འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་ཏ་ཐཱ་ག་ཏ་མ་ཧཱ་ཀ་རུ་ཎཱ་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 57 · folio 171b

ལྕེས་རོ་མྱངས། ལུས་ཀྱིས་རེག་བྱ་རྣམས་ལ་རེག །ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་དག་ཡིན་ཏེ། སྐྱེ་མཆེད་དྲུག་གིས་ཆགས་པ་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་

ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཆུང་ཟད་སྙམ་པའི་ང་རྒྱལ་

དང་། ལོག་པའི་ང་རྒྱལ་གྱིས་བཅོམ་པས། ཆུང་ངུ་དག་པས་བདག་ཅག་ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ། མཚུངས་པ་དག་པས་ནི་བདག་ཅག་ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ་དང་། ཆེས་ཆེ་བ་དག་པས་ཀྱང་བདག་ཅག་ཆེས་

ཆེའོ་སྙམ་དུ་བདག་ལ་རློམ་སེམས་སུ་བྱེད་པ། གཟུགས་ལ་བདག་ཏུ་ཁས་ལེན་པ་ནས་རྣམ་པར་ཤེས་པའི་བར་ལ་བདག་ཏུ་ཁས་ལེན་པ། མ་ཐོབ་པར་བདག་ལ་ཐོབ་པ་སྙམ་དུ་ཤེས་པ། བདག་ཅག་ནི་འཕགས་པའོ་སྙམ་དུ་བདག་ལ་སེམས་པ། ལོག་པའི་ལྟ་བ་

ལ་ཡང་དག་པའི་ལྟ་བར་མོས་པ་དག་སྟེ། ང་རྒྱལ་གྱི་རྣམ་པ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལམ་ངན་པར་ཞུགས་པ། འཕགས་

པའི་ལམ་དང་བྲལ་བ་དག་སྟེ། ལམ་ངན་པ་སྤང་ཞིང་འཕགས་པའི་ལམ་ཐོབ་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་སྲེད་པའི་ཁོལ་པོ་ཆུང་མ་དང་།

བུ་ཕོ་དང་། བུ་མོ་ལ་ཡོངས་སུ་ཞེན་པས་སྦགས་པ། རང་དབང་མེད་པས་བདག་ལ་མི་དཔོགས་པ་དག་སྟེ། རང་དབང་ཡོད་ཅིང་བདག་ལ་དཔོགས་པར་བྱ་བ་དང་། གར་དགའ་བར་འགྲོ་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་

Vol. 57 · folio 172a

ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ཕན་ཚུན་མི་འཕྲོད་པ། ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་མང་བ་དག་སྟེ། ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་སྤང་བར་བྱ་བའི་ཕྱིར་དེ་དག་

ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་

བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་བརྐམ་པ། ཆགས་པས་

ཟིལ་གྱིས་ནོན་པ། ཆོག་མི་ཤེས་ཤིང་འཕགས་པའི་ཤེས་རབ་ཀྱི་གནས་པ་དང་བྲལ་བ་དག་སྟེ། ཆགས་པ་སྤངས་པ་དང་། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་

ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ལྟ་ཞིང་རྟག་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང་། ལས་དང་། བྱ་བ་ལ་གཟུད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་

སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མ་རིག་པ་དང་གཏི་མུག་གིས་ལྡོངས་པ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ལ་མངོན་པར་ཞེན་པ་དག་སྟེ།

འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བ་ལ་

Vol. 57 · folio 172b

མངོན་པར་དགའ་བ། ཕུང་པོ་ལྔའི་གཤེད་མས་ཡོངས་སུ་ཟིན་པ་དག་སྟེ། ཁམས་གསུམ་ཐམས་ཅད་ལས་དབྱུང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་

བདུད་ཀྱི་ཞགས་པའི་བཅིང་བས་བཅིངས་པ། གཡོ་བ་དང་། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང་། གཡོ་དང་རློམ་སེམས་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་

ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མྱ་ངན་ལས་འདའ་བའི་སྒོ་བཅད་ཅིང་། ངན་འགྲོའི་སྒོ་ཕྱེ་བ་དག་སྟེ། མྱ་ངན་ལས་འདའ་བའི་སྒོ་དབྱེ་བ་དང་། ངན་འགྲོའི་སྒོ་བཅད་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་

བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་སྟེ། རིགས་ཀྱི་བུ་རྣམ་པ་བཅུ་དྲུག་པོ་དེ་དག་གིས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེའོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་མ་

འདྲེས་པ་སུམ་ཅུ་རྩ་གཉིས་ཏེ། དེ་དག་ལ་བརྩོན་ན་བྱང་ཆུབ་སེམས་དཔའ་རྣམས་ལེགས་པར་བྱེད་པའི་ལས་བྱེད་པ་རྣམས་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དག་གཏི་མུག་གི་གཉིད་ཀྱིས་ལོག་པ་དང་། བདག་ཤེས་རབ་ཀྱིས་

སད་པ་མཐོང་ནས་ཤེས་རབ་ཀྱིས་སེམས་ཅན་རྣམས་སད་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ལས་མ་འདྲེས་པ་དང་པོའོ། །སེམས་ཅན་དག་ཆུང་ངུ་ལ་མོས་པ་དང་། བདག་རྒྱ་ཆེན་པོ་ལ་མོས་པར་མཐོང་ནས་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡང་དག་པར་

འཛིན་དུ་འཇུག་པ་དང་། སེམས་ཅན་དག་ཆོས་མ་ཡིན་པ་འདོད་པ་དང་། བདག་ཆོས་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་ཆོས་འདོད་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་འཚོ་བ་ཡོངས་སུ་མ་དག་པ་དང་། བདག་འཚོ་བ་ཡོངས་སུ་དག་པར་མཐོང་

Vol. 57 · folio 173a

ནས་སེམས་ཅན་རྣམས་འཚོ་བ་ཡོངས་སུ་དག་པར་སྦྱོར་བ་དང་། སེམས་ཅན་དག་ལྟ་བར་གྱུར་པར་བྱིང་བ་དང་། བདག་ཡང་དག་པའི་ལྟ་བར་ཞུགས་པར་མཐོང་ནས་སེམས་ཅན་རྣམས་འཕགས་པའི་ཡང་དག་པའི་ལྟ་བ་ལ་རབ་ཏུ་འགོད་པ་དང་། སེམས་

ཅན་དག་མ་རིག་པར་གྱུར་ཅིང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསགས་པར་མཐོང་ཞིང་བདག་རིག་པའི་རྗེས་སུ་འཐུན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་རིག་ནས་སེམས་ཅན་རྣམས་རིག་པའི་རྗེས་སུ་འཐུན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་

འགོད་པ་དང་། སེམས་ཅན་དག་ལོག་པའི་ཆོས་ལ་གནས་པ་དང་། བདག་ཡང་དག་པའི་ཆོས་ལ་ཞུགས་པར་མཐོང་ནས་ཡང་དག་པའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་དག་སེར་སྣ་ཅན་དུ་གྱུར་ཏེ་ཀུན་ཏུ་འཛིན་པའི་

སེམས་དང་ལྡན་པ་དང་། བདག་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་མཐོང་ནས་སེམས་ཅན་རྣམས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་སྦྱོར་བ་དང་། སེམས་ཅན་དག་ངང་ཚུལ་ངན་པ་ཅན་དུ་གྱུར་ཏེ། སྡོམ་པ་ལ་མི་གནས་པ་དང་། བདག་ཚུལ་

ཁྲིམས་ཡོངས་སུ་དག་པར་གནས་ནས། སེམས་ཅན་རྣམས་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་གནོད་སེམས་མང་ཞིང་ཁྲོ་བ་ཤས་ཆེ་བ་དང་། བདག་བཟོད་པའི་སྟོབས་དང་། བྱམས་པ་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་

བཟོད་པའི་སྟོབས་དང་། བྱམས་པ་ལ་གནས་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་ལེ་ལོ་ཅན་དུ་གྱུར་ཏེ། བརྩོན་འགྲུས་ཆུང་བ་དང་། བདག་ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པར་མཐོང་ནས་སེམས་ཅན་རྣམས་བརྩོན་འགྲུས་རྩོམ་པ་ལ་སྦྱོར་

བ་དང་། སེམས་ཅན་དག་སེམས་གཡེངས་ཤིང་དྲན་པ་ཉམས་པ་དང་། བདག་མཉམ་པར་བཞག་སྟེ། བསམ་གཏན་ལ་བསམ་གཏན་བྱེད་པར་མཐོང་ནས་སེམས་ཅན་རྣམས་སེམས་མི་གཡེང་བ་དང་། དྲན་པ་དང་། ཤེས་བཞིན་ལ་རབ་ཏུ་འགོད་པ་དང་།

Vol. 57 · folio 173b

སེམས་ཅན་དག་ཤེས་རབ་འཆལ་པར་གྱུར་ཏེ། དམན་ཞིང་གཏི་མུག་དང་ལྡན་པ་དང་། བདག་ཤེས་རབ་དང་ལྡན་ཞིང་གཏི་མུག་དང་བྲལ་བར་མཐོང་ནས་སེམས་ཅན་རྣམས་ཤེས་རབ་ཆེན་པོ་དང་། གཏི་མུག་དང་བྲལ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་།

སེམས་ཅན་དག་རིགས་པ་མ་ཡིན་པར་ལྷུང་ཞིང་ཡ་ང་བའི་བྱེད་པ་བརྩམས་པ་དང་། བདག་ཐབས་མཁས་པ་དང་ལྡན་ཞིང་ཡང་དག་པའི་ལས་བརྩམས་པར་མཐོང་ནས་སེམས་ཅན་རྣམས་ཐབས་མཁས་པ་དང་། ཡང་དག་པའི་ལས་རྩོམ་པ་ཡང་དག་པར་འཛིན་དུ་

འཇུག་པ་དང་། སེམས་ཅན་དག་ཉོན་མོངས་པས་བཅོམ་ཞིང་ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་སྤྱོད་ཡུལ་པར་གྱུར་པ་དང་། བདག་ཉོན་མོངས་པ་ཐམས་ཅད་ལས་ལོག་པར་མཐོང་ནས་སེམས་ཅན་རྣམས་ཉོན་མོངས་པ་ཐམས་ཅད་

སྤོང་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་འཇིག་ཚོགས་ལ་ལྟ་བའི་བཅིང་བས་བཅིངས་ཤིང་དམིགས་པ་ལ་རབ་ཏུ་གནས་པ་དང་། བདག་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་དང་ལྡན་ཞིང་དམིགས་པས་བཅིངས་པ་ལས་ཡོངས་སུ་གྲོལ་བར་

མཐོང་ནས་སེམས་ཅན་རྣམས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་དང་དམིགས་པ་དང་བྲལ་བ་ལ་སྦྱོར་བ་དང་། སེམས་ཅན་དག་མ་དུལ་ཞིང་མ་སྦས་ཏེ་བྱང་བ་མ་ཡིན་པ་དང་། བདག་དུལ་ཞིང་སྦས་ཏེ་བྱང་བར་མཐོང་ནས་སེམས་ཅན་རྣམས་དུལ་བ་དང་། སྦས་

པ་དང་། བྱང་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་བྱས་པ་མི་གཟོ་ཞིང་བྱས་པ་མི་ཤེས་ཏེ། དགེ་བའི་རྩ་བ་འཇོམས་པ་དང་། བདག་བྱས་པ་གཟོ་ཞིང་བྱས་པ་ཤེས་ཏེ་དགེ་བའི་རྩ་བ་བསྲུང་བར་གནས་པར་མཐོང་ནས་སེམས་ཅན་རྣམས་བྱས་པ་གཟོ་བ་

དང་། བྱས་པ་ཤེས་པ་དང་། དགེ་བའི་རྩ་བ་ཆུད་མི་གཟོན་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ཆུ་བོར་ལྷུང་ཞིང་སྡིག་པ་འདོད་པའི་དབང་དུ་སོང་བ་དང་། བདག་ཆུ་བོ་ཐམས་ཅད་ལས་ཡང་དག་པར་འདས་པར་མཐོང་ནས་སེམས་ཅན་རྣམས་ཆུ་བོ་

Vol. 57 · folio 174a

ཐམས་ཅད་ལས་ཡང་དག་པར་འདའ་བ་ལ་སྦྱོར་བ་དང་། སེམས་ཅན་དག་བཀའ་བློ་མི་བདེ་ཞིང་འཐུན་པར་འཛིན་པ་མ་ཡིན་པ་དང་། བདག་བཀའ་བློ་བདེ་ཞིང་འཐུན་པར་འཛིན་པར་མཐོང་ནས་སེམས་ཅན་རྣམས་བཀའ་བློ་བདེ་ཞིང་འཐུན་པར་འཛིན་

པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་ཕོངས་པ་མང་ཞིང་དམ་པ་མ་ཡིན་པ་ལ་ཡོངས་སུ་ཞེན་པ་དང་། བདག་མ་ཕོངས་པ་མང་ཞིང་དགེ་བ་བདུད་རྩི་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་ཡོངས་སུ་ཞེན་པ་དང་བྲལ་ཞིང་དགེ་བའི་རྩ་བ་ལ་

གནས་པར་སྦྱོར་བ་དང་། སེམས་ཅན་དག་དབུལ་ཞིང་འཕགས་པའི་ནོར་དང་བྲལ་བ་དང་། བདག་འཕགས་པའི་ནོར་དང་མ་བྲལ་ཞིང་ནོར་བདུན་དང་ལྡན་པར་མཐོང་ནས་སེམས་ཅན་རྣམས་འཕགས་པའི་ནོར་ཐོབ་པར་བྱ་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་རྟག་

ཏུ་ན་ཞིང་ཁམས་རྣམ་པ་བཞི་པོའི་སྦྲུལ་གདུག་པས་ཟིན་པ་དང་། བདག་ནད་མེད་ཅིང་བདེ་ལ་འགྱུར་བ་མེད་པར་མཐོང་ནས་སེམས་ཅན་རྣམས་ནད་ཐམས་ཅད་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་མི་ཤེས་པའི་མུན་པས་ཀུན་ཏུ་གཏིབས་

ཤིང་ཡེ་ཤེས་ཀྱི་སྣང་བ་དང་བྲལ་བ་དང་། བདག་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་མཐོང་ནས་སེམས་ཅན་རྣམས་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ཁམས་གསུམ་ལ་ཆགས་པས་ཆགས་ཤིང་རྒྱུད་ལྔའི་འགྲོ་བའི་འཁོར་བའི་འཁོར་

ལོའི་རྗེས་སུ་འཇུག་པ་མཐོང་ཞིང་བདག་ཁམས་གསུམ་ཡོངས་སུ་ཤེས་པ་ལ་མཁས་པར་ཤེས་ནས་སེམས་ཅན་རྣམས་ཁམས་གསུམ་ཡོངས་སུ་ཤེས་པ་ལ་མཁས་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་དག་གཡོན་ཕྱོགས་ཀྱི་ལམ་དུ་ཞུགས་ཤིང་

གཡས་ཕྱོགས་ཀྱི་ལམ་དང་བྲལ་བ་དང་། བདག་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་མཐོང་ནས་སེམས་ཅན་རྣམས་གཡས་ཕྱོགས་ཀྱི་ལམ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་ལུས་དང་སྲོག་ལ་ཆགས་ཤིང་ཉེས་པ་མ་མཐོང་བ་དང་། བདག་ལུས་དང་

Vol. 57 · folio 174b

སྲོག་ལ་མི་ལྟ་ཞིང་ཉེས་པ་མཐོང་བ་ཡིན་པར་མཐོང་ནས་སེམས་ཅན་རྣམས་ལུས་དང་སྲོག་ལ་མི་ལྟ་བ་དང་། ཉེས་པ་མཐོང་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་བྲལ་བ་དང་། བདག་དཀོན་མཆོག་གསུམ་གྱི་རིགས་

རྒྱུན་མི་གཅོད་པར་གནས་པར་མཐོང་ནས་སེམས་ཅན་རྣམས་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་ལ་འཛུད་པ་དང་། སེམས་ཅན་རྣམས་དམ་པའི་ཆོས་ལས་ཉམས་པ་དང་། བདག་དམ་པའི་ཆོས་ཡོངས་སུ་འཛིན་པར་གནས་པར་མཐོང་ནས་སེམས་ཅན་རྣམས་

དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་སྟོན་པ་རིན་པོ་ཆེ་དང་རིང་དུ་གནས་ཤིང་། རྗེས་སུ་དྲན་པ་དྲུག་དང་བྲལ་བ་དང་། བདག་རྗེས་སུ་དྲན་པ་དྲུག་མ་བཏང་བ་མཐོང་ནས་སེམས་ཅན་རྣམས་རྗེས་སུ་དྲན་པ་དྲུག་བསྒོམ་པ་ལ་རབ་ཏུ་འགོད་

པ་དང་། སེམས་ཅན་དག་ལས་དང་ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ་དང་། བདག་ལས་དང་ཉོན་མོངས་པ་དང་བྲལ་བར་མཐོང་ནས་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དང་བྲལ་བ་ལ་རབ་ཏུ་འགོད་པ་དང་། སེམས་ཅན་དག་མི་དགེ་བའི་ཆོས་ཐམས་ཅད་དང་

ལྡན་ཞིང་དགེ་བའི་ཆོས་ཐམས་ཅད་སྤངས་པ་དང་། བདག་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་མཐོང་ནས་སེམས་ཅན་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་

པ་ལ་རབ་ཏུ་འགོད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ལས་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་ཕུལ་ཡིན་ཏེ། དེ་དག་ལ་གནས་ནས་བྱང་ཆུབ་སེམས་དཔའ་རྣམས་ལེགས་པར་བྱེད་པའི་ལས་བྱེད་པ་རྣམས་ཡིན་ནོ། །རིགས་ཀྱི་

བུ་ཡང་བྱང་ཆུབ་སེམས་དཔའི་ལས་ནི་ཚད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་སྒོ་ཇི་སྙེད་པར་བྱང་ཆུབ་སེམས་དཔས་རྣམ་པར་བྱང་བའི་སྒོ་ཡང་དག་པར་བསྒྲུབ་པར་བྱ་བ་ཡང་དེ་སྙེད་དོ། །རིགས་ཀྱི་བུ་གལ་ཏེ་གང་དག་གང་

Vol. 57 · folio 175a

གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་གནས་པར་གྱུར་ཀྱང་སེམས་ཅན་དེ་དག་ཐམས་ཅད་ཀྱི་ལས་གང་ཡིན་པ་དེ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་

སེམས་དཔའི་ལས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་

སངས་རྒྱས་དག་ནི་རང་གི་རྒྱུད་ཀྱི་ཉོན་མོངས་པ་སྤོང་བར་ཉེ་བར་གནས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བར་ཉེ་བར་གནས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་ལས་གང་ཡིན་པ་དང་། ཉན་

ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལས་གང་ཡིན་པ་བས་འདིར་བྱང་ཆུབ་སེམས་དཔའི་ལས་ཉིད་མཆོག་ཅེས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ལས་ནི་ཕྱིན་ཅི་ལོག་དང་ལྡན་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལས་

ནི་ཉི་ཚེ་བ་དང་ལྡན་པ་ཡིན་གྱི། བྱང་ཆུབ་སེམས་དཔའི་ལས་ནི་ཕྱིན་ཅི་ལོག་མེད་ཅིང་ཚད་མེད་པའི་རྣམ་པའི་ཡོན་ཏན་རྩོམ་པ་སྟེ། བྱང་ཆུབ་སེམས་དཔའ་རྒྱུ་འདིས་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་ཏོ། །

དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། ཡང་བཅོམ་ལྡན་འདས་ལ་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་རྒྱན་དང་། བྱང་ཆུབ་སེམས་དཔའི་སྣང་བ་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ལས་ལེགས་པར་གསུངས་པ་དེ་དག་ནི་ངོ་

Vol. 57 · folio 175b

མཚར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་འཇུག །དེ་བཞིན་གཤེགས་

པའི་ཐུགས་རྗེ་ཆེན་པོ་ནི་ཅི་ཙམ། རྣམ་པ་ནི་གང་ལགས། རྟགས་ནི་གང་ལགས། མཚན་མ་ནི་གང་ལགས། གནས་ནི་གང་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་འཕྲིན་ལས་ནི་ཇི་ལྟར་མཛད། དེ་བཞིན་གཤེགས་པའི་འཕྲིན་ལས་ནི་ཅི་ཙམ།

རྣམ་པ་ནི་གང་ལགས། རྟགས་ནི་གང་ལགས། མཚན་མ་ནི་གང་ལགས། གནས་ནི་གང་ལགས་པ་དེ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། དེ་བཞིན་གཤེགས་པའི་འཕྲིན་ལས་རྣམས་མངོན་སུམ་དུ་གྱུར་པས་མངོན་སུམ་དུ་བདག་

ཅག་ལ་ལེགས་པར་ཡང་དག་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་

དང་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་དང་། དེ་བཞིན་གཤེགས་པའི་འཕྲིན་ལས་ལ་འཇུག་པ་ཙམ་ཅུང་ཟད་ཅིག་ཁྱོད་ལ་བཤད་པར་བྱའོ། །རིགས་ཀྱི་བུ་སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་སྐྱེ་བ་ཡང་མེད། འཇུག་པ་

ཡང་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་འཇུག་པའི་ཕྱིར་རོ། །དེ་ནི་བསྐལ་པ་གྲངས་མེད་པར་ཡོངས་སུ་སྦྱང་བ་བྱས་པས་ཡང་དག་པར་བསྐྱེད་པ་སྟེ། འཇུག་པ་ཡང་མེད། ལྡོག་པ་ཡང་

མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་མ་བཏང་བ། སེམས་ཅན་ཐམས་ཅད་ལ་གནས་པའོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དེ་ནི་ཅི་ཙམ་དུ་ལས་ཡོངས་སུ་ཐོབ་པར་བྱ་བར་སླ་བ་མ་ཡིན་པ་དེ་ཙམ་དུ་ཚད་མེད། དེ་ཙམ་དུ་

Vol. 57 · folio 176a

བསམ་གྱིས་མི་ཁྱབ་སྟེ། དེ་ཙམ་དུ་མི་ཟད་ཅིང་། དེ་ཙམ་དུ་རིང་དུ་སོང་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་བྱང་ཆུབ་ཐོབ་པ་དེ་ལྟར་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་འཇུག་གོ། །བྱང་ཆུབ་ཅི་འདྲ་བ་ཐུགས་རྗེ་ཆེན་

པོ་ཡང་དེ་འདྲའོ། །དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་ཐོབ་ཅེ་ན། དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་། གནས་མེད་པར་བྱང་ཆུབ་ཐོབ་བོ། །དེ་ལ་རྩ་བ་ནི་གང་། གནས་ནི་གང་ཞེ་ན། འཇིག་ཚོགས་ནི་རྩ་བའོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་

གནས་སོ། །དེ་གཉིས་ནི་དེ་བཞིན་གཤེགས་པས་བྱང་ཆུབ་དང་མཉམ་པ་ཉིད་ཀྱིས་མཉམ་པར་ཡོངས་སུ་ཤེས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །སེམས་ཅན་འདི་དག་

གིས་ནི་རྩ་བ་མེད་པ་དང་། གནས་མེད་པའི་ཆོས་འདི་དག་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་ཞི་བ་དང་ཉེ་བར་ཞི་བའོ། །དེ་ལ་ཞི་བ་ནི་གང་། ཉེ་

བར་ཞི་བ་ནི་གང་ཞེ་ན། ནང་ནི་ཞི་བའོ། །ཕྱི་ནི་ཉེ་བར་ཞི་བའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་དང་བདག་གིས་སྟོང་སྟེ། དེ་ནི་དེའི་རང་བཞིན་ནོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ནི་བདག་དང་བདག་གིས་སྟོང་སྟེ། དེ་ནི་དེའི་རང་བཞིན་ནོ། །མིག་སྟོང་པར་

ཡོངས་སུ་ཤེས་ནས་གཟུགས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །རྣ་བ་སྟོང་པར་ཡོངས་སུ་ཤེས་ནས་སྒྲ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །སྣ་སྟོང་པར་ཡོངས་སུ་ཤེས་ནས་དྲི་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་

ཉེ་བར་ཞི་བ་ཞེས་བྱའོ། །ལྕེ་སྟོང་པར་ཡོངས་སུ་ཤེས་ནས་རོ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ལུས་སྟོང་པར་ཡོངས་སུ་ཤེས་ནས་རེག་བྱ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ཡིད་སྟོང་པར་ཡོངས་སུ་ཤེས་ནས་ཆོས་

Vol. 57 · folio 176b

རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །སེམས་ཅན་འདི་དག་གིས་ནི་ཞི་བ་དང་། ཉེ་བར་ཞི་བ་ཁོང་དུ་མ་ཆུད་པས་དེ་དག་གི་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་སེམས་རང་

བཞིན་གྱིས་འོད་གསལ་བའི་ཕྱིར་བྱང་ཆུབ་རང་བཞིན་འོད་གསལ་བའོ། །ཅིའི་ཕྱིར་རང་བཞིན་འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ། ནམ་མཁའ་དང་མཚུངས་པ། ནམ་མཁའི་རང་བཞིན། ནམ་མཁའ་དང་མཉམ་པར་

གཞོལ་བ། ནམ་མཁའ་དང་མཉམ་པས་མཉམ་པ་སྟེ། རང་བཞིན་དེ་ནི་ཤིན་ཏུ་འོད་གསལ་བ་ཉིད་དོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་རང་བཞིན་འོད་གསལ་བ་འདི་ཁོང་དུ་མ་ཆུད་པས་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་ཏེ། རང་བཞིན་འོད་གསལ་

བ་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་བླང་བ་མེད་པ་དང་། དོར་བ་མེད་པའོ། །དེ་ལ་བླང་བ་མེད་པ་ནི་གང་། དོར་བ་མེད་པ་ནི་གང་ཞེ་ན། བླང་བ་མེད་པ་ཞེས་བྱ་བ་ནི་

ཆོས་ཐམས་ཅད་མི་འཛིན་པའོ། །དོར་བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འདོར་བའོ། །དེ་ལ་དེ་བཞིན་གཤེགས་པ་བླང་བ་མེད་པ་དང་། དོར་བ་མེད་པར་ཆུ་བོར་འཇུག་པ་ན། ཇི་ལྟར་དེ་བཞིན་ཉིད་ལ་ཕ་རོལ་མེད་པ་དང་། ཕ་རོལ་མེད་པ་མ་ཡིན་པར་ཡང་དག་

པར་རྗེས་སུ་མཐོང་བ་དེ་ལྟར་རྒལ་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕ་རོལ་མེད་པ་དང་། ཕ་རོལ་དང་བྲལ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ནི་བླང་བ་

མེད་པ་དང་། དོར་བ་མེད་པ་འདི་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་མཚན་མ་མེད་པ་དང་། དམིགས་པ་མེད་པའོ། །དེ་ལ་མཚན་མ་མེད་

Vol. 57 · folio 177a

པ་ནི་གང་། དམིགས་པ་མེད་པ་ནི་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དམིགས་པ་མེད་པའོ། །རྣ་བའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་

པའོ། །སྒྲ་མཉན་དུ་མེད་པ་ནི་དམིགས་པ་མེད་པའོ། །སྣའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །དྲི་བསྣམ་དུ་མེད་པ་ནི་དམིགས་པ་མེད་པའོ། །ལྕེའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །རོ་མྱང་དུ་མེད་པ་ནི་

དམིགས་པ་མེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །རེག་བྱ་རེག་པར་བྱར་མེད་པ་ནི་དམིགས་པ་མེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་

དམིགས་པ་མེད་པའོ། །དེ་ལྟར་ན་མཚན་མ་མེད་པ་དང་། དམིགས་པ་མེད་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཞེ་ན། གང་ཁམས་གསུམ་པའི་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་

ལྟར་ན་གང་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། འཕགས་པའི་སྤྱོད་ཡུལ་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །

རིགས་ཀྱི་བུ་བྱང་ཆུབ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དུས་གསུམ་མཉམ་པ་འཁོར་གསུམ་ཡོངས་སུ་ཆད་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་

ལ་རྣམ་པར་ཤེས་པ་མི་རྒྱུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པའོ། །དེ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་མི་གནས་པས་འདས་པ་ལ་རྟོག་པར་མི་བྱེད། མ་འོངས་པ་ལ་མི་སེམས། ད་ལྟར་བྱུང་བ་སྤྲོས་པར་མི་བྱེད་དོ། །དེ་ལྟར་

Vol. 57 · folio 177b

དུས་གསུམ་མཉམ་པ་ཉིད་དང་། འཁོར་གསུམ་ཡོངས་སུ་དག་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་ལུས་མེད་ཅིང་

འདུས་མ་བྱས་པའོ། །དེ་ལ་ལུས་མེད་པ་ནི་གང་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། །འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་

མེད་པ་དང་། འཇིག་པ་མེད་པ་དང་། གནས་མེད་པ་སྟེ། དེ་ནི་མཚན་ཉིད་གསུམ་དང་བྲལ་བའི་འདུས་མ་བྱས་ཞེས་བྱའོ། །འདུས་མ་བྱས་ཇི་ལྟ་བར་འདུས་བྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་

པ་དེ་ནི་མེད་པའོ། །མེད་པ་གང་ཡིན་པ་དེ་ལ་ནི་གཉིས་མེད་དོ། །ལུས་མེད་པ་དང་འདུས་མ་བྱས་འདི་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །

རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་དབྱེར་མེད་པ་དང་གནས་སོ། །དེ་ལ་གནས་ནི་གང་། དབྱེར་མེད་པ་ནི་གང་ཞེ་ན། དེ་བཞིན་ཉིད་ནི་གནས་སོ། །གནས་མེད་པ་ནི་དབྱེར་མེད་པའོ། །ཆོས་ཀྱི་དབྱིངས་ནི་གནས་སོ། །ཐ་དད་པ་མ་ཡིན་པ་ནི་དབྱེར་མེད་པའོ། །ཡང་

དག་པའི་མཐའ་ནི་གནས་སོ། །གཡོ་བ་མེད་པ་ནི་དབྱེར་མེད་པའོ། །སྟོང་པ་ཉིད་ནི་གནས་སོ། །དམིགས་སུ་མེད་པ་ནི་དབྱེར་མེད་པའོ། །མཚན་མ་མེད་པ་ནི་གནས་སོ། །རྣམ་པར་རྟོག་པ་མེད་པ་ནི་དབྱེར་མེད་པའོ། །སྨོན་པ་མེད་པ་ནི་གནས་སོ། །སྨོན་ལམ་

འདེབས་པ་མེད་པ་ནི་དབྱེར་མེད་པའོ། །སེམས་ཅན་མེད་པ་ཉིད་ནི་གནས་སོ། །སེམས་ཅན་ངོ་བོ་ཉིད་མེད་པ་ནི་དབྱེར་མེད་པའོ། །ནམ་མཁའ་ནི་གནས་སོ། །དམིགས་སུ་མེད་པ་ནི་དབྱེར་མེད་པའོ། །སྐྱེ་བ་མེད་པ་ནི་གནས་སོ། །འགོག་པ་མེད་པ་ནི་དབྱེར་

Vol. 57 · folio 178a

མེད་པའོ། །འདུས་མ་བྱས་ནི་གནས་སོ། །རྒྱུ་བ་མེད་པ་ནི་དབྱེར་མེད་པའོ། །བྱང་ཆུབ་ནི་གནས་སོ། །ཉེ་བར་ཞི་བ་ནི་དབྱེར་མེད་པའོ། །མྱ་ངན་ལས་འདས་པ་ནི་གནས་སོ། །མངོན་པར་གྲུབ་པ་མེད་པ་ནི་དབྱེར་མེད་པའོ། །དེ་ལྟར་དབྱེར་མེད་པ་

དང་། གནས་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་ཀྱིས་ཀྱང་

མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོའོ། །སེམས་ནི་སྒྱུ་མ་ལྟ་བུའོ། །གང་ལུས་དང་སེམས་འདི་ལྟ་བུར་ཁོང་དུ་ཆུད་པ་དེ་ནི་ཐ་སྙད་བཏགས་ནས་བྱང་ཆུབ་ཅེས་བྱའི། བྱང་ཆུབ་ནི་ལུས་སམ། སེམས་སམ། ཆོས་སམ། ཆོས་མ་ཡིན་པའམ། ཡང་

དག་པའམ། ཡང་དག་པ་མ་ཡིན་པའམ། བདེན་པའམ། བརྫུན་པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །བྱང་ཆུབ་ནི་གང་གིས་ཚིག་ཏུ་ཐ་སྙད་གདགས་པར་འགྱུར་བའི་དབྱིབས་

ཅི་ཡང་མེད་དེ། ཇི་ལྟར་ནམ་མཁའ་དབྱིབས་མེད་ཅིང་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱང་དབྱིབས་མེད་ཅིང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཙལ་ན་ཆོས་ཐམས་ཅད་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ། ཆོས་ལ་

ཚིག་མེད་དོ། །ཚིག་ལ་ཡང་ཆོས་མེད་དོ། །ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་

གཟུང་དུ་མེད་པ་དང་། གཞི་མེད་པའོ། །དེ་ལ་གཟུང་དུ་མེད་པ་ནི་གང་། གཞི་མེད་པ་ནི་གང་ཞེ་ན། མིག་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །གཟུགས་དམིགས་སུ་མེད་པ་ནི་གཞི་མེད་པའོ། །རྣ་བ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །སྒྲ་

Vol. 57 · folio 178b

དམིགས་སུ་མེད་པ་ནི་གཞི་མེད་པའོ། །སྣ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །དྲི་དམིགས་སུ་མེད་པ་ནི་གཞི་མེད་པའོ། །ལྕེ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །རོ་དམིགས་སུ་མེད་པ་ནི་གཞི་མེད་པའོ། །ལུས་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་

པའོ། །རེག་བྱ་དམིགས་སུ་མེད་པ་ནི་གཞི་མེད་པའོ། །ཡིད་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །ཆོས་དམིགས་སུ་མེད་པ་ནི་གཞི་མེད་པའོ། །དེ་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་གཟུང་དུ་མེད་པ་དང་། གཞི་མེད་པར་མངོན་པར་རྫོགས་པར་སངས་

རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མིག་གཟུང་དུ་མེད། གཟུགས་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །རྣ་བ་གཟུང་དུ་མེད། སྒྲ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །སྣ་གཟུང་དུ་མེད། དྲི་གཞི་མ་ཡིན།

རྣམ་པར་ཤེས་པ་གནས་པ་མེད་དོ། །ལྕེ་གཟུང་དུ་མེད། རོ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །ལུས་གཟུང་དུ་མེད། རེག་བྱ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །ཡིད་གཟུང་དུ་མེད། ཆོས་གཞི་མ་ཡིན། རྣམ་པར་ཤེས་པ་

གནས་པ་མེད་དོ། །དེ་རྣམ་པར་ཤེས་པ་གནས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་རྣམས་རབ་ཏུ་ཤེས་སོ། །སེམས་ཅན་དག་གི་སེམས་ཀྱི་གནས་རྣམས་གང་ཞེ་ན། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ནི་བཞི་པོ་འདི་དག་གོ། །བཞི་གང་ཞེ་ན། འདི་ལྟ་

སྟེ། གཟུགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དག་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཏེ། སེམས་ཀྱི་གནས་དེ་དག་ཀྱང་དེ་བཞིན་གཤེགས་པས་གནས་མེད་པར་མཁྱེན་ཏོ། །གནས་མེད་པའི་མཐའ་འདི་སེམས་

ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་

Vol. 57 · folio 179a

པ་ཉིད་དེས་ཆོས་ཐམས་ཅད་སྟོང་ངོ་། །སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་ཆོས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། །དེ་ནི་འདི་ལྟ་སྟེ།

སྟོང་པ་ཉིད་དང་བྱང་ཆུབ་ཅེས་བྱ་བ་ཚུལ་གཅིག་པར་ཤེས་པ་སྟེ། དེ་ལ་གཉིས་གང་གིས་སྟོང་པ་ཉིད་དང་། བྱང་ཆུབ་གཉིས་སུ་དབྱེ་བའི་གཉིས་ཆུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཉིས་སུ་མེད་པ། གཉིས་སུ་དབྱེར་མེད་པ། མཚན་ཉིད་

མེད་པ། མིང་མེད་པ། མཚན་མ་མེད་པ། རྒྱུ་བ་མེད་པ། རབ་ཏུ་རྒྱུ་བ་མེད་པ། ཀུན་ཏུ་འབྱུང་བ་མེད་པའོ། །གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་བླ་དགས་སོ། །འདི་ལ་དོན་དམ་པར་གང་སྟོང་པ་ཞེས་བྱ་བའི་ཆོས་གང་

ཡང་དམིགས་སུ་མེད་ཀྱང་སྟོང་པ་ཞེས་ཀྱང་བརྗོད་དོ། །ཇི་ལྟར་ནམ་མཁའ་ལ་ནམ་མཁའ་ཞེས་རྗོད་ཀྱང་ནམ་མཁའ་ནི་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་སྟོང་པ་ལ་སྟོང་པ་ཞེས་རྗོད་ཀྱང་སྟོང་པ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། མིང་མེད་པ་ལ་མིང་དུ་ཐ་

སྙད་འདོགས་པ་དེ་ནི་ཆོས་ཐམས་ཅད་ལ་འཇུག་པའོ། །མིང་དེ་ཡང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། །ཇི་ལྟར་མིང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་པ་དེ་བཞིན་དུ་མིང་གང་གིས་ཆོས་གང་བརྗོད་པའི་ཆོས་དེ་ཡང་

ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་ཐམས་ཅད་མཁྱེན་ཏེ། གཟོད་མ་ནས་མ་སྐྱེས་པ་དང་། མ་འགགས་པ་དང་། མཚན་ཉིད་མེད་པ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་

བ་དང་། ཡི་གེ་མེད་པ་དང་། སྒྲ་མེད་པར་ཤེས་སོ། །ཇི་ལྟར་ཤེས་པ་དེ་བཞིན་དུ་རྣམ་པར་གྲོལ་ཏེ། བཅིངས་པ་ཡང་མེད། གྲོལ་བ་ཡང་མེད་དོ། །མཉམ་པ་ཉིད་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་

Vol. 57 · folio 179b

དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་ནམ་མཁའ་དང་མཉམ་སྟེ། ནམ་མཁའ་ནི་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་ནོ། །བྱང་ཆུབ་ཀྱང་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་ནོ། །

