བའི་རྗེས་སུ་འབྲང་ན་རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་ཁྱོད་ཀྱིས་བདུད་ཀྱི་ལས་ལ་སེམས་ཤིག །རིགས་ཀྱི་བུ་གལ་ཏེ་ཆོས་སྨྲ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

དོན་དུ་གཉེར་བའི་རིགས་ཀྱི་བུ་ལ་བརྙས་པར་བྱེད་ཅིང་མི་སེམས་ན་དེ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱིར་བསྔོ་བར་མི་བྱ་སྟེ། གཞན་དུ་ན་ཆོས་དོན་དུ་གཉེར་བ་ཉིད་དང་ཆོས་ལ་གུས་པར་བྱེད་པ་ཉིད་དང་ཡིད་མི་སྐྱོ་བས་དགེ་སློང་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་བྱའོ་ཞེས་དེ་སྐད་ཀྱང་ཐོས་སོ། །

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྒྲ་དེ་ལས་རྗེས་སུ་བསྟན་པ་འདི་བླངས་ནས་ཤར་ཕྱོགས་ག་ལ་བ་དེར་སོང་བ་དང་། རིང་པོར་མ་ཕྱིན་པར་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་སྒྲ་དེ་ལ་ཅི་སྲིད་དུ་འགྲོ་བར་བྱ་བ་མ་དྲིས་སོ་སྙམ་དུ་བསམས་ནས་དེས་ཕྱོགས་དེ་

Vol. 33 · folio 263a

ཉིད་དུ་ངུ་ཞིང་ཆོ་ངེས་འདེབས་ཏེ་དེ་མྱ་ངན་བྱེད་ལ་སྨྲེ་ཤིང་འདུག་སྟེ། དེ་འདི་སྙམ་དུ་ས་ཕྱོགས་འདི་ཉིད་དུ་ཉིན་ཞག་གཅིག་གི་བར་དུ་ཉིན་མཚན་འདའ་བར་བྱའོ། །ཉིན་མཚན་གཉིས་སམ་གསུམ་མམ་བཞི་འམ་ལྔ་འམ་དྲུག་གམ་ཉིན་མཚན་བདུན་ཡང་འདའ་

བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་མ་གྱུར་གྱི་བར་དུ། ལུས་ངལ་བ་ཡིད་ལ་བྱེད་པ་མི་སྐྱེད་རྨུགས་པ་དང་གཉིད་ཡིད་ལ་བྱེད་པ་མི་སྐྱེད་བཟའ་བ་ཡིད་ལ་བྱེད་པ་མི་སྐྱེད་བཏུང་བ་ཡིད་ལ་བྱེད་པ་མི་སྐྱེད་མཚན་མོར་ཡིད་ལ་བྱེད་པ་མི་སྐྱེད་ཉིན་མོར་ཡིད་ལ་བྱེད་པ་

མི་སྐྱེད་གྲང་བ་ཡིད་ལ་བྱེད་པ་མི་སྐྱེད་ཚ་བ་ཡིད་ལ་བྱེད་པ་མི་སྐྱེད་དོ་སྙམ་དུ་བསམས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་བུ་གཅིག་པུ་འཆི་བའི་དུས་བྱས་ན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེ་བུའི་མྱ་ངན་གྱི་བུ་གཅིག་པུ་ཡིད་ལ་

བྱེད་པ་ཉིད་མ་གཏོགས་པར་ཡིད་ལ་བྱེད་པ་གཞན་གང་ཡང་མི་འབྱུང་སྟེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཡང་དེའི་ཚེ་བདག་གིས་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་སྙམ་པ་མ་གཏོགས་པར་ཡིད་ལ་བྱེད་པ་གཞན་

གང་ཡང་མ་བྱུང་ངོ་། །རབ་འབྱོར་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟར་གདུང་ཞིང་འདུག་པའི་མདུན་དུ་དེ་བཞིན་གཤེགས་པའི་གཟུགས་ཤིག་བཞུགས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཀྱིས་ཚིག་དེ་སྐད་སྨྲ་བ་

ལེགས་སོ་ལེགས་སོ། །ཅི་ལྟར་ཁྱོད་ཀྱིས་ད་ལྟར་ཡོངས་སུ་བཙལ་བ་དེ་བཞིན་དུ་རིགས་ཀྱི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

བཙལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀྱིས་བརྩོན་འགྲུས་འདི་ཉིད་དང་སྤྲོ་བ་འདི་ཉིད་དང་དོན་དུ་གཉེར་བ་འདི་ཉིད་དང་འདོད་པ་འདི་ལྟ་བུ་ཉིད་ཀྱིས་རྗེས་སུ་འབྲང་ཞིང་ཤར་ཕྱོགས་ཉིད་དུ་སོང་ཤིག་དང་། རིགས་ཀྱི་བུ་འདི་ནས་དཔག་ཚད་ལྔ་བརྒྱ་ན་སྤོས་དང་ལྡན་པ་ཞེས་བྱ་བའི་གྲོང་ཁྱེར་རིན་པོ་ཆེ་

Vol. 33 · folio 263b

སྣ་བདུན་གྱི་རང་བཞིན་གྱི་ར་བ་རིམ་པ་བདུན་གྱིས་བསྐོར་བ། འོབས་རིམ་པ་བདུན་དང་ཤིང་ཏ་ལི་འཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ་འབྱོར་བ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་མང་པོ་དང་མིས་གང་

བ། བར་གྱི་ཚོང་ཁང་གི་ཕྲེང་བ་རི་མོ་སྣ་ཚོགས་སུ་བྲིས་པ་ལྟ་བུར་བལྟ་ན་སྡུག་པ་ཕིགས་པར་གྱུར་པ་མཉམ་ཞིང་མཚུངས་པ། སྐྱེ་བོ་དང་ཁྱོགས་ཀྱི་བཞོན་པ་དང་རྐང་གིས་འགྲོ་བའི་གནས་འཛེར་དོག་མེད་པར་གནས་པ་ལྔ་བརྒྱ་དག་གིས་ལེགས་པར་བསྒྲུབས་པ། གྲོང་ཁྱེར་གྱི་

ཁོར་ཡུག་ཏུ་ཞོལ་གྱི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱིས་བསྐོར་ལ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ར་བ་དེ་དག་གི་མདའ་ཡབ་རྣམས་ནི་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། མཐོ་ཞིང་ཚད་དང་ལྡན་པ་མདའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་

རང་བཞིན་གྱི་ཤིང་སྐྱེས་ཏེ། རིན་པོ་ཆེ་སྣ་ཚོགས་བཀྲ་བའི་ཤིང་ཐོག་གི་འབྲས་བུ་ཆགས་པ། མདའ་ཡབ་ལས་ཤིང་སྐྱེས་པ་ཐམས་ཅད་ལས་ཀྱང་རིན་པོ་ཆེའི་རང་བཞིན་གྱི་ཐག་གུ་བྱུང་བས་མདའ་ཡབ་གཉིས་པའི་ཤིང་གཞན་དང་འབྲེལ་པ་ཐམས་ཅད་དང་ལྡན་པའི་གྲོང་ཁྱེར་དེ་

གསེར་གྱི་དྲིལ་བུ་གཡེར་ཀའི་དྲ་བས་ཁེབས་ཏེ། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་ལ་རླུང་གིས་བཏབ་ན་སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་འདི་ལྟ་སྟེ། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་སྣ་ཚོགས་པ། རོལ་མོ་མཁན་མཁས་པས་བརྡུངས་ཤིང་བླངས་ན་སྒྲ་

འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་དེ་བཞིན་དུ། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་ལ་རླུང་གིས་བཏབ་ན་སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་སྟེ། སྒྲ་དེས་སེམས་ཅན་དེ་དག་རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །གྲོང་ཁྱེར་དེ་ཁོར་ཡུག་ཏུ་འོབས་ཆུ་རྗེས་སུ་

མཐུན་པར་འབབ་པའི་ཚུལ་ཡོངས་སུ་གང་ཞིང་། ཆུ་ཧ་ཅང་ཡང་མི་གྲང་བ་ཧ་ཅང་མི་དྲོ་བས་གང་བ་དག་ཡོད་དོ། །ཆུ་དེ་དག་ཉིད་ལ་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ། རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པའི་གྲུ་དག་ཡོད་དེ། དེར་

Vol. 33 · folio 264a

སེམས་ཅན་དག་ཞུགས་ནས་རྩེ་འགའ་ཞིང་དགའ་མགུར་སྤྱོད་དོ། །ཆུ་དེ་དག་ཐམས་ཅད་ཀྱང་ཨུད་པ་ལ་དང་ཀུ་མུ་ད་དང་པད་མ་དཀར་པོ་དག་གིས་ཁེབས་པ། མེ་ཏོག་གི་རིགས་ཆེ་ཞིང་བཟང་ལ་དྲི་བཟང་པོའི་ངད་དང་ལྡན་པ་གཞན་དག་གིས་ཀྱང་ཁེབས་ཏེ། སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་མེ་ཏོག་གི་རིགས་ལས་དེ་ན་མེད་པ་གང་ཡང་མེད་དོ། །གྲོང་ཁྱེར་དེའི་ནང་ན་སྐྱེད་མོས་ཚལ་ལྔ་བརྒྱ་ཡོད་དེ། ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་ཤ་སྟག་སྟེ། སྐྱེད་མོས་ཚལ་དེ་

དག་རེ་རེ་ན་ཡང་རྫིང་བུ་ཁོ་ར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ། རྫིང་བུ་དེ་དག་ཐམས་ཅད་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མེ་ཏོག་ཨུད་པ་ལ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་དག་སྐྱེས་ཏེ་དེ་དག་གིས་ཆུ་དེ་ཁེབས་ཤིང་། ཨུད་

