འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་པཉྩ་པཱ་ར་མི་ཏཱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 61 · folio 30a

པའི་ཚེ། དེའི་མི་ཞབས་འབྲིང་རྙིང་དུ་གྱུར་པ་གང་ཡིན་པ་དེ་དག་ལ། འདི་དག་ནི་བདག་གཞོན་ནུའི་ས་ལ་གནས་པ་ན། བདག་གིས་སྦྱངས་ཤིང་བདག་གིར་བྱས་པ་ཡིན། བདག་ཀྱང་འདི་དག་གིས་སྦྱངས་ཤིང་བདག་གིར་བྱས་པ་ཡིན་གྱིས། བདག་གིས་མི་འདི་དག་ལོངས་

སྤྱོད་ལ་ཅི་རིགས་པར་དགོད་དོ་སྙམ་སྟེ། དེས་བདག་གིས་འཁོར་རྣམས་ཁ་ཅིག་ནི་གྲོང་ཁྱེར་དག་ཏུ་སྣ་བོར་བཅུག །ཁ་ཅིག་ནི་ལས་ཀྱི་སྣ་དག་ཏུ། ཁ་ཅིག་ནི་ཚོང་འདུས་དག་ཏུ། ཁ་ཅིག་ནི་འོར་གྱི་གྲོང་དག་ཏུ་བསྐོས། ཁ་ཅིག་ལ་ནི་གྲོང་དམ་པ་ལོངས་སྤྱོད་དུ་བྱིན་ནོ། །ཚེ་དང་ལྡན་པ་

གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་སེམས་ཅན་དཔག་ཏུ་མེད་པ་དག་ལ་ཕན་འདོགས་ཏེ། ཟང་ཟིང་གི་སྦྱིན་པ་གོས་དང་། ཟས་

དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་དག་གིས་ཕན་འདོགས་ཏེ། ཇི་ལྟར་རྒྱལ་པོ་གཞོན་ནུ་དེས་འཁོར་དེ་དག་ཁ་ཟས་གཡོས་པ་དང་། བཟའ་བ་དང་། བཅའ་བ་ཅི་འབྱོར་པ་དག་གིས་ཕན་འདོགས་པ་དེ་བཞིན་དུ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་

དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཀྱང་། སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པས་ཕན་འདོགས་ཤིང་། གང་གི་ཚེ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། བདུད་རྩིའི་དབང་བསྐུར་བ་ཐོབ་པ་ན། བློ་ཇི་ལྟ་

བ་དང་། ཤེས་རབ་ཇི་ལྟ་བ་བཞིན་དུ་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པས་འདོམས་ཤིང་རྗེས་སུ་སྟོན་ཏོ། །ཟང་ཟིང་མེད་པའི་ཆོས་ཀྱིས་འདོམས་ཤིང་རྗེས་སུ་སྟོན་པ་ན། ཁ་ཅིག་ནི་དགྲ་བཅོམ་པ་ཉིད་ལ་འགོད། ཁ་ཅིག་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཁ་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་

བུ་ལ། ཁ་ཅིག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ། ཁ་ཅིག་ནི་བཟོད་པའི་ས་ལ་འགོད། ཁ་ཅིག་ནི་མཐོང་བའི་ས་ལ། ཁ་ཅིག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་ཇི་ལྟར་རྒྱལ་པོའི་བུ་དེ་གང་གི་ཚེ། རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པར་གྱུར་པ་དེའི་ཚེ།

Vol. 61 · folio 30b

སྟེན་པའི་མི་དེ་དག་ཅི་རིགས་པར་ལོངས་སྤྱོད་ལ་འགོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཇི་ལྟར་མོས་པ་བཞིན་དུ་འགོད་པར་བྱེད་དེ་དེ་ལྟར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་འགོད་པར་བྱེད་དོ། །དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་འགྱུར་ལ།

ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ཞིག་རྒྱལ་པོ་ལ་སྟེན་ཏེ། བསྙེན་བཀུར་བྱེད་ན། དེའི་ཚེ་རྒྱལ་པོ་དེས་ཟས་དང་གོས་ཀྱི་བགོ་སྐལ་བྱིན་ནས། གང་གི་ཚེ་མི་དེས་རྒྱལ་པོ་དེ་ལ་ཤས་ཆེར་བསྟེན་པ་

དེའི་ཚེ། རྒྱལ་པོ་དེ་མཉེས་ཤིང་དགྱེས་པར་གྱུར་ཏེ། དེ་ཐུགས་རངས་པར་གྱུར་ནས། གོས་དང་རྒྱན་བརྒྱ་སྟོང་དུ་མ་བསྐོན་ཏེ། ལོངས་སྤྱོད་ཀྱིས་རྒྱས་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། སེམས་ཅན་དཔག་ཏུ་མེད་པ་རྣམས་ལ་སྦྱིན་པས་ཕན་འདོགས་པར་བྱེད་ཅིང་། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཟང་ཟིང་མེད་པའི་

ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་ཏེ། འཁོར་བ་ལས་སྒྲོལ་བར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཇི་ལྟར་བཤད་པ་དེ་

