འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ

Sanskrit title (Tibetan script, as in the text) ཨཱརྱ་སུ་བི་ཀྲན་ཏ་བི་ཀྲ་མ་པ་རི་པྲྀ་ཙྪཱ་པྲཛྙཱ་བཱ་ར་མི་ཏ་ནིར་དེ་ཤ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 34 · folio 78a

ཐམས་ཅད་ཀྱིས་མི་ནོན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་གྱི། འདི་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་མ་ཡིན། འདི་ནི་སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཀྱི་ཐེག་པ་ཅན་དང་། རང་སངས་

རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད་པ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཀྱི་སྤྱོད་པར་གྱུར་དུ་ཟིན་ན་ནི་དེ་དག་ལ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ཞེས་བྱ་བའི་ཐ་སྙད་

འདི་གང་ཡང་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་ཞིང་། དེ་དག་མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟར་སྤྱོད་པ་འདི་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་མ་ཡིན། རང་སངས་རྒྱས་ཀྱི་

ཐེག་པ་ཅན་རྣམས་ཀྱི་མ་ཡིན་ཏེ། དེའི་ཕྱིར་དེ་དག་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་མི་འགྲོ། མི་འཇིགས་པ་བཞི་ཐོབ་པའི་དེ་བཞིན་གཤེགས་པར་ཡང་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི་མི་འཇིགས་པའི་

ས་ལགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱི་དབང་

གིས་མྱུར་དུ་མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ལ། མི་འཇིགས་པ་བཞི་མེད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཡང་མི་འཇིགས་པ་བཞི་བྱིན་གྱིས་མི་རློབ་

བོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྨོན་ལམ་གྱི་དབང་གིས་གང་ལ་མི་འཇིགས་པ་བཞི་ཐོབ་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་སའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་དག་ནི་སོ་སོར་ཡང་

Vol. 34 · folio 78b

དག་པར་རིག་པ་བཞི་ཐོབ་པར་འགྱུར་བའི་ཕྱིར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །འདི་བཞི་དང་ལྡན་པ་དེ་དག་

མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་གིས་མི་འཇིགས་པ་བཞི་རབ་ཏུ་འཛིན་ཏོ། །དེ་བཞིན་གཤེགས་པས་ཀྱང་དེ་དག་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་ཡང་རྗེས་སུ་ཐོབ་པར་མཁྱེན་ནས་མི་འཇིགས་པ་བཞི་བྱིན་གྱིས་བརླབ་བོ། །

རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འདོད་ཅིང་མྱུར་དུ་མི་འཇིགས་པ་བཞི་ལ་མཁས་པར་འགྱུར་བར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྤྱད་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་རྒྱུ་དང་། ཀུན་འབྱུང་བ་དང་། ནུབ་པ་དང་། འགོག་པ་ཡང་རབ་ཏུ་ཤེས་ཏེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་མི་སྦྱོར་རོ། །ཆོས་ཐམས་ཅད་ཀྱི་རྒྱུ་དང་། ཀུན་འབྱུང་བ་དང་།

འགོག་པ་དང་། ལམ་དང་། མཚན་ཉིད་རབ་ཏུ་ཤེས་པས་གཟུགས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མིང་དང་གཟུགས་ལ་

སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདོད་ཆགས་དང་། ཞེ་

སྡང་དང་། གཏི་མུག་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་ལ་སྒོམ་པར་

Vol. 34 · folio 79a

ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སྦྱིན་པ་དང་། སེར་སྣ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་།

བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་

དང་། ཚད་མེད་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྒོམ་པར་ཡང་མི་

བྱེད། མི་སྒོམ་པར་ཡང་མི་བྱེད། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མི་སྐྱེ་བའི་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་སྒོམ་པར་ཡང་མི་བྱེད། མི་

སྒོམ་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་

སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཞི་གནས་དང་། ལྷག་མཐོང་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། མྱ་ངན་ལས་འདས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། འདས་པ་དང་།

མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཐོགས་པ་མེད་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་མི་འཇིགས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་

Vol. 34 · folio 79b

པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མིང་དང་གཟུགས་དང་། ཕྱིན་ཅི་ལོག་དང་། ལྟ་བར་

གྱུར་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་

ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་

སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཐོགས་པ་

མེད་པའི་ཡེ་ཤེས་ནི་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་བསྒོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་པོ་ཡོངས་སུ་གྲུབ་པ་གང་ཡང་མེད་པའི་ཕྱིར་ཐ་སྙད་འདི་དག་

ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་སྟེ། དེ་ལ་ངོ་བོ་ཉིད་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ། མ་བྱུང་བ་སྟེ། དངོས་པོ་མེད་པའི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་ཏེ་ཆོས་

ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བའི་ཕྱིར་རོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ཡང་དག་པ་མ་ཡིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། རང་བཞིན་མེད་པའི་ཕྱིར་དངོས་པོ་མི་དམིགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་

Vol. 34 · folio 80a

པོ་མེད་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་མ་བྱུང་བ་སྟེ། དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དངོས་པོ་མེད་པ་ཞེས་བྱ་བ་དེ་ནི་ཡོངས་སུ་བསྟན་པའོ། །གང་ལ་དངོས་པོ་མེད་པ་དེ་ལ་བསྒོམ་པའང་མེད་མི་བསྒོམ་པ་ཡང་

མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་ལས་བྱུང་བས་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་དེ། དེ་ལ་ནི་དངོས་པོ་ཅི་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར།

དངོས་པོ་མེད་པའི་རང་བཞིན་ཏེ། དངོས་པོ་དང་བྲལ་བས་འདི་ལ་ནི་བསྒོམ་པར་བྱ་བ་ཅི་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་འདི་དག་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་གང་ལ་ཡང་

སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་ན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་

རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་དང་ཕྲད་པའི་རྒྱུར་སེམས་མི་སྐྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ཕྲད་པའི་རྒྱུར་སེམས་མི་སྐྱེད། ཐ་བ་དང་

ལྡན་པའི་སེམས་མི་སྐྱེད། གནོད་སེམས་དང་ལྡན་པའི་སེམས་མི་སྐྱེད། སེར་སྣ་དང་ལྡན་པའི་སེམས་མི་སྐྱེད། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་སེམས་མི་སྐྱེད། ལེ་ལོ་དང་ལྡན་པའི་སེམས་མི་སྐྱེད། རྣམ་པར་གཡེང་བ་དང་ལྡན་པའི་སེམས་མི་སྐྱེད། འཆལ་པའི་ཤེས་རབ་དང་

ལྡན་པའི་སེམས་མི་སྐྱེད། འདོད་པ་དང་ཕྲད་པ་དང་ལྡན་པའི་སེམས་མི་སྐྱེད། གཟུགས་ཀྱི་དམིགས་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། བརྣབ་སེམས་དང་ལྡན་པའི་སེམས་མི་སྐྱེད། ཕྲ་མ་དང་ལྡན་པའི་སེམས་མི་སྐྱེད། ལོག་པར་ལྟ་བ་དང་ལྡན་པའི་སེམས་མི་སྐྱེད།

Vol. 34 · folio 80b

ལོངས་སྤྱོད་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། དབང་ཕྱུག་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ལོངས་སྤྱོད་ཆེན་པོའི་རིགས་སུ་སྐྱེས་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ལྷར་སྐྱེ་བ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད།

འདོད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། གཟུགས་དང་གཟུགས་མེད་པའི་ཁམས་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད། ཉན་ཐོས་ཀྱི་ས་དང་ལྡན་པའི་སེམས་མི་སྐྱེད། རང་སངས་རྒྱས་ཀྱིས་དང་ལྡན་པའི་སེམས་མི་སྐྱེད། བྱང་ཆུབ་སེམས་དཔའི་

སྤྱོད་པ་ལ་མངོན་པར་ཞེན་པ་དང་ལྡན་པའི་སེམས་མི་སྐྱེད་དེ། ཐ་ན་མྱ་ངན་ལས་འདས་པར་ལྟ་བ་དང་ལྡན་པའི་སེམས་ཀྱང་མི་སྐྱེད་དོ། །དེ་སེམས་རྣམ་པར་དག་པ་འདི་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཁྱབ་པར་བྱེད་དོ། །དེས་

སེམས་ཅན་དུ་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ཏེ། སེམས་ཅན་དུ་འདུ་ཤེས་པ་ལའང་མི་གནས། ཚངས་པའི་གནས་བཞི་པོ་དེ་དག་ལའང་མངོན་པར་མི་ཞེན་ཏེ། ཐབས་ལ་མཁས་པ་དང་ལྡན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དེ་དག་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་གཟུགས་ཁས་མི་ལེན་མི་འཛིན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ། །

ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཁས་མི་ལེན་མི་འཛིན་ཏོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཁས་མི་ལེན་མི་འཛིན་ཏོ། །ཆད་པ་དང་རྟག་པ་ཁས་མི་ལེན་མི་འཛིན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་མི་ལེན་མི་

འཛིན་ཏོ། །ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ཁས་མི་ལེན་མི་འཛིན་ཏོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཁས་མི་ལེན་མི་འཛིན་ཏོ། །ནམ་མཁའི་ཁམས་ཁས་མི་ལེན་མི་འཛིན་ཏོ། །ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཁས་མི་ལེན་མི་འཛིན་

Vol. 34 · folio 81a

ཏོ། །བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཁས་མི་ལེན་མི་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་

མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཁས་མི་ལེན་མི་འཛིན་ཏོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཁས་མི་ལེན་མི་འཛིན་ཏོ། །མངོན་པར་ཤེས་པ་ཁས་མི་ལེན་མི་འཛིན་ཏོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་

པ་དང་། ལམ་ཁས་མི་ལེན་མི་འཛིན་ཏོ། །མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཁས་མི་ལེན་མི་འཛིན་ཏོ། །བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་ཁས་མི་ལེན་མི་འཛིན་ཏོ། །སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་

རྒྱས་ཀྱིས་ཁས་མི་ལེན་མི་འཛིན་ཏོ། །སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཁས་མི་ལེན་མི་འཛིན་ཏོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ཁས་མི་ལེན་མི་འཛིན་ཏོ། །ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཁས་མི་ལེན་མི་

འཛིན་ཏོ། །སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ཁས་མི་ལེན་མི་འཛིན་ཏོ། །སྒྲིབ་པ་ཁས་མི་ལེན་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཁས་ལེན་པ་མེད་ཅིང་འཛིན་པ་མེད་དེ་གང་གིས་ཀྱང་ཁས་བླངས་པ་མེད་པའི་

ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུང་བར་བྱ་བའི་ཆོས་གང་ཡང་མེད་དེ་སུས་ཀྱང་མ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཟུང་བར་བྱ་བའམ། འཛིན་པར་འགྱུར་བ་ཅི་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའི་ཕྱིར་སྙིང་པོ་མེད་པའོ། །ཆོས་

ཐམས་ཅད་ནི་སྙིང་པོ་མི་དམིགས་པས་ཡ་མ་བརླའོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པས་མིག་ཡོར་དང་མཚུངས་སོ། །ཆོས་ཐམས་ཅད་ནི་རང་བཞིན་མེད་པས་གསོག་གོ། །ཆོས་ཐམས་ཅད་ནི་མཉེ་མི་བཟོད་པའི་ཕྱིར་དབུ་བ་རྡོས་པ་ལྟ་བུའོ། །ཆོས་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་

Vol. 34 · folio 81b

འཇུ་བས་ཆུའི་ཆུ་བུར་དང་མཚུངས་སོ། །ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བས་སྨིག་རྒྱུ་དང་འདྲའོ། །ཆོས་ཐམས་ཅད་ནི་སྙིང་པོ་མེད་པས་ཆུ་ཤིང་གི་སྙིང་པོ་ལྟ་བུའོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པས་ཆུ་ཟླ་དང་མཚུངས་སོ། །ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པ་ལ་

ཡོངས་སུ་བརྟགས་པས་འཇའ་ཚོན་དང་འདྲའོ། །ཆོས་ཐམས་ཅད་ནི་ཀུན་ནས་ལྡང་བ་མེད་པས་གཡོ་བ་མེད་དོ། །ཆོས་ཐམས་ཅད་ནི་ཡ་མ་བརླའི་རང་བཞིན་ལ་རྟོག་པས་ཆད་པ་སྟོང་པ་དང་མཚུངས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་

མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཅི་ཡང་ཁས་མི་ལེན་མི་འཛིན་ཏོ། །མི་འདུག་གོ། །ལྷག་པར་ཡང་ཆགས་ནས་མི་གནས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དད་པ་དང་། མི་གནས་

པ་དང་། ལྷག་པར་ཆགས་པ་མེད་པ་དང་། མངོན་པར་མི་ཆགས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་དེ་

ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་སློབ། གཟུགས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།

རྣམ་པར་ཤེས་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཡང་མི་སློབ། གཟུགས་སྐྱེ་བ་ལ་མི་སློབ། གཟུགས་འགོག་པ་ལ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་ལ་མི་སློབ། རྣམ་པར་ཤེས་པ་འགོག་པ་ལ་མི་སློབ། གཟུགས་

འདུལ་བ་དང་། མི་འདུལ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུལ་བ་དང་མི་འདུལ་བའི་ཕྱིར་མི་སློབ། གཟུགས་ལས་འདའ་བ་དང་། འཇུག་པ་དང་། གནས་པ་དང་། མི་གནས་པའི་ཕྱིར་ཡང་མི་སློབ། ཚོར་བ་དང་།

Vol. 34 · folio 82a

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་འདའ་བ་དང་། འཇུག་པ་དང་། གནས་པ་དང་། མི་གནས་པའི་ཕྱིར་ཡང་མི་སློབ་བོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་རྟག་པར་ཡང་མི་སློབ། གཟུགས་