པ་ལ་དང་ཀུ་མུ་ད་དང་པད་མ་དཀར་པོ་བཟང་པོ་དེ་དག་ཐམས་ཅད་ཀྱང་ཆུ་ཞེང་དུ་ཤིང་རྟའི་འཁོར་ལོ་ཙམ་སྟེ། དྲི་བཟང་བ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོར་སྟོན་པ་སྔོན་པོར་སྣང་བ། སེར་པོ་ཁ་དོག་སེར་པོ་སེར་པོར་སྟོན་པ་སེར་པོར་སྣང་བ། དམར་པོ་ཁ་དོག་དམར་པོ་དམར་པོར་

སྟོན་པ་དམར་པོར་སྣང་བ། དཀར་པོ་ཁ་དོག་དཀར་པོ་དཀར་པོར་སྟོན་པ་དཀར་པོར་སྣང་བ་དག་ཡོད་དོ། །རྫིང་བུ་དེ་དག་ཐམས་ཅད་ན་ངང་ངུར་དང་ཁྲུང་ཁྲུང་དང་ཀཱ་རཎྜ་དང་ས་ར་ས་སྒྲ་འབྱིན་པ་དག་ཡོད་དོ། །སྐྱེད་མོས་ཚལ་དེ་དག་ཐམས་ཅད་ཀྱང་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་

པ་མེད་དེ། འདི་ལྟར་ཡུན་རིང་པོར་སེམས་ཅན་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཚུལ་ལ་གུས་པར་བྱེད་པ་རྗེས་སུ་འགྲོ་བའི་ཐོས་པ་དང་སེམས་པ་ལེགས་པར་རྟོགས་པ། ཡུན་རིང་པོར་ཆོས་ཟབ་མོ་ལ་མོས་པའི་སེམས་ཅན་དེ་དག་ཉིད་ཀྱི་སྔོན་གྱི་

ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ཡིན་ནོ། །དེ་ལ་རིགས་ཀྱི་བུ་གྲོང་ཁྱེར་སྤོས་དང་ལྡན་པ་དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁང་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཁོར་ཡུག་ཏུ་དཔག་ཚད་ཀྱི་ཚད་ཙམ། རྣམ་པར་བཀྲ་ཞིང་བལྟ་ན་

Vol. 33 · folio 264b

སྡུག་པར་བ་རིམ་པ་བདུན་དང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ་ཞིག་ཡོད་དེ། ཁང་པ་དེ་ན་ཁང་པའི་ལོངས་སྤྱད་པ་དང་ཉེ་བར་ལོངས་སྤྱད་པ་དང་། ཡོངས་སུ་ལོངས་སྤྱོད་པ་དག་རྟག་ཏུ་དགའ་བ་ཞེས་བྱ་བའི་སྐྱེད་མོས་ཚལ་དང་མྱ་ངན་མེད་ཅེས་བྱ་བ་དང་མྱ་ངན་

བྲལ་ཞེས་བྱ་བ་དང་མེ་ཏོག་སྣ་ཚོགས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དང་སྐྱེད་མོས་ཚལ་བཞི་ཡོད་དེ། སྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་འདི་ལྟ་སྟེ། རྫིང་བུ་བཟང་པོ་ཞེས་བྱ་བ་དང་བཟང་མཆོག་ཅེས་བྱ་བ་དང་དགའ་བ་ཞེས་བྱ་བ་དང་དགའ་མཆོག་ཅེས་བྱ་བ་དང་བདེ་བ་ཞེས་བྱ་བ་དང་

བདེ་མཆོག་ཅེས་བྱ་བ་དང་ངེས་པ་ཞེས་བྱ་བ་དང་མི་འབབ་པ་ཅེས་བྱ་བ་བརྒྱད་བརྒྱད་ཡོད་དེ། ཡང་རྫིང་བུ་དེ་དག་གི་ངོས་གཅིག་ནི་གསེར་གྱི་རང་བཞིན། ངོས་གཉིས་པ་ནི་དངུལ་གྱི་རང་བཞིན། ངོས་གསུམ་པ་ནི་བཻདཱུརྱའི་རང་བཞིན། ངོས་བཞི་པ་ནི་ཤེལ་གྱི་རང་བཞིན། འོག་

གི་ས་གཞི་ནི་ཀར་ཀེ་ཏ་ནའི་རང་བཞིན་ལ་གསེར་གྱི་བྱེ་མ་བདལ་བ་སྟེ། རྫིང་བུ་དེ་དག་རེ་རེ་ལ་ཡང་ཐེམ་སྐས་ཐེམ་པ་རིན་པོ་ཆེའི་རང་བཞིན་སྣ་ཚོགས་རྣམ་པ་ཐ་དད་པས་བརྒྱན་པ་བརྒྱད་བརྒྱད་ཡོད་དེ། ཐེམ་སྐས་དེ་དག་ཐམས་ཅད་ཀྱི་བར་ནས་ཀྱང་འཛམ་བུའི་ཆུ་བོའི་གསེར་གྱི་ཤིང་

ལྗོན་པ་དག་སྐྱེས་སོ། །རྫིང་བུ་དེ་དག་ཐམས་ཅད་ཀྱི་ཆུ་ནི་མེ་ཏོག་ཨུད་པ་ལ་དང་ཀུ་མུ་ད་དང་པད་མ་དཀར་པོ་སྣ་ཚོགས་ཀྱིས་ཁེབས་ཤིང་ངང་ངུར་དང་ཁྲུང་ཁྲུང་དང་ཀཱ་རཎྜ་དང་ས་ར་ས་རྣམས་སྐད་འབྱིན་ཏོ། །རྫིང་བུ་དེ་དག་གི་ཁོ་ར་ཡུག་ཏུ་མེ་ཏོག་གི་ཤིང་རྣམ་པ་སྣ་ཚོགས་སྐྱེས་ཏེ་མེ་ཏོག་གི་

ཤིང་དེ་དག་ལ་རླུང་གིས་བསྐྱོད་པ་དང་། མེ་ཏོག་རྣམས་རྫིང་བུའི་ནང་དུ་ལྷུང་བས་རྫིང་བུ་དེ་དག་ཐམས་ཅད་ཀྱི་ཆུ་ཡང་ཙན་དན་གྱི་དྲིར་ཕྱོགས་ཤིང་ཁ་དོག་དང་ལྡན་དྲི་དང་ལྡན་རོ་དང་ལྡན་རེག་དང་ལྡན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འཁོར་དང་

བཅས་པ་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་དབང་དུ་གྱུར་ཏེ། རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །གྲོང་ཁྱེར་དེ་ན་སེམས་ཅན་སྐྱེས་བ་དང་བུད་མེད་གང་གཞན་དག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྐྱེད་མོས་ཚལ་ལམ་རྫིང་བུ་དག་ན་

Vol. 33 · folio 265a

རྟག་ཏུ་དགའ་ཞིང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནས་དབང་དུ་གྱུར་ཏེ་རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་དུས་དེ་སྲིད་དུ་འཁོར་རྣམས་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་དགའ་མགུར་སྤྱོད་པར་བྱེད་ཅིང་

དེ་ན་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །སེམས་ཅན་གང་དག་གྲོང་ཁྱེར་སྤོས་ལྡན་ན་འཁོད་པ་དེ་དག་ཀྱང་གྲོང་ཁྱེར་གྱི་དབུས་ཀྱི་བཞི་མདོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁྲི་གསེར་གྱི་རྐང་པ་དང་དངུལ་གྱི་རྐང་པ་དང་བཻ་ཌཱུརྱའི་རྐང་

པ་དང་ཤེལ་གྱི་རྐང་པ་བཙུགས་པ། ཤིང་བལ་བཏིང་བ་སྟན་པར་ཚངས་ཅན་བཏིང་བ་སྟེང་སྙིང་པོ་ཅན་དུ་བྱས་པ་ཀ་ཤི་ཀའི་གོས་བཏིང་བ་འཕང་དུ་རྒྱང་གྲགས་ཕྱེད་ཡོད་པ་བཤམས་ཏེ། སྟེང་གི་བར་སྣང་ལ་ཡང་གོས་ཀྱི་བླ་རེ་མུ་ཏིག་གིས་བརྒྱན་པ་བྲེས་པ་ལ་ཅི་འདི་ལེགས་པར་

གནས་སམ་སྙམ་པ། ལེགས་པར་གནས་པ་སྣ་ཚོགས་པ་རྣམ་པར་སྨིན་པས་ལྷན་ཅིག་ཏུ་མཉམ་པར་རབ་ཏུ་འཛིན་པར་བྱེད་ཅིང་ས་ཕྱོགས་དེ་ཁོར་ཡུག་ཏུ་ཡང་མེ་ཏོག་ཁ་དོག་སྣ་ལྔ་པ་དག་མངོན་པར་གཏོར་རབ་ཏུ་གཏོར་ཡང་དག་པར་གཏོར་བར་བྱེད་ལ། ཅི་ལྟར་ཡང་འདི་

ཆོས་ཀྱི་བསམ་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་ལ་གུས་པས། ས་ཕྱོགས་དེ་ཡང་དྲི་དང་བདུག་པ་སྣ་ཚོགས་ཀྱིས་ཤིན་ཏུ་བདུག་པར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་

ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི་དེ་ལྟར་ཆོས་ལ་གུས་པར་བྱེད་ཅིང་ཆོས་རྣམས་ལ་རྟེན་པ་དང་། དད་པ་དང་ལྡན་པས་དད་པ་དང་དང་བ་སྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཉན་ཏོ། །དེ་ན་གང་དག་ཉན་པའི་ལྷ་དང་མི་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་པོ། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་ཚོགས་པ་དེ་དག་ལས་ལ་ལ་ནི་ལུང་འབོགས། ལ་ལ་ནི་ཁ་ཏོན་བྱེད། ལ་ལ་ནི་ཡི་གེར་འདྲི། ལ་ལ་ནི་ཚུལ་བཞིན་

