འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ

Sanskrit title (Tibetan script, as in the text) ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 33 · folio 139b

སངས་རྒྱས་གང་ཇི་སྙེད་ཅིག་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བ་དང་ལྷ་དང་མི་རྣམས་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དག་ཐུགས་བརྩེ་བའི་ཕྱིར་ད་ལྟར་བཞུགས་ཏེ་འཚོ་

ཞིང་གཞེས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དགོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ཀྱང་རིང་དུ་གནས་པར་འགྱུར་བ་དང་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་མིང་འཇིག་པར་མི་འགྱུར་བ་དང་ཅི་ནས་ཀྱང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་དང་། ཡི་གེར་འདྲི་བ་དང་སློབ་པ་ལ་བདུད་སྡིག་ཅན་ནམ་བདུད་ཀྱི་རིས་ཀྱི་ལྷ་དག་བར་ཆད་བྱེད་པར་མི་འགྱུར་བར་མཛད་དོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆོས་ཤིང་བདག་གིར་མཛད་དེ་སྦེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་སྟེ་སྐྱེད་པའོ་ཐམས་ཅད་མཁྱེན་པ་ཉིད་སྟོན་པའོ་འཇིག་རྟེན་ཀུན་ཏུ་སྟོན་པའོ། །རབ་

འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལས་སྐྱེས་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་

པར་བྱེད་པའོ་སྟོན་པར་བྱེད་པའོ། །དེ་ལྟར་འཇིག་རྟེན་འདི་ཀུན་ཏུ་སྟོན་པའོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལས་སྐྱེས་སོ། །རབ་འབྱོར་འདས་པའི་དུས་ན་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

Vol. 33 · folio 140a

མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་ཕྱི་མ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་འཚང་རྒྱ་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་ད་ལྟར་གྱི་དུས་ན་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་ཅིང་གྲངས་

མེད་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བ་དང་

ལྷ་དང་མི་རྣམས་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དག་ཐུགས་བརྩེ་བའི་ཕྱིར་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་

བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་

སངས་རྒྱས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་སྐྱེད་པར་བྱེད་པ་སྟེ་དེ་ལྟར་ན་འདི་ནི་འཇིག་རྟེན་ཀུན་ཏུ་སྟོན་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་

Vol. 33 · folio 140b

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་སྟོན་པའོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་སྟོན་པ་ལགས་

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་དུ་གསུངས་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཕུང་པོ་

ལྔ་རྣམས་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་སྟེ་རབ་འབྱོར་ཕུང་པོ་འདི་ལྔ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་ཞེས་གསུངས་སོ། །རབ་འབྱོར་གྱིས་

གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕུང་པོ་ལྔ་ཅི་ལྟར་བསྟན་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཅི་ཞིག་བསྟན། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་

བཀའ་སྩལ་ཏོ། །རབ་འབྱོར་མི་འཇིག་རབ་ཏུ་མི་འཇིག་པས་ན་ཕུང་པོ་ལྔ་འཇིག་རྟེན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྟན་ཏོ། །དེ་ཅིའི་ཕྱིར་མི་འཇིག་རབ་ཏུ་མི་འཇིག་ཅེས་བསྟན་ཅེ་ན། རབ་འབྱོར་ཕུང་པོ་ལྔ་རྣམས་ནི་ངོ་བོ་ཉིད་མེད་པས་ན་

སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་ནི་འཇིག་པའམ་རབ་ཏུ་འཇིག་པ་མ་ཡིན་ཏེ་རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་

མཚན་མ་མེད་པ་འམ་སྨོན་པ་མེད་པ་འམ་མངོན་པར་འདུ་མི་བྱེད་པ་འམ་མི་སྐྱེ་བ་འམ་དངོས་པོ་མེད་པ་འམ་ཆོས་ཀྱི་དབྱིངས་མི་འཇིག་རབ་ཏུ་མི་འཇིག་པ། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

Vol. 33 · folio 141a

རྣམས་ལ་འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་སེམས་ཅན་གྲངས་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་

ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་གཞལ་དུ་མེད་སེམས་ཅན་གྲངས་མེད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར། སེམས་ཅན་གཞལ་དུ་མེད་

སེམས་ཅན་གྲངས་མེད་པའོ་ཞེས་དེ་བཞིན་གཤེགས་པས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་སེམས་ཅན་གྲངས་མེད་པ་རྣམས་ཡང་དག་པ་ཅི་

ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་སེམས་ཅན་དངོས་པོ་མེད་པའི་ཕྱིར་དེ་བཞིན་གཤེགས་པས་སེམས་ཅན་གཞལ་དུ་མེད་སེམས་ཅན་གྲངས་མེད་པ་དག་གི་སེམས་ཀྱི་སྤྱོད་པ་དེ་དག་ཀྱང་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་ཀྱི་སྤྱོད་པ་གཞལ་དུ་མེད་གྲངས་མེད་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་བསྡུས་པ་རྣམས་སེམས་བསྡུས་པའོ་

ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་བསྡུས་པ་རྣམས་སེམས་བསྡུས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་

Vol. 33 · folio 141b

མཁྱེན་ཅེ་ན། དེ་བསྡུས་པ་དང་བཅས་པ་ཟད་པ་ཉིད་དུ་དང་ཟད་པ་ཡང་མ་ཟད་པ་ཉིད་དུ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་

བསྡུས་པ་རྣམས་སེམས་བསྡུས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཡེངས་པ་རྣམས་སེམས་གཡེངས་པའོ་

ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཡེངས་པ་རྣམས་སེམས་གཡེངས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་

མཁྱེན་ཅེ་ན། རབ་འབྱོར་ཆོས་ཉིད་ལས་སེམས་གཡེངས་པའི་སེམས་དེ་དག་ནི་མཚན་ཉིད་མེད་པ་སེམས་དེ་དག་ནི་མི་ཟད་པ་རྣམ་པར་མི་ཟད་པ་མ་གཡེངས་པར་སེམས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཡེངས་པ་རྣམས་སེམས་གཡེངས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ།

སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་གཞལ་དུ་མེད་པ་མི་ཟད་པ་ལ་སེམས་གཞལ་དུ་མེད་པ་མི་ཟད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་

ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་གཞལ་དུ་མེད་ཅིང་མི་ཟད་པ་ལ་སེམས་གཞལ་དུ་མེད་ཅིང་མི་ཟད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་གང་གིས་དེ་ལྟར་ནམ་མཁའ་བཞིན་དུ་གཞལ་དུ་མེད་ཅིང་མི་ཟད་པས་ན་སེམས་གཞལ་དུ་མེད་ཅིང་

Vol. 33 · folio 142a

མི་ཟད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེའི་སེམས་དེ་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་འགག་པ་མེད་པ་སྐྱེ་བ་མེད་པ་གནས་པ་མེད་པ་རྟེན་མེད་པ་གཞལ་དུ་མེད་པ་མི་ཟད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་གཞལ་དུ་མེད་ཅིང་མི་ཟད་པ་ལ་སེམས་གཞལ་དུ་མེད་ཅིང་མི་ཟད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་རྣམས་ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་སོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་རྣམས་ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་སོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་ཀུན་ནས་ཉོན་མོངས་པས་ཀུན་ནས་

ཉོན་མོངས་པར་གྱུར་པ་མ་ཡིན་ཞིང་བརྡར་བཏགས་པ་མེད་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་ནས་ཉོན་མོངས་པར་གྱུར་པ་དག་སེམས་ཀུན་ནས་ཉོན་མོངས་པར་གྱུར་

པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་རྣམས་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་

པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་རྣམས་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པའོ་

Vol. 33 · folio 142b

ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་རང་བཞིན་གྱིས་འོད་གསལ་བ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་

ནས་ཉོན་མོངས་པར་མ་གྱུར་པ་རྣམས་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་

པ་དག་གི་སེམས་གནས་པ་རྣམས་སེམས་གནས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གནས་པ་རྣམས་སེམས་གནས་པའོ་

ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་གཞི་མེད་པ་ལ་གནས་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གནས་པ་རྣམས་སེམས་གནས་

པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རབ་ཏུ་བཟུང་བ་རྣམས་སེམས་རབ་ཏུ་བཟུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་

རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རབ་ཏུ་བཟུང་བ་རྣམས་སེམས་རབ་ཏུ་བཟུང་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་

དག་ནི་བཟུང་བ་མ་ཡིན་ཞིང་རབ་ཏུ་གཟུང་བར་བྱ་བ་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རབ་ཏུ་བཟུང་བ་རྣམས་སེམས་རབ་ཏུ་བཟུང་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་

Vol. 33 · folio 143a

རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་དང་བཅས་པ་རྣམས་སེམས་ཟག་པ་དང་བཅས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་

མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་དང་བཅས་པ་རྣམས་སེམས་ཟག་པ་དང་བཅས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་

དེ་དག་ནི་ངོ་བོ་ཉིད་མེད་ཅིང་མེད་པ་དང་འདྲ་བ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་དང་བཅས་པ་རྣམས་སེམས་ཟག་པ་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་མེད་པ་རྣམས་སེམས་ཟག་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་

ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་མེད་པ་རྣམས་སེམས་ཟག་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་དངོས་པོ་མེད་པར་གཞོལ་

བ་ལྷུན་གྱིས་གྲུབ་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་མེད་པ་རྣམས་སེམས་ཟག་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་

ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་ཆགས་དང་བཅས་པ་རྣམས་སེམས་འདོད་ཆགས་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་

Vol. 33 · folio 143b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་ཆགས་དང་བཅས་པ་རྣམས་སེམས་འདོད་ཆགས་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཀྱི་འདོད་ཆགས་དང་བཅས་པ་གང་ཡིན་པ་དེ་

ནི་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་མ་ཡིན་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་གང་ཡིན་པ་དེ་ནི་འདོད་ཆགས་དང་བཅས་པའི་སེམས་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་

ཆགས་དང་བཅས་པ་རྣམས་སེམས་འདོད་ཆགས་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་ཆགས་དང་

བྲལ་བ་རྣམས་སེམས་འདོད་ཆགས་དང་བྲལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་ཆགས་དང་བྲལ་བ་རྣམས་སེམས་འདོད་

ཆགས་དང་བྲལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཀྱི་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་མ་ཡིན་འདོད་ཆགས་དང་བྲལ་བའི་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་

པ་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་ཆགས་དང་བྲལ་བ་རྣམས་སེམས་འདོད་ཆགས་དང་བྲལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་

འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཞེ་སྡང་དང་བཅས་པ་རྣམས་སེམས་ཞེ་སྡང་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་

Vol. 33 · folio 144a

པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཞེ་སྡང་དང་བཅས་པ་རྣམས་སེམས་ཞེ་སྡང་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཀྱི་ཞེ་སྡང་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་

ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་རབ་འབྱོར་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་ཞེ་སྡང་དང་བཅས་པ་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཞེ་སྡང་དང་བཅས་

པ་རྣམས་སེམས་ཞེ་སྡང་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཞེ་སྡང་དང་བྲལ་བ་རྣམས་སེམས་ཞེ་སྡང་དང་བྲལ་

བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཞེ་སྡང་དང་བྲལ་བ་རྣམས་ལ་སེམས་ཞེ་སྡང་དང་བྲལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་

རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཀྱི་བྲལ་བ་གང་ཡིན་པ་དེ་ནི་ཞེ་སྡང་དང་བཅས་པ་མ་ཡིན་ཞེ་སྡང་དང་བྲལ་བའི་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་གང་ཡིན་པ་དེ་ནི་སེམས་ཞེ་སྡང་དང་བཅས་པ་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཞེ་སྡང་དང་བྲལ་བ་རྣམས་སེམས་ཞེ་སྡང་དང་བྲལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་

གཞལ་དུ་མེད་པ་དག་གི་སེམས་གཏི་མུག་དང་བཅས་པ་རྣམས་སེམས་གཏི་མུག་དང་བཅས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་

Vol. 33 · folio 144b

གཏི་མུག་དང་བཅས་པ་རྣམས་སེམས་གཏི་མུག་དང་བཅས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཀྱི་གཏི་མུག་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཉིད་ཅི་ལྟ་བ་བཞིན་མ་ཡིན་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་

གང་ཡིན་པ་དེ་ནི་སེམས་ཀྱི་གཏི་མུག་དང་བཅས་པ་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཏི་མུག་དང་བཅས་པ་རྣམས་སེམས་གཏི་མུག་དང་བཅས་པའོ་ཞེས་

ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཏི་མུག་དང་བྲལ་བ་རྣམས་སེམས་གཏི་མུག་དང་བྲལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་

དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཏི་མུག་དང་བྲལ་བ་རྣམས་སེམས་གཏི་མུག་དང་བྲལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་

སེམས་ཀྱི་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་གཏི་མུག་དང་བཅས་པ་མ་ཡིན་གཏི་མུག་དང་བྲལ་བའི་སེམས་ཀྱི་ཡང་དག་པ་ཅི་ལྟ་བ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་གཏི་མུག་དང་བཅས་པ་མ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་

སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་གཏི་མུག་དང་བྲལ་བ་རྣམས་སེམས་གཏི་མུག་དང་བྲལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་

གི་སེམས་རྒྱ་ཆེན་པོ་མ་ཡིན་པ་རྣམས་སེམས་རྒྱ་ཆེན་པོ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྒྱ་ཆེན་པོ་མ་ཡིན་པ་རྣམས་

Vol. 33 · folio 145a

སེམས་རྒྱ་ཆེན་པོ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་ཀུན་ནས་སློང་བ་དང་མི་ལྡན་པ་ཀུན་ནས་སློང་བ་མེད་པར་གཏོགས་པའོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་

བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྒྱ་ཆེན་པོ་མ་ཡིན་པ་རྣམས་སེམས་རྒྱ་ཆེན་པོ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་

དུ་མེད་པ་དག་གི་སེམས་རྒྱ་ཆེན་པོ་རྣམས་སེམས་རྒྱ་ཆེན་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྒྱ་ཆེན་པོ་རྣམས་སེམས་རྒྱ་ཆེན་

པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་མི་འབྲི་སེམས་དེ་དག་ནི་མི་འཕེལ་ཞིང་། སེམས་རྣམས་བྲལ་བ་མེད་པའི་ཕྱིར་སེམས་དེ་དག་ནི་རྣམ་པར་བྲལ་བ་མེད་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྒྱ་ཆེན་པོ་རྣམས་སེམས་རྒྱ་ཆེན་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་

སེམས་ཆེན་པོར་གྱུར་པ་མ་ཡིན་པ་རྣམས་སེམས་ཆེན་པོར་གྱུར་པ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཆེན་པོར་གྱུར་པ་མ་

ཡིན་པ་རྣམས་སེམས་ཆེན་པོར་གྱུར་པ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་འོང་བ་མེད་པ་འགྲོ་བ་མེད་པ་མ་གཏོགས་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་

Vol. 33 · folio 145b

ཅན་གཞལ་དུ་མེད་པ་དག་གི་སེམས་ཆེན་པོར་གྱུར་པ་མ་ཡིན་པ་རྣམས་སེམས་ཆེན་པོར་གྱུར་པ་མ་ཡིན་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་

མེད་པ་དག་གི་སེམས་ཆེན་པོར་གྱུར་པ་རྣམས་སེམས་ཆེན་པོར་གྱུར་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཆེན་པོར་གྱུར་པ་

རྣམས་སེམས་ཆེན་པོར་གྱུར་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན་ཏེ་ངོ་བོ་ཉིད་ཀྱིས་མཉམ་པའོ། །རབ་འབྱོར་དེ་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་

སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཆེན་པོར་གྱུར་པ་རྣམས་སེམས་ཆེན་པོར་གྱུར་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་

སེམས་ཚད་མ་མེད་པ་རྣམས་སེམས་ཚད་མ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཚད་མ་མེད་པ་རྣམས་སེམས་ཚད་མ་མེད་

པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་རྟེན་མེད་པས་སེམས་ཚད་མ་མེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཚད་མ་

མེད་པ་རྣམས་སེམས་ཚད་མ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བསྟན་དུ་ཡོད་པ་རྣམས་སེམས་བསྟན་དུ་ཡོད་པའོ་

Vol. 33 · folio 146a

ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བསྟན་དུ་ཡོད་པ་རྣམས་སེམས་བསྟན་དུ་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་

ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་དང་སེམས་ཀྱི་ངོ་བོ་ཉིད་ནི་མཉམ་པར་བསྟན་པ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བསྟན་དུ་ཡོད་པ་རྣམས་སེམས་བསྟན་དུ་ཡོད་པའོ་ཞེས་

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བསྟན་དུ་མེད་པ་རྣམས་སེམས་བསྟན་དུ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །

རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བསྟན་དུ་མེད་པ་རྣམས་སེམས་བསྟན་དུ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་མཚན་ཉིད་མེད་ཅིང་དོན་གྱིས་དབེན་པ་ཡིན་པའི་ཕྱིར་

སེམས་དེ་ནི་མི་སྣང་བ་སྟེ་སྤྱན་གསུམ་འམ་ཐམས་ཅད་ལ་སྣང་བར་མ་གྱུར་པའོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བསྟན་དུ་མེད་པ་རྣམས་སེམས་བསྟན་དུ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཐོགས་པ་དང་བཅས་པ་རྣམས་སེམས་ཐོགས་པ་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །

རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཐོགས་པ་དང་བཅས་པ་རྣམས་སེམས་ཐོགས་པ་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་མེད་པ་ལ་

Vol. 33 · folio 146b

ཀུན་བརྟགས་པ་སྟེ་སྟོང་པ་དམིགས་པའི་དབང་དུ་གྱུར་པའོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཐོགས་པ་དང་བཅས་པ་རྣམས་སེམས་ཐོགས་པ་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་

བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཐོགས་པ་མེད་པ་རྣམས་སེམས་ཐོགས་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་

འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཐོགས་པ་མེད་པ་རྣམས་སེམས་ཐོགས་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་སེམས་དེ་དག་ནི་གཉིས་སུ་མེད་པར་

གྱུར་པ་མ་བྱུང་བར་ཀུན་ཏུ་བྱུང་བ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཐོགས་པ་མེད་པ་རྣམས་སེམས་ཐོགས་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་

འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བླ་ན་ཡོད་པ་རྣམས་སེམས་བླ་ན་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བླ་ན་ཡོད་པ་རྣམས་སེམས་བླ་ན་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་བླ་ན་ཡོད་པ་ཡང་དག་པ་ཅི་ལྟ་བ་ཉིད་གང་ཡིན་པ་དེ་ལ་རློམ་སེམས་མེད་དེ། །རབ་འབྱོར་གཞན་ཡང་

དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བླ་ན་ཡོད་པ་དག་སེམས་བླ་ན་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 33 · folio 147a

པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བླ་ན་མེད་པ་རྣམས་སེམས་བླ་ན་མེད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་

གཞལ་དུ་མེད་པ་དག་གི་སེམས་བླ་ན་མེད་པ་རྣམས་སེམས་བླ་ན་མེད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་སེམས་རྡུལ་ཕྲ་མོ་ཙམ་ཡང་མི་དམིགས་པའི་ཕྱིར་སྤྲོས་པ་མེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བླ་ན་མེད་པ་རྣམས་སེམས་བླ་ན་མེད་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་

ཅན་གཞལ་དུ་མེད་པ་དག་གི་སེམས་མཉམ་པར་མ་བཞག་པ་རྣམས་སེམས་མཉམ་པར་མ་བཞག་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་

སེམས་མཉམ་པར་མ་བཞག་པ་རྣམས་སེམས་མཉམ་པར་མ་བཞག་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་མི་མཉམ་པ་དང་མཉམ་པས་མི་མཉམ་པར་འཇུག་ཅིང་དེ་ལྟར་སེམས་མཉམ་པར་མ་བཞག་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་

གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་མཉམ་པར་མ་བཞག་པ་རྣམས་སེམས་མཉམ་པར་མ་བཞག་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་མཉམ་པར་བཞག་པ་རྣམས་སེམས་མཉམ་པར་བཞག་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་

Vol. 33 · folio 147b

བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་མཉམ་པར་བཞག་པ་རྣམས་སེམས་མཉམ་པར་བཞག་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་མཉམ་པ་དང་མཉམ་པས་མཉམ་པར་འཇུག་ཅིང་དེ་ལྟར་སེམས་མཉམ་པར་བཞག་པ་དེ་དག་ནི་ནམ་

མཁའ་དང་མཚུངས་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་མཉམ་པར་བཞག་པ་རྣམས་སེམས་མཉམ་པར་བཞག་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །

རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྣམ་པར་མ་གྲོལ་བ་རྣམས་སེམས་རྣམ་པར་མ་གྲོལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་

གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྣམ་པར་མ་གྲོལ་བ་རྣམས་སེམས་རྣམ་པར་མ་གྲོལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་རང་བཞིན་གྱིས་རྣམ་པར་གྲོལ་བ་ངོ་བོ་

ཉིད་མེད་པའི་རང་བཞིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྣམ་པར་མ་གྲོལ་བ་རྣམས་སེམས་རྣམ་པར་མ་གྲོལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་

འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྣམ་པར་གྲོལ་བ་རྣམས་སེམས་རྣམ་པར་གྲོལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྣམ་པར་གྲོལ་བ་རྣམས་སེམས་རྣམ་པར་གྲོལ་བའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ནི་མེད་པ་ཡིན་པའི་ཕྱིར། སེམས་ནི་དེ་བཞིན་གཤེགས་

Vol. 33 · folio 148a

པས་འདས་པར་མ་དམིགས་མ་འོངས་པ་དང་ད་ལྟར་བྱུང་བར་མ་དམིགས་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་རྣམ་པར་གྲོལ་བ་རྣམས་སེམས་རྣམ་པར་གྲོལ་བའོ་ཞེས་ཡང་

དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བལྟར་མེད་པ་རྣམས་སེམས་བལྟར་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་

འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་བལྟར་མེད་པ་རྣམས་སེམས་བལྟར་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་མེད་པའི་ཕྱིར་སེམས་དེ་བལྟར་མེད་པ་དང་མ་བྱུང་

བའི་ཕྱིར་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་ཡོངས་སུ་མ་གྲུབ་པའི་ཕྱིར་ཤེས་རབ་ཀྱི་མིག་དང་ལྷའི་མིག་གིས་ཀྱང་བཟུང་དུ་མེད་ན་ཐམས་ཅད་ལ་མི་སྣང་བའི་ཕྱིར་ཤའི་མིག་གིས་ལྟ་ཅི་སྨོས་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་

གཞལ་དུ་མེད་པ་དག་གི་སེམས་བལྟར་མེད་པ་རྣམས་སེམས་བལྟར་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་སྟོན་པའོ། །རབ་

འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་གཞལ་དུ་མེད་གྲངས་མེད་པ་དག་གི་ཕྱེ་བ་དང་བཙུམས་པ་རྣམས་ཕྱེ་བ་དང་བཙུམས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་

ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་གཞལ་དུ་མེད་གྲངས་མེད་པ་དག་གི་ཕྱེ་བ་དང་བཙུམས་པ་རྣམས་ཕྱེ་བ་དང་བཙུམས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་

Vol. 33 · folio 148b

དག་སྐྱེ་བ་ཐམས་ཅད་ནི་གཟུགས་ལ་གནས་ཤིང་སྐྱེའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་དུ་དེ་དག་སྐྱེ་བ་ཐམས་ཅད་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་གནས་ཤིང་སྐྱེའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་

ཏོ། །རབ་འབྱོར་དེ་ལ་ཅི་ལྟར་དེ་བཞིན་གཤེགས་པས་ཕྱེ་བ་དང་བཙུམས་པ་དེ་རྣམས་གཟུགས་ལ་གནས་པར་རྣམ་པར་མཁྱེན་པར་འགྱུར་ཞིང་། དེ་བཞིན་དུ་ཇི་ལྟར་ཕྱེ་བ་དང་བཙུམས་པ་དེ་རྣམས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་གནས་པར་

རྣམ་པར་མཁྱེན་པར་འགྱུར་ཞེ་ན། དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་ངོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་སོང་བ་ཤི་ཕན་ཆད་མི་འབྱུང་ངོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་བ་ཡང་ཡིན་ལ་མི་འབྱུང་བ་ཡང་ཡིན་ནོ་

ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་དང་། དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་ངོ་ཞེས་བྱ་བ་

འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །དེ་བཞིན་སོང་བ་ཤི་ཕན་ཆད་མི་འབྱུང་ངོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་བ་ཡང་ཡིན་ལ་མི་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །དེ་བཞིན་སོང་བ་ཤི་ཕན་

