འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་པྲ་ཤཱན་ཏ་བི་ནིཤྩ་ཡ་པྲཱ་ཏི་ཧཱརྱ་ནཱ་མ་ས་མཱ་དྷི་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 55 · folio 174b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲ་ཤཱན་ཏ་བི་ནིཤྩ་ཡ་པྲཱ་ཏི་ཧཱརྱ་ནཱ་མ་ས་མཱ་དྷི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ།

འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།

བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་

པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྨན་གྱི་རྒྱལ་པོ་དང་། སྨན་ཡང་དག་བྱུང་དང་། སྨན་མངོན་བསྒྲགས་དབྱངས་རྒྱལ་པོ་དང་། ལག་ན་པད་མ་དང་། ཉི་མའི་འོད་དང་། རྡུལ་མེད་རྣམ་པར་གནོན་དང་། ངན་སོང་སྤོང་དང་། ཡེ་ཤེས་བླ་མའི་ཡེ་ཤེས་ལྡན་དང་།

Vol. 55 · folio 175a

རིན་ཆེན་བླ་མའི་ཡེ་ཤེས་ལྡན་དང་། སེམས་ཅན་གྱི་སྐད་ཡེ་ཤེས་ལྡན་དང་། མེ་ཏོག་བླ་མའི་ཡེ་ཤེས་ལྡན་དང་། ཟླ་བའི་བླ་མའི་ཡེ་ཤེས་ལྡན་དང་། དྲི་མ་མེད་པའི་བླ་མའི་ཡེ་ཤེས་ལྡན་དང་། རྡོ་རྗེ་བླ་མའི་ཡེ་ཤེས་ལྡན་དང་། རྡུལ་མེད་བླ་མའི་ཡེ་ཤེས་ལྡན་དང་།

རྣམ་པར་སྣང་བྱེད་བླ་མའི་ཡེ་ཤེས་ལྡན་དང་། སྐར་མའི་རྒྱལ་མཚན་དང་། རིན་པོ་ཆེའི་རྒྱལ་མཚན་དང་། ལྷུན་པོའི་རྒྱལ་མཚན་དང་། ཆགས་མེད་རྒྱལ་མཚན་དང་། མེ་ཏོག་རྒྱལ་མཚན་དང་། དྲི་མ་མེད་པའི་རྒྱལ་མཚན་དང་། ཉི་མའི་རྒྱལ་མཚན་དང་། མཛེས་པའི་

རྒྱལ་མཚན་དང་། རྡུལ་བྲལ་རྒྱལ་མཚན་དང་། རྣམ་པར་སྣང་བྱེད་རྒྱལ་མཚན་དང་། སའི་གཟི་བརྗིད་དང་། རིན་ཆེན་གཟི་བརྗིད་དང་། བློ་གྲོས་ཆེན་པོའི་གཟི་བརྗིད་དང་། ཡེ་ཤེས་རྡོ་རྗེའི་གཟི་བརྗིད་དང་། དྲི་མ་མེད་པའི་གཟི་བརྗིད་དང་། ཉི་མའི་གཟི་བརྗིད་དང་། བསོད་ནམས་རི་

བོའི་གཟི་བརྗིད་དང་། ཡེ་ཤེས་སྣང་བའི་གཟི་བརྗིད་དང་། མཚུངས་མེད་དཔལ་གྱི་གཟི་བརྗིད་དང་། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། རིན་པོ་ཆེའི་སྙིང་པོ་དང་། པད་མའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ཡོན་ཏན་རྣམ་པར་དག་པའི་སྙིང་པོ་དང་། ཆོས་ཀྱི་ཕྱག་རྒྱའི་སྙིང་པོ་དང་།

རྣམ་པར་སྣང་བྱེད་ཀྱི་སྙིང་པོ་དང་། ལྟེ་བའི་སྙིང་པོ་དང་། པད་མའི་དཔལ་གྱི་སྙིང་པོ་དང་། ཉི་མའི་མིག་དང་། རྣམ་པར་དག་པ་དྲི་མ་མེད་པའི་མིག་དང་། རྣམ་པར་སངས་པའི་མིག་དང་། ཆགས་པ་མེད་པའི་མིག་དང་། ཀུན་ཏུ་ལྟ་བའི་མིག་དང་། ཤིན་ཏུ་རྣོ་བའི་མིག་དང་། རྡོ་རྗེའི་མིག་

དང་། རིན་པོ་ཆེའི་མིག་དང་། ནམ་མཁའི་མིག་དང་། ཀུན་ནས་མིག་དང་། ལྷའི་ཅོད་པན་དང་། ཆོས་ཀྱི་དབྱིངས་སྣང་བའི་ནོར་བུའི་ཅོད་པན་དང་། བྱང་ཆུབ་ཀྱི་སྙིང་པོའི་ཅོད་པན་དང་། རྣམ་པར་སྣང་བྱེད་ཅོད་པན་དང་། སངས་རྒྱས་ཐམས་ཅད་བྱུང་བའི་སྙིང་པོའི་ཅོད་པན་དང་། འཇིག་

རྟེན་གྱི་ཁམས་ཐམས་ཅད་ལས་མངོན་པར་འཕགས་པའི་ཅོད་པན་དང་། དུས་ཐམས་ཅད་དུ་མངོན་པར་འཕགས་པའི་ཅོད་པན་དང་། ཀུན་ཏུ་རྣམ་པར་སྣང་བྱེད་ཅོད་པན་དང་། ཟིལ་གྱིས་མི་ནོན་པའི་ཅོད་པན་དང་། ཆོས་ཐམས་ཅད་ཀྱི་སྙིང་པོ་དེ་བཞིན་གཤེགས་པའི་སེང་གེའི་ཁྲི་འཛིན་པའི་

Vol. 55 · folio 175b

ཅོད་པན་དང་། ཀུན་ནས་ཆོས་ཀྱི་དབྱིངས་ནམ་མཁའ་སྣང་བའི་ཅོད་པན་དང་། ཚངས་པའི་དབང་པོའི་གཙུག་པུད་དང་། ཀླུའི་དབང་པོའི་གཙུག་པུད་དང་། སངས་རྒྱས་འཕྲུལ་པ་ཐམས་ཅད་སྣང་བའི་གཙུག་པུད་དང་། བྱང་ཆུབ་ཀྱི་སྙིང་པོའི་གཙུག་པུད་དང་། སྨོན་ལམ་རྒྱ་མཚོ་ཐམས་ཅད་ཀྱི་

དབྱངས་ནོར་བུ་རིན་ཆེན་རྒྱལ་པོའི་གཙུག་པུད་དང་། དུས་གསུམ་ཐམས་ཅད་ཀུན་ནས་དབྱངས་ཀྱི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་འཕྲུལ་པའི་སྣང་བའི་རྒྱལ་མཚན་ནོར་བུའི་རྒྱལ་པོ་ནོར་བུ་རིན་པོ་ཆེའི་དྲ་བས་བྲེས་པའི་གཙུག་པུད་དང་། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དབྱངས་ཀྱི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རབ་ཏུ་གཏོང་བ་ནོར་བུ་རིན་པོ་ཆེ་མངོན་པར་བསྒྲགས་པའི་གཙུག་པུད་དང་། ནམ་མཁའི་དབྱིངས་ཐམས་ཅད་དབྱེར་མེད་པ་རྣམ་པར་ཤེས་པའི་ནོར་བུ་རིན་པོ་ཆེས་བརྒྱན་

པའི་གཙུག་པུད་དང་། འོད་ཆེན་དང་དྲི་མ་མེད་པའི་འོད་དང་། རིན་པོ་ཆེའི་འོད་དང་། རྡུལ་དང་བྲལ་བའི་འོད་དང་། སྣང་བའི་འོད་དང་། ཆོས་ཀྱི་འོད་དང་། ཞི་བའི་འོད་དང་། ཉི་མའི་འོད་དང་། རྣམ་པར་འཕྲུལ་པའི་འོད་དང་། ལྷའི་འོད་དང་། བསོད་ནམས་འོད་དང་། བསོད་ནམས་

ཀྱི་ཏོག་དང་། ཡེ་ཤེས་ཀྱི་ཏོག་དང་། ཆོས་ཀྱི་ཏོག་དང་། མངོན་པར་ཤེས་པའི་ཏོག་དང་། འོད་ཀྱི་ཏོག་དང་། མེ་ཏོག་གི་ཏོག་དང་། ནོར་བུའི་ཏོག་དང་། སངས་རྒྱས་ཀྱི་ཏོག་དང་། ཚངས་པའི་ཏོག་དང་། ཀུན་ནས་སྣང་བའི་ཏོག་དང་། ཚངས་པའི་དབྱངས་དང་། སའི་སྒྲ་དབྱངས་

དང་། རྒྱ་མཚོའི་དབྱངས་དང་། འཇིག་རྟེན་དབང་པོའི་དབྱངས་དང་། རི་དབང་རྒྱལ་པོ་རྡོབ་པའི་དབྱངས་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་དབྱངས་དང་། ཆོས་རྒྱ་མཚོ་ཐམས་ཅད་བསྒྲགས་པའི་དབྱངས་དང་། རྒྱ་མཚོའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་

ཀློངས་པའི་དབྱངས་དང་། སྙིང་རྗེ་ཆེན་པོའི་ཚུལ་གྱི་འབྲུག་སྒྲ་བསྒྲགས་པའི་དབྱངས་དང་། འགྲོ་བ་སྡུག་བསྔལ་བ་ཐམས་ཅད་དབུགས་འབྱིན་པའི་དབྱངས་དང་ཆོས་འཕགས་དང་། ཁྱད་པར་འཕགས་དང་ཡེ་ཤེས་འཕགས་དང་། བསོད་ནམས་རི་རབ་འཕགས་དང་། ཡོན་ཏན་

Vol. 55 · folio 176a

བསོད་ནམས་འཕགས་དང་། གྲགས་པ་འཕགས་དང་། ཀུན་ནས་སྣང་བ་འཕགས་དང་། བྱམས་པ་ཆེན་པོ་འཕགས་དང་། ཡེ་ཤེས་འབྱུང་བ་འཕགས་དང་། དེ་བཞིན་གཤེགས་པའི་རུས་རིགས་འཕགས་དང་། སྣང་བའི་དཔལ་དང་། མཆོག་གི་དཔལ་དང་།

ཡང་དག་འཕགས་པའི་དཔལ་དང་། རྣམ་པར་སྣང་བྱེད་དཔལ་དང་། ཟླ་བའི་དཔལ་དང་། ཚོགས་ཀྱི་དཔལ་དང་། ནམ་མཁའི་དཔལ་དང་། རིན་པོ་ཆེའི་དཔལ་དང་། ཏོག་གི་དཔལ་དང་། ཡེ་ཤེས་དཔལ་དང་། སཱ་ལའི་དབང་པོའི་རྒྱལ་པོ་དང་། འགྲོ་བའི་དབང་པོའི་རྒྱལ་པོ་དང་།

ཚངས་པའི་དབང་པོའི་རྒྱལ་པོ་དང་། རི་བོའི་དབང་པོའི་རྒྱལ་པོ་དང་། མི་གཡོ་བའི་དབང་པོའི་རྒྱལ་པོ་དང་། ཁྱུ་མཆོག་གི་དབང་པོའི་རྒྱལ་པོ་དང་། བློ་མཆོག་གི་དབང་པོའི་རྒྱལ་པོ་དང་། རབ་ཏུ་ཞི་བའི་ང་རོ་དང་། ཆགས་མེད་ང་རོ་དང་། ས་དབྱངས་ང་རོ་དང་། རྒྱ་མཚོ་འབྲུག་བསྒྲགས་

ང་རོ་དང་། སྔོན་གྱི་སྨོན་ལམ་གྱིས་བསྐུར་བའི་ང་རོ་དང་། རྒྱ་མཚོའི་དཀྱིལ་འཁོར་སྒྲའི་ང་རོ་དང་། ཡེ་ཤེས་ལྷུན་པོའི་བློ་དང་། ནམ་མཁའི་བློ་དང་། དྲི་མ་མེད་པའི་བློ་དང་། ཆགས་པ་མེད་པའི་བློ་དང་། རྣམ་པར་སངས་པའི་བློ་དང་། དུས་གསུམ་སྣང་བའི་བློ་དང་། རླབས་པོ་ཆེའི་

བློ་དང་། རིན་པོ་ཆེའི་བློ་དང་། ཡངས་པའི་བློ་དང་། ཀུན་ཏུ་ལྟ་བའི་བློ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཚུལ་སྣང་བའི་བློ་དང་། དེ་དག་ལ་སོགས་པ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ནམ་མཁའི་དབྱིངས་ལྟར་ཚད་མེད་པའི་ཆོས་དང་ལྡན་པ། ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་མཉམ་པར་གནས་པ་དང་ལྡན་པ། ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དང་ལྡན་པ། ལས་ལས་ཀུན་ཏུ་འབྱུང་བའི་རྣམ་པར་སྨིན་

པ་ཇི་ལྟ་བ་བཞིན་དུ་མོས་པ། རྒྱུ་ལས་ཀུན་ཏུ་འབྱུང་བའི་འབྲས་བུ་ཇི་ལྟ་བ་བཞིན་དུ་མོས་པ། རྒྱའི་འབུར་འབྱུང་བ་ལྟ་བུའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་ལྡན་པ། མིག་ཡོར་དང་གཟུགས་བརྙན་ལྟར་སྣང་བའི་ཆོས་མཉམ་པ་ཉིད་དང་ལྡན་པ། སྒྲ་སྐད་རྣམ་པར་རིག་པ།

Vol. 55 · folio 176b

བྲག་ཅ་དང་མཚུངས་པའི་ཆོས་ཐམས་ཅད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ། སངས་རྒྱས་ཀྱི་སྐུའི་ཁ་དོག་མཐའ་ཡས་པ། ཡོངས་སུ་གྲུབ་པ་སྒྲུབ་པའི་གཟུངས་ལ་རབ་ཏུ་

གནས་པ། སྐྲ་ཙམ་གྱི་ཁྱོན་གཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་སྟོན་པ་ལ་མཁས་པ། སྐྲ་ཙམ་གྱི་ཁྱོན་གཅིག་ལ་འཆི་འཕོ་དང་། སྐྱེ་བ་དང་ཚེ་དང་མངོན་པར་འབྱུང་བ་དང་དཀའ་བ་སྤྱོད་པ་སྟོན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་མངོན་པར་རྫོགས་པར་བྱང་ཆུབ་

པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་འགེངས་པའི་ཡེ་ཤེས་དང་ལྡན་པ། ཞིང་ཐམས་ཅད་ཀྱི་རྒྱན་ཞིང་གཅིག་ཏུ་ཀུན་ཏུ་སྟོན་པའི་ཡེ་

ཤེས་དང་ལྡན་པ། ཞིང་གཅིག་ཅིག་གི་རྒྱན་བཀོད་པ་ཞིང་ཐམས་ཅད་དུ་སྟོན་པ་དང་ལྡན་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དེ་བཞིན་གཤེགས་པ་གཅིག་གི་འཁོར་དུ་སྟོན་པ། དེ་བཞིན་གཤེགས་པ་གཅིག་གི་

འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་སྟོན་པ། ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་སྟོན་པ་ལ་མཁས་པ། ཆོས་ཐམས་ཅད་མཐའ་ཡས་པའི་མཐར་གྱུར་པ། མཐའ་དང་དབུས་མེད་པ་སྒྱུ་མའི་དྲ་བ་ལྟ་བུར་རབ་ཏུ་སྟོན་པ། བསྐལ་པ་མཐའ་ཡས་མུ་

མེད་པར་སེམས་ཅན་ཐམས་ཅད་ཐ་དད་པ་མེད་པར་ཀུན་ཏུ་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་པའི་མོས་པའི་འཇུག་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་སྐུ་གཅིག་ཏུ་མོས་པ་འཇུག་པ་ལ་མཁས་པ། སངས་རྒྱས་གཅིག་གི་

སྐུ་སངས་རྒྱས་མ་ལུས་པ་ཐམས་ཅད་ཀྱི་སྐུར་འཇུག་པར་སེམས་ཅན་གཞན་ལ་ཀུན་ཏུ་སྟོན་པར་མཁས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་གི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ། དུས་གསུམ་ཐམས་ཅད་ཆོས་ཀྱི་སྐུ་གཅིག་གིས་ཁྱབ་པར་སེམས་ཅན་

Vol. 55 · folio 177a

ལ་ཀུན་ཏུ་སྟོན་པ་ལུས་གཅིག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་ལུས་མཐའ་ཡས་པ་ལས་ལྡང་བར་སེམས་ཅན་ལ་ཀུན་ཏུ་སྟོན་པ། ལུས་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་ལ་སེམས་ཅན་ཐམས་ཅད་སྙེད་ཀྱི་ལུས་ཀུན་ཏུ་སྟོན་པ། སེམས་ཅན་ཐམས་

ཅད་ཀྱི་ལུས་སེམས་ཅན་གཅིག་གི་ལུས་སུ་ཀུན་ཏུ་སྟོན་པ། སེམས་ཅན་གཅིག་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ལུས་སུ་ཀུན་ཏུ་སྟོན་པ། སེམས་ཅན་གྱི་ལུས་ཆོས་ཀྱི་སྐུར་ཀུན་ཏུ་སྟོན་པ། ཆོས་ཀྱི་སྐུ་སེམས་ཅན་གྱི་ལུས་སུ་སྟོན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་

རང་གི་སྨོན་ལམ་དུ་བྱིན་གྱིས་རློབ་པ་ལ་མཁས་པ། བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དང་སྨོན་ལམ་དང་། སྟོབས་དང་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ། ཡོངས་སུ་སྨིན་པའི་སེམས་ཅན་ལ་འདུལ་བ་ཇི་ལྟ་བ་བཞིན་

དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀུན་ཏུ་སྟོན་པ། བསྐལ་པ་འགྲངས་པ་ཐམས་ཅད་དུ་སྨོན་ལམ་གྱི་རྒྱུན་མི་གཅོད་པ། རྣམ་པར་ཤེས་པའི་ལུས་ལས་བསྐྱོད་ནས་ཡེ་ཤེས་ཀྱི་སྐུ་ལ་འཇོག་པར་དབང་བྱེད་པར་སེམས་ཅན་གྱི་ཚོགས་ཐམས་ཅད་ལ་ཀུན་ཏུ་སྟོན་པ། རང་གི་

ལུས་ཀྱི་རྒྱུན་བཅད་ནས་སེམས་ཅན་གྱི་ཚོགས་གཞན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པར་ཀུན་ཏུ་སྟོན་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྨོན་ལམ་ལ་འཇུག་པ། འཇིག་རྟེན་གྱི་ཁམས་གཅིག་ན་བསྐལ་པ་འགྲངས་པ་ཐམས་ཅད་དུ་བྱང་ཆུབ་སེམས་

དཔའི་སྤྱོད་པ་རྒྱུན་མི་གཅོད་པ་མངོན་པར་རྫོགས་པར་བྱང་ཆུབ་པར་སྨོན་ལམ་བཏབ་པའི་སྟོབས་ཀྱིས་སྐྲ་ཙམ་གྱི་ཁྱོན་གཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པའི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཀུན་ཏུ་སྟོན་པ། འཇིག་རྟེན་གྱི་ཁམས་གཅིག་ཏུ་ལུས་དུ་མ་

ཀུན་ཏུ་སྟོན་པ། ཆོས་ཀྱི་ཚིག་གཅིག་བརྗོད་པས་ཆོས་ཀྱི་དབྱིངས་མ་ལུས་པར་རྒྱས་པར་འགེངས་པའི་ཆོས་ཀྱི་སྤྲིན་ཆེན་པོ་ལས་བྱུང་བའི་བདུད་རྩིའི་ཁུ་བའི་ཆར་པ་འབེབས་ལ། རིག་པ་དང་རྣམ་པར་གྲོལ་བའི་གློག་བྱུང་ཞིང་ཡང་དག་པ་དེ་ཁོ་ནའི་འབྲུག་བསྒྲགས་པས་སེམས་ཅན་

Vol. 55 · folio 177b

གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་ཅིང་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པར་ཀུན་ཏུ་སྟོན་པ། བསམ་གཏན་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་དང་རིག་པ་དང་ཡེ་ཤེས་ལ་འཇུག་པའི་སྤྱོད་ཡུལ་བ། སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་

ཐམས་ཅད་དུ་འགྲོ་བའི་སྐྱེ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀུན་ཏུ་སྟོན་པ། རང་གི་སེམས་ཤེས་པ་དང་གཞན་གྱི་སེམས་ཤེས་པ་ཆགས་པ་མེད་པས། སེམས་ཅན་གཅིག་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་ཤེས་པ་ལ་མཁས་པ། དེ་བཞིན་

གཤེགས་པའི་སྟོབས་བཅུ་ལ་སྐད་ཅིག་གཅིག་གིས་འཇུག་པའི་ཡེ་ཤེས་ལ་མཁས་པ། དུས་གསུམ་དུ་གཏོགས་པ་ཐམས་ཅད་ཀྱི་གྲངས་ལ་ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ། སེམས་ཅན་གཞན་གྱི་རྒྱུད་ལ་ཡང་དག་པར་ཐོབ་པར་བྱེད་པའི་ཡེ་ཤེས་ལ་མཁས་པ། སེམས་ཀྱི་སྐད་ཅིག་

སེམས་ཀྱི་སྐད་ཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ། སེམས་ཅན་གཅིག་གི་འདུ་ཤེས་ཀྱིས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ལས་ཀྱི་བྱ་བ་ལ་མངོན་སུམ་དུ་འཇུག་པའི་

ཡེ་ཤེས་ལ་མཁས་པ། སེམས་ཅན་གཅིག་གི་སྒྲ་སྐད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པར་སྟོན་པའི་ཡེ་ཤེས་ལ་མཁས་པ། ལུས་གཅིག་ལ་དམིགས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་དམིགས་པར་ཀུན་ཏུ་སྟོན་པ་ལ་མཁས་པ། དེ་བཞིན་གཤེགས་པ་གཅིག་གི་

