འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ
Sanskrit title (Tibetan script, as in the text) ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 33 · folio 84b
བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ཡང་དབེན་པ་ཞི་བའོ་ཞེས་སེམས་པ་དེ་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །གལ་ཏེ་དེ་འདུ་བྱེད་ཐམས་ཅད་ནི་དབེན་པའོ་ཞི་བའོ་སྙམ་དུ་དེ་ལྟར་ཡང་མི་ཤེས་པ་དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གང་ཡང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་དེ་ཅི་འདྲ་བ་ལྟར་ཡོངས་སུ་བསྔོ་བ་དེ་དང་དེའི་དགེ་བའི་རྩ་བ་ཡང་དེ་འདྲ་བ་ཉིད་དེ། གང་གིས་དེ་ཡོངས་སུ་བསྔོས་པ་
དེ་ཡང་དེའི་རིགས་ཅན་དེའི་མཚན་ཉིད་ཅན་དེའི་རིས་སུ་གཏོགས་པ་དེའི་རང་བཞིན་ཅན་ཡིན་པར་གལ་ཏེ་དེ་ལྟར་ཤེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཚན་མའི་ཚུལ་
གྱིས་ཡོངས་སུ་བསྔོ་བ་གནང་བར་མི་མཛད་དོ། །གང་འདས་པ་དེ་ནི་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པའོ། །གང་མ་འོངས་པ་དེ་ཡང་མ་ཐོབ་པའོ། །ད་ལྟར་བྱུང་བ་དེ་ལ་ནི་གནས་པ་མི་དམིགས་ལ། གང་མི་དམིགས་པ་དེ་ནི་མཚན་མ་མ་ཡིན་ཞིང་ཡུལ་མ་ཡིན་པར་གལ་ཏེ་
དེ་ལྟར་མཚན་མར་བྱེད་ཅིང་མི་སེམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན་ནོ། །དེ་སྟེ་དྲན་པ་དང་བྲལ་བས་མཚན་མར་མི་བྱེད་ཅིང་མི་སེམས་པ་དང་། དྲན་པ་དང་བྲལ་བ་འམ་ཁོང་དུ་མ་ཆུད་པས་ཡིད་ལ་མི་བྱེད་ན་དེ་ལྟ་ན་ཡང་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན་ནོ། །དེ་སྟེ་མཚན་མ་དེ་ལ་སེམས་ཤིང་མཚན་མར་མི་བྱེད་ན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །འདི་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་བསླབ་པར་བྱ་སྟེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཐབས་མཁས་པར་རིག་པར་བྱའོ། །གང་ཐབས་མཁས་པ་འདིས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བ་ཡིན་ནོ། །ཐབས་
Vol. 33 · folio 85a
མཁས་པ་འདི་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་རྒྱུན་མི་འཆད་པར་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་
དབོག་པར་བྱ་ཁ་ཏོན་དུ་བྱ་ཡོངས་སུ་དྲི་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཐོས་པ་དང་མི་ལྡན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བསྔོ་བའི་བྱ་བ་འདི་ལ་འཇུག་མི་ནུས་སོ། །དེ་ལ་གང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་ལ་མ་བརྟེན་ཀྱང་བསོད་ནམས་བྱ་བའི་དངོས་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་ནུས་སོ་ཞེས་ཟེར་ན། དེ་ལ་དེ་སྐད་མ་ཟེར་ཅིག་ཅེས་བརྗོད་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་དངོས་པོ་དེ་དག་འགགས་པ་དང་འདུ་བྱེད་དེ་དག་ཀྱང་
འགགས་པ་སྟེ་ཞི་བ་དབེན་པ་དམིགས་པ་དང་བྲལ་བ་ཡིན་ནོ། །འོན་ཀྱང་གང་ཟག་དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་ལ་མཚན་མར་བྱས་ཤིང་རྣམ་པར་བརྟགས་ནས་ཡང་དག་པ་ཅི་ལྟ་བ་བཞིན་མ་ཡིན་པ་ལ་ཡང་དག་པ་ཇི་ལྟ་བར་འདུ་ཤེས་པས་དམིགས་པ་ལ་མི་དམིགས་པར་ཡོངས་སུ་སྔོ་བར་
བྱེད་པ་ཡིན་ཏེ། དེའི་དགེ་བའི་རྩ་བ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གནང་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ལ་
མཚན་མར་བྱེད་ཅིང་རྣམ་པར་རྟོག་པ་དང་མྱ་ངན་ལས་འདས་པ་ལ་རྣམ་པར་དམིགས་པ་གང་ཡིན་པ་དེ་ཉིད་དེའི་དམིགས་པ་ཆེན་པོ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དམིགས་པའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དོན་
ཆེན་པོ་བྱེད་པའོ་ཞེས་མི་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་དེ་ནི་དུག་དང་བཅས་ཤིང་ཟུག་རྔུ་དང་བཅས་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ཁ་ཟས་བཟང་པོ་དུག་ཅན་ཞིག་ཡོད་ལ་དེ་བཞིན་དུ་དེའི་ཁ་དོག་དང་དྲི་དང་རོ་དང་རེག་པའི་སྒོ་ནས་འདོར་པར་བྱ་བ་ཡང་ཡིན་
Vol. 33 · folio 85b
མོད་ཀྱི། འོན་ཀྱང་དུག་དང་བཅས་པ་ཡིན་པས་ན་མཁས་པ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱ་བ་ཡིན་གྱི་ཡོངས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་ནོ། །དེ་ཉིད་སྐྱེས་བུ་བྱིས་པའི་རང་བཞིན་ཅན་ཤེས་རབ་འཆལ་བའི་རང་བཞིན་ཅན་གྱིས་ཡོངས་སུ་ལོངས་སྤྱད་པར་བསམས་ཏེ། དེས་ཟས་དེ་
ཟ་བ་ན་དེའི་ཁ་དོག་དང་དྲི་དང་རོ་དང་རེག་པའི་སྒོ་ནས་མྱངས་བ་ན་བདེ་བར་བྱེད་ལ་ཞུ་བའི་ཚེ་དེ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་ཏེ་དེ་དེའི་གཞི་ལས་ཤི་བའམ་ཤི་བ་ཙམ་གྱི་སྡུག་བསྔལ་དུ་འགྱུར་རོ། །འཕགས་པ་རབ་འབྱོར་དེ་བཞིན་དུ་འདི་ལ་ཁ་ཅིག་ལོག་པར་ཟིན་ཅིང་ལོག་
པར་རིག་པ་དང་ལོག་པར་ཁ་ཏོན་བྱས་པས་ལེགས་པར་སྨྲས་པའི་དོན་མ་ཤེས་ཤིང་དོན་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པ་དག །འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་འཇིག་རྟེན་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་ཅིང་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་
འདས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་རྒྱ་བར་འགྱུར་བ་དང་རྒྱ་བའི་བར་དང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་
སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་འདའ་བར་འགྱུར་བ་དང་འདའ་བའི་བར་དང་། དམ་པའི་ཆོས་ནུབ་པར་མ་གྱུར་པ་དང་ནུབ་པར་མི་འགྱུར་བ་དང་མ་ནུབ་པའི་བར་ཏེ། བར་དེའི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་དེ་དག་གི་ཉན་ཐོས་
རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་གང་ཡིན་པ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། ལུང་སྟོན་པར་འགྱུར་བ་དང་ལུང་སྟོན་པ་དེ་དག་གིས་དགེ་བའི་རྩ་བ་བསྐྲུན་པ་དང་སྐྲུན་པར་འགྱུར་བ་དང་སྐྲུན་པ་གང་ཡིན་པ་རྣམས་དང་། གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་ཅན་གང་དག་རང་བྱང་ཆུབ་
Vol. 33 · folio 86a
ཏུ་ལུང་བསྟན་པ་དང་ལུང་སྟོན་པར་འགྱུར་བ་དང་ལུང་སྟོན་པ་དེ་དག་གིས་དགེ་བའི་རྩ་བ་བསྐྲུན་པ་དང་སྐྲུན་པར་འགྱུར་བ་དང་སྐྲུན་པ་གང་ཡིན་པ་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་ཅན་གྱི་གང་ཟག་གང་དག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པ་དང་ལུང་སྟོན་
འགྱུར་བ་དང་ལུང་སྟོན་པ་དེ་དག་གིས་དགེ་བའི་རྩ་བ་བསྐྲུན་པ་དང་སྐྲུན་པར་འགྱུར་བ་དང་སྐྲུན་པ་གང་ཡིན་པ་རྣམས་དང་། སོ་སོའི་སྐྱེ་བོ་གང་དག་གིས་དེར་དགེ་བའི་རྩ་བ་བསྐྲུན་པ་དང་སྐྲུན་པར་འགྱུར་བ་དང་སྐྲུན་པ་གང་ཡིན་པ་རྣམས་ཏེ། དེ་རྣམས་ཐམས་ཅད་ཀྱི་དགེ་བའི་རྩ་བ་
དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་པར་བྱས་ཏེ་མ་ལུས་པ་ལ་རྗེས་སུ་ཡི་རང་ནས། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས་ཤིག་ཅེས་འདོམས་
ཤིང་རྗེས་སུ་སྟོན་པར་འགྱུར་ཏེ། དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་བས་དུག་ཉིད་དུ་འགྱུར་ཏེ་འདི་ལྟ་སྟེ་དཔེར་ན་ཁ་ཟས་དེ་དུག་དང་བཅས་པ་བཞིན་ནོ། །དེ་ལྟར་ན་དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།
དམིགས་པ་ནི་དུག་དང་བཅས་པའོ། །དེ་བས་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱིས་དེ་ལྟར་བསླབ་པར་མི་བྱའོ། །ཡང་དེས་ཅི་ལྟར་བསླབ་པར་བྱ་ཞིང་ཅི་ལྟར་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་
གཟུང་བར་བྱ་བ་དང་། ཅི་ལྟར་ཡོངས་སུ་བཟུང་ན་ལེགས་པར་ཡོངས་སུ་གཟུང་བར་འགྱུར་ཞིང་ཇི་ལྟར་ཡོངས་སུ་བསྔོ་བར་བྱ་བ་དང་ཇི་ལྟར་ཡོངས་སུ་བསྔོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལེགས་པར་ཡོངས་སུ་བསྔོས་པར་འགྱུར་ཞེ་ན། འདི་ལ་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དེ་བཞིན་གཤེགས་པ་ལ་སྐུར་པ་མི་གདབ་པར་འདོད་པ་དེས་དགེ་བའི་རྩ་བ་དེ་དག་ཐམས་ཅད་འདི་ལྟར་རྗེས་སུ་ཡི་རང་བར་བྱ་ཞིང་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། དགེ་བའི་རྩ་བ་དེ་ཅི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
Vol. 33 · folio 86b
པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པ་དང་། དགེ་བའི་རྩ་བ་དེ་རིགས་གང་ཡིན་པ་དང་རིས་གར་གཏོགས་པ་དང་ཅི་འདྲ་བ་དང་རང་བཞིན་གང་ཡིན་པ་དང་མཚན་ཉིད་གང་ཡིན་པ་དང་ཆོས་ཉིད་གང་གིས་
ཡོད་པ་དེ་བཞིན་དུ་རྗེས་སུ་ཡི་རང་ཞིང་། དགེ་བའི་རྩ་བ་དེ་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་རྗེས་སུ་གནང་བ་དེ་བཞིན་དུ་བདག་གིས་རྗེས་སུ་ཡི་རང་བར་
བྱའོ་སྙམ་པ་སྟེ། དེ་ལྟར་རྗེས་སུ་ཡི་རང་ཞིང་དེ་ལྟར་ཡོངས་སུ་སྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གནོད་པར་མི་འགྱུར་ཞིང་། ཡང་དག་པར་རྗེས་སུ་ཡི་རང་བར་བྱས་པ་དང་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ལེགས་པར་ཡོངས་སུ་བསྔོས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་སྐུར་པ་མི་འདེབས་པ་ཡིན་ཏེ། ལྷག་པའི་བསམ་པས་མོས་པས་ཡོངས་སུ་སྔོ་བར་བྱེད་པ་དེའི་ཡོངས་
སུ་བསྔོ་བ་དེ་ལྟ་བུ་ནི་དུག་མེད་པའི་ཡོངས་སུ་བསྔོ་བ་ཡིན་ཡོངས་སུ་བསྔོ་བ་ཆེན་པོ་ཡིན་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་ཡིན། ཡོངས་སུ་རྫོགས་ཤིང་ཤིན་ཏུ་ཡོངས་སུ་རྫོགས་པ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱིས།
ཚུལ་ཁྲིམས་གང་ཡིན་པ་དང་ཏིང་ངེ་འཛིན་གང་ཡིན་པ་དང་ཤེས་རབ་གང་ཡིན་པ་དང་རྣམ་པར་གྲོལ་བ་གང་ཡིན་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་གང་ཡིན་པ་ཅི་ལྟར་འདོད་པའི་ཁམས་སུ་མི་གཏོགས་གཟུགས་ཀྱི་ཁམས་སུ་མི་གཏོགས་གཟུགས་མེད་པའི་ཁམས་སུ་མི་
གཏོགས་པ་དང་། འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་དང་ཁམས་གསུམ་དུ་མ་གཏོགས་པའི་ཕྱིར་དེ་བཞིན་དུ་ཡོངས་སུ་བསྔོ་བ་ཡང་མ་གཏོགས་པའོ། །ཆོས་གང་དུ་ཡོངས་སུ་
Vol. 33 · folio 87a
བསྔོ་བ་དེས་ཡོངས་སུ་བསྔོ་བའི་ཆོས་དེ་ཡང་མ་གཏོགས་པའོ། །གལ་ཏེ་དེ་ལྟར་མོས་ཤིང་དེ་ལྟར་ཡོངས་སུ་བསྔོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་པ་དེའི་ཡོངས་སུ་བསྔོ་བ་ནི་ཆུད་མ་ཟོས་པ་ཡིན་ཏེ་མ་གཏོགས་པའི་ཡོངས་སུ་
བསྔོ་བ་ཡོངས་སུ་བསྔོ་བ་དུག་མེད་པ་ཡོངས་སུ་བསྔོ་བ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་ཡོངས་སུ་རྫོགས་ཤིང་ལེགས་པར་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་སྟེ་ཡོངས་སུ་བསྔོ་བ་དེ་ལ་མངོན་པར་ཆགས་ཤིང་མཚན་མར་བྱེད་ན་ལོག་པར་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་གང་ཞིག་དགེ་བའི་རྩ་བ་དེ་ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་ཅིང་ཅི་ལྟར་རྗེས་སུ་གནང་བ་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
བསྔོས་པ་དེ་ལྟར་དེ་ལེགས་པར་ཡོངས་སུ་བསྔོས་པ་ཡིན་ནོ་སྙམ་ཞིང་། དེ་ལྟར་བདག་གིས་ཡོངས་སུ་བསྔོའོ་སྙམ་ན་འདི་ནི་ཡང་དག་པར་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ཡོངས་སུ་བསྔོས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལེགས་པར་ཡོངས་སུ་བསྔོས་པ་ཡིན་ནོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་ཅིང་གང་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་སྟོན་པ་ནི་རབ་འབྱོར་ལེགས་སོ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡོངས་
སུ་བསྔོ་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བའོ། །ཆོས་ཉིད་འདི་ཉིད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཅི་ལྟར་མཁྱེན་པ་དང་གཟིགས་པ་དང་དགེ་བའི་རྩ་བ་དེ་རིགས་གང་ཡིན་པ་དང་རིས་གར་གཏོགས་པ་དང་