Vol. 61 · folio 31a

དེ་བཞིན་ཏེ། ཚེ་དང་ལྡན་པ་དཔེར་ན། མི་གང་དག་གསེར་གྱི་འབྱུང་ཁུང་དེའི་ཉེན་ཀོར་ན་གནས་པའི་སེམས་ཅན་རྣམས་ནི། གསེར་གྱི་འབྱུང་ཁུང་དེས་ནམས་ཀྱང་ཉེ་བར་མི་འཚོ་བར་མི་འགྱུར་ཏེ། གང་གི་ཚེ་གསར་དུ་བརྐོས་ཤིང་ཕྱུང་ནས་རིང་པོར་མ་ལོན་པ་དེའི་

ཚེ་ཡང་། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །གང་གི་ཚེ་ཤིན་ཏུ་དྲི་མ་མེད་པར་བྱས་ཤིང་ཤིན་ཏུ་སྦྱངས་ནས་སྙིང་པོར་བྱས་ཏེ་ཕྱུང་བ་དེའི་ཚེ་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །གང་གི་ཚེ་འབྱུང་ཁུང་དེ་ནས་བཏོན་ནས་བཞུས་ཏེ། དེ་ནས་སུམ་ཆའམ།

བཞི་ཆ་གསེར་དུ་གྱུར་པ་དེའི་ཚེ་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། ནམས་ཀྱང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་མ་ཡིན་པར་མི་འགྱུར་ཏེ། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་

ཡང་ཉེ་བར་འཚོ་བ་ཡིན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འདོད་པ་ན་ཡང་། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་

ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ཏེ། རྒྱུ་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །རྒྱུ་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཆོག་ཅེས་བྱ། གཙོ་བོ་དང་། ཕུལ་དང་། རབ་དང་།

རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དང་། ཐེག་པ་

ཆེན་པོ་ལ་ཞུགས་པ་དང་། ལྷག་པའི་བསམ་པ་རྫོགས་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་གནས་བརྟན་ཤ་ར་དྭ་ཏིའི་བུས་ཇི་སྐད་བཤད་པ་བཞིན་དུ་ཟུང་ཤིག །ཆོངས་ཤིག །ཀུན་ཆུབ་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་

Vol. 61 · folio 31b

དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་

གསུངས་པ་ལ་མངོན་པར་བསྟོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་དགུ་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །།བམ་པོ་གསུམ་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་

བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་

རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ལ་དབང་དམ་པའི་ཕ་རོལ་ཏུ་སོན་

པ་ཤ་སྟག་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། གཞན་ཡང་གཟི་བརྗིད་ཆེ་བའི། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་

འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས། བཅོམ་ལྡན་འདས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ལས་བརྩམས་ནས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཀྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཁྱོད་སྤོབས་པར་གྱིས་ཤིག །

Vol. 61 · folio 32a

དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལས་སྐབས་ཕྱེ་བ་ཐོབ་ནས། སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་

པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པར་རིག་པར་བྱ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཆལ་པར་རིག་པར་བྱ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ནི་

གང་ཡིན། སྤྱོད་ཡུལ་མ་ཡིན་པ་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་འདི་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་

ཡིད་ལ་བྱེད་པ་རྣམས་ཀྱི་གནས་ན། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ཡིན་པའོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་འཆལ་པ་ཡིན་པར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་ན། བྱང་ཆུབ་སེམས་དཔའི་དམ་བཅས་པ་སྤོང་ངོ་། །བྱང་ཆུབ་སེམས་དཔའི་དམ་བཅས་པ་སྤོང་ན། ཚུལ་ཁྲིམས་འཆལ་པ་ཡིན་པར་རིག་པར་བྱའོ། །ཚེ་དང་

ལྡན་པ་གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ན། སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་དོ། །སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་ན། དེ་ཙམ་གྱིས་ན་ཚུལ་ཁྲིམས་འཆལ་པར་རིག་པར་བྱའོ། །གལ་

ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཤིང་། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་ཙམ་གྱིས་ནི། དེ་ཚུལ་ཁྲིམས་འཆལ་པར་རིག་པར་བྱ་བ་མ་ཡིན་གྱི། གང་སྦྱིན་པ་སྦྱིན་ཞིང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ན། དེ་ཙམ་གྱིས་ན་ཚུལ་ཁྲིམས་

Vol. 61 · folio 32b

འཆལ་པ་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། རྒྱལ་པོའི་བུ་རྒྱལ་པོས་གདམས་པའི་ཚིག་བཞིན་དུ་བྱེད་པ་ཞིག་ཡོད་ལ། རྒྱལ་རིགས་རྣམས་ཀྱི་རྒྱལ་པོའི་བུས་བསླབ་པར་བྱ་བ་བཟོའི་གནས། འདི་ལྟར་གླང་པོ་ཆེའི་གཉའ་བར་བཞོན་པའམ། རྟ་