བདེ་བ་དང་། གཟུགས་སྡུག་པ་དང་། གཟུགས་བདག་ཏུ་ཡང་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པར་ཡང་མི་སློབ། རྣམ་པར་ཤེས་པ་བདེ་བ་དང་། རྣམ་པར་ཤེས་པ་སྡུག་པ་དང་། རྣམ་པར་ཤེས་པ་བདག་ཏུ་ཡང་མི་སློབ་བོ། །རབ་ཀྱི་རྩལ་

གྱིས་རྣམ་པར་གནོན་པ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་འདས་པའི་དམིགས་པ་ལ་མི་སྤྱོད། གཟུགས་མ་འོངས་པའི་དམིགས་པ་ལ་མི་སྤྱོད། གཟུགས་ད་ལྟར་བྱུང་བའི་དམིགས་པ་ལ་མི་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་

པ་འདས་པའི་དམིགས་པ་ལ་མི་སྤྱོད། མ་འོངས་པའི་དམིགས་པ་ལ་མི་སྤྱོད། ད་ལྟར་བྱུང་བའི་དམིགས་པ་ལ་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་འདས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་

སོ་སོར་རྟོག་སྟེ། གང་འདས་པ་དེ་ལ་སྟོང་པ་དང་། ཞི་བ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །མ་འོངས་པ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་མ་འོངས་པ་དེ་ལ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་

མི་སྤྱོད་དོ། །ད་ལྟར་བྱུང་བ་ལ་སྟོང་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། གང་ད་ལྟར་བྱུང་བ་དེ་ལ་སྟོང་པ་དང་། བདག་མེད་པ་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །འདས་པ་ལ་སྟོང་པའམ། བདག་གམ། བདག་གིའམ། རྟག་པའམ། བརྟན་

པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །མ་འོངས་པ་ལ་སྟོང་པའམ། བདག་གམ། བདག་གིའམ། རྟག་པའམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །ད་ལྟར་བྱུང་བ་ལ་སྟོང་པ་

Vol. 34 · folio 82b

འམ། བདག་གམ། བདག་གིའམ། རྟག་པའམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་ཞེས་དེ་ལྟར་ཡང་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་

པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་གྱིས་སྐབས་མི་རྙེད་དོ། །དེ་ལྟར་སྤྱོད་པ་ནི་བདུད་ཀྱི་ལས་ཐམས་ཅད་ཁོང་དུ་ཆུད་པས་བདུད་ཀྱི་ལས་དེ་དག་གིས་མི་འཕྲོགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

གཞན་ཡང་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མི་དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་དམིགས། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་ལ་མི་དམིགས། བདག་ཏུ་མངོན་པར་ཞེན་པ་ལ་མི་དམིགས།

སེམས་ཅན་དུ་མངོན་པར་ཞེན་པ་ལ་མི་དམིགས། ཆད་པ་དང་། རྟག་པ་ལ་མི་དམིགས། མཐའ་དང་། མཐའ་མེད་པ་ལ་མི་དམིགས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་མི་དམིགས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་

མེད་པའི་ཁམས་ལ་མི་དམིགས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་དམིགས། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཁམས་ལ་མི་དམིགས། བདེན་པ་དང་། བརྫུན་པ་ལ་མི་དམིགས། འདུ་བ་དང་འབྲལ་བ་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་།

གཏི་མུག་ལ་མི་དམིགས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བ་ལ་མི་དམིགས། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ལ་མི་དམིགས། བཟོད་པ་དང་། གནོད་སེམས་ལ་མི་དམིགས། བརྩོན་འགྲུས་དང་། ལེ་ལོ་ལ་མི་དམིགས། བསམ་གཏན་

དང་རྣམ་པར་གཡེང་བ་ལ་མི་དམིགས། ཤེས་རབ་དང་འཆལ་པའི་ཤེས་རབ་ལ་མི་དམིགས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཕྱིན་ཅི་ལོག་པ་ལ་མི་དམིགས། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་

Vol. 34 · folio 83a

དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མི་དམིགས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་མི་དམིགས། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་མི་དམིགས། སོ་སོའི་སྐྱེ་

བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་མི་དམིགས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་མི་དམིགས། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་མི་དམིགས། མངོན་པར་ཤེས་པ་དང་། ཡེ་ཤེས་མཐོང་བ་ལ་མི་དམིགས། རྣམ་པར་གྲོལ་བ་

ལ་མི་དམིགས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་མི་དམིགས། མྱ་ངན་ལས་འདས་པ་ལ་མི་དམིགས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་མི་དམིགས། ཐོགས་པ་མེད་པའི་ཡེ་ཤེས་ལ་མི་དམིགས། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་དམིགས།

སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ལ་མི་དམིགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་མི་དམིགས། མཚན་ཡོངས་སུ་དག་པ་ལ་མི་དམིགས། ཉན་ཐོས་ཕུན་སུམ་ཚོགས་པ་ལ་མི་དམིགས། རང་སངས་རྒྱས་ཕུན་སུམ་ཚོགས་པ་ལ་མི་དམིགས། བྱང་ཆུབ་སེམས་དཔའ་

ཕུན་སུམ་ཚོགས་པ་ལ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དུ་འདི་དག་ལ་དམིགས་པར་འགྱུར་བའི་འཛིན་པ་གང་ཡང་ཆོས་ཐམས་ཅད་ལ་མེད་དེ་ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཇི་སྲིད་དུ་

དམིགས་པ་དེ་སྲིད་དུ་ལྷག་པར་ཆགས་པ་དང་། དེ་སྲིད་དུ་མངོན་པར་ཞེན་པ་དང་། དེ་སྲིད་དུ་ལེན་པ་དང་། དེ་སྲིད་དུ་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། དེ་སྲིད་དུ་མྱ་ངན་མི་བཟད་པའི་ཟུག་རྔུ་དང་། འཁྲུག་པ་དང་། སྨྲེ་སྔགས་འདོན་པ་འབྱུང་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་

རྣམ་པར་གནོན་པ་ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཆིང་བའོ། །དེ་སྲིད་དུ་ལམ་མེད་པའོ། །དེ་སྲིད་དུ་སྡུག་བསྔལ་དང་ཡིད་མི་བདེ་བའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་རློམ་སེམས་དང་། གཡོ་བ་དང་། སྤྲོས་པའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཐབ་པ་དང་། རྩོད་པ་དང་།

Vol. 34 · folio 83b

འགྱེད་པའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་མ་རིག་པའི་མུན་པ་དང་། གཏི་མུག་གོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་འཇིགས་པའོ། །དེ་སྲིད་དུ་སྐྲག་པའོ། །ཇི་སྲིད་དུ་དམིགས་པ་དེ་སྲིད་དུ་བདུད་ཀྱི་ཞགས་པ་དང་། བདུད་ཀྱིས་འཇོམས་པའོ། །ཇི་སྲིད་དུ་དམིགས་པ་དེ་

སྲིད་དུ་སྡུག་བསྔལ་གྱིས་རབ་ཏུ་ཉེན་ཅིང་བདེ་བ་ཀུན་དུ་ཚོལ་བར་འགྱུར་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔས་ཉེས་དམིགས་འདི་དག་མཐོང་ནས་ཆོས་གང་ལ་ཡང་མི་དམིགས་སོ། །དེ་མི་དམིགས་པས། ཆོས་གང་ཡང་མི་འཛིན་ཏོ། །དེ་ཆོས་ཐམས་ཅད་

ལ་འཛིན་པའམ། ཀུན་འཛིན་པར་མི་གནས་སོ། །དམིགས་པ་མེད་པ་དང་། དམིགས་པ་ཡ་མ་བརླ་དེ་དག་ལ་ཡང་རློམ་སེམས་སུ་མི་བྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་མངོན་པར་མི་ཞེན།

ཆོས་གང་ལ་ཡང་མངོན་པར་མི་དགའོ། །ཆོས་གང་ལ་ཡང་ལྷག་པར་ཆགས་ནས་མི་གནས་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་བྲལ་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་

གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་དེ་ལ་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་དང་། བདུད་ཀྱི་འཁོར་དང་། བདུད་ཀྱི་བྱིན་གྱིས་བརླབས་པ་དག་གིས་བར་ཆད་བྱ་བར་མི་ནུས་སོ། །གང་དེ་ལ་ཐོ་འཚམ་

པ་དང་། གང་དེ་ལ་བཟུང་ནས་འདུལ་བར་འགྱུར་བའི་གླགས་རྙེད་པར་མི་འགྱུར་རོ། །རྟག་ཏུ་བདུད་ཀྱི་ལས་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་འགྱུར་རོ། །བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ། །བདུད་ཀྱི་གནས་ཐམས་ཅད་སྤ་གོང་བར་བྱེད་དོ། །གཞན་མུ་སྟེགས་ཅན་ཐམས་

ཅད་ཚར་གཅད་པའི་ཕྱིར་གནས་པར་འགྱུར་རོ། །གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་

Vol. 34 · folio 84a

གཟུགས་སུ་རྟོག་པ་དང་མི་རྟོག་པ་ལ་མི་གནས་པ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་རྟོག་པ་དང་མི་རྟོག་པ་ལ་མི་གནས་པ་ཡིན་ཏེ། གཟུགས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། ཚོར་བ་དང་།

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། སྒྲིབ་པ་དང་ལྟ་བར་གྱུར་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། ཆད་པ་དང་། རྟག་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད་དོ། །འདོད་པའི་ཁམས་དང་།

གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བདེན་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བརྫུན་པ་ལ་རྟོག་པར་ཡང་

མི་བྱེད་མི་རྟོག་པར་ཡང་མི་བྱེད། ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། འདུ་བ་དང་འབྲལ་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། བདག་

ཏུ་འདུ་ཤེས་པ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་རྟོག་པར་ཡང་མི་བྱེད་མི་རྟོག་པར་ཡང་མི་བྱེད། གཏོང་བ་དང་། སེར་སྣ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད།

ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བཟོད་པ་དང་། གནོད་སེམས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བརྩོན་འགྲུས་དང་། ལེ་ལོ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བསམ་གཏན་

དང་། རྣམ་པར་གཡེང་བ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དྲན་པ་ཉེ་བར་གཞག་

Vol. 34 · folio 84b

པ་རྣམས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་ཡང་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་།

ལམ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་

པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་ལ་རྟོག་

པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སྒྲིབ་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཐོགས་པ་མེད་པའི་ཡེ་ཤེས་ལ་རྟོག་པར་ཡང་མི་

བྱེད། མི་རྟོག་པར་ཡང་མི་བྱེད། རིག་པ་དང་། རྣམ་པར་གྲོལ་བ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་མཐོང་བ་དང་། མི་འཇིགས་པ་ལ་རྟོག་པར་ཡང་

མི་བྱེད། མི་རྟོག་པར་ཡང་མི་བྱེད། མཚན་ཡོངས་སུ་དག་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། ཉན་ཐོས་ཕུན་སུམ་ཚོགས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་

བྱེད། རང་སངས་རྒྱས་ཕུན་སུམ་ཚོགས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ལ་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་ཡོད་ན་རྟོག་པ་

Vol. 34 · folio 85a

དང་བྲལ་བར་འགྱུར་བའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ན་རྟོག་པ་མེད་པ་དེ་ནི་མི་རྟོག་པ་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྟོག་པ་ལས་བྱུང་སྟེ། དེ་དག་གི་འདུ་ཤེས་ནི་ལོག་པར་རྟོག་པ་ལས་བྱུང་བས་

དེ་དག་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ། །མི་རྟོག་ཅེས་བྱ་བ་དེ་ནི་མཐའ་གཉིས་ཏེ། གང་ན་རྟོག་པ་དང་མི་རྟོག་པ་མེད་པ་དེ་ནི་མཐའ་དང་དབུས་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

དབུས་ཞེས་བྱ་བར་རྟོག་ན་དེ་ཉིད་ཀྱང་མཐའ་ཡིན་ནོ། །ཇི་སྲིད་དུ་རྟོག་པ་དེ་སྲིད་དུ་མི་རྟོག་པ་སྟེ། དེ་ལ་ནི་རྟོག་པ་ཆད་པར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ན་རྟོག་པ་མེད་ཅིང་མི་རྟོག་པ་ཡང་མེད་པ་དེ་ན་རྟོག་པ་ཡང་དག་པར་ཆད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་

པ་རྟོག་པ་ཆད་ཅེས་བྱ་བ་དེ་ལ་ཆད་པ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་དང་མི་རྟོག་པ་ནི། ཕྱིན་ཅི་ལོག་ལས་བྱུང་བས་མེད་པའི་ཕྱིར་རོ། །དེ་དག་གི་རྣམ་པར་ཞི་བ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་མ་ཡིན་པ་སྟེ། དེ་ལ་ཆད་པ་གང་ཡང་

མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆད་པ་མེད་པ་ཞེས་བྱ་བ་དེ་ནི་སྡུག་བསྔལ་ཡང་དག་པར་ཆད་པའི་ཚིག་བླ་དགས་ཏེ། སྡུག་བསྔལ་ཡང་དག་པར་ཆད་པ་གང་ཡང་མེད་དོ། །གལ་ཏེ་སྡུག་བསྔལ་ཡང་དག་པར་ཆད་པར་འགྱུར་ན་ནི་སྡུག་བསྔལ་ཡོངས་སུ་གྲུབ་པ་

འགའ་ཞིག་ཀྱང་ཡོད་པར་འགྱུར་ཏེ། སྡུག་བསྔལ་ཡང་དག་པར་ཆད་ཅེས་བྱ་བ་དེ་ནི་ཡོངས་སུ་གྲུབ་པ་མེད་པར་མཐོང་བའོ། །གང་འདི་སྡུག་བསྔལ་ཡང་དག་པར་ཆད་ཅེས་བྱ་བ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །གང་སྡུག་བསྔལ་ལ་རྟོག་པར་ཡང་མི་བྱེད་མི་རྟོག་པར་