ཅི་འདྲ་བ་དང་རང་བཞིན་གང་ཡིན་པ་དང་མཚན་ཉིད་གང་ཡིན་པ་དང་ཆོས་ཉིད་གང་གིས་ཡོད་པ་དེ་ལྟར་རྗེས་སུ་ཡི་རང་བ་དང་། ཅི་ལྟར་རྗེས་སུ་གནང་བ་དེ་ལྟར་བདག་གིས་ཡོངས་སུ་བསྔོའོ་སྙམ་པ་འདིའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
Vol. 33 · folio 87b
རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ལས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་ལས་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་འདི་ཉིད་མཆོག་ཅེས་བྱའོ་དམ་པ་ཞེས་བྱའོ་གཙོ་བོ་ཞེས་བྱའོ་རབ་ཅེས་བྱའོ་མཆོག་རབ་ཅེས་བྱའོ་གྱ་ནོམ་པ་ཞེས་བྱའོ་བླ་མ་ཞེས་བྱའོ་བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །
མཉམ་པ་མེད་པ་ཞེས་བྱའོ་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་
བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བསམ་གཏན་བཞི་ཐོབ་པར་གྱུར་པ་དེ་དག་གི་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་བས་ཀྱང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་འདི་ནི་མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ་གཙོ་བོ་ཞེས་བྱའོ་རབ་ཅེས་བྱའོ་མཆོག་རབ་ཅེས་བྱའོ་གྱ་ནོམ་པ་ཞེས་བྱའོ་བླ་མ་ཞེས་བྱའོ་བླ་ན་མེད་པ་ཞེས་བྱའོ་གོང་ན་མེད་པ་ཞེས་བྱའོ་མཉམ་པ་མེད་པ་
ཞེས་བྱའོ་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བསམ་གཏན་བཞི་རྫོགས་པར་གྱུར་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་
ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཚད་མེད་པ་བཞི་ཐོབ་པར་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་
Vol. 33 · folio 88a
གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཚད་མེད་པ་བཞི་ཐོབ་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་
གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པར་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །
རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་
ཀྱི་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་ཐོབ་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། རབ་
འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་
སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བར་གྱུར་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་
འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕྱིར་མི་འོང་བར་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་
Vol. 33 · folio 88b
ཅད་ཕྱིར་མི་འོང་བར་གྱུར་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པར་གྱུར་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་
སྙེད་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་དང་། རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་
སྙེད་གཞན་དང་གཞན་དག་ཉིད་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་རེ་རེས་ཆོས་གོས་དང་བསོད་སྙོམས་དང་། མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་བདེ་བར་སྦྱར་བ་ཐམས་ཅད་དང་བདེ་བ་ལ་རེག་པར་གནས་པ་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་
ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས་ཏེ་སྦྱིན་པ་དེ་ཡང་དམིགས་པའི་འདུ་ཤེས་ཀྱིས་བྱིན་ལ། རྣམ་གྲངས་དེས་ན་ཡོངས་སུ་བརྟགས་ནས་སེམས་ཅན་དེ་རྣམས་ཐམས་ཅད་ལས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་ལས་ཀྱང་བྱང་ཆུབ་སེམས་དཔའ་རེ་རེས་བསྐལ་པ་གང་གཱའི་
ཀླུང་གི་བྱེ་མ་སྙེད་དུ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་བདེ་བར་སྦྱར་པ་ཐམས་ཅད་དང་བདེ་བ་ལ་རེག་པར་གནས་པ་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཏེ། བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་དེ།
Vol. 33 · folio 89a
དེ་བཞིན་དུ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་རྣམ་གྲངས་འདིས་སྦྱིན་པ་བྱིན་ཞིང་། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱིན་པ་བྱིན་ན་རབ་འབྱོར་དེ་ཅི་སྙམ་དུ་སེམས་ཅི་བྱང་ཆུབ་སེམས་དཔའ་དེ་དག་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ།
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་གཞལ་དུ་མ་མཆིས་སོ་བདེ་བར་གཤེགས་པ་གཞལ་དུ་མ་མཆིས་སོ། །བཅོམ་ལྡན་འདས་དེའི་བསོད་ནམས་ཀྱི་ཕུང་པོ་ནི་གྲངས་སུ་བགྱི་བར་ཡང་སླ་བ་མ་ལགས་
སོ། །བཅོམ་ལྡན་འདས་དེའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བགྱི་བར་ཡང་གཞིར་ཡང་རྒྱུར་ཡང་བགྱི་བར་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བསོད་ནམས་ཀྱི་ཕུང་པོ་དེ་གཟུགས་ཅན་ཞིག་ལགས་ན་ནི་སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་མི་ཤོང་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ།
རབ་འབྱོར་ཡང་གང་གི་ཕྱིར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་གཟུང་བ་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་འདིས་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཕྱིར་དེའི་
བསོད་ནམས་མང་དུ་སྐྱེད་དེ། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་ལས་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་འདི་ལ་ནི་དམིགས་པའི་འདུ་ཤེས་ཅན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས་
བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །སྟོང་གི་ཆར་ཡང་བརྒྱ་ཕྲག་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་ཕྲག་བརྒྱའི་ཆར་ཡང་བྱེ་བ་ཕྲག་སྟོང་གི་ཆར་ཡང་བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་ཉེ་བར་མི་འགྲོ་བགྲང་
Vol. 33 · folio 89b
བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་གཞིར་ཡང་རྒྱུར་ཡང་ཉེ་བའི་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྔ་མ་དམིགས་པའི་འདུ་ཤེས་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ནི་ཤིན་ཏུ་མང་པོ་བྱིན་ན་ཡང་ཤིན་ཏུ་མང་པོར་ཡང་གྲངས་སུ་དེ་འགྱུར་
རོ། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་རྣམས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་
པས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་འདི་ནི་ཡོངས་སུ་བསྔོ་བ་ཆེན་པོ་ལགས་ཏེ། འདི་ལྟར་གང་དུ་དམིགས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་
སྙེད་ཀྱང་ཟིལ་གྱིས་མནན་པ་ལགས་སོ། །དེ་ནས་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་བརྒྱ་ཕྲག་སྟོང་གིས་ལྷའི་མེ་ཏོག་དང་ལྷའི་བདུག་པ་དང་ལྷའི་དྲི་དང་ལྷའི་ཕྲེང་བ་དང་ལྷའི་བྱུག་པ་དང་ལྷའི་ཕྱེ་མ་རྣམས་ཀྱི་ཆར་དང་ལྷའི་རིན་པོ་ཆེའི་ཆར་དང་ལྷའི་ན་བཟའི་ཆར་གྱིས་བཅོམ་ལྡན་
འདས་ལ་མངོན་པར་གཏོར་མངོན་པར་རབ་ཏུ་གཏོར་ནས། ལྷའི་གདུགས་དང་ལྷའི་རྒྱལ་མཚན་དང་ལྷའི་དྲིལ་བུ་དང་ལྷའི་བ་དན་དག་དང་ལྷའི་མཆོད་པ་རྣམ་པ་མང་པོ་དག་གིས། བཅོམ་ལྡན་འདས་ལ་བཀུར་སྟིར་བྱས་བླ་མར་བྱས་རྗེད་པར་བྱས་མཆོད་པར་བྱས་རི་མོར་བྱས་བསྙེན་
བཀུར་བྱས་ཏེ་ལྷའི་སིལ་སྙན་རྣམས་རབ་ཏུ་དཀྲོལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་འདི་ནི་བསྔོ་བ་ཆེན་པོ་ལགས་ཏེ། འདི་ལྟར་གང་དུ་དམིགས་པ་ཅན་གྱི་བྱང་ཆུབ་སེམས་
དཔའ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བགྱིད་པའི་ཕུང་པོ་ཆེན་པོ་དེ་སྙེད་ཀྱང་ཟིལ་གྱིས་གནོན་པ་ལགས་སོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བའི་སླད་དུ་འདི་ནི་བསྔོ་བ་ཆེན་པོ་ལགས་སོ། །དེ་བཞིན་དུ་ལྷའི་
Vol. 33 · folio 90a
རིས་གཞན་དག་ནས་ཀྱང་ལྷགས་ནས་བཅོམ་ལྡན་འདས་ལ་བཀུར་སྟིར་བྱ་བ་དམ་པ་དང་བླ་མར་བྱ་བ་དམ་པ་དང་རྗེད་པར་བྱ་བ་དམ་པ་དང་མཆོད་པར་བྱ་བ་དམ་པ་དང་རི་མོར་བྱ་བ་དམ་པ་དང་བསྙེན་བཀུར་བྱ་བ་དམ་པ་རྣམས་ཀྱིས། བཀུར་སྟིར་བྱས་བླ་མར་བྱས་རྗེད་
པར་བྱས་མཆོད་པར་བྱས་རི་མོར་བྱས་བསྙེན་བཀུར་བྱས་ནས་དེ་སྐད་དུ་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་སོ། །དེ་བཞིན་དུ་སྦྱར་བར་བྱ་སྟེ་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དང་ཚངས་རིས་དང་ཚངས་པའི་མདུན་ན་འདོན་དང་ཚངས་འཁོར་
དང་ཚངས་ཆེན་དང་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་། དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་དང་སྤྲིན་མེད་དང་བསོད་ནམས་འཕེལ་དང་འབྲས་བུ་ཆེ་དང་འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་འོག་
མིན་གྱི་ལྷ་དེ་དག་ཀྱང་དེ་བཞིན་དུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་ཡོངས་སུ་
བསྔོ་བ་དེས་བྱང་ཆུབ་སེམས་དཔའ་དམིགས་པའི་འདུ་ཤེས་ཅན་གྱི་ཡུན་རིང་པོ་དེ་ཙམ་དུ་བསགས་པ་དང་། དེ་ལྟར་རྒྱ་ཆེར་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་ཀྱང་ཟིལ་གྱིས་གནོན་པ་ངོ་མཚར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིས་ཀྱི་ལྷའི་
བུ་ལ་སོགས་ཏེ་ལྷའི་བུ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ལྷའི་བུ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱི་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་སྦྱིན་པ་བྱིན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ལྷའི་བུ་དག་རྣམ་གྲངས་འདིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གཞན་དག་དང་གཞན་དག་ན་སེམས་ཅན་གང་དག་
Vol. 33 · folio 90b
ཡོད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གཞན་དག་དང་གཞན་དག་གི་སེམས་ཅན་ཐམས་ཅད་ལ་ཆོས་གོས་
དང་བསོད་སྙོམས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་བདེ་བར་སྦྱར་བ་ཐམས་ཅད་དང་བདེ་བ་རེག་པར་གནས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་སྟེ་སྦྱིན་པ་བྱིན་ཞིང་། དེ་བཞིན་དུ་དམིགས་
པའི་འདུ་ཤེས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་སྦྱིན་པ་བྱིན་པའི་བར་དང་། རྣམ་གྲངས་འདིས་སེམས་ཅན་དེ་རྣམས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་རེ་རེ་ནས་ཡོངས་སུ་བརྟགས་ནས། བྱང་ཆུབ་སེམས་དཔའ་རེ་རེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་
ཐམས་ཅད་ཀྱི་བར་གྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་སྟེ། སེམས་ཅན་དེ་དག་ཐམས་ཅད་ལ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་བདེ་བར་སྦྱར་བ་ཐམས་ཅད་དང་བདེ་བ་ལ་རེག་པར་གནས་པ་ཐམས་ཅད་ཀྱིས་རིམ་གྲོར་བྱེད་ཅིང་།
སྦྱིན་པ་དེ་ཡང་དམིགས་པའི་འདུ་ཤེས་ཀྱིས་བྱིན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་ཞིག་གིས། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་
དཔའ་དང་རང་སངས་རྒྱས་དང་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། དེ་ལ་སེམས་ཅན་གཞན་དག་གིས་ཀྱང་དགེ་བའི་རྩ་བ་
དག་བསྐྲུན་པ་དང་སྐྲུན་པར་འགྱུར་བ་དང་སྐྲུན་པར་བྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་པར་བྱས་ཏེ། མ་ལུས་པ་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ཞིང་དམ་པ་དང་གཙོ་བོ་དང་རབ་དང་མཆོག་རབ་དང་གྱ་ནོམ་པ་དང་བླ་མ་དང་
Vol. 33 · folio 91a
བླ་ན་མེད་པ་དང་གོང་ན་མེད་པ་དང་གོང་མའི་ཡང་གོང་མ་དང་མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དང་རབ་ཏུ་མཉམ་པ་མེད་པ་དང་བསམ་གྱིས་མི་ཁྱབ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ལ། རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་
བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན་རྗེས་སུ་ཡི་རང་པ་ཡོངས་སུ་བསྔོ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ་བྱང་ཆུབ་སེམས་དཔའ་དམིགས་
པའི་འདུ་ཤེས་ཅན་དག་གི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །
གྲངས་སུ་ཡང་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་གཞིར་ཡང་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དམིགས་པའི་འདུ་ཤེས་ཅན་གྱིས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་པའི་ཕྱིར་རོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་
དང་རང་སངས་རྒྱས་དང་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་པར་བྱས་ཏེ། མ་ལུས་པ་ལ་རྗེས་སུ་ཡི་རང་བའི་
མཆོག་གིས་རྗེས་སུ་ཡི་རང་ཞིང་དམ་པ་དང་གཙོ་བོ་དང་རབ་དང་མཆོག་རབ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་གོང་ན་མེད་པ་དང་གོང་མའི་ཡང་གོང་མ་དང་མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པ་དང་རབ་ཏུ་མཉམ་པ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་རྗེས་སུ་ཡི་རང་བས་རྗེས་
Vol. 33 · folio 91b
སུ་ཡི་རང་ལ་ཞེས་གང་གསུངས་པ་དེ་ལ། བཅོམ་ལྡན་འདས་ཅི་ཙམ་གྱིས་ན་རྗེས་སུ་ཡི་རང་པའི་མཆོག་ཏུ་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་གང་ཟག་བྱང་ཆུབ་
སེམས་དཔའི་ཐེག་པ་ཅན་དག་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཆོས་རྣམས་མི་འཛིན་རློམ་སེམས་སུ་མི་བྱེད་མི་དམིགས་མི་རྟོག་རྣམ་པར་མི་རྟོག་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་དག་ལ་འདི་ལྟར་ཡང་ཡོངས་སུ་རྟོག་སྟེ་ཆོས་ཐམས་ཅད་ནི་རྟོག་པས་རྣམ་པར་
བསྒྲུབས་པ་སྟེ། མ་སྐྱེས་པ་ངེས་པར་མ་སྐྱེས་པ་འོང་བ་མེད་པ་འགྲོ་བ་མེད་པའོ། །འདི་ལ་ཆོས་གང་ཡང་མ་སྐྱེས་སོ་ཆོས་གང་ཡང་སྐྱེ་བར་མི་འགྱུར་རོ་ཆོས་གང་ཡང་མི་སྐྱེའོ། །འདི་ལ་ཆོས་གང་ཡང་འགགས་པ་མེད་དོ་ཆོས་གང་ཡང་འགག་པར་མི་འགྱུར་རོ་ཆོས་གང་
ཡང་མི་འགག་གོ་ཞེས་དེ་ལྟར་ཆོས་དེ་དག་ཉེ་བར་བརྟགས་ནས་ཆོས་དེ་དག་གི་ཆོས་ཉིད་ཇི་ལྟ་བ་དེ་ལྟར་རྗེས་སུ་ཡི་རང་བར་བྱེད་དོ། །དེ་ལྟར་རྗེས་སུ་ཡི་རང་ནས་དེ་ཁོ་ན་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་འདི་ཙམ་གྱིས་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་མཆོག་ཏུ་འགྱུར་རོ། །རབ་འབྱོར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་འདི་ལ་བྱང་ཆུབ་སེམས་དཔའ་སྔ་མ་དམིགས་པར་འདུ་ཤེས་པ་དང་དམིགས་པར་ལྟ་བ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་
པོ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་
བྱ་བར་ཡང་གཞིར་ཡང་རྒྱུར་ཡང་མི་བཟོད་དོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་སྦྱིན་པ་ལ་རྗེས་སུ་ཡི་རང་བར་འདོད་པ་དང་ཚུལ་ཁྲིམས་ལ་རྗེས་སུ་ཡི་རང་
Vol. 33 · folio 92a
བར་འདོད་པ་དང་། བཟོད་པ་ལ་རྗེས་སུ་ཡི་རང་བར་འདོད་པ་དང་བརྩོན་འགྲུས་ལ་རྗེས་སུ་ཡི་རང་བར་འདོད་པ་དང་བསམ་གཏན་ལ་རྗེས་སུ་ཡི་རང་བར་འདོད་པ་དང་ཤེས་རབ་ལ་རྗེས་སུ་ཡི་རང་བར་འདོད་པ་དེས་འདི་ལྟར་རྗེས་སུ་ཡི་རང་བར་བྱ་སྟེ།
རྣམ་པར་གྲོལ་བ་ཇི་ལྟ་བ་དེ་བཞིན་དུ་སྦྱིན་པའོ་རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་སོ་རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་བཟོད་པའོ་རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་བརྩོན་འགྲུས་སོ་རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་བསམ་གཏན་ནོ་རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་
དུ་ཤེས་རབ་བོ་རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་རྗེས་སུ་ཡི་རང་བའོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་རྗེས་སུ་ཡི་
རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོའོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོ་བའོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་རང་སངས་རྒྱས་རྣམས་ཀྱང་ངོ་། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་དེ་དག་
གི་ཉན་ཐོས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་སོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་ཆོས་གང་དག་འདས་ཤིང་འགགས་པ་དེ་རྣམས་སོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་ཆོས་གང་དག་མ་འོངས་པ་མ་བྱུང་བ་དེ་རྣམས་སོ། །རྣམ་པར་གྲོལ་བ་ཅི་ལྟ་བ་
དེ་བཞིན་དུ་ཆོས་གང་དག་ད་ལྟར་བྱུང་བ་གནས་བཞིན་པ་རྣམས་སོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་དེ་དག་གི་ཉན་ཐོས་རྣམས་སོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་
དང་དེ་དག་གི་ཉན་ཐོས་རྣམས་སོ། །རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་གང་དག་ད་ལྟར་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་ཅིང་གྲངས་མེད་པ་རྣམས་ན་བཞུགས་ཏེ་འཚོ་ཞིང་གཞེས་པ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་དེ་དག་གི་ཉན་ཐོས་རྣམས་སོ། །
Vol. 33 · folio 92b
རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་ལྟར་མ་བཅིངས་ཤིང་མ་གྲོལ་ལ་མ་ཆགས་པའི་ཆོས་འདི་དག་གི་ཆོས་ཉིད་གང་ཡིན་པ་དེ་ལ་རྗེས་སུ་ཡི་རང་བ་བླ་ན་མེད་པས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་
ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བའི་ཚུལ་གྱིས་ཆོས་དེ་དག་གི་ཆོས་ཉིད་ཇི་ལྟ་བ་དེ་ལྟར་མི་འཕོ་བ་དང་མི་འཇིག་པས་ཡོངས་སུ་བསྔོའོ་ཞེས་བྱ་བའོ། །རབ་འབྱོར་འདི་ཙམ་གྱིས་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་མཆོག་ཡིན་ནོ། །རབ་འབྱོར་ཡང་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གཞན་དག་དང་གཞན་དག་ན་ཡོད་པའི་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གཞན་དག་དང་གཞན་དག་ན་ཡོད་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་ལ།
བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་རེ་རས་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ནས་སྦྱིན་པ་བྱིན་ཏེ། དམིགས་པའི་འདུ་ཤེས་ཀྱིས་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་བདེ་བར་སྦྱར་
བ་ཐམས་ཅད་དང་བདེ་བ་ལ་རེག་པར་གནས་པ་ཐམས་ཅད་ཀྱིས་རིམ་གྲོར་བྱེད་ཅིང་རྣམ་གྲངས་འདིས་ཐམས་ཅད་ཀྱང་ཐམས་ཅད་དག་ལ་རིམ་གྲོར་བྱེད་པ་དམིགས་པའི་འདུ་ཤེས་ཅན་གྱིས་སྦྱིན་པ་བྱིན་པ་ལྟ་ཞོག །རབ་འབྱོར་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་
ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཀྱིས་
Vol. 33 · folio 93a
ལེགས་པར་སྤྱོད་པ་དང་དག་གིས་ལེགས་པར་སྤྱོད་པ་དང་ཡིད་ཀྱིས་ལེགས་པར་སྤྱོད་པའི་ཚུལ་ཁྲིམས་དམིགས་པའི་འདུ་ཤེས་ཅན་དག་གིས་ཡང་དག་པར་བླངས་ཏེ་གནས་པ་དང་། རྣམ་གྲངས་འདིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་
དཔའ་རེ་རེས་ཀྱང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་སྟེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ངག་གིས་ལེགས་པར་སྤྱོད་པ་དང་ཡིད་ཀྱིས་ལེགས་པར་སྤྱོད་པའི་ཚུལ་ཁྲིམས་དམིགས་པའི་འདུ་ཤེས་ཅན་དག་གིས་ཡང་དག་པར་བླངས་ཏེ་གནས་
པ་དང་། རྣམ་གྲངས་འདིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀྱང་ཚུལ་ཁྲིམས་དམིགས་པའི་འདུ་ཤེས་ཅན་དག་གིས་ཡང་དག་པར་བླངས་ཏེ་གནས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་
ཟིན་པ་ཞིག་གིས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་པའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། རང་སངས་རྒྱས་དེ་དག་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་
དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ཉན་ཐོས་དེ་དག་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་
སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་བར་བྱས་ཤིང་། མ་ལུས་པ་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་སྟེ་དམ་པ་དང་གཙོ་བོ་དང་རབ་དང་མཆོག་རབ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་
གོང་ན་མེད་པ་དང་གོང་མའི་ཡང་གོང་མ་དང་མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པ་དང་ཤིན་ཏུ་མཉམ་པ་མེད་པ་དང་བསམ་གྱིས་མི་ཁྱབ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ཞིང་། རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་
Vol. 33 · folio 93b
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ་བྱང་ཆུབ་སེམས་དཔའ་དམིགས་པ་ཅན་དག་གི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་
མི་འགྲོ །སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ་གྲངས་སུ་ཡང་ཉེ་བར་མི་འགྲོའོ། །བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་
ཡང་གཞིར་ཡང་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དམིགས་པའི་འདུ་ཤེས་ཅན་གྱིས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པའི་ཕྱིར་རོ། །རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཀྱིས་ལེགས་པར་སྤྱོད་པ་
དང་ངག་གིས་ལེགས་པར་སྤྱོད་པ་དང་ཡིད་ཀྱིས་ལེགས་པར་སྤྱོད་པའི་ཚུལ་ཁྲིམས་དམིགས་པའི་འདུ་ཤེས་ཅན་གྱིས་ཡང་དག་པར་བླངས་ཏེ་གནས་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་གང་དག་ཡོད་པ་དེ་དག་
ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་
བྱེ་མ་སྙེད་གཞན་དག་དང་གཞན་དག་གི་སེམས་ཅན་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་རེ་རེ་ལ་མཚང་བྲུས་ཤིང་བརྡེགས་ཏེ་སྤྱོས་ཀྱང་ང་རྒྱལ་དང་བཅས་པ་དམིགས་པའི་འདུ་ཤེས་ཅན་གྱིས་བཟོད་པ་ཡང་དག་པར་བླངས་ཏེ་གནས་པ་ནས། དེ་བཞིན་དུ་དམིགས་པའི་འདུ་ཤེས་ཅན་
Vol. 33 · folio 94a
གྱི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཟོད་པ་ཡང་དག་པར་བླངས་ཏེ་གནས་པའི་བར་དང་། རྣམ་གྲངས་འདིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་། སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གཞན་དག་དང་གཞན་དག་ན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མཚང་བྲུས་ཤིང་བརྡེགས་ཏེ་སྤྱོས་པ་དང་། ང་རྒྱལ་དང་བཅས་པ་དམིགས་པའི་འདུ་ཤེས་ཅན་གྱིས་བཟོད་
པ་ཡང་དག་པར་བླངས་ཏེ་གནས་པ་དང་། དེ་བཞིན་དུ་དེ་དག་ཐམས་ཅད་ཀྱང་ཐམས་ཅད་ཀྱིས་མཚང་བྲུས་ཤིང་བརྡེགས་ཏེ་སྤྱོས་ཀྱང་ང་རྒྱལ་དང་བཅས་པ་དམིགས་པའི་འདུ་ཤེས་ཅན་གྱིས་བཟོད་པ་ཡང་དག་པར་བླངས་ཏེ་གནས་པར་གྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་གང་ཞིག་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་
པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། རང་སངས་རྒྱས་དེ་དག་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ཉན་ཐོས་དེ་དག་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་
བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། སེམས་ཅན་ཐམས་ཅད་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་བར་བྱས་ཤིང་། མ་ལུས་པ་ལ་རྗེས་སུ་ཡི་རང་བའི་མཆོག་
གིས་རྗེས་སུ་ཡི་རང་སྟེ། དམ་པ་དང་གཙོ་བོ་དང་རབ་དང་མཆོག་རབ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་གོང་ན་མེད་པ་དང་གོང་མའི་ཡང་གོང་མ་དང་མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པ་དང་ཤིན་ཏུ་མཉམ་པ་མེད་པ་དང་བསམ་གྱིས་མི་ཁྱབ་པའི་རྗེས་སུ་ཡི་རང་བས་རྗེས་སུ་
Vol. 33 · folio 94b