བཞོན་པའམ། ཤིང་རྟ་བཞོན་པའམ། རལ་གྲིའི་ཐབས་སམ། འཕོང་ངམ། མདའ་བོ་ཆེ་འཕང་བའི་ཐབས་སམ། བརྒྱུག་པའམ། འགོམ་པའམ། འཆོང་བའམ། སྟོབས་འགྱེད་པའམ། དགྲ་ཐབས་སམ། དེ་ལ་སོགས་པའི་བཟོ་དེ་དག་ལ་སློབ་ན། རྒྱལ་

པོ་ལ་དབེན་པ་ཡིན་ཏེ། རྒྱལ་པོ་ཡང་སྨ་དབབ་པར་མི་སེམས་སོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཏེ། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རྩེ་ཞིང་དགའ་ལ། དགའ་དགུར་སྤྱོད་དུ་ཟིན་ཀྱང་། བྱང་ཆུབ་སེམས་དཔའ་དེ་ནི་ཐམས་ཅད་མཁྱེན་

པ་ཉིད་ལ་ཕན་འདོགས་པ་ཉིད་དུ་གྱུར་པ་ཡིན་ནོ། །གལ་ཏེ་ཡང་སྦྱིན་པ་སྦྱིན་པ་ན་ཉན་ཐོས་སམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ན། དེ་ཙམ་གྱིས་ན་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་པ་ཡིན་ཏེ། བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞིང་དུ་མི་རུང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་

བདག་ཉིད་ཞིང་དུ་མི་རུང་བར་བྱེད་པ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་ཏོ། །ཇི་ལྟ་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་པ་དེ་ལྟ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་

པ་ཡིན་ནོ། །དེའི་སྤྱོད་ཡུལ་མ་ཡིན་པ་གང་ཡིན་པ་དེ་ཉིད་ནི། དེའི་ཚུལ་ཁྲིམས་འཆལ་པ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གལ་ཏེ་ཁྱིམ་གྱི་གནས་ནས་བྱུང་བར་གྱུར་ཏེ། དེ་ཡང་ཚུལ་ཁྲིམས་གང་དང་གང་ཡང་དག་པར་བཟུང་ནས་གནས་པ་དེ་ཡང་ཐམས་

ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མི་སྔོ་ན། བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་མི་ལྡན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཤིང་།

Vol. 61 · folio 33a

གསུམ་ལ་སྐྱབས་སུ་སོང་བར་གྱུར་ལ། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། དེ་འདོད་པ་ལྔའི་ཡོན་ཏན་རྣམས་ལ་ལོངས་སྤྱོད་དུ་ཟིན་ཀྱང་། དེ་ཙམ་གྱིས་ན་དེ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས་པ། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་

སེམས་དཔའ་གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ། །གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་འདོད་པ་དང་

ལྡན་པའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་འབྱུང་དུ་ཟིན་ཀྱང་། དེ་དག་ཐམས་ཅད་དེའི་ཐམས་ཅད་མཁྱེན་པ་ཡིད་ལ་བྱེད་པའི་སེམས་གཅིག་གིས་ཟིལ་གྱིས་གནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ནི། མཆིང་བུའི་ནོར་བུ་འབུམ་དག་དང་

ལྷན་ཅིག་ཏུ་བསྲེས་ཏེ་བཞག་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་རིན་ཐང་མེད་པ་དང་། ཁ་དོག་བཟང་པོ་དང་འོད་ཀྱིས་མཆིང་བུའི་ནོར་བུ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ཀྱང་།

ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་དགེ་བའི་རྩ་བ་དང་ལྡན་པའི་སེམས་གཅིག་བསྐྱེད་པས་ཟིལ་གྱིས་གནོན་པར་རིག་པར་བྱ་སྟེ། ཇི་ལྟར་མཆིང་བུའི་ནོར་བུ་དེ་དག་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་གཅིག་གིས་ཟིལ་གྱིས་ནོན་ཅིང་ལམ་མེར་མ་གྱུར་པ་བཞིན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་

ཏེ་བྱང་ཆུབ་སེམས་དཔའ་མཚན་རྣམས་འདོད་ཅིང་སྦྱིན་པ་སྦྱིན་ན། སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་པའོ། །གང་དེའི་སྤྱོད་ཡུལ་མ་ཡིན་པ་ཐམས་ཅད་ནི་འཆལ་པའི་ཚུལ་ཁྲིམས་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔས་མཚན་རྣམས་འདོད་པས་སྦྱིན་པ་སྦྱིན་པར་

མི་བྱའི། ཐམས་ཅད་མཁྱེན་པ་ཉིད་འདོད་པས་སྦྱིན་པ་སྦྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་དེ་ལ་ནི་མཚན་རྣམས་ཡོད་དོ། །དེ་ལ་ནི་མི་འཇིགས་པ་རྣམས་ཡོད་དོ། །དེ་ལ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་ཡོད་པ་ནས་སངས་

Vol. 61 · folio 33b

རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡོད་དེ། དེ་ལྟར་ན་དེའི་སྦྱིན་པ་ནི་མཆོག་ཏུ་བཟུང་བ་མ་ཡིན་ནོ། །གང་གི་ཚེ་མཆོག་ཏུ་མ་བཟུང་བ་དེའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་གང་ཐམས་ཅད་མཁྱེན་