འཁོར་གྱི་དཀྱིལ་འཁོར་དུ་འཇུག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ན་ཆོས་སྟོན་པ་ཀུན་ཏུ་འཛིན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་གཟུངས་ཐམས་ཅད་ཐོབ་པ། ཤིན་ཏུ་རྣམ་པར་ངེས་པའི་སྤོབས་པ་སྟོན་ཅིང་སེམས་ཅན་གྱི་ཁམས་ཐམས་ཅད་

ཀྱི་དབང་པོ་འཛིན་པར་འཇུག་པ་ལ་མཁས་པ། སེམས་ཅན་གཅིག་གི་སེམས་ལ་དམིགས་པས་བརྗོད་དུ་མེད་པའི་རྒྱུད་དུ་བྱང་ཆུབ་རྣམ་པར་འཚང་རྒྱ་ཞིང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ། སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་

Vol. 55 · folio 178a

གོ་བར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རིམ་པ་ཤེས་ལ་སེམས་ཅན་གཞན་གྱི་རྒྱུད་ལ་ཡང་དག་པར་ཐོབ་པར་བྱེད་པའི་ཡེ་ཤེས་ལ་མཁས་པ། སྔོན་གྱི་མཐའི་མུའི་བསྐལ་པ་མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཀྱི་སེམས་བསམ་གྱིས་མི་ཁྱབ་པ་རྗེས་སུ་

དྲན་པ་ལ་འཇུག་པས་ལས་དང་བྱ་བ་དང་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་སེམས་ཅན་ལ་སྟོན་ཅིང་སེམས་ཅན་ལ་ཤེས་པར་བྱེད་པ་ལ་མཁས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་བརྒྱན་པ་ལ་མཁས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་འཇུག་པ་ལ་མཁས་པ། སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་བདག་གི་སྤྱོད་པ་དང་སྨོན་ལམ་ཡང་དག་པར་སྐྱེད་ཅིང་ཆོས་ཀྱི་སྣང་བ་རབ་ཏུ་གཏོང་བ་ལ་མཁས་པ། རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་བསྐལ་པ་དང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ལ་འཇུག་པ་ལ་མཁས་པ། རྡུལ་ཕྲ་

རབ་ཀྱི་རྡུལ་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཚད་ཙམ་གྱིས་སངས་རྒྱས་ཀྱི་ཞིང་གཅིག་ཀུན་ཏུ་སྟོན་པ་ལ་མཁས་པ། མཚོ་ཆེན་པོ་རྒྱ་མཚོའི་ཆུའི་ཕུང་པོ་ཐམས་ཅད་སྤུའི་ཁུང་བུ་གཅིག་ཏུ་བཅུག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཚད་ཙམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་

འགྲོ་ཡང་སེམས་ཅན་རྣམས་ལ་གནོད་པ་མེད་པ་ལ་མཁས་པ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་རང་གི་ལུས་སུ་འཇུག་ཅིང་སེམས་ཅན་གྱི་བྱ་བ་ཐམས་ཅད་ཀུན་ཏུ་སྟོན་པ་ལ་མཁས་པ། ཁོར་ཡུག་དང་ཁོར་ཡུག་ཆེན་པོ་དང་རི་ཆེན་པོ་གཞན་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་ལ་

མཚུངས་པ་མེད་ཅིང་གཞལ་དུ་མེད་དེ་ཚད་མེད་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་སྤུའི་ཁུང་བུ་གཅིག་ཏུ་བཅུག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཚད་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཡང་སེམས་ཅན་རྣམས་སྐྲག་པར་མི་འགྱུར་བ་ལ་མཁས་པ། བསྐལ་པ་བརྗོད་

དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྐལ་པ་གཅིག་ཏུ་བྱིན་གྱིས་རློབ་ཅིང་བསྐལ་པ་གཅིག་ཀྱང་འཇིག་པ་དང་འཆགས་པའི་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཀུན་ཏུ་སྟོན་པ་ལ་མཁས་པ། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་

Vol. 55 · folio 178b

ཆུས་འཇིག་པ་དང་མེས་འཇིག་པ་དང་རླུང་གིས་འཇིག་པར་ཀུན་ཏུ་སྟོན་པ་ལ་མཁས་པ། འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་པ་རྐང་པའི་མཐེ་བོས་མནན་ཀྱང་སེམས་ཅན་ལ་གནོད་པ་མེད་པར་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་སྤྲིན་གྱིས་ཐོབ་པ་ཕྱོགས་

བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་འདུལ་བ་ཇི་ལྟ་བ་བཞིན་དུ་འཚེ་བ་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་མུ་གེའི་མྱ་ངན་ཆེན་པོ་བྱིན་གྱིས་རློབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ། སེམས་ཅན་གཞན་ལ་རྣམ་པར་འཚེ་བ་མེད་པ་མངོན་པར་ཤེས་

པ་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བར་ཀུན་ཏུ་སྟོན་པ་ཤ་སྟག་སྟེ། བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཤ་སྟག་གོ། །ཡང་དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ནས་ལིཙྪ་བཱི་གཞོན་ནུ་དཀོན་

མཆོག་འབྱུང་གནས་ཞེས་བྱ་བ་ལིཙྪ་བཱི་གཞོན་ནུ་ཉི་ཁྲི་ཆིག་སྟོང་གིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོ་རི་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གཡས་ཕྱོགས་ལོགས་སུ་འདུག་ནས་

ཐམས་ཅད་ཀྱང་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་འཁོད་པར་གྱུར་ཏོ། །ག་ཡཱའི་གྲོང་ཁྱེར་ཆེན་པོ་ནས་ཁྱིམ་བདག་སྔོ་སངས་ཅན་ཞེས་བྱ་བ་དགེ་བསྙེན་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་

འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་ཕྱོགས་གཅིག་ཏུ་འདུག་གོ། །ཁྱིམ་བདག་བཟང་སྐྱོང་ཡང་ཁྱིམ་བདག་ལྔ་སྟོང་གིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་

འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་ཐམས་ཅད་ཀྱང་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་འཁོད་པར་གྱུར་ཏོ། །ཁྱིམ་བདག་ལེགས་སྦྱིན་ཡང་ཁྱིམ་བདག་ལྔ་སྟོང་གིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་

Vol. 55 · folio 179a

ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས་ཐམས་ཅད་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་འཁོད་པར་གྱུར་ཏོ། །ཁྱིམ་བདག་དེད་དཔོན་བཟང་པོ་ཡང་གཡོག་མང་པོ་དང་བཅོམ་ལྡན་འདས་

ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་འདུག་གོ། །ཙམ་པའི་གྲོང་ཁྱེར་ཆེན་པོ་ནས་ཀྱང་ཚོང་དཔོན་གྱི་བུ་ལག་བཟང་ཚོང་དཔོན་གྱི་བུ་བརྒྱད་ཁྲི་བཞི་སྟོང་

གིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་འདུག་གོ། །བྲམ་ཟེའི་ཁྱེའུ་མིས་བྱིན་ཡང་བྲམ་ཟེའི་ཁྱེའུ་

ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་འཁོད་པར་གྱུར་ཏོ། །བྲམ་

ཟེའི་ཁྱེའུ་དགའ་བའི་ཟླ་བ་ཡང་གཡོག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་འདུག་གོ། །ལུས་འཕགས་

མོའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ཡང་སྲོག་ཆགས་ལྔ་སྟོང་གིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་གླང་པོའི་དབང་པོ་ནོར་སྐྱོང་ལ་ཞོན་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་དེ་བཞོན་དུ་རུང་བའི་ས་ཇི་ཙམ་པ་དེ་ཙམ་དུ་ནོར་སྐྱོང་ལ་ཞོན་ཏེ། ཁང་བུ་བརྩེགས་མས་

སོང་ནས་བཞོན་པ་ལས་བབས་ཏེ་རྐང་གིས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྲོག་ཆགས་ལྔ་སྟོང་དང་ལྷན་ཅིག་ཏུ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་

Vol. 55 · folio 179b

ལ་མིག་མི་འཛུམས་པར་ལྟ་ཞིང་འདུག་གོ། །གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱི་ནས་ཚོང་དཔོན་གྱི་བུ་ཡུལ་འཁོར་བཟང་པོ་ཞེས་བྱ་བ་ཡང་ཚོང་དཔོན་གྱི་བུ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་

ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་འདུག་གོ། །ལྷའི་དབང་པོ་བརྒྱ་བྱིན་དང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་འཇིག་རྟེན་སྐྱོང་བ་བཞི་དང་ལྷའི་བུ་དབང་ཕྱུག་ཆེན་པོ་དང་ལྷའི་བུ་ཟླ་བ་དང་། ལྷའི་བུ་ཤིན་ཏུ་རྣམ་པར་གནོན་

སེམས་དང་། ལྷའི་བུ་མཚན་བཟང་དང་། ལྷའི་བུ་གཞན་ཡང་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གཞལ་དུ་མེད་དཔག་ཏུ་མེད། ཚད་མེད་པ་དག་ལྷའི་བུ་རེ་རེ་ལ་ཡང་གཡོག་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། ལྷའི་བུ་

རེ་རེས་ཀྱང་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ནས་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་འཁོད་པར་གྱུར་ཏོ། །ཡང་དེའི་ཚེ་བཅོམ་ལྡན་འདས་སྤུའི་ཁུང་བུ་རེ་རེ་དང་དཔེ་བྱད་

བཟང་པོ་དང་མཚན་རེ་རེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འོད་ཕྱུང་སྟེ། འོད་ཟེར་དེ་རེ་རེས་ཀྱང་ཕྱོག་བཅུའི་ཕྱོགས་རེ་རེར་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །འཇིག་

རྟེན་གྱི་ཁམས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་འོངས་ཏེ། བྱང་ཆུབ་སེམས་དཔའ་རེ་རེ་ཡང་རིན་པོ་ཆེའི་ཁང་པ་བརྩེགས་པ་ཆེན་པོ་ནང་རྒྱར་དཔག་ཚད་བྱེ་བ་བརྒྱ་སྟོང་ཡོད་པ། རིན་པོ་ཆེའི་ཁ་ཁྱེར་གྱིས་བསྐོར་བའི་ནོར་བུ་དང་མུ་ཏིག་

དང་རིན་པོ་ཆེའི་ལྡ་ལྡིས་མཛེས་པར་བྱས་པ། རྒྱལ་མཚན་དང་བ་དན་བསྒྲེང་བའི་ནང་ན་གནས་ཤིང་ལྷའི་བུ་མོ་བྱེ་བ་ཕྲག་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་བསམ་གྱིས་མི་ཁྱབ་པས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་མེ་ཏོག་གི་སྤྲིན་དང་

Vol. 55 · folio 180a

རིན་པོ་ཆེའི་སྤྲིན་དང་ན་བཟའི་སྤྲིན་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་ཨ་ག་རུ་དང་སྤོས་ཀྱི་སྤྲིན་དང་ལྷའི་རོལ་མོ་དང་། ཕེག་རྡོབ་པ་དང་གླུའི་སྤྲིན་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་གཏོར་ནས་ཕྱོགས་གཅིག་ཏུ་འཁོད་དེ་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་

འཁོད་པར་གྱུར་ཏོ། །ཡང་དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཕྱོགས་ཙམ་ཡང་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་

བ་དང་། མི་དང་མི་མ་ཡིན་པ་དང་བྱང་ཆུབ་སེམས་དཔའ་རྒྱ་ཆེ་བ་རྒྱ་ཆེ་བ་དག་གིས་མ་ཁེབས་པར་གྱུར་པ་མེད་དོ་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་

ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་

སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་གང་དང་སྤྱོད་པ་ཇི་ལྟ་བུ་དང་ཚུལ་ཇི་ལྟ་བུ་དང་ཁྱད་པར་ཇི་ལྟ་བུ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་

དང་བརྩོན་འགྲུས་ཇི་ལྟ་བུ་དང་རབ་ཏུ་ཞི་བ་ཇི་ལྟ་བུ་དང་། ཡེ་ཤེས་ལ་མཁས་པ་ཇི་ལྟ་བུ་དང་དྲན་པ་ཇི་ལྟ་བུ་དང་རྟོགས་པ་ཇི་ལྟ་བུ་དང་བློ་གྲོས་ཇི་ལྟ་བུ་དང་། ཁྲེལ་མཆིས་པ་ཇི་ལྟ་བུ་དང་མོས་པ་ཇི་ལྟ་བུ་དང་། གོ་ཆ་ཇི་ལྟ་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་

Vol. 55 · folio 180b

ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྤྱོད་པས་བྱུང་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྩོན་

འགྲུས་སྦྱངས་པ་ལགས། ཇི་ལྟར་ན་ཤེས་རབ་ཆེ་བ་ལགས། ཇི་ལྟར་ན་ཡེ་ཤེས་ཆེན་པོ་ལ་མཁས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་རྣམ་པར་དག་པ་ལགས། ཇི་ལྟར་ན་ཇི་ལྟར་ཐོས་པའི་ཆོས་རྣམས་མི་བསྐྱུད་པས་དྲན་པ་དང་ལྡན་པ་ལགས། ཇི་ལྟར་ན་དགེ་བའི་རྩ་བ་ཇི་ལྟར་

བགྱིས་པ་བཞིན་དུ་སྐྱེས་པས་ཚེ་རབས་དྲན་པ་ལགས། ཇི་ལྟར་ན་སེམས་ཅན་གཞན་ལ་སྐུལ་བས་སྔོན་གྱི་གནས་པ་ལ་མཁས་པ་ལགས། ཇི་ལྟར་ན་དབང་པོའི་ཁྱད་པར་ལ་མཁས་པས་བློ་དང་ལྡན་པ་ལགས། ཇི་ལྟར་ན་མཚན་དང་ལྡན་པ་ལགས། ཇི་ལྟར་ན་སངས་རྒྱས་ལ་

ལྟ་བ་དང་ཆོས་ཉན་པ་དང་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་མི་འབྲལ་བ་ལགས། ཇི་ལྟར་ན་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞིང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མ་མཆིས་པར་དེ་དག་གི་ཆོས་ཀྱང་ཐོས་ལ་ཐམས་

ཅད་ཀྱང་ཀུན་ཏུ་འཛིན་ཀུན་ཆུབ་པར་བགྱིད། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལགས། ཇི་ལྟར་ན་མི་དགེ་བའི་རྩ་བ་ཐམས་ཅད་སྲེག་པས་མེ་ལྕེ་ལྟ་བུ་ལགས། ཇི་ལྟར་ན་ཆོས་དཀར་པོ་ཐམས་ཅད་ཁོང་དུ་ཆུད་པས་ཟླ་བ་ལྟ་བུ་ལགས། ཇི་ལྟར་ན་མ་རིག་པའི་མུན་པ་

ཐམས་ཅད་སེལ་བས་ཉི་མ་ལྟ་བུ་ལགས། ཇི་ལྟར་ན་དགེ་བའི་རྩ་བ་ཐམས་ཅད་ཀྱིས་འཕགས་པས་རི་བོའི་དབང་པོའི་རྒྱལ་པོ་ལྟ་བུ་ལགས། ཇི་ལྟར་ན་ཟབ་མོ་ལ་བཟོད་པ་མི་ཕྱེད་པས་རྡོ་རྗེ་ལྟ་བུ་ལགས། ཇི་ལྟར་ན་ལྷུན་པོ་བརྩེགས་པ་དང་མཚུངས་ཤིང་འདྲ་བས་མི་འཇིགས་པ་ཐོབ་པ་

ལགས། ཇི་ལྟར་ན་སྤོབས་པ་ཐོགས་པ་མ་མཆིས་པས་དབྱངས་ཤིན་ཏུ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཚིག་ཐམས་ཅད་རབ་ཏུ་དབྱེ་བ་རྣམ་པར་ངེས་པ་ལ་མཁས་པས་ཐོས་པ་མང་བ་ལགས། ཇི་ལྟར་ན་ཁྲོ་གཉེར་མ་མཆིས་ལ་བཞིན་འཛུམ་ཞིང་ཤིན་ཏུ་གསལ་བ་ལགས།

Vol. 55 · folio 181a

ཇི་ལྟར་ན་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ལགས། ཇི་ལྟར་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དབྱངས་ཀྱིས་གོ་བར་བགྱིད། ཇི་ལྟར་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མ་མཆིས་བ་སྤུའི་ཁུང་བུ་གཅིག་ཏུ་སྩལ་ཀྱང་སེམས་ཅན་རྣམས་ཀྱིས་

བདག་ཅག་གང་དུ་མཆིས་པ་ཡང་མ་འཚལ་ལ། བགྱིད་པ་དེ་ཡང་མ་འཚལ། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་ན་ཡང་ཀུན་ཏུ་གདའ་ལ། གནས་ནས་ཀྱང་མི་གཡོ།

ཇི་ལྟར་ན་སྐྲ་ཙམ་གྱི་ཁྱོན་གཅིག་ལ་དགའ་ལྡན་གྱི་གནས་ན་གནས་པ་དང་འཆི་འཕོ་བ་དང་མངལ་དུ་འཇུག་པ་དང་བཙས་པ་དང་མངོན་པར་འབྱུང་བ་དང་དཀའ་བ་སྤྱོད་པ་ལ་སྤྱོད་པ་དང་བྱང་ཆུབ་ཀྱི་སྙིང་པོར་མཆི་བ་དང་བདུད་ལས་རྒྱལ་བ་དང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་

སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་ཅིང་བསྟན་པ་གནས་པར་ཀུན་ཏུ་བསྟན་པ་ཡང་སྟོན། ཇི་ལྟར་ན་སེམས་ཀྱི་སྐད་ཅིག་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་འཚལ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་

ཆུབ་སེམས་དཔའ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་ལེགས་སོ་ལེགས་སོ་བཟང་སྐྱོང་ཁྱོད་འདི་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཤིང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་འདི་ལྟར་ཁྱོད་

སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། བཟང་སྐྱོང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་བཟང་སྐྱོང་ཁྱོད་ཡང་ལེགས་སོ། །བཟང་སྐྱོང་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་བཅོམ་

ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང་བྱང་ཆུབ་སེམས་དཔའི་སྤྱོད་པ་སངས་རྒྱས་ཀྱིས་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དེ་ལ་

Vol. 55 · folio 181b

གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་གྱི་ཁྱད་པར་འདི་དག་དང་གཞན་རྣམས་ཀྱང་འཐོབ་བོ། །བཟང་སྐྱོང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་

དང་མཚན་ཉིད་རབ་ཏུ་རྟོགས་པ་དང་ཕྱིན་ཅི་ལོག་གི་མཚན་ཉིད་ཡང་དག་པར་འཇོམས་པ་དང་། བདག་གི་བག་ཆགས་ཀྱི་ས་ཡོངས་སུ་མི་འཛིན་པ་དང་། གཞན་མི་དམིགས་པ་དང་། སྲོག་ལ་རློམ་སེམས་མེད་པ་དང་། འཁོར་བ་ལ་མི་འཇུག་པ་དང་། དངོས་པོ་ཡོངས་སུ་ཤེས་

པ་དང་ཞི་གནས་བསྒོམ་པ་དང་ལྷག་མཐོང་མངོན་སུམ་དུ་བྱེད་པ་དང་། སེམས་གནས་པ་དང་དྲན་པ་མི་གཡེང་བ་དང་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བ་དང་། དགེ་བའི་ཕྱོགས་ལ་ཡང་དག་པར་སྟེན་པ་དང་མི་དགེ་བའི་ཕྱོགས་སེལ་བ་དང་། ཆགས་པ་དང་ཞེ་སྡང་དང་གཏི་མུག་རབ་ཏུ་

ཞི་བ་དང་མ་རིག་པ་སེལ་བ་དང་རིག་པ་ལ་ཡང་དག་པར་སྟེན་པ་དང་། རྒྱུ་ཡོངས་སུ་ཤེས་པ་དང་ལྟ་བ་ཡང་དག་པར་འཇོམས་པ་དང་རྣམ་པར་ཤེས་པ་དང་བྲལ་བ་དང་། ཡེ་ཤེས་འབྱུང་བ་དང་སྲིད་པ་ཟད་པ་དང་དགའ་བའི་འདོད་ཆགས་སྤོང་བ་དང་སངས་རྒྱས་ལ་གཅིག་ཏུ་ངེས་པ་དང་

ཆོས་ལ་ནེམ་ནུར་མེད་པ་དང་། དགེ་འདུན་ལ་རྣམ་པར་མི་རྟོག་པ་དང་མི་འབྱེད་པའི་ཚིག་དང་འཐུན་པར་སྡུམས་བྱེད་པ་དང་། དབེན་པ་ལ་གཞོལ་བ་དང་བཀའ་བློ་བདེ་བ་དང་མུ་ཅོར་དུ་མི་སྨྲ་བ་དང་ཟང་ཟིང་མེད་པ་དང་། ཁ་ན་མ་ཐོ་བ་སྤོང་བ་དང་སྡིག་པ་ཐམས་ཅད་མི་བྱེད་པ་དང་འབྲེལ་པ་

མདུན་དུ་བྱེད་པ་དང་། འཕུབ་མི་བྱེད་པ་དང་འཇིག་རྟེན་གྱི་ཡ་མཚན་ལ་མངོན་པར་དགའ་བ་མེད་པ་དང་། འཁོར་བ་ལ་ཉེས་དམིགས་སུ་ལྟ་བ་དང་མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་བ་དང་། ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་འདོད་པ་དང་། གཡོ་མེད་

པ་དང་གྱ་གྱུ་མེད་པ་དང་སྒྱུ་མེད་པ་དང་། ཚུལ་འཆོས་པ་མེད་པ་དང་ཁ་གསག་མེད་པ་དང་། གཞོགས་སློང་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། རྙེད་པ་དང་བཀུར་སྟི་ཡོངས་སུ་སྤོང་བ་དང་། བརྩོན་འགྲུས་བརྩམས་པ་དང་ཤིན་ཏུ་བཟོད་པ་དང་། ལེ་ལོ་མེད་པ་དང་སྒྲིབ་པ་སྤོང་བ་

Vol. 55 · folio 182a

དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དང་ཚུལ་ཁྲིམས་ཀྱི་ཕུང་པོ་སྐྱོན་མེད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ལས་མི་གཡོ་བ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་མི་གནས་པ་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པས་མི་ངོམས་པ་དང་།

བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་རྣམ་པར་འཕྲུལ་པ་དང་། རྫུ་འཕྲུལ་གྱི་རྐང་པས་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྩེན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་སྒྱུར་བ་དང་། བློ་ཐ་དད་པ་མེད་པ་དང་བེམས་པོ་མ་ཡིན་པ་དང་མི་

འོན་མི་ལྐུགས་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པ་དང་ཀུན་ནས་མནར་སེམས་ཀྱི་དངོས་པོ་རྣམ་པར་སྤོང་བ་དང་། སྐྱེས་བུ་དམ་པའི་གནས་ཐོབ་པ་དང་སྐྱེས་བུ་ངན་པ་ལ་མི་ལྟ་བ་དང་བྱིས་པ་རྣམས་རྣམ་པར་སྤོང་བ་དང་མཁས་པ་དང་འགྲོགས་པ་དང་། དྲན་པའི་སྟོབས་བསྐྱེད་པ་

དང་། ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲི་བ་དང་། དབེན་པ་ལ་གནས་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། ཆོས་རྣམས་ལ་བཟོད་པ་དང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་སྟེ། འདི་ནི་བཟང་

སྐྱོང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་བ་སྟེ། ཏིང་ངེ་འཛིན་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པས་ཤེས་པ་འཐོབ་བོ། །བཟང་སྐྱོང་གཞན་ཡང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་

ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་། ཚིག་ཐམས་ཅད་ལ་མཚམས་སྦྱར་བར་ཤེས་པ་དང་ཁྱིམ་གྱི་དངོས་པོ་ཡོངས་སུ་གཏོང་བ་དང་། ཁམས་གསུམ་ལ་མངོན་པར་མི་དགའ་བ་དང་སེམས་མ་ཞུམ་པ་དང་། ཆོས་ཐམས་ཅད་ལ་མངོན་པར་

མ་ཞེན་པ་དང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཆོས་སྦེད་པ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་འདུལ་བ་ལ་མཁས་པ་དང་། རྩོད་པ་ཉེ་བར་ཞི་བ་དང་འཐབ་པ་མེད་པ་དང་། འགྱེད་པ་མེད་པ་དང་། བཟོད་པ་ཡང་དག་པར་འཛིན་པ་དང་། རྟོགས་པ་ཡང་

Vol. 55 · folio 182b

དག་པར་འཛིན་པ་དང་། རྟོགས་པ་མཉམ་པ་ཉིད་དང་། ཆོས་ཉིད་རབ་ཏུ་དབྱེ་བ་ལ་མཁས་པ་དང་། ཆོས་གཏན་ལ་དབབ་པ་ལ་མཁས་པ་དང་། ཆོས་ཀྱི་ཚིག་ལ་མཁས་པ་དང་། ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཤེས་པ་དང་། སྔོན་གྱི་མཐའ་ཤེས་པ་དང་། ཕྱི་མའི་མཐའ་ཤེས་པ་

དང་། ད་ལྟར་བྱུང་བ་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དང་། འཁོར་གསུམ་ཡོངས་སུ་དག་པ་ཤེས་པ་དང་། ལུས་ཀྱི་གནས་ཤེས་པ་དང་། སེམས་ཀྱི་གནས་ཤེས་པ་དང་། སྤྱོད་ལམ་སྲུང་བ་ཤེས་པ་དང་། ལས་རྣམ་པར་དག་པ་དང་། སྒྲིབ་པ་ལས་ཤིན་ཏུ་

འདའ་བ་དང་། ཕུང་པོ་ཡོངས་སུ་ཤེས་པ་དང་། ཁམས་མཉམ་པ་ཉིད་དུ་ཤེས་པ་དང་། སྐྱེ་མཆེད་སེལ་བ་དང་། སྲིད་པ་སྤོང་བ་དང་། མི་སྐྱེ་བའི་བཟོད་པའི་བྱ་བ་འཇུག་པ་དང་། རྒྱུ་སྟོན་པ་དང་། ལས་དང་འབྲས་བུ་ཆུད་མི་གཟོན་པ་དང་། ཆོས་མཐོང་བ་དང་ལམ་སྒོམ་པ་དང་། དེ་བཞིན་

གཤེགས་པ་རྣམས་དང་ཕྲད་པ་དང་། ཤེས་རབ་རྣོ་བ་དང་། ཚིག་རབ་ཏུ་དབྱེ་བ་ཤེས་པ་དང་། སྒྲ་ཡོངས་སུ་ཤེས་པ་དང་། མཆོག་ཏུ་དགའ་བ་ཐོབ་པ་དང་། ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་དང་། དྲན་པ་དང་། མཉེན་པ་དང་། ངང་བདེ་བ་དང་ཁྲོ་གཉེར་མེད་པ་དང་། དེས་པ་དང་འགྲོགས་ན་

བདེ་བ་དང་ཚིག་འཇམ་པ་དང་། གསོང་པོར་སྨྲ་བ་དང་ཚུར་ཤོག་ལེགས་པར་འོངས་སོ་ཞེས་སྨྲ་བ་དང་། སྙོམ་ལས་མེད་པ་དང་བླ་མ་ལ་གུས་པ་དང་། བླ་མ་ལ་སྲི་ཞུ་ཆེ་བ་དང་སྐྱེ་བ་ལ་མི་དགའ་བ་དང་། ཆོས་དཀར་པོས་མི་ངོམས་པ་དང་འཚོ་བ་རྣམ་པར་དག་པ་དང་། དགོན་པའི་གནས་

མི་གཏོང་བ་དང་། ས་རྣམ་པར་འཇོག་པ་དང་། དྲན་པ་ཆུད་མི་གཟོན་པ་དང་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་། མངོན་པར་ཤེས་པ་མངོན་དུ་བྱ་བ་ལ་འཇུག་པ་དང་། ཉོན་མོངས་པ་སེལ་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་

འཇོམས་པ་དང་། ཁྱད་པར་དུ་འགྲོ་བ་དང་སྒོམ་པའི་རྒྱུ་འཐུན་པ་དང་། ལྟུང་བ་ལས་འབྱིན་པ་ལ་མཁས་པ་དང་། ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་། བག་ལ་ཉལ་བ་སྤོང་བ་དང་། སྲིད་པ་ལས་ཤིན་ཏུ་འདའ་བ་དང་། ཚེ་རབས་དྲན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་

Vol. 55 · folio 183a

ཐེ་ཚོམ་མེད་པ་དང་། ལས་ལ་སེམས་པ་དང་སྐྱེ་བ་ལ་ཡིད་མི་རྟོན་པ་དང་། ལས་མངོན་པར་འདུ་མི་བྱེད་པ་དང་ནང་གི་སྐྱེ་མཆེད་ཡིད་ལ་མི་བྱེད་པ་དང་། ཕྱིའི་སྐྱེ་མཆེད་རྣམས་ལ་ཀུན་ཏུ་མི་རྒྱུ་བ་དང་། བདག་ལ་མི་སྟོད་པ་དང་གཞན་ལ་མི་སྨོད་པ་དང་། མི་དགའ་བ་ལ་

མི་ཞེན་པ་དང་སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་དང་། ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་དང་བསྙེན་པར་དཀའ་བ་དང་། གཟི་བརྗིད་ཆེ་བ་དང་བདག་ཤེས་པ་དང་ཉམས་པ་མེད་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་ལ་གནས་པ་དང་གནོད་སེམས་མེད་པ་དང་ཚིག་མི་བརླང་བ་དང་གཞན་ལ་མི་གནོད་པ་དང་།

མཛའ་བོ་རྗེས་སུ་སྲུང་བ་དང་རྣམ་པར་མི་འཚེ་བའི་ངང་ཚུལ་དང་ལྡན་པ་དང་། སེམས་ཅན་ལ་གནོད་པ་མི་བྱེད་པ་དང་ཚིག་འཇམ་པ་དང་། ཁམས་གསུམ་པ་ལ་མི་གནས་པ་དང་གསང་བའི་ཚིག་རྣམས་སྲུང་བ་དང་། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དང་འཐུན་པར་བཟོད་པ་དང་ཐམས་ཅད་

མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་འདུན་པ་དང་ཡེ་ཤེས་གསལ་བ་དང་། ཚུལ་ཁྲིམས་བརྟན་པ་དང་སྙོམས་པར་འཇུག་པ་ལ་འཇུག་པ་དང་། གཅིག་པུར་དགའ་བ་དང་ཅུང་ཟད་ཤེས་པས་ཆོག་པར་མི་འཛིན་པ་དང་། སེམས་ཞུམ་པ་མེད་པ་དང་ལྟ་བར་གྱུར་པ་རྣམ་པར་སྤོང་བ་དང་། གཟུངས་

ཐོབ་པ་དང་ཡེ་ཤེས་ཐོབ་པ་དང་གནས་དང་གནས་མ་ཡིན་པ་ལ་ནན་ཏན་བྱེད་པ་དང་། གཏན་ཚིགས་དང་རིགས་པ་དང་ཚུལ་གྱི་སྒོར་གྱུར་པ་དང་། འདོམས་པ་དང་རྗེས་སུ་སྟོན་པ་དང་སྤྱོད་པ་འཐུན་པར་བཟོད་པ་དང་བཟོད་པའི་ས་དང་ལྡན་པ་དང་། མི་བཟོད་པ་མེད་པ་དང་ཡེ་ཤེས་ཀྱི་

ས་དང་ལྡན་པ་དང་། མི་ཤེས་པ་སྤོང་བ་དང་། ཡེ་ཤེས་ལ་གནས་པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་ཤེས་པ་དང་སེམས་ངེས་པར་སེམས་པ་དང་། སྐྱེ་བར་ཉིང་མཚམས་མི་སྦྱོར་

བ་དང་ཉིང་མཚམས་མི་སྦྱོར་བ་ཤེས་པ་དང་ཁུར་བོར་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདོད་ཆགས་སྤོང་བ་དང་། ཞེ་སྡང་དང་བྲལ་བ་དང་གཏི་མུག་སྤོང་བ་དང་རྣལ་འབྱོར་ལ་བརྩོན་པ་དང་། མི་རིགས་པ་དང་བྲལ་བ་དང་། དགེ་བའི་ཆོས་ལ་འདུན་པ་དང་ལྷག་པའི་བསམ་

Vol. 55 · folio 183b

པ་ལ་ནན་ཏན་བྱེད་པ་དང་མཚན་མོ་མི་ཉལ་བ་དང་། སྤོང་བ་མི་གཏོང་བ་དང་ཆོས་དཀར་པོ་རྣམས་ཀུན་དུ་སྲུང་བ་དང་། དགེ་བའི་རྩ་བ་སྔོན་དུ་འགྲོ་བ་དང་། ཐབས་ལ་མཁས་པ་ཤེས་པ་དང་མཚན་མ་སྤོང་བ་དང་འདུ་ཤེས་ལས་ལྡོག་པ་དང་། མདོ་སྡེ་མངོན་པར་སྒྲུབ་པ་དང་འདུལ་བ་ལ་མཁས་

པ་དང་། བདེན་པ་ལ་རྣམ་པར་ངེས་པ་དང་རྣམ་པར་གྲོལ་བ་ལ་མངོན་སུམ་དུ་བྱ་བ་ལ་འཇུག་པ་དང་། ཚིག་གཅིག་ཏུ་ངེས་པ་དང་། གཙིགས་པར་སྨྲ་བ་དང་ཡེ་ཤེས་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། ཐོས་པ་ཡོངས་སུ་ཚོལ་བ་དང་ཡེ་ཤེས་ཀྱིས་མི་ངོམས་པ་དང་། སེམས་ཡོངས་སུ་དག་

པ་དང་། ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། དོགས་པ་མེད་པའི་ཚིག་དང་སྟོང་པ་ཉིད་ལ་ཀུན་ཏུ་སྟེན་པ་དང་། མཚན་མ་མེད་པ་ལ་སྟེན་པ་དང་སྨོན་པ་མེད་པའི་ངོ་བོ་ཉིད་ཀྱིས་མི་དམིགས་པར་ཤེས་པ་དང་། མི་འཇིགས་པ་ཐོབ་པ་དང་སྡུག་བསྔལ་བ་རྣམས་ལ་

མི་བརྙས་པ་དང་། དེ་དག་ལ་ནོར་སྦྱིན་པ་དང་དབུལ་པོ་རྣམས་ལ་ཁྱད་དུ་མི་གསོད་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་བརྩེ་ཞིང་སྙིང་རྗེ་བའི་བློ་དང་ལྡན་པ་དང་། ཕན་པའི་དངོས་པོ་དང་ལྡན་པ་དང་ཆོས་ཀྱིས་ཕན་འདོགས་པ་དང་། ཟང་ཟིང་ཡོངས་སུ་གཏོང་བ་དང་ཚུལ་ཁྲིམས་དང་

ལྡན་པ་ལ་གཡོ་མེད་པར་སྟེན་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ལྷག་པའི་བསམ་པས་མགྲོན་དུ་གཉེར་བ་དང་ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་དང་། ཕྱིར་ཞིང་བརྩོན་པ་དང་བསྟི་སྟང་བྱས་པས་དགའ་བ་མྱོང་བ་དང་། དཔེ་ཤེས་པ་དང་སྔོན་བྱུང་བ་ལ་མཁས་པ་དང་།

མིང་དང་བརྡར་བརྟགས་པ་ལ་འཇུག་པ་ཤེས་པ་དང་བཏགས་པ་ཀུན་ཏུ་འཇོམས་པ་དང་། བཀུར་སྟི་བྱེད་པ་ལ་མངོན་པར་དགའ་བ་མེད་པ་དང་བཀུར་སྟི་མི་བྱེད་པ་ལ་བཏང་སྙོམས་སུ་བྱེད་པ་དང་། རྙེད་པ་དོན་དུ་མི་གཉེར་བ་དང་མ་རྙེད་པས་སྲོ་ཤི་བར་མི་འགྱུར་བ་དང་གྲགས་པ་ལ་མངོན་པར་

འདོད་པ་མེད་པ་དང་། མ་གྲགས་པ་ལ་ཁོང་ཁྲོ་བ་མེད་པ་དང་བསྔགས་པ་ལ་རྗེས་སུ་ཆགས་པ་མེད་པ་དང་། སྨད་པ་ལ་སྤ་གོང་བར་མི་འགྱུར་བ་དང་བདེ་བ་ལ་མངོན་པར་མི་ཆགས་པ་དང་། སྡུག་བསྔལ་གྱིས་མི་སྐྱོ་བ་དང་འདུ་བྱེད་ཀུན་ཏུ་མི་འཛིན་པ་དང་། ཡང་དག་པའི་བསྔགས་

Vol. 55 · folio 184a

པ་ལ་མི་ཆགས་པ་དང་ཡང་དག་པ་མ་ཡིན་པའི་བརྗོད་པ་དང་དུ་ལེན་པ་དང་། སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་དང་སྤྱོད་ཡུལ་ལ་འཇུག་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་མི་ཚུལ་བ་རྣམ་པར་སྤོང་བ་དང་། སེམས་ཅན་གྱི་དགེ་བའི་རྩ་བ་ཆུང་ངུ་ལ་མི་སྨོད་

པ་དང་བསྟན་པ་ཀུན་ཏུ་སྲུང་བ་དང་། སྨྲ་བ་ཉུང་བ་དང་མཉེན་པ་དང་སྐབས་ཀྱི་ཚིག་ལ་མཁས་པ་དང་། ཕྱིར་རྒོལ་བ་ཚར་གཅོད་པ་དང་དུས་སུ་འགྲོ་བ་དང་སྤྱོད་ལམ་བརྟགས་པ་མ་ཡིན་པ་དང་། སྤྱོད་ལམ་མཛེས་པ་དང་དོན་དང་དོན་མ་ཡིན་པ་ཤེས་པ་ལ་མཁས་པ་དང་། འཇིག་

རྟེན་ཤེས་པ་དང་བསྟན་བཅོས་ཤེས་པ་དང་། གསལ་བར་སྨྲ་བ་དང་ལག་རྐྱོང་བ་དང་སེམས་ཤིན་ཏུ་འཛིན་པ་དང་། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་དང་མི་དགེ་བའི་སེམས་ལ་སྨོད་པ་དང་སྦྱངས་པའི་ཡོན་ཏན་མི་གཏོང་བ་དང་སྤྱོད་པ་ཡང་དག་པར་འཛིན་པ་དང་། མཛེས་པར་ཀུན་ཏུ་རྒྱུ་བ་

དང་བླ་མ་ལ་ལྡང་བ་དང་སྟན་གདིང་བ་དང་། ང་རྒྱལ་ཚར་གཅོད་པ་དང་སེམས་ཡང་དག་པར་འཛིན་པ་དང་། དོན་རབ་ཏུ་རྟོགས་པ་ཤེས་པ་དང་ཡེ་ཤེས་བསྐྱེད་པ་དང་མི་ཤེས་པ་དང་བྲལ་བ་དང་སེམས་ལ་འཇུག་ཤེས་པ་དང་། སེམས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་ཅིང་ཤེས་པ་དང་། སྒྲུབ་པ་དང་

མི་བསྒྲུབ་པ་སྒྲུབ་པ་ལ་མཁས་པའི་ཡེ་ཤེས་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། ངེས་པའི་ཚིག་རྣམ་པར་གཞག་པ་ཤེས་པ་དང་དོན་རྣམ་པར་ངེས་པ་ཤེས་པ་དང་། དོན་མ་ཡིན་པ་རྣམ་པར་སྤོང་བ་དང་། བསམ་གཏན་རྣམས་སྒྲུབ་པ་དང་། དེ་དག་

གི་རོ་མྱོང་བར་མི་བྱེད་པ་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་ཞིང་སོ་སོར་རྟོག་པ་དང་། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། གནས་དང་གནས་མ་ཡིན་པ་ལ་རྣམ་པར་ལྟ་བ་དང་། ལས་ཐམས་ཅད་འབྱེད་པ་དང་། ལས་དང་

རྣམ་པར་སྨིན་པ་མེད་པ་ལ་འཇུག་པ་ཤེས་པ་དང་། མོས་པ་སྣ་ཚོགས་ལ་འཇུག་པ་དང་བརྗེད་ངས་པ་མེད་པ་དང་ཁམས་སྣ་ཚོགས་དང་། ཁམས་དུ་མ་མངོན་སུམ་དུ་གྱུར་པ་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀུན་ཏུ་མཐོང་བ་དང་། ཚངས་པའི་དབྱངས་ཀྱིས་ཏིང་ངེ་འཛིན་ལ་རྣམ་པར་རྩེན་

Vol. 55 · folio 184b

པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་གཅིག་པ་དང་། མིང་མེད་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། ཀུན་ཏུ་འགྲོ་བའི་ལམ་ཤེས་པས་ལྟ་བ་དང་། ཟག་པ་ཟད་པ་དང་། སྤོང་བ་དུས་གཅིག་ཏུ་ཐོབ་པ་ཤེས་པ་དང་། ལྷའི་མིག་ཐོགས་པ་མེད་པས་ལྟ་བ་

དང་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པས་རྣམ་པར་རྩེན་པ་དང་། གཟུགས་དང་གཟུགས་མེད་པ་མཉམ་པ་ཉིད་དུ་འཇུག་པ་ཤེས་པ་དང་། དབྱངས་ཀྱི་ཡན་ལག་གི་ཚུལ་གྱི་གཟུངས་ལ་འཇུག་པ་ཤེས་པ་དང་། སྐད་ཐམས་ཅད་བྲག་ཅའི་སྐད་དང་མཚུངས་པ་ཉིད་དུ་ཤེས་པ་དང་། ཅི་རིགས་པར་

ཆོས་སྟོན་པ་དང་སེམས་ཅན་ཐམས་ཅད་ལ་ལེགས་པར་བཤད་པས་ཚིམ་པར་བྱེད་པ་དང་། དབང་པོ་རྗེ་བ་ཤེས་པ་དང་དུས་དང་དུས་མ་ཡིན་པར་རྣམ་པར་ལྟ་བ་དང་། ཡང་དག་པའི་མཐའ་དང་རྗེས་སུ་འཇུག་པ་ཤེས་པ་དང་། འབྲས་བུ་ཡོད་པའི་ཆོས་སྟོན་པ་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་

ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་དང་། ཚར་གཅོད་པ་མཁས་པར་ཤེས་པ་དང་བརྟགས་པ་མ་ཡིན་པའི་སྤྱོད་ལམ་དང་ལྡན་པ་དང་། ཆོས་ཀྱི་དབྱིངས་འདྲེས་པ་མེད་པར་ཡང་དག་པར་འདུ་བ་ལ་འཇུག་པ་ཤེས་པ་དང་རྟོག་པ་དང་། རྣམ་པར་རྟོག་

པ་དང་ཡོངས་སུ་རྟོག་པ་ཐམས་ཅད་ཡང་དག་པར་འཇོམས་པ་དང་། སྐད་ཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ལུས་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མིག་ཡོར་ལྟ་བུའི་ལུས་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཆོས་ཐམས་ཅད་བསྟན་པ་ཀུན་ཏུ་འཛིན་ཅིང་བརྗེད་པ་མེད་པ་དང་། ཐེག་པ་ཆེན་པོ་ལས་མི་ཉམས་པ་དང་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་སྟོན་པ་ལ་མཁས་པ་དང་། དཀོན་མཆོག་གསུམ་གྱི་རིགས་ཡང་དག་པར་འཛིན་པ་དང་། སྐྱེ་བའི་གནས་ཐམས་ཅད་དུ་བྱ་བ་ཅི་

རིགས་པར་ཀུན་ཏུ་སྟོན་པ་དང་། ཕྱི་མའི་མཐའི་བསྐལ་པ་བྱེ་བར་གོ་ཆ་གྱོན་ཀྱང་ཡོངས་སུ་མི་སྐྱོ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པར་ཤེས་པ་དང་། དབྱངས་ཀྱི་ཡན་ལག་ཐམས་ཅད་མངོན་པར་བསྒྲུབ་པ་ཤེས་པ་དང་། བསྐལ་པ་གཅིག་