ཡི་རང་ཞིང་། རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ་བྱང་ཆུབ་སེམས་དཔའ་
དམིགས་པ་ཅན་སྔ་མ་དེ་དག་གི་བཟོད་པ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ །གྲངས་སུ་ཡང་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་གཞིར་ཡང་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དམིགས་པའི་འདུ་ཤེས་ཅན་གྱིས་བཟོད་པ་ཡང་དག་པར་
བླངས་ཏེ་གནས་པའི་ཕྱིར་རོ། །རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་
པར་ཞུགས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གཞན་དག་དང་གཞན་དག་གི་སེམས་ཅན་ཐམས་ཅད་ཀྱིས་མཚང་བྲུས་ཤིང་བརྡེགས་ཏེ་སྤྱོས་ཀྱང་ང་རྒྱལ་དང་བཅས་པ་དམིགས་པའི་འདུ་ཤེས་ཅན་གྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་
བཟོད་པ་ཡང་དག་པར་བླངས་ཏེ་གནས་པ་ལྟ་ཞོག །རབ་འབྱོར་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་འཆག་པས་མངོན་པར་གནས་ཏེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡི་མི་གསོད་ཅིང་རྨུགས་པ་དང་གཉིད་ཀྱིས་ཟིལ་གྱིས་མ་ནོན་པར་བརྩོན་
Vol. 33 · folio 95a
འགྲུས་དམིགས་པའི་འདུ་ཤེས་ཅན་གྱིས་ཡང་དག་པར་བླངས་ཏེ་གནས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་གང་ཞིག །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། རང་སངས་རྒྱས་དེ་དག་གི་ཡང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་
གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ཉན་ཐོས་དེ་དག་གི་ཡང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། སེམས་ཅན་ཐམས་ཅད་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་
དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་པར་བྱས་ཤིང་། མ་ལུས་པ་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་སྟེ། དམ་པ་དང་གཙོ་བོ་དང་རབ་དང་མཆོག་རབ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་
གོང་ན་མེད་པ་དང་གོང་མའི་ཡང་གོང་མ་དང་མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པ་དང་ཤིན་ཏུ་མཉམ་པ་མེད་པ་དང་བསམ་གྱིས་མི་ཁྱབ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ལ། རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་པ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་སྔ་མ་དེ་དག་གི་བརྩོན་འགྲུས་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་དེས་ནི་བརྒྱའི་ཆར་ཡང་ཉེ་
བར་མི་འགྲོ །སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་གཞིར་
Vol. 33 · folio 95b
ཡང་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དམིགས་པའི་འདུ་ཤེས་ཅན་གྱིས་བརྩོན་འགྲུས་ཡང་དག་པར་བླངས་ཏེ་གནས་པའི་ཕྱིར་རོ། །རབ་འབྱོར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་
གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་འཆག་པས་མངོན་པར་གནས་ཏེ་
བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡི་མི་གསོད་ཅིང་རྨུགས་པ་དང་གཉིད་ཀྱིས་ཟིལ་གྱིས་མ་ནོན་པར་དམིགས་པའི་འདུ་ཤེས་ཅན་གྱིས་བརྩོན་འགྲུས་ཡང་དག་པར་བླངས་ཏེ་གནས་པ་ལྟ་ཞོག །རབ་འབྱོར་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་
ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དམིགས་པའི་
འདུ་ཤེས་ཅན་དག་གིས་བསམ་གཏན་བཞི་ལ་མཉམ་པར་བཞག་ལ། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་གང་ཞིག །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་
ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། རང་སངས་རྒྱས་དེ་དག་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་
བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ཉན་ཐོས་དེ་དག་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། སེམས་ཅན་ཐམས་ཅད་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་མངོན་པར་
Vol. 33 · folio 96a
འདུ་བྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་མ་ལུས་པར་བྱས་ཤིང་མ་ལུས་པ་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་སྟེ། དམ་པ་དང་གཙོ་བོ་དང་རབ་དང་མཆོག་རབ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་གོང་ན་མེད་པ་དང་གོང་
མའི་ཡང་གོང་མ་དང་མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པ་དང་ཤིན་ཏུ་མཉམ་པ་མེད་པ་དང་བསམ་གྱིས་མི་ཁྱབ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ལ། རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་གྱི་བསམ་གཏན་བཞི་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་
བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་བགྲང་པར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་གཞིར་ཡང་རྒྱུར་ཡང་མི་བཟད་དོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དམིགས་པའི་འདུ་ཤེས་ཅན་གྱིས་བསམ་གཏན་དག་ལ་མཉམ་པར་གཞོག་པའི་ཕྱིར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་སྒྲུབ་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལགས་སོ།།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་ཤཱ་རིའི་བུ་ཅི་སྐད་ཟེར་བ་དེ་བཞིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསལ་བར་བགྱིད་པ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །
Vol. 33 · folio 96b
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉེ་བར་གོས་པ་མེད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ཐམས་ཅད་ཀྱིས་ཉེ་བར་མི་གོས་པ་
ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་པར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་སེལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྟེན་པར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཆོག་ཏུ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བདེ་ལེགས་སུ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ལྡོངས་པ་རྣམས་ལ་སྣང་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་
པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤོང་བ་དང་སྣང་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱན་ལྔ་ཡོངས་སུ་འཛིན་པར་བགྱིད་པས་སེམས་ཅན་ཐམས་ཅད་ལ་ལམ་སྟོན་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་
ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཏི་མུག་དང་མུན་པ་དང་རབ་རིབ་རྣམས་དང་བྲལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་རིབ་དང་བྲལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི་ཆོས་ཐམས་ཅད་མི་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ལོག་པར་མཆིས་པའི་སེམས་ཅན་རྣམས་ལམ་དུ་འཛུད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལགས་སོ། །བཅོམ་ལྡན་འདས་
Vol. 33 · folio 97a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤོང་པའི་སླད་དུ་ཆོས་ཐམས་ཅད་མི་སྐྱེད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་མི་འགོག་པ་ལགས་སོ། །
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་སྐྱེས་པ་དང་མ་འགགས་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་སྩོལ་བའི་སླད་དུ་སྟོབས་བཅུ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་འཇིགས་པ་བཞི་བགྱིད་པའི་སླད་དུ་མི་ཐུལ་བ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མགོན་
མ་མཆིས་པའི་སེམས་ཅན་རྣམས་ཀྱི་མགོན་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེར་ཟུག་ཏུ་གནས་པ་མ་མཆིས་པའི་སླད་དུ་འཁོར་བའི་གཉེན་པོ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ལགས་
སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཡོངས་སུ་རྫོགས་པ་ལགས་སོ། །བཅོམ་ལྡན་འདས་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་ཡིད་ལ་བགྱི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་ཕྱག་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །ཤཱ་རིའི་བུ་སྟོན་པ་ལ་ཅི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཤཱ་རིའི་བུ་སྟོན་པ་ལ་ཅི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ཡིད་ལ་བྱའོ། །ཤཱ་རིའི་བུ་སྟོན་པ་ལ་ཅི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ཕྱག་བྱའོ། །དེ་ནས་
Vol. 33 · folio 97b
ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་འཕགས་པ་ཤཱ་རིའི་བུ་ཅིའི་ཕྱིར་འདི་འདྲི་བར་གྱུར། ཀྱེ་མ་འཕགས་པ་ཤཱ་རིའི་བུ་ཅིའི་གཞི་ལས་འདི་འདྲི་བར་གྱུར་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །
འཕགས་པ་ཤཱ་རིའི་བུ་ཅིའི་ཕྱིར་འདི་འདྲི་བར་འགྱུར། འཕགས་པ་ཤཱ་རིའི་བུ་ཅིའི་གཞི་ལས་འདི་འདྲི་བར་གྱུར། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་
པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པས། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་སྔ་མ་དེ་དག་ཐམས་ཅད་ཀྱི་སྦྱིན་པ་ལས་བྱུང་བའི་
བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང་། ཚུལ་ཁྲིམས་ལས་བྱུང་བ་གང་ཡིན་པ་དང་བཟོད་པ་ལས་བྱུང་བ་གང་ཡིན་པ་དང་བརྩོན་འགྲུས་ལས་བྱུང་བ་གང་ཡིན་པ་དང་། བསམ་གཏན་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་བ་དེ་དག་ཐམས་ཅད་ཟིལ་
གྱིས་གནོན་ཏེ། དེས་ན་བདག་ནི་གཞི་འདི་ལས་འདི་འདྲི་བར་གྱུར་ཏོ། །ཀཽ་ཤི་ཀ་ཡང་འོན་ཀྱང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དུ་འཇུག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྔོན་དུ་འགྲོ་བ་ཡིན་ནོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་དམུས་ལོང་བརྒྱ་འམ་
སྟོང་ངམ་བརྒྱ་སྟོང་ཡང་རུང་ཡོངས་སུ་འདྲེན་པ་མེད་ན་ལམ་དུ་འཇུག་པའི་སྐལ་བ་མེད་ཅིང་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་དུ་འགྲོ་བའི་སྐལ་པ་མེད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་བྲལ་བས་ནི་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཅིང་དམུས་ལོང་དུ་གྱུར་པ་ཡིན་ཏེ། ཡོངས་སུ་འདྲེན་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དུ་འཇུག་པའི་སྐལ་པ་ཡང་མེད་ན་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཇུག་པ་འམ་རྗེས་སུ་ཐོབ་པར་ལྟ་ཡང་ག་ལ་འགྱུར།
Vol. 33 · folio 98a
ཀཽ་ཤི་ཀ་ཡང་གང་གི་ཚེ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བར་གྱུར་པ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པའི་མིང་དང་ཕ་རོལ་ཏུ་ཕྱིན་པའི་སྒྲ་འཐོབ་སྟེ་དེའི་ཚེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་
དག་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པ་དང་ཐམས་ཅད་མཁྱེན་པའི་རྗེས་སུ་ཐོབ་པར་བྱ་བའི་དོན་དུ་མིག་རབ་ཏུ་ཐོབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་གཟུགས་མངོན་པར་མི་སྒྲུབ་པར་བལྟའོ། །ཤཱ་རིའི་བུ་དེ་བཞིན་དུ་
ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མངོན་པར་མི་སྒྲུབ་པར་བལྟའོ། །ཤཱ་རིའི་བུ་ཕུང་པོ་ལྔ་རྣམས་མངོན་པར་མི་སྒྲུབ་པ་གང་ཡིན་པ་དེ་ནི་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྒྲུབ་པ་ཞེས་རྗོད་དོ། །དེ་ལྟར་མངོན་པར་འདུ་མི་བྱེད་པས་ཕུང་པོ་