ཆད་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །བདག་དང་འཇིག་རྟེན་རྟག་པ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །བདག་དང་འཇིག་རྟེན་མི་རྟག་པ་ཞེས་བྱ་བ་འདི་ཉིད་བདེན་གྱི་

གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །བདག་དང་འཇིག་རྟེན་རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །བདག་དང་འཇིག་རྟེན་རྟག་པ་ཉིད་ཀྱང་མ་ཡིན་མི་རྟག་པ་ཉིད་ཀྱང་མ་

Vol. 33 · folio 149a

ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། བདག་དང་འཇིག་རྟེན་ནི་རྟག་པ་སྟེ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་

ལ་རྟེན་པའོ། །བདག་དང་འཇིག་རྟེན་ནི་མི་རྟག་པ་སྟེ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །བདག་དང་འཇིག་རྟེན་ནི་རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་

ཤེས་པ་ལ་རྟེན་པའོ། །བདག་དང་འཇིག་རྟེན་ནི་རྟག་པ་ཉིད་ཀྱང་མ་ཡིན་མི་རྟག་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་

པོ་བཅུ་གསུམ་པ། བདག་དང་འཇིག་རྟེན་མཐའ་དང་བཅས་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །བདག་དང་འཇིག་རྟེན་མཐའ་མེད་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །

བདག་དང་འཇིག་རྟེན་མཐའ་དང་བཅས་པ་ཡང་ཡིན་ལ་མཐའ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །བདག་དང་འཇིག་རྟེན་མཐའ་དང་བཅས་པ་ཉིད་ཀྱང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་

གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། བདག་དང་འཇིག་རྟེན་མཐའ་དང་བཅས་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །བདག་དང་འཇིག་

རྟེན་མཐའ་མེད་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །བདག་དང་འཇིག་རྟེན་མཐའ་དང་བཅས་པ་ཡང་ཡིན་ལ་མཐའ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་

Vol. 33 · folio 149b

རྟེན་པའོ། །བདག་དང་འཇིག་རྟེན་མཐའ་དང་བཅས་པ་ཉིད་ཀྱང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །སྲོག་དེ་ནི་ལུས་དེའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་

འདི་ནི་གཟུགས་ལ་རྟེན་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་རྟེན་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། སྲོག་དེ་ནི་ལུས་དེའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་

གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་རྟེན་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་གཞལ་དུ་མེད་གྲངས་མེད་པ་དག་གི་ཕྱེ་བ་དང་བཙུམས་པ་དེ་དག་གཟུགས་ལ་རྟེན་པར་རྣམ་པར་མཁྱེན་པར་གྱུར་ཏོ། །དེ་བཞིན་དུ་ཕྱེ་བ་དང་བཙུམས་པ་དེ་དག་ཚོར་བ་དང་

འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་རྟེན་པར་རྣམ་པར་མཁྱེན་པར་གྱུར་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་གཞལ་དུ་མེད་གྲངས་མེད་པ་དག་གི་ཕྱེ་བ་དང་བཙུམས་པ་དེ་དག་

ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་གཞལ་དུ་མེད་གྲངས་མེད་པ་དག་གི་ཕྱེ་བ་དང་བཙུམས་པ་དེ་དག་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་

ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་གཟུགས་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་གཟུགས་ཅི་ལྟར་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་གཟུགས་མཁྱེན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་

Vol. 33 · folio 150a

པས་གཟུགས་མཁྱེན་ཏོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཏེ། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་རྣམ་པར་ཤེས་པ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་རྣམ་པར་ཤེས་པ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་

གཤེགས་པས་དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པ་མཁྱེན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་རྣམ་པར་ཤེས་པ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དང་གང་ཟག་གཞན་

གཞལ་དུ་མེད་གྲངས་མེད་པ་དག་གི་ཕྱེ་བ་དང་བཙུམས་པ་ཡང་དག་པའི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་ཕུང་པོའི་དེ་བཞིན་ཉིད་དང་ཕྱེ་བ་དང་བཙུམས་པའི་དེ་བཞིན་ཉིད་དུ་འདོགས་

པར་མཛད་དོ། །རབ་འབྱོར་ཕུང་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ནི་འཇིག་རྟེན་གྱི་དེ་བཞིན་ཉིད་ཀྱང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས་ཕུང་པོ་ལྔ་ནི་འཇིག་རྟེན་ནོ་ཞེས་མིང་དུ་གསུངས་ཏེ། རབ་འབྱོར་དེ་ལྟ་བས་ན་ཕུང་པོའི་དེ་བཞིན་ཉིད་གང་

ཡིན་པ་དེ་ནི་འཇིག་རྟེན་གྱི་དེ་བཞིན་ཉིད་དོ། །འཇིག་རྟེན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་

པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའི་དེ་བཞིན་ཉིད་དོ། །དགྲ་

བཅོམ་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རང་སངས་རྒྱས་ཀྱི་དེ་བཞིན་ཉིད་དོ། །རང་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་ཕུང་པོའི་དེ་བཞིན་ཉིད་དང་ཆོས་

Vol. 33 · folio 150b

ཐམས་ཅད་ཀྱི་དེ་བཞིན་ཉིད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་འདི་ནི་དེ་བཞིན་ཉིད་གཅིག་པ་དངོས་པོ་དང་དངོས་པོ་མེད་པ་དུ་མ་དང་བྲལ་བ་སྟེ། གཅིག་པ་མ་ཡིན་པའི་ཕྱིར་དང་ཐ་དད་པ་མ་ཡིན་པའི་ཕྱིར་དང་མི་ཟད་པའི་ཕྱིར་དང་འགྱུར་བ་མེད་

པའི་ཕྱིར་དང་གཉིས་སུ་མེད་པའི་ཕྱིར་དང་གཉིས་སུ་བྱར་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་དེ་བཞིན་ཉིད་འདི་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་འཇིག་རྟེན་འདི་ལ་འཇིག་རྟེན་ཡང་དག་པར་སྟོན་པ་ཡིན་ཏེ། དེ་ལྟར་ན་ཡང་འཇིག་རྟེན་འདི་ཀུན་ཏུ་སྟོན་པར་གྱུར་

པའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་དང་སྐྱེད་བྱེད་དང་སྐྱེད་པར་མཛད་པའོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་

འཇིག་རྟེན་གྱི་དེ་བཞིན་ཉིད་མཁྱེན་ཏོ། །མ་ལོག་པའི་དེ་བཞིན་ཉིད་མཁྱེན་ཏོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་མཁྱེན་ཏོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །གནས་བརྟན་

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ནི་ཟབ་སྟེ་བཅོམ་ལྡན་འདས་དེ་བཞིན་ཉིད་དེ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་རབ་ཏུ་འབྱེད་ཅིང་རབ་ཏུ་སྟོན་ཏོ། །བཅོམ་ལྡན་འདས་གཞན་སུ་ཞིག་འདི་ལ་མོས་པར་འགྱུར་ཏེ་འདི་ལ་ཕྱིར་མི་ལྡོག་པའི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འམ་དགྲ་བཅོམ་པ་བརྣག་པ་ཡོངས་སུ་རྫོགས་པ་འམ་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་རྣམས་སོ། །བཅོམ་ལྡན་འདས་དེ་ལྟ་བུ་མཆོག་ཏུ་ཟབ་པའི་གནས་འདི་དག་ནི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་

Vol. 33 · folio 151a

སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་མཆོག་ཏུ་ཟབ་པའི་གནས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་

ནས་བཤད་དེ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་ཉིད་འདི་ནི་མི་ཟད་པ་སྟེ་མངོན་པར་རྫོགས་པར་སངས་རྒྱས་ནས་མི་ཟད་པ་ལ་མི་ཟད་པ་ཉིད་དུ་བསྟན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་

པ་ན་སྤྱོད་པའི་ལྷའི་བུ་རྣམས་དང་ཚངས་རིས་ཀྱི་ལྷའི་བུ་ཉི་ཁྲི་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་

པའི་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཟབ་མོ་དག་རབ་ཏུ་བཤད་ན། བཅོམ་ལྡན་འདས་འདི་ལ་མཚན་ཉིད་ཇི་ལྟར་བཞག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་སྟོང་པའོ་ཞེས་འདི་ལ་མཚན་ཉིད་གཞག་གོ། །ལྷའི་བུ་དག་

མཚན་མ་མེད་པའོ། །སྨོན་པ་མེད་པའོ་ཞེས་འདི་ལ་མཚན་ཉིད་བཞག་གོ། །ལྷའི་བུ་དག་སྐྱེ་བ་མེད་པའོ། །འགག་པ་མེད་པའོ། །ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་མེད་པའོ། །དངོས་པོ་མེད་པའོ། །མྱ་ངན་ལས་འདས་པའོ་ཆོས་ཀྱི་དབྱིངས་སོ། །དེ་བཞིན་

ཉིད་དོ་ཞེས་འདི་ལ་མཚན་ཉིད་བཞག་གོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་མཚན་ཉིད་འདི་དག་ནི་མི་གནས་པ་མཚན་ཉིད་འདི་དག་ནི་ནམ་མཁའ་དང་འདྲ་བའོ། །ལྷའི་བུ་དག་མཚན་ཉིད་འདི་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་བཞག་སྟེ།

མཚན་ཉིད་འདི་དག་ནི་གཟུགས་སུ་བགྲང་བ་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པར་བགྲང་བ་མ་ཡིན་ནོ། །མཚན་ཉིད་འདི་དག་ནི་གཟུགས་ལ་རྟེན་པ་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་རྟེན་པ་མ་

Vol. 33 · folio 151b

ཡིན་ནོ། །མཚན་ཉིད་འདི་དག་ནི་ལྷ་འམ་མི་འམ་མི་མ་ཡིན་པ་དག་གིས་མ་གཞག་གོ། །མཚན་ཉིད་འདི་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྐྱོད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་འདི་

དག་ཁོ་ནར་ཟད་དོ། །མཚན་ཉིད་འདི་དག་ནི་གང་གིས་ཀྱང་ལག་གིས་བཞག་པ་མ་ཡིན་ནོ། །ལྷའི་བུ་དག་གང་ཞིག་འདི་སྐད་དུ་ནམ་མཁའ་འདི་སུས་བཞག་ཅེས་ཟེར་ན། ལྷའི་བུ་དག་ཅི་དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་

ལ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའ་ནི་སུས་ཀྱང་མ་བཞག་གོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནམ་མཁའ་ནི་འདུས་མ་བགྱིས་པ་ལགས་ཏེ་ནམ་མཁའ་ནི་སུས་ཀྱང་མ་བཞག་གོ། །དེ་

ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་མཚན་ཉིད་འདི་དག་ནི་དེ་བཞིན་དུ་གནས་

སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་འདི་དག་གནས་པ་དེ་ལྟར་ཡང་དག་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་དེ་དེ་བས་ན་ལྷའི་བུ་དག་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་

གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་ཟབ་མོ་འདི་དག་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་མ་མཆིས་པའི་ཡེ་ཤེས་སོ། །ཆགས་པ་མ་

མཆིས་པའི་ཡེ་ཤེས་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་

Vol. 33 · folio 152a

འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཡིན་ནོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་བརྟེན་ཅིང་གནས་པ་དེ་ཁོ་ན་བཞིན་དུ་ཆོས་དེ་དག་ལ་མི་གནས་པས་རྟག་ཏུ་གནས་པ་ཡིན་ཞིང་དེ་བཞིན་དུ་ཡང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེས་ན་དེ་དག་ཆོས་ཁོ་ན་ལ་བརྟེན་ཅིང་གནས་སོ། །ཆོས་

ལ་བཀུར་སྟིར་མཛད་དོ། །བླ་མར་མཛད་དོ། །རྗེད་པར་མཛད་དོ། །མཆོད་པར་མཛད་དོ། །རི་མོར་མཛད་དོ། །བསྙེན་བཀུར་མཛད་དོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀུར་སྟིར་མཛད་དོ་བླ་མར་མཛད་དོ་རྗེད་པར་མཛད་དོ་མཆོད་པར་མཛད་དོ་རི་མོར་མཛད་དོ་བསྙེན་བཀུར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་རབ་ཏུ་འབྱེད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བྱས་པ་ཤེས་ཤིང་བྱས་པ་ཚོར་བ་ཡིན་ནོ། །རབ་འབྱོར་ཡང་གང་ཞིག་