ཡང་མི་བྱེད་པ་དེ་ནི་སྡུག་བསྔལ་རྣམ་པར་ཞི་བའོ། །དེ་ནི་སྡུག་བསྔལ་མི་སྐྱེ་མི་འབྱུང་བ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་རྟོག་པར་ཡང་མི་བྱེད། མི་རྟོག་པར་ཡང་མི་བྱེད། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

Vol. 34 · folio 85b

འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྟོག་པ་དང་མི་རྟོག་པ་ཐམས་ཅད་ཡོངས་སུ་ཤེས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ལ་

བདུད་སྡིག་ཅན་དང་། བདུད་ཀྱི་འཁོར་རྣམས་བར་ཆད་བྱ་བའི་ཕྱིར་གནས་པར་མི་འགྱུར་རོ། །བདུད་ཀྱི་ལས་བྱུང་ཞིང་སྐྱེས་པ་རྣམས་ཀྱང་ཁོང་དུ་ཆུད་པར་འགྱུར་ཏེ། བདུད་ཀྱི་ལས་བྱུང་ཞིང་སྐྱེས་པ་རྣམས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ། །བདུད་སྡིག་ཅན་ཕམ་པར་བྱེད་དོ། །སྤ་གོང་བ་

དང་དེའི་ཕྱོགས་ཉུང་བར་བྱེད་དོ། །འཇིགས་པ་དང་སྐྲག་པ་མེད་པར་འགྱུར་རོ། །བདུད་ཀྱིས་མི་ཐུལ་བར་འགྱུར་རོ། །དེའི་ངན་སོང་དུ་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །དེས་ལམ་ངན་པ་བཀག་པར་འགྱུར་རོ། །ཆུ་བོ་ཐམས་ཅད་ལས་རྒལ་བར་འགྱུར་རོ། །གཏི་མུག་གི་མུན་

པ་དང་བྲལ་བར་འགྱུར་རོ། །མིག་ཐོབ་པས་སེམས་ཅན་ཐམས་ཅད་ལ་སྣང་བར་འགྱུར་རོ། །སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པར་གནས་པར་འགྱུར་རོ། །ལམ་མཉམ་པ་ཉིད་ཀྱི་ཕྱིར་ལམ་རྒྱུན་བཅད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་འགྱུར་རོ། །ཆོས་ལ་མིག་

རྣམ་པར་དག་པར་འགྱུར་རོ། །ལེ་ལོ་མེད་ཅིང་བརྩོན་འགྲུས་ཕུན་སུམ་ཚོགས་པར་འགྱུར་རོ། །གནོད་སེམས་ཀྱི་སེམས་མེད་པས་བཟོད་པ་འཐོབ་པར་འགྱུར་རོ། །མི་གནས་པའི་བསམ་གཏན་པས་བསམ་གཏན་པར་འགྱུར་རོ། །ངེས་པར་རྟོགས་པའི་ཤེས་རབ་དང་ལྡན་པས་ཤེས་རབ་

འཐོབ་པར་འགྱུར་རོ། །སྒྲིབ་པ་མེད་ཅིང་འགྱོད་པ་དང་བྲལ་བར་འགྱུར་རོ། །བདུད་ཀྱི་ཞགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྲེད་པའི་དྲ་བ་ཐམས་ཅད་དང་བྲལ་བས་བཅིངས་པ་བཅད་པར་འགྱུར་རོ། །བརྗེད་པ་མེད་པས་དྲན་པ་ཉེ་བར་གནས་པར་འགྱུར་རོ། །ཚུལ་ཁྲིམས་

ཡོངས་སུ་དག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །སྐྱོན་ཐམས་ཅད་བསལ་བས་ཡོན་ཏན་ལ་གནས་པར་འགྱུར་རོ། །རབ་ཏུ་གཡོ་བ་མེད་པས་ཤེས་རབ་ཀྱི་སྟོབས་བསྐྱེད་པ་རྙེད་པར་འགྱུར་རོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་

Vol. 34 · folio 86a

རོ། །ཆོས་ཐམས་ཅད་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཆོས་ཡོངས་སུ་མི་ཉམས་པར་འགྱུར་རོ། །ཆོས་སྟོན་པ་ལ་བག་ཚ་བ་མེད་པར་འགྱུར་རོ། །འཁོར་གྱི་ནང་དུ་འགྲོ་བ་ལ་སྤ་གོང་བ་མེད་པར་འགྱུར་རོ། །ཆོས་ཀྱི་སྦྱིན་པ་ལ་འཛིན་པ་མེད་ཅིང་

ལྷུག་པར་གཏོང་བར་འགྱུར་རོ། །ལམ་མཉམ་པས་ལམ་རྣམ་པར་སྦྱངས་པར་འགྱུར་རོ། །ལམ་ངན་པ་ཡོངས་སུ་ཤེས་པས་བསྒོམ་པ་བསྒོམས་པར་འགྱུར་རོ། །ཆོས་རྣམ་པར་དག་པས་བག་ཆགས་བསྒོམ་པར་འགྱུར་རོ། །ཤེས་རབ་རྣམ་པར་དག་པས་སྦྱང་བ་སྦྱངས་པར་འགྱུར་རོ། །རྒྱ་མཚོ་

དང་མཚུངས་པའི་ཕྱིར་ཤེས་རབ་ཟབ་པར་འགྱུར་རོ། །བག་ཚ་བ་མེད་པས་གཏིང་དཔག་དཀའ་བར་འགྱུར་རོ། །ཆོས་རྒྱ་མཚོ་དཔག་ཏུ་མེད་པས་དཔག་ཏུ་མེད་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་དེ་རྣམས་དང་། གཞན་

དག་དང་ཡང་ལྡན་པ་ཡིན་ཏེ། དེ་དག་གི་ཡོན་ཏན་ནི་རྟོགས་པར་མི་ནུས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་དང་མི་ལྡན་པར་མི་འགྱུར། ལོངས་སྤྱོད་དང་མི་ལྡན་པར་མི་འགྱུར།

གཡོག་དང་མི་ལྡན་པར་མི་འགྱུར། རུས་དང་མི་ལྡན་པར་མི་འགྱུར། རིགས་དང་མི་ལྡན་པར་མི་འགྱུར། ཡུལ་དང་མི་ལྡན་པར་མི་འགྱུར། མཐའ་འཁོབ་ཀྱི་ཡུལ་དུ་སྐྱེ་བར་མི་འགྱུར། མི་དལ་བ་རྙེད་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་མ་དག་པ་ལས་ཀྱི་མཐའ་

ཡོངས་སུ་མ་དག་པ་རྣམས་དང་འདུ་བར་མི་འགྱུར། རང་གི་སེམས་མི་འདོར། ཤེས་རབ་ཉམས་པར་མི་འགྱུར་ཏེ། ཆོས་གང་ཕ་རོལ་ལས་ཐོས་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དང་སྦྱོར་རོ། །སངས་རྒྱས་ཀྱི་རིགས་དང་ཐམས་ཅད་མཁྱེན་པའི་རིགས་མི་གཅོད་པར་གནས་པར་འགྱུར་

རོ། །སངས་རྒྱས་ཀྱི་ཆོས་ལ་སྣང་བ་ཐོབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་དང་ཉེ་བར་འགྱུར་རོ། །གལ་ཏེ་དེ་ལྟར་བདུད་སྡིག་ཅན་ཐོ་འཚམ་པའི་ཕྱིར་འོངས་ན་དེས་དེ་དག་གི་སྤོབས་པ་གཅོད་ཅིང་བདུད་ཀྱི་ཞགས་པ་ཐམས་ཅད་གཅོད་དེ། བདུད་འཁོར་དང་བཅས་པ་ཐལ་

Vol. 34 · folio 86b

བར་རློག་གོ། །བདུད་ཀྱི་རིས་བདུད་བྱེ་བ་ཐམས་ཅད་ཀྱིས་ཀྱང་ཐུལ་བར་མི་འགྱུར་གྱི། དེས་བདུད་རྣམས་འཇིགས་སྐྲག་ནས་འབྲོས་པར་འགྱུར་ཏེ། བདུད་སྡིག་ཅན་འདི་སྙམ་དུ་དེ་ནི་བདག་གི་ཡུལ་ལས་རབ་ཏུ་འདས། དེ་ནི་ཕྱིར་བདག་གི་ཡུལ་ལ་མི་སྤྱོད། དེ་ནི་ཕྱིར་བདག་

གི་ཡུལ་ལ་མི་གནས་དེ་ནི་ཕྱིར་བདག་གི་ཡུལ་ལ་འདུག་པར་མི་འགྱུར། སེམས་ཅན་གཞན་ཡང་བདག་གི་ཡུལ་ལས་གྲོལ་བར་བྱེད། སྒྲོལ་བར་བྱེད་དོ་སྙམ་དུ་སེམས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེས་ཕྱོགས་ཉུང་ངུར་བྱེད་དོ། །སྙམ་ནས་མྱ་ངན་བྱེད་དེ། ངུ་ཞིང་སྨྲེ་

སྔགས་འདོན་ཏོ། །དེ་ཉམས་དམས་ལ་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་ལ་གཅགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་དེའི་ཚེ་བདུད་ཀྱི་གནས་ཐམས་ཅད་གཟི་ཆུང་ཞིང་མོག་མོག་པོར་འགྱུར་རོ། །བདུད་སྡིག་ཅན་ཡང་འདི་སྙམ་དུ་འདིས་བདག་གི་ཡུལ་ནས་སེམས་ཅན་རྣམས་བསྐྱབས་པར་འགྱུར། འདིས་བདག་གི་ཡུལ་ནས་སེམས་ཅན་རྣམས་སྒྲོལ་བར་འགྱུར། འདིས་

བདག་གི་ཡུལ་ནས་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་བྱེད་པར་འགྱུར། །འདིས་སེམས་ཅན་རྣམས་བདག་གི་ཡུལ་ནས་འདྲེན་པར་འགྱུར། འདིས་བདུད་ཀྱི་ཞགས་པ་གཅོད་པར་འགྱུར། འདིས་སེམས་ཅན་འདོད་པའི་འདམ་དུ་བྱིང་བ་རྣམས་འབྱིན་པར་འགྱུར། འདིས་སེམས་

ཅན་རྣམས་ལྟ་བའི་དྲ་བ་ལས་ཐར་པར་བྱེད་པར་འགྱུར། འདིས་སེམས་ཅན་རྣམས་སྒྲིབ་པའི་ལམ་ལས་འདོན་པར་འགྱུར་རོ། །འདིས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་རབ་ཏུ་དགོད་པར་འགྱུར། འདིས་སེམས་ཅན་རྣམས་ལྟ་བའི་ཐིབས་པོ་ལས་སྒྲོལ་བར་འགྱུར་རོ། །

སྙམ་དུ་སེམས་ཤིང་། སྡུག་བསྔལ་བ་དང་ཡིད་མི་བདེ་བར་འགྱུར། མྱ་ངན་གྱི་ཟུག་རྔུ་དང་ལྡན་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བདུད་དེ་དག་གི་དོན་གྱི་དབང་འདི་མཐོང་བས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། མྱ་

Vol. 34 · folio 87a

ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ནོར་གྱི་ཕུང་པོ་ཆེན་པོ་ཉམས་པར་གྱུར་པ་ནི་སྡུག་བསྔལ་བར་གྱུར་ཏེ། མི་དགའ་ཞིང་ཡིད་མི་བདེ་བ་ཆེན་པོ་དང་ལྡན་ནོ། །དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་

སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་ན་བདུད་སྡིག་ཅན་ཡང་སེམས་མི་བདེ་བ་དང་། ཡིད་ལ་གཅགས་པ་དང་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ། སྡུག་བསྔལ་ཞིང་རང་གི་

གནས་ལ་ཡང་མི་དགའ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་བདུད་སྡིག་ཅན་དེ་དག་གཅིག་ཏུ་འདུས་ནས་ཇི་ལྟར་བྱ། ཅི་ཞིག་བྱ་སྙམ་སེམས་ཤིང་ཐེ་ཚོམ་དང་། མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །དེ་དག་ཐེ་ཚོམ་དང་མྱ་ངན་གྱི་ཟུག་རྔུས་

ཟུག་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་གླགས་བཙལ་བའི་ཕྱིར་དོང་ཡང་དེ་ན་བྱང་ཆུབ་སེམས་དཔའི་སྤུ་ཡང་མི་གཡོས་ན། ལུས་དང་སེམས་གཞན་དུ་འགྱུར་བ་ལྟ་ཅི་སྨོས་ཏེ། འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་དང་བྲལ་བར་འགྱུར།

བདུད་སྡིག་ཅན་དུ་ཡང་ཤེས་པར་འགྱུར་རོ། །ཤེས་ནས་ཀྱང་བྱིན་གྱིས་རློབ་བོ། །དེས་བདུད་སྡིག་ཅན་བྱིན་གྱིས་བརླབས་ནས་ཉམས་སྨད་པར་འགྱུར། འཇིགས་ཤིང་སེམས་ཞུམ་པར་འགྱུར་ཏེ། དེ་ལ་གླགས་རྙེད་པར་མ་ནུས་ནས་དེ་འདི་སྙམ་དུ་བདག་གིས་ཀྱང་དེ་ལ་གླགས་