Vol. 33 · folio 265b

ཡིད་ལ་བྱེད་པས་རྟོགས་པར་བྱེད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ལོག་པར་མི་ལྟུང་བའི་ཆོས་ཅན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེའི་

དྲུང་དུ་སོང་ཤིག་དང་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ནི་ཡུན་རིང་པོ་ནས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་

སྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་དེས་ཀྱང་སྔོན་ད་ལྟར་ཁྱོད་ཅི་ལྟར་ཚོལ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་གྱིས། རིགས་ཀྱི་བུ་ཁྱོད་ཉིན་མཚན་དུ་ཡིད་ལ་བྱེད་པ་རྒྱུན་མ་བཅད་པར་བསྐྱེད་པས་སོང་ཤིག་དང་།

རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་དེ་ཐོས་ནས་དགའ་མགུ་ཡི་རངས། རབ་ཏུ་མགུ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་པར་གྱུར་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་

མདེའུ་དུག་ཅན་ཞིག་གིས་ཕོག་ན་ཡིད་ལ་བྱེད་པ་གཞན་མི་སྐྱེད་ཀྱི། གང་བདག་ཟུག་རྔུ་འདི་སྒྲོལ་ཅིང་བདག་སྡུག་བསྔལ་འདི་ལས་ཐར་པར་བྱེད་པ་ཟུག་རྔུ་འབྱིན་པའི་སྣན་པ་བདག་གིས་ནམ་རྙེད་སྙམ་སེམས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྟག་ཏུ་ངུས་ཡང་དེའི་ཚེ་གང་བདག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐོས་པར་བྱེད་ཅིང་ཆོས་གང་ཐོས་ནས་བདག་གི་དམིགས་པ་ཡིད་ལ་བྱེད་པ་སྤོང་བར་འགྱུར་བའི་རིགས་ཀྱི་བུ་དེ་བདག་གིས་རྣམ་མཐོང་སྙམ་སེམས་པ་མ་གཏོགས་པར་ཆོས་གང་ཡང་ཡིད་ལ་མི་བྱེད་དོ། །དེ་ནས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཕྱོགས་དེ་ཉིད་དུ་འདུག་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཐོས་སོ། །ཐོས་ནས་ཀྱང་ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་ནས་དེ་ཏིང་ངེ་འཛིན་

Vol. 33 · folio 266a

གྱི་སྒོ་དུ་མ་མངོན་དུ་གྱུར་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་ལས་ངེས་པར་འབྱུང་བ་

ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཐ་དད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་འགྱུར་བ་མེད་པར་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མུན་པ་དང་

བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་ཤེས་པ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རྣམ་པར་བསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་བཀྲམ་པ་ཞེས་བྱ་བའི་

ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བདག་གི་དངོས་པོ་མི་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྱུ་མ་རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ལོང་གི་དཀྱིལ་འཁོར་སྣང་བ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྒྲུབ་པ་ཞེས་བྱ་བའི་ཏིང་

ངེ་འཛིན་དང་། རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་མངོན་པར་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་མཁས་པའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དང་ཚིག་དང་ཡིག་འབྲུ་སྣ་ཚོགས་མངོན་པར་སྒྲུབ་

པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁེངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རང་བཞིན་གྱིས་ཐ་སྙད་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིང་

དང་ངེས་པའི་ཚིག་དང་ཡིག་འབྲུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཡུལ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་

Vol. 33 · folio 266b

མཁའ་དང་མཚུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུགས་ཀྱི་རྡུལ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱིར་མི་

ལྡོག་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་ལས་ངེས་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དབུགས་འབྱིན་པ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་མངོན་པར་སྒྲོགས་པ་ཞེས་

བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་དང་རྣམ་པར་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། ནེམ་ནུར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་མངོན་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་སྟོབས་དང་མི་འཇིགས་པ་ཐོབ་པ་ཞེས་བྱ་བའི་

ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་ངེས་པར་འབིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་འབྱོར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་འབྱོར་པ་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བྱེ་བྲག་མེད་པར་ལྟ་

བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྟ་བར་གྱུར་པའི་ཐིབས་པོ་ཐམས་ཅད་རྣམ་པར་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མུན་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཚན་མ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པ་ཐམས་ཅད་ལས་

རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལེ་ལོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཟབ་མོའི་འོང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རི་རབ་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འཕྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་ཀྱི་དཀྱིལ་

Vol. 33 · folio 267a

འཁོར་རྣམ་པར་སེལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་གསུམ་ལ་མངོན་པར་མ་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་དག་ལ་གནས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གཞལ་དུ་མེད་གྲངས་མེད་པ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ཉིད་རབ་ཏུ་སྟོན་པ་དག་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ལེགས་སོ་ཞེས་བྱ་བ་བྱིན་ནས་དབུགས་དབྱུང་བ་མཛད་དེ། ཚིག་འདི་སྐད་ཅེས་རིགས་ཀྱི་བུ་ངེད་ཀྱིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་བཞིན་དུ་ཡོངས་སུ་བཙལ་ཏེ། ཡོངས་སུ་ཚོལ་བ་ན་ཡང་གང་འདིར་ཁྱོད་ཀྱིས་ཐོབ་པའི་ཏིང་ངེ་འཛིན་འདི་ལྟ་བུ་ཉིད་དག་ཐོབ་སྟེ། ཏིང་ངེ་འཛིན་འདི་དག་ཐོབ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏེ། ཕྱིར་མི་ལྡོག་པའི་སངས་རྒྱས་ཀྱི་ཆོས་ལ་

གནས་པར་གྱུར་ཏོ། །ངེད་ཀྱིས་ཏིང་ངེ་འཛིན་འདི་དག་གི་ངོ་བོ་ཉིད་དང་རང་བཞིན་ལ་བལྟས་ན། གང་མཉམ་པར་བཞག་པར་བྱ་བའམ་ལྡང་བར་བྱ་བའམ། གང་བྱང་ཆུབ་ཏུ་སྤྱད་པར་བྱ་བའམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱ་བར་བྱ་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡིན་ཏེ་ཆོས་གང་གིས་ཀྱང་རློམ་སེམས་སམ། རློམ་སེམས་མེད་པར་མི་བྱེད་པ་ལ་གནས་ནས། ངེད་ཀྱིས་འདི་འདྲ་བའི་ལུས་གསེར་གྱི་ཁ་དོག་ལྟ་བུ་ཐོབ་སྟེ།

སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་འདོམ་གང་བ་དང་སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཤེས་རབ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་བླ་ན་མེད་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་

Vol. 33 · folio 267b

ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་སྟེ། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་དག་གིས་ཀྱང་ཚད་གཟུང་བ་འམ། མཐའ་བསྟན་པར་མི་ནུས་ན། ཉན་ཐོས་དང་རང་སངས་རྒྱས་དག་གིས་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་

ཆོས་འདི་དག་ཉིད་ལ་རབ་ཏུ་དོན་དུ་གཉེར་བ་དང་འདོད་པས་གུས་པ་མཆོག་ཏུ་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུ་དོན་དུ་གཉེར་བ་དང་འདོད་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་

ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །ཕངས་པར་བྱའོ། །རབ་ཏུ་དང་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་

ཀྱང་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་བདག་གི་དགེ་བའི་བཤེས་གཉེན་གང་ལགས་ཞེས་གསོལ་ཏོ། །དེ་དག་གིས་དེ་ལ་འདི་སྐད་ཅེས་རིགས་ཀྱི་བུ་ཁྱོད་ཡུན་རིང་པོ་ནས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཤིང་ཡོངས་སུ་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་སངས་རྒྱས་ཀྱི་ཆོས་རྣམས་ལ་བསླབས་སོ། །རིགས་ཀྱི་བུ་དེ་ནི་ཁྱོད་ཀྱི་དགེ་བའི་

བཤེས་གཉེན་ཡོངས་སུ་འཛིན་པ་ཡིན་ཏེ། བྱས་པ་ཤེས་པ་དང་བྱས་པ་ཚོར་བས་དེས་བསྒོ་བ་དང་དེས་བྱས་པ་བཞིན་དུ་ཟུང་ཤིག །རིགས་ཀྱི་བུ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བསྐལ་པ་གཅིག་གམ་བསྐལ་པ་གཉིས་སམ་བསྐལ་པ་

གསུམ་མམ་བསྐལ་པ་བརྒྱ་འམ་བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་སྟོང་ངམ་དེ་ལས་ལྷག་པར་ཡང་མགོ་ལ་ཐོད་བཞིན་དུ་ཐོགས་ཤིང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་དང་སྒྲ་དང་དྲི་དང་རོ་དང་

Vol. 33 · folio 268a

རེག་པ་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕུལ་ཡང་རིགས་ཀྱི་བུ་ཁྱོད་རིགས་ཀྱི་བུ་དེའི་བྱས་པ་དེ་ཉིད་ལ་ལན་ལོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་རིགས་ཀྱི་བུ་དེའི་མཐུས་ཁྱོད་ཀྱིས་འདི་ལྟ་བུའི་ཏིང་ངེ་འཛིན་རྣམས་རྙེད་པར་གྱུར་ཏེ། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ཐོས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐོབ་པར་གྱུར་ཏོ་ཞེས་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དབུགས་ཕྱུང་ནས་མི་སྣང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ཡང་

ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ། ལངས་ནས་ཡང་འདི་སྙམ་དུ་སེམས་སོ། །དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་སྙམ་སྟེ། དེ་དེ་བཞིན་གཤེགས་པ་དེ་དག་མ་མཐོང་བས་རབ་ཏུ་གདུང་ཞིང་མི་དགའ་བར་གྱུར་ཏོ། །ཡང་