འདི་སྐད་དུ་དེ་བཞིན་གཤེགས་པ་ནི་བྱས་པ་ཤེས་ཤིང་བྱས་པ་ཚོར་བའོ་ཞེས་ཟེར་ན་ཡང་དག་པར་སྨྲ་བས་སྨྲ་བའོ། །བྱས་པ་ཤེས་ཤིང་བྱས་པ་ཚོར་བའོ་ཞེས་ཟེར་ན་ཡང་དག་པར་སྨྲ་བས་སྨྲ་བའོ་ཞེས་བྱ་བ། རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པ་བྱས་པ་ཤེས་ཤིང་བྱས་པ་ཚོར་བ་

ཡིན་ཞེ་ན། རབ་འབྱོར་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གང་དང་གང་གིས་གཤེགས་པ་དང་སྒྲུབ་པ་གང་དང་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཐེག་པ་དེ་དག་

Vol. 33 · folio 152b

ཉིད་དང་སྒྲུབ་པ་དེ་དག་ཉིད་བྱས་པ་ཤེས་ཤིང་བྱས་པ་ཚོར་བ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པས་རྗེས་སུ་འཛིན་ཅིང་རྗེས་སུ་སྐྱོང་སྟེ། རབ་འབྱོར་འདི་ནི་དེ་བཞིན་གཤེགས་པའི་བྱས་པ་ཤེས་ཤིང་བྱས་པ་ཚོར་བ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་

ཆོས་ཐམས་ཅད་མ་བྱས་བ་མ་བྱས་པའོ་ཞེས་མངོན་པར་རྫོགས་པར་སངས་རྒྱས་སོ། །འགྱུར་བ་མེད་པར་འགྱུར་བ་མེད་པའོ་ཞེས་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་འདུས་མ་བྱས་པའོ་མངོན་པར་འདུས་མ་བྱས་པའོ་ཞེས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རབ་

འབྱོར་འདི་ཡང་དེ་བཞིན་གཤེགས་པའི་བྱས་པ་ཤེས་ཤིང་བྱས་པ་ཚོར་བར་རིག་པར་བྱའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཐམས་ཅད་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་འཇུག་སྟེ། རབ་འབྱོར་

རྣམ་གྲངས་འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་ཡང་དག་པར་སྟོན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་ཤེས་པ་པོ་དང་མཐོང་བ་པོ་མེད་པ་ཡིན་པ་དེའི་ཚེ། བཅོམ་ལྡན་འདས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་

འདི་ཡང་དག་པར་སྟོན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ལྟ་བུ་ཞུ་བར་བྱ་བ་དང་

འདྲི་བར་བྱ་བ་སེམས་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་གང་འདི་སྐད་དུ་ཆོས་ཐམས་ཅད་ཤེས་པ་པོ་མེད་པ་མཐོང་བ་པོ་མེད་པའོ་ཞེས་ཟེར་བ་ནི་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤེས་པ་པོ་དང་མཐོང་བ་པོ་མེད་པ་ཡིན་ནོ། །རབ་འབྱོར་ཅི་

Vol. 33 · folio 153a

ལྟར་ཆོས་ཐམས་ཅད་ཤེས་པ་པོ་དང་མཐོང་བ་པོ་མེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མི་གནས་པའོ། །རབ་འབྱོར་དེ་ལྟར་ན་ཆོས་ཐམས་ཅད་ཤེས་པ་པོ་དང་མཐོང་བ་པོ་མེད་པའོ། །རབ་འབྱོར་དེ་ལྟར་

ན་ཆོས་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟར་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་

འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཡིན་ནོ། །གཟུགས་མ་མཐོང་བ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མ་མཐོང་བའི་ཕྱིར་ཡང་དག་པར་སྟོན་པའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཅི་ལྟར་གཟུགས་མ་མཐོང་བ་ལགས། ཅི་ལྟར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། བཅོམ་ལྡན་འདས་ཅི་ལྟར་རྣམ་པར་ཤེས་

པ་མ་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་སྐྱེ་བ་དེ་ལྟར་ན་གཟུགས་མི་མཐོང་བ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་གལ་ཏེ་རྣམ་

པར་ཤེས་པ་ལ་དམིགས་པའི་སེམས་མི་སྐྱེད་པ་དེ་ལྟར་ན་རྣམ་པར་ཤེས་པ་མི་མཐོང་བ་ཡིན་ནོ། །རབ་འབྱོར་གཟུགས་མི་མཐོང་བ་གང་ཡིན་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་གང་ཡིན་པ་དང་། རབ་འབྱོར་རྣམ་པར་ཤེས་པ་མི་མཐོང་བ་གང་ཡིན་པ་དེ་ལྟར་དེ་

བཞིན་གཤེགས་པས་འཇིག་རྟེན་གཟིགས་པ་ཡིན་ནོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་ཡང་དག་པར་སྟོན་པའོ། །རབ་འབྱོར་ཡང་ཅི་ལྟར་ཤེས་རབ་ཀྱི་ཕ་

Vol. 33 · folio 153b

རོལ་ཏུ་ཕྱིན་པས་འཇིག་རྟེན་ཡང་དག་པར་སྟོན་ཅེ་ན། དེ་ལྟར་འཇིག་རྟེན་སྟོང་པའོ། །དེ་ལྟར་འཇིག་རྟེན་བརྗོད་པའོ། །དེ་ལྟར་འཇིག་རྟེན་ཤེས་པར་བྱེད་པའོ། །དེ་ལྟར་འཇིག་རྟེན་མཐོང་བར་མཛད་དོ། །དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་དང་དེ་ལྟར་འཇིག་རྟེན་ཞི་བ་དང་

དེ་ལྟར་འཇིག་རྟེན་དབེན་པ་དང་དེ་ལྟར་འཇིག་རྟེན་རྣམ་པར་དག་པའོ་ཞེས་འཇིག་རྟེན་བརྗོད་དོ། །དེ་ལྟར་ཤེས་པར་བྱེད་དོ། །དེ་ལྟར་འཇིག་རྟེན་མཐོང་བར་མཛད་པས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་འཇིག་རྟེན་ཡང་དག་པར་སྟོན་པ་ཞེས་བྱ་བའི་

ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པོ། །བཅོམ་ལྡན་འདས་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་ཆེན་པོས་

ཉེ་བར་གནས་སོ། །བཅོམ་ལྡན་འདས་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་བསམ་གྱིས་མི་ཁྱབ་པ་དང་བགྱི་བ་མཉམ་པ་མ་མཆིས་པ་དང་བགྱི་བ་གཞལ་དུ་མ་མཆིས་པ་དང་བགྱི་བ་གྲངས་མ་མཆིས་པ་དང་བགྱི་བ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་བསམ་གྱིས་མི་ཁྱབ་པ་དང་བྱ་བ་མཉམ་པ་མེད་པ་དང་བྱ་བ་གཞལ་དུ་མེད་པ་

དང་བྱ་བ་གྲངས་མེད་པ་དང་བྱ་བ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་སོ། །རབ་འབྱོར་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱ་བ་བསམ་གྱིས་མི་ཁྱབ་པས་ཉེ་བར་གནས་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཉིད་དང་སངས་རྒྱས་ཉིད་དང་རང་བྱུང་ཉིད་དང་ཐམས་ཅད་མཁྱེན་པ་

ཉིད་ནི་བསམ་གྱིས་མི་ཁྱབ་བོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་བསམ་གྱིས་མི་ཁྱབ་པས་ཉེ་བར་གནས་ཏེ་འདི་ནི་སེམས་ཀྱིས་བསམ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་སེམས་སམ་སེམས་པ་འམ་སེམས་ལས་བྱུང་བའི་ཆོས་མི་འཇུག་པའི་

Vol. 33 · folio 154a

ཕྱིར་རོ། །རབ་འབྱོར་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱ་བ་མཉམ་པ་མེད་པས་ཉེ་བར་གནས་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཉིད་དང་སངས་རྒྱས་ཉིད་དང་རང་བྱུང་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་བསམ་པའམ་མཉམ་

པར་མི་ནུས་སོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་མཉམ་པ་མེད་པས་ཉེ་བར་གནས་སོ། །རབ་འབྱོར་ཅི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱ་བ་གཞལ་དུ་མེད་པས་ཉེ་བར་གནས་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཉིད་དང་སངས་རྒྱས་ཉིད་

དང་རང་བྱུང་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་གཞལ་དུ་མེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་གཞལ་དུ་མེད་པས་ཉེ་བར་གནས་སོ། །རབ་འབྱོར་ཅི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱ་བ་གྲངས་མེད་པས་ཉེ་བར་གནས་ཞེ་ན། རབ་

འབྱོར་དེ་བཞིན་གཤེགས་པ་ཉིད་དང་སངས་རྒྱས་ཉིད་དང་རང་བྱུང་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་གྲངས་མེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་གྲངས་མེད་པས་ཉེ་བར་གནས་སོ། །རབ་འབྱོར་ཅི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ནི་བྱ་བ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཉིད་དང་སངས་རྒྱས་ཉིད་དང་རང་བྱུང་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་རྣམས་ལ་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

བྱ་བ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་སོ། །གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས་དེ་བཞིན་གཤེགས་པ་ཉིད་བསམ་གྱིས་མི་ཁྱབ་པ་མཉམ་པ་མ་མཆིས་གཞལ་དུ་མ་མཆིས་པ་གྲངས་མ་མཆིས་མི་མཉམ་པ་དང་མཉམ་པ་ལགས་སམ།

དེ་བཞིན་དུ་སངས་རྒྱས་ཉིད་དང་དེ་བཞིན་དུ་རང་བྱུང་ཉིད་དང་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པ་མཉམ་པ་མ་མཆིས་པ་གཞལ་དུ་མ་མཆིས་པ་མི་མཉམ་པ་དང་མཉམ་པ་ལགས་སམ། འོན་ཏེ་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མ་མཆིས་

Vol. 33 · folio 154b

པ་གཞལ་དུ་མ་མཆིས་པ་གྲངས་མ་མཆིས་པ་མི་མཉམ་པ་དང་མཉམ་པ་ལགས། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། འོན་ཏེ་རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ་པ་མཉམ་པ་མ་མཆིས་པ་གཞལ་དུ་མ་མཆིས་པ་གྲངས་མ་མཆིས་པ་མི་མཉམ་པ་དང་མཉམ་

པ་ལགས། འོན་ཏེ་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མ་མཆིས་གཞལ་དུ་མ་མཆིས་པ་གྲངས་མ་མཆིས་པ་མི་མཉམ་པ་དང་མཉམ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་

ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པ་གཞལ་དུ་མེད་པ་གྲངས་མེད་པ་མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་བསམ་གྱིས་

མི་ཁྱབ་པ་མཉམ་པ་མེད་པ་གཞལ་དུ་མེད་པ་གྲངས་མེད་པ་མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པ་གཞལ་དུ་མེད་པ་གྲངས་མེད་པ་མི་མཉམ་པ་དང་མཉམ་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མེད་སེམས་པ་མེད་སེམས་ལས་བྱུང་བའི་ཆོས་རྣམས་མེད་པས་སྙམ་དུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མེད་སེམས་པ་མེད་སེམས་ལས་

བྱུང་བའི་ཆོས་རྣམས་མེད་པས་སྙམ་དུ་མེད་དོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མེད་སེམས་པ་མེད་སེམས་ལས་བྱུང་བའི་ཆོས་རྣམས་མེད་པས་སྙམ་དུ་མེད་དོ། །རབ་འབྱོར་དེ་ལྟར་ན་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པའོ། །རབ་

འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པའོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པའོ། །རབ་འབྱོར་གཟུགས་ཀྱང་གཞལ་དུ་མེད་པའོ། །རབ་

Vol. 33 · folio 155a

འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་གཞལ་དུ་མེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་གཞལ་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་ཚད་མ་མི་ཤེས་སོ། །རབ་འབྱོར་དེ་བཞིན་དུ་ཚོར་

བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཚད་མ་མི་ཤེས་ཏེ། རབ་འབྱོར་ཆོས་ཐམས་ཅད་ཀྱི་ཡང་ཚད་མ་མི་ཤེས་སོ། །རབ་འབྱོར་ཅིའི་ཕྱིར་གཟུགས་ཀྱི་ཚད་མ་རབ་ཏུ་མི་ཤེས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་ཅིའི་ཕྱིར་རྣམ་པར་

ཤེས་པའི་ཚད་མ་རབ་ཏུ་མི་ཤེས། རབ་འབྱོར་ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་ཡང་ཚད་མ་རབ་ཏུ་མི་ཤེས་ཞེ་ན། རབ་འབྱོར་གཟུགས་ལ་ཚད་མ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚད་མ་མེད་དེ། རབ་འབྱོར་ཆོས་ཐམས་