Vol. 55 · folio 185a

བསྐལ་པ་གྲངས་མེད་པ་ལ་འཇུག་པ་ཤེས་པ་དང་། ཆོས་ཐམས་ཅད་ལ་མངོན་པར་འབྱུང་བའི་གནས་ཤེས་པ་དང་ཞིང་ཐམས་ཅད་ཡང་དག་པར་འདུ་བ་ལ་འཇུག་པ་ཤེས་པ་དང་། བསྐལ་པ་གྲངས་མེད་པ་བསྐལ་པ་གཅིག་ལ་འཇུག་པ་ཤེས་པ་དང་། ཞིང་

གཅིག་ཞིང་ཐམས་ཅད་དུ་སྟོན་པ་ཤེས་པ་དང་སེམས་ཅན་གཅིག་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཡང་དག་པར་འདུ་བ་ལ་འཇུག་པ་ཤེས་པ་དང་། སྐྲ་ཙམ་གྱི་ཁྱོན་གཅིག་ལ་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་འཇུག་པ་ཤེས་པ་དང་། རང་གི་ལུས་ཀྱི་སྤུའི་ཁུང་བུའི་

ཕྱོགས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་འཇུག་པ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའ་དང་མཚུངས་པ་ཉིད་དུ་ཁོང་དུ་ཆུད་ཅིང་ཤེས་པ་དང་། རང་གི་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་རྒྱས་པར་

དགང་བ་ཤེས་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པར་ཤེས་པ་ལ་མཁས་པར་ཤེས་པ་དང་། ལུས་ཐམས་ཅད་ལ་ལུས་འཇུག་པ་ཤེས་པ་དང་། སྐད་གཅིག་བརྗོད་པས་སྐད་ཐམས་ཅད་ངེས་པར་སྒྲོག་པ་ཤེས་པ་དང་། ཐབས་མཁས་པ་ཐམས་ཅད་ཀྱི་ཚུལ་རྟོགས་

པར་ཤེས་པ་དང་། ཚིག་གཅིག་ལས་བརྩམས་ཏེ་བསྐལ་པ་བྱེ་བ་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་སྟོན་པ་ཤེས་པ་དང་། སྤོབས་པ་རྒྱུན་མི་འཆད་པ་དང་སྒྲུབ་པ་དང་མི་སྒྲུབ་པ་ཤེས་པ་ལ་རྣམ་པར་དཔྱོད་པ་དང་། ཕྲུགས་དང་ཆ་དང་སྣྲེལ་ཞིའི་འབྱེད་པ་བསྟན་པ་ཤེས་པ་

དང་། ཐབས་དང་ཤེས་རབ་ཆེན་པོའི་འོད་ཟེར་རབ་ཏུ་གཏོང་བ་ཤེས་པ་དང་། བདུད་ཀྱི་ལམ་ཐམས་ཅད་ལས་ཤིན་ཏུ་འདའ་བ་ཤེས་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞིས་སེམས་ཅན་གྱི་ཁམས་ཐམས་ཅད་

ཚིམ་པར་བྱེད་ཅིང་། བསོད་ནམས་མངོན་པར་འདུ་བྱེད་པས་རྫུ་འཕྲུལ་ཐོབ་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་བརྗོད་པ་ཁོང་དུ་ཆུད་པ་དང་། ཕྱོགས་བཅུའི་འཇིག་རྟེན་

Vol. 55 · folio 185b

གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་སྡུད་པ་དང་། སྒྱུ་མ་ལྟ་བུའི་ཆོས་སྒྲུབ་པ་ལ་ཐེ་ཚོམ་མེད་པ་དང་། ཡོ་བྱད་ལ་དབང་ཐོབ་པ་དང་སྐྱེ་བ་ཐམས་ཅད་ལ་དབང་ཐོབ་པ་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་འཆལ་པ་དང་ཚུལ་ཁྲིམས་དང་ལྡན་

པ་མཚུངས་པ་སྦྱིན་པའི་གནས་སུ་སེམས་པ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཆོས་དང་ལྡན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤུའི་ཁུང་བུ་གཅིག་གི་འོད་ཟེར་གྱི་དྲ་བས་ཁེབས་པར་བྱེད་པ་དང་། བྱང་ཆུབ་སེམས་

དཔའ་ཐམས་ཅད་ཀྱི་གསང་བ་ཐོབ་པ་དང་། མཚོ་ཆེན་པོ་རྒྱ་མཚོའི་གཏིང་ཚོད་ཡངས་པ་ཤེས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཟེར་ཆེན་པོའི་དྲ་བ་རབ་ཏུ་གཏོང་བ་ཤེས་པ་དང་། སེམས་ས་དང་ཆུ་དང་མེ་དང་རླུང་དང་མཉམ་པ་དང་། དེ་བཞིན་

གཤེགས་པའི་ས་ལ་འཇུག་པ་ཤེས་པ་དང་། ཚིག་དང་ངེས་པའི་ཚིག་བསྟན་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་མ་བསྟན་པར་རང་གིས་བཟོད་པ་ཐོབ་པ་ཤེས་པ་དང་། སྤུའི་ཁུང་བུ་གཅིག་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱ་མཚོའི་ཆུའི་ཕུང་པོ་

རབ་ཏུ་འཐོར་བ་ཤེས་ཤིང་སེམས་ཅན་ལ་ཆུས་གནོད་པ་ཡང་མེད་པ་དང་། སེམས་རིན་པོ་ཆེ་ལྟ་བུ་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་སེལ་བ་ཤེས་པ་དང་། དགེ་བའི་རྩ་བ་དང་བསོད་ནམས་ཚད་མེད་པ་སོགས་པ་དུས་གསུམ་དུ་ཡོངས་སུ་བསྔོ་བ་ལ་མཁས་པའི་ཆོ་ག་ཤེས་

པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པས་དབུགས་འབྱིན་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྤྲུལ་པའི་བྱིན་གྱི་རླབས་ཤེས་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཐམས་ཅད་ལ་འཇུག་པ་ཤེས་པ་དང་། རང་གི་

སྨོན་ལམ་རྒྱུན་མི་གཅོད་ཅིང་སེམས་ཅན་ཉེ་བར་འཛིན་པའི་སྤྱོད་པའི་བྱིན་གྱིས་བརླབ་པ་ཀུན་ཏུ་སྟོན་པ་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རྣམ་པར་ལྟ་བ་མངོན་སུམ་དུ་ཤེས་པ་དང་། དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་ཤེས་པ་དང་། སེམས་ཞི་ཞིང་རབ་ཏུ་

Vol. 55 · folio 186a

ཞི་ལ་ཉེ་བར་ཞི་བ་དང་འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དགའ་བ་དང་། རྩེ་བ་དང་ལོངས་སྤྱོད་ཐམས་ཅད་ཀུན་ཏུ་བསྟན་པ་ཤེས་པ་དང་། ཐོས་པ་ཚད་མེད་པ་འཛིན་པ་ཡང་དག་པར་རྫོགས་པ་དང་ཐོས་པ་ཐམས་ཅད་ཀྱིས་མི་ངོམས་ཤིང་མི་ཆོག་ལ་རྒྱུན་མི་

གཅོད་པ་དང་། ཆོས་ཐམས་ཅད་མི་དམིགས་པ་དང་འཇིག་རྟེན་གྱི་བྱ་བ་དང་། ཚུལ་སྣ་ཚོགས་ལ་འཇུག་པ་དང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ལྐུགས་པ། རྣ་མི་གསང་བ། གྲུམ་པོ། བླུན་

པོ། འོན་པ། ལོང་བ་ཐམས་ཅད་ལ་སྤྱོད་ལམ་ཀུན་ཏུ་སྟོན་པ་དང་། བསྐལ་པ་གྲངས་མེད་པ་སེ་གོལ་གཅིག་གཏོགས་པ་སྲིད་དུ་བྱིན་གྱིས་རློབ་ཅིང་ཆོས་སྟོན་པ་ཤེས་པ་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ཟིལ་གྱིས་མནན་པའི་ཕྱིར་ལག་ན་རྡོ་རྗེ་བརྒྱ་སྟོང་གྲངས་མེད་བསམ་

གྱིས་མི་ཁྱབ་གཞལ་དུ་མེད་དཔག་ཏུ་མེད་ཚད་མེད་པ་ཕྱི་བཞིན་འབྲང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དབུལ་པོ་དང་སྡུག་ཕོངས་པ་བྱིན་གྱིས་རློབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་རང་འབྱུང་གི་ཡེ་ཤེས་ལ་ལྟ་བ་ལ་མངོན་སུམ་དུ་ཤེས་པ་དང་། ཉན་ཐོས་དང་

རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ལམ་ཀུན་ཏུ་སྟོན་པ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱིན་གྱིས་རློབ་པ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གྲངས་མེད་ཅིང་བསམ་

གྱིས་མི་ཁྱབ་པ་མཚུངས་པ་མེད་གཞལ་དུ་མེད་དེ། ཚད་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་སེམས་ཀྱི་སྐད་ཅིག་གཅིག་ལ་བསྟན་པ་ཐོགས་པ་མེད་པ་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཁ་དོག་དང་སྤྱོད་ལམ་

བསྐལ་པར་ཀུན་ཏུ་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་གཅོད་པ་དང་། བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་ལྷའི་བུ་མོ་གླུ་ལེན་

Vol. 55 · folio 186b

ཅིང་རོལ་མོའི་དབྱངས་སྒྲ་དང་། སིལ་སྙན་སྣ་ཚོགས་དང་ཕེག་རྡོབ་པ་དང་། གླུ་དབྱངས་ལེན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ཤེས་པ་དང་། གནས་གང་

ནས་ཀྱང་གཡོ་བ་མེད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟ་ཞིང་བསྙེན་བཀུར་བྱ་བ་དང་། མཆོད་པའི་ལས་རྒྱུན་མི་གཅད་པ་ཤེས་པ་དང་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཐོང་བ་དང་ཐོས་པ་དོན་ཡོད་པ་འདོད་ཅིང་གནས་པ་དང་། སེམས་ཅན་ཡོངས་སུ་

སྨིན་པ་རྣམས་ཇི་ལྟ་བ་བཞིན་དུ་གདུལ་བའི་ཕྱིར་སེམས་ཀྱིས་སྐད་ཅིག་ལ་དགའ་ལྡན་གྱི་གནས་ན་གནས་པ་དང་འཆི་འཕོ་བ་དང་སྐྱེ་བ་དང་མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ཀུན་ཏུ་སྟོན་པ་དང་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་ཀུན་ཏུ་སྟོན་པ་དང་མངོན་པར་

རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་ནས་ཇི་ཙམ་དུ་དམ་པའི་ཆོས་གནས་པ་དང་། ནུབ་པའི་བར་ཕྱོགས་བཅུ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀུན་ཏུ་སྟོན་པ་ཡང་ཤེས་ལ། ཤིན་ཏུ་

མངོན་པར་རྫོགས་པར་ཡང་འཚང་མི་རྒྱ་བ་སྟེ། བཟང་སྐྱོང་འདི་ནི་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཅེས་བྱའོ།། །།བམ་པོ་གཉིས་པ། བཟང་སྐྱོང་ཏིང་ངེ་འཛིན་འདིའི་ཡོངས་སུ་སྦྱངས་པ་བྱ་བ་གང་ཞེ་ན། བཟང་སྐྱོང་གང་ཡང་ཀུན་ཏུ་མི་འཛིན་པ།

མི་འདོར་བ། མི་འཇོག་པ། འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཆོས་ཐམས་ཅད་ལ་མི་རྟོག་པ། རྣམ་པར་མི་རྟོག་པ། རྣམ་པར་མི་སྒྲུབ་པ། ཀུན་ནས་མི་སློང་བ། མི་སྐྱེད་པ།

རྟོག་པ་དང་། རྣམ་པར་རྟོག་པ་དང་ཀུན་ཏུ་རྟོག་པ་ཡང་དག་པར་གཅོད་པ། སེམས་ཀྱི་དམིགས་པ་ཡིད་ལ་མི་བྱེད་པ། རྣམ་པར་ཤེས་པ་ཡང་དག་པར་གཅོད་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡང་དག་པར་གཅོད་པ། མཐའ་དང་མཐའ་མེད་པ་ཡིད་ལ་མི་བྱེད་པ།

Vol. 55 · folio 187a

ཡིད་ལ་བྱེད་པ་ཡང་དག་པར་གཅོད་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ཤེས་པ། དྲན་པ་དང་བློ་གྲོས་དང་མོས་པ་དང་རྟོག་པ་དང་། ངོ་ཚ་ཤེས་པ་དང་སྤྱོད་པ་དང་ཆོ་ག་དང་། སྤྱོད་ཡུལ་ལ་ནན་ཏན་དུ་བྱེད་ཅིང་གནས་པ། ཉོན་མོངས་པ་མེད་པའི་ས་དང་

ལྡན་པ། ཞི་བའི་ས་དང་ལྡན་པ། སྤྲོས་པ་ཐམས་ཅད་ཡང་དག་པར་གཅོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཐམས་ཅད་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་འགྲུབ་པ་འདི་ནི་བཟང་སྐྱོང་ཏིང་ངེ་འཛིན་འདིའི་ཡོངས་སུ་སྦྱང་བ་

བྱའོ། །བཟང་སྐྱོང་བྱང་ཆུབ་སེམས་དཔའ་ནི་ཆོས་ལ་སེམས་ཤིང་ཆོས་དཔྱོད་པ་ཡིན་ཏེ། དེས་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ན་ཆོས་ཀྱི་སྐུ་ལས་གཞན་དུའང་དམིགས་པ་ལྟ་ཅི་སྨོས། བཟང་སྐྱོང་འདི་ལ་བྱང་ཆུབ་སེམས་དཔས་འདི་ལྟར་

སོ་སོར་བརྟག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་འདིའི་དོན་ཇི་ལྟ་བུ། ཅི་གཟུགས་དེ་བཞིན་གཤེགས་པ་ཡིན་ནམ། འོན་ཏེ་གཟུགས་ལས་གཞན་ཞིག་དེ་བཞིན་གཤེགས་པ་ཡིན་སྙམ་དུ་དེ་ལྟར་དཔྱོད་པ་ལ་མཁས་པར་བྱའོ། །དེ་འདི་ལྟར་སོ་སོར་རྟོག་སྟེ།

གཟུགས་ཀྱང་དེ་བཞིན་གཤེགས་པ་མ་ཡིན་ལ། གཟུགས་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་བེམས་པོ་གཡོ་བ་མེད་པ། དཔྱོད་པ་མེད་པ། རྩྭ་དང་། རྩིག་པ་དང་། ཤིང་དང་། བོང་བ་དང་། མིག་ཡོར་ལྟ་བུར་ངན་པ། དབུ་བ་རྡོས་པ་ལྟ་བུ་

ཡིན་ཞིང་། འབྱུང་བ་ཆེན་པོ་བཞི་ཕན་ཚུན་ནས་བསྡུས་པ་ནི་གཟུགས་ཞེས་བྱའོ། །གཟུགས་ནི་རྟེན་ཅིང་འབྲེལ་པ་ལས་འབྱུང་ངོ་། །གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་བདག་མེད་པའོ། །གང་བདག་

མེད་པ་དེ་རང་བཞིན་མེད་པའོ། །གང་རང་བཞིན་མེད་པ་དེ་སྣང་བ་མེད་པའོ། །གང་སྣང་བ་མེད་པ་དེ་ཡང་དག་པ་མ་ཡིན་པའོ། །གང་ཡང་དག་པ་མ་ཡིན་པ་དེ་བརྫུན་པ་སླུ་བའི་ཆོས་སོ། །གང་བརྫུན་པ་སླུ་བའི་ཆོས་དེ་མི་བདེན་པའོ། །གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་ནོ། །

Vol. 55 · folio 187b

གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ། ཡང་དག་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། མ་ལོག་པ་བདེན་པ་སྨྲ་བ། ཡང་དག་པ་སྨྲ་བ། ཤེས་པ་སྨྲ་བ། ཡེ་ཤེས་ཀྱི་མཚོན་ཆ་ཅན། ཡེ་

ཤེས་མཐའ་ཡས་པ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། མི་རྟོག་པ་རྣམ་པར་མི་རྟོག་པ། མི་གོས་པ། ནམ་མཁའ་དང་མཚུངས་པ། གྲངས་ཀྱི་ཆོས་རྣམས་ཀྱིས་མི་འགྲངས་པ།

མ་བྱས་པ། མ་སྐྱེས་པ། མ་འགགས་པ། འཇུག་པ་མེད་པ། མཐའ་ཡས་པ། གནས་མེད་པ། རྣམ་པར་མི་རིག་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཀུན་ཏུ་རྒྱུ་བ་མེད་པ། ཤིན་ཏུ་དག་པ། ཉོན་མོངས་པ་མེད་པ། མ་བྱུང་བ། སྤྱོད་པ་མེད་པ། གནས་མེད་པའོ་སྙམ་མོ། །དེ་འདི་

ལྟར་སོ་སོར་རྟོག་སྟེ། གཟུགས་དེ་བཞིན་གཤེགས་པ་མ་ཡིན། གཟུགས་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་ལས་གཞན་པ་ཞིག་དེ་བཞིན་གཤེགས་པ་ཡིན་ན་ནི་ནམ་མཁའ་ཡང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ནམ་

མཁའ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་མི་རིག་པ། གནས་པ་མེད་པ། གཟུང་དུ་མེད་པ། གནས་མེད་པ། མཚན་ཉིད་མེད་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་གཟུགས་དེ་བཞིན་གཤེགས་པ་མ་ཡིན། གཟུགས་ལས་

གཞན་པ་ཡང་མ་ཡིན་ན། ཅི་ཚོར་བ་དེ་བཞིན་གཤེགས་པར་འགྱུར་རམ། འོན་ཏེ་ཚོར་བ་ལས་གཞན་པ་ཞིག་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། ཚོར་བ་དེ་བཞིན་གཤེགས་པ་མ་ཡིན། ཚོར་བ་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་

གཤེགས་པས་ནི་གང་ཅི་ཚོར་ཡང་རུང་སྟེ་དེ་ཐམས་ཅད་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་རྟོག་པའི་མཚན་ཉིད་དོ། །རྟོག་པའི་མཚན་ཉིད་གང་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །ངན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའོ། །

Vol. 55 · folio 188a

རེག་པ་འདུས་པ་ལས་བྱུང་བའོ། །རེག་པ་ལས་སྐྱེས་པ་ནི་ཚོར་བའོ་ཞེས་གསུངས་ན། དེ་བཞིན་གཤེགས་པ་ནི་ཆུའི་ཆུ་བུར་ལྟ་བུ་མ་ཡིན། ངན་པ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། དེ་བཞིན་གཤེགས་པ་ནི་རེག་པ་ལས་སྐྱེས་པ་མ་ཡིན། རིག་པ་

འདུས་པ་ལས་བྱུང་བ་མ་ཡིན། ཚོར་བ་ཇི་ལྟ་བ་བཞིན་དུ་རེག་པ་ལས་སྐྱེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཚོར་བ་ཐམས་ཅད་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། ཚོར་བ་དང་བྲལ་བ། ཚོར་བ་ཐམས་ཅད་ཀྱི་མཆོག་བརྙེས་པ།

གདུང་བ་ཐམས་ཅད་ཤིན་ཏུ་སྦྱངས་པ། ཉོན་མོངས་པ་དང་གཙེ་བ་དང་གནོད་པ་ཐམས་ཅད་སྤངས་པ། མ་བཅིངས་པ། མ་གྲོལ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ། མྱ་ངན་ལས་འདས་པའི་དབྱིངས་རྙོག་པ་མེད་པའོ། །དེ་བཞིན་གཤེགས་པ་ནི་མ་སྐྱེས་པ། རྣམ་པར་མི་རྟོག་པ་

མི་མཐོང་བ། མི་ཐོས་པ་བསྣམ་དུ་མེད་པ། མྱང་དུ་མེད་པ། རིག་པར་བྱར་མེད་པ། མཚན་མར་མེད་པ། རྣམ་པར་མི་རེག་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ་སྙམ་མོ། །དེས་དེ་ལྟར་སོ་སོར་བརྟགས་ན་ཚོར་བ་དེ་བཞིན་གཤེགས་པ་མ་ཡིན། ཚོར་བ་ལས་གཞན་པ་ཡང་མ་ཡིན་

ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཚོར་བ་ལས་གཞན་ཞིག་དེ་བཞིན་གཤེགས་པར་འགྱུར་ན་ནི། རྩྭ་དང་ཤིང་གེལ་པ་དང་། སྨན་དང་འཁྲི་ཤིང་དང་། ནགས་ཚལ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྩྭ་དང་ཤིང་གེལ་པ་དང་། སྨན་དང་འཁྲི་ཤིང་

འཛིངས་པ་དང་། ནགས་ཚལ་ཐམས་ཅད་ནི་ཚོར་བ་མེད་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་ཚོར་བ་དེ་བཞིན་གཤེགས་པ་མ་ཡིན། ཚོར་བ་ལས་གཞན་པ་ཡང་མ་ཡིན་ན། ཅི་འདུ་ཤེས་དེ་བཞིན་གཤེགས་པའམ། འོན་ཏེ་འདུ་ཤེས་ལས་གཞན་པ་ཞིག་གམ་སྙམ་

མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། འདུ་ཤེས་དེ་བཞིན་གཤེགས་པ་མ་ཡིན། འདུ་ཤེས་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ། མིག་དང་གཟུགས་དང་སྣང་བ་དང་། ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་བྱུང་བའོ། །དེ་བཞིན་གཤེགས་

Vol. 55 · folio 188b

པ་ནི་འདུ་ཤེས་མ་ཡིན་ཏེ། སྨིག་རྒྱུ་ལྟ་བུ་མ་ཡིན། མིག་དང་གཟུགས་དང་། སྣང་བ་དང་ཡིད་ལ་བྱེད་པ་ལས་ངེས་པར་འབྱུང་བ་མ་ཡིན། འདུ་ཤེས་ཇི་ལྟ་བ་བཞིན་དུ་མིག་དང་གཟུགས་དང་། སྣང་བ་དང་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་