པ་ཉིད་འདོད་པས་སྦྱིན་པ་སྦྱིན་པར་བྱེད་ན། ཐམས་ཅད་མཁྱེན་པ་ཉིད་ལ་མཆོག་ཏུ་འཛིན་པ་མ་ཡིན་ནམ། གང་དང་གང་ལ་མཆོག་ཏུ་འཛིན་པ་དེ་ཉིད་དེའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ཡུལ་

ན་གནས་པའམ། ཕྱོགས་ན་གནས་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་ནི། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་ཡང་མ་ཡིན་ནོ། །འདུ་བྱས་ཀྱང་མ་ཡིན། འདུ་མ་བྱས་པ་ཡང་མ་ཡིན། ཚད་ཡོད་པ་ཡང་མ་ཡིན་ཏེ།

དེ་ནི་མཆོག་ཏུ་བཟུང་བར་མི་ནུས་སོ། །ཆོས་གང་ཡང་དམིགས་སུ་མེད་དེ། གང་དམིགས་སུ་མེད་པ་དེ་ནི་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཏེ། གང་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་ནི་མཆོག་ཏུ་གཟུང་བར་མི་ནུས་སོ། །ཚེ་དང་ལྡན་པ་གང་པོ་དེ་ལྟ་བས་ན། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ནམ། ཚུལ་ཁྲིམས་སྲུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་ཡིན་ནོ། །གལ་ཏེ་ཡང་ཚུལ་ཁྲིམས་དེ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་

ཡོངས་སུ་སྔོ་ན། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལས་ཉམས་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་ཉམས་པ་ཕྱིར་བསླང་བར་ནུས་སམ། སྨྲས་པ། གལ་ཏེ་ཡང་

དག་པའི་མཐའ་མངོན་སུམ་དུ་མ་བྱས་ལ་གལ་ཏེ་བདེན་པ་རྣམས་མ་མཐོང་ན་ཕྱིར་ཡང་བསླང་བར་ནུས་སོ། །ཡང་སྨྲས་པ། འདི་ལ་ཚེ་དང་ལྡན་པ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཡང་དག་

Vol. 61 · folio 34a

པའི་མཐའ་མངོན་སུམ་དུ་མི་བྱའོ། །སྨྲས་པ། ཅིའི་ཕྱིར། སྨྲས་པ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་དུ་འོང་བའི་ཕྱིར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་སྐལ་བ་མེད་པའི་ཕྱིར་རོ། །

གལ་ཏེ་དེ་ཆོས་ནུབ་པར་གྱུར་པའི་ཚེ་བྱུང་ན་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་རྒྱུ་འདིས་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མ་གྱུར་གྱི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་བྱར་མ་གནང་ངོ་། །ཚེ་དང་ལྡན་པ་

གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཚུལ་ཁྲིམས་དེ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་མངོན་པར་མི་སྒྲུབ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་

གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཚད་ཡོད་པ་རྣམས་ཀྱི་ཆེད་དུ་སྦྱིན་པ་སྦྱིན་ནམ། ཚུལ་ཁྲིམས་སྲུང་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྨྲས་པ།

བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གང་ཡིན་སྨྲས་པ། སྦྱིན་པ་གང་དང་གང་སྦྱིན་པ་དང་། ཚུལ་ཁྲིམས་སྲུང་བ་དེ་ཐམས་ཅད། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་ན། འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སོ། །གལ་

ཏེ་ཡང་བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། ཚུལ་ཁྲིམས་བསྒོམ་པའི་ཕྱིར་སྤྱོད་ལ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མི་སྔོ་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ཡིན་ནོ། །གལ་ཏེ་ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་

དུ་ཡང་ཡོངས་སུ་མི་སྔོ་ན། དེ་ལྟར་ན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ཡིན་ཏེ། དེས་ཚུལ་ཁྲིམས་འཆལ་པར་ཡང་མི་བརྩིའོ། །གལ་ཏེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ན། དེ་ཙམ་གྱིས་ན་དེ་ཚུལ་ཁྲིམས་འཆལ་པ་ཞེས་བྱའོ། །

Vol. 61 · folio 34b

དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་ཡིན་སྨྲས་པ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམས་

ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་ལོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཁྱིམ་ན་གནས་ཏེ། འདོད་པའི་ཡོན་ཏན་ལྔ་རྣམས་ལ་སྟེན་ཅིང་ལོངས་སྤྱོད་ལ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་

སེམས་མི་སྐྱེད་ན། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཆལ་པ་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་འདིས་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལྷག་པའི་བསམ་པ་མ་དཀྲུགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ལ་ལ་ཞིག་ཉེས་པ་