ཅད་ལ་ཡང་ཚད་མ་མེད་དོ། །རབ་འབྱོར་ཅིའི་ཕྱིར་གཟུགས་ལ་ཚད་མ་མེད། རབ་འབྱོར་ཅིའི་ཕྱིར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་ཅིའི་ཕྱིར་རྣམ་པར་ཤེས་པ་ལ་ཚད་མ་མེད། རབ་འབྱོར་ཅིའི་ཕྱིར་ཆོས་ཐམས་ཅད་ལ་ཚད་མ་མེད་ཅེ་ན། རབ་འབྱོར་ཆོས་

ཐམས་ཅད་ནི་ཚད་མ་མེད་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱང་གྲངས་མེད་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་གྲངས་མེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་གྲངས་མེད་པ་སྟེ། བགྲང་བ་ལས་འདས་པ་ཉིད་

ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱང་མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མི་མཉམ་པ་དང་མཉམ་པ་སྟེ།

རབ་འབྱོར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པའི་ཕྱིར་རོ། །རབ་འབྱོར་དེ་ཅི་སྙམ་དུ་སེམས་ཅི་ནམ་མཁའ་ལ་མཉམ་པ་འམ་གྲངས་སམ་ཚད་མ་འམ་སྙོམ་པ་འམ་སེམས་སམ་སེམས་པ་འམ་སེམས་ལས་བྱུང་བའི་ཆོས་གང་ཡང་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་

Vol. 33 · folio 155b

ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཁོ་ན་བཞིན་དུ་རྣམ་གྲངས་འདིས་ཆོས་འདི་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པ་གཞལ་དུ་མེད་པ་གྲངས་མེད་པ་མི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་འདི་དག་ནི་དེ་

བཞིན་གཤེགས་པའི་ཆོས་ཡིན་ནོ། །རབ་འབྱོར་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་མཉམ་པ་མེད་གཞལ་དུ་མེད་གྲངས་མེད་མི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་སེམས་དང་བྲལ་བའི་ཕྱིར་

བསམ་གྱིས་མི་ཁྱབ་བོ། །སྙོམ་པ་ལས་ཡང་དག་པར་འདས་པའི་ཕྱིར་མཉམ་པ་མེད་པའོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པར་གྱུར་པའི་ཆོས་ཀྱི་ཚིག་བླ་དགས་སོ། །གཞལ་དུ་མེད་པ་དང་བགྲང་དུ་མེད་པ་དང་མི་མཉམ་

པ་དང་མཉམ་པ་ཞེས་བྱ་བ་ཡང་དེ་བཞིན་ཏེ། རབ་འབྱོར་གཞལ་དུ་མེད་པ་བགྲང་དུ་མེད་པ་དང་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི། མཉམ་པ་དང་གྲངས་དང་ཚད་མ་དང་བྲལ་བའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་ཆོས་རྣམས་གཞལ་དུ་མེད་པ་དང་བགྲང་དུ་མེད་

པ་དང་མི་མཉམ་པ་དང་མཉམ་པ་ཡིན་ནོ། །ཆོས་འདི་དག་ནི་ནམ་མཁའ་དང་མཉམ་པ་དང་བགྲང་དུ་མེད་པ་དང་གཞལ་དུ་མེད་པ་ཉིད་ཀྱིས་ན་མི་མཉམ་པ་དང་མཉམ་པ་དང་བགྲང་དུ་མེད་པ་དང་གཞལ་དུ་མེད་པ་ཡིན་ནོ། །ཀྱེ་མ་ཆོས་འདི་དག་ནི་ནམ་མཁའ་དང་མཉམ་པས་མི་མཉམ་

པ་དང་མཉམ་པར་མི་འཇུག་པ་ཡིན་ཏེ། རབ་འབྱོར་དེ་བས་ན་ཆོས་འདི་དག་ནི་མཉམ་པ་མེད་པ་ཞེས་རྗོད་དོ། །ནམ་མཁའ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཆོས་འདི་དག་བསམ་གྱིས་མི་ཁྱབ་པའོ། །ནམ་མཁའ་མཉམ་པ་མེད་པའི་ཕྱིར་ཆོས་འདི་དག་མཉམ་པ་མེད་པའོ། །ནམ་

མཁའ་གཞལ་དུ་མེད་པའི་ཕྱིར་ཆོས་འདི་དག་གཞལ་དུ་མེད་པའོ། །ནམ་མཁའ་གྲངས་མེད་པའི་ཕྱིར་ཆོས་འདི་དག་གྲངས་མེད་པའོ། །ནམ་མཁའ་མི་མཉམ་པ་དང་མཉམ་པའི་ཕྱིར་ཆོས་འདི་དག་མི་མཉམ་པ་དང་མཉམ་པའོ། །བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་

Vol. 33 · folio 156a

ཁྱབ་པ་དང་མཉམ་པ་མེད་པ་དང་གཞལ་དུ་མེད་པ་དང་གྲངས་མེད་པ་དང་མི་མཉམ་པ་དང་མཉམ་པ་འདི་དག་བཤད་པ་ན་ཡང་། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ཉིས་སྟོང་ཡང་ལེན་པ་མེད་པར་ཟག་པ་

ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་ཕ་དྲུག་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་བསྙེན་མ་སུམ་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་ཉི་

ཁྲིས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དགེ་བསྙེན་དང་དགེ་བསྙེན་མ་གང་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་

མ་དང་བྲལ་བ་རྣམ་པར་དག་པ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། དེ་དག་ཀྱང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་སྟེ། བཅོམ་ལྡན་འདས་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་ཆེན་པོས་ཉེ་བར་གནས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་

དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ནི་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་ནོ། །འདི་ནི་རང་

སངས་རྒྱས་ཀྱི་ས་དང་ཡང་དག་པར་ལྡན་ནོ། །འདི་ནི་ཉན་ཐོས་ཀྱི་ས་དང་ཡང་དག་པར་ལྡན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡུལ་གྱི་མི་ལ་མཐུ་དང་། བརྩོན་འགྲུས་ཐོབ་པའི་རྒྱལ་པོ་བྱ་བ་གང་ཞིག་ཡིན་པ་དང་གྲོང་ཁྱེར་གྱི་

Vol. 33 · folio 156b

བྱ་བ་གང་ཡིན་པ་དང་ལྗོངས་ཀྱི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་བློན་པོ་དང་འབྲེལ་བར་འགྱུར་ཏེ། དེའི་ཕྱིར་རྒྱལ་པོ་ནི་བརྩོན་པ་ཆུང་ཞིང་ཁུར་བོར་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་གང་སངས་རྒྱས་ཀྱི་ཆོས་སམ་རང་སངས་རྒྱས་ཀྱི་ཆོས་སམ་ཉན་ཐོས་ཀྱི་ཆོས་

ཀྱང་རུང་སྟེ། དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་ལ་བྱ་བ་བྱེད་དོ། །རབ་འབྱོར་རྣམ་གྲངས་འདིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །གཟུགས་ལ་

ཡོངས་སུ་མི་འཛིན་ཅིང་མངོན་པར་མ་ཞེན་པར་བྱ་བའི་ཕྱིར་དང་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོངས་སུ་མི་འཛིན་ཅིང་མངོན་པར་མ་ཞེན་པར་བྱ་བའི་ཕྱིར་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡོངས་སུ་མི་འཛིན་ཅིང་མངོན་

པར་མ་ཞེན་པར་བྱ་བའི་ཕྱིར་དང་དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ལ་ཡོངས་སུ་མི་འཛིན་ཅིང་མངོན་པར་མ་ཞེན་པར་བྱ་བའི་ཕྱིར་དང་། རང་བྱང་ཆུབ་ལ་ཡོངས་སུ་མི་འཛིན་ཅིང་མངོན་པར་མ་ཞེན་པར་བྱ་བའི་ཕྱིར་དང་།

ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་མི་འཛིན་ཅིང་མངོན་པར་མ་ཞེན་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་གནས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་མི་འཛིན་ཅིང་མངོན་པར་མ་ཞེན་པར་བགྱི་བའི་སླད་

དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། གང་ལ་ཡོངས་སུ་འཛིན་པ་འམ་མངོན་པར་ཞེན་པར་བྱེད་པ་དགྲ་བཅོམ་པ་ཉིད་ཅི་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་

གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་གང་ལ་ཡོངས་སུ་འཛིན་པ་འམ་མངོན་པར་ཞེན་པར་འགྱུར་བ་དགྲ་བཅོམ་པ་ཉིད་ཀྱི་ཆོས་དེ་ལྟ་བུ་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་

Vol. 33 · folio 157a

བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་ངས་ཀྱང་དེ་བཞིན་གཤེགས་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རབ་འབྱོར་ངས་དེ་བཞིན་གཤེགས་པ་ཉིད་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་འཛིན་པར་མི་བྱེད་མངོན་པར་ཞེན་པར་མི་བྱེད་དོ། །རབ་འབྱོར་དེ་

ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ལ་གསར་དུ་ཞུགས་པ་དགེ་བའི་རྩ་བ་ཆུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བཅོམ་ལྡན་འདས་

ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཡོངས་སུ་མི་འཛིན་ཅིང་མངོན་པར་ཞེན་པ་མེད་དོ་ཞེས་བགྱི་བའི་བསྟན་པ་འདི་ཐོས་ན། དངང་ཞིང་ཀུན་ཏུ་སྐྲག་པ་ཀུན་ཏུ་སྐྲག་པ་དང་ལྡན་པར་འགྱུར་དུ་མཆིའོ། །བཅོམ་ལྡན་འདས་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་

རྒྱུ་ཕུན་སུམ་ཚོགས་པ་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ་དང་ཡུན་རིང་པོ་ནས་དགེ་བའི་རྩ་བ་བསྐྲུན་པར་གྱུར་པ་དེ་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་མོས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་

ཏེ། དེ་ནས་བཅོམ་ལྡན་འདས་ལ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་ཅིང་བལྟ་དཀའ་བ་རྟོགས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་གང་དག་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མོས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ་ཡུན་རིང་པོར་དགེ་བའི་རྩ་བ་བསྐྲུན་པའོ། །བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་ཇི་སྙེད་

མཆིས་པ་དེ་དག་ཐམས་ཅད་ཀྱིས་དད་པའི་རྗེས་སུ་འབྲང་བའི་ས་ལ་བསྐལ་པ་འམ་བསྐལ་པ་བས་ལྷག་པར་སྤྱད་པ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉི་མ་གཅིག་ཙམ་ཡང་བཟོད་ཅིང་སྲེད་དེ་ཚོལ་བ་དང་སེམས་པ་དང་འཇལ་བ་དང་ཉེ་བར་རྟོག་པ་དང་

Vol. 33 · folio 157b

ཉེ་བར་སེམས་པར་བགྱིད་ན། བཅོམ་ལྡན་འདས་འདི་ཉིད་དེ་དག་བས་མཆོག་ཏུ་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་

བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ན་ལྷའི་བུ་དག་དེས་ནི་ཆེས་མྱུར་བར་མྱ་ངན་ལས་འདའ་བའི་བར་དུ་རེ་བར་བྱ་སྟེ། དད་པས་རྗེས་སུ་འབྲང་བའི་ས་ལ་བསྐལ་པའམ་བསྐལ་པ་བས་ལྷག་པར་སྤྱོད་པ་དེ་དག་གིས་ནི་མ་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པའི་

ལྷའི་བུ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་

ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་མཆིའོ། །ཞེས་གསོལ་ཏེ་དོང་ངོ་། །དེ་དག་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ཕྱིན་ནས་མི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ནི་འདོད་པའི་ཁམས་སུ་གནས་པར་གྱུར་གཟུགས་ན་སྤྱོད་

པའི་ལྷའི་བུ་རྣམས་ནི་ཚངས་པའི་འཇིག་རྟེན་དུ་གནས་པར་གྱུར་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་

གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐོས་པ་དང་ལྷན་ཅིག་ཁོ་ནར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་ཐོས་ལ་མོས་ཤིང་མི་འགོང་ཀུན་ཏུ་མི་ཞུམ་རྣམ་པར་མི་གནས་མི་རྨོངས་ཐེ་ཚོམ་མི་ཟ་སོམ་ཉི་མི་ཟ་བར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའ་ན་བཅོམ་ལྡན་འདས་དེ་གང་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐོས་པ་དང་ལྷན་ཅིག་ཁོ་ནར་ཤེས་རབ་