གཤེགས་པ་ནི་བསམ་གྱིས་མི་ཁྱབ་པ། བསམ་པར་བྱ་བ་མ་ཡིན་པ། སེམས་པ་མེད་པ། སེམས་པ་དང་བྲལ་བ། སེམས་མཚུངས་པ་མེད་པ། འགྲོ་བར་འཇུག་པ་མེད་པ། འོང་བར་འཇུག་པ་མེད་པ། འགྲོ་བ་མེད་པ། འགྲོ་བ་ཡང་དག་པར་གཅོད་པ། དཔགས་པ་མ་ཡིན་པ།

གཅད་དུ་མེད་པ། བུ་ག་མེད་པ། རྫས་མ་ཡིན་པ། ཐ་དད་པ་མ་ཡིན་པ། དབྱེར་མེད་པ་ཡང་དག་པ། རྩོམ་པ་མེད་པ། བཞུགས་པ་མེད་པ། རེག་པར་བྱར་མེད་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། འདུ་ཤེས་དེ་བཞིན་གཤེགས་པ་མ་ཡིན། འདུ་ཤེས་ལས་གཞན་པ་

ཡང་མ་ཡིན་ནོ། །གལ་ཏེ་འདུ་ཤེས་ལས་གཞན་པ་ཞིག་དེ་བཞིན་གཤེགས་པར་གྱུར་ན་ནི་ཤིང་དང་བོང་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་དང་བོང་བ་ཐམས་ཅད་ནི་འདུ་ཤེས་མེད་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་འདུ་

ཤེས་དེ་བཞིན་གཤེགས་པ་མ་ཡིན། འདུ་ཤེས་ལས་གཞན་པ་ཡང་མ་ཡིན་ན་ཅི་འདུ་བྱེད་རྣམས་དེ་བཞིན་གཤེགས་པའམ། འོན་ཏེ་འདུ་བྱེད་རྣམས་ལས་གཞན་པ་ཞིག་གམ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། འདུ་བྱེད་རྣམས་དེ་བཞིན་གཤེགས་པ་མ་ཡིན། འདུ་བྱེད་

རྣམས་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་རྣམས་ནི་དངོས་པོ་མེད་པ། བརྫུན་པ་སླུ་བའི་ཆོས་ཅན། མ་རིག་པ་འདུས་པ་ལས་བྱུང་བའོ། །འདུ་བྱེད་རྣམས་ནི་མ་རིག་པ་འདུས་པ་ལས་སྐྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དངོས་པོ་མེད་པ་མ་ཡིན། བརྫུན་

པ་མ་ཡིན། སླུ་བའི་ཆོས་མ་ཡིན། འདུ་བྱེད་རྣམས་ཇི་ལྟ་བ་བཞིན་དུ་མ་རིག་པ་འདུས་པ་ལས་སྐྱེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་མ་རིག་པ་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། གཟུགས་ན་སྤྱོད་པའི་ཏིང་ངེ་འཛིན་མཚན་མ་དང་

Vol. 55 · folio 189a

བཅས་པ་དང་། མི་གཡོ་བའི་ཏིང་ངེ་འཛིན་ལས་ཤིན་ཏུ་འདས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པའོ། །དེ་བཞིན་གཤེགས་པ་ནི་ཞི་བའོ། །མི་སྣང་བའོ། །བལྟར་མི་མཐོང་བའོ། །མཐའ་ཡས་པའོ། །སྤྲིན་དང་མཚུངས་པའོ། །རབ་ཏུ་མ་ཞི་བའོ། །

རབ་ཏུ་ཞི་བ་མ་ཡིན་པའོ། །ཞི་བ་དང་བྲལ་བའོ། །ཞི་བ་མེད་པའོ། །དག་པའོ། །ཉོན་མོངས་པ་མེད་པའོ། །ལེན་པ་མེད་པའོ། །བྱམས་པ་མེད་པའོ། །འཁོར་བྱེད་མེད་པའོ། །འཁོར་བྱེད་དང་བྲལ་བའོ། །མི་གནས་པའི་ཚུལ་གྱིས་གནས་པའོ། །མདུད་པ་མེད་པའོ། །འཆི་འཕོ་མེད་པའོ། །

འཆི་འཕོ་བར་མི་འགྱུར་བའོ། །ཆོས་མ་ཡིན་པའོ། །ཆོས་མ་ཡིན་པ་ཡང་མ་ཡིན་པའོ། །ཞིང་མ་ཡིན་པའོ། །ཞིང་མ་ཡིན་པ་ཡང་མ་ཡིན་པའོ། །མི་ཟད་པའོ། །མི་ཟད་པ་ཡང་མ་ཡིན་པའོ། །ཟད་པ་དང་བྲལ་བའོ། །སྐད་ཅིག་པའོ། །མི་འཁྲུགས་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་

རྟོག་སྟེ། འདུ་བྱེད་རྣམས་དེ་བཞིན་གཤེགས་པ་མ་ཡིན། འདུ་བྱེད་རྣམས་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདུ་བྱེད་རྣམས་ལས་གཞན་པ་ཞིག་དེ་བཞིན་གཤེགས་པར་གྱུར་ན་ནི། དེ་བཞིན་གཤེགས་པ་དངོས་པོ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དངོས་

པོ་མེད་པ་ནི་འདུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་འདུ་བྱེད་རྣམས་དེ་བཞིན་གཤེགས་པ་མ་ཡིན། འདུ་བྱེད་རྣམས་ལས་གཞན་པ་ཡང་མ་ཡིན་ན། ཅི་རྣམ་པར་ཤེས་པ་དེ་བཞིན་གཤེགས་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པ་ལས་གཞན་པ་

ཞིག་གམ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། རྣམ་པར་ཤེས་པ་དེ་བཞིན་གཤེགས་པ་མ་ཡིན། རྣམ་པར་ཤེས་པ་ལས་གཞན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ། གསོབ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་

པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་

Vol. 55 · folio 189b

བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། ཡི་གེ་མེད་པ། སྒྲ་མེད་པ། ཡུལ་མེད་པ། དངོས་པོ་མེད་པ། སེམས་མེད་པ། ལྡན་པ་མ་ཡིན་པ། མི་ལྡན་པ་ཡང་མ་

ཡིན་པ། བློ་གྲོས་མེད་པ། བློ་གྲོས་མེད་པ་ཡང་མ་ཡིན་པ། རྟོགས་པ་མེད་པ། རྟོགས་པ་མེད་པ་ཡང་མ་ཡིན་པ། འགྲོ་བ་མེད་པ། འགྲོ་བ་མེད་པ་ཡང་མ་ཡིན་པ། གཉིས་སུ་མེད་པ། གཉིས་ལྟ་བུར་བྱ་བ་མ་ཡིན་པ། མི་འདའ་བ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་བ།

མཚན་ཉིད་མ་ཡིན་པ། མ་སྤྲོས་པ། སྒོ་མ་ཡིན་པ། ཆགས་པ་མེད་པ། ཆགས་པ་དང་བྲལ་བ། འཐུན་པར་བྱེད་པ། དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ། དེ་ཁོ་ན་མ་ཡིན་པ། དེ་ཁོ་ན་མ་ཡིན་པ་ཡང་མ་ཡིན་པའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། རྣམ་པར་ཤེས་པ་དེ་བཞིན་

གཤེགས་པ་མ་ཡིན། རྣམ་པར་ཤེས་པ་ལས་གཞན་པ་ཡང་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ལས་གཞན་པ་ཞིག་དེ་བཞིན་གཤེགས་པར་གྱུར་ན་ནི་མིག་ཡོར་ཡང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མིག་ཡོར་ནི་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ། །

དེ་འདི་ལྟར་སོ་སོར་རྟོག་སྟེ། དེ་བཞིན་གཤེགས་པ་ནི་འདས་པ་ལས་མི་དམིགས། མ་འོངས་པ་ལས་མ་ཡིན། ད་ལྟར་བྱུང་བ་ལས་མི་དམིགས་སོ། །མི་དམིགས་པས་མི་རྟོག་གོ། །རྣམ་པར་མི་རྟོག་གོ། །མི་རྟོག་ན་སོ་སོར་མི་གནས་སོ། །སོ་སོར་མི་གནས་ན་འཕྲོ་བར་

མི་བྱེད་དོ། །མི་འཕྲོ་ན་ཞུམ་པར་མི་འགྱུར་རོ། །ཞུམ་པ་མེད་ན་ཡོངས་སུ་གདུང་བ་མེད་དོ། །ཡོངས་སུ་གདུང་བ་མེད་ན་ཀུན་ཏུ་གདུང་བ་མེད་དོ། །ཀུན་ཏུ་གདུང་བ་མེད་ན་རྗེས་སུ་གདུང་བ་མེད་དོ། །གང་རྗེས་སུ་གདུང་བ་མེད་ན་དེ་མི་གདུང་བའོ། །གང་མི་གདུང་བ་དེ་ཀུན་ཏུ་

མི་རྒྱུག་གོ། །རྣམ་པར་མི་རྒྱུག་གོ། །གང་མི་རྒྱུག་པ་དེ་རྣམ་པར་མི་རྒྱུག་གོ། །རྣམ་པར་མི་རྒྱུག་པ་དེ་མི་ཉམས་སོ། །གང་མི་ཉམས་པ་དེ་རྣམ་པར་མི་འཁྱམ་མོ། །གང་རྣམ་པར་མི་འཁྱམ་པ་དེ་འཁྱམ་པ་མེད་དོ། །གང་འཁྱམ་པ་མེད་པ་དེ་འཁྱམ་པ་མ་ཡིན་པའོ། །

Vol. 55 · folio 190a

གང་འཁྱམ་པ་མ་ཡིན་པ་དེ་རློམ་སེམས་མེད་པའོ། །གང་རློམ་སེམས་མེད་པ་དེ་བག་ཡོད་པའོ། །གང་བག་ཡོད་པ་དེ་འཕགས་པའོ། །གང་འཕགས་པ་དེ་དགྲ་བཅོམ་པའོ། །གང་དགྲ་བཅོམ་པ་གང་ཡིན་པ་དེ་ལ་བདག་གི་རྡུལ་མེད་དོ། །སེམས་ཅན་གྱི་རྡུལ་

མེད་དོ། །སྲོག་གི་རྡུལ་མེད་དོ། །གང་ཟག་གི་རྡུལ་མེད་དོ། །ཕུང་པོའི་རྡུལ་མེད་དོ། །ཁམས་ཀྱི་རྡུལ་མེད་དོ། །སྐྱེ་མཆེད་ཀྱི་རྡུལ་མེད་དོ། །དངོས་པོའི་རྡུལ་མེད་དོ། །རྒྱུའི་རྡུལ་མེད་དོ། །རྐྱེན་གྱི་རྡུལ་མེད་དོ། །དམིགས་པའི་རྡུལ་མེད་དོ། །ཀུན་འབྱུང་བའི་རྡུལ་མེད་དོ། །ང་རྒྱལ་

གྱིས་ལྷག་པར་བྱེད་པའི་རྡུལ་མེད་དོ། །ཚོར་བའི་རྡུལ་མེད་དོ། །འདོད་ཆགས་ཀྱི་རྡུལ་མེད་དོ། །ཞེ་སྡང་གི་རྡུལ་མེད་དོ། །གཏི་མུག་གི་རྡུལ་མེད་དོ། །ཁྲོ་བའི་རྡུལ་མེད་དོ། །ཁོན་དུ་འཛིན་པའི་རྡུལ་མེད་དོ། །ང་རྒྱལ་གྱི་རྡུལ་མེད་དོ། །ང་རྒྱལ་དང་འཆབ་པ་དང་ཡོངས་སུ་གདུང་བའི་རྡུལ་མེད་

དོ། །ང་རྒྱལ་དང་ལྷག་པའི་ང་རྒྱལ་གྱི་རྡུལ་མེད་དོ། །སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་རྡུལ་མེད་དོ། །གཤིན་རྗེའི་འཇིག་རྟེན་གྱི་རྡུལ་མེད་དོ། །འདོད་པའི་ཁམས་ཀྱི་རྡུལ་མེད་དོ། །གཟུགས་ཀྱི་ཁམས་ཀྱི་རྡུལ་མེད་དོ། །གཟུགས་མེད་པའི་ཁམས་ཀྱི་རྡུལ་མེད་

དོ། །འཁོར་བའི་རྡུལ་མེད་དོ། །རྣམ་པ་དེ་ལྟ་བུར་རྡུལ་མི་དམིགས་ཏེ། གང་འདོད་ཆགས་དང་བྲལ་ཞིང་རྡུལ་མེད་པ་དེ་དག་འཕགས་པ་ཞེས་བྱ། དགྲ་བཅོམ་པ་ཞེས་བྱ། གྲོལ་བ་ཞེས་བྱ། རྣམ་པར་གྲོལ་བ་ཞེས་བྱ། ལྷའི་དམ་པ་ཞེས་བྱ། རྟག་ཏུ་མཉམ་པར་གཞག་པ་ཞེས་བྱ།

སངས་རྒྱས་ཞེས་བྱ་སྟེ། དེ་ཆོས་གང་ལ་ཡང་རློམ་སེམས་མེད་དོ། །རློམ་སེམས་མེད་པ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་ན་ཀུན་ཏུ་གདུང་བ་མེད་དོ། །ཀུན་ཏུ་གདུང་བ་མེད་ན་རང་བཞིན་ཐོབ་པར་འགྱུར་རོ། །རང་བཞིན་ཐོབ་ན་ཆོས་གང་ལ་ཡང་

མི་སྤྱོད་དོ། །མི་སྤྱོད་ན་འདི་ལྟར་ཅི་གཟུགས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། སུ་ཞིག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ཅི་

Vol. 55 · folio 190b

ཕུང་པོ་ལྔ་ཆོས་སྟོན་ཏམ། ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན་པ། སྒྱུ་མ་ལྟ་བུ། གསོབ་གསོག་དངོས་པོ་མེད་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་

བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་མ་ཡིན། སྒྱུ་མ་ལྟ་བུ་མ་ཡིན། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཅ་ལྟ་བུ་མ་ཡིན་ན་སུ་ཞིག་ཆོས་འདི་སྟོན། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཀྱི་དབྱིངས་ནི་དག་པ། བདེན་པ། ཡང་དག་པ། གཞན་མ་ཡིན་པ། དེ་

བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་ཡིན་ན། དེ་སྟོན་པ་སུ་ཡིན། ཕུང་པོ་ལྔ་རྣམས་ནི་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ། རྟེན་ཅིང་འབྲེལ་པར་བྱུང་བ། ངན་པ་འཇིག་པའི་ཆོས་ཅན་ནོ། །བྱང་ཆུབ་ནི་ཇི་ལྟ་བ་བཞིན་དུ་སྤྲོས་པ་མེད་དེ། གཟུང་དུ་མེད་པ། སྒྲ་མེད་པ། མི་

སྣང་བ། བལྟར་མེད་པ། མཚན་མ་མེད་པ། མཐའ་ཡས་པ། ནམ་མཁའ་དང་མཚུངས་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པ། སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། སྒྲ་སྐད་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་

གནས་པ། བརྟག་ཏུ་མེད་པ། བསྟན་དུ་མེད་པ་ཞི་བ་ཞི་བ་དང་བྲལ་བ། བསིལ་བར་གྱུར་པ། ཀུན་གཞི་མེད་པ། གནས་མེད་པ། འདུས་མ་བྱས་པ། མི་སྐྱེ་བ། མི་འགོག་པ། མི་གཉིས་པ་ལ་གནས་པ། དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད། མི་འགྱུར་བ་དེ་བཞིན་

ཉིད། མ་འོངས་པ་དེ་བཞིན་ཉིད། འགྲོ་བ་མེད་པའི་དེ་བཞིན་ཉིད། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པའོ། །བཟང་སྐྱོང་དེ་བཞིན་ཉིད་ནི་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། རྣམ་པར་དག་པ་མ་ཡིན་ནོ། །དེ་བཞིན་ཉིད་ནི་འཁོར་བ་མ་ཡིན་ཡོངས་

སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །དེ་བཞིན་ཉིད་ནི་སྐྱེ་བ་མ་ཡིན། འགག་པ་མ་ཡིན་ནོ། །དེ་བཞིན་ཉིད་ནི་ཐ་མ་མ་ཡིན། འབྲིང་མ་ཡིན། མཆོག་མ་ཡིན་ནོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་བདག་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་

Vol. 55 · folio 191a

གནས་མ་ཡིན། ཆོས་ཀྱི་རང་བཞིན་གྱི་གནས་མ་ཡིན། ཆོས་ཐམས་ཅད་ཀྱི་གནས་མ་ཡིན་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་གནས། དོན་དམ་པ་སྟོང་པ་ཉིད་ཀྱི་གནས། ཆེན་པོ་སྟོང་པ་ཉིད་ཀྱི་གནས། མཆོག་གི་སྟོང་པ་ཉིད་ཀྱི་གནས། ཤིན་ཏུ་གནས་པའི་གནས་སོ། །

ཆོས་ཀྱི་དབྱིངས་ནི་མི་གཡོ་བ། མི་གནས་པ། གནས་མེད་པ། རང་བཞིན་མེད་པ། རྒྱུ་བ་མེད་པ། བླང་བ་མེད་པ། དོར་བ་མེད་པ། ཁས་ལེན་པ་མེད་པ། འཛིན་པ་མེད་པའོ། །གང་ཆོས་འདི་ཤེས་ཤིང་ཤེས་པ་ལ་ཡང་རློམ་སེམས་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱའོ། །ཆོས་ཀྱི་

དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །རྡུལ་མེད་པའོ། །ཞི་བའོ། །བསིལ་བར་གྱུར་པའོ། །མ་སྐྱེས་པའོ། མ་འགགས་པའོ། །ཕུང་པོ་ནི་སྤྲོས་པ་དང་བཅས་པ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སོ་སོར་རྟོག་སྟེ། སྤྲོས་པ་དང་བཅས་པའི་

ཕུང་པོ་ལྔ་ཇི་ལྟར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམ་ནས། དེ་འདི་ལྟར་སོ་སོར་རྟོག་སྟེ། ཅི་གཟུགས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། གཟུགས་

ནི་བེམས་པོ། གཡོ་བ་མེད་པ། སེམས་པ་མེད་པ། རྩྭ་དང་། རྩིག་པ་དང་། ཤིང་དང་། མིག་ཡོར་ལྟ་བུ་སྟེ། དེ་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ངན་པ། རེག་པ་འདུས་པ་ལས་བྱུང་བ་སྟེ། དེ་ཡང་བྱང་ཆུབ་མངོན་པར་རྫོགས་

པར་འཚང་མི་རྒྱའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ་སྟེ། མིག་དང་གཟུགས་དང་སྣང་བ་དང་། ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་སྟེ། དེ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །འདུ་བྱེད་རྣམས་ནི་དངོས་པོ་མེད་པ་བརྫུན་པ་སླུ་བའི་ཆོས་ཅན། མ་རིག་པ་

འདུས་པ་ལས་བྱུང་བ་སྟེ་དེ་དག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ། གསོབ། གསོག །ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་ངེས་པར་སྐྱེས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་

Vol. 55 · folio 191b

སྟེ། དེ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ་སྙམ་མོ། །བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་ཕུང་པོ་ལྔ་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ན། མཚན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། ཅི་ཆོས་ཀྱིས་

མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་དགེ་བའི་རྩ་བས་སམ། དེ་ཇི་ལྟ་བུ་ཞིག་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། མཚན་གྱིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གལ་ཏེ་མཚན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ན་ནི་

འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་སྒྱུར་བ་ཡང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་རོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་མཚན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་

མི་རྒྱ་ན་ཅི་ཆོས་ཀྱི་མངོན་པར་རྫོགས་པར་འཚང་རྒྱའམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་ཀྱིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ།

གནས་མེད་པ། སྣང་བ་མེད་པ། བསྟན་དུ་མེད་པ། བལྟར་མི་མཐོང་བ། མ་སྐྱེས་པ། མ་འགགས་པ། ནམ་མཁའ་དང་མཚུངས་པ་སྟེ། དེ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། གལ་ཏེ་ཆོས་ཀྱིས་བྱང་ཆུབ་མངོན་

པར་རྫོགས་པར་འཚང་མི་རྒྱ་ན་དགེ་བའི་རྩ་བས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། དེ་ཇི་ལྟ་བུ་ཞིག་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་

དགེ་བའི་རྩ་བ་བསྡུས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མི་འདུག་ལ། སངས་རྒྱས་ཉིད་བཟུང་ནས་ཀྱང་མི་ལྡང་སྟེ། དེ་རྒྱུ་གཞན་དང་གཞན་ལ་སོ་སོར་བརྟགས་ན་མ་དམིགས་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་སུ་ཞིག་སྙམ་མོ། །དེས་དེ་ལྟར་སོ་སོར་

Vol. 55 · folio 192a

བརྟགས་ན་དགེ་བའི་རྩ་བ་ཡང་མ་དམིགས་ནས། ཅི་དགེ་བའི་རྩ་བ་རྣམས་གཟུགས་ཀྱིས་བསགས་པ་ཞིག་གམ། འོན་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པས་སམ། གཟུགས་ནི་བེམས་པོ། གཡོ་བ་མེད་པ། སེམས་པ་མེད་པ་སྟེ།

དེས་ཀྱང་དགེ་བའི་རྩ་བ་མ་བསགས། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ངན་པ། རྟེན་ཅིང་འབྲེལ་པར་བྱུང་བ། རེག་པ་འདུས་པ་ལས་བྱུང་བ་སྟེ། དེས་ཀྱང་དགེ་བའི་རྩ་བ་མ་བསགས། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ། མིག་དང་གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་འདུས་པ་

ལས་བྱུང་བ་སྟེ། དེས་ཀྱང་དགེ་བའི་རྩ་བ་མ་བསགས། འདུ་བྱེད་ནི་དངོས་པོ་མེད་པ། བརྫུན་པ། སླུ་བའི་ཆོས་ཅན་མ་རིག་པ་འདུས་པ་ལས་བྱུང་བ་སྟེ། དེ་དག་གིས་ཀྱང་དགེ་བའི་རྩ་བ་མ་བསགས། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ། གསོབ་གསོག་ཡང་དག་པ་མ་ཡིན་པ། འདུ་