མེད་པར་བཙོན་རར་བཅུག་སྟེ། དེ་བཙོན་ར་དེར་ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ། ལོ་འབུམ་ཕྲག་མང་པོར་བཙོན་རར་བཅུག་ལ། དེའི་ལྷག་པའི་བསམ་པ་ཡང་འཁྲུགས་པར་མ་གྱུར། དེས་རྐུན་པོའི་སེམས་ཀྱང་མ་བསྐྱེད་དུ་ཟིན་ཀྱང་། དེ་བཙོན་རར་བཅུག་ན། དེ་ཙམ་གྱིས་ནི་དེ་རྐུན་

པོ་ཞེས་བརྗོད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཁྱིམ་ན་གནས་ཤིང་། འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཡོངས་སུ་ལོངས་སྤྱོད་པ་དེས། ཚུལ་ཁྲིམས་འཆལ་པ་ཞེས་བྱ་བར་མི་བརྗོད་དོ། །གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཚངས་པར་

སྤྱད་པ་སྤྱོད་ལ། དེ་ཡང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལྷག་པའི་བསམ་པ་ཡང་འཁྲུགས་ན་དེ་ཙམ་གྱིས་ན་དེ་ཚུལ་ཁྲིམས་དང་ལྡན་པ་ཞེས་མི་བྱའོ། །གང་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལ་གནས་

ན་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་དང་པོའོ།། །།ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་བསྐལ་

Vol. 61 · folio 35a

པ་མཐའ་ཡས་པར་མཚམས་སྦྱར་ཞིང་འཁོར་བར་བྱས་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་དེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་

སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་འདི་ལྟར་བསྐལ་པ་འདི་སྙེད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་ཚད་ངེས་པར་བྱེད་པར་གྱུར་ན། འདི་ལ་ཉེས་པ་ཅི་ཡོད། སྨྲས་པ། ཚེ་དང་ལྡན་པ་གང་པོ་འདི་ལ་བྱང་ཆུབ་སེམས་དཔའ་གང་འཁོར་བས་སྐྲག་ཅིང་རིངས་ཏེ། དེ་རིངས་པས་

དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཡང་ཚད་ཡོད་པ་ཉིད་དུ་གྱུར་ཏེ། དེ་ནི་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་གཉིས་སུ་འགྱུར་བར་ཤེས་པར་བྱ་སྟེ། ཚད་ཡོད་པས་ནི་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱ་བར་མི་ནུས་སོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ནི་ཚད་མེད་གྲངས་མེད་པས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་མ་གཏོགས་པར་ཡོངས་སུ་རྫོགས་པར་འགྱུར་བ་མེད་དོ། །གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་ད་དུང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་

འགྱུར་ཏེ། མཐའ་ཡས་པའི་ཕྱིར་ན། དེའི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཇི་ལྟ་ཇི་ལྟར་ཤིན་ཏུ་ཡུན་རིང་པོར་མཚམས་སྦྱོར་

ཞིང་། འཁོར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་ཡོངས་སུ་བསྒོམས་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། སྣོད་སར་པ་སྨན་གྱི་ཁུ་བའི་ཆུས་བཀང་སྟེ་བཞག་ན། ཇི་ལྟ་ཇི་ལྟར་བཞག་པ་དེ་ལྟ་དེ་ལྟར་ཤིན་ཏུ་བསྒོས་པ་དང་། ཤིན་ཏུ་སྲ་བར་འགྱུར་རོ། །ཚེ་དང་

ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཇི་ལྟ་ཇི་ལྟར་ཤིན་ཏུ་ཡུན་རིང་པོར་མཚམས་སྦྱོར་ཞིང་། འཁོར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་བསྒོམས་ཤིང་ཆེས་བརྟན་པར་འགྱུར་བ་དང་། ལྗིད་བཟོད་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་

Vol. 61 · folio 35b

བུམ་པ་སར་པའི་ནང་དུ་མར་རམ་ཏིལ་མར་བཞག་ན། དེ་ཇི་ལྟ་ཇི་ལྟར་ཤིན་ཏུ་ཡུན་རིང་དུ་བཞག་པ་དེ་ལྟ་དེ་ལྟར་བུམ་པ་དེ་སྣུམ་དང་ལྡན་པར་འགྱུར་ཏེ། བུམ་པ་དེ་སྣུམ་གྱིས་ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་

ཇི་ལྟ་ཇི་ལྟར་ཤིན་ཏུ་ཡུན་རིང་པོར་མཚམས་སྦྱོར་ཞིང་། འཁོར་བ་དེ་ལྟ་དེ་ལྟར་སངས་རྒྱས་རྣམས་དང་། འཕགས་པ་ཉན་ཐོས་རྣམས་དང་ཕྲད་པ་ཐོབ་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་སངས་རྒྱས་རྣམས་དང་། འཕགས་པ་ཉན་ཐོས་རྣམས་དང་ཕྲད་པ་ཐོབ་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཐོས་

སོ། །ཇི་ལྟ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་སྒོམ་མོ། །ཇི་ལྟ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ལྟ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་གང་དང་གང་སྐྱེད་པ་དེ་

ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་སྐྱེད་དེ། སེམས་གཞན་དག་སྐྱེ་བའི་གོ་སྐབས་མི་འབྱེད་དོ། །གང་གི་ཚེ་སེམས་གཞན་སྐྱེ་བའི་གོ་སྐབས་མི་རྙེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས་སེམས་ཀྱི་རྒྱུད་ཡོངས་སུ་