རྙེད་པར་མ་ནུས་ན་བདག་གི་འཁོར་གྱིས་ལྟ་ཅི་སྨོས་ཏེ། གང་གཞན་དག་གིས་བྱིན་གྱིས་བརླབས་པར་ལྟ་ག་ལ་འགྱུར་སྙམ་དུ་སེམས་སོ། །དེའི་ཕྱིར་བདུད་སྡིག་ཅན་དེ་དག་འཇིགས་ཤིང་སྤྲོ་བ་ཡོངས་སུ་ཉམས་ནས་སྡུག་བསྔལ་དང་། ཡིད་མི་བདེ་བ་སྐྱེས་ཏེ་རང་གི་གནས་སུ་དོང་

ནས་སེམས་ཁོང་དུ་ཆུད་ཅིང་འཁོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སེ་གོལ་གཏོགས་པ་ཙམ་གྱི་སྲིད་དུ་ཡང་སེམས་རྨོངས་པར་བྱེད་མི་ནུས་ན་གཞན་བར་ཆད་བྱ་བར་ལྟ་ཅི་སྨོས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་བྱང་ཆུབ་སེམས་

Vol. 34 · folio 87b

དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟ་བུའི་ཤེས་རབ་ཀྱི་སྟོབས་བསྐྱེད་པར་འགྱུར་བའོ། །ཤེས་རབ་ཀྱི་སྟོབས་བསྐྱེད་པ་དེ་ལྟ་བུ་དང་ལྡན་པས། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བདུད་དུ་གྱུར་ལ། དེ་དག་

ཐམས་ཅད་ཀྱང་འཁོར་བདུད་མང་པོ་དང་ལྷན་ཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ཐོ་འཚམ་པའི་བསམ་པས་དོང་ཡང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་

ཚེ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་། ཤེས་རབ་ཀྱི་རལ་གྲི་དང་། ཤེས་རབ་ཀྱི་མཚོན་ཆ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་

དང་། མི་མཉམ་པ་དང་། མཉམ་པ་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་དེ་ལ་བདུད་སྡིག་ཅན་གྱིས་ཟིལ་གྱིས་གནོན་མི་ནུས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་དེ་ནི་མཚོན་ཆ་ཆེན་པོའོ། །རབ་ཀྱི་རྩལ་གྱིས་རྣམ་པར་

གནོན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་རལ་གྲི་དེ་ནི་རལ་གྲི་ཆེན་པོ་སྟེ་དེ་ནི་བདུད་སྡིག་ཅན་རྣམས་ཀྱི་ཡུལ་མ་ཡིན། སྤྱོད་ཡུལ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཤེས་རབ་ཐ་མལ་པ་དེ་ལྟ་བུའི་ཤེས་རབ་ཀྱང་ཕྱི་རོལ་གྱི་དྲང་སྲོང་གང་དག་

བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྙེད་པ་དང་། གང་དག་བདུད་ཀྱི་ཡུལ་འདོད་པའི་ཁམས་ལས་འདས་ནས། ཚངས་པའི་འཇིག་རྟེན་དང་། གཟུགས་མེད་པའི་ལྷའི་རིས་བཞིར་སྐྱེ་བ་དེ་དག་གི་ཡུལ་ཡང་མ་ཡིན། སྤྱོད་ཡུལ་ཡང་མ་ཡིན་ན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ལྟ་ཅི་སྨོས་ཏེ། གང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ཡུལ་མ་ཡིན་པ་དེ། བདུད་སྡིག་ཅན་རྣམས་ཀྱི་ཡུལ་ག་ལ་ཡིན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྟོབས་བསྐྱེད་རྙེད་པའི་བྱང་ཆུབ་སེམས་དཔའ་ནི་དེའི་ཚེ་འདི་ལྟ་སྟེ།

Vol. 34 · folio 88a

སྟོབས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ལྡན་པར་འགྱུར་བ་དང་། ཤེས་རབ་ཀྱི་མཚོན་རྣོན་པོ་དང་ལྡན་པར་འགྱུར་བ་དེ་དག་ནི་

བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས་མི་ཐུབ་བོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ལ་ལ་ཤེས་རབ་ཀྱི་སྟོབས་དང་། ཤེས་རབ་ཀྱི་མཚོན་རྣོན་པོ་དང་ལྡན་པ་དེ་དག་གང་ལ་ཡང་གནས་པར་མི་བྱེད་དེ། དེ་དག་མི་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་

རྣམ་པར་གནོན་པ་གནས་པར་གྱུར་ན་ནི་གཡོ་བར་འགྱུར་རོ། །གཡོ་བར་གྱུར་ན་ནི་འགུལ་བར་འགྱུར་རོ། །འགུལ་བར་གྱུར་ན་ནི་སྤྲོས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་དག་གནས་པར་འགྱུར་བ་དང་། གཡོ་བར་འགྱུར་བ་དང་། འགུལ་བར་འགྱུར་

བ་དང་། སྤྲོས་པར་འགྱུར་བ་དེ་དག་ནི་བདུད་སྡིག་ཅན་གྱི་དབང་དུ་འགྲོ་བ་ཡིན་ཏེ། བདུད་ཀྱི་ཞགས་པ་ལ་ཡོངས་སུ་གྲོལ་བར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སྲིད་པའི་རྩེ་མོར་སྐྱེས་པའི་སེམས་ཅན་གནས་ཤིང་གནས་དང་འབྲེལ་པ། གནས་ལ་ཆགས་པ་དེ་

དག་ཀྱང་ཡང་བདུད་ཀྱི་ཡུལ་དུ་འོང་བར་འགྱུར་ཏེ། འདི་ལྟ་སྟེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། གང་གཞན་གཟུགས་མེད་པ་ན་གནས་ཤིང་། གནས་དང་འབྲེལ་པ། གནས་ལ་ཆགས་པ་དེ་དག་ཀྱང་བདུད་ཀྱི་ཞགས་པ་ལས་ཡོངས་

སུ་མ་གྲོལ་ཞིང་བདུད་ཀྱི་ཞགས་པས་མཚམས་བཅད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་ན་གང་ལ་གནས་པར་མི་

བྱེད་དེ། ཐམས་ཅད་དུའང་མི་གནས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་ལྡན་པར་གནས་པ་དེའི་ཚེ་གཟུགས་ལ་གནས་པར་མི་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་

Vol. 34 · folio 88b

རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་འགྱུར་རོ། །ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ལ་གནས་པར་མི་འགྱུར། མིང་དང་གཟུགས་ལ་གནས་པར་མི་འགྱུར། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ལ་གནས་པར་མི་འགྱུར།

བདག་དང་སེམས་ཅན་དུ་འདུ་ཤེས་པ་ལ་གནས་པར་མི་འགྱུར། སྲོག་དང་། གང་ཟག་དང་། ཁམས་དང་། སྐྱེ་མཆེད་ལ་གནས་པར་མི་འགྱུར། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་

གནས་པར་མི་འགྱུར། སྲིད་པའི་སྲེད་པ་ལ་གནས་པར་མི་འགྱུར། རྣམ་པར་འབྱོར་པའི་སྲེད་པ་ལ་གནས་པར་མི་འགྱུར། ཆད་པ་དང་། རྟག་པ་ལ་གནས་པར་མི་འགྱུར། མཐའ་དང་མཐའ་མེད་པ་ལ་གནས་པར་མི་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པར་མི་འགྱུར། སྦྱིན་པ་

དང་། སེར་སྣ་ལ་གནས་པར་མི་འགྱུར། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ལ་གནས་པར་མི་འགྱུར། བཟོད་པ་དང་། གནོད་སེམས་ལ་གནས་པར་མི་འགྱུར། བརྩོན་འགྲུས་དང་། ལེ་ལོ་ལ་གནས་པར་མི་འགྱུར། བསམ་གཏན་དང་། རྣམ་པར་གཡེང་བ་ལ་

གནས་པར་མི་འགྱུར། ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་གནས་པར་མི་འགྱུར། ཕྱིན་ཅི་ལོག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། དྲན་པ་ཉེ་བར་གཞག་པ་ལ་གནས་པར་མི་འགྱུར། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།

ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་གནས་པར་མི་འགྱུར། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་གནས་པར་མི་འགྱུར། མི་སྐྱེ་བ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་གནས་པར་མི་འགྱུར། རིག་པ་

དང་། རྣམ་པར་གྲོལ་བ་ལ་གནས་པར་མི་འགྱུར། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་གནས་པར་མི་འགྱུར། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར། སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་ཀྱི་ཆོས་

Vol. 34 · folio 89a

དང་། རང་སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་གནས་པར་མི་འགྱུར། མྱ་ངན་ལས་འདས་པ་ལ་གནས་པར་མི་འགྱུར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ཐོགས་པ་མེད་པ་ལ་གནས་པར་མི་འགྱུར། དུས་གསུམ་

མཉམ་པ་ཉིད་ལ་གནས་པར་མི་འགྱུར། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ལ་གནས་པར་མི་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པར་མི་འགྱུར། མཚན་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། སངས་རྒྱས་ཀྱི་ཞིང་ཕུན་

སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཉན་ཐོས་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། བྱང་ཆུབ་སེམས་དཔའ་བཀོད་པ་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཆོས་ཐམས་ཅད་ལ་གནས་པར་མི་འགྱུར་ཏེ་མི་གཡོ་ཀུན་ཏུ་མི་གཡོའོ། །དེས་གནས་ཐམས་

ཅད་རྣམ་པར་བཙལ་བ་ལ་མི་གནས་ཏེ་ལམ་ལ་ཡང་མངོན་པར་མི་ཞེན། གནས་པ་མེད་པ་ལ་ཡང་རློམ་སེམས་སུ་མི་བྱེད་དོ། །དེ་འདི་ནི་གནས་སོ་ཞེས་མི་དམིགས། འདི་ན་གནས་སོ་ཞེས་མི་དམིགས། འདིའི་གནས་སོ་ཞེས་མི་དམིགས། རློམ་སེམས་སུ་མི་བྱེད། འདིས་

གནས་སོ་ཞེས་མི་དམིགས་ཏེ་དེ་གནས་ཐམས་ཅད་ལ་རློམ་སེམས་སུ་མི་བྱེད། མི་དམིགས། མངོན་པར་མི་ཞེན་པས་གནས་གང་དུ་ཡང་ཉེ་བར་མི་འགྲོ། ཉེ་བར་མི་སྟོན། མངོན་པར་དགའ་བར་མི་འགྱུར། ལྷག་པར་ཆགས་ནས་མི་གནས་ཏེ། གནས་ཐམས་ཅད་ཀྱིས་མི་

གོས། མི་ཆགས་པས་གནས་ཐམས་ཅད་རྣམ་པར་དག་པ་རྗེས་སུ་ཐོབ་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱི་གནས་རྣམ་པར་དག་པའི་ཡེ་ཤེས་མཐོང་བ་སྟེ། དེས་

དེ་ལ་བདུད་སྡིག་ཅན་རྣམས་ཀྱིས་གླགས་མི་རྙེད་ཅིང་། བདུད་སྡིག་ཅན་རྣམས་ཀྱིས་མི་ཐུབ་སྟེ། བདུད་སྡིག་ཅན་རྣམས་ཟིལ་གྱིས་ནོན་པར་འགྱུར་རོ། །སྤྱོད་པའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།བམ་པོ་དྲུག་པ་སྟེ་ཐ་མའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་

Vol. 34 · folio 89b

པ་གཞན་ཡང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ཐོག་མ་ཉིད་དུ་དགེ་བའི་རྩ་བའི་ཚོགས་མང་པོ་ཡང་དག་པར་བསྒྲུབས་པར་འགྱུར། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར། སངས་རྒྱས་མང་པོ་ལ་ཀུན་

འདྲི་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བྱ་བ་བྱས་པར་འགྱུར། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་འགྱུར། སྦྱིན་པ་འགྱེད་པ་ལ་དགའ་བར་འགྱུར། ཚུལ་ཁྲིམས་རྣམ་པར་དག་པ་ལྷུར་ལེན་པར་འགྱུར། བཟོད་པ་དང་དེས་པ་ཕུན་སུམ་ཚོགས་

པར་འགྱུར། བརྩོན་འགྲུས་དང་ལྡན་པར་འགྱུར། བསམ་གཏན་རྣམ་པར་དག་པ་ལྷུར་ལེན་པར་འགྱུར། ཤེས་རབ་དང་ལྡན་པར་འགྱུར། ཤེས་རབ་རྣམ་པར་དག་པ་ལྷུར་ལེན་པར་འགྱུར་ཏེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཏེ། ཤེས་རབ་ཀྱི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དེས་ཅི་ནས་ཀྱང་བདག་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མ་གྱུར་ཅིག །བདག་ལ་གཙེ་བར་མ་གྱུར་ཅིག་ཅེས་བདུད་སྡིག་ཅན་རྣམས་ལ་བྱིན་གྱིས་རློབ་བོ། །དེས་བྱིན་གྱིས་བརླབས་

པས་བདུད་ཀྱིས་གླགས་མི་རྙེད་ཅིང་དེ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་བདག་གིས་ཀླན་ཀ་བཙལ་བའམ། ཐོ་བཙམ་པར་བྱའོ་སྙམ་དུ་ཡང་སེམས་མི་བསྐྱེད་དོ། །གལ་ཏེ་དེ་དག་གིས་བར་ཆད་བྱ་བའི་ཕྱིར་སེམས་བསྐྱེད་ན་

དེའི་ཕྱིར་བདག་ལ་སྡུག་བསྔལ་ཆེན་པོ་འབྱུང་བར་ཡང་དག་པར་ཤེས་ན། དེ་དག་ལ་འཇིགས་པ་ཆེན་པོ་ཉེ་བར་གནས་པར་འགྱུར་བས་བདག་མེད་པར་མི་འགྱུར་གྲང་སྙམ་སྟེ། སྐྱོ་བར་གྱུར་ནས་ཐོ་བཙམ་པའི་སེམས་གློན་པར་འགྱུར་ཞིང་། དེ་དག་གི་སེམས་བསྐྱེད་པ་དེ་དག་