དེ་འདི་སྙམ་དུ་སེམས་ཏེ། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནི་གཟུངས་ཐོབ་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ་སྟེ། བདག་གི་དགེ་བའི་བཤེས་གཉེན་ཡང་དག་པར་ཡོངས་སུ་འཛིན་

པ། ཡུན་རིང་པོ་ནས་དེས་བདག་གི་དོན་བྱས་པ་ཡིན་གྱིས། བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་མངོན་པར་སོང་སྟེ་ཉེ་བར་ཕྱིན་ནས། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་ཅེས་

དོན་འདི་ཉིད་དྲིའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་དགའ་བ་དང་དད་པ་དང་རི་མོ་དང་གུས་པར་བྱ་བ་ཉེ་བར་བཞག་སྟེ། ཉེ་བར་བཞག་ནས་འདི་སྙམ་དུ། བདག་གིས་ཅི་ལྟ་བུའི་

བཀུར་སྟིར་བྱ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེའི་དྲུང་དུ་འགྲོ་བར་བྱ། བདག་ནི་དབུལ་ཏེ། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བདག་གིས་བཀུར་སྟིར་བྱ་བའི་གོས་སམ། རིན་པོ་ཆེ་འམ་གསེར་རམ་ནོར་བུ་

Vol. 33 · folio 268b

འམ་མུ་ཏིག་གམ་བཻ་དཱུརྱའམ་དུང་ངམ་མན་ཤེལ་ལམ་བྱི་རུའམ་དངུལ་ལམ་མེ་ཏོག་གམ་བདུག་པའམ་དྲི་འམ་ཕྲེང་བ་འམ་བྱུག་པ་འམ་ཕྱེ་མ་འམ་ཆོས་གོས་སམ་གདུགས་སམ་རྒྱལ་མཚན་ནམ་དྲིལ་བུ་འམ་བ་དན་དེ་ལྟ་བུ་ཡང་བདག་ལ་ཅི་ཡང་མེད་ན། བདག་འདི་བཞིན་དུ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་སོང་ན་ནི་བདག་གིས་མི་རིགས་པ་བྱས་པར་འགྱུར་ཏེ། བདག་དགའ་བ་འམ་རངས་པ་ཡང་མི་སྐྱེའོ་སྙམ་དུ་བསམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟ་བུའི་ཡོན་ཏན་དག་དང་།

བླ་མ་ལ་གུས་པ་ཡིད་ལ་བྱེད་པ་དང་ལྡན་པས་སོང་ནས། མཐར་གྱིས་གྲོང་ཁྱེར་གཞན་ཞིག་ཏུ་ཕྱིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་གྲོང་བར་གྱི་སྲང་ག་ལ་བ་དེར་སོང་སྟེ། དེའི་གྲོང་བར་གྱི་དབུས་སུ་ཕྱིན་ནས་དེ་འདི་སྙམ་དུ། འདི་

ལྟར་བདག་གི་ལུས་བཙོངས་ལ། དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟིར་བྱའོ། །ཡུན་རིང་པོ་ནས་བདག་གི་ལུས་སྟོང་ཞིག་ཅིང་ཟད་དེ་འགགས་པར་བཙོངས་སོ། །འཁོར་བ་དཔག་ཏུ་མེད་པ་ན་འདོད་པའི་རྒྱུ་དང་འདོད་

པའི་གཞིས་ཡང་དང་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་དག་མྱོང་ཡང་། འདི་ལྟ་བུའི་ཆོས་ཀྱི་ཕྱིར་རམ་འདི་ལྟ་བུའི་སེམས་ཅན་ཆེན་པོ་ལ་བཀུར་སྟི་བྱ་བའི་ཕྱིར་མ་ཡིན་ནོ་སྙམ་དུ་བསམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་

ཏུ་ངུས་གྲོང་བར་གྱི་ཚོང་འདུས་ཀྱི་དབུས་སུ་འདུག་སྟེ། མི་སུ་འདོད་མི་སུ་འདོད། མི་སུ་ཉོ་བར་འདོད་ཅེས་སྒྲ་བསྒྲགས་ཤིང་སྐད་ཀྱིས་བོས་སོ། །དེ་ནས་བདུད་སྡིག་ཅན་གྱིས་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་

བཙོངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱེད་ཅིང་། ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་ཞེས་

Vol. 33 · folio 269a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ཡོངས་སུ་འདྲི་བར་འགྱུར་ཏེ། དེས་ཐོས་པ་རྒྱ་མཚོ་རྗེས་སུ་ཐོབ་པར་འགྱུར། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དག་གིས་མི་ཐུབ་པར་འགྱུར། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་པར་འགྱུར། དེར་

སེམས་ཅན་མང་པོ་དག་གི་དོན་བྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་དང་གཞན་དག་ཀྱང་ངའི་ཡུལ་ལས་འདའ་བར་བྱེད་པར་འགྱུར་གྱིས། བདག་གིས་འདིའི་བར་ཆད་བྱའོ་སྙམ་དུ་བསམས་སོ། །དེ་

ནས་བདུད་སྡིག་ཅན་གྱིས་ཅི་ནས་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མི་སུ་འདོད་མི་སུ་འདོད་མི་སུ་ཉོ་བར་འདོད་ཅེས་ཟེར་བའི་སྒྲ་ཅི་ལྟར་མི་ཐོས་པར་འགྱུར་བ་དེ་ལྟར་ཡོངས་སུ་བསྒྲིབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྟག་ཏུ་ངུ་གང་གི་ཚེ་བདག་ཉོ་བ་མ་རྙེད་པ་དེའི་ཚེ། ཕྱོགས་གཅིག་ཏུ་སོང་ནས་ངུས་ཏེ་མཆི་མ་ཕྱུང་ནས་འདི་སྐད་དུ་བདག་གི་ལུས་བཙོངས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན། ལུས་ཉོ་བ་ཡང་བདག་གིས་མ་རྙེད་དེ་ཀྱེ་མ་

བདག་ནི་ཐོབ་པ་ངན་པ་ཐོབ་བོ་ཞེས་སྨྲས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ལྟ་སྟེ་ཆོས་འདོད་པའི་ཕྱིར་བདག་གི་ལུས་ཡོངས་སུ་གཏང་བར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་པ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བདག་གིས་སད་པར་བྱའོ་སྙམ་དུ་བསམས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ་འོངས་ནས། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ལྟར་ཁྱོད་ཡིད་མི་དགའ་ཞིང་གདུང་ལ་མཆི་མ་བྱུང་ཞིང་གནས་པ་ཅི་ཉེས། དེ་ལ་རྟག་ཏུ་ངུས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ངའི་ལུས་བཙོང་བར་འདོད་ན་ལུས་འདི་ཉོ་བ་ཡང་མ་རྙེད་དོ། །

Vol. 33 · folio 269b

བརྒྱ་བྱིན་བྲམ་ཟེའི་ཁྱེའུའི་གཟུགས་ཅན་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་བདག་ཉིད་འཚོང་བར་འདོད། རྟག་ཏུ་ངུས་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ང་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ཏེ། ཆོས་ལ་མཆོད་པར་བྱ་བར་འདོད་ཅིང་། འཕགས་པ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱ་བར་འདོད་ན། ལུས་ཉོ་བ་དེ་ངས་མ་རྙེད་ནས་དེ་ལ་ང་འདི་སྙམ་དུ་སེམས་སོ། །ཀྱེ་མ་ང་ནི་བསོད་ནམས་ཆུང་བས་འདི་ལྟར་ལུས་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱ་བ་དང་། འཕགས་

པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱ་སྙམ་ན། བདག་གི་ལུས་ཉོ་བ་ཡང་མ་རྙེད་དོ་སྙམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ང་ལ་མིས་ནི་བྱ་བ་མེད་ཀྱི་འོན་

ཀྱང་ང་མཆོད་སྦྱིན་ཞིག་བྱེད་དེ། དེར་མིའི་སྙིང་དང་ཁྲག་དང་རུས་པ་དང་རྐང་དག་ང་ལ་དགོས་ན་རིན་གྱིས་ཉོར་བྱིན་ཅིག་ཅེས་བྱས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བྲམ་ཟེའི་ཁྱེའུ་འདི་བདག་གི་སྙིང་དང་ཁྲག་

དང་རུས་པ་དང་རྐང་ཉོ་བ་རྙེད་པ་འདི་ནི་བདག་གིས་རྙེད་པའི་མཆོག་ལེགས་པར་རྙེད་དོ། །བདག་གི་ལུས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་ནས། དེ་སེམས་དགའ་བ་དང་སེམས་བདེ་བ་དང་སེམས་

རབ་ཏུ་དགའ་བར་གྱུར་ནས། བྲམ་ཟེའི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ངའི་ལུས་འདི་ལས་ཁྱོད་གང་དང་གང་འདོད་པ་སྦྱིན་ནོ། །དེས་དེ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་རིན་དུ་ཅི་འདོད་པ་སྦྱིན་ནོ་ཞེས་བྱས་པ་དང་། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་

ཟེའི་ཁྱེའུ་ཁྱོད་ཀྱིས་གང་ཡོངས་སུ་བཏང་བ་དེ་ང་ལ་བྱིན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་མཚོན་རྣོན་པོ་ཐོགས་ནས་ལག་པ་གཡས་པ་ཕུག་སྟེ། ཁྲག་གཟགས་སོ། །བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ངོ་། །

Vol. 33 · folio 270a

དེ་ནས་ཚོང་དཔོན་གྱི་བུ་མོ་ཞིག་ཁང་པའི་ཡང་ཐོག་ན་འདུག་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཁྲག་མང་པོ་འཛག་པ་དང་། བརླ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ།