ལྔ་རྣམས་ལ་མངོན་པར་སྒྲུབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྒྲུབ་པ་སྟེ་མངོན་པར་སྒྲུབ་པ་ཞེས་བརྗོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དེ་ལྟར་མངོན་པར་བསྒྲུབས་པས་ཆོས་གང་ཞིག་གཏོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་མངོན་པར་བསྒྲུབས་པས་ནི་ཆོས་གང་ཡང་གཏོད་པར་མི་བྱེད་དོ། །ཤཱ་རིའི་བུ་གང་གི་ཚེ་ཆོས་གང་ཡང་གཏོད་པར་མི་བྱེད་པ་དེའི་ཚེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཏོད་པར་མི་བགྱིད་ལགས་སམ། བཅོམ་ལྡན་འདས་
Vol. 33 · folio 98b
ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་སྐད་དུ་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཏོད་པར་མི་བགྱིད་ལགས་སམ་ཞེས་ཟེར་བ་ནི། ཅི་ལྟར་དམིགས་པ་དེ་ལྟར་གཏོད་པར་མི་བྱེད་དོ། །མིང་ཅི་ལྟ་བ་དེ་ལྟར་གཏོད་པར་མི་བྱེད་དོ། །མངོན་པར་འདུ་བྱེད་པ་
ཅི་ལྟ་བ་ད་ལྟར་གཏོད་པར་མི་བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་ལྟར་གཏོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཅི་ལྟར་གཏོད་པར་མི་བྱེད་པ་དེ་ལྟར་གཏོད་པར་བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་
འདས་ཅི་སྲིད་དུ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་གང་ཡང་མི་སྐྱེད་མི་འགོག་པ་དང་། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་འགོག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་ལ་གནས་པ་ཡང་མ་ལགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ངོ་མཚར་ཏོ། །དེ་ནས་བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཡང་འདུ་ཤེས་པར་བགྱིད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་བགྱིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསོག་ཏུ་བགྱིད་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་གསོབ་ཏུ་བགྱིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ་རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་རྣམ་གྲངས་
གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱང་རིང་དུ་བྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསོག་ཏུ་བྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསོབ་ཏུ་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་བྱེད་པར་འགྱུར་བའི་རྣམ་གྲངས་འདི་ནི་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གསལ་བར་བྱས་ན་གཟུགས་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ཚོར་བ་མ་ཡིན་འདུ་ཤེས་མ་ཡིན་འདུ་བྱེད་རྣམས་མ་ཡིན་རྣམ་པར་ཤེས་པ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་གསལ་
Vol. 33 · folio 99a
བར་བྱས་པ་མ་ཡིན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན་ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། དགྲ་བཅོམ་པ་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན། རང་སངས་རྒྱས་ཉིད་ཡོངས་སུ་གསལ་བར་
བྱས་པ་མ་ཡིན་སངས་རྒྱས་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན་ནོ། །གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་
དུ་སེམས་རྣམ་གྲངས་གང་གིས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན། །གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཟུགས་ཆེན་པོར་མི་བགྱིད་ཆུང་ངུར་མི་བགྱིད་གཟུགས་སྡུད་པར་མི་བགྱིད་གཡེངས་པར་མི་བགྱིད་དོ། །
དེ་བཞིན་དུ་ཚོར་བ་མ་ལགས་འདུ་ཤེས་མ་ལགས་འདུ་བྱེད་རྣམས་མ་ལགས་ཏེ་བཅོམ་ལྡན་འདས་རྣམ་པར་ཤེས་པ་ཆེན་པོར་མི་བགྱིད་ཆུང་ངུར་མི་བགྱིད་རྣམ་པར་ཤེས་པ་སྡུད་པར་མི་བགྱིད་གཡེངས་པར་མི་བགྱིད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤགས་པའི་སྟོབས་གང་
ལགས་པ་དེ་དག་ཀྱང་སྟོབས་དང་ལྡན་པར་ཡང་མི་བགྱིད་སྟོང་སམ་མཆིས་པར་ཡང་མི་བགྱིད་སྡུད་པར་མི་བགྱིད་གཡེངས་བར་མི་བགྱིད་དོ། །ཐམས་མཁྱེན་པ་གང་ལགས་པ་དེ་ཡང་ཆེན་པོར་མི་བགྱིད་ཆུང་ངུར་མི་བགྱིད་སྡུད་བར་མི་བགྱིད་གཡེངས་བར་མི་བགྱིད་དོ། །དེ་ཅིའི་སླད་དུ་
ཞེ་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་མ་བསྡུས་མ་གཡེངས་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དབའ་སེམས་དཔའ་ཆེན་པོ་གལ་ཏེ་དེ་ལྟར་འཚལ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་མ་ལགས་ན། བདག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་
དང་ལྡན་པ་སྟེ་འདི་ལྟར་སེམས་ཅན་རྣམས་ལ་ཆོས་བསྟན་བར་བྱའོ་འདི་ལྟར་སེམས་ཅན་འདི་དག་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་འཚལ་བ་ལྟ་སྨོས་སུ་ཅི་མཆིས། དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་འདི་དག་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་པ་གང་ལགས་པ་འདི་ནི་ཤེས་རབ་ཀྱི་
Vol. 33 · folio 99b
ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་མ་ལགས་ཏེ་སེམས་ཅན་དུ་དམིགས་པ་འདི་ཉིད་དེའི་དམིགས་པ་ཆེན་པོར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ངོ་བོ་ཉིད་མ་མཆིས་པ་དང་སྐྱེ་བ་མ་མཆིས་པའི་རང་བཞིན་ཅན་དུ་རིག་པར་བགྱི་སྟེ། སེམས་ཅན་ངོ་བོ་
ཉིད་མ་མཆིས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་དབེན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་རིག་པར་བགྱིའོ། །སེམས་ཅན་བསམ་གྱིས་མི་ཁྱབ་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་རིག་པར་
བགྱིའོ། །སེམས་ཅན་མི་འཇིག་པའི་ཆོས་ཉིད་ལགས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འཇིག་པའི་ཆོས་ཉིད་དུ་རིག་པར་བགྱིའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་མི་རྒྱ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་མི་རྒྱ་པར་རིག་པར་བགྱིའོ། །
སེམས་ཅན་ཡང་དག་པའི་དོན་ཅི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་དོན་ཅི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བགྱིའོ། །སེམས་ཅན་སྟོབས་ཡང་དག་པར་བསྒྲུབ་པས་ན། དེ་བཞིན་གཤེགས་པའི་
སྟོབས་ཡང་དག་པར་སྒྲུབ་པར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་རྣམ་གྲངས་འདིས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་ཤིང་ནེམ་ནུར་མི་བགྱིད་ཐེ་ཚོམ་མི་འཚལ་རྨོངས་པར་མི་འགྱུར་ན། བཅོམ་ལྡན་འདས་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པར་རིག་པར་བགྱི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་
དོན་དང་ཆོས་ཉིད་དང་དོན་གྱི་ཚུལ་དང་ཆོས་ཉིད་ཀྱི་ཚུལ་གྱི་རྗེས་སུ་འགྲོ་བར་འགྱུར་ལ་རྗེས་སུ་འཚལ་བར་འགྱུར་ཞིང་། རྗེས་སུ་རྟོགས་པར་བགྱིད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡུན་རིང་པོ་ཇི་སྲིད་གཅིག་ཏུ་སྤྱད་ཅིང་ཚུལ་བསྲུངས་པར་རིག་པར་བགྱི།
Vol. 33 · folio 100a
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་དྲིས་ནས་འཇིག་རྟེན་
གྱི་ཁམས་གཞན་དག་ནས་ཤི་འཕོས་ཏེ་འདིར་སྐྱེས་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་ཤིང་། ཡོངས་སུ་དྲིས་ནས་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་
འཕོས་ཏེ་འདིར་སྐྱེས་པར་གྱུར་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་ཉན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྟོན་པར་འདུ་ཤེས་སྐྱེད་དོ། །བདག་གི་སྟོན་པ་མངོན་སུམ་དུ་གྱུར་
ཏེ་བདག་གི་སྟོན་པ་མཐོང་ངོ་སྙམ་དུ་སེམས་བསྐྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་ལ་རྣ་བ་བླགས་ནས་གུས་པར་ཉན་ཏེ་གཏམ་གྱི་བར་ཆད་མི་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡུན་
རིང་པོར་སྤྱད་ཅིང་ཚུལ་བསྲུངས་པ་དེ་ལྟ་བུའི་རང་བཞིན་དུ་རིག་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་ལྟ་བུའི་ཚུལ་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པའམ་རྟོགས་པའམ་བསམ་པའམ་བསྐྱེད་པའམ་ཉེ་བར་བཟུང་བར་ནུས་སམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་འདིའོ་ཞེའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་འདི་ལའོ་ཞེའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་
ག་གེ་མོ་ཞིག་ནའོ་ཞེས་སམ། རྣམ་པ་དང་རྟགས་དང་མཚན་མ་འདིས་སོ་ཞེས་ཀྱང་བསྟན་པའམ་མཉན་པར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་ནི་མ་ཡིན་ཏེ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕུང་པོའམ་ཁམས་སམ་སྐྱེ་མཆེད་དུ་བསྟན་པའམ་
Vol. 33 · folio 100b
མཉན་པ་འམ་རྟོགས་པ་འམ་བསམ་པ་འམ་བསྐྱེད་པ་འམ་ཉེ་བར་གཟུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་དབེན་པ་ཉིད་དང་ཆོས་ཐམས་ཅད་ཤིན་ཏུ་དབེན་པ་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྟན་པའམ་མཉན་པའམ་རྟོགས་པའམ་བསམ་
པའམ་བསྐྱེད་པའམ་ཉེ་བར་གཟུང་བར་མི་ནུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གཞན་ན་ཡང་མེད་པར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཉིད་སྟོང་པ་དབེན་པ་ཞི་བས་སོ། །དེ་ལྟར་ན་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ནི་གཉིས་སུ་མེད་གཉིས་སུ་བྱར་མེད་དོ། །སྟོང་བ་དང་དབེན་པ་དང་ཞི་བའི་ཕྱིར་དམིགས་སུ་མེད་དེ། ཆོས་ཐམས་ཅད་ཀྱི་མི་དམིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རྗོད་དོ། །གང་གི་ཚེ་
འདུ་ཤེས་དང་ཀུན་ཤེས་པ་དང་བཏགས་པ་དང་ཐ་སྙད་མི་འབྱུང་བ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བགྱིད་
པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་སྤྱད་ཅིང་ཚུལ་བསྲུངས་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དབང་པོའི་རིམ་པ་ཡོད་པས་འདི་ནི་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་བ་ཡིན་ནོ། །རབ་འབྱོར་ཡང་རྣམ་གྲངས་གང་
གིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་སངས་རྒྱས་སྟོང་ཕྲག་མང་པོ་དང་སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དག་མཐོང་ནས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལམ་དད་མ་མོས་པར་འགྱུར་བའི་རྣམ་གྲངས་ཀྱང་ཡོད་དོ། །
དེ་ཅིའི་ཕྱིར་ཞེ་ན། སྔོན་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་ལ་མ་གུས་སོ་མ་གུས་པས་ལེགས་པར་མི་ཉན་ཏོ། །ལེགས་པར་མི་ཉན་པས་བསྙེན་བཀུར་མི་བྱེད་དོ་བསྙེན་བཀུར་མི་བྱེད་པས་ཡོངས་སུ་མི་
Vol. 33 · folio 101a
འདྲིའོ་ཡོངས་སུ་མ་དྲིས་པས་མངོན་པར་མི་དད་དོ་མངོན་པར་མ་དད་པས་འཁོར་དེ་ནས་འབྱོལ་ཏེ། དེ་དག་གཞི་དེ་ལས་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་བྱས་ཤིང་བསགས་ལ་ཀུན་ནས་བསགས་ཤིང་ཉེ་བར་བསགས་པས་ད་ལྟར་ཡང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་ན་མ་གུས་བར་འབྱོལ་ཞིང་མ་དད་ལ་མོས་པར་མི་བྱེད་པས་ལུས་དང་སེམས་ཀྱིས་ཚོགས་བསྒྲུབ་པར་མི་བྱེད་དོ། །ཚོགས་པ་སྒྲུབ་པར་མི་བྱེད་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་ཤེས་མི་མཐོང་ཁོང་དུ་མི་ཆུད་རིག་པར་
མི་བྱེད་དེ། དེ་དག་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་དད་པར་འགྱུར་རོ་མ་དད་པ་ནི་མི་ཉན་ཏོ་མི་ཉན་པ་ནི་མི་ཤེས་སོ་མ་ཤེས་པས་ནི་མི་མཐོང་ངོ་མ་མཐོང་བས་ནི་ཁོང་དུ་མི་ཆུད་དོ། །ཁོང་དུ་མ་ཆུད་པ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་བྱེད་ཡང་དག་པར་སོགས་
པར་བྱེད། ཀུན་དུ་སོགས་པར་བྱེད་ཉེ་བར་སོགས་པར་བྱེད་དོ། །དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་བྱས་པ་དང་བསགས་པ་དང་ཀུན་ནས་བསགས་པ་དང་ཉེ་བར་བསགས་པ་དེས་ཤེས་རབ་འཆལ་བར་འགྱུར་བ་དང་མཐུན་པའི་ལས་མངོན་པར་འདུ་བྱེད་པར་