བྱེད་འདུས་པ་ལས་ངེས་པར་སྐྱེས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་སྟེ། དེས་ཀྱང་དགེ་བའི་རྩ་བ་མ་བསགས་སོ་སྙམ་ནས་དེས་དེ་ལྟར་བརྟགས་པ་དང་། གང་གིས་དགེ་བའི་རྩ་བ་བསགས་པ་དེ་མི་དམིགས་སོ། །དེས་དེ་ལྟར་བརྟགས་ན་མི་དམིགས་ཏེ། མི་

དམིགས་སོ་སྙམ་པའི་རློམ་སེམས་ཀྱང་མེད་དོ། །གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་ཡང་མི་དམིགས་ཏེ། མི་དམིགས་སོ་སྙམ་པའི་རློམ་སེམས་ཀྱང་མེད་དོ། །དེས་བྱང་ཆུབ་ཀྱང་མི་དམིགས་ཏེ། མི་དམིགས་སོ་སྙམ་པའི་རློམ་སེམས་ཀྱང་མེད་དོ། །འདི་ལ་སུ་ཞིག་མངོན་པར་

རྫོགས་པར་འཚང་རྒྱ་བ་དེ་ཡང་མི་དམིགས་ཏེ། མི་དམིགས་སོ་སྙམ་པའི་རློམ་སེམས་ཀྱང་མེད་དོ། །དེས་དེ་ལྟར་སོ་སོར་བརྟགས་ནས་བྱང་ཆུབ་ཀྱི་རློམ་སེམས་ཀྱང་མེད། སེམས་ཅན་གྱི་རློམ་སེམས་ཀྱང་མེད། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རློམ་སེམས་ཀྱང་མེད་པ་དེ་བཟང་སྐྱོང་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ཆོས་གང་ལ་ཡང་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཆོས་གང་ཡང་སྐྱེ་བ་ཡང་མི་མཐོང་། འགག་པ་ཡང་མི་མཐོང་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི་བའི་གནས་ཁོང་དུ་ཆུད་པས་དེའི་ཕྱིར་སངས་

Vol. 55 · folio 192b

རྒྱས་ཞེས་བྱ་སྟེ། དེ་ནི་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཀུན་ཏུ་རྟོག་པ་ཐམས་ཅད་ལ་མི་འཇུག་སྟེ། དེ་ནི་ཞི་བའོ། །བསིལ་བར་གྱུར་པའོ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་ནི་སངས་རྒྱས་ཞེས་བྱ་སྟེ། བཟང་སྐྱོང་འདི་ནི་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ཞེས་བྱ་

བའི་ཏིང་ངེ་འཛིན་ཏོ། །བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འབྱུང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སངས་རྒྱས་བཅོམ་ལྡན་

འདས་རྣམས་མ་སྐྱེས། མ་འགགས་ཀྱང་སྐྱེ་ཞིང་འགག་པར་ཀུན་ཏུ་གདའ་བ་དང་ཡི་གེ་གཅིག་ཀྱང་མི་བརྗོད་ལ། འཁོར་བྱེ་བ་གྲངས་མ་མཆིས་པ་ལ་ཆོས་སྟོན་པར་ཡང་ཀུན་ཏུ་གདའ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐབས་ལ་མཁས་པ་ནི་ངོ་མཚར་ཏོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གང་ཡོན་ཏན་གྱི་སྙིང་པོ་བཅུ་གཉིས་ཀྱིས་མངོན་པར་འཕགས་པའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ་བསྐལ་པ་སྙིགས་མ་ཡང་

ཀུན་ཏུ་སྟོན་པ་དང་དུས་སྙིགས་མ་དང་། སེམས་ཅན་སྙིགས་མ་དང་། ཉོན་མོངས་པ་སྙིགས་མ་དང་། ཚེ་སྙིགས་མ་དང་། ཐེག་པ་ཐ་དད་པ་དང་ཀུན་ནས་ཉོན་མོངས་པ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཉེ་བར་སྟོན་པ་དང་། ཆོས་སྟོན་པ་སྣ་ཚོགས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྣ་

ཚོགས་དང་། གཞན་མུ་སྟེགས་ཅན་གྱིས་དཀྲུགས་པའི་ཉོན་མོངས་པ་དང་། བདུད་དང་བདུད་ཀྱི་ཉེ་བའི་ཉོན་མོངས་པ་དང་། བདུད་ཀྱི་ལས་དང་ཕ་རོལ་གྱི་དམགས་ཚོགས་ཀྱིས་གཙེ་བའི་ཉོན་མོངས་པ་དང་། ཡུལ་འཁྲུག་པ་དང་ཁྲག་ཁྲུག་དང་། ཆོམ་པོའི་ཉེ་བའི་ཉོན་མོངས་པ་དང་།

ཀླ་ཀློས་དཀྲུགས་པ་དང་། རྐུན་པོས་དཀྲུགས་པ་དང་། མུ་གེས་དཀྲུགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོའི་འཁྲུག་པ་ཡང་ཀུན་ཏུ་སྟོན་ཅིང་སངས་རྒྱས་ཀྱི་ཞིང་དེ་ན་ཉེས་པ་དེ་དག་ཀྱང་མེད་ལ། དེ་བཞིན་

Vol. 55 · folio 193a

གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་དང་། སྤྱོད་པ་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སེམས་ཅན་རྣམས་ཀྱི་བྱ་བ་དེ་དག་ཤེས་ཀྱང་དེ་བཞིན་གཤེགས་པ་ནི་ཐམས་

ཅད་དུ་བཏང་སྙོམས་པ་སྟེ། རྣམ་པར་མི་རྟོག་པ་འདི་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པར་བལྟའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱི་ཞིང་དེ་ཡོན་ཏན་གྱི་སྙིང་པོ་གང་དག་

དང་ལྡན་པ་དང་། ཡོན་ཏན་གང་དང་ལྡན་ན་སངས་རྒྱས་ཀྱི་ཞིང་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཡོན་ཏན་གྱི་སྙིང་པོ་བཅུ་གཉིས་པོ་དེ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་

སངས་རྒྱས་ཀྱི་ཞིང་དེ་ནི་བསྐལ་པའི་སྙིང་པོ་དང་ལྡན་པ་ཡིན། དུས་ཀྱི་སྙིང་པོ་དང་ལྡན་པ་ཡིན། སེམས་ཅན་གྱི་སྙིང་པོ་དང་ལྡན་པ་ཡིན། ཞིང་གི་སྙིང་པོ་དང་ལྡན་པ་ཡིན། ཐེག་པའི་སྙིང་པོ་དང་ལྡན་པ་ཡིན། སའི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་བསྟན་པའི་

སྙིང་པོ་དང་ལྡན་པ་ཡིན་སངས་རྒྱས་ཀྱི་ཞིང་དེར་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་གཅེར་བུ་པ་རྣམས་མི་རྒྱུ་བ་ཡིན། སངས་རྒྱས་ཀྱི་ཞིང་དེ་བསམ་པ་དང་ལྷག་པའི་བསམ་པ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་རང་བཞིན་གྱིས་དཀར་པོའི་ཆོས་དང་ལྡན་པའི་

སེམས་ཅན་རྣམས་གནས་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་འཕགས་པའི་སྐྱེ་བོའི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་ཡིན་ཏེ། འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ནི་ཡོན་ཏན་གྱི་སྙིང་པོ་བཅུ་

གཉིས་པོ་དེ་དག་དང་ལྡན་པ་ཡིན་ནོ། །དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འཇམ་དཔལ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ངའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐ་དད་པ་རྣམ་པར་

Vol. 55 · folio 193b

གཞག་པ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐ་དད་པའི་འདུ་ཤེས་དང་བྲལ་བའི་ཕྱིར་རོ། །འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པ་སེམས་ཅན་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་དང་། སེམས་ཅན་ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་ཏམ།

དེ་ལྟར་གྱུར་ན་དེ་བཞིན་གཤེགས་པ་སེམས་ཡོངས་སུ་མ་དག་པར་འགྱུར། སེམས་མི་སྙོམས་པར་འགྱུར། མངོན་པར་ཆགས་པར་འགྱུར། དེ་བཞིན་གཤེགས་པ་ཉི་ཚེ་བའི་སྙིང་རྗེ་དང་ལྡན་པར་འགྱུར། དེ་བཞིན་གཤེགས་པ་སྣ་ཚོགས་ཀྱི་འདུ་ཤེས་ཀྱི་སྐྱོན་དུ་ལྟུང་བར་འགྱུར། དེ་བཞིན་

གཤེགས་པ་སློབ་དཔོན་ཆོས་ཀྱི་དཔེ་མཁྱུད་བྱེད་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་གཤེགས་པ་ཆོས་གང་ཅི་སྟོན་ཀྱང་རུང་། ཆོས་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐེག་པ་ཆེན་པོ་ལ་བབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་

པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འཇུག་པ་སྟེ། འཇམ་དཔལ་དེའི་ཕྱིར་སངས་རྒྱས་ཀྱི་ཞིང་དེ་ན་ཐེག་པ་ཐ་དད་པ་རྣམ་པར་གཞག་པ་མེད་དོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཐེག་པ་ཐ་དད་པ་རྣམ་པར་གཞག་པ་མ་མཆིས་ན། འདི་ནི་ཉན་

ཐོས་ཀྱི་ཐེག་པའོ། །འདི་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །འདི་ནི་ཐེག་པ་ཆེན་པོའོ་ཞེས་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་ཐེག་པ་གསུམ་བསྟན་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཐེག་པ་ཐ་དད་པ་ཞེས་བྱ་བ་དེ་ནི་ས་རྣམ་པར་

གཞག་པའི་ཚིག་བླ་དགས་སོ། །འཇམ་དཔལ་རབ་འབྲིང་ཐ་མའི་ཆོས་བསྟན་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་མཚན་ཉིད་རྣམ་པར་གཞག་པར་བསྟན་ཏོ། །དེ་ནི་དེ་བཞིན་གཤེགས་པས་གང་ཟག་རྣམ་པར་གཞག་པར་གཞག་གོ། །ཚོགས་ཆུང་ངུ་བསགས་པའི་

སེམས་ཅན་རྣམས་དང་། བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐེག་པ་ཐ་དད་པར་གཞག་གིས་ཐེག་པ་ནི་ཐ་དད་དུ་དབྱེར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་རོ། འཇམ་དཔལ་

Vol. 55 · folio 194a

ཐེག་པ་བསྟན་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པས་སྒྲིབ་པ་མེད་པར་གསུངས་སོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་མཁས་པ་འཕོང་ཤེས་པའི་མཆོག་གི་ཕ་རོལ་ཏུ་ཕྱིན་པ། ཐབས་དང་སྤྱོད་ལམ་རྣམ་པ་སྣ་ཚོགས་དང་འབད་པ་དང་སྤྱོད་ལམ་

སྣ་ཚོགས་སྟོན་ཅིང་སློབ་མ་ལ་འཕོང་སློབ་ཀྱང་འཕོང་ཤེས་པ་དེ་གཅིག་ཡིན་པ་དེ་བཞིན་དུ། འཇམ་དཔལ་དེ་བཞིན་གཤེགས་པ་ཆོས་ཀྱི་འཕོང་གི་སློབ་དཔོན་མཁས་པ་ཡང་ཆོས་ཀྱི་ཚུལ་སྣ་ཚོགས་ལ་འཇུག་པས་ཁམས་དང་། བསམ་པ་དང་མོས་པ་ཐ་དད་པར་སེམས་ཅན་རྣམས་ལ་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཅིག་ལས་ཐེག་པ་གསུམ་དུ་སྟོན་ཏོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མེ་སྟག་ཆུང་ངུ་ཡར་བ་ཡང་རྩྭའི་རྒྱུ་དང་ལྡན་ཞིང་མཆེད་ན་སྲེག་པའི་བསྐལ་པའི་མེ་ལྟ་བུར་ཚིག་པར་ནུས་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་ཕྱིར་མི་ལྡོག་

པའི་ཡེ་ཤེས་ཀྱི་སྣང་བའི་མེ་སྟག་གཅིག་པོ་དེ་ཡང་ཉོན་མོངས་པ་ཐམས་ཅད་སྲེག་པའི་ཕྱིར་མཐར་གྱིས་མཆེད་ཅིང་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་སྣང་བའི་བར་དུ་བྱེད་ནུས་པར་འགྱུར་རོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རི་དགས་ཕྲ་མོ་ཐམས་ཅད་རི་དགས་ཀྱི་རྒྱལ་པོ་སེང་གེ་

རལ་པ་ཅན་གྱིས་མདུན་ན་འདུག་པར་ནུས་པ་མེད་དོ། །འཇམ་དཔལ་དེ་བཞིན་དུ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་གཅེར་བུ་པ་དང་། འཚོ་བ་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མདུན་ན་འདུག་པར་རམ་ཚིག་སྨྲ་བར་ནུས་པ་མེད་དེ། སྟོབས་བཅུའི་སྟོབས་དང་།

མི་འཇིགས་པ་བཞིས་འཇིགས་པ་མེད་པའི་སྐྱེས་བུ་ཆེན་པོའི་སེང་གེའི་མདུན་ན་སྒྲ་སྒྲོག་པར་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ནི་མ་གཏོགས་སོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཉི་མའི་

དཀྱིལ་འཁོར་ཤར་བ་འོད་ཟེར་གྱི་དྲ་བ་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་འབྱེད་པས། སྲིན་བུ་མེ་ཁྱེར་ཐམས་ཅད་འོད་མེད་ཅིང་། ལམ་མེ་མ་ཡིན་ལྷང་ངེ་མ་ཡིན་ཏེ། མཛེས་པ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཡེ་ཤེས་ཆེན་པོའི་

Vol. 55 · folio 194b

ཉི་མའི་དཀྱིལ་འཁོར་ཤར་ནས། ཡེ་ཤེས་ཆེན་པོའི་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་བཀྱེ་བས། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་གཅེར་བུ་པ་ལ་སོགས་པ་ཐམས་ཅད་འོད་མེད་པར་འགྱུར་ཏེ། ལམ་མེ་མ་ཡིན། ལྷང་ངེ་མ་ཡིན་ཞིང་། མཛེས་པ་མ་ཡིན་པ་འདི་

ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་ཐབས་མཁས་པའི་ཡུལ་དེ་ནི་བསམ་གྱིས་མི་ཁྱབ་སྟེ། དེས་ན་སངས་རྒྱས་ཀྱི་ཞིང་དེར་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་གཅེར་བུ་པ་རྣམས་ཀུན་ཏུ་སྣང་ངོ་། །དེ་ཅིའི་

ཕྱིར་ཞེ་ན། གཞན་མུ་སྟེགས་ཅན་གྱི་སྒོ་དེ་དག་ཐམས་ཅད་ནི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ། ཐབས་མཁས་པ་ཆེན་པོས་རྣམ་པར་རྩེན་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ཡིད་ལ་བྱེད་

པ་དང་མ་བྲལ་བ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཆོག་གི་ཕ་རོལ་ཏུ་སོན་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དག་གོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དེ་དག་སེམས་ཅན་རེ་རེ་ནས། འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཚིག་འདི་སྐད་ཅེས་བདག་ཅག་གིས་ཐེག་པ་ཆེན་པོ་གང་ལེན་པ་འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དེའི་ཤ་ལས་ཉི་མ་རེ་རེ་

ཞིང་ཡང་སྲང་ལྔ་ལྔ་སེན་མོས་གཅད་པར་བྱ་སྟེ། དེ་ཚུལ་དེ་ལྟ་བུས་སྲོག་དང་དབྲལ་ལོ་ཞེས་སྨྲ་བ་ལ། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་སྐད་སྨྲ་བས་མི་སྐྲག་མི་དངང་དངང་བར་མི་འགྱུར་ཏེ། ཐ་ན་སྐྲག་པའི་སེམས་ཀྱང་མི་སྐྱེད། ཞུམ་པ་མེད། གོད་པ་མེད། ཐེ་ཚོམ་མེད་ལ།

ཕྱིར་ཞིང་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་ཏེ། ཀློག་པ་དང་ཁ་ཏོན་བྱེད་པ་ལ་བརྩོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་ནི། འཇམ་དཔལ། སེམས་དཔའ་བ། སྦྱིན་པ་ལ་དཔའ་བ། ཚུལ་ཁྲིམས་ལ་དཔའ་བ། བཟོད་པ་ལ་དཔའ་བ། བརྩོན་འགྲུས་ལ་དཔའ་བ། བསམ་

Vol. 55 · folio 195a

གཏན་ལ་དཔའ་བ། ཤེས་རབ་ལ་དཔའ་བ། ཏིང་ངེ་འཛིན་ལ་དཔའ་བ་ཞེས་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་གསོད་པའི་མི་དེ་དག་ལ་མི་ཁྲོ་ཞིང་། ཐ་བ་དང་ཞེ་སྡང་གི་སེམས་མི་སྐྱེད་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་ཚངས་པ་དང་མཚུངས་པ།

དབང་པོ་དང་མཚུངས་པ། ལྷུན་པོ་དང་མཚུངས་པ། མི་གཡོ་བ། སྙིང་རྗེ་དང་ལྡན་པ། བྱམས་པ་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གསོ་བ་ལ་མོས་པ། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་བ། སེམས་ས་དང་མཚུངས་པ། སེམས་ཆུ་དང་མཚུངས་པ། སེམས་མེ་དང་

མཚུངས་པ། སེམས་ནམ་མཁའ་དང་མཚུངས་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཐ་བ་སེལ་བའི་ཕྱིར་ཞུགས་པའོ། །འཇམ་དཔལ་གང་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལས་སངས་རྒྱས་རེ་རེ་ལ་ཡང་

གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཀང་སྟེ། དབུལ་བ་ཕུལ་ལ། དེ་ལྟར་དབུལ་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་དབུལ་བ་ཕུལ་བ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གིས་རྣམ་པ་འདི་ལྟ་བུའི་

ཆོས་འདི་ཐོས་ནས། ཕྱོགས་གཅིག་ཏུ་སོང་སྟེ། འདི་ལྟར་སེམས་ཀྱིས་མངོན་པར་རྟོག་ཅིང་འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་པར་འདོད་ན། དེས་མ་བསླབས་སུ་ཟིན་ཀྱང་བསོད་ནམས་ཆེས་མང་དུ་སྐྱེད་དེ། བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦྱིན་

པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སེམས་བསྐྱེད་མ་ཐག་པ་དེས་ཆོས་བཞི་ཡོངས་སུ་འཛིན་པའི་ཕྱིར་ཏེ། བཞི་གང་ཞེ་ན། བྱམས་པ་ཡོངས་སུ་བཟུང་བ་ཡིན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་

ཀྱི་བཀའ་དང་མི་འགལ་བར་བྱས་པ་ཡིན། དེ་ནན་ཏན་སྙིང་པོར་བྱེད་པ་ཡིན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། ཆོས་བཞི་པོ་དེ་དག་ཡོངས་སུ་འཛིན་ཏོ། །གཞན་ཡང་ཆོས་བཞི་ཡོངས་སུ་འཛིན་ཏེ།

Vol. 55 · folio 195b

བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྒྲིབ་པ་མེད་པའི་བློའི་རྣམ་པར་ཐར་པ་ཡོངས་སུ་འཛིན་པ་སྟེ་བཞི་པོ་དེ་དག་གོ། །འཇམ་དཔལ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཞེས་བྱ་སྟེ། བཞི་གང་ཞེ་ན། དུས་སུ་སྦྱིན་པ་དང་། གཡོ་མེད་ཅིང་སྒྱུ་མེད་པ་དང་། ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མི་འབྲལ་བ་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཤིན་ཏུ་གུས་པ་སྟེ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱལ་པོའམ། བློན་པོ་ཆེན་པོ་གང་ཞིག་འདི་སྐད་ཅེས་གལ་ཏེ་ཁྱོད་སེམས་ཅན་གཅིག་གི་དོན་དུ་དགེ་བའི་རྩ་བ་གཅིག་ཡང་དག་པར་བསྒྲུབས་ཏེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་

ལ་ཟན་ཆང་གཅིག་ཙམ་སྦྱིན་ཞིང་བསྒྲུབ་ན་ཡང་དེའི་ཕྱིར་ངས་ཁྱོད་ཀྱི་ཤ་སེན་མོས་བཏོགས་ཏེ་མེད་པར་བྱའོ་ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་སྐད་ཟེར་བ་ལ་མི་སྐྲག་མི་དངང་དངང་བར་མི་འགྱུར་ཞིང་འཇིགས་པ་མེད་ཀྱི། འདི་ལྟར་སེམས་སྐྱེད་དེ། གང་གཱའི་ཀླུང་གི་བྱེ་མ་སྙེད་

ཀྱི་ལུས་ཀྱི་ཤ་སེན་མོས་བཅད་དེ་བོར་ཡང་བདག་སྤྲོ་བར་བྱའི་བདག་སེམས་ཅན་གཅིག་གི་ཕྱིར་ཡང་ཇི་ཙམ་དུ་ཆུང་ངུ་ན་ཡང་དགེ་བའི་རྩ་བ་གཅིག་ཡང་དག་པར་མི་བསྒྲུབ་ཏུ་མི་གཏང་ངོ་སྙམ་ནས་སེམས་བསྐྱེད་པ་གཅིག་པོ་དེས་བྱང་ཆུབ་སེམས་དཔའ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་

ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་ཟིལ་གྱིས་གནོན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཀྱང་ཟིལ་གྱིས་གནོན་ཏེ། བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱོང་བར་འགྱུར་རོ། །དེ་བཞིན་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བརྒྱ་བྱིན་དང་ཚངས་པ་འཐོབ་ཅིང་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་

Vol. 55 · folio 196a

ཞེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ན་དེ་སྙིང་རྗེ་དང་ལྡན་པའི་དགེ་བའི་རྩ་བ་དེས་ཆོས་བཞི་ཡོངས་སུ་འཛིན་ཏེ། བཞི་གང་ཞེ་ན། བརྟན་པའི་སེམས་ཡོངས་སུ་འཛིན་པ་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་། སྙིང་