རིགས་ཀྱི་བུ་འདི་ཅིའི་ཕྱིར་བདག་ཉིད་ལ་བདག་ཉིད་འདི་ལྟ་བུའི་ན་ཚ་བྱེད་པ། བདག་རིགས་ཀྱི་བུ་དེའི་དྲུང་དུ་སོང་སྟེ་དྲིའོ་སྙམ་མོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་དག་བྱེད། ཁྲག་དང་རུས་པ་དང་རྐང་འདིས་ཅི་ཞིག་བྱ། རྟག་ཏུ་ངུས་དེ་ལ་སྨྲས་པ། བུ་མོ་བྲམ་ཟེའི་ཁྱེའུ་འདི་ལ་ལུས་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་

པར་བྱའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱའོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་བདག་གི་སྙིང་དང་ཁྲག་དང་

རུས་པ་དང་རྐང་ཡང་བཙོངས་ཏེ། རིགས་ཀྱི་བུ་དེ་ལ་བཀུར་སྟིར་བྱ་བར་འདོད་པ་ཁྱོད་ལ་ཡོན་ཏན་གྱི་རིགས་སམ། ཡོན་ཏན་གྱི་ཁྱད་པར་ཅི་ཞིག་འགྲུབ་པར་འགྱུར། དེས་བུ་མོ་དེ་ལ་འདི་སྐད་ཅེས་བུ་མོ་རིགས་ཀྱི་བུ་དེ་ནི་གང་ལ་ངས་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།

ཐབས་མཁས་པ་དག་སྟོན་པར་འགྱུར་ཏེ། དེ་ལ་ངས་བསླབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར། ལུས་གསེར་གྱི་ཁ་དོག་ལྟ་བུ་ཡང་ཐོབ་པར་འགྱུར། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་

གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་འདོམ་གང་བ་དང་འོད་ཟེར་མཐའ་ཡས་པ་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་དང་མི་འཇིགས་པ་བཞི་རབ་ཏུ་ཐོབ་པར་འགྱུར། སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་ཐོབ་པར་འགྱུར།

Vol. 33 · folio 270b

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་རབ་ཏུ་ཐོབ་པར་འགྱུར། མངོན་པར་ཤེས་པ་ལྔ་བསམ་གྱིས་མི་ཁྱབ་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། ཏིང་ངེ་འཛིན་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། ཤེས་རབ་རྣམ་པར་དག་པ་

བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རབ་ཏུ་ཐོབ་པར་འགྱུར། བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། གང་གིས་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་བགོ་བཤའ་བྱ་བའི་བླ་ན་མེད་པའི་ཆོས་རིན་པོ་ཆེ་

ཡང་རབ་ཏུ་འཐོབ་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ཆོས་རྒྱ་ཆེན་པོ་ཕུལ་དུ་བྱུང་བ་འདི་དག་ཡོངས་སུ་བརྗོད་པ་ནི་ངོ་མཚར་ཏེ། རིགས་ཀྱི་བུ་ཆོས་ཀྱི་དོན་

འདི་ལྟ་བུ་རེ་རེའི་ཕྱིར་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཡོངས་སུ་གཏང་བར་བྱ་བ་ཡིན་ན་མང་པོའི་ཕྱིར་ལྟ་ཅི་སྨོས་ཏེ། དེ་ཙམ་དུ་ཁྱོད་ཀྱིས་ཆོས་འདི་དག་རྒྱ་ཆེ་ཞིང་ཕུལ་དུ་བྱུང་བ་ཡོངས་སུ་བརྗོད་པ་ཅི་ལྟ་བར་བདག་ཀྱང་འདོད་ཅིང་བཟོད་དོ། །དེ་ལྟ་ན་ཡང་རིགས་ཀྱི་བུ་ཁྱོད་

གང་དང་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་གསེར་རམ། ནོར་བུ་འམ་མུ་ཏིག་གམ་བཻ་དཱརྱའམ་དངུལ་ལམ་མུ་སཱ་ར་གལ་པ་འམ་ལོ་ཧི་ཏཱ་ར་ཀ་འམ་ཤེལ་ལམ་མེ་ཏོག་གམ་བདུག་པའམ་དྲི་འམ་ཕྲེང་བ་འམ་བྱུག་པ་འམ་ཕྱེ་མ་འམ་

གོས་སམ་གདུགས་སམ་རྒྱལ་མཚན་ནམ་དྲིལ་བུ་འམ་བ་དན་ནམ་མར་མེ་ཁྱོད་ལ་ཅི་དགོས་པ་དེ་དང་དེ་ཁྱོད་ལ་སྦྱིན་གྱིས་བདག་ཉིད་ལ་འདི་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག །བདག་ཀྱང་ཁྱེད་དང་འགྲོགས་ཏེ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་

ལ་བ་དེར་དོང་ལ། བདག་ཀྱང་ཁྱོད་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དེ་ལྟ་བུའི་ཆོས་དེ་དག་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་སྨྲས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེའི་ཁྱེའུའི་ཆ་བྱད་མི་སྣང་བར་བྱས་ནས། བདག་ཉིད་ཀྱི་ལུས་སུ་བྱང་

Vol. 33 · folio 271a

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་མདུན་དུ་འདུག་ནས་འདི་སྐད་ཅེས་རིགས་ཀྱི་བུ་ཁྱོད་དེ་ལྟ་བུའི་ཡི་དམ་ལ་བརྟན་པ་དང་། དེ་ལྟ་བུའི་ཆོས་དོན་དུ་གཉེར་པ་འདི་ནི་ལེགས་སོ་ལེགས་སོ། །སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་དག་གིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ཡོངས་སུ་ཞུས་པས་ཆོས་རིན་པོ་ཆེ་ཤིན་ཏུ་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །རིགས་ཀྱི་བུ་ང་

ལ་སྙིང་དང་ཁྲག་དང་རུས་པ་དང་རྐང་གིས་བྱ་བ་མེད་ཀྱི། ང་ཁྱོད་སད་པའི་ཕྱིར་འདིར་འོངས་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས་མཆོག་སློངས་ཤིག །རིགས་ཀྱི་བུ་ཁྱོད་ལ་མཆོག་ཅི་ལྟ་བུ་ཞིག་སྦྱིན་པར་བྱ་ཞེས་སྨྲས་སོ། །དེས་དེ་ལ་སྨྲས་པ། བརྒྱ་བྱིན་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་དག་བདག་

ལ་སྩོལ་ཅིག །བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་ཡུལ་འདི་ལ་ནི་ངའི་ནུས་པ་ཡོད་པ་མ་ཡིན་ཏེ། ཡང་ཡུལ་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་དུ་གྱུར་པ་ཡིན་གྱིས། མཆོག་གཞན་སློངས་ཤིག །རྟག་ཏུ་ངུས་སྨྲས་པ། བདག་གི་ལུས་ཡོངས་སུ་རྫོགས་

པར་བྱ་བའི་གནས་འདི་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་ཁྱོད་བརྩོན་པ་ཆུང་བར་གྱིས་ཤིག །ལྷའི་དབང་པོ་ངའི་ལུས་འདི་ལ་བདག་ཉིད་ཀྱིས་བདེན་པའི་བྱིན་གྱི་རླབས་བྱའོ། །ལྷའི་དབང་པོ་བདེན་པ་གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཅིང་། བདག་གི་ལྷག་པའི་བསམ་པ་གཡོ་མེད་པར་མཁྱེན་ན། བདེན་པ་དེ་དང་བདེན་པའི་ཚིག་དེས་བདག་གི་ལུས་སྔོན་གྱི་ཅི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་བྱས་པ་དང་། དེ་ནས་སྐད་ཅིག་

ཐང་ཅིག་ཡུད་ཙམ་དེ་ལ་སངས་རྒྱས་ཀྱི་མཐུ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་ལུས་སྔོན་གྱི་ཅི་ལྟ་བ་བཞིན་དུ་གནས་པ་དང་། ནད་མེད་པ་དང་གནོད་པ་མེད་པར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་

Vol. 33 · folio 271b

དང་། བདུད་སྡིག་ཅན་ཡང་སྤོབས་པ་མེད་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་ལན་གླན་པར་སྤོབས་པ་མ་སྐྱེས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་

སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཚུར་ཤོག །བདག་གི་ཁྱིམ་གང་ན་ཡོད་པ་དེར་འདོང་ངོ་། །བདག་གིས་ཕ་མའི་དྲུང་ནས་ནོར་བླངས་ཏེ། འདི་ལྟ་སྟེ་ཆོས་འདོད་པའི་ཕྱིར་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཆོད་པར་བྱ་བ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ལ་ཡང་བཀུར་སྟིར་བྱ་བ་ཁྱོད་ལ་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་དེ་དང་འགྲོགས་ནས། དེའི་རང་གི་ཁྱིམ་གང་ན་ཡོད་པ་དེར་དོང་སྟེ་ཕྱིན་ནས་སྒོ་དྲུང་དུ་བསྡད་དོ། །དེ་ནས་ཚོང་དཔོན་གྱི་བུ་

མོ་དེ་རང་གི་ཁྱིམ་དུ་ཕྱིན་ནས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་གསེར་དང་དངུལ་དང་རིན་པོ་ཆེ་དང་ནོར་བུ་དང་གོས་དང་མེ་ཏོག་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་རོལ་མོའི་ཡོ་བྱད་སྣ་ཚོགས་

དག་བདག་ལ་སྩོལ་ཅིག །བདག་ཀྱང་ཁྱེད་ཀྱིས་སྩལ་བའི་གཡོག་མོ་བུ་མོ་ལྔ་བརྒྱ་འདི་དག་དང་ལྷན་ཅིག་དགྱེར་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་བདག་ཅག་འགྲོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་

དྲུང་དུ་མཆོད་པ་བགྱི་བའི་སླད་དུ་མཆིའོ། །དེ་ཡང་བདག་ཅག་ལ་ཆོས་སྟོན་པར་འགྱུར་ཞིང་དེས་བདག་གིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་རྙེད་པར་འགྱུར་རོ། །དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་