འགྱུར་རོ། །དེ་དག་ཤེས་རབ་འཆལ་བར་འགྱུར་བ་དང་མཐུན་པའི་ལས་མངོན་པར་འདུས་བྱས་པ་དང་བསགས་པ་དང་ཀུན་ནས་བསགས་པ་དང་ཉེ་བར་བསགས་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་ན་སྤོང་བར་འགྱུར་སྐུར་བར་འགྱུར་མི་སྙན་པ་བརྗོད་
པར་འགྱུར་ཏེ། སྐུར་ནས་ཀྱང་འབྱོལ་བར་འགྱུར་རོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤོང་བ་དང་སྐུར་པ་དང་མི་སྙན་པར་བརྗོད་པས་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་སྐུར་
པར་འགྱུར་མི་སྙན་པར་བརྗོད་པར་འགྱུར་ཏེ། དེ་དག་ནི་རང་གི་རྒྱུད་བཅོམ་ཞིང་བསྲེགས་ནས་བློ་ཆུང་བ་ཤེས་རབ་ཆུང་བ་བསོད་ནམས་ཆུང་བ་དགེ་བའི་རྩ་བ་ཆུང་བའི་གང་ཟག་དད་པ་ཙམ་དང་ལྡན་པ་དགའ་བ་ཙམ་དང་ལྡན་པ། དང་བ་ཙམ་དང་ལྡན་པ་འདུན་པ་ཙམ་དང་ལྡན་པ་ལས་དང་པོ་བ་སྐལ་བ་མེད་
Vol. 33 · folio 101b
པའི་རང་བཞིན་ཅན་གཞན་རྣམས་ཀྱི་ཡང་དད་པ་ཙམ་དང་དགའ་བ་ཙམ་དང་འདུན་པ་ཙམ་དེ་ཡང་ཕྱིར་ཟློག་ཅིང་འབྲལ་བར་བྱེད་ལྡོག་པར་བྱེད་དེ། འདི་ལ་བསླབ་པར་མི་བྱའོ་ཞེས་སྨྲ་ཞིང་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་ཚིག་ཏུ་བརྗོད་པར་འགྱུར་རོ། །དེ་
ལྟར་དེ་དག་བདག་གི་རྒྱུད་བཅོམ་ཞིང་ཕྲལ་ཏེ་གཞན་གྱི་རྒྱུད་ཀྱང་བཅོམ་ཞིང་ཕྲལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་བ་འདེབས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་པ་བཏབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སྐུར་བ་བཏབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་
ཉིད་ལ་སྐུར་པ་བཏབ་ན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐུར་པ་བཏབ་པར་འགྱུར་རོ། །དེ་ལྟར་དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་ནས་འབྱོལ་བར་འགྱུར་ཆོས་ཀྱིས་ཡོངས་སུ་བཏང་པར་འགྱུར་དགེ་འདུན་ལས་ཡོངས་སུ་
ཕྱི་རོལ་དུ་འགྱུར་རོ། །དེ་ལྟར་དེ་རྣམས་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་དཀོན་མཆོག་གསུམ་ལས་ཕྱི་རོལ་དུ་འགྱུར་ཏེ། དེ་དག་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་གཅོད་པར་བྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་རྣམ་པར་སྨིན་
པར་འགྱུར་བ་དང་མཐུན་པའི་ལས་ཉེ་བར་སོགས་པར་འགྱུར་རོ། །དེ་དག་དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་པ་དང་ཉེ་བར་བཞག་པ་དང་ཀུན་ནས་བསླང་བ་དང་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པ་དང་ཤེས་རབ་འཆལ་བར་འགྱུར་བ་དང་མཐུན་པའི་རང་བཞིན་དེ་ཉིད་ཀྱིས་ལོ་
བརྒྱ་ཕྲག་མང་པོ་དང་ལོ་སྟོང་ཕྲག་མང་པོ་དང་ལོ་བརྒྱ་སྟོང་ཕྲག་མང་པོ་དང་ལོ་བྱེ་བ་བརྒྱ་ཕྲག་མང་པོ་དང་ལོ་བྱེ་བ་སྟོང་ཕྲག་མང་པོ་དང་ལོ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བར་འགྱུར་རོ། །དེ་དག་སེམས་ཅན་
དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེ་དག་དེ་ལྟར་ཡུན་རིང་པོར་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འཕོ་བ་ན་མེས་འཇིག་པའི་བསྐལ་པ་འབྱུང་བར་འགྱུར་རོ། །མེས་འཇིག་པའི་བསྐལ་པ་བྱུང་བ་ན་འཇིག་རྟེན་གྱི་ཁམས་གཞན་
Vol. 33 · folio 102a
དག་ན་སེམས་ཅན་དམྱལ་བ་ཆེན་པོ་གང་དག་ཡོད་པ་དེ་དག་ཏུ་འདོར་བར་འགྱུར་ཏེ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ལྟུང་བར་འགྱུར་རོ། །དེར་བོར་ཏེ་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ལྟུང་པར་གྱུར་པ་དེ་དག་དེར་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་
སེམས་ཅན་དམྱལ་བ་ཆེན་པོར་འཕོ་བར་འགྱུར་རོ། །དེ་དག་དེར་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འཕོ་བ་ན་དེར་ཡང་སླར་དེ་ཁོ་ན་བཞིན་དུ་མེས་འཇིག་པའི་བསྐལ་པ་འབྱུང་བར་འགྱུར་རོ། །དེ་དག་མེས་འཇིག་པའི་བསྐལ་པ་བྱུང་བ་ན་དེ་ནས་ཤི་འཕོས་
མ་ཐག་ཏུ་འཇིག་རྟེན་གྱི་ཁམས་གཞན་དག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡོད་པ་དེར་འདོར་ཏེ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེར་ཡང་དེ་ཁོ་ན་བཞིན་དུ་སེམས་ཅན་དམྱལ་པ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འཕོ་བར་འགྱུར་རོ། །དེ་དག་
དེར་ཡང་ཡུན་རིང་པོར་སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་སེམས་ཅན་དམྱལ་བ་ཆེན་པོར་འཕོ་བ་ན་དེར་ཡང་མེས་འཇིག་པའི་བསྐལ་པ་འབྱུང་བར་འགྱུར་རོ། །དེ་དག་མེས་འཇིག་པའི་བསྐལ་པ་བྱུང་བ་ན་ཡང་དེ་དག་དེ་ནས་ཤི་འཕོས་ཏེ་ལས་མ་ཟད་ཅིང་ལྷག་མ་དང་བཅས་པའི་ལས་དེ་
ཉིད་ཀྱིས་སླར་འཇིག་རྟེན་གྱི་ཁམས་འདིར་འདོར་བར་འགྱུར་ཞིང་བོར་བར་གྱུར་པ་ན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་སླར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོ་དེ་དག་མྱོང་བར་འགྱུར་ཏེ་ཇི་སྲིད་དུ་མེས་འཇིག་པ་
འབྱུང་བར་འགྱུར་བ་དེ་སྲིད་དུ་མྱོང་བར་འགྱུར་རོ། །དེ་ལྟར་དེ་དག་སྡུག་བསྔལ་མང་པོ་མྱོང་བ་དང་མཐུན་པའི་ལས་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་ཚིག་ཉེས་པ་སྨྲས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔའི་ལས་བགྱིས་ཤིང་ཉེ་བར་བསགས་པ་རྣམས་ནི། ཡིད་ཀྱིས་ནོངས་པར་སྤྱད་པ་དང་ངག་གིས་ནོངས་པར་སྤྱད་པ་འདིའི་གཟུགས་བརྙན་ནམ་རྗེས་སུ་མཐུན་པའམ་ཚུལ་མཐུན་པ་ཙམ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
Vol. 33 · folio 102b
བཀའ་སྩལ་པ། དེ་དེ་བཞིན་ནོ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཤཱརིའི་བུ་མཚམས་མེད་པ་ལྔའི་ལས་བྱས་ཤིང་ཉེ་བར་བསགས་པ་རྣམས་ནི་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ངག་གིས་ཉེས་པར་སྤྱད་པའི་ལས་བྱས་ཤིང་བསགས་ཏེ་ཀུན་ནས་བསགས་པ་དང་ཉེ་བར་བསགས་པ་འདིའི་གཟུགས་བརྙན་
ནམ་རྗེས་སུ་མཐུན་པ་འམ་ཚུལ་མཐུན་པ་ཙམ་ཡང་མ་ཡིན་ནོ། །གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་ལ་ཕྱིར་གཞིལ་བར་སེམས་ཤིང་སྐུར་བར་འགྱུར་མི་སྙན་པར་ཟེར་བར་འགྱུར་ཏེ། འདི་ལ་བསླབ་པར་མི་བྱའོ་ཞེས་སྨྲ་བར་འགྱུར་ལ་
འདི་ནི་དེ་བཞིན་གཤེགས་པས་བཤད་པ་མ་ཡིན་ནོ་ཞེས་ཚིག་སྨྲ་བར་འགྱུར་ཞིང་སེམས་ཅན་གཞན་དག་ཀྱང་དེ་དང་བྲལ་བར་བྱེད་པ་དེ་དག་ནི་རང་གི་རྒྱུད་བཅོམ་ནས་གཞན་གྱི་རྒྱུད་ཀྱང་འཇོམས་པར་འགྱུར། རང་གི་རྒྱུད་དུག་ཅན་དུ་བྱས་ནས་གཞན་གྱི་རྒྱུད་ཀྱང་དུག་ཅན་དུ་བྱེད་པར་འགྱུར།
རང་ཉིད་བརླག་ནས་གཞན་ཡང་བརླག་པར་བྱེད་པར་འགྱུར། བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་ཤེས་མ་རྟོགས་ལ་གཞན་དག་ཀྱང་འདི་ལ་བསླབ་པར་མི་བྱའོ་ཞེས་འཛིན་དུ་འཇུག་པའོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུའི་རང་བཞིན་ཅན་ནི་བལྟ་བར་ཡང་ངས་མི་གནང་ན་དེ་དག་དང་འགྲོགས་
པ་ལྟ་ཅི་སྨོས་རྙེད་པ་དང་བཀུར་སྟི་ལྟ་ཅི་སྨོས་གནས་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟ་བུའི་རང་བཞིན་ཅན་གྱི་གང་ཟག་དེ་དག་ནི་ཆོས་ལ་སུན་འབྱིན་པར་རིག་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུའི་རང་བཞིན་ཅན་དེ་དག་ནི་ལོ་འདབ་རུལ་པ་ལྟ་བུར་གྱུར་པར་རིག་པར་བྱའོ། །
ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དེ་དག་ནི་ནག་པོའི་རང་བཞིན་ཅན་ནག་པོ་ཉེ་བར་སྐྱེད་པར་རིག་པར་བྱའོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དེ་དག་ལས་གང་དག་མཉན་པ་དང་དད་པར་བྱ་བར་སེམས་པ་དེ་དག་ཐམས་ཅད་ཀྱང་ཚུལ་མ་ཡིན་པས་བརླག་བར་འགྱུར་རོ། །ཤཱ་རིའི་བུ་གང་དག་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུན་འབྱིན་པ་དེ་དག་ནི་ཤཱ་རིའི་བུ་ཆོས་ལ་སུན་འབྱིན་པའི་གང་ཟག་ཏུ་རིག་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་ཟག་དེར་སྐྱེས་ཤིང་སེམས་ཅན་དམྱལ་བ་ཆེན་པོ་ན་མཆིས་པ་དེའི་ལུས་ཀྱི་ཚད་མ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་
Vol. 33 · folio 103a
སྩལ་པ། ཤཱ་རིའི་བུ་གང་ཟག་སེམས་ཅན་དམྱལ་བ་ཆེན་པོ་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་ལྟ་ཞོག་ཤིག །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ལྟ་བུའི་རང་བཞིན་ཅན་གྱི་ལུས་ཀྱི་ཚད་ཐོས་ནས་ཁྲག་དྲོན་ཁ་ནས་སྐྱུག་ཅིང་འཆི་བར་འགྱུར་བའམ་འཆི་བ་ཙམ་འམ་སྡུག་བསྔལ་མི་བཟད་
པ་དང་ནད་ཀྱིས་རེག་ཅིང་ཚིག་པ་འམ་དེ་ལ་མྱ་ངན་གྱི་ཟུག་རྔུ་ཞུགས་པ་འམ་གཡང་ས་ཆེན་པོར་ལྟུང་བ་འམ་སྐམ་པ་འམ་རྙིས་པར་གྱུར་ན་མི་རུང་བས་ན། གང་ལ་ཉེས་པ་དེ་དག་ཡོད་པའི་ལུས་དེའི་ཚད་འཇིགས་པ་ཆེན་པོ་ཅན་དེ་ལྟ་བུ་ཐོས་བར་མ་གྱུར་ཅིག་ཅེས། བཅོམ་ལྡན་འདས་ཀྱིས་ལུས་དེའི་
ཚད་འདི་ཙམ་དུ་འགྱུར་རོ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གོ་སྐབས་མ་ཕྱེའོ། །ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །གང་ཟག་དེའི་ལུས་ཀྱི་ཚད་ཀྱིས་ཕྱི་མའི་སྐྱེ་བོ་ལ་སྣང་བར་བགྱིས་པར་འགྱུར་བས། ངག་དང་ཡིད་ཀྱི་ལས་
བྱས་ཤིང་བསགས་པ་དང་ཀུན་ཏུ་བསགས་པ་དང་ཉེ་བར་བསགས་པ་འདིས་སེམས་ཅན་དམྱལ་བ་ཆེན་པོའི་ལུས་འདི་ལྟ་བུ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་ངག་དང་ཡིད་ཀྱིས་
ཉེས་བར་སྤྱད་པ་མི་དགེ་པའི་ལས་མངོན་པར་འདུ་བྱེད་པ་མངོན་པར་འདུས་བྱས་པ་བསགས་ཤིང་ཀུན་ནས་བསགས་ལ་ཉེ་བར་བསགས་པ་འདིས་ཡུན་རིང་པོ་འདི་ཙམ་དུ་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བྱ་བ་འདི་ཉིད་ཀྱིས་ཕྱི་མའི་སྐྱེ་བོ་ལ་སྣང་བ་བྱས་པར་འགྱུར་ཏེ། ཤཱ་རིའི་བུ་སྡུག་བསྔལ་
དེ་ཉིད་ལ་གཞལ་དུ་མེད་པ་དང་སྡུག་བསྔལ་མང་པོར་བཤད་པ་གང་ཡིན་པ་དེ་ཉིད་ཀྱིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་དཀར་པོའི་སྐལ་བ་ཅན་རྣམས་སྐྱོ་བར་འགྱུར་ཞིང་དེ་ནས་དེ་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་དེ་དག་ལས་རྣམ་པར་ལྡོག་ཅིང་བསོད་ནམས་མངོན་པར་འདུ་བྱེད་པ་
ཁོ་ན་བྱེད་དེ། བདག་ཀྱང་དེ་དང་འདྲ་བའི་སྡུག་བསྔལ་དང་ཕྲད་པར་མི་འགྱུར་བར་བྱ་བའི་ཕྱིར་སྲོག་གི་ཕྱིར་ཡང་དམ་པའི་ཆོས་སྤོང་བར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ལུས་
Vol. 33 · folio 103b
ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་ངག་གིས་ནོངས་པར་སྨྲས་པ་དེ་ལྟ་བུའི་ངོ་བོས་བསོད་ནམས་མ་ལགས་པའི་ཕུང་པོ་ཆེན་པོ་འདི་སྐྱེས་པ་ལགས་སོ། །བཅོམ་ལྡན་འདས་ཡང་ལས་གང་གིས་
བསོད་ནམས་མ་ལགས་པའི་ཕུང་པོ་ཆེན་པོ་འདི་སྐྱེས་པ་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ངག་གིས་ཉེས་པར་སྨྲས་པ་དེ་ལྟ་བུའི་ངོ་བོས་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་འདི་ཙམ་སྐྱེས་སོ། །རབ་འབྱོར་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་སུན་དབྱུང་བར་སེམས་པར་འགྱུར། སྐུར་བར་སེམས་པར་འགྱུར། ཕྱིར་གཞིལ་བར་སེམས་པར་འགྱུར་བའི་སྐྱེས་བུ་གཏི་མུག་ཅན་དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་པ་འདི་ཉིད་དུ་རབ་ཏུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕྱིར་བཅིལ་ན་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཀྱང་ཕྱིར་བཅིལ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བཅིལ་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཕྱིར་བཅོལ་བར་འགྱུར་རོ། ཐམས་ཅད་མཁྱེན་པ་ཉིད་ཕྱིར་བཅིལ་ན་
དམ་པའི་ཆོས་ཕྱིར་བཅིལ་བར་འགྱུར་རོ། །དམ་པའི་ཆོས་ཕྱིར་བཅིལ་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཕྱིར་བཅིལ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཕྱིར་བཅིལ་བ་དེ་ལྟ་ན་ནི་དཀོན་མཆོག་གསུམ་ལས་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་