ཆོས་གང་ལ་ཡང་དག་པར་ཡོངས་སུ་གྲུབ་པ་མེད་པ་དེ་མཉམ་པའམ་མི་མཉམ་པར་བརྗོད་པ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པའང་མ་ཡིན། མི་མཉམ་པའང་མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཇི་ལྟར་ཆོས་ཆུང་ཟད་ཙམ་

ཡང་མཉམ་པར་ཡང་མི་བྱེད། མི་མཉམ་པར་ཡང་མི་བྱེད་པ་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་འདི་དག་ཅི་འདྲ་བ་དེ་འདྲ་བར་ཡང་དག་པའི་ཡེ་ཤེས་ཀྱིས་མཁྱེན་ཏོ། །ཡང་དག་པའི་ཡེ་ཤེས་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་རྩ་བ་

མེད་པ། མ་སྐྱེས་པ། མ་འགགས་པ་སྟེ། དེ་དག་ནི་མ་བྱུང་བ་ལས་འབྱུང་བ། བྱུང་ནས་ཀྱང་འབྲལ་བའོ། །དེ་དག་ནི་བདག་པོ་མེད་པར་འབྱུང་བ། བདག་པོ་མེད་པར་འབྲལ་བའོ། །དེ་ལྟར་འབྱུང་བ་དང་འཇིག་པ་ལ་བརྟེན་ནས་འཇུག་ཀྱང་འདི་ལ་འཇུག་པ་གང་ཡང་

མེད་དེ། ལམ་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ་ཞེས་ཀྱང་བརྗོད་དོ། །ལམ་ཆད་པ་དེ་ཡང་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །

རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་ཇི་ལྟ་བ་བཞིན་གྱི་གནས་སོ། །དེ་ལ་ཇི་ལྟ་བ་བཞིན་གྱི་གནས་གང་ཞེ་ན། བྱང་ཆུབ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་

པར་ཤེས་པ་ཡང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་མིག་གི་ཁམས་

Vol. 57 · folio 180a

དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་།

དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་

ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །ཆོས་སུ་བཏགས་པ་ནི་འདི་དག་ཏུ་ཟད་དེ། འདི་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་བཏགས་པའོ། །དེ་དག་ནི་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་མངོན་

པར་རྫོགས་པར་སངས་རྒྱས་སོ། །ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་དག་ནི་སྔོན་གྱི་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་བར་དུ་ཡང་དེ་བཞིན་ཏེ། སྔོན་གྱི་མཐར་ཡང་མ་སྐྱེས། ཕྱི་མའི་མཐར་ཡང་མི་འཕོ། བར་དུ་ཡང་དབེན་པ་དག་གོ། །དེ་ལྟར་ན་

འདི་ནི་ཇི་ལྟ་བ་བཞིན་གྱི་གནས་ཡིན་ནོ། །གཅིག་ཇི་ལྟ་བར་ཐམས་ཅད་ཀྱང་དེ་བཞིན། ཐམས་ཅད་ཇི་ལྟ་བར་གཅིག་ཀྱང་དེ་བཞིན་ཏེ། ཇི་ལྟ་བ་བཞིན་ལ་ནི་གཅིག་པའམ་མང་བར་མི་དམིགས་སོ། །ཇི་ལྟ་བ་བཞིན་གྱི་གནས་འདི་འང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་

དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་རྣམ་པ་ལ་འཇུག་པས་རྣམ་པ་མེད་པ་ལ་ཞུགས་པའོ། །དེ་ལ་རྣམ་པ་ནི་གང་། རྣམ་པ་མེད་པ་ནི་གང་ཞེ་ན། རྣམ་

པ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་རྩོམ་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའོ། །རྣམ་པ་ཞེས་བྱ་བ་ནི་གནས་པ་མེད་པའི་སེམས་ཀྱི་གནས་སོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒོའོ། །

Vol. 57 · folio 180b

རྣམ་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་སེམས་པ་དང་། འཇལ་བ་དང་། བགྲང་བ་དང་། སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་འཇལ་བ་ལས་ཤིན་ཏུ་འདས་པའོ། །འཇལ་བ་ལས་ཤིན་ཏུ་འདས་པ་གང་ཞེ་ན། གང་ལ་རྣམ་པར་ཤེས་པའི་ལས་མེད་པའོ། །

རྣམ་པ་ཞེས་བྱ་བ་ནི་འདུས་བྱས་ལ་སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ལ་མངོན་སུམ་དུ་བྱེད་པའོ། །རྣམ་པ་དང་རྣམ་པ་མེད་པ་ལ་འཇུག་པ་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་

སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་ཟག་པ་མེད་པ་དང་། ཉེ་བར་ལེན་པ་མེད་པའོ། །དེ་ལ་ཟག་པ་མེད་པ་ནི་གང་། ཉེ་བར་ལེན་པ་མེད་པ་ནི་གང་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་བཞི་དང་

བྲལ་བའི་ཕྱིར་ཏེ། འདི་ལྟ་སྟེ། འདོད་པའི་ཟག་པ་དང་བྲལ་བ་དང་། སྲིད་པའི་ཟག་པ་དང་བྲལ་བ་དང་། མ་རིག་པའི་ཟག་པ་དང་བྲལ་བ་དང་། ལྟ་བའི་ཟག་པ་དང་བྲལ་བའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པ་བཞི་དང་བྲལ་བའི་ཕྱིར་ཏེ།

འདི་ལྟར་འདོད་པའི་ཉེ་བར་ལེན་པ་དང་བྲལ་བ་དང་། ལྟ་བའི་ཉེ་བར་ལེན་པ་དང་བྲལ་བ་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་དང་བྲལ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཉེ་བར་ལེན་པ་དང་བྲལ་བའི་ཕྱིར་རོ། །དེ་ལ་ཉེ་བར་ལེན་པ་བཞི་པོ་འདི་

དག་ཐམས་ཅད་ཀྱང་མ་རིག་པས་མུན་པར་བྱས་ཤིང་སྲེད་པས་བསྙེན་ཏེ། བདག་གོ་སྙམ་དུ་མངོན་པར་ཞེན་པས་ཉེ་བར་ལེན་པ་དག་གོ། །དེ་ལ་དེ་བཞིན་གཤེགས་པས་བདག་ཉེ་བར་ལེན་པའི་རྩ་བ་ཡོངས་སུ་ཤེས་ནས། བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་

དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་སྐྱེ་བ་མེད་དོ། །སྐྱེ་བ་དང་འགག་པ་མེད་པས་སེམས་དང་།

Vol. 57 · folio 181a

ཡིད་དང་། རྣམ་པར་ཤེས་པ་རྣམས་མི་འཇུག་གོ། །གང་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ཡོངས་སུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དོ། །དེར་ཚུལ་བཞིན་

ཡིད་ལ་བྱེད་པ་དང་ལྡན་པས་མ་རིག་པ་ཀུན་ནས་མི་སློང་ངོ་། །གང་མ་རིག་པ་ཀུན་ནས་མི་ལྡང་བ་དེ་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་ངོ་། །གང་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་བ་དེ་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་ངེས་པར་གྱུར་པའོ། །གང་

ངེས་པར་གྱུར་པ་དེ་ངེས་པའི་དོན་ཏོ། །ངེས་པའི་དོན་གང་ཡིན་པ་དེ་དོན་དམ་པའོ། །དོན་དམ་པ་གང་ཡིན་པ་དེ་གང་ཟག་མེད་པའི་དོན་ཏོ། །གང་ཟག་མེད་པའི་དོན་གང་ཡིན་པ་དེ་བརྗོད་དུ་མེད་པའི་དོན་ཏོ། །བརྗོད་དུ་མེད་པའི་དོན་གང་ཡིན་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་

བའི་དོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གང་ཡིན་པ་དེ་ཆོས་ཀྱི་དོན་ཏོ། །ཆོས་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་དོན་ཏོ། །དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ། །དེས་ན་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་

ངོ་། །སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་བྱ་སྟེ། ཇི་ལྟར་དེ་བཞིན་ཉིད་ཀྱིས་ཡོངས་སུ་བཙལ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ་། །དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་དམིགས་པའོ། །དེས་གང་གི་ཚེ་སེམས་

མེད་པ་དང་དམིགས་པ་མེད་པར་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་ངོ་། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཟག་པ་མེད་པ་དང་། ཉེ་བར་ལེན་པ་མེད་པ་འདི་ཡང་སེམས་ཅན་རྣམས་ཀྱིས་

ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ། །རིགས་ཀྱི་བུ་བྱང་ཆུབ་ནི་དག་པ་དང་། དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པའོ། །དེ་ལ་དག་པ་ནི་གང་། དྲི་མ་མེད་པ་ནི་གང་།

Vol. 57 · folio 181b

ཉོན་མོངས་པ་མེད་པ་ནི་གང་ཞེ་ན། སྟོང་པ་ཉིད་ནི་དག་པའོ། །མཚན་མ་མེད་པ་ནི་དྲི་མ་མེད་པའོ། །སྨོན་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །སྐྱེ་བ་མེད་པ་ནི་དག་པའོ། །མངོན་པར་འདུ་བྱེད་པ་མེད་པ་ནི་དྲི་མ་མེད་པའོ། །འབྱུང་བ་མེད་པ་ནི་ཉོན་མོངས་པ་མེད་པའོ། །

རང་བཞིན་ནི་དག་པའོ། །ཡོངས་སུ་དག་པ་ནི་དྲི་མ་མེད་པའོ། །འོད་གསལ་བ་ནི་ཉོན་མོངས་པ་མེད་པའོ། །སྤྲོས་པ་མེད་པ་ནི་དག་པའོ། །མ་སྤྲོས་པ་ནི་དྲི་མ་མེད་པའོ། །སྤྲོས་པ་ཉེ་བར་ཞི་བ་ནི་ཉོན་མོངས་པ་མེད་པའོ། །དེ་བཞིན་ཉིད་ནི་དག་པའོ། །ཆོས་ཀྱི་དབྱིངས་ནི་དྲི་

མ་མེད་པའོ། །ཡང་དག་པའི་མཐའ་ནི་ཉོན་མོངས་པ་མེད་པའོ། །སྐབས་འབྱེད་པ་ནི་དག་པའོ། །ནམ་མཁའ་ནི་དྲི་མ་མེད་པའོ། །ནམ་མཁའ་ནི་ཉོན་མོངས་པ་མེད་པའོ། །ནང་ཡོངས་སུ་ཤེས་པ་ནི་དག་པའོ། །ཕྱི་རོལ་དུ་མི་རྒྱུ་བ་ནི་དྲི་མ་མེད་པའོ། །ནང་དང་ཕྱི་མི་དམིགས་

པ་ནི་ཉོན་མོངས་པ་མེད་པའོ། །ཕུང་པོ་ཡོངས་སུ་ཤེས་པ་ནི་དག་པའོ། །ཁམས་ཀྱི་ངོ་བོ་ཉིད་ནི་དྲི་མ་མེད་པའོ། །སྐྱེ་མཆེད་འདོར་བ་ནི་ཉོན་མོངས་པ་མེད་པའོ། །འདས་པ་ལ་ཟད་པར་ཤེས་པ་ནི་དག་པའོ། །མ་འོངས་པ་ལ་མི་སྐྱེ་བར་ཤེས་པ་ནི་དྲི་མ་མེད་པའོ། །ད་ལྟར་བྱུང་

བ་ལ་ཆོས་ཀྱི་དབྱིངས་གནས་པར་ཤེས་པ་ནི་ཉོན་མོངས་པ་མེད་པའོ། །དེ་ལྟར་ན་དག་པ་དང་། དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པ་ནི་འདི་ལྟ་སྟེ། ཞི་བའི་གནས་ཀྱི་གནས་གཅིག་ཏུ་ཡང་དག་པར་འདུའོ། །ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བའོ། །རབ་ཏུ་ཞི་བ་གང་ཡིན་པ་

དེ་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་གང་ཡིན་པ་དེ་ཉེ་བར་ཞི་བར་བྱེད་པས་མཚན་མ་མེད་པ་ཞེས་བྱའོ། །མཚན་མ་མེད་པ་གང་ཡིན་པ་དེ་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་གང་ཡིན་པ་དེ་བློ་གྲོས་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་

ཆུབ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཆོས་རྣམས་ཇི་ལྟ་བར་སེམས་ཅན་རྣམས་ཀྱང་དེ་བཞིན་ནོ། །སེམས་ཅན་རྣམས་ཇི་ལྟ་བར་ཞིང་རྣམས་ཀྱང་དེ་བཞིན་ནོ། །ཞིང་རྣམས་ཇི་ལྟ་བར་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །དེས་ན་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་

Vol. 57 · folio 182a

དང་མཉམ་པ་ཞེས་བྱ་སྟེ། མཐར་ཕྱིན་ཅིང་མུར་ཐུག་པའི་ཕྱིར་གཉེན་པོ་མེད་པའོ། །གཉེན་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་དག་པ། གཟོད་མ་ནས་དྲི་མ་མེད་པ། གཟོད་མ་ནས་ཉོན་མོངས་པ་མེད་པའོ། །དེ་ལ་དེ་བཞིན་གཤེགས་པས་དེ་ལྟ་བུའི་

ཚུལ་དང་འཐུན་པར་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མ་དག་པ་དང་། དྲི་མ་མེད་པ་མ་ཡིན་པ་དང་། ཉོན་མོངས་པ་དང་བཅས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་ནས་སེམས་ཅན་ཐམས་ཅད་ལ་རྣམ་པར་རོལ་པ་ཞེས་བྱ་བའི་ཐུགས་རྗེ་ཆེན་

པོ་འཇུག་གོ། །དེ་བཞིན་གཤེགས་པ་ནི་ཐབས་མཁས་པས་ཚངས་པ་ལ་གཞེས་ཏེ། གསོལ་བ་མ་བཏབ་པར་ཆོས་ཀྱི་འཁོར་ལོ་མི་བསྐོར་རོ། །དེ་ནས་ཚངས་པ་གཙུག་ཕུད་ཅན་ཚངས་པ་བརྒྱ་སྟོང་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་

པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་ནས། དེས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་དུ་གསོལ། བདེ་བར་གཤེགས་པས་ཆོས་བཤད་དུ་

གསོལ་ཞེས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་བོ། །དེའི་ཚེ་ཚངས་པ་གཙུག་ཕུད་ཅན་གྱིས་དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་ཀྱང་གསོལ་པ། ཁྱོད་ཀྱི་ཆོས་ནི་ཞི་ཞིང་རབ་ཞི་ལ། །དག་ཅིང་རྣམ་དག་དྲི་མེད་འོད་གསལ་ཏེ། །བརྗོད་མེད་སྒྲ་མེད་ཡི་གེ་མེད་

འཕགས་པར། །སངས་རྒྱས་ཡེ་ཤེས་ཀྱིས་ནི་ཐུགས་སུ་ཆུད། །ཡུན་རིང་གཉིད་ལོག་གཏི་མུག་རྒྱགས་པས་བསྒྲིབས། །ནོར་བའི་སེམས་ཅན་སད་པར་མཛད་དོན་དུ། །དེ་སླད་ཁྱོད་ཀྱིས་བསྐལ་པ་བྱེ་བར་ནི། །བརྟུལ་ཞུགས་དཀའ་ཐུབ་ཤིན་ཏུ་དཀའ་བ་སྤྱད། །གང་དག་སྔོན་

གྱི་རྒྱལ་བའི་རྒྱུས་ལྷགས་པ། །དེ་དག་ཆོས་མཆོག་འདི་ནི་རྟོགས་འགྱུར་ཏེ། །འདི་ན་སེམས་ཅན་དགེ་བསམ་མང་མཆིས་ཀྱིས། །དེ་བཞིན་གཤེགས་པས་ཆོས་རབ་འཁོར་ལོ་བསྐོར། །ཁྱོད་ཀྱིས་བདུད་འཁོར་ཤིན་ཏུ་ཚར་བཅད་དེ། །ཁྱོད་ཀྱིས་བདུད་རྩིའི་སྒོ་ནི་རབ་ཏུ་ཕྱེ། །

Vol. 57 · folio 182b

དེད་དཔོན་ཆེན་པོ་ལམ་ལོག་འཁྱམས་པ་ཡི། །སེམས་ཅན་དག་ནི་འཕགས་པའི་ལམ་དུ་ཁྲིད། །ཁྱོད་ཀྱི་སངས་རྒྱས་ཐུགས་རྗེ་བླ་ན་མེད། །འགྲོ་ལ་ཕན་པར་བསམ་གྱིས་མི་ཁྱབ་འཇུག །སྟོན་པ་ཁྱོད་ལ་བདག་ནི་གསོལ་འདེབས་ཀྱིས། །ཆོས་མཆོག་འཁོར་ལོ་

རབ་ཏུ་བསྐོར་དུ་གསོལ། །ཇི་ལྟར་རྒྱལ་བ་འཁོར་བ་འཇིག་གིས་བསྐོར། །ཇི་ལྟར་གསེར་ཐུབ་རྒྱལ་བས་བསྐོར་བ་དང་། །བདེ་གཤེགས་འོད་སྲུང་གིས་ཀྱང་བསྐོར་བ་ལྟར། །བཅོམ་ལྡན་འདས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར། །ཇི་ལྟར་སྤྲིན་གྱི་ཆུ་ཡིས་ཚིམ་བགྱིས་ཏེ། །

དེ་ཡིས་ལོ་ཐོག་སྨན་རྣམས་བསྐྱེད་པ་ལྟར། །ཐུགས་རྗེའི་སྤྲིན་གྱིས་འཇིག་རྟེན་ཁྱབ་མཛད་དེ། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་ཆོས་ཆར་ཕོབ། །རྣམ་པར་འདྲེན་མཆོག་གང་ཞིག་སྐྱེས་མ་ཐག །འགྲོ་བ་ཐར་བར་མཛད་སླད་སྒྲ་ཕྱུང་བ། །དེང་དུས་དེང་ལགས་ལྷ་མི་སྐོམ་

པ་རྣམས། །ཆོས་ཆེན་ཆུ་ཡིས་སྐོམ་པ་བསལ་དུ་གསོལ། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པས་ཚངས་པ་གཙུག་ཕུད་ཅན་གྱིས་གསོལ་བ་བཏབ་པར་མཁྱེན་ནས་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་མ་བཏང་བས་གྲོང་ཁྱེར་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་དགེ་

སྦྱོང་དང་། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་གིས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ། དེར་མི་རྟག་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གོ་བར་བྱས་སོ། །ཀཽཎྜི་

ནྱས་ཀྱང་ཐོག་མར་ཆོས་ཀུན་དུ་ཤེས་སོ། །དེ་ནས་དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །བརྗོད་དུ་མེད་ཅིང་ཟབ་པ་སྟེ། །ཡི་གེ་མེད་ཅིང་ངེས་པའི་དོན། །ཀཽཎྜི་ནྱས་ནི་འདི་ཤེས་པས། །ང་ཡི་འབད་པ་དོན་མེད་མིན། །དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་

བས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བཏུལ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་རྣམ་པར་རོལ་པར་རིག་ནས། སེམས་ཅན་ཚད་མེད་གྲངས་མེད་པ་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་