ཀྱང་ནུབ་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་རྣམས་ཀྱིས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་ཤིང་བར་ཆད་བྱ་བའི་སྐབས་མི་རྙེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 34 · folio 90a

ཕྱིན་པ་འཆད་པ་ན་བྱང་ཆུབ་སེམས་དཔས་འདུན་པ་དང་ལྷག་པའི་བསམ་པ་དང་། གུས་པ་དང་། རིམ་གྲོ་བྱ་བ་དང་། སྟོན་པར་འདུ་ཤེས་སྐྱེད་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་བརྗོད་པ་ན། དོགས་པ་དང་། ཐེ་ཚོམ་དང་། ཡིད་གཉིས་སྐྱེད་

པར་མི་འགྱུར། ཆོས་ཟབ་མོ་ཐོས་ན་མགོ་རྨོངས་པའམ། དོགས་པའམ། ཐེ་ཚོམ་སྐྱེད་པར་མི་འགྱུར། དེ་ནམ་དུ་ཡང་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སོགས་པར་མི་འགྱུར། དེ་ནམ་དུ་ཡང་ཆོས་ཀྱིས་ཕོངས་པར་འགྱུར་བའི་སེམས་སྐྱེད་པར་མི་འགྱུར་ཏེ། སེམས་ཅན་

གཞན་མང་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་བཅུག་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཡང་དག་པར་དགའ་བ་དང་། ཡང་དག་པར་གཟེངས་བསྟོད་པ་བྱས་པར་འགྱུར་རོ། །དེ་སྔོན་གྱི་བསམ་པ་རྣམ་པར་དག་པ་དང་། སྔོན་གྱི་བསམ་པ་ཀུན་ནས་

ཉོན་མོངས་པ་མེད་པས་བདུད་སྡིག་ཅན་རྣམས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར། བདུད་སྡིག་ཅན་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར། བདུད་ཀྱི་ལས་བྱུང་ཞིང་སྐྱེས་པ་ཐམས་ཅད་ཁོང་དུ་ཆུད་པར་འགྱུར། བདུད་ཀྱི་ལས་ཀྱིས་འཕྲོགས་པར་མི་འགྱུར། བདུད་

ཀྱི་ལས་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྣམ་གྲངས་འདིས་ཀྱང་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་རྣམས་ཐོ་བཙམ་པའི་ཕྱིར་ཉེ་བར་གནས་པར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་དང་འདུ་བའི་མཚན་མ་ལ་མི་སྤྱོད། གཟུགས་དང་འབྲལ་བའི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདུ་བའི་མཚན་མ་ལ་མི་སྤྱོད། འབྲལ་བའི་མཚན་མ་ལ་མི་སྤྱོད།

གཟུགས་ཀྱི་མཚན་ཉིད་དང་། འདུ་བའི་མཚན་མ་ལ་མི་སྤྱོད། གཟུགས་ཀྱི་མཚན་ཉིད་དང་འབྲལ་བའི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། འདུ་བའི་མཚན་མ་ལ་མི་སྤྱོད། འབྲལ་བའི་མཚན་

Vol. 34 · folio 90b

མ་ལ་མི་སྤྱོད། གཟུགས་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། གཟུགས་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། རྣམ་པར་ཤེས་པ་རྣམ་པར་དག་

པའི་མཚན་མ་མེད་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པའི་མཚན་མ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་

དག་པའི་མཚན་མ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པའི་མཚན་མ་མེད་པ་ལ་མི་སྤྱོད། གཟུགས་འབྱུང་བ་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། གཟུགས་འབྱུང་བ་རྣམ་པར་དག་པ་དང་། འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་

བྱེད་རྣམས་དང་། རྣམ་པར་ཤེས་པ་འབྱུང་བ་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་འབྱུང་བ་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་ངོ་བོ་ཉིད་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པའི་ངོ་བོ་ཉིད་རྣམ་པར་

དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པའི་ངོ་བོ་ཉིད་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པའི་ངོ་བོ་ཉིད་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་

ཀྱི་རང་བཞིན་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རང་བཞིན་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རང་བཞིན་

རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་པ་རང་བཞིན་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པ་རང་བཞིན་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་

Vol. 34 · folio 91a

འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་ཀྱི་

དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་འདས་པ་

དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་

དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་། འདུ་

བ་ལ་མི་སྤྱོད། གཟུགས་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་

རྣམ་པར་དག་པ་དང་། འདུ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད་དོ། །དེ་ལྟར་སྤྱོད་པ་ནི་གཟུགས་དང་འདུ་བར་ཡང་མི་

བྱེད་འབྲལ་བར་ཡང་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། མིང་དང་གཟུགས་དང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཕྱིན་ཅི་ལོག་པ་དང་། ལྟ་བར་གྱུར་པ་དང་། འདུ་བར་

Vol. 34 · folio 91b

ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བདག་དང་། སེམས་

ཅན་དང་། སྲོག་དང་། གང་ཟག་དང་། དངོས་པོ་དང་། དངོས་པོ་མེད་པར་འདུ་ཤེས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཆད་པ་དང་། རྟག་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཁམས་དང་། སྐྱེ་མཆེད་དང་། འདུ་བར་ཡང་མི་བྱེད་འབྲལ་

བར་ཡང་མི་བྱེད། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། འདོད་པའི་ཡོན་ཏན་དང་འདུ་བར་

ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། གཏོང་བ་དང་། སེར་སྣ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། འདུ་བར་

ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བཟོད་པ་དང་། གནོད་སེམས་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བརྩོན་འགྲུས་དང་། ལེ་ལོ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། བསམ་གཏན་དང་། རྣམ་པར་གཡེང་བ་དང་། འདུ་བར་ཡང་མི་བྱེད་

འབྲལ་བར་ཡང་མི་བྱེད། ཤེས་རབ་དང་། འཆལ་པའི་ཤེས་རབ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། འདུ་བར་ཡང་མི་བྱེད་འབྲལ་

བར་ཡང་མི་བྱེད། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། འདུ་བར་ཡང་མི་བྱེད་འབྲལ་

Vol. 34 · folio 92a

བར་ཡང་མི་བྱེད། ཞི་གནས་དང་ལྷག་མཐོང་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། རིག་པ་དང་། རྣམ་པར་གྲོལ་བ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་

བྱེད། མངོན་པར་ཤེས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་དང་། འདུ་བར་ཡང་མི་བྱེད་

འབྲལ་བར་ཡང་མི་བྱེད། འཁོར་བ་དང་མྱ་ངན་ལས་འདས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། མཚན་ཕུན་སུམ་ཚོགས་པ་དང་། འདུ་བར་ཡང་མི་བྱེད་

འབྲལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་དང་། འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་

རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་འདུ་བར་ཡང་མ་ཡིན་འབྲལ་བར་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་འདུ་བ་དང་འབྲལ་བར་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདུ་བ་ཞེས་བྱ་

བའི་ཚིག་དེ་ནི་རྟག་པའོ། །འབྲལ་བ་ཞེས་བྱ་བའི་ཚིག་དེ་ནི་ཆད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གིས་ཀྱང་ཆོས་ཐམས་ཅད་འདུ་བའམ། འབྲལ་བར་གྱུར་པར་ཁོང་དུ་ཆུད་པ་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་འདུ་བའམ་འབྲལ་བའི་ཕྱིར་

ཉེ་བར་གནས་པ་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཆོས་རྣམས་ལ་འདུ་བའམ། འབྲལ་བར་འགྱུར་བ་འགའ་ཞིག་ཡོད་ན་ནི། ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་

Vol. 34 · folio 92b

བྱེད་པ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་དང་། འདུ་བ་དང་། འབྲལ་བ་རྙེད་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཀྱང་ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ཤེས་

པ་པོ་དང་། ཤེས་པར་བྱེད་པ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་པོ་དེ་ནི་འདིའོ་ཞེས་བཅས་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་འདུ་བ་དང་། འབྲལ་བ་ཉེ་བར་གནས་པ་གང་ཡང་མེད་པ་དེའི་ཕྱིར་ཆོས་རྣམས་ཀྱི་

བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་པོ་གང་ཡང་མི་དམིགས་ཏེ། མི་དམིགས་པས་དེ་བཞིན་གཤེགས་པས་

ཀྱང་མ་བཅས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་སྟེ། ཕྱིན་ཅི་ལོག་དེ་ལ་ཡང་འདུ་བ་དང་འབྲལ་བ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་གི་དངོས་པོ་དམིགས་སུ་མེད་དེ། དེའི་འབྱུང་

བ་ཡང་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་ནི་མེད་པ་ཡང་དག་པ་མ་ཡིན་པ་བརྫུན་པ་གསོག་སླུ་བའི་ཆོས་ཅན་ཏེ། དེ་ལ་ཆོས་གང་ཡང་མི་དམིགས་པས་དེ་ནི་ཕྱིན་ཅི་ལོག་ཅེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་

གནོན་པ་ཕྱིན་ཅི་ལོག་ཅེས་བྱ་བ་འདི་ནི་སེམས་ཅན་རྣམས་སླུ་བའོ། །འདི་ནི་སེམས་ཅན་རྣམས་ལ་འདྲིད་པའོ། །འདི་ནི་སེམས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །འདི་ནི་སེམས་ཅན་རྣམས་ཀྱི་རློམ་སེམས་དང་། གཡོ་བ་དང་སྤྲོས་པའོ། །རབ་ཀྱི་རྩལ་གྱིས་

རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་བྱིས་པ་ནི་ཆད་པ་སྟོང་པས་བྲིད་ན་དེ་ཡང་དག་པ་སྙམ་དུ་འཛིན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གསོག་དང་། ཕྱིན་ཅི་ལོག་གིས་བྲིད་པས་རྨོངས་ནས་འདི་ཡང་དག་པ་ཡིན་པ་སྙམ་དུ་སེམས་

Vol. 34 · folio 93a

སོ། །དེ་དག་ཡང་དག་པ་མ་ཡིན་པ་ལ་ཡང་དག་པར་འདུ་ཤེས་ཤིང་ཕྱིན་ཅི་ལོག་པས་དེའི་ཕྱིར་ཕྱིན་ཅི་ལོག་དེ་ལས་དགྲོལ་དཀའ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཕྱིན་ཅི་ལོག་གི་བཅིང་བས་བཅིངས་ནས་ཀུན་དུ་འཁྱམ་སྟེ།

འདུ་བ་དང་འབྲལ་བ་མེད་པར་དེ་དག་འདུ་བ་སྙམ་དུ་སེམས་འདུ་བ་སྙམ་དུ་དམིགས་འདུ་བ་ཞེས་བཞག་པར་མཐོང་ཞིང་འབྲལ་བ་ཞེས་མངོན་པར་ཞེན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ན་འདུ་བར་འགྱུར་བ་དེ་ན་འབྲལ་བར་འགྱུར་རོ། །གང་འདུ་བ་དང་འབྲལ་བར་མི་དམིགས།

རློམ་སེམས་སུ་མི་བྱེད། མངོན་པར་མི་ཞེན་པ་ནི་རབ་ཏུ་གྲོལ་བའོ། །གལ་ཏེ་འབྲལ་བ་སྙམ་དུ་སེམས་ཤིང་དམིགས་ལ་མངོན་པར་ཞེན་ན་ནི་དེ་འདུ་བ་ཉིད་དུ་འགྱུར་གྱི་འབྲལ་བ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ་བྱང་ཆུབ་སེམས་དཔས་དོན་གྱི་དབང་འདི་མཐོང་

བས་ཆོས་གང་དང་ཡང་འདུ་བར་ཡང་མི་བྱེད་འབྲལ་བར་ཡང་མི་བྱེད། ཆོས་གང་འདུ་བའི་ཕྱིར་རམ། འབྲལ་བའི་ཕྱིར་ཡང་ཉེ་བར་གནས་པར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་འདུ་བ་དང་། འབྲལ་

བ་ཡོངས་སུ་ཤེས་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མྱུར་དུ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཁོང་དུ་ཆུད་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་

གཟུགས་ལ་མི་ཆགས་པ་ཉིད་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་

པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་དམིགས་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་དམིགས་པ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་

Vol. 34 · folio 93b

ཉིད་དང་འདུ་བ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་དང་འདུ་བ་ལ་མི་སྤྱོད། རྣམ་པར་ཤེས་པ་ལ་མི་ཆགས་པ་ཉིད་དང་འབྲལ་བ་ལ་མི་སྤྱོད། གཟུགས་

ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་པ་ཉིད་ཀྱི་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། རྣམ་པར་

ཤེས་པ་ལ་མི་ཆགས་པ་ཉིད་ཀྱི་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་

དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་དང་འབྲལ་བ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔས་གཡོ་བ་དང་། རློམ་སེམས་དང་། འགུལ་བ་དང་། སྤྱོད་པ་དང་། རྣམ་པར་སྤྱོད་པ་དེ་དག་

ཐམས་ཅད་ཡོངས་སུ་ཤེས་ནས་གང་ལ་ཡང་མི་སྤྱོད། རྣམ་པར་མི་སྤྱོད་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པར་མི་

སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པར་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པར་མི་སྤྱོད། རྣམ་པར་ཤེས་པ་འདས་

པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པར་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད། ཚོར་བ་དང་།

Vol. 34 · folio 94a

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད། གཟུགས་འདས་

པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་

རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མི་ཆགས་པའི་དམིགས་པ་རྣམ་པར་དག་པ་མ་ཡིན་པ་ལ་མི་སྤྱོད་དོ། །

དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་

ཅད་ལ་འཇུག་པ་དེ་ནི་སྤྱོད་པ་མེད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་