Vol. 33 · folio 158a

ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་ཐོས་ལ་མོས་ཤིང་མི་འགོང་ཀུན་ཏུ་མི་ཞུམ་རྣམ་པར་མི་གནས་མི་རྨོངས་ཐེ་ཚོམ་མི་ཟ་སོམ་ཉི་མི་ཟ་བར་བལྟ་བ་དང་མཉམ་པ་ལ་མངོན་པར་དགའ་བར་འགྱུར་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་བསྒོམ་པར་འགྱུར་

ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་མི་སྤོང་ཞིང་ཡིད་ཕྱིར་ཕྱོགས་པར་མི་བྱེད་གཟུང་བ་དང་བཅང་བ་དང་ཀླག་པ་དང་ཀུན་ཆུབ་པར་བྱ་བ་དང་རབ་ཏུ་གདོན་པའི་ཕྱིར་འདུན་པ་བསྐྱེད་པར་འགྱུར་རྗེས་སུ་འབྲང་ཞིང་ཕྱི་བཞིན་འགྲོ་བར་འགྱུར་ཆོས་སྨྲ་བ་མི་གཏོང་བར་འགྱུར་

ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་བ་བེའུ་གཞོན་ནུ་ཡོད་བ་བེའུ་མི་གཏོང་བ་དེ་བཞིན་དུ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། ཅི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལུས་ལ་ཐོགས་པའམ་གླེགས་བམ་

དུ་ཆུད་པར་མ་གྱུར་པ་དེ་སྲིད་དུ་ཆོས་སྨྲ་བ་མི་གཏོང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རབ་འབྱོར་མི་དག་གི་ནང་ནས་ཤི་འཕོས་ནས་མིར་སྐྱེས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡོན་ཏན་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ནས་འདིར་སྐྱེས་པར་གྱུར་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བྱས་ཤིང་

ཡོངས་སུ་ཞུས་ཡོངས་སུ་དྲིས་ལ་ཡོངས་སུ་དྲི་བ་བྱས་ཏེ་སངས་རྒྱས་ཀྱི་ཞིང་གཞན་དེ་དག་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཡང་ཡོད་དེ་དེ་ཡང་ཡོན་ཏན་འདི་དག་ཉིད་དང་ལྡན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་

དག་གི་ནང་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ཡང་ཡོན་ཏན་དེ་དག་ཉིད་དང་ལྡན་པར་རིག་པར་བྱ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བསྙེན་བཀུར་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བརྩམས་ཏེ། ཡོངས་སུ་ཞུས་ཤིང་

Vol. 33 · folio 158b

ཡོངས་སུ་དྲིས་ལ་ཡོངས་སུ་དྲི་བ་བྱས་པ་དེ་ཡང་ཡོན་ཏན་འདི་དག་དང་ལྡན་པར་རིག་པར་བྱའོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་སྔོན་གྱི་མཐར་ཡང་ཡོངས་སུ་མ་ཞུས་ཤིང་ཡོངས་སུ་མ་དྲིས་ཡོངས་སུ་དྲི་བ་མ་བྱས་

པ་དེ་ནི་མི་ཉིད་ཀྱི་ནང་དུ་སྐྱེས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་ནེམ་ནུར་དུ་འགྱུར་རྨོངས་པར་འགྱུར་སེམས་ཞུམ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་མཐར་ཡང་ཡོངས་སུ་མི་དྲི་བའི་རང་བཞིན་དུ་གྱུར་པར་རིག་པར་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་ནེམ་ནུར་དུ་གྱུར་རྨོངས་པར་གྱུར་སེམས་ཞུམ་པ་ཉིད་དུ་གྱུར་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཟབ་མོ་འདི་ཉིད་ཉི་མ་གཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔ་ཙམ་དུ་ཐོས་པར་འགྱུར་ཏེ། བསྙེན་བཀུར་བྱས་ནས་ཡོངས་སུ་ཞུས་ཤིང་ཡོངས་སུ་དྲིས་ལ་ཡོངས་སུ་དྲི་བ་བྱས་པ་དེ་ནི་དུས་རེ་ཞིག་དད་པ་ཡིན་ཏེ་སླར་ཡང་སྟོར་བར་འགྱུར་ཞིང་ཡོངས་སུ་དྲི་བས་འཕྲོགས་པར་

འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཡིན་ཏེ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྔོན་ཡོངས་སུ་མ་ཞུས་ཡང་དག་པར་ཡོངས་སུ་མ་དྲིས་ཡང་དག་པར་ཡོངས་སུ་དྲི་བར་མ་བྱས་ཤིང་རྗེས་སུ་མ་འབྲངས་པར་གྱུར་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཟབ་མོ་འདི་མཉན་པར་བྱ་བའི་ཕྱིར་རེས་འགའ་ནི་འདུན་པས་རྗེས་སུ་འབྲང་བར་འགྱུར་རེས་འགའ་ནི་འདུན་པར་མི་འགྱུར་བ་དེ་ཕྱིར་ཞིང་གཡེངས་པ་དང་ཞུམ་པར་འགྱུར་དེའི་བློ་རྒོད་པར་འགྱུར་ཞིང་རས་བལ་གྱི་འདའ་བ་བཞིན་དུ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་

ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་པོ་མ་ལོན་ཞིང་ཐེག་པ་ལ་གསར་དུ་ཞུགས་ཏེ་འོངས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་དད་པ་དེ་དང་དང་བ་དེ་དང་འདུན་པ་དེ་རབ་ཏུ་གཏོང་བར་འགྱུར་ཏེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྗེས་སུ་འཛིན་

Vol. 33 · folio 159a

པར་མི་འགྱུར་རྗེས་སུ་འཇུག་པར་མི་འགྱུར་རྗེས་སུ་སྟེན་པར་མི་འགྱུར་བས་དེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་འམ་དེ་ས་གཉིས་ལས་གང་ཡང་རུང་བའི་ས་གཅིག་ཏུ་རེ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་ཞུགས་པའི་གྲུ་ཆག་པ་ན་

གང་དག་དེར་ཤིང་ངམ་སྤང་ལེབ་ལ་མི་འཛིན་ཏམ་ཤི་བའི་རོ་ལ་མི་འཇུ་ན་རབ་འབྱོར་དེ་ནི་ཆུའི་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་པར་ཆུའི་ནང་དུ་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་རིག་པར་བྱའོ། །རབ་འབྱོར་ཡང་གང་དག་རྒྱ་མཚོ་ཆེན་པོར་ཞུགས་པའི་གྲུ་ཆག་པ་ན་དེར་ཤིང་ངམ་སྤང་ལེབ་

བམ་ཤི་བའི་རོ་ལ་འཇུ་ན་རབ་འབྱོར་དེ་ནི་ཆུས་དུས་བྱེད་པར་མི་འགྱུར་ཞིང་བདེ་བར་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་འགྱུར་ཏེ་མ་སྨས་མ་སྣད་པར་སྐམ་ས་ལ་གནས་པར་འགྱུར་རོ་ཞེས་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པ་ཙམ་དང་དགའ་བ་ཙམ་དང་

དང་པ་ཙམ་དང་འདུན་པ་ཙམ་དང་ལྡན་ཡང་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་ན་རབ་འབྱོར་དེ་ནི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཉིད་དམ་རང་སངས་རྒྱས་ཉིད་དུ་གནས་པར་འགྱུར་རོ་ཞེས་དེ་ལྟར་རིག་པར་བྱའོ། །

རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་

པ་ཡོད་པ་དང་ལྷག་པའི་བསམ་པ་ཡོད་པ་དང་གཏོང་བ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་མགུ་བ་ཡོད་པ་དང་དང་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་དང་བརྩོན་པ་མི་གཏོང་བ་ཡོད་པ་དེ་དག་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་པར་བྱེད་ན། དེ་ལྟར་ན་

དེ་དག་གི་དད་པ་དེ་དང་བཟོད་པ་དེ་དང་སྲེད་པ་དེ་དང་འདུན་པ་དེ་དང་བརྩོན་འགྲུས་དེ་དང་བག་བྱེད་པ་དེ་དང་མོས་པ་དེ་དང་ལྷག་པའི་བསམ་པ་དེ་དང་གཏོང་བ་དེ་དང་གུས་པར་བྱེད་པ་དེ་དང་དགའ་བ་དེ་དང་མགུ་བ་དེ་དང་དང་བ་དེ་དང་རབ་ཏུ་དགའ་བ་དེ་དང་བརྩོན་པ་མི་གཏོང་བ་དེ་དག་ཀྱང་ཤེས་

Vol. 33 · folio 159b

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ནས་ཐམས་ཅད་མཁྱེན་པ་ལ་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་དམ་སྐྱེས་པ་ཡང་རུང་བུམ་པ་སོ་མ་བཏང་བས་ཆུ་ཆུ་ན་རབ་འབྱོར་དེའི་བུམ་པ་དེ་ནི་ཡུན་རིང་པོར་མི་ཐུབ་སྟེ་དེ་ནི་མྱུར་བ་ཉིད་དུ་ཆག་ཅིང་ཞིག་པར་འགྱུར་བར་རིག་

པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བུམ་པ་སོ་མ་བཏང་བའི་ཕྱིར་དེ་ནི་མཐར་ས་ཉིད་དུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་

པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་པ་ཡོད་པ་དང་། ལྷག་པའི་བསམ་པ་ཡོད་པ་དང་གཏོང་བ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་

དང་དང་བ་ཡོད་པ་དང་ཡིད་དགའ་བ་ཡོད་པ་དང་བརྩོན་པ་མི་གཏོང་བ་ཡོད་དུ་ཟིན་ཀྱང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་མ་བཟུང་བར་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ནི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པར་འགྱུར་བར་རིག་པར་བྱའོ། །

རབ་འབྱོར་བྱང་ཆུབ་སེམས་དཔའི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པ་གང་ཞེ་ན། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་དམ་སྐྱེས་པ་ཡང་རུང་སྟེ་བུམ་པ་ལེགས་པར་སོ་བཏང་བས་འབབ་ཆུའམ་རྫིང་བུ་འམ་ལྟེང་ཀ་འམ་མཚོ་

འམ་ཁྲོན་པའམ་དེ་མ་ཡིན་པའི་ཆུའི་གཞི་གཞན་ལས་ཆུ་བཅུས་ཏེ། དེས་ཆུ་དེ་ཁྱེར་ན་རབ་འབྱོར་བུམ་པ་དེས་ནི་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བུམ་པ་སོ་ལེགས་པར་བཏང་བའི་ཕྱིར་རོ། །རབ་འབྱོར་དེ་བཞིན་

དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་པ་ཡོད་བརྩོན་འགྲུས་ཡོད་བག་བྱེད་པ་ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་

Vol. 33 · folio 160a

ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་རབ་ཏུ་དགའ་བ་ཡོད་དང་བ་ཡོད་ཡིད་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བར་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའི་སེམས་དཔའ་

ཆེན་པོ་དེ་ནི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པར་མི་འགྱུར་ཏེ་མ་སྨས་མ་སྣང་པར་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་བཞི་པ། རབ་འབྱོར་འདི་ལྟ་སྟེ་

དཔེར་ན་སྐྱེས་བུ་ཤེས་རབ་འཆལ་པའི་རང་བཞིན་ཅན་ཞིག་རྒྱ་མཚོའི་གྲུ་མིག་ཚགས་མ་བྱས་ཤིང་མ་བཅོས་པ་བཅིང་བ་བཅིངས་ནས་རིང་དུ་ལོན་པ་ཞིག་ཆུའི་ནང་དུ་དྲངས་ནས་དེར་རྫས་བསྐྱས་ཏེ་གང་ཞིང་ཁལ་གྱིས་ནོན་པའི་ནང་དུ་ཞུགས་པར་གྱུར་ན། རབ་འབྱོར་གྲུ་དེ་ནི་འདི་ལྟ་སྟེ་

འདི་ལྟ་བུར་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ་ཆུའི་ཕ་རོལ་དུ་མ་རྒལ་བར་དེའི་རྫས་ཀྱང་གཞན་དུ་འགྱུར་ལ་གྲུ་དེ་ཡང་གཞན་དུ་འགྲོ་བར་རིག་པར་བྱ་སྟེ། དེ་ལྟར་དེད་དཔོན་ཐབས་མི་མཁས་པ་འཆལ་པའི་ཤེས་རབ་ཅན་དེ་ནོར་ཆེན་པོ་དང་བྲལ་བ་དང་ཕྲད་པར་འགྱུར་ཏེ་རིན་པོ་ཆེའི་འབྱུང་

གནས་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་པ་ཡོད་བརྩོན་འགྲུས་ཡོད་བག་བྱེད་པ་

ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་མགུ་བ་ཡོད་དང་བ་ཡོད་རབ་ཏུ་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡོད་ཀྱང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བར་གྱུར་ན་རབ་འབྱོར་

བྱང་ཆུབ་སེམས་དཔའ་དེ་ནི་ཐམས་ཅད་མཁྱེན་པའི་རིན་པོ་ཆེའི་འབྱུང་གནས་མ་ཐོབ་པ་ཉིད་དུ་བར་མ་དོར་ཆུད་ཟོས་ཤིང་ཡི་གསོད་པར་འགྱུར་ཏེ། རང་གི་དོན་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་ཞིང་གཞན་གྱི་དོན་ཆེན་པོའི་རིན་པོ་ཆེའི་ཕུང་པོ་ལས་ཡོངས་སུ་ཉམས་པར་

Vol. 33 · folio 160b

འགྱུར་ཏེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་དོན་ཆེན་པོའི་རིན་པོ་ཆེའི་འབྱུང་གནས་ལས་ཡོངས་སུ་ཉམས་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའི་བར་མ་དོར་ཆུད་ཟ་བ་གང་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་

ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེད་དཔོན་མཁས་པའི་རང་བཞིན་ཅན་གྱིས་རྒྱ་མཚོར་འཇུག་པའི་གྲུ་བཅིང་བ་ལེགས་པར་བཅིངས་མིག་ཚགས་བྱ་བ་ལེགས་པར་བྱས་ནས་བཅོས་པར་བྱ་བ་ལེགས་པར་བཅོས་ཏེ་ཆུའི་ནང་དུ་དྲངས་ནས་རྫས་བསྐྱས་ཏེ་གང་བར་བྱས་

ནས་ལེགས་པར་བཤམས་ཤིང་མཐུན་པའི་རླུང་དང་སྦྱར་ཏེ་དེ་གང་དུ་འགྲོ་བར་འདོད་པའི་ཕྱོགས་སུ་མཐར་གྱིས་སོང་ན། རབ་འབྱོར་གྲུ་དེ་ནི་ཆུས་འཇིག་པར་མི་འགྱུར་གྱི་གྲུ་དེ་ནི་གང་དུ་འགྲོ་བར་བྱ་བའི་ཕྱོགས་དེར་ཕྱིན་པར་འགྱུར་ཞིང་དེད་དཔོན་དེ་ཡང་རྙེད་པ་ཆེན་པོ་འདི་ལྟ་སྟེ་

འཇིག་རྟེན་གྱི་རིན་པོ་ཆེ་དག་དང་ལྡན་པར་འགྱུར་རོ་ཞེས་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་

པ་ཡོད་བརྩོན་འགྲུས་ཡོད་བག་བྱེད་པ་ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་མགུ་བ་ཡོད་དང་བ་ཡོད་རབ་ཏུ་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཞིང་ཐབས་

མཁས་པ་དང་མ་བྲལ་བར་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཆུད་ཟོས་བར་མི་འགྱུར་ཞིང་ཡི་གསོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་

འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཡིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་པ་ཡོད་

Vol. 33 · folio 161a

བརྩོན་འགྲུས་ཡོད་བག་བྱེད་པ་ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་མགུ་བ་ཡོད་དང་བ་ཡོད་རབ་ཏུ་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེའི་ཆོས་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་

བཟུང་ཞིང་ཐབས་མཁས་པ་དང་མ་བྲལ་ན་དེ་ནི་གང་གིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཆོས་མངོན་དུ་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་པར་འགྱུར་བ་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ་རང་

སངས་རྒྱས་ཀྱི་སར་མི་སྒྲུབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འགའ་ཞིག་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་རྒན་པོ་རྒས་ཤིང་འཁོགས་པར་གྱུར་ལ། དེའི་ལུས་ལ་རླུང་ལས་གྱུར་པ་འམ་མཁྲིས་པ་ལས་གྱུར་པ་འམ་བད་ཀན་ལས་གྱུར་པ་འམ་འདུས་པ་ལས་གྱུར་

པའི་ནད་འགའ་ཞིག་གིས་བཏབ་ན་རབ་འབྱོར་དེ་ཇི་སྙམ་དུ་སེམས་སྐྱེས་བུ་དེ་ཡང་མ་བརྟེན་པར་ཁྲི་ལས་ལྡང་ནུས་སམ། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྐྱེས་བུ་དེ་ཁྲི་ལས་ལྡང་

ནུས་པར་གྱུར་ཀྱང་དེ་རྒས་པ་དེ་དང་ནད་དེས་བཅོམ་པས་རྒྱང་གྲགས་གཅིག་སྲིད་དམ་རྒྱང་གྲགས་གཉིས་སྲིད་དུ་འགྲོ་བའི་སྟོབས་མེད་དོ། །གལ་ཏེ་སྐྱེས་བུ་དེ་ཁྲི་ལས་ལྡང་ནུས་ཀྱང་འགྲོ་བར་བྱ་བར་སྟོབས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་པ་ཡོད་པ་དང་ལྷག་པའི་བསམ་པ་ཡོད་པ་དང་གཏོང་

བ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་མགུ་བ་ཡོད་པ་དང་དང་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་དང་བརྩོན་པ་མི་གཏོང་བ་ཡོད་པར་གྱུར་ཀྱང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བར་གྱུར་པས་ལ་ལ་

Vol. 33 · folio 161b

ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་ཡང་དག་པར་ཞུགས་སུ་ཟིན་ཀྱང་རབ་འབྱོར་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་བར་མ་དོར་ཆུད་ཟོས་ཤིང་ཡི་གསོད་པར་འགྱུར་ཏེ། འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་

རྒྱས་ཀྱི་ས་ལ་གནས་པར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་ཐབས་མཁས་པ་དང་བྲལ་བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པར་གྱུར་པ་རྒན་

པོ་རྒས་ཤིང་འཁོགས་པ་དེ་ཉིད་ཀྱི་ལུས་ལ་རླུང་ལས་གྱུར་པ་འམ་མཁྲིས་པ་ལས་གྱུར་པ་འམ་བད་ཀན་ལས་གྱུར་པ་འམ་འདུས་པ་ལས་གྱུར་པའི་ནད་འགའ་ཞིག་གིས་བཏབ་སྟེ་དེའི་གཡས་དང་གཡོན་གྱི་ཕྱོགས་གཉིས་ནས་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་ལེགས་པར་བརྟེན་

ཞིང་འཇུར་བཅུག་ཅིང་ལེགས་པར་བཟུང་ནས་དེ་ལ་འདི་སྐད་དུ་ཀྱེ་སྐྱེས་བུ་ཁྱོད་གང་དུ་འགྲོ་བར་བྱ་བའི་གནས་དེར་ཁྱོད་ཀྱིས་མ་ཕྱིན་གྱི་བར་དུ་ཁྱོད་བདག་ཅག་གཉིས་ཀྱིས་བརྟེན་པས་ལམ་དུ་བར་མ་དོར་རྡེག་འཆོས་པའི་འཇིགས་པར་མི་འགྱུར་གྱིས། ཁྱོད་གང་དུ་འགྲོ་འདོད་པ་དེར་

སོང་ཤིག་ཅེས་བསྒོ་ན་ཁྲི་དེ་ལས་ལྡང་ནུས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་དད་པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་

པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་པ་ཡོད་པ་དང་ལྷག་པའི་བསམ་པ་ཡོད་པ་དང་གཏོང་པ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་མགུ་བ་ཡོད་པ་དང་དང་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་དང་བརྩོན་པ་མི་

གཏོང་བ་ཡོད་པར་གྱུར་ལ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཞིང་ཐབས་མཁས་པ་དང་མ་བྲལ་བར་གྱུར་ན། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཆུད་ཟོས་པར་མི་འགྱུར་ཡི་གསོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་

Vol. 33 · folio 162a

དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ་དེའི་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་རྗེས་སུ་ཐོབ་ནུས་པར་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་དཔེའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་

པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི་ཅི་ལྟར་བསླབ་

པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས་དགེ་བའི་

བཤེས་གཉེན་དག་ལ་བསྙེན་པར་བྱ་བསྟེན་པར་བྱ་བསྙེན་བཀུར་བྱའོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འདོམས་ཤིང་རྗེས་སུ་སྟོན་པར་འགྱུར་བ་དང་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ལུང་འབོགས་པ་དེ་དག་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་གྱིས་ཤིག །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་གྱིས་ཤིག །རིགས་ཀྱི་བུ་ཁྱོད་སྦྱིན་པ་གང་དང་གང་ཉིད་བྱིན་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་གཟུགས་སུ་མ་སྙེམས་ཤིག །དེ་བཞིན་དུ་ཚོར་བར་མ་ཡིན་འདུ་ཤེས་སུ་མ་ཡིན་འདུ་བྱེད་རྣམས་སུ་མ་ཡིན་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་ཤེས་པར་མ་སྙེམས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ཐམས་ཅད་

Vol. 33 · folio 162b

མཁྱེན་པ་ཉིད་ནི་མི་བསྙེམས་པའོ། །དེ་བཞིན་དུ་ཁྱོད་ཚུལ་ཁྲིམས་གང་དང་གང་ཉིད་སྲུང་བ་དང་། དེ་བཞིན་དུ་སྦྱར་ཏེ་རིགས་ཀྱི་བུ་ཁྱོད་བཟོད་པ་གང་དང་གང་ཉིད་སྒྲུབ་པ་དང་རིགས་ཀྱི་བུ་ཁྱོད་བརྩོན་འགྲུས་གང་དང་གང་ཉིད་རྩོམ་པ་དང་རིགས་ཀྱི་བུ་ཁྱོད་བསམ་གཏན་གང་དང་གང་ཉིད་

ལ་མཉམ་པར་འཇོག་པ་དང་རིགས་ཀྱི་བུ་ཁྱོད་ཤེས་རབ་གང་དང་གང་ཉིད་ཡོངས་སུ་སྦྱོང་བར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུགས་སུ་མ་སྙེམས་

ཤིག །དེ་བཞིན་དུ་ཚོར་བར་མ་ཡིན་འདུ་ཤེས་སུ་མ་ཡིན་འདུ་བྱེད་རྣམས་སུ་མ་ཡིན་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྣམ་པར་ཤེས་པར་མ་སྙེམས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བསྙེམས་པའོ། །རིགས་

ཀྱི་བུ་ཁྱོད་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་འདོད་པར་མ་བྱེད་ཅིག་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལུང་འབོགས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་དགེ་བའི་བཤེས་གཉེན་དག་གིས་མཐར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་གཞུག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་ཤིང་དེ་ལྟ་བུའི་ངོ་བོའི་སྦྱིན་པ་ལ་བརྟེན་དེ་

ལྟ་བུའི་ངོ་བོའི་ཚུལ་ཁྲིམས་དང་དེ་ལྟ་བུའི་ངོ་བོའི་བཟོད་པ་དང་དེ་ལྟ་བུའི་ངོ་བོའི་བརྩོན་འགྲུས་དང་དེ་ལྟ་བུའི་ངོ་བོའི་བསམ་གཏན་དང་དེ་ལྟ་བུའི་ངོ་བོའི་ཤེས་རབ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་པ་ལ་རང་དབང་དུ་གྱུར་པ་ལགས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་མི་འཚལ་གྱི།

འོན་ཀྱང་སེམས་ཅན་གྱི་ཁམས་ཤིན་ཏུ་སྡུག་བསྔལ་བ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཏེ་འཁོར་བར་སྐྲག་པར་མི་བགྱིད་པ་ནི་དཀའ་བ་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་

Vol. 33 · folio 163a

ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་དང་འཇིག་རྟེན་ལ་བདེ་བའི་ཕྱིར་དང་འཇིག་རྟེན་ལ་སྙིང་བརྩེ་

བའི་ཕྱིར་ཞུགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་སྐྱོབ་པར་འགྱུར་བར་བྱའོ་འཇིག་རྟེན་གྱི་སྐྱབས་སུ་འགྱུར་བར་བྱའོ་འཇིག་རྟེན་གྱི་གནས་སུ་འགྱུར་བར་བྱའོ་འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་བར་

བྱའོ་འཇིག་རྟེན་གྱི་གླིང་དུ་འགྱུར་བར་བྱའོ་འཇིག་རྟེན་གྱི་སྣང་བར་འགྱུར་བར་བྱའོ་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་བར་བྱའོ་འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ་སྙམ་སྟེ། དེ་ལྟ་བུའི་ངོ་བོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་འགྲུས་རྩོམ་པ་དེ་དཀའ་བ་བྱེད་པ་