Vol. 57 · folio 183a

འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་པོ་འདི་ནི་ལྷུན་གྱིས་གྲུབ་པར་རྟག་ཏུ་འཇུག་པ་སྟེ་ཡང་གཏང་བར་བྱ་བ་མ་ཡིན་ནོ། །ཐུགས་རྗེ་ཆེན་པོ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་སེམས་ཅན་རེ་རེའི་ཆེད་དུ་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་

སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་གནས་པར་སྤྲོ་སྟེ། གལ་ཏེ་སེམས་ཅན་དེ་དག་འཕགས་པའི་ཆོས་འདུལ་བ་ལ་འདུལ་བར་འགྱུར་བ་ལྟ་ན་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མི་སྐྱོ་ཞིང་། ཐུགས་རྗེ་ཆེན་པོ་དེ་ཡང་ཡོངས་སུ་མི་མཉམ་མོ། །དེ་ལྟར་སེམས་ཅན་

རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཇུག་གོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ནི་པགས་པའི་རྣམ་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་ཤའི་རྣམ་པ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་

འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རུས་པ་དང་རྐང་གི་རྣམ་པ་ལྟ་བུའོ། །ཉན་ཐོས་རྣམས་ཀྱི་སྙིང་རྗེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་རྗེས་སུ་ཡི་རང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པའོ། །སངས་རྒྱས་བཅོམ་

ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་པའོ། །ཉན་ཐོས་རྣམས་ཀྱི་སྙིང་རྗེ་ནི་བྱམས་པ་ལ་ལྟོས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་སེམས་ཅན་ཡོངས་སུ་སྨིན་པ་ལ་ལྟོས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་

རྗེ་ཆེན་པོ་ནི་ཤིན་ཏུ་ཡོངས་སུ་སྨིན་པར་བྱ་བ་ལ་ལྟོས་པའོ། །ཉན་ཐོས་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་རྩོམ་པས་ཡོངས་སུ་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་རྩོམ་པ་ཉམས་འོག་ཏུ་ཆུད་པར་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་

པོ་ནི་རྩོམ་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའོ། །རིགས་ཀྱི་བུ་དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་མཆོག་ཡིན་ཏེ། གང་གི་ཕྱིར་སངས་རྒྱས་ཀྱིས་འདུལ་བའི་ཆེད་དུ་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་

Vol. 57 · folio 183b

ངམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་གནས་ཀྱང་དེ་སྲིད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་མི་འདའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་

བས་ཀྱང་ཆེས་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། དྲི་མཆོག་གི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་དྲི་ལྡན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་ཁྱིམ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།

འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཕྲག་བཅུ་དྲུག་ཐུབ་

པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་འདུས་པ་ནི་ཉན་ཐོས་བརྒྱད་ཅུ་རྩ་བཞི་ཕྲག་བཅུ་དྲུག་གོ། །བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེའི་སྤུའི་ཁུང་བུ་གཅིག་ནས་དྲིའི་ངད་བྱུང་བ་གང་ཡིན་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་དྲི་ཞིམ་

པོའི་དྲིར་བྱེད་དོ། །འཇིག་རྟེན་གྱི་ཁམས་དེ་ན་དྲི་ང་བ་འབྱུང་བ་མེད་དོ། །ཡང་འཇིག་རྟེན་གྱི་ཁམས་དེ་ན་རྩིག་པ་དང་། ཤིང་དང་། རི་དང་། གཟུགས་སྣང་བ་རྣམས་དེ་བཞིན་གཤེགས་པའི་དྲི་དེས་ཡོངས་སུ་བསྒོས་པར་གྱུར་ཏེ། དེས་ན་འཇིག་རྟེན་གྱི་ཁམས་དེ་དྲི་ལྡན་ཞེས་

བྱའོ། །སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་དེར་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་དྲི་དེས་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པར་གྱུར་ཏོ། །སེམས་ཅན་གང་དག་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་བ་

དེ་དག་ཀྱང་། དྲི་དེ་བསྣམས་པས་བསམ་གཏན་བཞི་དག་བསྐྱེད་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་སྟོང་ཕྲག་བཅུ་ཅིག་ཆར་བྱུང་བར་གྱུར་ཏེ། ཐམས་ཅད་ཀྱང་འདི་ལྟར་ཙན་དན་ཁྱིམ་ཞེས་བྱ་བར་མིང་འཐུན་པར་གྱུར་ཏོ། །དེས་ན་བསྐལ་པ་དེ་དྲི་མཆོག་

Vol. 57 · folio 184a

ཅེས་བྱའོ། །བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེས་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་སེམས་ཅན་སངས་རྒྱས་ཀྱིས་འདུལ་བ་གང་ཞིག་ངས་གདུལ་བར་བྱ་ཞེས་སེམས་ཅན་གྱི་ཁམས་ལ་རྣམ་པར་

གཟིགས་ན། དེས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷའི་ནང་ན་སེམས་ཅན་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྒྱ་ཆེན་པོ་ལ་མོས་པ། སངས་རྒྱས་ཀྱིས་འདུལ་བ་གཅིག་ཅིག་དེར་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་

གནས་ནས། དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་ཞིང་། གལ་ཏེ་འདོད་པ་རྣམས་ལ་མ་རྩེས་པར་ཐེག་པ་ཆེན་པོའི་བསྔགས་པ་ཐོས་པ་ལྟ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཞིག་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེ་ཐབས་མཁས་པས་ཐུགས་རྗེ་ཆེན་པོ་མངོན་དུ་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་

ལ་བབ་ཀྱིས་དེང་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོ་ལ་ལྟ་བས་ཡོངས་སུ་སྐྱོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ། །དེ་ཡོངས་སུ་མྱ་

ངན་ལས་འདས་ནས་སྐུ་གདུང་ནི་རྒྱས་པར་གྱུར་ཏེ། དེའི་དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཕྲག་བརྒྱད་དུ་གནས་པར་གྱུར་ཏོ། །དེའི་དམ་པའི་ཆོས་གནས་པ་ཡང་སྐྱེ་བོ་མང་པོས་ཐོབ་པར་གྱུར་ཏེ། དེའི་དམ་པའི་ཆོས་ལྟར་བཅོས་པ་གང་ཡང་མེད་པར་གྱུར་ཏོ། །བཅོམ་

ལྡན་འདས་དེ་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དང་། རྫུ་འཕྲུལ་གྱི་བྱིན་གྱི་རླབས་ཀྱིས་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐུ་མི་སྣང་བར་གནས་པར་གྱུར་ཏོ། །དེ་ལྟར་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་འདས་ནས་སེམས་ཅན་དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་

Vol. 57 · folio 184b

སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། མིའི་འཇིག་རྟེན་དུ་ཚོང་དཔོན་ཞིག་གི་རིགས་སུ་སྐྱེས་པར་གྱུར་ཏོ། །ཁྱེའུ་དེ་གང་གི་ཚེ་ལོ་བརྒྱད་ལོན་པར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེ་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདས་ནས་ཏིང་

ངེ་འཛིན་དེ་ལས་བཞེངས་ཏེ། ཁྱེའུ་དེའི་མདུན་དུ་སངས་རྒྱས་ཀྱི་ཁ་དོག་དང་། གཟུགས་ཀྱིས་བཞུགས་ནས་ཁྱེའུ་དེ་མ་གཏོགས་པར་གཞན་གང་གིས་ཀྱང་དེ་མ་མཐོང་སྟེ། དེས་ཅི་ནས་ཀྱང་ཁྱེའུ་དེ་སེམས་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་

དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟར་ཐེག་པ་ཆེན་པོ་འདི་ལས་བརྩམས་ཏེ་ཁྱེའུ་དེ་ལ་ཆོས་བསྟན་ཏོ། །འདོད་པའི་ཉེས་པའི་གཏམ་ཡང་ཡང་དག་པར་བཤད་དོ། །བཅོམ་ལྡན་འདས་དེས་དེ་ལྷག་པའི་བསམ་པ་ཕུན་སུམ་

ཚོགས་པར་རིག་ནས་ལྷའི་བུ་དག་ཁྱེའུ་འདི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་ཞེས་ལུང་བསྟན་

ཏོ། །དེའི་ལུང་བསྟན་པ་དེ་ནི་ཁྱེའུ་དེ་མ་གཏོགས་པར་མིར་གྱུར་པ་གང་གིས་ཀྱང་མ་ཐོས་སོ། །ལྷའི་བུ་སྣོད་དུ་གྱུར་པ་སྟོང་ཕྲག་བཅུ་གཉིས་ཀྱིས་དེའི་ལུང་བསྟན་པ་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་གྱུར་ཏེ། འདི་སྐད་དུ། གང་

གི་ཚེ་བཅོམ་ལྡན་འདས་རིན་ཆེན་མཆོག་དེ་བཞིན་གཤེགས་པ་དེས་བྱང་ཆུབ་བརྙེས་པར་གྱུར་པ་དེའི་ཚེ་བདག་ཅག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། །བཅོམ་ལྡན་འདས་དེས་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དེ་

བཞིན་གཤེགས་པ་རིན་ཆེན་མཆོག་དེ་ཁྱོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཙན་དན་ཁྱིམ་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་དག་ལུང་བསྟན་ནས་དེའི་འོག་ཏུ་ཤིན་ཏུ་

Vol. 57 · folio 185a

ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་སྐུ་གདུང་ནི་ལྷ་རྣམས་ཀྱིས་མཆོད་པར་གྱུར་ཏོ། །རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གང་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མེད་པ་དེ་ལྟ་བུའི་

ཐུགས་རྗེ་ཆེན་པོ་དང་ལྡན་ནོ། །རིགས་ཀྱི་བུ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པ་དེ་ལྟར་གང་དག་སངས་རྒྱས་རྣམས་ལ་ཡོན་འབུལ་བ་དེ་དག་གིས་དགེ་བའི་རྩ་བ་དེ་ཡང་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་རྒྱུན་མི་འཆད་དེ།

རྒྱུ་ཆུད་མི་ཟ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་སེམས་ཅན་གང་གཱའི་ཀླུང་གི་བྱེ་མའི་སུམ་ཆ་སྙེད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གང་གཱའི་

ཀླུང་གི་བྱེ་མའི་ཕྱེད་སྙེད་ཀྱིས་ནི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མའི་སྙེད་ཀྱིས་ནི་སྙིང་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་དབང་བསྐུར་བ་དང་ལྡན་པའི་ཆོས་ཀྱི་བཟོད་པ་ཡང་ཐོབ་

པར་གྱུར་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། ལྷ་དང་མིའི་མཆོད་པས་བཅོམ་ལྡན་འདས་ལ་

མཆོད་དོ།། །།བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་དེ་བཞིན་གཤེགས་པའི་ལས་གང་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་

ཅུ་རྩ་གཉིས་པོ་འདི་དག་གོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་ཡེ་ཤེས་བླ་ན་མེད་པས་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་

Vol. 57 · folio 185b

དུ་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་དེ་ལ་གནས་ནི་གང་། གནས་མ་ཡིན་པ་ནི་གང་ཞེ་ན། རིགས་ཀྱི་བུ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་

དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་མེད་དོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་

དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་ཡིན་ནོ། །རིགས་ཀྱི་བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སེར་སྣས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དང་། འཆལ་པའི་ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་དང་། གནོད་སེམས་

ཀྱིས་མཛེས་པར་འགྱུར་བ་དང་། ལེ་ལོས་མངོན་པར་རྟོགས་པ་འཐོབ་པ་དང་། །སེམས་རྣམ་པར་གཡེངས་པས་ངེས་པར་གྱུར་པ་ལ་འཇུག་པ་དང་། གང་འཆལ་པའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་

སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། གང་སྦྱིན་པས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དང་། ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་དང་། བཟོད་པས་མཛེས་པར་འགྱུར་བ་དང་། བརྩོན་འགྲུས་ཀྱིས་མངོན་པར་རྟོགས་པ་

འཐོབ་པ་དང་། བསམ་གཏན་གྱིས་ངེས་པར་གྱུར་པ་ལ་འཇུག་པ་དང་། གང་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་མཚམས་མེད་པ་

བྱེད་པ་སེམས་གནས་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་ཚུལ་ཁྲིམས་རྣམ་པར་དག་པའི་སེམས་གནས་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དམིགས་པ་ཅན་གྱིས་རྗེས་སུ་འཐུན་པའི་བཟོད་པ་འཐོབ་

Vol. 57 · folio 186a

པར་འགྱུར་བ་དེ་ནི་གནས་མེད་དོ། །གང་སྟོང་པ་ཉིད་ལ་མོས་པས་བཟོད་པ་འཐོབ་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་འགྱོད་པ་ལ་རབ་ཏུ་གནས་པས་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་འདི་ནི་

གནས་མེད་དོ། །གང་ཀུན་ནས་ལྡང་བ་མེད་པའི་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། བརྒྱ་བྱིན་ནམ། ཚངས་པའམ།

སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་འདི་ནི་གནས་མེད་དོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་བུད་མེད་ཀྱི་ལུས་བརྗེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། བརྒྱ་བྱིན་ནམ། ཚངས་པའམ། སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་འདི་ནི་གནས་

ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་མཉམ་པས་རྒྱལ་སྲིད་བྱེད་པ་འདི་ནི་གནས་མེད་དོ། །གང་མཉམ་པས་བྱེད་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་གི་སྒྲ་མི་སྙན་གྱི་མི་

ལོག་པར་ལྟུང་བར་འགྲོ་བ་འདི་ནི་གནས་མེད་དོ། །བདེ་འགྲོར་འགྲོ་བ་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྲོག་གཅོད་པའི་སྐྱེ་དགུ་གང་ཟག་སྲོག་གཅོད་པའི་རྒྱུས་ཚེ་རིང་བར་འགྱུར་བ་ནས། ལོག་པར་ལྟ་བ་དག་ལོག་པར་ལྟ་བ་ཅན་

ལོག་པའི་ལས་ཡང་དག་པར་བླངས་པའི་རྒྱུས་འཕགས་པའི་ལམ་འཐོབ་པར་འགྱུར་བའི་བར་འདི་ནི་གནས་མེད་དོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་སྲོག་གཅོད་པ་སྤངས་པའི་རྒྱུས་ཚེ་རིང་བར་འགྱུར་བ་ནས། ཡང་དག་པར་ལྟ་བ་འཕགས་པའི་ལམ་འཐོབ་པར་

འགྱུར་བའི་བར་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་འདི་ནི་གནས་མེད་དོ། །གང་འབྲས་བུ་ཐོབ་ནས་ལྡང་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་རྒྱུན་དུ་

Vol. 57 · folio 186b

ཞུགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་འདི་ནི་གནས་མེད་དོ། །གང་རེ་ལྟར་ཐོགས་ཀྱང་སྲིད་པ་བདུན་དུ་འགྱུར་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལན་ཅིག་ཕྱིར་འོང་བ་སྲིད་པ་གཉིས་པ་མངོན་པར་འགྲུབ་པ་འདི་ནི་གནས་མེད་དོ། །གང་

ལན་ཅིག་ཕྱིར་འོང་བ་འཇིག་རྟེན་འདིར་འོངས་ནས་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཕྱིར་མི་འོང་བ་འཇིག་རྟེན་འདིར་འོང་བ་འདི་ནི་གནས་མེད་དོ། །གང་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་

འདའ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དགྲ་བཅོམ་པ་ཉིང་མཚམས་སྦྱོར་བར་འགྱུར་བ་འདི་ནི་གནས་མེད་དོ། །གང་དགྲ་བཅོམ་པ་ཉིང་མཚམས་སྦྱོར་བ་མེད་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་

མ་ཡིན་ཞིང་གོ་སྐབས་མེད་དེ། གང་འཕགས་པའི་གང་ཟག་སྟོན་པ་གཞན་གྱི་ལུང་ནོད་པ་འདི་ནི་གནས་མེད་དོ། །གང་ལྷ་གཞན་མེད་པ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་

ཕྱིར་ལྡོག་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་མངོན་པར་རྫོགས་པར་སངས་མ་རྒྱས་པར་ལྡང་

བ་འདི་ནི་གནས་མེད་དོ། །གང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྡང་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་སྣང་བ་འདི་ནི་གནས་མེད་དོ། །གང་དེ་བཞིན་གཤེགས་པ་བག་

ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཏེ། གང་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པ་མེད་པ་འདི་ནི་

Vol. 57 · folio 187a

གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་འགྱུར་བ་འདི་ནི་གནས་མེད་དོ། །གང་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་

སྐབས་མེད་དེ། གང་སངས་རྒྱས་ཀྱི་མཐུ་མ་གཏོགས་པར་དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུ་བ་ཤེས་པ་འདི་ནི་གནས་མེད་དོ། །གང་མི་ཤེས་པ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཏེ། གང་དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་དམིགས་

པ་འདི་ནི་གནས་མེད་དོ། །གང་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་གཞག་པ་འདི་ནི་གནས་ཡིན་ནོ། །འདི་ནི་གནས་མ་ཡིན་ཏེ། གང་དེ་བཞིན་གཤེགས་པ་ལ་ལོག་པའི་ཚིག་འབྱུང་བ་འདི་ནི་གནས་མ་ཡིན་ནོ། །གང་བདེན་པའི་ཚིག་འབྱུང་བ་འདི་ནི་གནས་ཡིན་ནོ། །རིགས་

ཀྱི་བུ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་དམིགས་པ་འདི་ནི་གནས་མེད་དོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་འདི་ནི་གནས་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་གང་དེ་བཞིན་

གཤེགས་པའི་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་དེ་ཡི་གེ་རྣམས་ཀྱིས་ཚད་བསྟན་དུ་མེད་དེ་ཡང་དག་པའོ། །དེ་ཁོ་ནའོ། །གཞན་མ་ཡིན་པ་ཉིད་དོ། །དེ་ལ་འདི་སྐད་ཅེས་བྱའོ། །ས་ཀུན་འགྲུམ་པར་འགྱུར་ཡང་སྲིད། །ནམ་མཁའ་གཡོ་བར་འགྱུར་སྲིད་ཀྱི། །

སངས་རྒྱས་གནས་མིན་བཤད་པ་ནི། །གནས་སུ་འགྱུར་བ་མི་སྲིད་དོ། །སྐྱེས་བུས་ཁ་དོག་ལྔ་ཅན་དུ། །ནམ་མཁའ་གཟུགས་སུ་བྱེད་ཀྱང་སྲིད། །སངས་རྒྱས་གནས་མིན་བཤད་པ་ནི། །གནས་སུ་འགྱུར་བ་མི་སྲིད་དོ། །ཐ་མ་དང་ནི་འབྲིང་དང་མཆོག །གང་དག་སངས་

རྒྱས་གནས་བཤད་པ། །དེ་ཀུན་དེ་བཞིན་བཤད་པ་སྟེ། །གཞན་དུ་འགྱུར་བ་ཡོད་མ་ཡིན། །ཐ་མ་དང་ནི་འབྲིང་དང་མཆོག །གང་དག་གནས་མིན་བཤད་པ་ཡང་། །དེ་ཀུན་དེ་བཞིན་བཤད་པ་སྟེ། །གཞན་དུ་འགྱུར་བ་ཡོད་མ་ཡིན། །གནས་དང་གནས་མིན་རབ་ཤེས་