ཆུབ་སེམས་དཔའ་ནི་གཟུགས་ལ་མ་བསྒྲིབས་པ་ཞེས་མི་སྤྱོད། མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་བསྒྲིབས་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། གཟུགས་ལ་ཞི་བ་

ཞེས་མི་སྤྱོད། གཟུགས་ལ་མ་ཞི་བ་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་མ་ཞི་བ་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་མ་བསྒྲིབས་པ་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་

Vol. 34 · folio 94b

མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་མ་བསྒྲིབས་པ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་མ་བསྒྲིབས་པ་མ་ཡིན་པ་ཞེས་མི་སྤྱོད། གཟུགས་ལ་རང་བཞིན་གྱིས་ཞི་བ་ཞེས་མི་

སྤྱོད། གཟུགས་ལ་རང་བཞིན་གྱིས་མ་ཞི་བ་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་ལ་རང་བཞིན་གྱིས་མ་ཞི་བ་ཞེས་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་།

ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པའམ། རང་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པའམ། རང་བཞིན་གྱིས་ཞི་བ་མ་ཡིན་པ་ཞེས་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།

རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པའམ། རང་བཞིན་གྱིས་ཞི་བ་ཞེས་མི་སྤྱོད། རྣམ་པར་ཤེས་པ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ལ་རང་བཞིན་གྱིས་དབེན་པ་མ་ཡིན་པའམ། རང་བཞིན་གྱིས་ཞི་བ་མ་ཡིན་

པ་ཞེས་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་

དཔའ་ནི་གཟུགས་ལ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་རྣམ་པར་དག་པ་ལ་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་རློམ་སེམས་

སུ་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པར་དག་པ་ལ་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་རློམ་སེམས་སུ་མི་བྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་

Vol. 34 · folio 95a

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མངོན་པར་མི་ཞེན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་མི་ཞེན། གཟུགས་ཀྱི་རྣམ་པར་དག་པ་ལ་མངོན་པར་མི་ཞེན། ཚོར་བ་དང་།

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པར་དག་པ་ལ་མངོན་པར་མི་ཞེན། གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མངོན་པར་མི་ཞེན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་རྣམ་པར་དག་པ་ལ་མངོན་

པར་མི་ཞེན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་

དང་། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ཉེ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་

སེམས་དཔའ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ཉེ་བར་འགྱུར། གསེར་གྱི་ཁ་དོག་གི་མདོག་དང་ཉེ་བར་འགྱུར། དེ་བཞིན་གཤེགས་པའི་འོད་མཐའ་ཡས་པ་དང་ཉེ་བར་འགྱུར། གླང་པོ་ལྟར་ལྟ་བ་དང་ཉེ་བར་འགྱུར། སྤྱི་གཙུག་བལྟར་མི་མཐོང་བ་དང་ཉེ་བར་འགྱུར། འདས་

པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ཉེ་བར་འགྱུར། དེ་བཞིན་གཤེགས་པའི་གདམས་པ་དང་། རྗེས་སུ་བསྟན་པ་དང་། ཆོ་འཕྲུལ་དང་ཉེ་བར་འགྱུར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་

བ་ལུང་བསྟན་པ་དང་ཉེ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་ཐམས་ཅད་ཐོབ་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་སངས་

Vol. 34 · folio 95b

རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །མྱུར་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་རབ་ཏུ་མི་གནས། ཚོར་བ་དང་། འདུ་

ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རབ་ཏུ་མི་གནས། མིང་དང་གཟུགས་ལ་རབ་ཏུ་མི་གནས། ཕྱིན་ཅི་ལོག་དང་སྒྲིབ་པ་དང་ལྟ་བར་གྱུར་པ་ལ་རབ་ཏུ་མི་གནས། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ལ་རབ་ཏུ་མི་གནས། བདག་གི་ཁམས་དང་

སེམས་ཅན་གྱི་ཁམས་ལ་རབ་ཏུ་མི་གནས། གང་ཟག་དང་སྲོག་ཏུ་འདུ་ཤེས་པ་ལ་རབ་ཏུ་མི་གནས། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ལ་རབ་ཏུ་མི་གནས། ཁམས་དང་། སྐྱེ་མཆེད་ལ་རབ་ཏུ་མི་གནས། ཀུན་ནས་

ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རབ་ཏུ་མི་གནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་མི་གནས། གཏོང་བ་དང་སེར་སྣ་ལ་རབ་ཏུ་མི་གནས། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ལ་རབ་ཏུ་མི་གནས། བཟོད་པ་དང་། གནོད་སེམས་ལ་རབ་ཏུ་མི་གནས།

བརྩོན་འགྲུས་དང་། ལེ་ལོ་ལ་རབ་ཏུ་མི་གནས། བསམ་གཏན་དང་། རྣམ་པར་གཡེང་བ་ལ་རབ་ཏུ་མི་གནས། ཤེས་རབ་དང་། འཆལ་པའི་ཤེས་རབ་ལ་རབ་ཏུ་མི་གནས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། ཚད་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་།

དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་རབ་ཏུ་མི་གནས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རབ་ཏུ་མི་གནས། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་རབ་ཏུ་མི་གནས། ཟད་པ་དང་མངོན་པར་

འདུ་མི་བྱེད་པ་དང་། མི་སྐྱེ་བ་ཤེས་པ་ལ་རབ་ཏུ་མི་གནས། ཞི་གནས་དང་ལྷག་མཐོང་ལ་རབ་ཏུ་མི་གནས། མངོན་པར་ཤེས་པ་ལ་རབ་ཏུ་མི་གནས། རིག་པ་དང་རྣམ་པར་གྲོལ་བ་ལ་རབ་ཏུ་མི་གནས། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་མི་གནས།

Vol. 34 · folio 96a

སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་མི་གནས། མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ལ་རབ་ཏུ་མི་གནས།

ཐོགས་པ་མེད་པའི་ཡེ་ཤེས་ལ་རབ་ཏུ་མི་གནས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་མི་གནས། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི་གནས། ཉན་ཐོས་བཀོད་པ་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི་

གནས། བྱང་ཆུབ་སེམས་དཔའ་བཀོད་པ་ཕུན་སུམ་ཚོགས་པ་ལ་རབ་ཏུ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་མི་གནས་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གནས་མེད་པའོ། །

དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གཞི་མེད་པ་སྟེ་གཞི་མེད་པའི་ཕྱིར་མི་གནས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཆོས་ཐམས་ཅད་ལ་གནས་ཡོད་པར་གྱུར་ན་ནི་ཆོས་རྣམས་ཀྱི་གཞི་ཡོད་པའམ། ཐེར་ཟུག་ཏུ་

གནས་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཀྱང་འདི་ནི་ཆོས་རྣམས་ཀྱི་རྟེན། འདི་ནི་ཆོས་རྣམས་ཀྱི་གཞི་འདི་ནི་ཆོས་རྣམས་ཀྱི་བསགས་པ་ཞེས་ཆོས་ཐམས་ཅད་ཀྱི་གནས་སྟོན་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་གི་ཕྱིར་ཆོས་ཐམས་ཅད་

མི་གནས་ཤིང་གཞི་མེད་པ་དང་། སོགས་པ་མེད་པ་དེའི་ཕྱིར་ཆོས་གང་ཡང་ཐེར་ཟུག་ཏུ་གནས་པ་མེད་དེ་དེ་བས་ན་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་གནས་དང་གཞི་དང་སོགས་པ་མ་བསྟན་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཡོངས་སུ་མ་

གྲུབ་པ་སྟེ། རང་བཞིན་མེད་པའོ། །ཆོས་གང་ཡང་མེད་ཅིང་ཡོངས་སུ་མ་གྲུབ་པས་ཆོས་རྣམས་ནི་གང་དུ་ཡང་མི་གནས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་མི་གནས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གནས་མེད་པའི་ཚུལ་དང་། རྟེན་མེད་

Vol. 34 · folio 96b

པའི་ཚུལ་གྱིས་ཆོས་ཐམས་ཅད་མི་གནས་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་གནས་པ་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ཆུ་བོ་ཆེན་པོ་བཞི་ནི་མཚོ་མ་དྲོས་པ་ལས་འབབ་སྟེ། མཚོ་ཆེན་པོ་ལ་མ་ཐུག་

པར་རྒྱུན་མི་འཆད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པ་ཟད་པར་མ་གྱུར་གྱི་བར་དུ་གནས་པ་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མངོན་པར་འདུ་མི་བྱེད་ཅེས་བྱ་བ་དེ་ལ་གནས་ཀྱང་མེད། གནས་མ་ཡིན་

པ་ཡང་མེད། རྒྱུན་མི་འཆད་པ་ཡང་མེད་དེ། བགྲང་བ་དེ་ཐམས་ཅད་དེ་ལ་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གནས་ཞེས་བྱ་བའམ། རྒྱུན་ཆད་ཅེས་བྱ་བའམ། གནས་མེད་ཅེས་བྱ་བའམ། མངོན་པར་འདུ་བྱེད་པ་ཞེས་བྱ་བ་དེ་དག་ནི་བགྲང་བར་བསྟན་

པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གནས་སམ། རྟེན་ཏམ་གཞི་ཞེས་བྱ་བ་དེ་ནི་སེམས་ཅན་རྣམས་ཀྱི་ཇི་ལྟར་འཇུག་པ་བསྟན་པ་བྱས་པའོ། །མངོན་པར་འདུ་བྱེད་པ་མེད་པ་ལ་ནི་བགྲང་བ་འདི་གང་ཡང་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་མི་གནས་པ་ཞེས་བྱའོ། །

རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་མི་གནས་པར་སྦྱོར་བའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་

རྣམས་ཡོངས་སུ་རྫོགས་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར། མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར། མྱུར་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་

བྱུང་བའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར། མྱུར་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་བསྐྱེད་པ་དང་། གཡོས་པའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་

Vol. 34 · folio 97a

དོན་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་སྒོ་ངའི་སྦུབས་གཅོག་པར་འདོད་

པ་དང་། སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་ཚོལ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་

ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཚུལ་ཁྲིམས་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་བཟོད་པ་དང་དེས་པའི་ལོ་ལེགས་

པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་བརྩོན་འགྲུས་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་བསམ་གཏན་གྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཤེས་རབ་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་

ཅན་ཐམས་ཅད་ལ་རྣམ་པར་གྲོལ་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་མཐོ་རིས་སུ་སྐྱེ་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་རིག་པ་དང་རྣམ་པར་གྲོལ་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་

ཅན་ཐམས་ཅད་ལ་རིག་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་མྱ་ངན་ལས་འདས་པའི་ལོ་ལེགས་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཀྱི་ལོ་ལེགས་པར་

བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ལོ་ལེགས་པར་བྱེད་པར་འདོད་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ལྷ་དང་། བདུད་དང་། གཞན་སུས་ཀྱང་ཆོས་དང་འཐུན་པར་སྔོན་མ་བསྐོར་བའི་ཆོས་ཀྱི་འཁོར་

Vol. 34 · folio 97b

ལོ་སྐོར་བར་འདོད་པ་དང་། ཆོས་ཀྱི་གཏམ་བྱེད་པར་འདོད་པ་དང་། སངས་རྒྱས་ཀྱི་སར་ལུང་བསྟན་པར་འདོད་པ་དང་། ཉན་ཐོས་ཀྱི་ས་ལ་ལུང་བསྟན་པར་འདོད་པ་དང་། རང་སངས་རྒྱས་ཀྱི་ས་ལ་ལུང་བསྟན་པར་འདོད་པ་དང་། སེམས་ཅན་རྣམས་ཀྱི་སྔོན་གྱི་

སྨོན་ལམ་དང་། དགེ་བའི་རྩ་བ་བསྐུལ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱ། བརྩོན་པར་བྱ། འབད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་སྦྱོར་བ་ལ་བརྩོན་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་བརྩོན་པ་དང་། ནན་ཏན་བྱེད་པ་དང་། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་གནས་པ་དེ་མི་འདོར་བ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ་དེ་ལྟ་བུའི་བྱང་ཆུབ་སེམས་

དཔའ་ཆོས་གཞན་གང་ཡང་ངས་མ་མཐོང་ངོ་། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ན། བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་ཞིང་དེར་ཐུག་པར་

རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ལ་ལའི་རྣ་ལམ་དུ་ཐོས་པ་དང་། ཐོས་ནས་ཀྱང་མོས་པ་དང་། མངོན་པར་དགའ་བ་དང་། ཡང་དག་པར་འདུ་ཤེས་བསྐྱེད་པ་དེ་དག་ཀྱང་དགེ་བའི་རྩ་བ་དེས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ། །ཞེས་ངས་བཤད་དེ་དེར་ཐུག་པར་ཡང་རིག་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཚོགས་ཆེན་པོ་བསགས་པས་དགེ་བའི་རྩ་བ་གཞན་ཡང་ཡོངས་སུ་སྡུད་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་

རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་པ་བསྟན་པའི་ལེའུ་འདི་བྱང་ཆུབ་སེམས་དཔའ་གང་དག་གི་ལག་ཏུ་སོང་བར་གྱུར་པ་དེ་དག་ཁ་ཅིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་མ་བསྟན་ཀྱང་དེ་དག་ནི་ལུང་བསྟན་པ་དང་

Vol. 34 · folio 98a

ཉེ་སྟེ། དེ་དག་ནི་རིང་པོ་མི་ཐོགས་པར་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ། འདུག་

པའི་སེམས་ཅན་དེ་དག་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་ཉེ་བ་སྟེ། དེར་ཐུག་པར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་དང་ཉེ་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་སྦྱིན་པ་སྦྱིན་ཞིང་། ལྷུག་པར་གཏོང་བར་གྱུར་ལ་སེམས་ཅན་རྣམས་ཀྱང་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པས་ཀུན་དུ་སྡུད་