བསྒོས་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་མར་གྱི་བུམ་པ་ནི་གང་དང་གང་ནས་བཟུང་ཡང་། དེ་དང་དེ་མར་གྱི་དྲི་དང་ལྡན་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་གང་དང་གང་སྐྱེ་བ་དེ་དག་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དང་

ལྡན་པ་ཉིད་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ནི་བདུད་སྡིག་ཅན་གྱིས་གླགས་བཙལ་ཀྱང་གླགས་མི་རྙེད་དེ། དེ་ནི་དམིགས་པ་གང་ལས་གླགས་འཚོལ་བའི་དམིགས་པ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་སྒོམ་པར་བྱེད་པའི་ཕྱིར་ཏེ། དེ་བཞིན་དུ་བདུད་ཀྱི་

རིས་རྣམས་ཀྱིས་ཀྱང་གླགས་མི་རྙེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་ཤིན་ཏུ་ཡུན་རིང་པོར་མཚམས་སྦྱོར་བ་དེ་ལྟ་དེ་ལྟར་སངས་རྒྱས་རྣམས་དང་། འཕགས་པ་ཉན་ཐོས་རྣམས་དང་ཕྲད་པ་འཐོབ་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་སངས་

Vol. 61 · folio 36a

རྒྱས་རྣམས་དང་། འཕགས་པ་ཉན་ཐོས་རྣམས་དང་ཕྲད་པ་འཐོབ་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོས་པ་དེ་ལྟ་དེ་ལྟར་དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་སྒོམ་མོ། །ཇི་ལྟ་ཇི་ལྟར་ནན་ཏན་བྱེད་ཅིང་སྒོམ་པ་དེ་ལྟ་དེ་ལྟར་ཐམས་

ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཚུལ་ཁྲིམས་ཡང་དག་པར་འཛིན་དུ་འཇུག་པ་ན། ཐོག་མ་ཁོ་ནར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་བའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ལ། དེ་ནས་དེའི་འོག་ཏུ་ཕ་རོལ་

ཚུལ་ཁྲིམས་ཡང་དག་པར་འཛིན་དུ་འཇུག་གོ། །དེ་ལྟར་ཡང་དག་པར་འཛིན་དུ་བཅུག་ནས་སེམས་བསྐྱེད་པ་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཚུལ་ཁྲིམས་ཡང་དག་པར་འཛིན་དུ་བཅུག་པ་གང་ཡིན་པ་དེ། བྱང་ཆུབ་སེམས་དཔས་ཟིལ་

གྱིས་ནོན་པར་འགྱུར་རོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འདོམས་ལ། བཏམས་པའི་སེམས་བསྐྱེད་པ་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། ཉན་ཐོས་ཀྱི་ཐེག་པ་པའི་གང་

ཟག་གང་དེ་ལ་འདོམས་པ་དེ། བྱང་ཆུབ་སེམས་དཔས་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ལ་ལ་གསེར་གྱི་མི་ཁྱེར་ཏེ་འགྲོ་ན་ཁྱེར་བ་གང་ཡིན་པ་དེ་ཉིད་གསེར་གྱི་

མིས་ཁ་དོག་དང་། དབྱིབས་དང་། འོད་ཀྱིས་ཟིལ་གྱིས་ནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་གལ་ཏེ་ཉན་ཐོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ན། ཉན་ཐོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་ཟིལ་གྱིས་ནོན་

པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ཞིག་གིས་ཤེལ་གྱི་མི་པང་པར་ཐོགས་ཏེ་འགྲོ་ན། ཁྱེར་བ་གང་ཡིན་པ་དེ་ཉིད་ཤེལ་གྱི་མིས། ཁ་དོག་དང་། དབྱིབས་དང་།

Vol. 61 · folio 36b

འོད་ཀྱིས་ཟིལ་གྱིས་ནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གང་དག་ཡིན་པ་དེ་དག་གི་བྱེ་མ་སྙེད་ཀྱི་ཉན་ཐོས་ཡོད་པར་གྱུར་ལ། དེ་དག་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་

སུ་སྟོན་ན། དེ་དག་ཐམས་ཅད་དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ཟིལ་གྱིས་ནོན་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་དེ་དག་འདོམས་པ་དེ་ལྟ་དེ་ལྟར་ཉན་ཐོས་རྣམས་ཟིལ་གྱིས་ནོན་པར་འགྱུར་རོ། །གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་

སྟེ། ཉན་ཐོས་དེ་དག་བྱང་ཆུབ་སེམས་དཔའ་ལ་འདོམས་ཤིང་རྗེས་སུ་སྟོན་ན། དེ་ཙམ་དུ་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་འབོགས་ལ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས། ཉན་ཐོས་རྣམས་ནི་ཟིལ་གྱིས་ནོན་པར་འགྱུར་རོ། །ཚེ་དང་