ཡིན་ནོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྐྱོབ་པར་འགྱུར་ཞེ་ན། རབ་འབྱོར་འཁོར་བ་ན་སྤྱོད་པའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་

དེ་དག་ལས་དེ་སྐྱོབ་པར་བྱེད་ཅིང་སྡུག་བསྔལ་དེ་དག་སྤང་བའི་ཕྱིར་འབད་པར་བྱེད་ལ་བརྩོན་འགྲུས་རྩོམ་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་

གྱི་སྐྱོབ་པར་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྐྱབས་སུ་འགྱུར་ཞེ་ན། རབ་འབྱོར་སེམས་ཅན་གང་སྐྱེ་བའི་ཆོས་ཅན་རྒ་བའི་ཆོས་ཅན་ན་བའི་ཆོས་ཅན་འཆི་

བའི་ཆོས་ཅན་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའི་ཆོས་ཅན་གྱི་སེམས་ཅན་དེ་དག་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལས་

Vol. 33 · folio 163b

ཡོངས་སུ་ཐར་བར་བྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྐྱབས་སུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གནས་སུ་འགྱུར་ཞེ་ན། རབ་འབྱོར་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱོར་བ་མེད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་

ལ་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གནས་སུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་ན་

སྦྱོར་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འབྲེལ་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྦྱོར་བ་མེད་པའོ། །གཟུགས་ཀྱི་སྦྱོར་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འབྲེལ་པ་མེད་པའོ། །གཟུགས་ཀྱི་

འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པའོ། །གཟུགས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྦྱོར་བ་མེད་པའོ། །གང་གཟུགས་ལ་སྦྱོར་བ་མེད་པ་འདི་ནི་གཟུགས་ཀྱི་འབྲེལ་བ་མེད་པའོ་གཟུགས་ཀྱི་འབྲེལ་

བ་མེད་པ་འདི་ནི་གཟུགས་ཀྱི་སྦྱོར་བ་མེད་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་རྣམ་པར་ཤེས་པའི་འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྦྱོར་བ་མེད་པའོ། །རྣམ་པར་ཤེས་པའི་སྦྱོར་བ་མེད་པ་གང་ཡིན་པ་དེ་ནི་རྣམ་

པར་ཤེས་པའི་འབྲེལ་བ་མེད་པའོ། །རྣམ་པར་ཤེས་པའི་འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པའོ། །རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྦྱོར་བ་མེད་པའོ། །རྣམ་

Vol. 33 · folio 164a

པར་ཤེས་པའི་སྦྱོར་བ་མེད་པ་གང་ཡིན་པ་འདི་ནི་རྣམ་པར་ཤེས་པའི་འབྲེལ་བ་མེད་པའོ། །རྣམ་པར་ཤེས་པའི་འབྲེལ་བ་མེད་པ་འདི་ནི་རྣམ་པར་ཤེས་པའི་སྦྱོར་བ་མེད་པའོ། །རབ་འབྱོར་དེ་ལྟར་ན་ཆོས་ཐམས་ཅད་ནི་སྦྱོར་བ་མེད་པ་འབྲེལ་བ་མེད་པའོ་ཞེས་རྣམ་པར་

ཤེས་པས་མཐོང་བས་སྦྱོར་བ་མེད་པར་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གནས་སུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་ཞེ་ན། རབ་འབྱོར་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་རབ་འབྱོར་ཕ་རོལ་ཅི་ལྟ་བར་

གཟུགས་ཀྱང་དེ་བཞིན་ཏེ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རབ་འབྱོར་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་རབ་འབྱོར་ཕ་རོལ་ཅི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའང་དེ་བཞིན་ཏེ། རབ་འབྱོར་གཟུགས་དང་ཚོར་བ་དང་འདུ་

ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕ་རོལ་ཅི་ལྟ་བ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕ་རོལ་ཅི་ལྟ་བ་ཆོས་ཐམས་ཅད་ཀྱང་

དེ་བཞིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་མ་ལགས་སམ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལ་རྣམ་པར་རྟོག་པ་གང་ཡང་མ་མཆིས་པའི་སླད་དུའོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཕ་རོལ་གང་ཡིན་པ་དེ་ལ་རྣམ་པར་རྟོག་པ་གང་ཡང་མེད་དེ་རབ་འབྱོར་རྣམ་པར་རྟོག་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་

Vol. 33 · folio 164b

རྒྱས་པ་ཉིད་ཡིན་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ནོ། །གང་དེ་ལྟར་ཆོས་ཐམས་ཅད་ལ་ངེས་པར་སེམས་ཤིང་མངོན་དུ་ཡང་མི་བྱེད་ཞུམ་པར་ཡང་མི་བྱེད་པར། འདི་ལྟར་བདག་ཅག་གིས་ཆོས་

འདི་དག་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ། །འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འདི་དག་བསྟན་པར་བྱའོ། །རབ་ཏུ་བཤད་པར་བྱའོ་སྙམ་ན། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་སངས་རྒྱས་ནས་འཇིག་རྟེན་གྱི་གླིང་དུ་འགྱུར་ཞེ་ན། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འབབ་ཆུ་འམ་རྒྱ་མཚོ་དག་གི་ནང་ན་ཕྱོགས་གང་ཆུས་ཡོངས་སུ་བསྐོར་བར་གྱུར་པ་ནི་གླིང་ཞེས་བྱའོ། །རབ་འབྱོར་དེ་བཞིན་དུ་གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་

པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རབ་འབྱོར་དེ་བཞིན་དུ་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་སྟེ། རབ་འབྱོར་ཡོངས་སུ་ཆད་པ་འདིས་ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་ཡིན་ནོ། །

རབ་འབྱོར་ཆོས་ཐམས་ཅད་ཀྱི་ཡོངས་སུ་ཆད་པ་གང་ཡིན་པ་འདི་ནི་ཞི་བའོ་འདི་ནི་གྱ་ནོམ་པའོ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །འདི་ནི་ཅི་ལྟ་བ་བཞིན་ནོ་འདི་ནི་ཕྱིན་ཅི་མི་ལོག་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གླིང་དུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྣང་བར་འགྱུར་ཞེ་ན།

Vol. 33 · folio 165a

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དུས་རིང་པོར་མ་རིག་པའི་སྒོ་ངའི་སྦུབས་དང་ལིང་ཏོག་གིས་ཡོངས་སུ་ཁེབས་པའི་སེམས་ཅན་མུན་པས་ཟིལ་གྱིས་ནོན་པ་

རྣམས་ཤེས་རབ་ཀྱིས་སྣང་བར་བྱེད་ཅིང་མི་ཤེས་པའི་མུན་པ་མུན་ནག་ཐམས་ཅད་སེལ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྣང་

བར་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རང་བཞིན་གྱིས་

སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །ཉན་ཐོས་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །རང་སངས་རྒྱས་

ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་

མེད་པར་ཆོས་སྟོན་ཏོ། །ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་

Vol. 33 · folio 165b

རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་རྟེན་དུ་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་ལ་གཟུགས་ནི་ནམ་མཁའི་རྟེན་ཅན་ནོ་ཞེས་ཆོས་སྟོན་པར་འགྱུར། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་

ནམ་མཁའི་རྟེན་ཅན་ནོ་ཞེས་ཆོས་སྟོན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའི་རྟེན་ཅན་འགྲོ་བ་མེད་པ་འོང་བ་མེད་པ་ནམ་མཁའ་དང་མཚུངས་པ་སྟེ། ཅི་ལྟར་ནམ་མཁའ་འོང་བ་མེད་པ་འགྲོ་བ་མེད་པ་མ་བྱས་པ་རྣམ་པར་མི་འགྱུར་བ་མངོན་པར་

འདུས་མ་བྱས་པ་མི་གནས་པ་ཡང་དག་པར་མི་གནས་པ་རྣམ་པར་མི་གནས་པ་མ་སྐྱེས་པ་མ་འགགས་པ་དེ་བཞིན་དུ་རབ་འབྱོར་ཆོས་ཐམས་ཅད་ཀྱང་འོང་བ་མེད་པ་འགྲོ་བ་མེད་པ་མ་བྱས་པ་རྣམ་པར་མི་འགྱུར་བ་མངོན་པར་འདུས་མ་བྱས་པ་མི་གནས་པ་ཡང་དག་པར་མི་གནས་

པ་རྣམ་པར་མི་གནས་པ་མ་སྐྱེས་པ་མ་འགགས་པ། ནམ་མཁའ་དང་མཚུངས་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འོང་བ་འམ་འགྲོ་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་

རྣམས་དང་རབ་འབྱོར་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འོང་བའམ་འགྲོ་བ་མེད་དེ། རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ནི་འོང་བ་འམ་འགྲོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རྟེན་ཅན་ཏེ་དེ་དག་རྟེན་

དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་མི་བྱེད་པའི་རྟེན་ཅན་ཏེ་

Vol. 33 · folio 166a

དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འབྱུང་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་

རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་གྱི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མུ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་

ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཞི་བའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྱུང་དུ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་

འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འགྲོ་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མི་གཡོ་བའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །

རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དགྲ་

བཅོམ་པ་དང་རང་སངས་རྒྱས་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་

ཆོས་ཐམས་ཅད་ནི་ནམ་མཁའི་རྟེན་ཅན་ནོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་རྟེན་དུ་འགྱུར་བ་ཡིན་ནོ། །རབ་འབྱོར་

Vol. 33 · folio 166b

གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་དག་གིས་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་སྤྱད་པར་གྱུར་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཤེས་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་

པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཚལ་བར་འགྱུར་བ་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཤེས་པར་འགྱུར་བ་དེ་དག་ནི་འདུལ་བ་ལས་བྱུང་བ་དབེན་པའི་རང་བཞིན་ཅན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཅི་ལྟ་བུའི་རྟེན་

ཅན་ཁོ་ནར་འགྱུར་བ་དང་རྟེན་དེ་དག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དག་ལ་ཡང་རྟེན་འདི་ཉིད་སྟོན་པར་འགྱུར་ཞིང་དེ་དག་དེ་ལྟར་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་བ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་

རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདི་ལྟ་བུའི་རྟེན་ཅན་དུ་འགྱུར་བ་དང་རྟེན་འདི་དག་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དག་ལ་རྟེན་འདི་དག་

སྟོན་པར་འགྱུར་ཞིང་། དེ་དག་དེ་ལྟར་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་པ་གྲངས་

Vol. 33 · folio 167a

མེད་པ་དག་གི་རྟེན་དུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞལ་དུ་མ་མཆིས་གྲངས་མ་མཆིས་པ་དག་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས། གོ་ཆ་འདི་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་

དཀའ་བ་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་

གང་གིས་གོ་ཆ་འདི་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དཀའ་བ་བྱེད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་ཡང་མ་ཡིན་གཟུགས་ཀྱི་དོན་དུ་འབྲེལ་བ་ཡང་མ་ཡིན་

དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང་འབྲེལ་བ་ཡང་མ་ཡིན་རྣམ་པར་ཤེས་པའི་དོན་དུ་འབྲེལ་བ་ཡང་མ་ཡིན། ཉན་ཐོས་ཀྱི་ས་དང་འབྲེལ་བ་ཡང་མ་ཡིན་ཉན་ཐོས་ཀྱི་སའི་དོན་དུ་འབྲེལ་བ་ཡང་མ་ཡིན། རང་སངས་རྒྱས་ཀྱི་ས་དང་འབྲེལ་བ་

ཡང་མ་ཡིན་རང་སངས་རྒྱས་ཀྱི་སའི་དོན་དུ་འབྲེལ་བ་ཡང་མ་ཡིན། སངས་རྒྱས་ཀྱི་ས་དང་འབྲེལ་པ་ཡང་མ་ཡིན་སངས་རྒྱས་ཀྱི་སའི་དོན་དུ་འབྲེལ་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པའི་གོ་ཆ་འདི་

ནི་ཆོས་ཐམས་ཅད་དང་མ་འབྲེལ་བའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དེ་ལྟར་སྤྱོད་པ་དེས་གནས་གསུམ་ལ་རེ་བར་མི་བགྱི་སྟེ། གསུམ་གང་ཞེ་ན།

འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའམ་སངས་རྒྱས་ཀྱི་སའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་དོན་གྱི་དབང་ཅི་ཞིག་མཐོང་ན་འདི་སྐད་དུ་འདི་ལྟར་བྱངཆུབ་སེམས་དཔའ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words