རྗེ་ཆེན་པོ་ཡོངས་སུ་འཛིན་པ་དང་། ཕྱིན་ཅི་ལོག་གི་ཤེས་པ་སྤངས་ནས་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་འཐོབ་པའོ། །གཞན་ཡང་ཆོས་བཞི་ཡོངས་སུ་འཛིན་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མཆོག་ཡོངས་སུ་འཛིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མཆོག་དེ་དང་

ལྡན་པས་བྱང་ཆུབ་སེམས་དཔའ་ལྷ་གཞན་ལ་རྟོན་པར་མི་འགྱུར་བ་དང་། དྲན་པ་ཕུན་སུམ་ཚོགས་པ་མཆོག་འཐོབ་སྟེ། དྲན་པ་ཕུན་སུམ་ཚོགས་པ་མཆོག་དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྐྱེ་བར་སྐྱེ་ན། ཚེ་རབས་དྲན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་

མཆོག་ཡོངས་སུ་འཛིན་ཏེ། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་མཆོག་དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་འབྱུང་བ་དང་འབྲལ་བར་མི་འགྱུར། སངས་རྒྱས་འབྱུང་བ་དང་མི་འབྲལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར། གལ་ཏེ་སངས་རྒྱས་ནི་མ་བྱུང་ལ་འཛམ་བུའི་

གླིང་དུ་སྐྱེས་ན་ཡང་སྐྱེས་བུ་དམ་པར་འགྱུར། འཛམ་བུའི་གླིང་ན་སྦྱིན་པའི་གནས་གཅིག་པུར་འགྱུར། རང་སངས་རྒྱས་དང་གཞན་མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་འདོད་པའི་འདོད་ཆགས་དང་བྲལ་བ་དེ་དག་མགུ་བར་བྱེད་པར་འགྱུར། དེ་དག་མགུ་བར་བྱས་ནས། བསོད་སྙོམས་འབུལ་བར་

འགྱུར་བ་དང་། ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར་ཏེ། ནམ་བག་མེད་པར་གྱུར་པ་དེའི་ཚེ་ཡང་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་སྐུལ་བར་འགྱུར། བསྐུལ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་འགྲུས་རྩོམ་པར་འགྱུར། དེའི་དྲན་

པ་ཆུད་མི་ཟ་བར་འགྱུར། བྱང་ཆུབ་ཡང་དག་པར་འགྲུབ་པའི་རྒྱུར་བརྩོན་འགྲུས་རྩོམ་པར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་སེམས་བསྐྱེད་པ་དེས་རྣམ་པར་དག་པར་བྱེད་པའི་ཆོས་ལྔ་ཡོངས་སུ་འཛིན་ཏེ། ལྔ་གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་པ་

Vol. 55 · folio 196b

ཡོངས་སུ་འཛིན་པ་དང་། ལུས་རྣམ་པར་དག་པ་དང་མཚན་ཕུན་སུམ་ཚོགས་པ་འཐོབ་པ་རྣམ་པར་དག་པ་དང་དགེ་བའི་རྩ་བ་སྦྱངས་པ་རྣམ་པར་དག་པ་དང་། སངས་རྒྱས་ལ་རྟེན། ཆོས་ལ་རྟེན། དགེ་འདུན་ལ་རྟེན། བྱང་ཆུབ་སེམས་དཔའ་ལ་རྟེན། བྱང་ཆུབ་ཏུ་སེམས་བསྐྱེད་པ་

ལ་རྟེན་པ་ཡོངས་སུ་འཛིན་པ་ཡིན་ཏེ། འཇམ་དཔལ་རྣམ་པར་དག་པར་བྱེད་པའི་ཆོས་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དེ། དེ་དག་གི་བདོག་པ་ཐམས་ཅད་

ཕྲོགས་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གཅིག་གི་སེམས་བསྐྱེད་པ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆང་གཅིག་བྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་བར་ཆད་བྱས་ན། དེ་དེ་བས་ཆེས་སྡིག་

པ་གྲངས་མེད་པར་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བའི་རྩ་བའི་བར་ཆད་བྱེད་པར་གནས་པའི་ཕྱིར་རོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་མདོ་སྡེ་དཀོན་མཆོག་སངས་རྒྱས་ཀྱི་ཡེ་ཤེས་སྐྱེད་པ་རྣམ་པ་འདི་ལྟ་བུ་འདི་ལ་མོས་པའི་བྱང་

ཆུབ་སེམས་དཔའ་ལ་སྨོད་ཅིང་བསྔགས་པ་མ་ཡིན་པ་བརྗོད། འདུམ་པར་མི་བྱེད། དགེ་བའི་རྩ་བ་དང་བྲལ་བར་བྱེད་དེ། དགེ་བའི་རྩ་བ་ལ་མོས་པ་དང་བྲལ་བར་བྱེད་ཅིང་བར་ཆད་བྱེད་ན། དེ་མི་དགེ་བའི་རྩ་བ་བསགས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །

དེ་དེར་སྐྱེས་ནས་ལུས་དཔག་ཚད་ལྔ་བརྒྱ་པ་འགྲུབ་བོ། །ལུས་དེ་ལ་ཡང་མགོ་ལྔ་བརྒྱར་འགྱུར་རོ། །མགོ་བོ་རེ་རེ་ལ་ཡང་ལྕེ་ལྔ་བརྒྱ་ལྔ་བརྒྱར་འགྱུར་རོ། །ལྕེ་རེ་རེ་ལ་ཡང་ཐོང་གཤོལ་ལྔ་བརྒྱ་ལྔ་བརྒྱས་རྨོ་བར་འགྱུར་ཏེ། བསྐལ་པ་ཇི་སྙེད་ཅིག་གིས་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་

མངོན་པར་རྫོགས་པར་འཚང་རྒྱ་བ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེས་ནས་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་འབྱུང་བའི་བར་ཆད་བྱ་བར་ཞུགས་པའི་ཕྱིར་རོ། །གང་སངས་རྒྱས་འབྱུང་བའི་བར་ཆད་བྱ་བའི་

Vol. 55 · folio 197a

ཕྱིར་ཞུགས་པ་དེ་སངས་རྒྱས་ཀྱི་རིགས་གཅོད་པའི་ཕྱིར་ཞུགས་པའོ། །ཆོས་ཀྱི་རིགས་གཅོད་པའི་ཕྱིར་ཞུགས་པའོ། །དགེ་འདུན་གྱི་རིགས་གཅོད་པའི་ཕྱིར་ཞུགས་པའོ། །དེ་ལྷའི་རིགས་གཅོད་པའི་ཕྱིར་ཞུགས་པའོ། །དེ་ཚངས་པ་ཐམས་ཅད་ཀྱི་རིགས་གཅོད་པའི་ཕྱིར་

ཞུགས་པའོ། །དེ་མིའི་འཇིག་རྟེན་གཅོད་པའི་ཕྱིར་ཞུགས་པའོ། །དེ་སེམས་ཅན་ཐམས་ཅད་ཀྱི་བདེ་བར་སྦྱར་བ་ཐམས་ཅད་གཅོད་པའི་ཕྱིར་ཞུགས་པའོ། །འཇམ་དཔལ་གང་ལ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་གཅོད་པའི་ཕྱིར་འཇུག་པ་དེ་ལ་རྣམ་པ་དེ་ལྟ་བུའི་སྡུག་བསྔལ་ཆེན་

པོ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་རོ། །ཆོས་ཐོས་

ནས་ཀྱང་རྒྱུན་དུ་ཞུགས་པར་འགྱུར། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་འགྱུར། རང་རྒྱལ་བར་འགྱུར། རྒྱལ་པོ་ཆེན་པོ་བཞིར་འགྱུར། སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་

ལྷར་འགྱུར། ཟླ་བ་དང་ཉི་མར་འགྱུར། སྐར་མ་དང་རྒྱུ་སྐར་དང་། ཚོགས་དང་ཚོགས་ཀྱི་བདག་པོ་ཆེན་པོར་འགྱུར། དྲག་པོ་དང་དྲག་པོ་ཆེན་པོར་འགྱུར། སངས་རྒྱས་ལས་བརྟེན་ཏེ། ཚངས་པར་འགྱུར། ཚངས་པ་ཆེན་པོར་འགྱུར། ཚངས་པའི་མདུན་ན་འདོན་དུ་འགྱུར།

འོད་ཆུང་དང་ཚད་མེད་འོད་དང་། འོད་གསལ་དང་དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་དང་མི་གདུང་དང་། གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་སུ་འགྱུར། སངས་རྒྱས་

ལས་བརྟེན་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར། རྒྱལ་ཕྲན་དུ་འགྱུར། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་འཇིག་རྟེན་དུ་འབྱུང་བར་འགྱུར། སངས་རྒྱས་ལས་བརྟེན་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་འཇིག་རྟེན་དུ་སྣང་བར་འགྱུར།

Vol. 55 · folio 197b

སངས་རྒྱས་ལས་བརྟེན་ཏེ་མིའི་འཇིག་རྟེན་འབྱུང་བར་འགྱུར། སངས་རྒྱས་ལས་བརྟེན་ཏེ་སྐྱིད་པ་དང་། ནོར་ཆེ་བ་དང་མཛོད་མང་བ་དང་། ལུས་ཤིན་ཏུ་འཇམ་པར་འགྱུར། གླང་པོ་ཆེས་འགྲོ་བར་འགྱུར། རྟས་འགྲོ་བ་དང་། དཔུང་བུ་ཆུང་གིས་འགྲོ་བར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་

དཔའ་གང་ལ་ལ་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་། སེར་སྣ་བྱེད་ན་དེས་དེའི་ཚེ་གཞི་དེ་ལས་འཇིགས་པ་ཆེན་པོ་གསུམ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བའི་འཇིགས་པ་དང་། དམུས་ལོང་གི་འཇིགས་པ་དང་། ཡུལ་མཐའ་

འཁོབ་ཏུ་སྐྱེ་བའི་འཇིགས་པ་དང་། འཇིགས་པ་གསུམ་མོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔས་བསོད་སྙོམས་བླངས་ཏེ། རིད་པ་དང་ཕོངས་པ་དང་སྤྲང་པོ་དང་། སློང་བ་རྣམས་ལ་བགོས་ཏེ་བྱིན་ན་དེ་དགེ་བའི་རྩ་བ་དེས་ཚེ་བརྗེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་

དང་ལྡན་པར་འགྱུར་རོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ལ་ཆོས་སྟོན་ཅིང་སྙིང་རྗེ་བས་དོན་དུ་འདོད། ཕན་པར་འདོད། སེམས་ཅན་དེ་དག་ལ་བདེ་བ་དང་། གྲུབ་པར་འདོད་ཀྱི་རྙེད་པ་དང་། བཀུར་སྟི་དོན་དུ་མི་གཉེར་ན་དེ་དགེ་བའི་རྩ་བ་དེས་ཤེས་རབ་རྣོ་བར་འགྱུར་

འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་འགྱུར། བརྒྱ་བྱིན་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་འགྱུར། ཚངས་པ་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་འགྱུར། མིའི་དམ་པ་སངས་རྒྱས་སུ་འགྱུར་རོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་བའི་སེམས་

ཅན་མཐོང་ན་སྙིང་རྗེ་སྐྱེད་ཅིང་། བདེ་བའི་སེམས་ཅན་མཐོང་ན་མཆོག་ཏུ་དགའ་བ་སྐྱེད་ན་དེ་ཚེ་བརྗེས་ནས་དགེ་བའི་རྩ་བ་དེས་ལུས་གསེར་གྱི་མདོག་ཅན་དུ་འགྱུར་རོ།། །།བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་

པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་འཕགས་པའི་ལམ་བརྗོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཡོད་པ་ལ་འཕགས་པའི་ལམ་བརྗོད་པར་འགྱུར་རོ། །འཕགས་པའི་ལམ་ཡང་གནས་པ་མེད་པའོ། །གནས་མེད་པ་ལ་

Vol. 55 · folio 198a

རྣམ་པར་ཤེས་པ་གནས་པ་མེད་དོ། །རྣམ་པར་ཤེས་པ་གནས་པ་མེད་ན་འཕགས་པའི་ལམ་ལ་གནས་པ་ཞེས་བྱའོ། །འཕགས་པའི་ལམ་གྱི་གནས་གང་ཡིན་པ་དེ་ནི་མིག་གི་གནས། རྣ་བའི་གནས། སྣའི་གནས། ལྕེའི་གནས། ལུས་ཀྱི་གནས། ཡིད་ཀྱི་

གནས་སོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་མིག་གིས་དབེན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཡིད་ཀྱིས་དབེན་ནོ། །ཅིས་དབེན་ཞེ་ན་འདས་པས་དབེན་ནོ། །མ་འོངས་པས་དབེན་ནོ། །ད་ལྟར་བྱུང་བས་དབེན་ནོ། །མིག་གི་དབེན་པ་ལ་མིག་གི་དབེན་པ་

ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབེན་པ་ལ་ཡིད་ཀྱི་དབེན་པ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་ཀྱི་དབེན་པ་ལ་ཆོས་ཀྱི་དབེན་པ་ཡོད་པ་

ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་དང་བདག་གི་དང་། རྟག་པ་དང་བརྟན་པ་དང་། ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་ཤིན་ཏུ་དབེན་པའི་ཕྱིར་ཏེ། སྟོང་པ་ཞེས་ཀྱང་མི་བརྗོད། མི་སྟོང་པ་ཞེས་ཀྱང་མི་བརྗོད་ཀྱི་དེ་ནི་འདས་པ་ཞེས་ཀྱང་མི་བརྗོད་ལ།

འདས་པ་མ་ཡིན་པ་ཞེས་ཀྱང་མི་བརྗོད་དོ། །མ་འོངས་པ་ཞེས་ཀྱང་མི་བརྗོད་ལ། མ་འོངས་པ་མ་ཡིན་པ་ཞེས་ཀྱང་མི་བརྗོད་དོ། །ད་ལྟར་བྱུང་བ་ཞེས་ཀྱང་མི་བརྗོད་ལ། ད་ལྟར་བྱུང་བ་མ་ཡིན་པ་ཞེས་ཀྱང་མི་བརྗོད་དོ། །འདི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་ཀྱང་མི་

བརྗོད་ལ། བརྗོད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདས་པས་སྟོང་ངོ་། །མ་འོངས་པས་སྟོང་ངོ་། །ད་ལྟར་བྱུང་བས་སྟོང་ངོ་། །གང་འདས་པས་སྟོང་པ་དང་མ་འོངས་པས་སྟོང་པ་དང་ད་ལྟར་བྱུང་བས་སྟོང་པ་དེ་ནི་འདས་པས་དག་པའོ། །མ་འོངས་པས་དག་གོ། །

ད་ལྟར་བྱུང་བས་དག་གོ། །འཇམ་དཔལ་འདི་ཇི་སྙམ་དུ་སེམས། གང་གཞོམ་པ་མ་ཡིན་པ་དེ་གཞོམ་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཉམ་པ་ལགས་ཏེ། ནམ་དུ་ཡང་མི་མཉམ་པར་མི་འགྱུར་རོ། །འཇམ་དཔལ་

Vol. 55 · folio 198b

དེ་བཞིན་ཏེ། དེ་བཞིན་གཤེགས་པས་མི་མཉམ་པ་མེད་པར་ཆོས་བསྟན་ཏོ། །འཇམ་དཔལ་གང་མི་མཉམ་པ་མེད་ན་མི་གཞོམ་པའོ། །གང་གཞོམ་པ་མ་ཡིན་ཞིང་མཉམ་པ་དེ་ནི་མི་མཉམ་པ་མེད་པའོ། །ལྟོས་པ་མེད་པའོ། །འཇུག་པ་མེད་པའོ། །འགྲོ་བ་མེད་པའོ། །འགྲོ་

བ་ཡང་དག་པར་ཆད་པའོ། །ཤེས་པར་བྱ་བ་མ་ཡིན་པའོ། །གང་དག་གིས་ཤེས་པར་བྱ་བ་མ་ཡིན་ཞེ་ན། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་ནོ། །འདུ་བྱེད་དུ་གྱུར་པ་ཐམས་ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ནི་ལུས་ཀྱི་འདུ་བྱེད་དང་ངག་གི་འདུ་

བྱེད་དང་། ཡིད་ཀྱི་འདུ་བྱེད་འགགས་པའོ། །ཅིའི་རྒྱུས་འགག །ཅི་སྔོན་བྱུང་བ་ལ་དེ་དག་ཕྱིས་འགགས་པ་ཞིག་གམ། འོན་ཏེ་འདས་པ་ན་ཞིག་པས་འགགས་སམ། གང་ཞིག་པས་འགགས། དེ་སྔོན་མི་ཤེས་པ་ལ་རབ་ཏུ་གནས་པས་མི་དགེ་བའི་ལས་མངོན་པར་འདུ་བྱེད་དོ། །དེ་ཤེས་ནས་

མངོན་པར་འདུ་མི་བྱེད་དོ། །གང་སྔོན་འཕགས་པའི་ཆོས་ལ་མ་བརྟེན་ཏེ། མི་ཤེས་པ་ལ་རབ་ཏུ་གནས་པས་མི་དགེ་བའི་ལས་བྱེད་པ་དེ་འཕགས་པའི་ལམ་ལ་བརྟེན་ཏེ། ཡེ་ཤེས་ཀྱིས་རྟོགས་ནས་མངོན་པར་འདུ་བྱེད་དོ། །གང་ཡེ་ཤེས་ཀྱིས་སྟོང་པ་དེ་སྟོང་པ་ཉིད་དེ། མིག་ནི་ཡེ་ཤེས་

ཀྱིས་སྟོང་ངོ་། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ནི་ཡེ་ཤེས་ཀྱིས་སྟོང་སྟེ། སྟོང་པ་ཉིད་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དོ། །ཡིད་མི་དམིགས་པས་མིག་མིག་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་མ་

སྐྱེས་པའི་ཕྱིར་མིག་མི་གནས་ཏེ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་དེ་བཞིན་ནོ། །ཡིད་མི་དམིགས་པས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་ཡིད་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། མིག་ཤིན་ཏུ་མ་སྐྱེས་པའི་ཕྱིར་ཏེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་

ལུས་དང་ཡིད་ཀྱང་མི་གནས་སོ། །དེ་མི་གནས་པས་བསིལ་བར་གྱུར་པ། དབེན་པའི་སེམས་ཀྱིས་གནས་སོ། །དབེན་པ་ཅི་ཞེ་ན། འཇམ་དཔལ་གང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཐའ་དང་། གཉིས་སུ་མེད་པའི་མཐའ་དང་། ཡང་དག་པའི་མཐའ་དང་། ཤིན་ཏུ་

Vol. 55 · folio 199a

འབྱུང་བ་མེད་པའི་མཐའ་དེ་ནི་དབེན་པ་ཞེས་བྱའོ། །འཇམ་དཔལ་དབེན་པ་ལ་ནི་སྐྱེ་བ་དང་རྒ་བ་དང་། འཆི་བ་མེད་དོ། །གང་ལ་སྐྱེ་བ་དང་རྒ་བ་དང་འཆི་བ་མེད་པ་དེ་ལ་སྡུག་བསྔལ་མེད་དོ། །གང་ལ་སྡུག་བསྔལ་མེད་པ་དེ་ལ་སྡུག་བསྔལ་མི་འབྱུང་ངོ་། །གང་ལ་སྡུག་

བསྔལ་མི་འབྱུང་བ་དེ་འཇིགས་པ་མེད་དོ། །གང་འཇིགས་པ་མེད་པ་དེ་སེམས་དང་རྣམ་པར་ཤེས་པ་དང་བྲལ་བའོ། །གང་སེམས་དང་རྣམ་པར་ཤེས་པ་དང་བྲལ་བ་དེ་ནི་མ་སྐྱེས་མ་འགགས་པའོ། །གང་མ་སྐྱེས་པ་མ་འགགས་པ་དེ་དབེན་པ་སྟེ། དེ་དང་དེས་གནས་པས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབེན་པར་གནས་པ་ཞེས་བྱའོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་གནས་པ་མེད་པའོ། །དེ་བཞིན་གཤེགས་པར་བརྟགས་པ་ནི་བརྟགས་པ་མེད་པའོ། །ཆོས་ཐམས་ཅད་མི་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་

བའོ། །དེ་བཞིན་གཤེགས་པའི་ཚིག་ནི་ཚིག་ཐམས་ཅད་ལས་འདས་པ་སྟེ། བསྟན་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ངས་ནི་ཆོས་ཐམས་ཅད་ཀྱི་ཡི་གེ་དང་ངེས་པའི་ཚིག་གིས་བསྟན་པ་འགག་པའི་ཕྱིར་ཆོས་སྟོན་གྱི་འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཡི་གེ་གཅིག་ཀྱང་

མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སེམས་ཀྱི་འཇུག་པ་མེད་དོ། །སེམས་ཀྱི་ལས་མེད་དོ། །སེམས་ལས་ངེས་པར་སེམས་པ་མེད་དོ། །སེམས་ཀྱི་རྒྱུ་བ་མེད་དོ། །སེམས་ཡོངས་སུ་རྟོགས་པ་མེད་དོ། །སེམས་ཀྱི་ཞི་གནས་མེད་དོ། །སེམས་ཀྱི་རྗེས་སུ་

འབྲང་བ་རྣམ་པར་ཤེས་པ་མེད་དོ། །རང་གི་སེམས་ཀྱི་གནས་མེད་དོ། །གཞན་གྱི་སེམས་ཀྱི་གནས་མེད་དོ། །དེ་བཞིན་གཤེགས་པ་ལ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་གནས་པའི་སེམས་མེད་དོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་གནས་

པའི་སེམས་མེད་དོ། །དེ་བཞིན་གཤེགས་པ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་གནས་པའི་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཞི་བའོ། །བསིལ་བར་གྱུར་པའོ། །རྟག་ཏུ་མཉམ་པར་གཞག་པའོ། །མི་སྣང་བའོ། །བལྟར་

Vol. 55 · folio 199b

མེད་པའོ། །མཐའ་ཡས་པའོ། །སྤྲིན་དང་མཚུངས་པའོ། །དེ་ལྟ་མོད་ཀྱི་འོན་ཀྱང་སེམས་ཅན་རྣམས་སྔོན་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་དང་། སྤྱོད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་མཐོང་ངོ་། །ངེས་པར་