Vol. 57 · folio 187b

པ། །སེམས་ཅན་བསམ་པ་ཇི་བཞིན་དུ། །དེས་ནི་ཕྱད་པར་ཡང་དག་དང་། །ཆོས་ཀྱང་སྲོག་ཆགས་རྣམས་ལ་བཤད། །དགེ་སྦྱོང་དང་ནི་བྲམ་ཟེ་གཞན། །གང་དུ་ཐམས་ཅད་རྒྱུག་བྱེད་ཅིང་། །གནས་དང་གནས་མིན་མི་ཤེས་པ། །སངས་རྒྱས་ལ་ནི་དེ་མེད་དོ། །

གནས་གང་དང་ནི་ལྡན་པས་ན། །སེམས་ཅན་ཐར་བྱེད་དཔུང་འགྱུར་བ། །ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱིས། །དེ་ནི་ཡང་དག་རབ་ཏུ་བཤད། །སེམས་ཅན་གང་དག་སྣོད་མིན་གང་། །དེ་ལ་སངས་རྒྱས་བཏང་སྙོམས་མཛད། །གང་གི་དུས་ན་འགྲོལ་འགྱུར་བ། །དེ་

ཡི་དུས་ལ་རབ་ཏུ་གཞེས། །གང་གིས་སེམས་ཅན་ཐར་བྱེད་པ། །ཁ་ན་མ་ཐོ་མེད་པའི་ལས། །སངས་རྒྱས་བློ་མཆོག་ལྡན་པ་ཡི། །འཕྲིན་ལས་དང་པོ་འདི་ཡིན་ནོ། །གནས་དང་གནས་མིན་བཤད་པ་ནི། །དཔག་ཏུ་མེད་ཅིང་གྲངས་མེད་དེ། །དྲང་སྲོང་ཆེན་པོའི་

སྟོབས་འདི་ནི། །ཕ་རོལ་རྒོལ་བས་ཐུབ་པར་དཀའ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ལེན་པ་རྣམས་གནས་དང་། རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པ་ལ་མཁས་

བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རིགས་ཀྱི་བུ་འདི་ལ་འདས་པའི་ལས་ལེན་པ་གང་དགེ་བའི་རྒྱུ་ལས་བྱུང་བ། མི་དགེ་བ་དང་བྲལ་བ། གང་མ་འོངས་པའི་དུས་ན་དགེ་བའི་རྒྱུ་ལས་བྱུང་བ་འབྱིན་པ་དེ་དེ་བཞིན་གཤེགས་པས་

རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ། །དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན། མི་དགེ་བའི་རྒྱུ་ལས་བྱུང་བ་འབྱིན་པ་དེའང་དེ་བཞིན་གཤེགས་བས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་མ་འོངས་པའི་དུས་ན་དམན་པ་ལ་བརྟེན་པར་འགྱུར་བ་

དེའང་དེ་བཞིན་གཤེགས་པ་ས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་མ་འོངས་པའི་དུས་ན་ཁྱད་པར་ལ་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་བྱུང་བའི་དུས་ན་དམན་པ་ལ་རྟེན་ལ་མ་འོངས་པའི་དུས་

Vol. 57 · folio 188a

ན་ཁྱད་པར་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་བྱུང་བའི་དུས་ན་ཁྱད་པར་ལ་རྟེན་ལ་མ་འོངས་པའི་དུས་ན་དམན་པ་ལ་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་

ད་ལྟར་བྱུང་བའི་དུས་ན་ཡང་དམན་པ་ལ་རྟེན་ལ་མ་འོངས་པའི་དུས་ན་ཡང་དམན་པ་ལ་བརྟེན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་བྱུང་བའི་དུས་ན་ཡང་ཁྱད་པར་ལ་རྟེན་ལ་མ་འོངས་པའི་དུས་ན་ཡང་ཁྱད་པར་ལ་བརྟེན་པར་

འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་འདས་པ་ན་སྦྱོར་བར་དམན་ལ་དེ་མ་འོངས་པའི་དུས་ན་རྒྱ་ཆེ་ཞིང་སྦྱོར་བ་རྒྱ་ཆེ་བར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་རྩོམ་པ་ཆུང་ལ་ཁྱད་པར་ཆེན་པོར་འགྱུར་

བ་དང་། ལས་ལེན་པ་གང་རྩོམ་པ་ཆེན་པོར་འགྱུར་ལ་ཁྱད་པར་ཆུང་ངུར་འགྱུར་བ་དང་། ལས་ལེན་པ་གང་ཉན་ཐོས་ཉིད་ཀྱི་རྒྱུ་འབྱིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་རང་སངས་རྒྱས་ཉིད་ཀྱི་རྒྱུ་འབྱིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་

མཁྱེན་ཏོ། །ལས་ལེན་པ་གང་སངས་རྒྱས་ཉིད་ཀྱི་རྒྱུ་འབྱིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། ལས་ལེན་པ་གང་ད་ལྟར་བྱུང་བ་ན་བདེ་བ་ལ་མ་འོངས་པ་ན་

རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་དང་། ལས་ལེན་པ་གང་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་དང་། ལས་ལེན་པ་གང་ད་ལྟར་བྱུང་བ་ན་ཡང་བདེ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བར་འགྱུར་བ་དེ་

ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་ལས་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དང་། རྣམ་པར་སྨིན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པས་དེ་ཁོ་ན་དང་། གཞན་

Vol. 57 · folio 188b

མ་ཡིན་པ་ལ་རྟེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་གཉིས་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྒྱུ་ལ་མཁས་པ་སྟེ། །ལས་ཀྱི་རྣམ་

སྨིན་ཚུལ་མཁྱེན་སྤྱན་དང་ལྡན། །དུས་གསུམ་དག་ལ་ཆགས་པ་མི་མངའ་སྟེ། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །རྒྱུ་ནི་གང་ཞིག་བདེ་བར་འགྱུར་བ་སྟེ། །ལྷ་དང་མི་ཡི་རྣམ་པར་སྨིན་ལྡན་དང་། །གང་ཡང་སྡུག་བསྔལ་དག་ཏུ་འགྱུར་བྱེད་པ། །དེ་ནི་བདེ་བར་གཤེགས་པས་

རབ་ཏུ་མཁྱེན། །དགེ་བ་དང་ནི་མི་དགེའི་ལས་རྣམས་ཀྱི། །རྒྱུ་དང་རྣམ་པར་སྨིན་པ་ཅིར་འགྱུར་བ། །དེ་ནི་བདེ་བར་གཤེགས་པས་རབ་མཁྱེན་ཏེ། །ནོར་བུ་རིན་ཆེན་ཕྱག་ཏུ་བཞག་པ་བཞིན། །ལས་གང་ཆུང་ངུའི་རྒྱུ་ལས་བྱུང་གྱུར་ལ། །ཚད་མེད་རྒྱུད་ཀྱང་འབྱིན་པར་འགྱུར་བ་དང་། །

གང་ཡང་རྒྱ་ཆེ་བ་དང་ཆུང་ངུ་ཡང་། །དེ་ནི་ཇི་ལྟ་བཞིན་དུ་སངས་རྒྱས་མཁྱེན། །གང་ཡང་ཉན་ཐོས་ཀྱི་ནི་རྒྱུ་འབྱིན་དང་། །རྐྱེན་གྱི་ཐེག་པ་དེ་བཞིན་འབྱིན་པ་དང་། །གང་ཡང་རྒྱལ་བའི་རྒྱུ་ནི་འབྱིན་འགྱུར་བ། །དེ་ཀུན་བདེ་བར་གཤེགས་པས་རབ་ཏུ་མཁྱེན། །རྒྱུ་ནི་གང་ཞིག་སྡུག་

བསྔལ་འགྱུར་བྱེད་ལ། །དེ་ཡང་བདེ་བ་དག་ཏུ་འགྱུར་བ་དང་། །རྒྱུ་ནི་གང་ཞིག་བདེ་བར་འགྱུར་བྱེད་ལ། །དེ་ཡང་སྡུག་བསྔལ་དག་ཏུ་འགྱུར་བ་དང་། །རྒྱུ་ནི་བདེ་ལ་སྡུག་བསྔལ་གནས་པ་དང་། །རྒྱུ་ཡང་བདེ་ལ་བདེ་བར་གནས་པ་དང་། །ལས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ནི། །

རྒྱུ་དང་འཐུན་པར་བདེ་གཤེགས་རབ་ཏུ་མཁྱེན། །དུས་གསུམ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་གང་ལས་འཇུག་བྱེད་དང་ལས་ཀྱང་ནི། །གཞན་མ་ཡིན་པར་སངས་རྒྱས་ཡེ་ཤེས་ཀྱིས། །དེ་བཞིན་རྒྱལ་བས་ཕྱད་པར་རབ་ཏུ་མཁྱེན། །རིགས་ཀྱི་བུ་གཞན་ཡང་དེ་

བཞིན་གཤེགས་པས་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་

Vol. 57 · folio 189a

དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། གང་ཟག་གང་འདོད་ཆགས་ལ་གནས་ཤིང་ཞེ་སྡང་ལ་མོས་པ་དང་། གང་ཟག་གང་ཞེ་སྡང་ལ་གནས་ཤིང་འདོད་ཆགས་ལ་མོས་པ་དང་། གང་ཟག་གང་གཏི་མུག་ལ་

གནས་ཤིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་མོས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཟག་གང་དགེ་བ་ལ་གནས་ཤིང་དགེ་བ་ལ་མོས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཟག་གང་དག་སྦྱོར་བ་དམན་ཞིང་བསམ་པ་

རྒྱ་ཆེན་པོ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཟག་གང་དག་སྦྱོར་བ་རྒྱ་ཆེ་ཞིང་བསམ་པ་དམན་པ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་སྦྱོར་བ་དམན་ཞིང་ཁྱད་པར་ལ་གནས་པར་འགྱུར་བ་དང་།

མོས་པ་གང་གིས་སྦྱོར་བ་ཁྱད་པར་དུ་འཕགས་ཤིང་དམན་པ་ལ་གནས་པར་འགྱུར་བ་དང་། མོས་པ་གང་གིས་ལོག་པ་ཉིད་དུ་ངེས་ལ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དང་། མོས་པ་གང་གིས་མ་ངེས་ལ་ཡང་དག་པ་ཉིད་དུ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དང་། མོས་པ་

གང་གིས་ཡང་དག་པ་ཉིད་དུ་ངེས་ལ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། མོས་པ་གང་གིས་གཟུགས་ཀྱི་ཁམས་

ལས་ཡང་དག་པར་འདའ་བར་འགྱུར་བ་དང་། མོས་པ་གང་གིས་ཁམས་གསུམ་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་དམན་པ་ལ་སྟེན་ཅིང་ཁྱད་པར་གནོན་པར་འགྱུར་བ་དང་། མོས་པ་གང་གིས་ཁྱད་

པར་དུ་གྱུར་ནས་ཀྱང་དམན་པ་ལ་གནས་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་སྐྱེ་བ་ཐ་དད་པ་དང་། ཁ་དོག་ཐ་དད་པ་དང་། ཡོངས་སུ་ལོངས་སྤྱོད་པ་ཐ་དད་པ་ཡོངས་སུ་འཛིན་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་

Vol. 57 · folio 189b

ཏུ་མཁྱེན་ཏོ། །མོས་པ་གང་གིས་རྩེ་མོ་ལས་ཉམས་པར་འགྱུར་བ་དང་། མོས་པ་གང་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་

པའི་འཕྲིན་ལས་གསུམ་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །འཇིག་རྟེན་མོས་པ་སྣ་ཚོགས་མོས་པ་དུ་མར་བློ་གྲོས་ཚད་མེད་པ། །དེ་ཡི་མོས་པ་དེ་བཞིན་གཤེགས་པས་ལྷག་མ་མ་ལུས་མཁྱེན་པར་གྱུར། །འདི་ན་གང་གི་མོས་པ་ཞེ་སྡང་རྒྱུས་བྱུང་འདོད་ཆགས་གནས་པ་

དང་། །ཞེ་སྡང་གནས་ཤིང་གཏི་མུག་མོས་པ་སངས་རྒྱས་ཀྱིས་ནི་རབ་ཏུ་མཁྱེན། །གཏི་མུག་གནས་པའི་སེམས་ནི་དགེ་དང་འདོད་ཆགས་ལ་ཡང་འཇུག་པ་དང་། །དེའི་འོག་གང་འཇུག་པ་དང་སེམས་ཅན་སྦྱོར་བ་དམན་ལ་རྒྱ་ཆེན་མོས། །བསམ་པ་རྒྱ་ཆེ་བ་དང་གང་དག་སྦྱོར་

བ་རྒྱ་ཆེན་ཡོད་ཀྱང་ནི། །མོས་པ་དམན་པར་གྱུར་པ་དེ་ཡང་བདེ་བར་གཤེགས་པས་རབ་ཏུ་མཁྱེན། །མོས་པ་གང་གིས་སེམས་ཅན་སྦྱོར་བ་དམན་ལ་རྒྱ་ཆེར་འགྱུར་བ་དང་། །སེམས་ཅན་བློ་གྲོས་རྒྱ་ཆེན་འགྱུར་ལ་དམན་པར་འགྱུར་བ་དེ་ཡང་མཁྱེན། །ལོག་པ་ཉིད་དུ་གང་ངེས་པ་

ཡང་ཡང་དག་ཉིད་དུ་ངེས་འགྱུར་དང་། །ཁམས་གསུམ་པ་ལས་རྣམ་པར་གྲོལ་བའི་མོས་པའང་སངས་རྒྱས་རབ་ཏུ་མཁྱེན། །དུས་གསུམ་ཐམས་ཅད་དག་གི་སེམས་ཅན་ཀུན་གྱི་སྐྱེ་དང་ཁ་དོག་དང་། །དེ་བཞིན་ལོངས་སྤྱོད་ཐ་དད་པ་དང་རྩེ་མོ་ལས་ནི་ཉམས་འགྱུར་དང་། །གང་ཡང་

རྣམ་པར་གྲོལ་བར་འགྱུར་བའི་མོས་པ་རྒྱལ་བས་ཐམས་ཅད་མཁྱེན། །མཁྱེན་ནས་ཆོས་སྟོན་མཛད་པ་འདི་ཡང་བདེ་གཤེགས་འཕྲིན་ལས་ཡིན་ཞེས་གསུངས། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་ཅན་གྱི་འཇིག་རྟེན་ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཁམས་གང་གིས་འཇིག་རྟེན་བསོད་ནམས་ཀྱི་འདུ་བྱེད་སོགས་པའི་ཁམས་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་བསོད་ནམས་མ་ཡིན་པའི་

Vol. 57 · folio 190a

འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་མི་གཡོ་བའི་འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་འབྱུང་བའི་ཁམས་སུའང་འཇོག་པར་འགྱུར་བ་དེ་ཡང་དེ་བཞིན་

གཤེགས་པས་རབ་ཏུ་མཁྱེན་ཏོ། །གཞན་ཡང་དེ་བཞིན་གཤེགས་པས་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་

ཉིད་དུ་རབ་ཏུ་མཁྱེན་ཏོ། །རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །སྣའི་ཁམས་དང་། དྲིའི་ཁམས་

དང་། སྣའི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་

ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་

སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་

ཏོ། །སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནམ་མཁའི་ཁམས་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་

Vol. 57 · folio 190b

ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཀུན་ཏུ་རྟོག་པ་ལས་བྱུང་བར་རབ་ཏུ་མཁྱེན་ཏོ། །འདུས་བྱས་ཀྱི་ཁམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདུས་མ་བྱས་ཀྱི་ཁམས་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །

ཀུན་ནས་ཉོན་མོངས་པའི་ཁམས་ནི་གློ་བུར་གྱི་ཉོན་མོངས་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །རྣམ་པར་བྱང་བའི་ཁམས་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འཁོར་བའི་ཁམས་ནི་ཚུལ་བཞིན་མ་ཡིན་པ་མ་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །

མྱ་ངན་ལས་འདས་པའི་དབྱིངས་ནི་ཚུལ་བཞིན་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །དེ་ལྟར་ན་འཇིག་རྟེན་གནས་པའི་ཁམས་གང་ཡིན་པ་དང་། རབ་ཏུ་གནས་པའི་ཁམས་གང་ཡིན་པ་དང་། རྗེས་སུ་ཁྲིད་པའི་ཁམས་གང་ཡིན་པ་དང་། ཐོགས་པའི་ཁམས་གང་ཡིན་པ་

དང་། སྦྱོར་བའི་ཁམས་གང་ཡིན་པ་དང་། བསམ་པའི་ཁམས་གང་ཡིན་པ་དང་། ངེས་པར་སེམས་པའི་ཁམས་གང་ཡིན་པ་དང་། རྟེན་པའི་ཁམས་གང་ཡིན་པ་དེ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་

དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཞི་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །མི་ཡི་སེང་གེ་ཁམས་རྣམས་ཀུན་གྱི་ཚུལ་ལ་མཁས། །གང་དུ་གང་གི་ཁམས་ནི་ཅི་འདྲ་འཇུག་པ་དང་། །ཁམས་གང་དགེ་བ་རྒྱ་ཆེན་ཀུན་དུ་འབྱུང་བྱེད་པ། །དེ་

ཀུན་བདེ་བར་གཤེགས་པས་མ་ལུས་རབ་མཁྱེན་ཏོ། །བསོད་ནམས་བསོད་ནམས་མིན་དང་མི་གཡོ་རྒྱུས་བྱུང་མྱོང་། །གང་གིས་འབྱུང་བ་ཐོབ་པར་འགྱུར་བ་ཞི་བའི་ཁམས། །ཁམས་གང་གནས་ནས་ཁམས་ལས་རྣམ་པར་གྲོལ་འགྱུར་བ། །ཁམས་དེ་ཤེས་རབ་ཆེན་པོ་

བདེ་བར་གཤེགས་པས་མཁྱེན། །མིག་གི་ཁམས་དང་དེ་བཞིན་གཟུགས་དང་ཡིད་ཀྱི་ཁམས། །རང་བཞིན་སྟོང་པར་རྒྱལ་བས་སྤྱོད་པའི་བདག་ཉིད་མཁྱེན། །དེ་བཞིན་རྣ་བ་སྣ་དང་ལྕེ་དང་དེ་བཞིན་ལུས། །ཡིད་དང་ཆོས་ཀྱི་ཁམས་ཀྱང་རྟག་ཏུ་སྟོང་པར་མཁྱེན། །ཆུ་དང་མེ་

Vol. 57 · folio 191a

དང་ས་དང་རླུང་གི་ཁམས་འདི་དག །ནམ་མཁའ་མཉམ་པར་མི་ཡི་སེང་གེས་རབ་ཏུ་མཁྱེན། །འདོད་པ་དང་ནི་གཟུགས་དང་གཟུགས་མེད་ཁམས་འདི་དག །ཡོངས་སུ་རྟོག་ལས་ཡང་དག་བྱུང་བར་མ་ལུས་མཁྱེན། །ཉོན་མོངས་ཁམས་ནི་རྒྱལ་བས་

རང་བཞིན་མེད་པར་མཁྱེན། །རྣམ་བྱང་རང་བཞིན་འདྲ་བར་བདེ་བར་གཤེགས་པས་མཁྱེན། །མི་མཁས་དག་གིས་འཁོར་བ་རྟག་ཏུ་འདུས་བྱས་དང་། །མྱ་ངན་འདས་པ་གང་ལ་མཚན་ཉིད་གསུམ་མེད་དང་། །ཁམས་གང་མི་དགེ་བས་ནི་འཇུག་པའི་མཚན་ཉིད་