ཅད་དུ་ཐམས་ཅད་ཕྱི་རོལ་དུ་གྱུར་བ་ཡིན་པས་ཆེས་གཞལ་དུ་མེད་ཅིང་གྲངས་མེད་པའི་མི་དགེ་བའི་ལས་ཆེན་པོ་མངོན་པར་འདུ་བྱེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཕྱིར་གཞིལ་བར་སེམས་པ་དེའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བདུད་ཀྱིས་བྱིན་གྱིས་བརླབས་པའམ།
Vol. 33 · folio 104a
ཤེས་རབ་འཆལ་པར་འགྱུར་བ་དང་མཐུན་པའི་ངག་གི་ལས་ཀྱིས་འདི་ཆོས་ཟབ་མོ་དག་ལ་མི་དད་ཅིང་རབ་ཏུ་དང་བར་མི་འགྱུར་ཏེ། རབ་འབྱོར་སྡིག་པའི་ཆོས་འདི་གཉིས་དང་ལྡན་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཕྱིར་འཇིལ་བར་འགྱུར་རོ། །
རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་ན་ཕྱིར་གཞིལ་བར་སེམས་པར་འགྱུར་པ་གང་ཡིན་པ་དེ་ནི་རྣམ་པ་བཞི་པོ་འདི་དག་དང་ལྡན་པར་འགྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་སྡིག་པའི་གྲོགས་པོའི་ལག་ཏུ་སོན་པར་འགྱུར་པ་
འམ། མངོན་པར་མི་བརྩོན་པར་འགྱུར་པ་འམ། ཕུང་པོ་ལ་མངོན་པར་ཞེན་པར་འགྱུར་བའམ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་དེ་ཉེས་པའི་སྐབས་ཚོལ་བར་འགྱུར་བའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་དམྱལ་པའི་ལེའུ་ཞེས་བྱ་སྟེ་བདུན་
པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་དགུ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་དང་དགེ་བའི་རྩ་བ་དང་བྲལ་
བ་དང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་མོས་པར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་དང་དགེ་བའི་རྩ་བ་ཆུང་བ་དང་བློ་ཞན་པ་དང་དོན་དུ་མི་གཉེར་བ་དང་ཐོས་པ་ཉུང་བ་དང་
ཤེས་རབ་ཞན་པ་དང་སྡིག་པའི་གྲོགས་པོས་ཉེ་བར་བརྟན་པ་དང་ལེགས་པར་མི་ཉན་པ་དང་མི་འདྲི་བའི་རང་བཞིན་ཅན་དང་དགེ་བའི་ཆོས་ལ་མི་བརྩོན་པས་མོས་པར་དཀའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཨེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མོས་པར་དཀའ་བའི་སླད་དུ་འདི་ཅི་ཙམ་
དུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་
Vol. 33 · folio 104b
པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ངོ་བོ་ཉིད་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་སྔོན་གྱི་མཐའི་
ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་ཕྱི་མའི་མཐའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་ད་ལྟར་བྱུང་བ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་གཟུགས་ལ་ད་ལྟར་བྱུང་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་སྔོན་གྱི་མཐའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །
རབ་འབྱོར་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་ཕྱི་མའི་མཐའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་
ཤེས་པ་ལ་ད་ལྟར་བྱུང་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བརྩོན་པ་དང་དགེ་བའི་རྩ་བ་མ་བསགས་པ་དང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དང་བདུད་ཀྱི་དབང་དུ་གྱུར་པ་དང་ལེ་ལོ་ཅན་དང་བརྩོན་འགྲུས་ཞན་
པ་དང་དྲན་པ་ཉམས་པ་དང་ཤེས་རབ་འཆལ་པས་མོས་པར་དཀའ་ཞིང་མཆོག་ཏུ་མོས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བརྩོན་པ་དང་དགེ་བའི་རྩ་བ་མ་བསགས་པ་དང་
སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དང་བདུད་ཀྱི་དབང་དུ་གྱུར་བ་དང་ལེ་ལོ་ཅན་དང་བརྩོན་འགྲུས་ཞན་པ་དང་དྲན་པ་ཉམས་པ་དང་ཤེས་རབ་འཆལ་པས་མོས་པར་དཀའ་བ་ཡིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཆོག་ཏུ་མོས་པར་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
Vol. 33 · folio 105a
གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་
དད་ཅིང་མཆད་པའོ། །རབ་འབྱོར་དེ་ལྟར་ན་འབྲས་བུ་རྣམ་པར་དག་པས་ན་གཟུགས་རྣམ་པར་དག་པ་གཟུགས་རྣམ་པར་དག་པས་ན་འབྲས་བུ་རྣམ་པར་དག་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་
འབྲས་བུ་རྣམ་པར་དག་པའོ་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟར་ན་རྣམ་པར་ཤེས་པ་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མཆད་པའོ། །རབ་འབྱོར་དེ་
ལྟར་ན་འབྲས་བུ་རྣམ་པར་དག་པས་ན་རྣམ་པར་ཤེས་པ་རྣམ་པར་དག་པ་རྣམ་པར་ཤེས་པ་རྣམ་པར་དག་པས་འབྲས་བུ་རྣམ་པར་དག་པའོ། །རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་
པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཅིང་ཐ་མི་དད་ཅིང་མཆད་པའོ། །རབ་འབྱོར་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་ན་གཟུགས་རྣམ་
པར་དག་པ་གཟུགས་རྣམ་པར་དག་པས་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་
ནི་རྣམ་པར་ཤེས་པ་རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟར་ན་རྣམ་པར་ཤེས་པ་རྣམ་པར་དག་པ་དང་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མཆད་པའོ། །རབ་འབྱོར་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་ན་རྣམ་པར་
Vol. 33 · folio 105b
ཤེས་པ་རྣམ་པ་དག་པའོ་རྣམ་པར་ཤེས་པ་རྣམ་པར་དག་པས་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསལ་བར་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་
འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚམས་སྦྱོར་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོབ་པ་མ་མཆིས་པ་མངོན་པར་རྟོགས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འགྲུབ་པ་མ་
མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཤིན་ཏུ་སྐྱེ་བ་མ་མཆིས་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་འཚལ་ཡང་དག་པར་མ་འཚལ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་
Vol. 33 · folio 106a
བུས་གསོལ་པ། བཅོམ་ལྡན་འདས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅི་ཞིག་མ་འཚལ་ཞིང་ཡང་དག་པར་མ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མི་ཤེས་ཡང་དག་པར་མི་ཤེས་སོ། །དེ་ཅིའི་ཕྱིར་
ཞེ་ན། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མི་ཤེས་ཡང་དག་པར་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ།
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་གནོད་པར་ཡང་མི་བགྱིད་ཕན་པར་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་ཆོས་གང་ཡང་ཡོངས་སུ་མི་འཛིན་ཡོངས་སུ་མི་གཏོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པས། གཟུགས་
རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་
དག་པས་རྣམ་པར་ཤེས་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པས་འབྲས་བུ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། །བཅོམ་ལྡན་འདས་བདག་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །
Vol. 33 · folio 106b
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པས་ཐོབ་པ་མ་མཆིས་མངོན་པར་རྟོགས་པ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། །བཅོམ་ལྡན་འདས་བདག་
མུ་མ་མཆིས་པས་ན་གཟུགས་མུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་མུ་མ་མཆིས་པས་ན་ཚོར་པ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མུ་
མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དེ་ལྟར་རྟོགས་པ་གང་ལགས་པ་དེ་ནི་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་གཉི་གའི་
བར་རྒྱང་རིང་པོ་ན་ཡང་མི་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། །བཅོམ་ལྡན་འདས་དེ་ལྟར་ཡང་འདུ་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་འདོར་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ་རབ་འབྱོར་དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་ལས་ཀྱང་
ཆགས་པར་འགྱུར་རོ་མཚན་མ་ལས་ཀྱང་ཆགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བཅོམ་ལྡན་འདས་ཀྱིས་གང་དུ་ཆགས་པ་འདི་དག་ཀྱང་བཤད་པས་ཅི་ཙམ་དུ་
Vol. 33 · folio 107a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་བཤད་ཅིང་ལེགས་པར་བསྟན་ཏེ། ཤིན་ཏུ་མཐར་གཏུགས་པ་ནི་ངོ་མཚར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆགས་པ་དེ་དག་གང་
ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་སྟོང་པའོ་སྙམ་པ་ནི་ཆགས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་སྟོང་པའོ་སྙམ་པ་ནི་ཆགས་པའོ། །འདས་པའི་ཆོས་རྣམས་ལ་འདས་པའི་
ཆོས་རྣམས་སོ་ཞེས་ཡང་དག་པར་ཤེས་པ་ནི་ཆགས་པའོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་རྣམས་སོ་ཞེས་ཡང་དག་པར་ཤེས་པ་ནི་ཆགས་པའོ། །ད་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་རྣམས་སོ་ཞེས་ཡང་དག་པར་ཤེས་པ་ནི་ཆགས་པའོ། །གང་
ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་སེམས་དང་པོ་བསྐྱེད་པས་བསོད་ནམས་ཀྱི་ཕུང་པོ་འདི་ཙམ་སྐྱེད་དོ་ཞེས་ཡང་དག་པར་ཤེས་པ་ནི་ཆགས་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་རྣམ་གྲངས་
གང་གིས་ཆགས་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོའོ་ཞེས་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་ཤེས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་ཡོངས་སུ་སྔོ་བར་བྱེད་པས་ཏེ། རིགས་ཀྱི་བུ་འམ་
རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེས་སེམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་ནི་མི་ནུས་སོ། །ཀཽ་ཤི་ཀ་དེ་བས་ན་གཞན་ལ་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་བསྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པས་ནི་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པ་ཉིད་རྗེས་སུ་རྟོགས་པས་ཡང་དག་པར་བསྟན་པར་བྱ་ཡང་དག་པར་དགོད་པར་བྱ་ཡང་དག་པར་གཟེངས་བསྟོད་པར་བྱ་ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བདག་ཉིད་ལ་ཡང་གནོད་པར་མི་བྱེད་ཅིང་
Vol. 33 · folio 107b
སངས་རྒྱས་ཀྱིས་གནང་བའི་ཡང་དག་པར་འགོད་པས་གཞན་འགོད་པར་བྱེད་པར་འགྱུར་ལ་ཆགས་པའི་མཐའ་འདི་དག་ཐམས་ཅད་ཀྱང་རྣམ་པར་སྤངས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་ཁྱོད་དེ་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཆགས་པའི་མཐའ་འདི་དག་ཁོང་དུ་ཆུད་པར་བྱེད་པ་ལེགས་སོ་ལེགས་སོ། །རབ་འབྱོར་དེའི་ཕྱིར་ཆགས་པ་རབ་ཏུ་ཕྲ་བ་གཞན་དག་ཀྱང་བརྗོད་པར་བྱ་སྟེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །
བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་མཚན་མར་ཡིད་ལ་བྱེད་ན་ཡང་རབ་འབྱོར་མཚན་མ་ཇི་སྲིད་པ་དེ་སྲིད་དུ་ཆགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་མ་ལས་ནི་ཆགས་པར་འགྱུར་རོ། །དེ་ལྟར་ན་དེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་ཟག་པ་མེད་པའི་ཆོས་གང་ཡིན་པ་དེ་དག་ལ་རྗེས་སུ་ཡི་རང་ངོ་། །དེ་ལྟར་རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་ཡང་ཆོས་རྣམས་ཀྱི་ཆོས་ཉིད་
གང་ཡིན་པ་དེ་ནི་འདས་པ་འམ་མ་འོངས་པ་འམ་ད་ལྟར་བྱུང་བ་མ་ཡིན་ཏེ། གང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མ་ཡིན་པ་དེ་ནི་དུས་གསུམ་ལས་ངེས་པར་གྲོལ་བ། གང་དུས་གསུམ་ལས་ངེས་པར་གྲོལ་བ་དེ་ནི་ཡོངས་སུ་བསྔོ་བ་དང་མཚན་མར་བྱ་བ་དང་དམིགས་པར་བྱ་བར་མི་ནུས་
ཤིང་། དེ་ནི་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པ་ཡང་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་རང་བཞིན་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དབེན་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ།