ངུ་ཞེས་བྱ་བ་དེ་སུ་ཞིག་དེ་ད་ལྟ་གང་ན་འདུག །བུ་མོས་སྨྲས་པ། རིགས་ཀྱི་བུ་དེ་ད་ལྟ་འོ་སྐོལ་གྱི་སྒོ་དྲུང་ན་མཆིས་ཏེ། རིགས་ཀྱི་བུ་དེ་ནི་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་པ་འདི་ལྟ་སྟེ།

Vol. 33 · folio 272a

སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དཔག་ཏུ་མ་མཆིས་པ་ལས་ཐར་བར་བགྱི་བར་འཚལ་བས་དེ་ཆོས་འཚལ་བའི་སླད་དུ་བདག་ཉིད་བཙོངས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བགྱི་བར་འཚལ། འཕགས་པ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བགྱི་བར་འཚལ་ན། དེའི་ལུས་ཉོ་བ་འགའ་ཡང་མ་རྙེད་ཅིང་མ་རྙེད་པས་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་མི་དགའ་བར་སེམས་ཤིང་མཆི་མ་ཕྱུང་ནས་མཆིས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཁྱེའུའི་གཟུགས་སུ་

བསྒྱུར་བས་སྨྲས་པ། རིགས་ཀྱི་བུ་ཁྱོད་སྡུག་བསྔལ་བ་དང་ཡིད་མི་བདེ་བས་མི་དགའ་བར་སེམས་ཤིང་མཆི་མ་ཕྱུང་ནས་གནས་པ་ཅི་ཉེས། དེས་དེ་ལ་སྨྲས་པ། བདག་ཉིད་འཚོང་བར་འདོད་ན་བདག་གི་དེ་ཉོ་བ་ཡང་མ་རྙེད་དོ། །བྲམ་ཟེའི་ཁྱེའུའི་གཟུགས་ཀྱི་བརྒྱ་བྱིན་གྱིས་སྨྲས་པ།

རིགས་ཀྱི་བུ་ཁྱོད་གང་གི་ཕྱིར་ལུས་འཚོང་བར་འདོད་ཅེས་བགྱིས་པ་དང་། རྟག་ཏུ་ངུས་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱ་བ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ལ་ཡང་བཀུར་སྟི་བྱའོ། །ངའི་སངས་རྒྱས་ཀྱི་ཆོས་

རྣམས་ནི་དེ་ལ་རག་ལས་པས་འདི་ལྟ་སྟེ། ཆོས་འདོད་པའི་ཕྱིར་རོ་ཞེས་བགྱིས་པ་དང་། བྲམ་ཟེའི་ཁྱེའུའི་གཟུགས་ཀྱི་བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་ནི་ང་མི་འདོད་དེ། འོན་ཀྱང་ང་མཆོད་སྦྱིན་ཞིག་བྱེད་པ་དེར་མིའི་སྙིང་དང་ཁྲག་དང་རུས་པ་དང་རྐང་དག་དགོས་སོ་ཞེས་

བགྱིས་པ་དང་། རིགས་ཀྱི་བུ་དེས་ཡི་མ་བསད་པར་དེ་ལ་འདི་སྐད་དུ་སྦྱིན་ནོ་ཞེས་སྨྲས་ནས། དེ་མཚོན་རྣོན་པོ་ཐོགས་ཏེ་བདག་གི་ལག་པ་ཕུག་ནས་ཁྲག་གཟགས། བརླ་ཤ་མེད་པར་བཏོགས་ཏེ་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ནས་ཕྱོགས་གཅིག་ཏུ་འདུག་སྟེ། རུས་པ་དང་རྐང་

སྦྱིན་ནོ་སྙམ་ནས་རིགས་ཀྱི་བུ་དེ་ཁྲག་གཟགས་པ་བདག་ཁང་པའི་ཡང་ཐོག་ན་མཆིས་པས་མཐོང་སྟེ། དེ་ལ་བདག་འདི་སྙམ་དུ་བགྱིད་དོ། །མི་འདི་ཅིའི་སླད་དུ་འདི་ལྟ་བུར་བདག་ཉིད་ལ་ན་ཚ་དག་བགྱིད་སྙམ་སྟེ། དེའི་ཐད་དུ་བདག་མཆིས་ནས་འདི་སྐད་དུ་བགྱིས་སོ། །རིགས་ཀྱི་བུ་

Vol. 33 · folio 272b

འདི་ལྟར་བདག་ཉིད་ཀྱིས་ལུས་ཀྱི་ཁྲག་གཟགས་པ་འདིས་ཅི་ཞིག་བྱ་ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་ཅེས་མཆི་སྟེ། བུ་མོ་བྲམ་ཟེའི་ཁྱེའུ་འདི་ལ་ཁྲག་དང་སྙིང་དང་རུས་པ་དང་རྐང་སྦྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ང་ནི་དབུལ་ཏེ་ང་ལ་ནོར་གཞན་ཅི་ཡང་མེད་དོ་ཞེས་

མཆིའོ། །བདག་གིས་ཁྱོད་ལ་ནོར་གྱིས་ཅི་ཞིག་བྱ་ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་དུ། འདི་ལྟ་སྟེ། ཆོས་འདོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་

སྟིར་བྱའོ་ཞེས་མཆི་ནས། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་ཏེ་རིགས་ཀྱི་བུ་དེས་ཁྱོད་ལ་ཡོན་ཏན་གྱི་རིགས་སམ་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་འབྱུང་བར་འགྱུར། དེ་བདག་ལ་འདི་སྐད་དུ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བརྗོད་པ་དང་། སངས་རྒྱས་ཀྱི་ཆོས་

གཞལ་བྱར་མེད་པ་རྣམས་རབ་ཏུ་སྟོན་པར་འགྱུར་རོ། །འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་རྣམས་དེ་ལས་འབྱུང་བར་འགྱུར་རོ་ཞེས་བདག་ལ་མཆི་སྟེ། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་དག་ཐོས་ནས། བདག་ཀྱང་དགའ་བ་དང་རབ་ཏུ་མགུ་བ་ཆེན་པོ་སྐྱེས་ནས་འདི་

སྙམ་དུ་བགྱིད་དེ། རིགས་ཀྱི་བུ་འདི་ཤིན་ཏུ་ཆོས་འདོད་པའི་ཕྱིར་འདི་ལྟ་བུར་གང་རང་གི་ལུས་ཀྱི་བར་དུ་ཡང་མི་གནས་པར་སྤྲོ་བ་ནི་དཀའ་བ་བགྱིད་པ་སྟེ་ངོ་མཚར་ཏོ། །རིགས་ཀྱི་བུ་འདི་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་ཀྱང་ཡོངས་སུ་གཏོང་ན། བདག་ཅག་ལ་ལོངས་སྤྱོད་གང་དག་མང་ཞིང་རྒྱ་

ཆེ་བ་དག་ཡོད་ན། ཅིའི་ཕྱིར་བདག་ཅག་ཆོས་ལ་མཆོད་པ་མི་བགྱིད། འདི་ལྟ་བུའི་གནས་དག་ལ་སྨོན་ལམ་ཅིའི་ཕྱིར་མི་གདབ་སྙམ་ནས། རིགས་ཀྱི་བུ་དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །རིགས་ཀྱི་བུ་ཁྱོད་བདག་ཉིད་ལ་འདི་ལྟ་བུའི་སྲོག་འཕྲོག་པའི་ཚུལ་གྱི་ན་ཚ་དག་མ་བྱེད་

ཅིག །ཁྱོད་དོན་གང་གིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བའི་ནོར་མང་པོ་དག་བདག་གིས་ཕ་མ་ལས་བླངས་ཏེ་བདག་ཀྱང་ཁྱོད་དང་འགྲོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་

Vol. 33 · folio 273a

མཆིའོ། །བདག་གིས་ཀྱང་རིགས་ཀྱི་བུ་དེ་ལ་མཆོད་པར་བགྱིའོ། །གང་ཁྱོད་ཀྱིས་ཡོངས་སུ་བརྗོད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་དེ་ལྟ་བུའི་ཆོས་དག་བདག་གིས་ཀྱང་རྫོགས་པར་བགྱིའོ་ཞེས་བགྱིས་ན། ཡབ་ཡུམ་གྱིས་དཀོར་གྱི་ཕུང་པོ་ཆེན་པོ་

དེ་བདག་ལ་སྩལ་བ་གནང་བར་མཛད་དུ་གསོལ། བདག་གིས་ཀྱང་རིགས་ཀྱི་བུ་དེ་དང་ལྷན་ཅིག་ཏུ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པར་བགྱིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་བཞི་

པ། དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེའི་དཀའ་བའི་གནས་དག་ཁྱོད་ཀྱིས་བསྟན་པ་ལས་ན་ཆོས་དེ་དག་ནི་གཅིག་ཏུ་ངེས་པར་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱེད་པའི་

བར་ནི་ངོ་མཚར་ཏོ། །རིགས་ཀྱི་བུ་གང་དག་དེ་དག་གི་ཕྱིར་དེ་ལྟ་བུའི་དཀའ་བའི་གནས་དག་ལ་སྤྲོ་བར་བྱེད་ན་ཁྱོད་ངེད་ཀྱིས་གནང་གིས། བུ་མོ་ངེད་ཀྱང་ཁྱོད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་

མཆོད་པ་བྱེད་དུ་འགྲོ་ཡིས་ངེད་འགྲོ་བའི་གོ་སྐབས་ཕྱེ་ཤིག །དེ་ནས་ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པར་བྱ་བ་དང་། བཀུར་སྟིར་བྱ་བའི་ཕྱིར་ཆས་ཏེ་རང་གི་ཕ་མ་ལ་རིག་པར་བྱས་ནས་འདི་སྐད་ཅེས། ཡབ་ཡུམ་ཅི་སྐད་གསུངས་