དང་། །གང་ཡང་དགེ་བས་འཇུག་པ་ཐམས་ཅད་གཅོད་པ་དང་། །སྣ་ཚོགས་ཁམས་དང་དུ་མའི་ཁམས་ཅན་འཇིག་རྟེན་འདི། །སངས་རྒྱས་མཁྱེན་ཀྱང་ངས་མཁྱེན་སྙམ་དུ་རློམ་སེམས་མེད། །ནམ་མཁའ་ཇི་ལྟ་བཞིན་དུ་མཐའ་ཡས་ཕྱོགས་རྣམས་ཀྱི། །ཁམས་

རྣམས་དེ་བཞིན་མི་ཡི་སེང་གེས་རབ་ཏུ་མཁྱེན། །རྒྱལ་བའི་ཡེ་ཤེས་དམ་པ་དེ་ནི་ཐུག་པ་མེད། །དེ་ཡི་མཐའ་ནི་འགྲོ་བ་རྣམས་ཀྱིས་ཤེས་མི་ནུས། །འདི་ནི་སྐྱོབ་པ་རྡུལ་མེད་རྣམས་ཀྱི་འཕྲིན་ལས་བཞི། །དེ་ཡིས་སེམས་ཅན་འདུལ་བའི་ཁམས་རྣམས་ཆོ་ག་མཁྱེན། །

གང་དག་ལས་ལེགས་བྱས་པས་དུལ་གྱུར་དེ་དག་ལ། །འཁྲུལ་པ་བརྒྱ་ལམ་ན་ཡང་ནམ་ཡང་མི་འབྱུང་ངོ་། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་དབང་པོ་རྟུལ་པོ་

རྣམས་ཀྱང་སེམས་ཅན་དབང་པོ་རྟུལ་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་དབང་པོ་འབྲིང་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྣོ་བ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་ཁྱད་པར་དུ་འཕགས་པ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་དམན་པ་ཡང་རབ་ཏུ་

Vol. 57 · folio 191b

མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་མཐར་ཕྱིན་པའི་འདོད་ཆགས་སྐྱེ་བ་དང་། མཐར་ཕྱིན་པའི་ཞེ་སྡང་སྐྱེ་བ་དང་། མཐར་ཕྱིན་པའི་གཏི་མུག་སྐྱེ་བ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་འདོད་ཆགས་དང་། ཞེ་

སྡང་དང་། གཏི་མུག་བཅོས་མ་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་སྣྲེལ་ཞིའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་

ཇི་ལྟ་བུས་ཚར་བཅད་ཅིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་མི་དགེ་བའི་རྒྱུ་ལས་བྱུང་བ་དང་།

དབང་པོ་གང་དག་མི་གཡོ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་འབྱུང་བའི་རྒྱུ་ལས་བྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་མིག་གི་དབང་པོ་རབ་ཏུ་མཁྱེན་ཏོ། །རྣ་བའི་དབང་པོ་དང་།

སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་

དང་། བཏང་སྙོམས་ཀྱི་དབང་པོ་རབ་ཏུ་མཁྱེན་ཏོ། །དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་རབ་ཏུ་མཁྱེན་ཏོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་

པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་རབ་ཏུ་མཁྱེན་ཏེ། །དབང་པོ་གང་མིག་གི་དབང་པོའི་རྒྱུ་ལས་བྱུང་ལ་རྣ་བའི་དབང་པོ་ལ་གནས་པར་གྱུར་ཏེ། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་ལ་མ་ཡིན་པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དབང་པོ་གང་

Vol. 57 · folio 192a

རྣ་བའི་དབང་པོའི་རྒྱུ་ལས་བྱུང་ལ་སྣའི་དབང་པོ་ལ་གནས་པར་འགྱུར་བ་དང་། དབང་པོ་གང་སྣའི་དབང་པོའི་རྒྱུ་ལས་བྱུང་ལ་ལྕེའི་དབང་པོ་ལ་གནས་པར་འགྱུར་བ་དང་། དབང་པོ་གང་ལྕེའི་དབང་པོའི་རྒྱུ་ལས་བྱུང་ལ་ལུས་ཀྱི་དབང་པོ་ལ་གནས་པར་འགྱུར་བ་དང་།

དབང་པོ་གང་ལུས་ཀྱི་དབང་པོའི་རྒྱུ་ལས་བྱུང་ལ་མིག་གི་དབང་པོ་ལ་གནས་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སེམས་ཅན་གང་སྦྱིན་པའི་དབང་པོ་ཅན་ཡིན་ལ་དེ་ཡང་ཚུལ་ཁྲིམས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་

མཆོག་མ་ཡིན་པ་མཁྱེན་པས་སྦྱིན་པའི་གཏམ་སྟོན་ཏོ། །སེམས་ཅན་གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ཡིན་ལ་དེ་ཡང་སྦྱིན་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཚུལ་ཁྲིམས་ཀྱི་གཏམ་སྟོན་ཏོ། །སེམས་ཅན་གང་བཟོད་

པའི་དབང་པོ་ཅན་ཡིན་ལ་དེའང་བརྩོན་འགྲུས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བཟོད་པའི་གཏམ་སྟོན་ཏོ། །སེམས་ཅན་གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ཡིན་ལ་དེའང་བཟོད་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་

དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བརྩོན་འགྲུས་ཀྱི་གཏམ་སྟོན་ཏོ། །སེམས་ཅན་གང་བསམ་གཏན་གྱི་དབང་པོ་ཅན་ཡིན་ལ་དེའང་ཤེས་རབ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བསམ་གཏན་གྱི་གཏམ་སྟོན་ཏོ། །

སེམས་ཅན་གང་ཤེས་རབ་ཀྱི་དབང་པོ་ཅན་ཡིན་ལ་དེའང་བསམ་གཏན་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཤེས་རབ་ཀྱི་གཏམ་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཡང་རྒྱས་པར་ཁོང་དུ་ཆུད་པར་

བྱའོ། །སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ་དེའང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཉན་ཐོས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །སེམས་ཅན་གང་རང་སངས་རྒྱས་ཀྱི་ཐེག་

Vol. 57 · folio 192b

པའི་དབང་པོ་ཅན་ཡིན་ལ་དེའང་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །སེམས་ཅན་གང་ཐེག་པ་ཆེན་པོའི་དབང་པོ་ཅན་ཡིན་ལ་དེའང་ཉན་ཐོས་དང་རང་སངས་རྒྱས་

ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཐེག་པ་ཆེན་པོའི་གཏམ་སྟོན་ཏོ། །སེམས་ཅན་གང་ཐ་མའི་དབང་པོ་ཅན་ཡིན་ལ་དེའང་ཐེག་པ་ཆེན་པོ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་

མཁྱེན་པས་ཐ་མའི་གཏམ་སྟོན་ཏོ། །སེམས་ཅན་སྐལ་བ་མེད་པའི་དབང་པོ་ཅན་སྐལ་བ་མེད་པར་སྣང་བ་དེ་དག་དེ་བཞིན་གཤེགས་པས་སྣོད་མ་ཡིན་པར་རིག་ནས་བཏང་སྙོམས་སུ་འཇོག་གོ། །སེམས་ཅན་སྐལ་བ་ཡོད་པའི་དབང་པོ་ཅན་སྐལ་བ་ཡོད་པར་སྣང་བ་དག་ལ་དེ་བཞིན་

གཤེགས་པས་སྐལ་བ་ཡོད་པར་རིག་ནས་རི་མོར་བྱས་ཤིང་ཆོས་སྟོན་ཏེ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན། དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན། འབྱུང་བ་མ་ཡིན་པའི་

དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན། འབྱུང་བ་དང་བཅས་པའི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་ཏེ། སེམས་ཅན་གྱི་དབང་པོའི་རྣམ་པ་གང་ཡིན་པ་དང་། སྦྱོར་བ་གང་ཡིན་པ་དང་། བསམ་པ་གང་ཡིན་པ་དང་། གང་གི་རྒྱུ་ལས་བྱུང་བ་དང་། རྐྱེན་གང་ཡིན་པ་དང་། དམིགས་

པ་གང་ཡིན་པ་དང་། རྒྱུ་འཐུན་པ་གང་ཡིན་པ་དང་། སེམས་ཅན་གྱི་དབང་པོའི་མཐའ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་ལྔ་པའོ། །དེ་ལ་

འདི་སྐད་ཅེས་བྱའོ། །གང་ཞིག་དབང་པོ་ཤེས་པའི་ཕ་རོལ་སོན་པ་སེམས་ཅན་བསམ་པ་རྣམས་ལ་མཁས། །གང་གི་དབང་པོའི་སྤྱོད་པ་ཅི་འདྲར་གྱུར་པ་ཐམས་ཅད་རྒྱལ་བས་རབ་ཏུ་མཁྱེན། །རྒྱལ་བ་དབང་པོ་ཁྱད་པར་ཅན་དང་འབྲིང་དང་ཐ་མའི་ཆོ་ག་མཁྱེན་གྱུར་ཏེ། །གང་

Vol. 57 · folio 193a

གིས་འགྲོ་བ་གྲོལ་བྱེད་མཚུངས་པ་མེད་པའི་ལས་འདི་ཁྱད་པར་འཕགས་པ་ཡིན། །གང་གིས་མཐར་ཕྱིན་པ་ཡི་ཉོན་མོངས་གྱུར་དང་གང་གིས་བཅོས་པར་གྱུར་པ་དང་། །དབང་པོ་གང་གིས་གསོག་ཏུ་གྱུར་པ་དང་ནི་གང་གིས་སྣྲེལ་ཞིར་གྱུར་པ་དང་། །ཉོན་མོངས་

པ་དག་ཚར་གཅོད་འགྱུར་དང་དགེ་བའི་དབང་པོ་དང་ནི་མི་གཡོ་དང་། །དེ་བཞིན་མི་དགེ་བ་དང་གཞན་ཡང་གྲོལ་བར་འགྱུར་བ་དག་ཀྱང་རབ་ཏུ་མཁྱེན། །གང་གིས་མིག་དང་ཡིད་དང་ཕོ་མོ་སྲོག་གི་དབང་པོ་དང་ནི་བདེ་བ་དང་། །སྡུག་བསྔལ་དང་ནི་ཡིད་བདེ་བ་དང་གང་གིས་ཡིད་མི་

བདེ་བར་འགྱུར་བ་དང་། །གང་གིས་བཏང་སྙོམས་དད་དང་བརྩོན་འགྲུས་དྲན་དང་ཤེས་རབ་དེ་བཞིན་རྩེ་གཅིག་འགྱུར། །ཀུན་ཤེས་བྱེད་དང་ཀུན་ཤེས་དབང་པོའི་ཆོ་ག་དང་ནི་གྲོལ་བའི་དབང་པོ་གང་ཡིན་མཁྱེན། །མིག་གི་རྒྱུ་ལས་བྱུང་ལ་རྣ་བར་གནས་པར་བྱེད་ཀྱི་སྣ་དང་ལྕེ་ལ་མིན། །

ལུས་ཀྱི་བར་གྱི་རྒྱུ་ལས་བྱུང་བར་གྱུར་ལ་དེ་ཡང་མིག་ལ་གནས་པ་དང་། །སྦྱིན་པའི་དབང་པོ་ཡིན་ལ་ཚུལ་ཁྲིམས་སྣང་བའི་མི་དེ་ལ་ནི་སྦྱིན་པའི་གཏམ། །ཚུལ་ཁྲིམས་དབང་པོ་ཡིན་ལ་སྦྱིན་པའི་སྣང་བའི་མི་དེ་ལ་ནི་ཚུལ་ཁྲིམས་གཏམ། །བཟོད་པའི་དབང་པོ་ཡིན་ལ་བརྩོན་འགྲུས་

སྣང་བའི་མི་ལ་བཟོད་པའི་གཏམ་སྟོན་ཏོ། །བརྩོན་འགྲུས་དབང་པོ་ཡིན་ལ་བཟོད་པར་སྣང་བའི་མི་དེ་ལ་ནི་བརྩོན་འགྲུས་གཏམ། །བསམ་གཏན་དབང་པོ་ཡིན་ལ་ཤེས་རབ་སྣང་བའི་མི་དེ་ལ་ནི་བསམ་གཏན་གཏམ་སྟོན་ཏོ། །ཤེས་རབ་དབང་པོ་ཡིན་ལ་བསམ་གཏན་སྣང་བའི་

མི་དེ་ལ་ནི་ཤེས་རབ་གཏམ་སྟོན་ཏོ། །གང་དག་ཉན་ཐོས་ཐེག་པའི་དབང་པོ་ཡིན་ལ་རང་རྒྱལ་སྦྱོར་བར་བྱེད་པའི་མི། །དེ་དག་ལ་ནི་ཉན་ཐོས་གཏམ་སྟོན་བྱེད་ཀྱི་རང་རྒྱལ་གཏམ་ནི་སྤོང་བར་བྱེད། །གང་གི་དབང་པོ་རྐྱེན་གྱི་ཐེག་པར་ངེས་ལ་སྒྲ་ལ་སྦྱོར་བྱེད་གནས་བྱེད་པ། །དེ་དག་

ལ་ནི་རྐྱེན་གྱི་ཐེག་པ་བསྟན་པའི་ཆོ་ག་དག་དབང་རབ་ཏུ་སྟོན། །གང་དག་དབང་པོ་ཐེག་པ་ཆེན་པོར་ངེས་ལ་སྦྱོར་བ་དམན་པའི་མི་རྣམས་གང་ཡིན་པ། །དེ་དག་ལ་ནི་ཐུགས་རྗེ་ཆེ་ལ་གནས་པའི་རྒྱལ་བའི་ཕ་རོལ་ཕྱིན་གཏམ་སྟོན། །སྐལ་བ་ཡོད་མེད་མཁྱེན་ནས་རྒྱལ་བ་གསུང་ཞིང་

Vol. 57 · folio 193b

ཁ་ཅིག་ལ་ནི་བཏང་སྙོམས་འཇོག །དབང་པོ་ཡོངས་སུ་སྨིན་དང་གང་ཡང་དབང་པོ་ཡོངས་མ་སྨིན་པ་སྟོབས་བཅུས་མཁྱེན། །མི་ཡི་དབང་པོའི་སྤྱོད་པའི་རྣམ་པ་གང་དང་གང་གི་སྦྱོར་བ་ཇི་ལྟ་དང་། །བསམ་པ་ཇི་ལྟ་བ་དང་རྐྱེན་གང་ཡིན་དང་ཇི་ལྟར་རྒྱུ་གང་ཡིན་པའང་མཁྱེན། །

དམིགས་པ་ཇི་ལྟ་བ་དང་མཐར་ཐུག་ཇི་འདྲར་གྱུར་དང་རྒྱུ་འཐུན་དེ་བཞིན་དུ། །རང་བྱུང་ཡེ་ཤེས་ཀྱིས་མཁྱེན་སྟོན་པའི་འཕྲིན་ལས་འདི་ན་ནོར་བ་ཡོད་མ་ཡིན། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་

ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །ངེས་པ་དང་བཅས་པའི་སེམས་ཅན་

གྱི་ཁམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གང་དག་རྒྱུའི་སྟོབས་ཅན། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ། ཟུར་ཙམ་གྱིས་གོ་བ། དབང་པོ་རྣོ་བའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་སྟེ་རྣམ་པར་གྲོལ་བའི་

སྐལ་བ་ཡོད་པ་དེ་དག་དེ་བཞིན་གཤེགས་པས་སྔོན་གྱི་རྒྱུའི་སྟོབས་མཁྱེན་ནས་ཅི་ནས་དེ་དག་མྱུར་དུ་རྣམ་པར་གྲོལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏེ། གང་དག་རྐྱེན་གྱི་སྟོབས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཚན་

ཉིད་ཀྱི་སེམས་ཅན་དེ་དག་གལ་ཏེ་འཐུན་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་ཕྲད་ན་རྣམ་པར་གྲོལ་བར་འགྱུར་གྱི་མ་ཕྲད་ན་རྣམ་པར་གྲོལ་བར་མི་འགྱུར་བ་དེ་དག་ལ་ཡང་དེ་བཞིན་གཤེགས་པ་དེ་ལྟ་དེ་ལྟར་རྒྱུ་དང་རྐྱེན་དང་ལྡན་པའི་གཏམ་ཡང་དག་པར་གསུང་སྟེ། འདི་ལྟར་དེ་

བཞིན་གཤེགས་པ་ལས་དེ་ལྟ་བུའི་ཆོས་ཐོས་ནས་ཚུལ་བཞིན་རབ་ཏུ་སྦྱོར་བས་འབྲས་བུ་ཐོབ་པར་འགྱུར་བ་དེ་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་ངོ་། །ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཡོངས་སུ་སྦྱོང་བ་མ་བྱས་

Vol. 57 · folio 194a

པ། ཁོ་རེ་ཆུང་བ་བླུན་པ། སྣོད་དུ་མ་གྱུར་པའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། །མ་བསྟན་ཀྱང་རུང་སྟེ་སེམས་ཅན་དེ་དག་རྣམ་པར་དགྲོལ་བའི་སྐལ་བ་མེད་པས། དེ་དག་དེ་བཞིན་གཤེགས་པས་སྣོད་མ་ཡིན་

པར་རིག་ནས་བཏང་སྙོམས་སུ་འཇོག་སྟེ། དེ་དག་གི་ཆེད་དུ་བྱང་ཆུབ་སེམས་དཔའ་རྣམས་གོ་ཆ་གྱོན་ཏོ། །རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པས་འདོད་ཆགས་ཀྱི་ལམ་རྣམ་པ་གསུམ་རབ་ཏུ་མཁྱེན་ཏེ། རྣམ་པ་གསུམ་གང་ཞེ་ན། འདོད་ཆགས་ཀྱི་ལམ་

སྡུག་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། །འདོད་ཆགས་ཀྱི་ལམ་རྗེས་སུ་ཆགས་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་སྔོན་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དོ། །ཞེ་སྡང་གི་ལམ་རྣམ་པར་གསུམ་ཡང་རབ་ཏུ་མཁྱེན་ཏེ། ཞེ་སྡང་གི་ལམ་ཁོང་ཁྲོ་བའི་རྒྱུ་ལས་སྐྱེ་བ་ཡང་

ཡོད། ཞེ་སྡང་གི་ལམ་བསམ་པ་ཡོངས་སུ་མ་རྫོགས་པ་ལས་སྐྱེ་བ་ཡང་ཡོད། ཞེ་སྡང་གི་ལམ་སྔོན་གྱི་བག་ལ་ཉལ་ལས་སྐྱེ་བ་ཡང་ཡོད་དོ། །གཏི་མུག་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏེ། གཏི་མུག་གི་ལམ་མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་

ལམ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ལམ་ཐེ་ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་གཞན་ཡང་དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་དེ་

བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དབང་པོ་རྟུལ་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྟུལ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་

དཀའ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དམིགས་པ་བོར་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །ལམ་གྱི་རྒྱུན་མ་བཅད་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །ཡོངས་སུ་ཐུག་པ་མེད་པར་དབུགས་