སེམས་སོ། །ཀུན་ཏུ་འདྲིའོ། །གང་དག་ཇི་ལྟར་དབང་པོ་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་དང་། གང་དག་ཇི་ལྟར་འདུལ་བ་དེ་དག་གིས་དེ་བཞིན་གཤེགས་པ་དེ་ལྟར་གསུང་འབྱིན་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མ་སྐྱེས་མ་འགགས་པའི་ཕྱིར་རོ། །

གང་ཆོས་ཐམས་ཅད་ཀྱི་རང་བཞིན་མི་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །གང་ཆོས་གང་ཡང་མི་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྤངས་པ་སྟེ། ཆོས་གང་གིས་ཀྱང་བརྗོད་པ་ཡང་མ་ཡིན།

མི་བརྗོད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །གང་ཆོས་ཐམས་ཅད་དང་ཆོས་མ་ཡིན་པ་རྣམས་དང་འདུས་བྱས་རྣམས་དང་འདུས་མ་བྱས་པ་རྣམས་མི་དམིགས་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་

དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྤངས་པ་སྟེ། ཆོས་གང་ཡང་ཁས་མི་ལེན་ཏོ། །ཉེ་བར་མི་ལེན་ཏོ། །ཆོས་སུ་བཏགས་པ་ཡང་མི་འགྲོའོ། །འཇམ་དཔལ་ཆོས་ཐམས་ཅད་ཤིན་ཏུ་འགག་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ།

ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་བཞིན་གཤེགས་པ་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཆོས་གང་གིས་ཀྱང་མཐོང་བར་མི་འགྲོ་སྟེ། དེ་བཞིན་གཤེགས་པ་དེ་ལྟར་མཐོང་ན་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ་ཞེས་འཇུག་

པར་འགྱུར་རོ། །ཆོས་ཐམས་ཅད་ནི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མ་སྐྱེས་པ་དང་མ་འགགས་པའོ་ཞེས་འཇུག་པར་འགྱུར་རོ། །ཡུལ་མེད་པ་ཡུལ་དང་བྲལ་བ་ནི་དེ་བཞིན་གཤེགས་པའི་ཡུལ་ལོ་ཞེས་འཇུག་པར་འགྱུར་

Vol. 55 · folio 200a

རོ། །འཇམ་དཔལ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་སོ། །དེ་རང་གི་སེམས་མཉམ་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་

འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་ཀྱི་ཕྱིར་རང་གི་སེམས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྒྱུ་མ་ལྟ་བུའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེ་རང་གི་ལུས་ཆོས་ཉིད་ཀྱི་

ཕྱིར་སེམས་ཅན་ཐམས་ཅད་ཀྱི་ལུས་ཆོས་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཆོས་ཉིད་ཀྱི་ཕྱིར་རང་གི་ལུས་ཆོས་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུའི་ཕྱིར་རང་གི་ལུས་ལ་སེམས་ཅན་ཐམས་

ཅད་ཀྱི་ལུས་འཇུག་ཅིང་ཡང་དག་པར་འདུའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཡང་རང་གི་ལུས་རྗེས་སུ་འཇུག་ཅིང་ཡང་དག་པར་འདུའོ། །འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སངས་རྒྱས་ཀྱི་སྐུ་བྱིན་གྱིས་རློབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་

པ་ཡང་དེ་བཞིན་ནོ། །རང་གི་ལུས་དང་རང་གི་ལུས་མ་ཡིན་པ་དང་ཞིང་གི་ཚོགས་བྱིན་གྱིས་རློབ་བོ། །དེ་བཞིན་དུ་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ཀྱང་ཇི་ལྟར་འདོད་པ་དེ་བཞིན་དུ་བྱིན་གྱིས་རློབ་སྟེ། ཆུའི་ཁམས་དང་སའི་ཁམས་དང་མེའི་ཁམས་དང་

རླུང་གི་ཁམས་སུ་བྱིན་གྱིས་རློབ་བོ། །མེའི་ཁམས་དང་སའི་ཁམས་དང་ཆུའི་ཁམས་དང་རླུང་གི་ཁམས་སུ་བྱིན་གྱིས་རློབ་བོ། །རླུང་གི་ཁམས་དང་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་སུ་བྱིན་གྱིས་རློབ་བོ། །དེའི་བྱིན་གྱིས་བརླབས་དེ་ནི་བརྒྱ་བྱིན་ནམ། ཚངས་པའམ།

བདུད་དམ། གཞན་གང་གིས་ཀྱང་འཇིག་རྟེན་ན་ཆོས་དང་འཐུན་པར་བསྐུལ་པའམ། །སྤྱོད་པར་ནུས་པའི་དེ་ལྟ་བུའི་གནས་མེད་དོ། །འཇམ་དཔལ་སྤྱོད་པ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཟུགས་ལ་སོ་སོ་ཡང་དག་པར་རིག་པ་བཞི་དང་མངོན་

Vol. 55 · folio 200b

པར་ཤེས་པ་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་བྱིན་གྱི་རླབས་བཞི་ཡང་དག་པར་འཇུག་གོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ལ་སོ་སོ་ཡང་དག་པར་རིག་པ་བཞི་དང་མངོན་པར་ཤེས་པ་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་

རྩ་བདུན་དང་བྱིན་གྱི་རླབས་བཞི་ཇི་ལྟར་ཡང་དག་པར་འཇུག་ཅེ་ན། འཇམ་དཔལ་གང་གཟུགས་མི་དམིགས་པའི་ཤེས་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །གང་དོན་ཇི་ལྟ་བ་བཞིན་དུ་རྟོན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །གང་ཆོས་མི་སྐྱེ་མི་འབྱུང་མི་འགག་པར་

རྟོགས་པ་དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །གང་ངེས་པའི་ཚིག་གིས་ངེས་པར་རྟོགས་པ་འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །གང་གཟུགས་རྣམ་པར་མཐོང་བ་ན་ཁམས་རྣམས་དང་། སྐྱེ་མཆེད་རྣམས་ལ་མིག་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་དེ་ནི།

དེའི་མིག་གི་མངོན་པར་ཤེས་པ་ཉམས་པ་མེད་པའོ། །གང་གཟུགས་ལ་ཡི་གེ་གཅིག་བརྗོད་པས་གཟུགས་ཀྱི་དོན་ཐམས་ཅད་ཐོས་པ་དེ་ནི་དེའི་རྣ་བ་མངོན་པར་ཤེས་པ་ཉམས་པ་མེད་ཅིང་ཆགས་པ་མེད་དེ་སྒྲིབ་པ་མེད་པའོ། །གང་གཟུགས་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་།

སེམས་ལས་བྱུང་བ་རྣམས་ལ་ཆགས་པ་མེད་ཅིང་དབྱེར་མེད་པར་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཤེས་པ་དེ་ནི་དེའི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ཉམས་པ་མེད་ཅིང་ཆགས་པ་མེད་དེ་སྒྲིབ་པ་མེད་པའོ། །གང་གཟུགས་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་སྣང་བ་ལ་

གཅིག་ཏུ་མཉམ་པ་ཉིད་དུ་འཇུག་པ་ཤེས་པ་དེ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཉམས་པ་མེད་ཅིང་ཆགས་པ་མེད་དེ་སྒྲིབ་པ་མེད་པའོ། །གང་གཟུགས་ཀྱི་སྔོན་དང་ཕྱི་མའི་མིང་དང་ངེས་པའི་ཚིག་མཐའ་ཡས་པ་ལ་མི་དམིགས་པའི་ཚུལ་ཁྲིམས་ཀྱིས་

ལྷག་པའི་བསམ་པས་འཇུག་པ་དེ་ནི་དེའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ་ཉམས་པ་མེད་ཅིང་ལྷུན་གྱིས་གྲུབ་སྟེ། ཆགས་པ་མེད་ཅིང་སྒྲིབ་པ་མེད་པའོ། །གང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ལ་འདོད་ཆགས་མེད་ཅིང་འདོད་ཆགས་དང་བྲལ་བའི་

Vol. 55 · folio 201a

ཚུལ་གྱིས་གཟུགས་ལ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གིས་མི་གོས་པར་ཤེས་པ་དེ་ནི་དེའི་ཟག་པ་ཟད་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ཉམས་པ་མེད་ཅིང་ཆགས་པ་མེད་དེ་སྒྲིབ་པ་མེད་པའོ། །གང་མཉམ་པ་ཉིད་དུ་ཤེས་པའི་ཚུལ་གྱིས་

གཟུགས་ལ་མི་སྐྱེ་མི་འགག་མི་གནས་པར་ཤེས་པ་དེ་ནི་དེའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གང་མཉམ་པ་ཉིད་ཀྱི་ཚུལ་གྱིས་གཟུགས་ལ་མྱོང་བ་སྐྱེ་བ་མེད་པར་ཤེས་པ་དེ་ནི་དེའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་

བྱའོ། །མཉམ་པ་ཉིད་ཀྱི་ཚུལ་གྱིས་གང་གཟུགས་ལ་དམིགས་པ་དེ་དང་དེ་ལ་སེམས་མེད་ཅིང་སེམས་ཡོད་པ་མ་ཡིན་ཏེ། སེམས་དང་བྲལ་བ་དེ་ནི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །མཉམ་པ་ཉིད་དུ་ཤེས་པའི་ཚུལ་གྱིས་གང་སྐྱེ་མཆེད་བཅུ་གཉིས་

ལ་འདུ་ཤེས་ཕྱིན་ཅི་ལོག་མེད་པ་དང་། སེམས་ཕྱིན་ཅི་ལོག་མེད་པ་དང་ལྟ་བ་ཕྱིན་ཅི་ལོག་མེད་པ་དང་། གདེག་པ་མེད་པ་དང་། གཞག་པ་མེད་པ་དེ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཚུལ་གྱིས་གང་གཟུགས་ལ་མི་སྐྱེ་བ་དང་མི་

འགག་པ་དང་གནས་པ་མེད་པར་ཤེས་ཤིང་། དགེ་བ་དང་མི་དགེ་བའི་འདུ་ཤེས་དང་ཡང་མི་འདུ་བ་དེ་ནི་སྡིག་པ་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཡང་དག་པར་སྤོང་བ་ཞེས་བྱའོ། །ཡིད་ལ་བྱེད་པ་མེད་པའི་ཚུལ་གྱིས་གང་གཟུགས་ལ་མི་སྐྱེ་བ་

དང་མི་འགག་པ་དང་གནས་པ་མེད་པར་ཤེས་ཤིང་། སྡུག་བསྔལ་ལས་ཤིན་ཏུ་མི་འདའ་བའི་ཚུལ་གྱིས་གདེག་པ་མེད་ཅིང་གཞག་པ་མེད་ལ། སྡིག་པ་ལ་གནས་པ་མེད་དེ་སྤོང་བ་དེ་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཡང་དག་པར་སྤོང་བ་ཞེས་བྱའོ། །ཡིད་ལ་

བྱེད་པ་མེད་པའི་ཚུལ་གྱིས་གང་གཟུགས་མཐོང་ནས་ཁམས་དང་སྐྱེ་མཆེད་མི་སྐྱེ་བ་དང་མི་འགག་པ་དང་གནས་པ་མེད་པར་ཤེས་ཤིང་ཆོས་ཀྱི་དབྱིངས་མཉམ་པ་ཉིད་མི་སྐྱེ་བའི་ཚུལ་གྱིས་གདེག་པ་མེད་ཅིང་གཞག་པ་མེད་ལ། མི་དགེ་བ་མི་དམིགས་ཤིང་། དགེ་བའི་ཆོས་མ་སྐྱེས་པ་

Vol. 55 · folio 201b

རྣམས་སྐྱེད་པ་དེ་ནི་དགེ་བའི་ཆོས་མ་སྐྱེད་པ་རྣམས་སྐྱེད་པའི་ཡང་དག་པར་སྤོང་བ་ཞེས་བྱའོ། །ཡིད་ལ་བྱེད་པ་མེད་པའི་ཚུལ་གྱིས་གང་གཟུགས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གནས་པ་མེད་པར་ཤེས་ཤིང་། གནས་མེད་པ་དང་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གནས་པ་

མེད་པའི་ཚུལ་གྱིས་གདེག་པ་མེད་ཅིང་གཞག་པ་མེད་ལ། དགེ་བ་མི་དམིགས་པར་དགེ་བ་སྦྱོར་བ་དེ་ནི་དགེ་བའི་ཆོས་རྣམས་གནས་པར་བྱ་བ་ཡང་དག་པར་སྤོང་བ་ཞེས་བྱའོ། །ཉམས་པ་མེད་པའི་ཚུལ་གྱིས་གང་གཟུགས་ལ་གནས་མེད་ཅིང་སྒྲིབ་པ་མེད་པར་འདུན་ལ་ཆོས་ཀྱི་དབྱིངས་

མཉམ་པ་ཉིད་ཀྱི་ཚུལ་གྱིས་ཁ་དོག་གི་སྣང་བ་ཐམས་ཅད་ཀྱིས་གཟུགས་ཁྱབ་ལ། ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་འདུལ་བར་འདུན་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །རྒྱུན་མི་ཆད་པའི་ཚུལ་དང་ཕྱི་མའི་མཐའི་མུར་རྒྱུན་མི་གཅོད་པའི་ཚུལ་དང་། གཞག་

པ་མེད་པའི་ཚུལ་གྱིས་གང་གཟུགས་ལ་བླང་བ་མེད་པ་དང་། དོར་བ་མེད་པའི་བརྩོན་འགྲུས་དང་མངོན་པར་འདུ་མི་བྱེད་པའི་རྫུ་འཕྲུལ་གྱིས་འདུལ་བ་ཡོངས་སུ་སྨིན་པ་བཞིན་དུ་འདུལ་བར་སྤྲོ་བ་འདི་ནི་ཆོས་ཉིད་དབྱེར་མེད་པས་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དེ་བཞིན་གཤེགས་པའི་ཡེ་ཤེས་

ཐོབ་པ་མེད་པའི་ཚུལ་གྱིས་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །གང་གཟུགས་ལ་སེམས་མི་འཛིན་ཅིང་སྦྱོར་བ་མེད་པས་མཉམ་པ་ཉིད་དང་དམིགས་པ་ལས་ཤིན་ཏུ་འདའ་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་གནས་པ་དང་། བསམ་གཏན་མཁའ་ཁྱབ་ལ་སྙོམས་པར་

འཇུག་པ་དེ་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཐོབ་པར་བྱེད་པའི་སེམས་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དཔྱོད་པ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་གཟུགས་ལ་སྐྱེ་བ་མེད་པར་ཤེས་པ་ལ་གཅིག་ཏུ་ངེས་པ་དང་། དབྱེར་མེད་པའི་ཚུལ་གྱིས་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ཏུ་རྟོགས་

པར་དཔྱོད་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དཔྱོད་པས་རྣམ་པར་འཕྲུལ་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པས་དཔྱོད་པ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །ཆོས་ཐམས་ཅད་ཐོབ་པ་མེད་པའི་ཚུལ་གྱིས་གང་གཟུགས་ལ་དམིགས་པ་ཐམས་ཅད་གནས་མེད་

Vol. 55 · folio 202a

པར་དད་པ་དང་དབང་པོ་ལ་རྟོག་པ་དང་གཟུགས་དང་གཟུགས་མེད་པ་མཉམ་པ་ཉིད་དུ་གྱུར་པའི་ཆོས་རྣམས་ལ་དད་པ་དང་། དབང་པོ་ཞུམ་པ་མེད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་དད་པ་དེ་ནི་དད་པའི་དབང་པོ་ཞེས་བྱའོ། །གདེག་པ་མེད་པ་དང་གཞག་པ་མེད་

པའི་ཚུལ་གྱིས་གང་གཟུགས་ལ་དམིགས་པ་ཐམས་ཅད་མགོ་གཅིག་ཏུ་གྱུར་པ་དང་། རྣལ་འབྱོར་གྱི་རྒྱུན་མི་གཅོད་པ་དེ་ནི་བརྩོན་འགྲུས་ཞེས་བྱ་སྟེ། མི་དམིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱུན་མི་གཅོད་པ་དེ་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །དེ་བཞིན་

གཤེགས་པའི་གནས་ལ་དབང་པོ་འཇུག་པའི་ཚུལ་གྱིས་གང་གཟུགས་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཚུལ་གྱིས་དམིགས་པ་ལས་ཤིན་ཏུ་འདས་ནས་གཅིག་དྲན་ཏེ། དུས་གསུམ་མཚན་ཉིད་གཅིག་ཏུ་དྲན་པ་དེ་ནི་དྲན་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་སུ་

མཚུངས་པས། དམིགས་པ་གཅིག་གིས་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་པ་དང་། དེ་བཞིན་གཤེགས་པ་མཐོང་བའི་བྱིན་གྱི་རླབས་དེ་ནི་དྲན་པའི་དབང་པོ་ཞེས་བྱའོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གཡེང་བ་མེད་པའི་ཚུལ་གྱིས་གང་གཟུགས་ལ་ཡིད་ལ་བྱེད་པ་

ཐམས་ཅད་གཅིག་པ་དང་། གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་དམིགས་པ་གཅིག་པ་དང་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་སྟེ། གཡེང་བ་མེད་པ་དང་དེ་བཞིན་གཤེགས་པའི་དབང་པོ་ལ་འཇུག་པའི་ཡེ་ཤེས་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐུན་མོང་མ་ཡིན་པ་དེ་ནི་

ཏིང་ངེ་འཛིན་ཅེས་བྱ་སྟེ། ཏིང་ངེ་འཛིན་ཐམས་ཅད་སྐྱེ་བ་མེད་པའི་ཚུལ་དང་། གཡེང་བ་མེད་ཅིང་མི་ཐུལ་བས་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །གང་གཟུགས་ལ་གནས་མེད་པའི་ཤེས་རབ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་དང་། སྐྱེ་བ་མེད་པའི་མཐར་ཡང་དག་

པར་འདུས་པའི་སྤྱོད་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་འཇུག་པའི་ཤེས་རབ་ཀྱིས་འདུས་བྱས་དང་འདུས་མ་བྱས་གཉིས་ལས་ཤིན་ཏུ་འདའ་བ་དང་། གཉེན་པོ་མེད་པའི་ཚུལ་གྱིས་གཟུགས་དེ་ལ་གང་མཚན་ཉིད་གཅིག་ཏུ་འཇུག་པ་དེ་ནི་ཤེས་རབ་ཅེས་བྱ་སྟེ། ཉི་ཚེ་བའི་ཤེས་

Vol. 55 · folio 202b

པས་མི་ཐུལ་བའི་ཚུལ་གྱིས་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །གང་གཟུགས་ལ་ཆགས་པ་མེད་ཅིང་དམིགས་པ་མེད་ལ་མི་ཐུལ་བའི་དོན་དང་། དད་པས་འཕྲོགས་པ་མེད་པའི་དོན་དེ་ནི་དད་པའི་སྟོབས་ཞེས་བྱའོ། །གང་གཟུགས་ལ་ཀུན་ཏུ་འགྲོ་བའི་བྱིན་གྱི་རླབས་ལ་སྤྲོ་བ་དང་། སྟོབས་དང་།

སྟོབས་མ་ཡིན་པའི་འདུ་ཤེས་ལས་ཤིན་ཏུ་འདའ་བ་དང་། ཁམས་ལ་དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་སུ་སྒྲུབ་པ་དེ་ནི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ། །གང་གཟུགས་ལ་རྣམ་པར་མི་རྟོག་པ་དང་། རྣམ་པར་མི་སྒྲུབ་པ་དང་ལྷུན་གྱིས་གྲུབ་པའི་དྲན་པའི་ཤེས་པ་དང་། ཤིན་ཏུ་མཐར་

ཐུག་པ་ལ་འཇུག་པའི་མཆོག་དང་ཡང་དག་པའི་མཐའ་དང་མཚུངས་པ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་དྲན་པ་ཉེ་བར་གཞོག་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་ཐུལ་བའི་ཤེས་པ་དེ་ནི་དྲན་པའི་སྟོབས་ཞེས་བྱའོ། །གང་གཟུགས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་

ཀྱི་མཐར་ཐུག་པ་དང་། ཆོས་ཀྱི་དབྱིངས་ཀྱི་ལས་ཡང་དག་པར་སྒྲུབ་པ་དང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པའི་ཐོབ་པ་དང་། ཕྱིན་ཅི་ལོག་ཐམས་ཅད་ལ་གཡེང་བ་མེད་པ་ཤེས་པ་དེ་ནི་མི་ཐུལ་བའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ། །གང་གཟུགས་ལ་ཆོས་ཀྱི་དབྱིངས་འཁྲུགས་

པ་མེད་པར་རྟོག་པ་དང་། མཐའ་དང་མཐའ་མ་ཡིན་པ་གཉིས་སུ་མེད་པར་རབ་ཏུ་ཤེས་པ་དང་། རྣམ་པར་གཞག་པའི་མཐའ་ལ་ལྷུན་གྱིས་གྲུབ་པའི་དྲན་པ་ཤེས་པ་དང་གནས་པ་མེད་པའི་དངོས་པོ་རབ་ཏུ་ཤེས་པ་དེ་ནི་ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །གང་གཟུགས་ལ་གནས་མེད་པའི་དྲན་པ་

མངོན་དུ་ཡང་དག་པར་རྟོག་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་འཐུན་པ་དང་སྐྱེ་བ་མེད་པ་ལ་ཞུགས་པ་རྣམས་ཀྱི་དྲན་པ་ཡིད་ལ་བྱེད་པ་མེད་པའི་ཚུལ་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །གང་གཟུགས་ལ་ཆོས་ཀྱི་དབྱིངས་སུ་རབ་ཏུ་

ཤེས་པ་དང་། མི་དམིགས་པའི་རྣལ་འབྱོར་གྱི་ཤེས་པས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་དང་། ཆོས་དང་ཆོས་མ་ཡིན་པ་གཉིས་ཁོང་དུ་ཆུད་པ་དེ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །གང་གཟུགས་ལ་རང་བཞིན་གྱིས་ཆོས་ཀྱི་སྐུ་ཡིན་པས་མི་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words