ཅིང་ཚུལ་ཁྲིམས་ཀྱང་སྲུང་ལ་ང་རྒྱལ་བཅོམ་པའི་སེམས་ཅན་དེ་དག་མྱུར་དུ་རིགས་མཐོན་པོ་དང་ལོངས་སྤྱོད་ཆེན་པོར་འགྱུར་ཏེ། དེར་ཐུག་པར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་སྦྱིན་པའི་ངང་ཚུལ་ཅན་དུ་གྱུར་པ། ཚུལ་

ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ། བཟོད་པ་ཕུན་སུམ་ཚོགས་པར་གྱུར་པ། སེམས་ཅན་ལ་བྱམས་པ་སྐྱེད་པ། སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་འཛིན་དུ་འཇུག་ཅིང་དབང་པོར་འགྱུར་བའི་ལས་བསགས་པ་དེ་དག་ནི་མྱུར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བར་

རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་ཡང་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་རྒྱལ་

པོ་རྒྱལ་རིགས་གང་ཟླ་བ་ཉ་ཚེས་བཅྭ་ལྔ་ལ་དོན་བྱེད་ཅིང་འདུག་པའི་མདུན་དུ་འཁོར་ལོ་རིན་པོ་ཆེ་བྱུང་བར་གྱུར་ན། དེ་ཉིད་འཁོར་ལོས་སྒྱུར་བར་འགྱུར་ཞིང་། མྱུར་དུ་དེའི་རིན་པོ་ཆེ་སྣ་བདུན་ཐམས་ཅད་ཀྱང་འབྱུང་བར་འགྱུར་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་

Vol. 34 · folio 98b

བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བར་འགྱུར་བ་དེ་མྱུར་དུ་ཐམས་ཅད་མཁྱེན་པའི་དམིགས་པ་དང་ལྡན་པར་འགྱུར་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་

དགེ་བའི་རྩ་བ་མཆོག་དང་ལྡན་པར་གྱུར་ཅིང་སྤྱོད་པ་ཡང་བཟང་རྒྱ་ཆེན་པོ་ལ་ཡང་མོས་པར་གྱུར་ལ། དེ་དག་མིའི་ལུས་ལ་མི་འཐུན་པར་འདུ་ཤེས་འཇོག་ཅིང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ། སྐྱེ་བོ་མང་པོའི་བྱ་བ་བྱེད་པར་གྱུར་པ་ལྷར་སྐྱེ་བར་འདོད་ན། དེ་དག་ནི་

མྱུར་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་ཞིང་དེ་ན་ཡང་དབང་པོ་བྱེད་པར་འགྱུར་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་སུ་དག་དགེ་བའི་རྩ་བ་ཡོངས་སུ་དག་པ་དང་། དགེ་བའི་རྩ་བ་མཆོག་དང་ལྡན་ལ། སྔར་སྦྱིན་པ་སྦྱིན་ཞིང་ཕྱིས་བདག་

སྤྱོད་པ་དང་། སྔར་སེམས་ཅན་གཞན་དག་གི་བྱ་བ་བྱེད་དེ། ཕྱིས་བདག་གི་བྱེད་པ་དང་། ཆོས་མ་ཡིན་པ་ལ་འདོད་ཅིང་། ཆགས་པ་མེད་པ་དང་། མི་བཟད་པའི་འདོད་པ་དང་། ཆགས་པ་མེད་པ་དང་། ལྷའི་དབང་པོ་དང་། བདག་པོར་འདོད་པ་དེ་དག་ནི་རིང་པོ་མི་ཐོགས་པར་མི་

གཡོ་མི་བསྐྱོད་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་དང་བདག་པོ་བྱེད་པར་འགྱུར་ཏེ། ལྷའི་དབང་པོ་བརྒྱ་བྱིན་དུ་ཡང་འགྱུར་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་ལ་ཉེ་བར་གྱུར་

པ་དེ་མྱུར་དུ་ཆོས་ཐམས་ཅད་ལ་དབང་བྱེད་པའི་དབང་པོ་རྗེས་སུ་ཐོབ་པར་འགྱུར་ཞིང་དེར་ཐུག་པར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་ཚངས་པའི་གནས་པ་བཞི་རྙེད་པར་འགྱུར་བ་དེ་དག་ནི་མྱུར་དུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་

བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་ལ་ཉེ་བར་གྱུར་པ་དེ་མྱུར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་དབྱར་གྱི་ཟླ་བ་ཉེ་བར་གནས་པ་ན། ས་ཆེན་པོ་

Vol. 34 · folio 99a

འདི་སྤྲིན་ལ་བརྟེན་ནས་སྣུམ་པར་འགྱུར་ཞིང་ཆར་མཐར་གྱིས་བབ་པས་བངས་ནས་ཆུ་འབྱུང་སྟེ། གང་དུ་ཆུ་མིག་མང་པོ་བྱུང་བ་དེས་ས་ཆེན་པོའི་སྟེང་འདི་ཚིམ་པར་བྱེད་དེ། དེ་བཞིན་དུ་ས་ཆེན་པོའི་ཁོང་ཡང་བངས་པར་འགྱུར། སྟེང་འདི་ཆུས་ཡོག་ནས་གང་ལྗོངས་དང་།

ཐང་རྣམས་ཚིམ་པར་བྱེད་དེ། དེ་ལྟར་ས་ཆེན་པོ་འདི་ཐང་སྤྲིན་གྱིས་བངས་པར་བྱས་པས་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་ནགས་ཚལ་རྣམས་ཀྱང་ངོམས་པར་འགྱུར་རོ། །དེ་དག་ངོམས་པས་ཡལ་ག་དང་། ལོ་མ་དང་། འདབ་མ་མང་པོ་སྐྱེ་བར་འགྱུར། མེ་ཏོག་དང་འབྲས་བུ་མང་

པོ་ཡང་འཆགས་པར་འགྱུར་རོ། །དེའི་ཚེ་ས་ཆེན་པོ་འདིས་ཡིད་དུ་འོང་བའི་དྲི་འབྱིན་ཏེ། དེའི་ཚེ་ས་ཆེན་པོ་འདི་མེ་ཏོག་དང་འབྲས་བུ་དང་། ཆུ་མིག་དང་། མཚེའུ་དང་། ལྟེང་ཀ་དག་གིས་མཛེས་པར་བྱས་པར་འགྱུར། དེ་ན་མི་དང་མི་མ་ཡིན་པ་རྣམས་མེ་ཏོག་དང་འབྲས་བུ་དེ་རྣམས་ལ་ཟ་ཞིང་

དྲི་དེ་དག་ལ་ཡང་སྣོམ་པས་དགའ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ནམ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མངོན་དུ་གྱུར་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྦྱོར་བར་བྱེད་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་

སེམས་དཔའ་འདི་རིང་པོ་མི་ཐོགས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རླན་པར་བྱས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་འབྱེད་པར་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་སྟོན་པར་འགྱུར་ཏེ། དེས་བླ་ན་མེད་པའི་ཆོས་རིན་པོ་ཆེ་རབ་ཏུ་བསྟན་པའི་ཕྱིར་སེམས་ཅན་

རྣམས་རླན་པར་བྱེད་པར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་གང་དག་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་སུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་ཀླུང་ཆེན་པོ་བཞི་འབེབས་ཤིང་རྒྱ་མཚོ་ཆེན་པོ་འགེངས་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་

གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་གང་དག་གི་ལག་ཏུ་སོང་ཞིང་འདི་ལ་སློབ་པ་དེ་དག་ཐམས་ཅད་ཀྱང་ཆོས་ཆེན་པོའི་རྒྱུན་རབ་ཏུ་འབེབས་ཤིང་ཆོས་ཀྱི་སྦྱིན་པ་དེས་སེམས་ཅན་ཐམས་ཅད་ལ་ཚིམ་པར་བྱེད་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་

Vol. 34 · folio 99b

པར་གནོན་པ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་

སེམས་དཔའ་གང་གི་ལག་ཏུ་སོང་བ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་འགྲོ་བའམ། ཐམས་ཅད་མཁྱེན་པའི་འགྲོ་བར་འགྲོ་བ་གཅིག་ཏུ་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་མཚོ་ཆེན་པོ་རྒྱ་མཚོ་ནི་ཆུ་ཐམས་ཅད་ཀུན་ཏུ་

འཛིན་ཏེ་དེར་རྟག་ཏུ་ཆུ་ཐམས་ཅད་འབབ་བོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱང་ཆུབ་སེམས་དཔའ་གང་གི་ལག་ཏུ་འགྲོ་བ་དེ་མྱུར་དུ་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་དང་། ཆོས་ཐམས་ཅད་ཀྱི་སྣོད་དང་། ཆོས་ཐམས་ཅད་ཡང་དག་པར་

འདུ་བར་འགྱུར་ཏེ། མྱུར་དུ་ཆོས་ཀྱི་བརྡས་མི་འཁྲུགས་པར་འགྱུར་ཞིང་དེར་ཐུག་པར་རིག་པར་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ན་འོད་ཐམས་ཅད་མོག་མོག་པོར་བྱེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་ལ་ཤར་བའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་ཆོས་ཀྱིས་སྣང་བར་བྱེད་པར་ཉེ་བར་གནས་པར་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ལ་འདི་ཤར་བས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྣང་བར་བྱེད་པར་ཉེ་བར་

གནས་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་རྣམ་པར་དག་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་འགྲོ་བར་བྱ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འགྱུར། རབ་ཏུ་སྟོད་པར་འགྱུར་

རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་མཆོག་ལ་སློབ་པའོ། །སེམས་ཅན་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའི་ལམ་རྣམ་པར་སྦྱང་བའི་ཕྱིར་སློབ་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་

Vol. 34 · folio 100a

རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་དེ་ནི་མཆོག་དམ་པ། རབ་ཕུལ་དུ་བྱུང་བ་བླ་ན་མེད་པའི་བསླབ་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བསླབ་པ་ཐམས་ཅད་ཀྱི་དམ་པའི་མཆོག་རྙེད་

པར་འགྱུར་རོ། །བསླབ་པ་ཐམས་ཅད་བཟུང་བས་འབྱུང་བར་འགྱུར། བསླབ་པ་ཐམས་ཅད་ཀྱང་སྟོན་པར་འགྱུར། བསླབ་པ་ཐམས་ཅད་ཀྱང་ཐོབ་པར་བྱེད་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་

རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི་བསླབ་པ་འདི་ལ་བསླབས་སོ། །སློབ་བོ། །སློབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བསླབ་པ་འདི་ལ་ཤིན་ཏུ་གནས་ནས་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བསླབ་པ་ཡོངས་སུ་དག་པ་

རབ་ཏུ་བསྟན། ཡང་དག་པར་རབ་ཏུ་སྟོན། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་བསླབ་

པ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་མཆོག །འཇིག་རྟེན་ཐམས་ཅད་ན་རང་བྱུང་གི་བསླབ་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་

དཔའ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཆོས་གང་ལ་ཡང་སློབ་པར་མི་འགྱུར། གང་དུ་ཡང་

ཆགས་པ་མི་བསྐྱེད་དེ། ཆོས་ཐམས་ཅད་ལ་མི་ཆགས་པར་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ཆགས་པ་མེད། བཅིངས་པ་མེད། གྲོལ་བ་མེད་དེ། ཆོས་གང་ཡང་འདུ་བར་རམ། བཅིངས་པ་ཉེ་བར་

Vol. 34 · folio 100b

གནས་པ་མ་ཡིན་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་མ་ཆགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །མིང་དང་གཟུགས་ཀྱང་མ་ཆགས་མ་

བཅིངས་མ་གྲོལ་བའོ། །ཕྱིན་ཅི་ལོག་དང་སྒྲིབ་པ་དང་ལྟ་བར་གྱུར་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །ནང་གི་སྐྱེ་མཆེད་དྲུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །ཕྱིའི་སྐྱེ་མཆེད་

དྲུག་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །བདག་གི་ཁམས་དང་སེམས་ཅན་གྱི་ཁམས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་ཆགས་མ་བཅིངས་

མ་གྲོལ་བའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་གཏོང་བ་དང་། སེར་སྣ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་

དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་།

རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་དང་། ཕྱིན་ཅི་མ་ལོག་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །ས་དང་། ཆུ་དང་། མེ་

དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་བའོ། །མི་སྐྱེ་བ་དང་། ཟད་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །རིག་པ་དང་། རྣམ་པར་གྲོལ་བ་ཡང་མ་ཆགས་མ་བཅིངས་མ་

Vol. 34 · folio 101a

གྲོལ་བའོ། །མངོན་པར་ཤེས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཀྱང་མ་ཆགས་མ་བཅིངས་མ་གྲོལ་

བའོ། །མྱ་ངན་ལས་འདས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱི་ཡེ་ཤེས་དང་སྟོབས་དང་མི་འཇིགས་པ་ཡང་མ་ཆགས་མ་བཅིངས་མ་གྲོལ་བའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡང་མ་ཆགས་མ་བཅིངས་

མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ལ་བཅིང་བ་མི་དམིགས་པས་ཆོས་ཐམས་ཅད་ནི་ཆགས་པ་མེད་བཅིངས་པ་མེད་དོ། །དེའི་ཕྱིར་དེ་དག་གི་གྲོལ་བ་མི་དམིགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆགས་པ་མེད་ཅེས་བྱ་བ་ནི་

དེ་དག་ལ་དགྲོལ་བ་གང་ཡང་མེད་མོད་ཀྱི་འོན་ཀྱང་གང་དེ་ལྟར་ཆོས་རྣམས་མཐོང་བ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མི་ཆགས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་ཤིང་ཆགས་པ་མེད་པ་ལ་ཆགས་པ་ཡང་དག་པའི་མ་ཡིན་པའི་