པ་དེ་བཞིན་དུ་མཛོད་ཅིག་དང་བདག་ནི་དགེ་བའི་ཕྱོགས་གང་གི་ཡང་བར་ཆད་མི་བགྱིད་དོ་ཞེས་སྨྲས་ནས་ཚོང་དཔོན་གྱི་བུ་མོ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་དང་བཀུར་སྟིར་བྱ་བའི་ཕྱིར་ཆས་པར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་ཤིང་རྟ་

ལྔ་བརྒྱ་ཡང་རྒྱན་གྱིས་བརྒྱན། བུ་མོ་ལྔ་བརྒྱ་དེ་དག་ཀྱང་རྒྱན་གྱིས་བརྒྱན་ཏོ། །རྒྱན་གྱིས་བརྒྱན་ནས་མེ་ཏོག་ཐ་དད་པ་ཁ་དོག་སྣ་ཚོགས་པ་དག་དང་གོས་ཁ་དོག་སྣ་ཚོགས་ཐོགས། བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་དྲིལ་

Vol. 33 · folio 273b

བུ་དང་བ་དན་དག་ཐོགས། རིན་པོ་ཆེ་སྣ་ཚོགས་རྣམ་པ་ཐ་དད་པ་དག་དང་རིན་པོ་ཆེ་སྣ་ཚོགས་རྣམ་པ་ཐ་དད་པའི་རང་བཞིན་གྱི་མེ་ཏོག་དག་ཀྱང་ཐོགས། བཟའ་བ་དང་བཅའ་བ་དང་མྱང་བ་མང་པོ་ཕ་མས་ཀྱང་ཐོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་ཤིང་རྟ་གཅིག་

ཏུ་ལྷན་ཅིག་ཏུ་ཞུགས་ཏེ། བུ་མོ་ལྔ་བརྒྱ་ཤིང་རྟ་ལྔ་བརྒྱའི་ནང་དུ་ཞུགས་པ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ཕ་མ་ལ་སོགས་པ་འཁོར་མང་པོ་དང་ཤར་ཕྱོགས་ག་ལ་བ་དེར་ལོགས་སུ་དོང་སྟེ་མཐར་གྱིས་སོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྟག་ཏུ་ངུས་རྒྱང་རིང་མོ་ཞིག་ནས་གྲོང་ཁྱེར་སྤོས་ལྡན་རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་བ་བལྟ་ན་སྡུག་པ་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ར་བ་རིམ་བདུན་གྱིས་བསྐོར་བ། རྟ་བབས་བདུན་ཡོད་པ། འོབས་རིམ་བདུན་དང་ཏ་ལའི་ཕྲེང་བ་རིམ་བདུན་གྱིས་ཡོངས་སུ་བསྐོར་

བ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། འབྱོར་ཅིང་རྒྱས་པ་བདེ་བ་ལོ་ལེགས་པ་མི་དང་སྐྱེ་བོ་མང་པོས་གང་བ། བར་གྱི་ཚོང་ཁང་གི་ཕྲེང་བ་རི་མོ་སྣ་ཚོགས་སུ་བྲིས་པ་ལྟ་བུ་བལྟ་ན་སྡུག་པ་ཕིགས་པར་གྱུར་པ་མཉམ་ཞིང་མཚུངས་པ། སྐྱེ་བོ་དང་

ཁྱོགས་ཀྱི་བཞོན་པ་དང་རྐང་གིས་འགྲོ་བའི་གནས་འཛེར་དོག་མེད་པར་གནས་པ་ལྔ་བརྒྱ་དག་གིས་ལེགས་པར་བསྒྲུབས་པ། གྲོང་ཁྱེར་དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་ཀྱི་ཁྲི་ལ་འདུག་ནས་འཁོར་བརྒྱ་ཕྲག་དུ་མ་དང་འཁོར་སྟོང་ཕྲག་

དུ་མ་དང་འཁོར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་ཆོས་སྟོན་པ་མཐོང་སྟེ། མཐོང་མ་ཐག་ཏུ་དེ་འདི་ལྟ་བུའི་བདེ་བ་ཐོབ་པ་འདི་ལྟ་སྟེ། དཔེར་ན་དགེ་སློང་བསམ་གཏན་དང་པོ་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་སྙོམས་པར་ཞུགས་པ་བཞིན་ནོ། །དེ་མཐོང་

ནས་འདི་སྙམ་དུ་སེམས་ཏེ་བདག་ཤིང་རྟའི་ནང་དུ་ཞུགས་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་འགྲོ་བ་ནི་བདག་གི་མཆིའོ་སྙམ་ནས་ཤིང་རྟ་ལས་བབས་སོ། །དེ་ནས་ཤིང་རྟ་དེ་ལས་བབས་པ་དང་གཞན་ཚོང་དཔོན་གྱི་བུ་མོ་དེ་དང་བུ་མོ་ལྔ་བརྒྱ་པོ་དེ་

Vol. 33 · folio 274a

དག་ཀྱང་མཉམ་དུ་ཤིང་རྟ་ལས་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་མཆོད་པའི་བཀོད་པ་ཚད་མེད་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཆོས་འཕགས་ག་ལ་བ་དེར་དོང་ངོ་། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལས་བྱས་པ་ཙན་དན་དམར་པོས་བརྒྱན་ཅིང་མུ་ཏིག་གི་དྲ་བས་གཡོགས་པ་ཞིག་བྱེད་དུ་

བཅུག་སྟེ། ཁང་པ་བརྩེགས་པ་དེའི་གྲུ་བཞིར་ནོར་བུ་རིན་པོ་ཆེ་བཞག་པར་གྱུར་ཏེ་དེ་དག་སྒྲོན་མའི་བྱ་བ་བྱེད་དོ། །བདུག་སྤོས་ཀྱི་སྣོད་དངུལ་ལས་བྱས་པ་བཞི་ཡང་ཕྱོགས་བཞིར་བཏགས་ཏེ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱ་བའི་ཕྱིར་ཨ་ག་རུ་ནག་པོ་འབའ་ཞིག་གིས་

བདུག་པར་བྱེད་དོ། །ཁང་པ་བརྩེགས་པ་དེའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་བཞི་བཙུགས་ཏེ་དེའི་སྟེང་དུ་རིན་པོ་ཆེའི་སྒྲོམ་བཞི་བཞག་ནས་དེའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་གྱི་གླེགས་བམ་ལ་བཻདཱུརྱ་བཞུ་བས་བྲིས་པ་བཅུག་སྟེ་ཁང་པ་བརྩེགས་པ་དེ་ཡང་དར་གྱི་ཆུན་

པོ་སྣ་ཚོགས་རྣམ་པ་ཐ་དད་པ་འཕྱང་བས་བརྒྱན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ལ་སོགས་ཏེ་བུ་མོ་ལྔ་བརྒྱ་དང་བཅས་པས་ཁང་པ་བརྩེགས་པ་དེ་མཆོད་པའི་བཀོད་པ་ཚད་མེད་པས་བརྒྱན་པ་མཐོང་ཞིང་དེ་ན་ལྷ་སྟོང་ཕྲག་དུ་མ་དག་ཀྱང་མཐོང་

སྟེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་ལྷའི་མེ་ཏོག་མན་དཱ་ར་བ་དང་ལྷའི་ཙན་དན་གྱི་ཕྱེ་མ་དང་ལྷའི་གསེར་གྱི་ཕྱེ་མ་དང་ལྷའི་དངུལ་གྱི་ཕྱེ་མ་དག་གིས། ཁང་པ་བརྩེགས་པ་དེ་ལ་འཐོར་མངོན་པར་འཐོར་མངོན་པར་རབ་ཏུ་འཐོར་བར་མཐོང་ངོ་ལྷའི་སིལ་སྙན་དག་ཀྱང་ཐོས་སོ། །

མཐོང་ཞིང་ཐོས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་ཁྱོད་ལྷ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་རིན་པོ་ཆེའི་ཁང་པ་བརྩེགས་པ་འདི་ལ་ཅིའི་ཕྱིར་ལྷའི་མེ་ཏོག་མན་དཱ་ར་བ་དང་ལྷའི་ཙན་དན་

Vol. 33 · folio 274b

གྱི་ཕྱེ་མ་དང་ལྷའི་གསེར་གྱི་ཕྱེ་མ་དང་ལྷའི་དངུལ་གྱི་ཕྱེ་མ་དག་གིས་འཐོར་ཞིང་མངོན་པར་འཐོར་མངོན་པར་རབ་ཏུ་འཐོར་ལྷའི་སིལ་སྙན་འདི་དག་ཀྱང་ལྷ་རྣམས་བར་སྣང་ལ་ཅིའི་ཕྱིར་རྡུང་། དེ་སྐད་ཅེས་སྨྲས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་དང་ཡོངས་སུ་འདྲེན་པ་ཡིན་ཏེ། འདི་ལ་བསླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་

ཏུ་ཕྱིན་པར་རྗེས་སུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་བ་ཡིན་ན་ཁྱོད་མི་ཤེས་སམ། དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་

འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་དང་ཡོངས་སུ་འདྲེན་པ་དེ་གང་ན་བཞུགས། བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་དེ་ནི་ཁང་པ་བརྩེགས་པ་འདིའི་ནང་ན་གསེར་གྱི་གླེགས་བམ་ལ་བཻདཱུརྱ་བཞུ་

བས་བྲིས་པ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་རྒྱ་རིམ་བདུན་གྱིས་རྒྱས་བཏབ་ནས་བཞག་སྟེ་ངེད་ཀྱིས་ཁྱོད་ལ་བསྟན་པར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ལ་སོགས་ཏེ། བུ་མོ་ལྔ་