Vol. 33 · folio 108a
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་ཟབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རང་བཞིན་རྣམ་པར་དག་པའི་ཕྱིར་དང་རབ་འབྱོར་རང་བཞིན་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་ཟབ་བོ། །རབ་འབྱོར་
གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་དབེན་པའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱང་རང་བཞིན་དབེན་པ་ཉིད་དེ་རབ་འབྱོར་ཆོས་
ཐམས་ཅད་ཀྱི་རང་བཞིན་དབེན་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་རང་
བཞིན་གྱིས་ཆོས་དེ་དག་གང་ཡང་མེད་དོ། །རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་མེད་པ་རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་ཡིན་ཏེ་འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པའི་ཕྱིར་ན་མཚན་ཉིད་གཅིག་པའི་ཕྱིར་རོ། །རབ་འབྱོར་དེ་ལྟ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གཉིས་སུ་མེད་དེ་རབ་འབྱོར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་རང་བཞིན་གང་
ཡིན་པ་དེ་ནི་རང་བཞིན་མེད་པ་རང་བཞིན་མེད་པ་གང་ཡིན་པ་དེ་ནི་རང་བཞིན་ཡིན་ཏེ། རབ་འབྱོར་དེ་ལྟར་ན་ཆགས་པའི་མཐའ་དེ་དག་ཐམས་ཅད་རྣམ་པར་སྤངས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ལགས་སམ། བཅོམ་ལྡན་
Vol. 33 · folio 108b
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་པར་དཀའ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་འདི་ལྟར་སུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་སེམས་ཀྱིས་ཤེས་པར་བྱ་བ་མ་ཡིན་སེམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བགྱིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་མི་དམིགས་
པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བྱས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཅི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་གལ་ཏེ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་གལ་ཏེ་རྣམ་པར་ཤེས་པ་ལ་མི་སྤྱོད་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་མི་རྟག་པའོ་ཞེས་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་གལ་ཏེ་རྣམ་པར་ཤེས་པ་མི་རྟག་པའོ་ཞེས་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་
ཏེ་གཟུགས་སྟོང་པའོ་ཞེས་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་གལ་ཏེ་རྣམ་པར་ཤེས་པ་སྟོང་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་མ་རྫོགས་པ་དང་རྫོགས་
Vol. 33 · folio 109a
པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་ཀྱི་རྫོགས་པ་མ་ཡིན་པའམ་རྫོགས་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ་གལ་ཏེ་དེ་ལྟར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་
འདུ་བྱེད་རྣམས་ལ་མ་ཡིན་གལ་ཏེ་རྣམ་པར་ཤེས་པ་རྫོགས་པ་མ་ཡིན་པ་དང་རྫོགས་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཤེས་པ་རྫོགས་པ་མ་ཡིན་པ་འམ་རྫོགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ་གལ་ཏེ་དེ་ལྟར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཕྱིར་དེ་ལྟར་ཅི་སྲིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་དང་བཅས་པ་ཉིད་དང་ཆགས་
པ་མ་མཆིས་པ་ཉིད་བཤད་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །
དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་གལ་ཏེ་རྣམ་པར་ཤེས་པ་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལ་ཆགས་པ་དང་བཅས་པ་
དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སའི་ཁམས་ལ་ཆགས་པ་དང་
བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་དང་
Vol. 33 · folio 109b
བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་
ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་
བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རང་སངས་རྒྱས་ཉིད་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་དོ། །སངས་རྒྱས་ཉིད་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའོ་སྙམ་དུ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་ཆགས་པ་མི་སྐྱེད་དོ། །དེ་བཞིན་དུ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་རྣམ་པར་ཤེས་པ་ལ་ཆགས་པ་མི་སྐྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་མིག་ལ་ཆགས་པ་མི་སྐྱེད་པ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་ལ་ཆགས་པ་མི་སྐྱེད། སའི་ཁམས་ལ་ཆགས་པ་མི་སྐྱེད་པ་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་ཆགས་པ་མི་སྐྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་
Vol. 33 · folio 110a
མི་སྐྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མི་སྐྱེད། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་མ་ཡིན་
སྟོབས་རྣམས་ལ་མ་ཡིན་མི་འཇིགས་པ་རྣམས་ལ་མ་ཡིན་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མ་ཡིན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་ལ་ཆགས་པ་མི་སྐྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཆགས་པ་མི་སྐྱེད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མ་ཡིན་ཕྱིར་མི་འོང་བའི་
འབྲས་བུ་ལ་མ་ཡིན་དགྲ་བཅོམ་པ་ཉིད་ལ་ཆགས་པ་མི་སྐྱེད། རང་སངས་རྒྱས་ཉིད་ལ་ཆགས་པ་མི་སྐྱེད། སངས་རྒྱས་ཉིད་ལ་ཆགས་པ་མི་སྐྱེད། ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཆགས་པ་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཆགས་པ་མ་བཅིངས་
པ་མ་གྲོལ་བ་ཡང་དག་པར་མ་འདས་པའོ། །རབ་འབྱོར་དེ་ལྟར་ཆགས་པ་ཐམས་ཅད་ལས་རབ་ཏུ་བཟླ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་ཆོས་འདི་ནི་ཟབ་སྟེ། དེ་ནི་བསྟན་ཀྱང་མི་འགྲིབ་མ་བསྟན་ཀྱང་མི་འགྲིབ་བསྟན་ཀྱང་མི་འཕེལ་མ་བསྟན་ཀྱང་མི་འཕེལ་བ་ནི་ངོ་མཚར་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་སྲིད་འཚོ་བའི་བར་དུ་བཞུགས་ཤིང་ནམ་མཁའི་བསྔགས་པ་བརྗོད་ཀྱང་ནམ་མཁའ་ཡོངས་སུ་འཕེལ་བར་མི་
འགྱུར་བསྔགས་པ་མ་བརྗོད་ཀྱང་ནམ་མཁའ་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུ་ལ་བསྔགས་པ་བརྗོད་ཀྱང་རྗེས་སུ་ཆགས་པར་ཡང་མི་འགྱུར་ཀུན་ནས་ཉོན་མོངས་པར་མི་འགྱུར། བསྔགས་པ་མ་བརྗོད་ཀྱང་ཁོང་ཁྲོ་བར་མི་འགྱུར་ཀུན་ནས་ཉོན་
Vol. 33 · folio 110b
མོངས་པར་མི་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཡང་བསྟན་ཀྱང་དེ་སྙེད་དུ་ཟད་དོ་མ་བསྟན་ཀྱང་དེ་སྙེད་དུ་ཟད་དོ། །གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་གང་ཞིག་ཞུམ་པར་མི་བགྱིད་ཡ་ཡ་པོར་མི་འགྱུར་ཏེ་འདི་ལ་རྣལ་འབྱོར་དུ་ཡང་བགྱིད་ལ་ཕྱིར་མི་ལྡོག་པ་ནི་དཀའ་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་
འདི་ནི་ནམ་མཁའ་སྒོམ་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་གོ་ཆ་འདི་བགོས་པ་དེ་དག་ནི་ཕྱག་བགྱི་བར་འོས་པ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གང་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོ་བར་
འཚལ་བ་དེ་ནི་ནམ་མཁའ་དང་ལྷན་ཅིག་གོ་ཆ་བགོ་བར་འཚལ་བ་ལགས་སོ། །གང་ཞིག་ནམ་མཁའ་དང་མཚུངས་པའི་སེམས་ཅན་ཆོས་ཀྱི་དབྱིངས་དང་མཚུངས་པའི་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོ་བར་འཚལ་བ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་
ཆ་ཆེན་པོ་བགོས་པ་ལགས་ཏེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བོ་ལགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་ནི་བཅོམ་ལྡན་འདས་ནམ་མཁའ་ཡོངས་སུ་ཐར་པར་འཚལ་བ་ལགས་སོ། །
དེ་ནི་བཅོམ་ལྡན་འདས་ནམ་མཁའ་འདེག་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་མཁའ་དང་མཚུངས་པ་ཆོས་ཀྱི་དབྱིངས་དང་མཚུངས་པའི་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པའི་གོ་ཆ་ཆེན་པོ་ཐོབ་པ་ལགས་སོ། །དེ་ནས་དགེ་སློང་གཞན་ཞིག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །
Vol. 33 · folio 111a
བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་མི་སྐྱེད་ཆོས་གང་ཡང་འགོག་པར་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་ལ་དེ་ལྟར་རྣལ་འབྱོར་དུ་བྱེད་པ་དེ་ཅི་ལ་རྣལ་འབྱོར་དུ་བྱེད་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་ཅིང་
རྣལ་འབྱོར་དུ་བྱེད་པར་སེམས་པ་དེ་ནི་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་
དེ་ལ་བསྲུང་བ་དང་བསྐྱབ་པ་དང་སྦ་བ་ཅི་ཞིག་བགྱི་བ་བཀའ་སྩལ་པར་གསོལ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཆོས་གང་ལ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བྱ་བའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ།
བརྒྱ་བྱིན་གྱིས་སྨྲས་པ། འཕགས་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ལྟར་བཤད་པ་འདི་ལ་གནས་ན་དེ་ཉིད་དེ་ལ་བསྲུང་བ་དང་སྐྱོབ་པ་དང་སྦེད་པར་འགྱུར་རོ། །
དེ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་གྱུར་ན་ནི་མི་དང་མི་མ་ཡིན་པ་དེ་ལ་གླགས་ལྟ་བ་དང་གླགས་ཚོལ་པ་དག་གིས་གླགས་རྙེད་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་བསྲུང་བ་དང་བསྐྱབ་པ་
དང་སྦ་བར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ལ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བྱ་བར་སེམས་སོ། །ཀཽ་ཤི་ཀ་འདི་ཅི་སྙམ་དུ་སེམས་ཁྱོད་ཀྱིས་བྲག་ཅ་ལ་བསྲུང་བ་དང་བསྐྱབས་པ་དང་སྦ་བར་བྱེད་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། འཕགས་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་
Vol. 33 · folio 111b
འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་གནས་པས་ནི་ཆོས་ཐམས་ཅད་བྲག་ཅ་ལྟ་བུར་ཡོངས་སུ་ཤེས་སོ། །དེ་བས་ན་དེ་ལ་རློམ་སེམས་སུ་མི་བྱེད་ཡང་དག་པར་རྗེས་སུ་མི་མཐོང་མི་ཤེས་ཡང་
དག་པར་མི་ཤེས་ཆོས་དེ་དག་ཀྱང་མེད་ཅིང་ཡང་དག་པར་མི་སྣང་ལ་ཡང་དག་པར་མེད་ཅིང་མི་དམིགས་སོ་ཞེས་གནས་ཏེ། གལ་ཏེ་དེ་ལྟར་གནས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་
ཆེན་པོ་བཞི་པོ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཐམས་ཅད་དང་ཚངས་པ་ཆེན་པོ་ཐམས་ཅད་དང་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་པ་དང་རྒྱལ་པོ་ཆེན་པོ་དེ་དག་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཐམས་ཅད་དང་ཚངས་པ་ཆེན་པོ་ཐམས་ཅད་དང་ཚངས་པ་ཆེན་པོ་མི་མཇེད་ཀྱི་བདག་པོས་ཀྱང་སངས་རྒྱས་ཀྱི་
མཐུ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སངས་རྒྱས་སྟོང་དང་དེ་དག་གིས་མིང་འདི་དག་ཉིད་དང་ཚིག་འདི་དག་ཉིད་དང་ཡི་གེ་འདི་དག་ཉིད་དང་རབ་འབྱོར་ཅེས་བྱ་བའི་དགེ་སློང་འདི་དག་ཉིད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཉེ་
བར་བསྟན་ཅིང་། དེར་ཡང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རྣམས་ཉིད་ཀྱིས་ཡོངས་སུ་དྲིས་ཤིང་ཡོངས་སུ་ཞུས་ཏེ་ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བཤད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་བ་ཤེས་པར་གྱུར་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་རྣམ་པར་དག་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words