Vol. 57 · folio 194b

འབྱིན་པའི་ཕྱིར་མངོན་པར་ཤེས་པ་བུལ་ལ་མྱུར་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལ་མ་ཆགས་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །སོ་སོར་རྟོག་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ཀྱི་སྒོམ་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་

ཡོད་དེ། དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ཀྱི། སོ་སོར་རྟོག་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སོ་སོར་རྟོག་པའི་སྟོབས་ཀྱང་ཡོངས་སུ་རྫོགས་

པར་མི་བྱེད་ལ་སྒོམ་པའི་སྟོབས་ལ་ཡང་མ་ཡིན་པའི་ལམ་ཡང་ཡོད་དེ། དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སོ་སོར་རྟོག་པའི་སྟོབས་དང་སྒོམ་པའི་སྟོབས་ཀྱང་ཡོངས་སུ་རྫོགས་པར་བྱེད་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །

བསམ་པ་ཕུན་སུམ་ཚོགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སྦྱོར་བ་ཕུན་སུམ་ཚོགས་ལ་བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད་དེ། དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་

མཁྱེན་ཏོ། །བསམ་པ་ཡང་ཕུན་སུམ་ཚོགས་པ་མ་ཡིན་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པའི་ལམ་ཡང་ཡོད་དེ། དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལུས་

སྦྱོང་གི །ངག་ལ་མ་ཡིན། སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། ངག་སྦྱོང་གི །ལུས་ལ་མ་ཡིན། སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། ལུས་དང་། ངག་དང་། སེམས་ཀྱང་སྦྱོང་བའི་ལས་ཡང་ཡོད། ལུས་ལ་མ་ཡིན། ངག་ལ་མ་ཡིན་ལ། སེམས་ཀྱང་མི་སྦྱོང་

བའི་ལམ་ཡང་ཡོད་དེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འཇུག་པའི་རྒྱུ་ལས་བྱུང་བ་དང་། ལོག་པའི་རྒྱུ་ལས་བྱུང་བའི་ལམ་གང་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པ་འཇུག་སྟེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་

Vol. 57 · folio 195a

པའི་འཕྲིན་ལས་དྲུག་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །བདེ་བར་གཤེགས་པས་ལམ་ཀུན་རབ་ཏུ་མཁྱེན་ཅིང་ངེས་དང་རྒྱུ་དང་བཅས་པའི་སེམས་ཅན་ཁམས་ཀྱང་མཁྱེན། །མ་ངེས་ཡོངས་སུ་སྨིན་པར་བྱ་བའི་མཚན་ཉིད་དང་ནི་དེ་བཞིན་སྣོད་མིན་ལོག་པར་ལྟ་ལྡན་

དང་། །འདོད་ཆགས་རྣམ་གསུམ་ལམ་ལྡན་དག་དང་ཞེ་སྡང་རྣམ་པ་གསུམ་དང་དེ་བཞིན་གཏི་མུག་ལྡན་པ་དང་། །ཉོན་མོངས་ཁམས་ཀྱི་རྣམ་པ་མཐའ་ཡས་པ་དང་ལམ་གྱི་རྒྱུ་དང་རྐྱེན་ཀྱང་སྟོན་པས་རབ་ཏུ་མཁྱེན། །རྣོ་བར་གྱུར་ལ་དཀའ་བའི་ལམ་དང་དེ་བཞིན་དབང་པོ་རྣམས་ནི་

ཞན་ཕྱིར་བུལ་བར་གྱུར་པ་དང་། །རྣོ་བར་འགྱུར་ལ་སླ་བའི་ལམ་དང་དེ་བཞིན་བུལ་བ་འཇིག་རྟེན་གྱི་ནི་མགོན་པོས་རབ་ཏུ་མཁྱེན། །བུལ་བའི་ལམ་ལ་དེ་ཡི་བློ་ཡང་བུལ་ཞིང་དེ་བཞིན་བུལ་བར་གྱུར་ལ་རྣོ་ཞིང་དག་པའང་ཡོད། །བུལ་བར་གྱུར་ལ་མྱུར་བའི་ལམ་དང་དེ་བཞིན་དེ་ལ་མ་

ཆགས་ཕྱིར་ནི་ཤིན་ཏུ་མྱུར་བ་དང་། །སོ་སོར་རྟོག་པ་སྐྱེད་པར་བྱེད་ཀྱི་བསྒོམ་པའི་ལམ་ནི་སྐྱེད་པར་མི་བྱེད་པ་ཡི་ལམ་ཡང་ཡོད། །སྒོམ་པ་སྐྱེད་པར་བྱེད་དང་ཁྱད་པར་ཅན་གྱི་སྦྱོར་དང་ལྡན་པས་གཉི་ག་སྐྱེད་པར་བྱེད་པའང་ཡོད། །བསམ་པ་རྣམ་པར་སྦྱོང་བར་བྱེད་ཀྱི་སྦྱོར་བ་དག་པར་བྱེད་པ་

མ་ཡིན་པ་ཡི་ལམ་ཡང་ཡོད། །གཉི་ག་སྦྱོར་བར་བྱེད་པའང་ཡོད་དེ་དེ་ཡང་སངས་རྒྱས་བདག་ཉིད་ཆེན་པོ་ཐམས་ཅད་གཟིགས་པས་མཁྱེན། །ལུས་ནི་རྣམ་པར་སྦྱོང་བར་བྱེད་ཀྱི་ངག་ལ་མ་ཡིན་པ་དང་སེམས་ཀྱང་སྦྱོང་བར་མི་བྱེད་ཡོད། །ཚིག་དང་དེ་བཞིན་ལུས་ཀྱང་སྦྱོང་བར་བྱེད་ཀྱི་ནམ་ཡང་

སེམས་ནི་རྣམ་པར་སྦྱོང་བར་མི་བྱེད་དང་། །སེམས་ནི་རྣམ་པར་སྦྱོང་བར་བྱེད་ཀྱི་ནམ་ཡང་ངག་ནི་རྣམ་པར་སྦྱོང་བར་མི་བྱེད་པ་ཡང་ཡོད། །ངག་དང་དེ་བཞིན་སེམས་ཀྱང་སྦྱོང་བར་བྱེད་ཀྱི་ནམ་ཡང་ལུས་ནི་རྣམ་པར་སྦྱོང་བར་མི་བྱེད་དང་། །ལུས་དང་དེ་བཞིན་སེམས་ཀྱང་སྦྱོང་བར་བྱེད་པའི་ལམ་དང་

ཇི་ལྟར་འཇུག་པར་འགྱུར་དང་ལྡོག་པ་ཡང་། །ཡེ་ཤེས་དང་ནི་སེམས་གཟིགས་པས་མཁྱེན་འདི་ཡང་བདེ་གཤེགས་འཕྲིན་ལས་ཁྱད་པར་འཕགས་པ་དྲུག །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་

Vol. 57 · folio 195b

འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་སྐྱེ་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་

ཏུ་མཁྱེན་ཏོ། །སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལ་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །

སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྐྱེན་ནི་མ་རིག་པའོ། །མ་རིག་པ་ནི་རྒྱུའོ། །འདུ་བྱེད་རྣམས་ནི་རྐྱེན་ཏོ། །འདུ་བྱེད་ནི་རྒྱུའོ། །རྣམ་པར་ཤེས་པ་ནི་རྐྱེན་ཏོ། །རྣམ་པར་ཤེས་པ་ནི་རྒྱུའོ། །མིང་དང་གཟུགས་ནི་རྐྱེན་ཏོ། །མིང་དང་གཟུགས་ནི་རྒྱུའོ། །སྐྱེ་མཆེད་དྲུག་ནི་རྐྱེན་ཏོ། །སྐྱེ་མཆེད་དྲུག་

ནི་རྒྱུའོ། །རེག་པ་ནི་རྐྱེན་ཏོ། །རེག་པ་ནི་རྒྱུའོ། །ཚོར་བ་ནི་རྐྱེན་ཏོ། །ཚོར་བ་ནི་རྒྱུའོ། །སྲེད་པ་ནི་རྐྱེན་ཏོ། །སྲེད་པ་ནི་རྒྱུའོ། །ཉེ་བར་ལེན་པ་ནི་རྐྱེན་ཏོ། །ཉེ་བར་ལེན་པ་ནི་རྒྱུའོ། །སྲིད་པ་ནི་རྐྱེན་ཏོ། །སྲིད་པ་ནི་རྒྱུའོ། །སྐྱེ་བ་ནི་རྐྱེན་ཏོ། །སྐྱེ་བ་ནི་རྒྱུའོ། །རྒ་ཤི་ནི་རྐྱེན་ཏོ། །རྒ་ཤི་ནི་རྒྱུའོ། །ཉོན་མོངས་པ་

རྣམས་ནི་རྐྱེན་ཏོ། །ཉོན་མོངས་པ་རྣམས་ནི་རྒྱུའོ། །ལས་རྣམས་ནི་རྐྱེན་ཏོ། །ལྟ་བ་ནི་རྒྱུའོ། །སྲེད་པ་ནི་རྐྱེན་ཏོ། །བག་ལ་ཉལ་ནི་རྒྱུའོ། །ཀུན་ནས་ལྡང་བ་ནི་རྐྱེན་ཏོ། །འདི་ནི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུའོ། །འདི་ནི་རྐྱེན་ཏོ། །དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་

འགྱུར་བའི་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུ་གཉིས་དང་རྐྱེན་གཉིས་སོ། །གཉིས་གང་ཞེ་ན། གཞན་ལས་རྗེས་སུ་འཐུན་པའི་སྒྲ་དང་། སོ་སོ་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། གཉིས་པོ་འདི་དག་གོ། །གཞན་ཡང་སེམས་ཅན་རྣམས་ཀྱི་

རྣམ་པར་དག་པའི་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། ཞི་གནས་ལ་རྩེ་གཅིག་པ་དང་། ལྷག་མཐོང་ལ་མཁས་པའོ། །གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། འོང་བ་མེད་པར་ཤེས་པ་དང་། འགྲོ་བ་མེད་པར་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། སྐྱེ་བ་མེད་པར་རབ་ཏུ་རྟོག་

Vol. 57 · folio 196a

པ་དང་། ངེས་པར་གྱུར་པ་ལ་རེག་པར་བྱེད་པའོ། །གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། རྐང་པར་ལྡན་པ་དང་། རིག་པས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། རྣམ་པར་ཐར་པའི་སྒོ་ལ་སྒོམ་པ་དང་། རང་བཞིན་གྱིས་རྣམ་པར་

གྲོལ་བར་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། བདེན་པ་རྗེས་སུ་རྟོགས་པ་དང་། བདེན་པ་རྗེས་སུ་ཐོབ་པ་སྟེ། འདི་ནི་སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུའོ། །འདི་ནི་རྐྱེན་ཏེ། དེའང་

དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་གཞན་ཡང་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་ཚད་མེད། རྣམ་པར་དག་པ་ལ་དམིགས་པ་ཡང་ཚད་མེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་རྣམ་པར་བྱང་བ་ལ་དམིགས་པར་

འཇོག་པ་ཡང་ཡོད། །ལྷག་པའི་ང་རྒྱལ་གྱིས་འཛིན་པས་རྣམ་པར་དག་པ་ལ་དམིགས་པ་ཀུན་ནས་ཉོན་མོངས་པ་ལ་དམིགས་པར་འཇོག་པ་ཡང་ཡོད་དེ། དེ་ལ་སྣྲེལ་ཞིའི་རྣམ་གྲངས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་གོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་འདི་ལྟ་བུ་དང་

ལྡན་པས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་འགོག་པ་ལས་ལྡང་ངོ་། །འགོག་པ་ལས་སྙོམས་

པར་ཞུགས་ཏེ་བསམ་གཏན་དང་པོ་ལས་ལྡང་ངོ་། །རྣམ་པར་ཐར་པ་བརྒྱད་ལ་རྗེས་སུ་འཐུན་པར་སྙོམས་པར་འཇུག་གོ། །མི་འཐུན་པར་ཡང་སྙོམས་པར་འཇུག་གོ། །ཐོད་རྒལ་དུ་ཡང་སྙོམས་པར་འཇུག་གོ། །ཏིང་ངེ་འཛིན་ནི་སྙོམས་པར་འཇུག་པར་སྟོན། སྙོམས་པར་འཇུག་པ་ནི་ཏིང་ངེ་

འཛིན་དུ་སྟོན་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་འདྲེས་པ་གང་ཡང་མེད་ཅིང་དེ་བཞིན་གཤེགས་པ་ལ་ནི་དམིགས་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ་བ་མེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཐམས་ཅད་མངོན་པར་འགྲུབ་སྟེ། དེ་

Vol. 57 · folio 196b

བཞིན་གཤེགས་པ་ནི་ཏིང་ངེ་འཛིན་གཅིག་ལས་མ་བཞེངས་པར་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ཀྱང་། དེ་བཞིན་གཤེགས་པ་ལ་སེམས་གཅིག་ནས་གཅིག་ཏུ་འཇུག་པ་མེད་དོ། །དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མི་དམིགས་སོ། །དེ་བཞིན་

གཤེགས་པའི་ཏིང་ངེ་འཛིན་ནི་སུས་ཀྱང་བལྟ་བར་མི་ནུས་ཏེ། ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་ཏོ། །རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་ཏོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི་དེ་བཞིན་

གཤེགས་པའི་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་ཏོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་མི་ནོན་པ་སྟེ་འདི་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཟིལ་གྱིས་མི་ནོན་པར་འཇུག་གོ། །གདམས་པ་གང་དང་རྗེས་སུ་བསྟན་པ་གང་གིས་ཉན་ཐོས་རྣམས་ཏིང་ངེ་འཛིན་སྐྱེད་པ་དེ་ཡང་དེ་

བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་རང་སངས་རྒྱས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་འདོམས་ཤིང་དེ་བཞིན་དུ་རྗེས་སུ་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་

གཤེགས་པའི་འཕྲིན་ལས་བདུན་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །འདིར་ནི་འགྲོ་བའི་ཀུན་ནས་ཉོན་མོངས་རྒྱུ་དང་རྐྱེན། །རྒྱལ་བ་རང་བྱུང་ཡེ་ཤེས་ལྡན་པས་དེ་ཀུན་མཁྱེན། །དེ་བཞིན་མངོན་པར་བརྩོན་རྒྱུས་རྣམ་དག་འགྱུར་བ་ཡི། །རྒྱུ་དང་རྐྱེན་དེ་ཆོས་ཀྱི་རྗེས་ནི་རབ་ཏུ་མཁྱེན། །ཚུལ་བཞིན་

མ་ཡིན་རྒྱུ་སྟེ་རྐྱེན་ནི་མ་རིག་པ། །རྒྱུ་ནི་མ་རིག་པ་སྟེ་རྐྱེན་ནི་འདུ་བྱེད་ཡིན། །རྣམ་པར་ཤེས་དང་མིང་དང་གཟུགས་དང་དབང་པོ་དྲུག །ཐམས་ཅད་སྲེད་པའི་ཡན་ལག་འགྲོ་བའི་རྒྱུ་དང་རྐྱེན། །ཉོན་མོངས་རྣམས་ནི་རྒྱུ་སྟེ་དེ་བཞིན་ལས་རྣམས་རྐྱེན། །ལྟ་བ་རྒྱུ་སྟེ་དེ་བཞིན་སྲེད་པ་རྐྱེན་དུ་གསུངས། །

ཀུན་དུ་སྦྱོར་དང་བག་ལ་ཉལ་འདི་འདིར་རྒྱུ་སྟེ། །མི་གང་རྒྱུ་ལས་ཀུན་དུ་བྱུང་བ་དེ་འདིར་རྐྱེན། །འགྲོ་བ་རྣམ་དག་འགྱུར་བའི་རྒྱུ་དང་རྐྱེན་གཉིས་ཏེ། །གཞན་ལས་འཐུན་པའི་སྒྲ་ཐོས་པ་དང་ཐོས་ནས་ཀྱང་། །ཆོས་རྣམས་སྟོང་པར་ནང་དུ་ཚུལ་བཞིན་རྟོག་བྱེད་པ། །དེ་ནི་སྲིད་པའི་མཚོ་ལས་

Vol. 57 · folio 197a

རྣམ་པར་སྒྲོལ་བར་འགྱུར། །ཞི་གནས་ལྷག་མཐོང་གཉི་ག་ཟུང་དུ་འབྲེལ་ལྡན་པ། །སྒོམ་པ་གང་དུའང་འགྲོ་བ་མེད་ཅིང་འོང་བ་མེད། །དེ་ལ་སྐྱེ་མེད་འཆི་འཕོ་དང་ནི་རྟོག་མེད་དེ། །དེ་ནི་སྐྱོན་མེད་རེག་ཅིང་རྣམ་པར་དག་པར་འགྱུར། །རྐང་པར་ལྡན་ནས་རིག་པ་གསུམ་ནི་རྗེས་

སུ་ཉལ། །བག་ཡོད་གྱུར་ནས་རྣམ་ཐར་གསུམ་གྱི་སྒོ་ལ་སྒོམ། །ཟད་པ་དང་ནི་མི་སྐྱེ་ཤེས་དང་བདེན་པ་ཐོབ། །འདི་ནི་རྣམ་དག་ལམ་དུ་འདྲེན་པའི་རྒྱུ་དང་རྐྱེན། །རྒྱལ་བ་བསམ་གཏན་གཅིག་ལ་ཡང་དག་སྙོམས་ཞུགས་ནས། །འགོག་པར་རེག་སྟེ་དེ་བཞིན་དྲན་དང་ལྡན་པར་བཞེངས། །

རྗེས་སུ་འཐུན་དང་མི་འཐུན་པ་དང་ཐོད་རྒལ་དུ། །ཆོས་ཀྱི་རྒྱལ་པོ་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག །མཚུངས་པ་མེད་པ་མཉམ་པ་ཉིད་ལ་གནས་ནས་ནི། །ཏིང་འཛིན་གཅིག་ལས་ཏིང་འཛིན་བྱེ་བ་མཐའ་ཡས་སྟོན། །སེམས་ལ་འདྲེས་པ་མེད་ཅིང་ཆོས་ལ་རྣམ་རྟོག་མེད། །དེ་ཕྱིར་

རྒྱལ་བ་མཉམ་པར་མ་བཞག་སེམས་ཀྱང་མེད། །གང་དག་ཉན་ཐོས་དེ་བཞིན་རང་རྒྱལ་ཏིང་ངེ་འཛིན། །བྱང་ཆུབ་སེམས་དཔའི་ཏིང་འཛིན་རྣམ་པ་བྱེ་བ་དག །དེ་ཀུན་བདེ་གཤེགས་ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན། །གདམས་པ་ཤེས་ལ་མཁས་པ་བདེ་གཤེགས་འཕྲིན་ལས་སོ། །

རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བདག་དང་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །འདི་ལྟ་སྟེ། སྐྱེ་བ་གཅིག་རྗེས་སུ་དྲན་ནོ། །གཉིས་སམ། གསུམ་མམ། བཞིའམ། ལྔའམ། བཅུའམ། ཉི་ཤུའམ།

སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། སྐྱེ་བ་བརྒྱའམ། སྐྱེ་བ་སྟོང་ངམ། སྐྱེ་བ་བརྒྱ་ཕྲག་སྟོང་ངམ། སྐྱེ་བ་བྱེ་བ་བརྒྱ་ཕྲག་སྟོང་ངམ། འཇིག་པའི་བསྐལ་པའམ། འཆགས་པའི་བསྐལ་པའམ། འཇིག་པ་དང་འཆགས་པའི་བསྐལ་པའམ། འཇིག་པའི་བསྐལ་པ་དུ་མའམ།

འཆགས་པའི་བསྐལ་པ་དུ་མའམ། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་རྗེས་སུ་དྲན་ནོ། །སེམས་ཅན་དེ་དག་མིང་འདི་ཞེས་བྱ་བར་གྱུར་ཏོ། །ང་དེར་བྱུང་སྟེ་མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཁ་དོག་ནི་འདི་ལྟ་བུ།

Vol. 57 · folio 197b

དབྱིབས་ནི་འདི་ལྟ་བུ། ཡུན་ནི་འདི་སྲིད་ཞིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་སྟེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་འདིར་སྐྱེས་པར་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་

པར་བདག་དང་། སེམས་ཅན་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་སེམས་ཅན་དེའི་སྔོན་གྱི་གནས་རྗེས་སུ་དྲན་ནོ། །སྔོན་གྱི་རྒྱུ་ཇི་ལྟ་བུ་དང་། རྒྱུ་གང་གིས་སེམས་ཅན་གང་ཀུན་དུ་བྱུང་བ་དེའི་སྔོན་གྱི་རྒྱུ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། མཁྱེན་ནས་ཀྱང་དེ་བཞིན་དུ་

ཆོས་སྟོན་ཏོ། །འདས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སེམས་ཀྱི་དམིགས་པ་གང་གི་འོག་ཏུ་གང་ལ་དམིགས་པའི་སེམས་སྐྱེ་བ་དང་། དམིགས་པ་གང་གིས་སྐྱེས་པ་དང་། དམིགས་པ་གང་མ་ཚང་བས་འགགས་

པ་དེའང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལྟར་ཇི་ཙམ་དུ་སེམས་ཅན་གཅིག་གི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཇུག་པ་སེམས་དེ་ལྟ་བུ་ཞིག་གི་འོག་ཏུ་སེམས་འདི་ལྟ་བུ་ཞིག་བྱུང་བ་དེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཚིག་ཏུ་བསྟན་པས་བསྟན་

པར་དཀའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིའང་དེ་ལྟ་བུར་སོ་སོའི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་དེ་བཞིན་གཤེགས་པས་ཕྱི་མའི་མཐའི་མུར་ཐུག་པར་བསྟན་ཀྱང་དེའི་ཡེ་ཤེས་མཐར་ཐུག་པར་མི་འགྱུར་རོ། །

དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པའི་མཁྱེན་པ་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་ལ་ཚད་མེད་དེ། དེའི་མཐའི་གནས་ནི་བསྟན་པར་སླ་བ་མ་ཡིན་ནོ། །སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པས་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ལ། ཀྱེ་སེམས་ཅན་དག་

དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པའམ། ཉན་ཐོས་ལ་བསྐྱེད་པའམ། རང་སངས་རྒྱས་ལ་བསྐྱེད་པ་དེ་ལྟ་བུ་དེ་དྲན་པར་གྱིས་ཤིག །དྲན་པར་གྱིས་ཤིག་ཅེས་དྲན་པར་མཛད་དོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་དེ་དག་གིས་ཀྱང་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་

Vol. 57 · folio 198a

པས་དེ་དག་ལ་དེ་དགེ་བའི་རྩ་བ་ལ་དམིགས་པ་དེས་གང་གི་ཕྱིར་ཅི་ནས་ཀྱང་ཐེག་པས་རྣམ་པར་གྲོལ་བ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བརྒྱད་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །

དེ་ནི་བདག་དང་དེ་བཞིན་གཞན་དག་གི། །སྔོན་གྱི་མཐའ་ནི་བྱེ་བ་ཁྲག་ཁྲིག་དག །ཐུག་པ་མེད་པར་འཇིག་རྟེན་སྒྲོན་མས་དྲན། །སྐྱུ་རུ་ར་ལྔ་ཕྱག་མཐིལ་བཞག་པ་བཞིན། །མིང་རུས་དེ་བཞིན་ཁ་དོག་རྣམ་རྟོག་དང་། །ཚེ་གནས་འཆི་འཕོ་དང་ནི་འགྲོ་བ་དང་། །རྒྱུ་གང་གིས་ནི་སེམས་ཅན་

གང་འོངས་པ། །དེ་ལ་དུས་མཁྱེན་ནས་ནི་ཆོས་ཀྱང་སྟོན། །འགྲོ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས། །གང་དག་འདས་པ་མཐའ་ཡས་ཐུག་མེད་དང་། །གང་གི་འོག་ཏུ་སེམས་ནི་གང་འབྱུང་བ། །ཡེ་ཤེས་ཆེ་ལྡན་རྒྱལ་བས་ཐམས་ཅད་མཁྱེན། །སེམས་ཅན་གཅིག་གི་སེམས་ནི་

སྔ་མ་གང་། །འདས་པ་གང་ཡིན་བདེ་བར་གཤེགས་པས་མཁྱེན། །བསྐལ་པ་གང་གཱའི་ཀླུང་གི་བྱེ་སྙེད་དུ། །དེ་ནི་བསྟན་ཀྱང་དེ་ལ་ཐུག་པ་མེད། །གང་ཡང་སྔོན་གྱི་སྤྱོད་པ་བྱེ་བ་དག །མཐའ་ཡས་ཐུག་པ་མེད་པ་བསྟན་ཀྱང་ནི། །མཚུངས་པ་མེད་པའི་ཡེ་ཤེས་མི་ཟད་དེ། །བདེ་

གཤེགས་ཡེ་ཤེས་རྒྱ་མཚོ་དེ་འདྲའོ། །སེམས་ཅན་གང་དག་བསམ་པ་དགེ་གྱུར་དང་། །གང་གིས་སྔོན་ཆད་རྒྱལ་བ་བསྟི་སྟང་བྱས། །སངས་རྒྱས་རྫུ་འཕྲུལ་སྟོབས་ཀྱི་ཤུགས་གནས་ཏེ། །སྔོན་ཆད་དཀར་པོ་བྱས་པ་དྲན་པར་བྱེད། །སྔོན་ཆད་དཀར་པོ་དེས་བྱས་ཅི་འདྲ་བ། །སངས་རྒྱས་

མཐུས་ནི་དེ་དག་དྲན་པར་འགྱུར། །དེ་དྲན་ནས་ཀྱང་ཐེག་པ་གསུམ་གནས་ཏེ། །དེ་དག་ཐར་ལམ་དགེ་ལས་ཕྱིར་མི་ལྡོག །བདེ་གཤེགས་རྣམས་ཀྱི་སྔོན་བྱུང་མཐའ་ཡས་པ། །སེམས་ཅན་ཀུན་གྱིས་བསམ་པར་མི་ནུས་ཏེ། །གང་གིས་སེམས་ཅན་ཐུག་པ་མེད་བཏུལ་བ། །སྐྱེས་བུ་

ཆེན་པོ་རྣམས་ཀྱི་འཕྲིན་ལས་བརྒྱད། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ལྷའི་མིག་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པས་སེམས་ཅན་རྣམས་འཆི་འཕོ་དང་། སྐྱེ་བ་དང་། བཟང་པོ་དང་། ངན་པ་དང་། ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། བདེ་འགྲོར་

Vol. 57 · folio 198b

འགྲོ་བ་དང་། ངན་འགྲོར་འགྲོ་བ་རྣམས་གཟིགས་སོ། །ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ།

ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ།

ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་དག་སྟེ། ཡང་དག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཇི་

ལྟར་ལས་ཀྱིས་ཉེ་བར་འགྲོ་བའི་སེམས་ཅན་དག་རབ་ཏུ་མཁྱེན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་ནི་འདི་ཡིན་ཏེ། མིག་དེས་ཕྱོགས་བཅུའི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཚད་མེད་པ། གྲངས་མེད་པ། བགྲང་བ་ལས་

ཤིན་ཏུ་འདས་པའི་སངས་རྒྱས་ཀྱི་ཞིང་དག་ན་ཞིང་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་འཇིག་པ་དང་འཆགས་པར་གཟིགས་སོ། །སེམས་ཅན་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་འཆི་འཕོ་བ་དང་སྐྱེ་བར་གཟིགས་སོ། །བྱང་ཆུབ་སེམས་དཔའ་གང་དག་ཁ་ཅིག་སྣང་

བ་དེ་དག་ཐམས་ཅད་ནི་འཆི་འཕོ་བ་དང་། མངལ་དུ་འཇུག་པ་དང་། བཙའ་བར་གཟིགས་སོ། །སངས་རྒྱས་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཚེའི་འདུ་བྱེད་འདོར་བ་དང་། ཡོངས་སུ་མྱ་ངན་

ལས་འདའ་བར་གཟིགས་སོ། །ཉན་ཐོས་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་རྣམ་པར་འགྲོལ་བ་ཡོངས་སུ་མྱ་ངན་ལས་འདའ་བར་གཟིགས་སོ། །རང་སངས་རྒྱས་གང་དག་ཁ་ཅིག་སྣང་བ་དེ་དག་ཐམས་ཅད་ནི་རྫུ་འཕྲུལ་སྟོན་ཅིང་ཡོན་སྦྱོང་བར་གཟིགས་སོ། །སེམས་

Vol. 57 · folio 199a

ཅན་གང་དག་སྣང་བར་མ་གྱུར་པ་དག་དང་། གང་དག་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱིས་མིག་གི་ལམ་དུ་མ་གྱུར་པ་དང་། ཉན་ཐོས་རྣམས་ཀྱི་མ་ཡིན་པ་དང་། རང་སངས་རྒྱས་རྣམས་ཀྱི་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དག་གི་མ་

ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལྷའི་མིག་ལ་སྣང་བར་འགྱུར་རོ། །ཡང་ཤིང་རྟའི་ཕང་ལོ་ཙམ་གྱི་ས་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་པ་དེ་དག་ནི་ཆེས་མང་གི །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་སྣང་བར་མ་གྱུར་པའི་སེམས་ཅན་གྱི་ཁམས་ནི་ཚད་མེད་དོ། །དེ་ལྟར་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གང་ཡིན་ཞེས་དེ་བཞིན་གཤེགས་པའི་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་

གཟིགས་ཏེ། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གྱི་རིས་ཇི་སྙེད་པ་དེ་དག་གི་མདུན་ན་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས་ཤིང་སེམས་ཅན་དེ་དག་འདུལ་ཡང་དེ་དག་མ་ཡིན་པའི་སེམས་ཅན་གཞན་གྱིས་མི་ཤེས་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་

པའི་འཕྲིན་ལས་དགུ་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པའི་ལྷ་ཡི་མིག་ནི་དྲི་མེད་འོད་གསལ་ཏེ། །མིག་ནི་རྣམ་སྦྱངས་མཐའ་ཡས་བསོད་ནམས་གཟི་བརྗིད་གཟི་བརྗིད་གྱུར། །ཕྱོགས་བཅུ་དག་གི་ཞིང་རྣམས་ཀུན་དུ་མཚན་ཉིད་རྣམ་གཟིགས་ཏེ། །གང་དག་འབྱུང་

དང་གང་དག་འབྱུང་བར་འགྱུར་དང་གང་དག་བྱུང་། །དེ་ན་སེམས་ཅན་གཟུགས་ཅན་གཟུགས་མེད་གང་དག་ཡོད་པ་དང་། །བདེ་འགྲོ་ངན་འགྲོ་དག་ན་རབ་འབྲིང་ཐ་མ་གང་མཆི་དང་། །སྡིག་པ་བྱེད་པ་གང་དག་ངན་འགྲོ་རྣམས་སུ་འགྲོ་བ་དང་། གང་ཡང་མཐོ་རིས་བསོད་ནམས་ལས་ཅན་དེ་དག་རྒྱལ་

བས་གཟིགས། །བྱང་ཆུབ་སེམས་དཔའ་གང་དག་ཞིང་རྣམས་ཀུན་ན་སྤྱད་སྤྱོད་དང་། །མངལ་དུ་འཇུག་དང་འབྱུང་དང་བྱང་ཆུབ་ཤིང་དྲུང་འགྲོ་བ་དང་། །གང་དག་ལ་ལ་བྱང་ཆུབ་ཤིང་དྲུང་གནས་ནས་བདུད་འདུལ་བ། །དེ་ཀུན་སངས་རྒྱས་ཐམས་ཅད་གཟིགས་པས་ལྷ་ཡི་མིག་གིས་

Vol. 57 · folio 199b

གཟིགས། །སངས་རྒྱས་ཆོས་ཀྱི་རྒྱལ་པོ་གང་དག་བྱང་ཆུབ་མཆོག་སངས་རྒྱས། །གང་དག་ཆོས་ཀྱི་འཁོར་ལོ་སྐོར་ཞིང་ལྷ་དང་མི་རྣམས་འགྲོལ། །སངས་རྒྱས་མཛད་པ་མཆོག་མཛད་ནས་ནི་རྒྱལ་བ་ཚེ་འདོར་དང་། །གང་ཡང་མྱ་ངན་འདས་པ་སྟོན་པ་དེ་དག་རྒྱལ་བས་གཟིགས། །གང་

དག་འདྲེན་པའི་ཆོས་ཐོས་ནས་ནི་ཚུལ་བཞིན་རབ་སྦྱོར་བ། །དམ་པ་བསིལ་བར་གྱུར་པ་རིམས་མེད་ཞི་བའི་གནས་ལ་རེག །གང་ཡང་བདག་ཀྱང་ཆོས་ཐོས་ནས་ནི་སྲིད་པའི་རྒྱ་མཚོ་ལས། །བརྒལ་ཏེ་བདེ་བ་ཕ་རོལ་ཕྱིན་པ་དེ་དག་རྒྱལ་བས་གཟིགས། །གསང་བ་པ་དང་ཉན་ཐོས་རང་རྒྱལ་

བྱང་ཆུབ་སེམས་དཔའ་ཡི། །ལྷ་མིག་ལམ་དུ་མ་གྱུར་སེམས་ཅན་ཁམས་ནི་མཐའ་ཡས་གང་། །དེ་བཞིན་གཤེགས་པའི་ལྷ་མིག་རྣམ་དག་དྲི་མ་མེད་པ་ཡིས། །སེམས་ཅན་ཀུན་གྱི་ལུས་ཕྲ་ཤིན་ཏུ་གནས་པ་རྣམས་ཀྱང་གཟིགས། །གང་ཡང་ཕང་ལོ་ཙམ་ལ་སེམས་ཅན་ཁམས་ཕྲ་

རྒྱལ་བས་གཟིགས། །དེ་ནི་ཆེས་མང་སྟོང་གསུམ་ལྷ་མི་སྐྱེ་དགུ་དེ་ལྟ་མིན། །འགྲོ་བ་ཡངས་པ་དག་ན་སེམས་ཅན་ཁམས་འཁོར་མཐའ་ཡས་པ། །རབ་ཏུ་ཤེས་ཀྱང་ཐམས་ཅད་གཟིགས་ལ་སེམས་ཅན་འདུ་ཤེས་མེད། །དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་དབང་པོ་རྣོ་

བ་གང་། །དེ་ཡི་མདུན་ན་འཇིག་རྟེན་མགོན་པོ་ཆོས་མཆོག་གསུང་ཡང་ནི། །སེམས་ཅན་ཚོགས་གཞན་གང་གིས་ཀྱང་ནི་དེ་བཞིན་གཤེགས་མི་མཐོང་། །འདི་ནི་འདྲེན་པའི་ལྷ་ཡི་མིག་གི་སྟོབས་ཀྱི་འཕྲིན་ལས་ཡིན། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ཟག་པ་ཐམས་

ཅད་ཟད་པས་བདག་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས་ཏེ། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཟག་པ་མེད་པ། སེམས་རྣམ་པར་གྲོལ་བ། རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་

པ་དེ་ནི་དག་པ། དྲི་མ་མེད་པ། ཡོངས་སུ་དག་པ། འོད་གསལ་བ། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པའོ། །ཉན་ཐོས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ཡོད་པའི་བག་ཆགས་ལེགས་པར་མ་བཅོམ་པའོ། །རང་སངས་རྒྱས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་

Vol. 57 · folio 200a

ཡོད་པ། སྙིང་རྗེ་ཆེན་པོ་དང་བྲལ་བ། སྤོབས་པ་དང་བྲལ་བའོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པ། སྙིང་རྗེ་ཆེན་པོས་ཀུན་དུ་བཟུང་བ། མི་

འཇིགས་པ་དང་སྤོབས་པ་དང་མ་བྲལ་བ། འཇིག་རྟེན་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ་སྟེ། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་བག་ཆགས་མེད། ཉོན་མོངས་པའི་བག་ཆགས་མེད། སྤྱོད་ལམ་འཁྲུལ་པའི་བག་

ཆགས་མེད་དོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་པས་རྡུལ་དང་དུ་བ་དང་ལྷན་ཅིག་མི་གནས་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་པ་དེ་ཡང་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་ལྷན་ཅིག་མི་གནས་སོ། །དེ་

ཟག་པ་ཟད་པ་མཁྱེན་པ་དེ་འདི་ལྟ་བུ་ལ་རབ་ཏུ་གནས་མ་ཐག་ཏུ་ཟག་པ་དང་བཅས་པ་ལེན་པ་དང་བཅས་པའི་སེམས་ཅན་རྣམས་ལ་ཟག་པ་ཟད་པར་བྱ་བ་དང་། ལེན་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །ཀྱེ་མ་སེམས་ཅན་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལས་ཀུན་དུ་བྱུང་བ་དག་ཁྱེད་

ཟག་པ་དང་ལེན་པ་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཤིག་ཅེས་དེ་དག་ལ་དེ་བཞིན་གཤེགས་པས་ཅི་ནས་ཀྱང་ཟག་པ་རྣམས་ཡང་དག་པ་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་བ་དང་། རབ་ཏུ་ཤེས་ནས་ཀྱང་ཆོས་གང་ཡང་མི་ལེན་ཏེ།

དེ་དག་མི་ལེན་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟ་དེ་ལྟར་དཔེ་ཉེ་བར་བཀོད་པའི་དཔེ་རྣམས་ཀྱིས་ཆོས་སྟོན་ཏེ། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་བཅུ་པའོ། །དེ་ལ་འདི་སྐད་ཅེས་བྱའོ། །འདྲེན་པའི་ཟག་པ་ཟད་པ་

མཁྱེན་པ་ནི། །ཤིན་ཏུ་རྒྱ་ཆེ་མ་བསྒྲིབས་ཚད་མེད་ལྡན། །སྟོབས་བཅུ་སྟོབས་ནི་དེ་ཡིས་བྱང་ཆུབ་མཆོག །ཞི་བ་འདི་ནི་རྟོགས་ཤིང་རབ་ཏུ་ཕྱེ། །ཉན་ཐོས་རྣམས་ཀྱི་ཟག་ཟད་ཤེས་པ་ནི། །བག་ཆགས་མ་བཅོམ་ཚད་དང་ལྡན་པ་ཡིན། །མི་ཡི་མཆོག་གི་རབ་མཆོག་འདྲེན་པ་ཡི། །

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words