ཕྱིར་ཆགས་པ་མེད་པ་ཞེས་བྱ་སྟེ། དེ་ལ་ནི་གང་ཆགས་པར་འགྱུར་བའམ། འཆིང་བར་འགྱུར་བ་ཅི་ཡང་མི་དམིགས་སོ། །གང་གི་ཕྱིར་གང་ཆགས་པར་འགྱུར་བ་དང་འཆིང་བར་འགྱུར་བ་མི་དམིགས་པ་དེའི་ཕྱིར་མི་ཆགས་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་

རྟོགས་པ་མེད་ཅེས་བྱ་བ་ནི་རྟོགས་པ་མི་དམིགས་ཤིང་རྟོགས་པ་ཡོད་པ་མ་ཡིན་པའི་ཕྱིར་རྟོགས་པ་མེད་པ་ཞེས་བྱ་སྟེ། དེ་ལ་ནི་རྟོགས་པར་འགྱུར་བ་ཅི་ཡང་མེད་དོ། །དེ་ལ་གང་རྟོགས་པ་ཅི་ཡང་མི་དམིགས་ཏེ། གང་གི་ཕྱིར་གང་རྟོགས་པ་མི་དམིགས་པ་དེའི་ཕྱིར་རྟོགས་པ་མེད་

པ་ཞེས་བྱའོ། །གང་ཆགས་པ་མེད་ཅིང་རྟོགས་པ་མེད་པ་དེ་ལ་རྣམ་པར་གྲོལ་བ་ག་ལ་ཡོད། གང་ཆགས་པར་མི་འགྱུར་འཆིང་བར་མི་འགྱུར་བ་ནི་གྲོལ་བ་བྲལ་བ། བསིལ་བར་གྱུར་པ་རབ་ཏུ་རྣམ་པར་གྲོལ་བ་སྟེ། དེ་ལ་ནི་ཕྱིར་ཡང་རྟོགས་པར་བྱ་བ་གང་ཡང་མེད་པས་དེའི་ཕྱིར་གྲོལ་བ་

Vol. 34 · folio 101b

ཞེས་བྱ་སྟེ། དེ་ལ་ཐར་པ་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མ་ཆགས་མ་བཅིངས་མ་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འཇུག་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་

པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའི་ཕྱིར་ངས་ཕྱག་རྒྱ་འདི་བཞག་གོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་ངའི་ཉན་ཐོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་མི་ནུས་པའི་ཕྱིར་ངས་ཕྱག་རྒྱ་འདི་

བསྟན་ཅིང་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་དང་། དེད་དཔོན་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་དེ་བཞིན་

གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་ཅིང་རབ་ཏུ་རྣམ་པར་འཇིག་སྟེ། ཟད་པར་འགྱུར་བའི་དུས་ན་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་དག་པར་བསྒྲུབས་པའི་ཆོས་རིན་པོ་ཆེའི་མཛོད། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་འདི་གཟུང་བ་དང་གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་དག་པར་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཤེས་

Vol. 34 · folio 102a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་འདི་གཟུང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་རྔོ་ཐོགས་ལགས་སོ། །བཅོམ་ལྡན་འདས་དུས་དེ་ནི་འཇིགས་པ་ཆེན་པོ་མྱ་ངན་ཆེན་པོ་མ་རུངས་པ་ཆེན་པོར་འགྱུར་ཏེ། སེམས་ཅན་ཆོས་ཀྱིས་ཕོངས་པར་

འགྱུར་བའི་ལས་དང་ལྡན་པ་ཕལ་ཆེར་འབྱུང་། ལོག་པར་ཆགས་ཤིང་བརྐམ་པ། ལོག་པའི་འདོད་ཆགས་ཀྱིས་ཆགས་པ། ཆོས་མ་ལགས་པ་ལ་འདོད་ཆགས་ཀྱིས་ཆགས་པ། ཕྲག་དོག་དང་འདོད་པས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པ། ཁྲོ་བ་གཏུམ་པ། བརླང་བ་བཀའ་

བློ་མི་བདེ་བ། གཡོན་ཅན་མི་སྲུན་པ་སྒྱུ་ཅན། ཆོས་མ་ལགས་པ་སྤྱོད་པ་དང་། འཐབ་པ་དང་། རྩོད་པ་དང་། མཚང་འདྲུ་བ་དང་། འདྲེག་པ་མང་བ། སྡོམ་པ་ལ་མི་གནས་པ། འདོད་པ་དང་། བརྐམ་པའི་ཟིལ་གྱིས་གནོན་པ། ལེ་ལོ་ཅན། བརྩོན་འགྲུས་ཆུང་བ། དྲན་པ་ཉམས་པ། ཤེས་

བཞིན་ཅན་མ་ལགས་པ། གཅམ་བུ་མུ་ཅོར་སྨྲ་བ། ཁ་ཕྱར་ཅན། སྡིག་པའི་ལས་ཁོང་ན་སྦེད་ཅིང་འཆབ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆེ་བ། མ་རིག་པའི་སྒོ་ངའི་སྦུབས་དང་། གཏི་མུག་གི་མུན་ནག་གི་ཟིལ་གྱིས་གནོན་པ། བདུད་ཀྱི་ཕྱོགས་དང་འཐུན་པར་སྤྱོད་པ། ཆོས་

འདུལ་བ་ཟབ་མོ་ཆོས་རིན་པོ་ཆེའི་མཛོད་འདི་ལ་ཕྱིར་རྒོལ་བ་འབྱུང་། མི་སྩུ་བའི་ངང་ཚུལ་ཅན་འབྱུང་ལགས་མོད་ཀྱི། བཅོམ་ལྡན་འདས་བདག་ཅག་རྣམས་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དགེ་བའི་རྩ་བ་བསྒྲུབས་པ་བླ་ན་མེད་པའི་ཆོས་རིན་པོ་ཆེའི་

མཛོད་འདི་འཛིན་ཅིང་ཀློག་པར་སྤྲོ་ལགས་སོ། །གང་དག་ཐ་མའི་དུས་དེ་ན་ཆོས་འདི་ཚོལ་བ་ཆོས་འདི་ལ་སློབ་འཚལ་བ། གཡོ་མ་མཆིས་པ་དྲང་བ། སྒྱུ་མ་མཆིས་པ་གང་སྲོག་གི་ཕྱིར་ཡང་མི་གཏོང་བ། ཆོས་འདི་ལྟ་བུ་ལ་མི་རྒོལ་བ་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་མི་འགྱུར་བ། ཆོས་

ཀྱི་རྣམ་གྲངས་འདི་ལ་རྒྱབ་ཀྱིས་ཕྱོགས་པར་མི་འགྱུར་བ་ནི་རབ་ཏུ་ཉུང་བར་འགྱུར་ཏེ། དེ་དག་གི་དོན་བགྱི་ཞིང་སྤྲོ་བ་སྩལ་ནས། ཆོས་འདི་ལྟ་བུ་ལ་ཡང་དག་པར་གཟེངས་བསྟོད་པར་བགྱི། ཡང་དག་པར་རབ་ཏུ་དགའ་བར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེའི་དུས་

Vol. 34 · folio 102b

ན་ཆོས་ཀྱི་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་ཞགས་པ་གཅད་པའི་ཕྱིར་བྱིན་གྱིས་བརླབ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་

རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་། མི་རྣམས་ཀྱིས་ཀྱང་ལྷ་མཐོང་ངོ་། །གང་དེར་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་

ཐམས་ཅད་ཀྱིས་ལྷའི་མེ་ཏོག་བཅོམ་ལྡན་འདས་ལ་གཏོར། ལྷའི་གོས་ཀྱང་ཕུལ་ནས་སྒྲ་སྐད་ཆེན་པོ་ཕྱུང་སྟེ། ཨ་ལ་ལ་དེ་བཞིན་གཤེགས་པས་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པ་བྱིན་གྱིས་བརླབས་པ་འདི་ནི་བྱིན་གྱིས་རླབས་ཆེན་པོ་ལགས་ཏེ། ཆོས་ཀྱི་བྱིན་གྱི་

རླབས་འདིས་བདུད་ཀྱི་ཞགས་པ་ཐམས་ཅད་བཀུམ་མོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བདུད་སྡིག་ཅན་གྱིས་འཇིགས་སོ་སྙམ་དུ་དོགས་པར་མི་བགྱིའོ། །གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་བྱང་

ཆུབ་སེམས་དཔའ་དེ་དག་ནི་བདུད་སྡེ་དང་བཅས་པ་ལས་རྒལ་བར་འགྱུར་ལགས་སོ། །གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀློག་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ནི་བདུད་སྡིག་ཅན་སྡེ་དང་བཅས་པ་ལས་རྒྱལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་

ཆུབ་སེམས་དཔའ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དེ་བཞིན་ཏེ། ལྷའི་བུ་དེ་དག་གིས་ཚིག་ཇི་སྐད་སྨྲས་པ་བཞིན་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས་ཆོས་

ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅན་རྣམས་ཀྱི་མཚམས་བཅད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་བདུད་སྡིག་ཅན་

Vol. 34 · folio 103a

རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་

སྟོན་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་ཆོམས་པར་འགྱུར། གཡུལ་ལས་རྒྱལ་བར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ནས་ཉོན་མོངས་པ་ཅན་དང་བདུད་ཀྱི་ཞགས་པས་བཅིངས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་ཏེ། རབ་ཀྱི་རྩལ་

གྱིས་རྣམ་པར་གནོན་པ་འདི་ནི་ཅང་ཤེས་པ་རྣམས་ཀྱིས་ཡིན་གྱི་ཅང་ཤེས་པ་མ་ཡིན་པ་རྣམས་ཀྱིས་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་གང་ཡིན་པ་དེ་དག་ནི་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་ཡོངས་སུ་སྤྱོད་པ་མི་བྱེད་དོ། །

དེ་དག་ནི་སྐྱེ་བོ་གཏུམ་པོ་རྣམས་ཀྱིས་མཐོང་བར་ཡང་མི་འགྲོའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་དེ་ལྟ་བུ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་བ་ཉེ་བར་འགྲོ་སྟེ། དེ་དག་གི་ལོངས་སྤྱོད་དང་བསྙེན་བཀུར་བྱ་བ་དང་ཡོངས་སུ་སྤྱད་པའི་ཕྱིར་ཡང་མངོན་

པར་བྱུང་བས་དེ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཡོངས་སུ་སྤྱོད་པར་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཅང་ཤེས་ཀྱི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ལག་ཏུ་འགྲོ་བར་འགྱུར་རོ། །རབ་ཀྱི་

རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ་དཔེར་ན་ཀླུའི་རྒྱལ་པོ་ཉེར་རྩི་དང་། ཀླུའི་རྒྱལ་པོ་རབ་གནས་དང་། ཀླུའི་རྒྱལ་པོ་ས་སྲུང་གི་བུ་དང་། དེ་དག་ནི་མི་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་མི་འགྲོ །མི་རྣམས་ཀྱིས་མཐོང་བར་ཉེ་བར་མི་འགྲོ །དེ་དག་ནི་གཞན་གྱི་ཉེ་བར་སྤྱོད་པ་

དང་ལོངས་སྤྱོད་ཀྱི་ཕྱིར་ཡང་ཉེ་བར་མི་འགྲོའི། ཀླུའི་རྒྱལ་པོ་དེ་དག་ནི་ལྷ་ཅང་ཤེས་རྣམས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཉེ་བར་འགྲོའོ། །ཇི་ལྟ་ཇི་ལྟ་བུར་ལྷའི་དབང་པོ་བརྒྱ་བྱིན་བཀོད་པ་བྱས་ནས་འགྲོ་བ་ན། ཀླུའི་རྒྱལ་པོ་དེ་དག་ཀྱང་དེ་ལྟ་དེ་ལྟ་བུར་དེ་འདྲ་བའི་བཀོད་པ་བྱས་ནས་ལོངས་སྤྱོད་ཀྱི་

Vol. 34 · folio 103b

ཕྱིར་ཉེ་བར་འགྲོའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ནི་འདི་ལྟ་སྟེ། མིའི་དབང་པོ་མི་ཅང་ཤེས་རྣམས་ཀྱིས་ཀློག་པ་དང་། བཤད་པ་དང་། རབ་ཏུ་བསྟན་པའི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་དུ་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་འདི་

ནི་དེ་དག་གི་བཀོད་པ་ཆེན་པོ་དང་། རྒྱས་པ་ཆེན་པོ་དང་། ཆོས་ཀྱི་སྣང་བ་བྱེད་པར་འགྱུར། དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་དགའ་བ་བདུན་པོ་མྱོང་བར་འགྱུར་རོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཚུལ་གཅིག་ཙམ་འཛིན་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ལྡན་པར་འགྱུར་

ན་གང་ཐམས་ཅད་རྫོགས་པར་བྲིས་པ་དང་། འཛིན་པ་དང་། འཆང་བ་དང་། མཆོད་པ་དང་། རྒྱས་པར་བྱེད་པ་ལྟ་ཅི་སྨོས། ཆོས་ཀྱི་རྣམ་གྲངས་འདིས་མིའི་དབང་པོ་དང་མི་ཅང་ཤེས་དེ་དག་བཟུང་བར་འགྱུར་རོ། །འདི་ནི་ཅང་ཤེས་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །རབ་ཀྱི་

རྩལ་གྱིས་རྣམ་པར་གནོན་པ་འདི་ནི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར་ངས་དེ་དག་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་དུ་མ་དཔག་ཏུ་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་བཞིན་གཤེགས་པས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། འཁོར་བཞི་དང་། ལྷ་དང་། མི་དང་།

ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕན་ཡོན་གྱི་ལེའུ་ཞེས་བགྱི་སྟེ་བདུན་པའོ།། །།འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་

པར་གནོན་པས་ཞུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words