བརྒྱ་དག་དང་ལྷན་ཅིག་ཏུ་དེ་དག་གིས་མེ་ཏོག་དང་ཕྲེང་བའི་ཆུན་པོ་དང་གོས་རིན་པོ་ཆེ་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་། ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དག་དང་གསེར་དང་དངུལ་ལས་བྱས་པའི་མེ་ཏོག་གང་དག་ཐོགས་ཏེ།

འོངས་པའི་ཚོགས་པ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱས་ཏེ་འདི་ལྟ་སྟེ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པའི་ཕྱིར་དེ་དག་ལས་གཞན་དང་གཞན་ཆེས་སོ་སོར་བཞག་གོ། །དེ་ནས་བྱང་ཆུབ་སེམས་

Vol. 33 · folio 275a

དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དག་གིས་མེ་ཏོག་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཙན་དན་གྱི་ཕྱེ་མ་དང་གསེར་དང་དངུལ་

ལས་བྱས་པའི་མེ་ཏོག་དང་ལྷའི་རོལ་མོ་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔར་མཆོད་པ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆོས་ལ་མཆོད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་

ལ་མེ་ཏོག་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དག་དང་ཙན་དན་གྱི་ཕྱེ་མ་དང་གསེར་དང་དངུལ་ལས་བྱས་པའི་མེ་ཏོག་དག་གིས་གཏོར་མངོན་པར་གཏོར་མངོན་པར་རབ་ཏུ་གཏོར་ཏོ། །ལྷའི་སིལ་སྙན་དག་ཀྱང་

ཡང་དག་པར་རབ་ཏུ་དཀྲོལ་ལོ། །དེ་ནས་མེ་ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྤྱི་བོའི་སྟེང་ན་མེ་ཏོག་གི་ཁང་པ་བརྩེགས་པ་ཞིག་ཏུ་གྱུར་ཏོ། །གསེར་དང་དངུལ་ལས་བྱས་པའི་མེ་ཏོག་དང་ཁ་དོག་སྣ་ཚོགས་པའི་མེ་ཏོག་དེ་དག་ནམ་མཁའ་ལ་

གཞལ་མེད་ཁང་འདྲ་བར་འདུག་པར་གྱུར་ཏོ། །དེའི་ཆོས་གོས་དང་གོས་རིན་པོ་ཆེ་དེ་དག་ཀྱང་བར་སྣང་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་དཀྱིལ་འཁོར་འདྲ་བར་འདུག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་

དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་མཐོང་སྟེ། མཐོང་ནས་དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ་ངོ་མཚར་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་

ཆེ་ལ་འདི་ལྟར་གཟི་བརྗིད་ཆེ་སྟེ། རིགས་ཀྱི་བུ་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཉིད་ན་ཡང་རྫུ་འཕྲུལ་རྣམ་པར་འཕྲུལ་པ་འདི་འདྲ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཅི་འདྲ་བར་འགྱུར་སྙམ་མོ། །དེ་ནས་ཚོང་དཔོན་གྱི་

Vol. 33 · folio 275b

བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་དགའ་བ་བསྐྱེད་ནས་ཚོགས་པ་དེ་དག་ཐམས་ཅད་དང་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་དགེ་བའི་རྩ་

བ་འདིས་བདག་ཅག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཆོས་གང་ཐོབ་པར་གྱུར་པ་འདི་ལྟ་བུའི་

ཆོས་རྣམས་ཐོབ་པར་གྱུར་ཅིག །ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཀུར་སྟིར་བྱེད་པ་དང་བླ་མར་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀུར་སྟིར་བྱེད་པ་དང་བླ་མར་བྱེད་པར་ཤོག་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་

འཕགས་ཅི་ལྟར་ཡང་དག་པར་སྟོན་པ་བཞིན་དུ་བདག་ཅག་ཀྱང་སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པར་གྱུར་ཅིག །ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པ་དེ་

བཞིན་དུ་བདག་ཅག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པར་ཤོག་ཅིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་མཆོད་པ་བྱས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་རྐང་པ་ལ་མགོ་བོ་རྣམས་ཀྱིས་མངོན་དུ་ཕྱག་འཚལ་ནས་ཞེ་ས་བྱེད་ཅིང་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །

ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ན་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚོལ་ཞིང་འབྲོག་དགོན་པར་ཕྱིན་པ་ན། རིགས་ཀྱི་

Vol. 33 · folio 276a

བུ་ཤར་ཕྱོགས་སུ་སོང་ཞིག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ་ཞེས་སྒྲ་ཐོས་ཏེ་བདག་གིས་སྒྲ་དེ་ལས་ཡང་དག་པར་བསྟན་པ་དེ་ཐོས་ནས་ཤར་ཕྱོགས་ག་ལ་བ་དེ་ལོགས་སུ་མཆིས་ནས་འདི་སྙམ་དུ་བསམས་ཏེ། བདག་གིས་སྒྲ་དེ་ལ་ཅི་སྲིད་ཅིག་ཏུ་མཆི་བར་

བགྱི་སུའི་དྲུང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་ཅིང་རྙེད་པར་འགྱུར་བ་ཡང་དག་པར་འགྲོ་བ་སྒྲ་ཐོས་པ་ལ་བདག་གིས་མ་དྲིས་སོ་སྙམ་སྟེ་དེས་བདག་ཡིད་མི་བདེ་ཞིང་ཤིན་ཏུ་གདུང་བར་གྱུར་ནས། ས་ཕྱོགས་དེ་ཉིད་དུ་ཉིན་མཚན་བདུན་འདས་ཏེ་དེ་ལྟར་ཤིན་ཏུ་གདུང་བས་ཟས་ལ་སེམས་

པ་ནི་མ་བྱུང་གི་གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ཡིད་ལ་བགྱིས་ཏེ་ཅི་སྲིད་ཅིག་ཏུ་མཆི་བར་བགྱི་བ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སུ་ལས་མཉན་པ་རྙེད་པར་འགྱུར་བ་སྒྲ་དེ་ལས་མ་དྲིས་སོ་སྙམ་པ་དང་། དེ་ནས་བདག་གི་མདུན་དུ་དེ་བཞིན་གཤེགས་པའི་སྐུ་ཞིག་བྱུང་

སྟེ་དེ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་འདི་ནས་དཔག་ཚད་ལྔ་བརྒྱར་རིམ་གྱིས་སོང་དང་། གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་འཆད་པ་མཐོང་བར་འགྱུར་རོ་ཞེས་གསུངས་ཏེ། དེ་ནས་བདག་

དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དང་ལྡན་པར་གྱུར་ཏེ་བདག་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དེ་ཉིད་ཀྱིས་ཁྱབ་པར་གྱུར་ནས་ས་ཕྱོགས་དེ་ནས་མ་བསྐྱོད་པར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཐོས་སོ། །དེ་བདག་གིས་ཐོས་པ་ན་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེས་པར་གྱུར་

ཏོ། །བདག་དེ་ན་མཆིས་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབུགས་དབྱུང་བ་མཛད་པ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཏིང་ངེ་འཛིན་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་ཡིན་

ཏེ། འདི་ལ་གནས་པས་ངེད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱས་སོ་ཞེས་དེ་བཞིན་གཤེགས་པ་དེ་དག་གིས་བདག་ལ་ཤིན་ཏུ་ལེགས་པར་བསྟན་ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་ཡང་དག་པར་དགའ་བར་མཛད་ནས་མི་སྣང་བར་གྱུར་ཏོ། །

Vol. 33 · folio 276b

བདག་ཀྱང་དེ་ནས་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་སྙམ་དུ་བསམས་ཏེ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་སྙམ་མོ། །དེ་ནས་ཡང་བདག་གིས་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཆོས་འཕགས་ནི་

གཟུངས་ཐོབ་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྔོན་གྱི་རྒྱལ་བ་དག་ལ་བགྱི་བ་བགྱིས་པ་དགེ་བའི་རྩ་བ་བསྐྲུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་ཤིན་ཏུ་བསླབས་པ་ཡིན་ཏེ། དེ་བདག་ལ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་དེ་བཞིན་གཤེགས་པ་དེ་

དག་གང་དུ་བཞུད་པའི་དོན་འདི་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ་སྙམ་དུ་བསམས་ཏེ། བདག་གིས་དེ་བཞིན་གཤེགས་པའི་སྐུའི་སྒྲ་ཐོས་པ་ལས་ཅི་ལྟར་གདམས་པ་དེ་ལྟར་ཤར་ཕྱོགས་ག་ལ་བ་དེར་མཆིས་ཏེ་མཆིས་ནས་ཀྱང་རྒྱང་རིང་མོ་ཞིག་ནས་བདག་གིས་འཕགས་པ་ཆོས་སྟོན་པ་

མཐོང་སྟེ་མཐོང་མ་ཐག་ཏུ་བདག་ལ། དཔེར་ན་དགེ་སློང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་རྩེ་གཅིག་པར་ཡིད་ལ་བྱེད་པའི་བདེ་བ་དེ་ལྟ་བུ་སྐྱེས་པར་གྱུར་ཏོ། །རིགས་ཀྱི་བུ་ཁྱོད་ལ་བདག་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་དེ་བཞིན་གཤེགས་པ་དེ་དག་གང་དུ་

བཞུད་ཅེས་འདྲི་ན། རིགས་ཀྱི་བུ་ཅི་ནས་བདག་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་འཚལ་ཅིང་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བར་འགྱུར་བར་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་བདག་ལ་བཤད་དུ་གསོལ། །འཕགས་པ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་རྟག་ཏུ་ངུའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་པའོ།། །།དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །

རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་དག་ནི་གང་ནས་ཀྱང་མ་བྱོན་གང་དུ་ཡང་མ་བཞུད་ཅིང་དེ་བཞིན་ཉིད་ལས་མ་གཡོས་ཏེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་མི་སྐྱེ་བ་ལ་འོང་བ་འམ་འགྲོ་བ་མེད་དེ་མི་སྐྱེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words