ལྡན་པ་གང་པོ་དཔེར་ན། གསེར་ནི་ཇི་ལྟ་ཇི་ལྟར་བཞུ་ཞིང་བསྐོལ་བ་དེ་ལྟ་དེ་ལྟར་ཆེས་འོད་གསལ་ཞིང་། ཆེས་ཁ་དོག་བཟང་པོར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཇི་ལྟ་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་

ཤིང་རྗེས་སུ་སྟོན་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔས་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས།

ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ཟིལ་གྱིས་ནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ནི་ཇི་ལྟ་ཇི་ལྟར་ནོར་བུའི་བྱི་དོར་མཁན་འཆང་བ་དེ་ལྟ་དེ་ལྟར་ཆེས་འོད་གསལ་བ་དང་། ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་

གིས། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཤིན་ཏུ་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔས་

Vol. 61 · folio 37a

འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་ཉན་ཐོས་རྣམས་ཟིལ་གྱིས་ནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་ཤིན་ཏུ་ལོབས་པས་ཁ་དོག་སྣ་ལྔའི་ཚོན་གྱིས་ཇི་ལྟ་

ཇི་ལྟར་ཁ་དོག་དང་། དབྱིབས་སུ་གཟུགས་འདྲི་ཞིང་ཚོན་བཀྱེ་སྟེ། རྫོགས་པར་བྱེད་ཅིང་ཤ་ཚོན་བྱེད་པ་དེ་ལྟ་དེ་ལྟར་ཡིད་དུ་འོང་ཞིང་ཆགས་པར་བྱེད་པར་འགྱུར་ཏེ། གང་གིས་གཟུགས་རྣམས་བྲིས་པ་དེ་ཉིད་ཁ་དོག་དང་། དབྱིབས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་

བཞིན་དུ་གལ་ཏེ་ཉན་ཐོས་དཔག་ཏུ་མེད་པས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་དག་པར་འགྱུར་ཏེ། དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔས་ནི་ཉན་ཐོས་

རྣམས་ཟིལ་གྱིས་གནོན་ཅིང་སྣང་བར་བྱེད་དེ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས། དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉིན་གཅིག་བཞིན་དུ་རྣམ་པར་འཕེལ་ལོ། །

དེ་དག་ནི་ཚུལ་ཁྲིམས་དེ་ཙམ་ཉི་ཚེ་དང་ལྡན་པ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ཞིག་གིས་ཤིང་བསྐྱེད་ལ་ཤིང་བསྐྱེད་ནས་དུས་དུས་སུ་བྱི་དོར་བྱེད་ཅིང་ཆུས་བྲན་ན་ཇི་ལྟ་ཇི་ལྟར་བྱི་དོར་བྱེད་ཅིང་ཆུས་བྲན་པ་དེ་ལྟ་དེ་ལྟར་ཆུ་ཞེང་དང་འཕང་དུ་སྐྱེ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་

བཞིན་དུ་གལ་ཏེ་ཉན་ཐོས་དཔག་ཏུ་མེད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་ན། ཇི་ལྟ་ཇི་ལྟར་ཉན་ཐོས་དཔག་ཏུ་མེད་པ་རྣམས་བྱང་ཆུབ་སེམས་དཔའ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་དེ་ལྟར། བྱང་ཆུབ་སེམས་དཔའི་ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ལོ། །ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔས་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ཉན་ཐོས་ཐམས་ཅད་

Vol. 61 · folio 37b

ཟིལ་གྱིས་གནོན་ཅིང་སྣང་བར་བྱས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་གང་དག་དེ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་གང་

པོ་དཔེར་ན། མི་ལ་ལ་མེ་ཆུང་ངུའི་ནང་དུ་རྩྭ་དང་། ཤིང་དང་། ལྕི་བ་རྣམས་འཇུག་ན། དེ་ཇི་ལྟ་ཇི་ལྟར་འཇུག་པ་དེ་ལྟ་དེ་ལྟར་དེའི་རྒྱུ་ལས་མེ་དེ་མཆེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་མེ་དེ་མཆེད་པ་དེ་ལྟ་དེ་ལྟར་མེའི་ཕུང་པོ་དེ་ཤིན་ཏུ་ཆེ་བར་འགྱུར་ཏེ། དེས་དཔག་ཚད་མང་པོ། དཔག་ཚད་

བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་རྣམས་སྲེག་ཅིང་སྣང་བར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་གལ་ཏེ་ཉན་ཐོས་དཔག་ཏུ་མེད་པས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་ན། ཇི་ལྟ་ཇི་ལྟར་ཉན་ཐོས་དཔག་ཏུ་མེད་

པས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་དེ་ལྟར། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའི་སྣང་བ་དཔག་ཏུ་མེད་པར་འགྱུར་རོ། །ཇི་ལྟ་

ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྣང་བ་དཔག་ཏུ་མེད་པ་དེ་ལྟ་དེ་ལྟར། བྱང་ཆུབ་སེམས་དཔའ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདོམས་པའི་ཉན་ཐོས་གཞན་གང་ཡིན་པ་དག་གིས་ཟིལ་གྱིས་ནོན་པར་མི་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར་

རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ཞིག་གིས་གསེར་གྱི་འབྱུང་ཁུང་ནས་གསེར་བླངས་ཏེ། དེས་གསེར་དེ་བླངས་ནས་བདག་ཉིད་ཀྱང་བཙོངས་ལ། གསེར་དེ་ཡང་བཙོངས་ན། དེས་གསེར་དེ་བཙོངས་པའི་རིན་ནི་ཆེས་ཆེ་བ་ཡིན་གྱི། གང་གིས་གསེར་བླངས་པའི་མི་དེའི་ནི་

མ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཇི་ལྟ་ཇི་ལྟར་ཉན་ཐོས་དཔག་ཏུ་མེད་པ་དག་གིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མེད་ཅིང་ཆེས་རིན་ཐང་མེད་

Vol. 61 · folio 38a

པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཉན་ཐོས་དེ་དག་གིས་ཚུལ་ཁྲིམས་ཀྱིས་ཀྱང་ཟིལ་གྱིས་ནོན་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔས་ནི་ཉན་ཐོས་དེ་དག་ཚུལ་ཁྲིམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་

ཡོངས་སུ་བསྔོ་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་ཉན་ཐོས་ཀྱི་ཐེག་པ་པའི་འམ། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་འདོམས་ཤིང་རྗེས་སུ་སྟོན་པ་གང་ཡིན་པ་དེ་ཉིད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཟིལ་གྱིས་གནོན་པ་ནི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྒྱ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚེ་དང་ལྡན་པ་གང་པོས་བཤད་པ་ལ་མངོན་པར་རྗེས་སུ་ཡི་རང་

ནས་ཚེ་དང་ལྡན་པ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་སྨྲས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་གཉིས་པའོ།། །།ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་གཞན་ཡང་ཚེ་དང་ལྡན་

པ་བྱམས་མའི་བུ་གང་པོ་ལ་སྨྲས་པ། ཚེ་དང་ལྡན་པ་གང་པོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། གལ་ཏེ་བྱེད་པ་པོའི་ཆོས་འགའ་ཞིག་ཡང་དག་པར་རྗེས་སུ་མཐོང་ན། དེ་བྱང་ཆུབ་སེམས་དཔའི་ཆོས་ལ་གནས་པར་རིག་

པར་བྱ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་སྤོང་ཞིང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སྤྱོད་དོ། །དེའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། དེའི་འཆལ་པའི་ཚུལ་ཁྲིམས་ཞེས་བྱའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

གང་བྱེད་པ་པོའི་ཆོས་འགའ་ཡང་། ཡང་དག་པར་རྗེས་སུ་མི་མཐོང་ཞིང་། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བླངས་ནས་འདུག་ན། ཆོས་གང་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕན་འདོགས་པའམ། གནོད་པར་འགྱུར། སྨྲས་པ། ཚེ་དང་ལྡན་པ་གང་པོ་

Vol. 61 · folio 38b

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ལ་ཡང་ཕན་འདོགས་པའམ། གནོད་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་ཆོས་འགའ་ཞིག་ལ་ཕན་འདོགས་པའམ། གནོད་པ་བྱེད་པར་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་

ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་འགའ་ལ་ཕན་འདོགས་པའམ། གནོད་པར་འགྱུར་བའི་ཆོས་འགའ་ཞིག་ཡང་དག་པར་རྗེས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

འཛིན་པ་མ་ཡིན་ནོ། །བྱེད་པ་པོ་ཡང་དག་པར་རྗེས་སུ་མི་མཐོང་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཚུལ་ཁྲིམས་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་

པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པ་གང་དང་གང་ཡོངས་སུ་བཏང་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་གང་

དང་གང་སྲུང་བ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཕ་རོལ་གྱིས་སྤྱོས་སམ། བརྒྱད་བཀག་ཀྱང་རུང་སྟེ། བཟོད་པར་བྱེད་

ཅིང་། བཟོད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་ཆེད་དུ་རྩོལ་བར་བྱེད་ལ།

བརྩོན་འགྲུས་དེའང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་གང་དང་གང་སྐྱེད་པ་དེ་བཞིན་དུ། བསམ་གཏན་འདི་དག་བསྐྱེད་ནས། རྫུ་འཕྲུལ་

Vol. 61 · folio 39a

མངོན་པར་བསྒྲུབ་པར་བྱའོ། །རྫུ་འཕྲུལ་དེས་ཀྱང་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་ཅིང་ཤེས་པར་བྱའོ། །དེ་ནས་སྣོད་དུ་གྱུར་པར་བྱའོ་སྙམ་སྟེ། སེམས་ཀྱི་ཁྱད་པར་དེ་དག་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་

སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་གང་དང་གང་ལ་སྤྱོད་ཅིང་། ཕུང་པོ་ལ་མཁས་པའམ། ཁམས་ལ་མཁས་པའམ། སྐྱེ་མཆེད་ལ་མཁས་པའམ། རྟེན་ཅིང་འབྲེལ་པར་འབྱུང་

བ་ལ་མཁས་པའམ། གནས་དང་གནས་མ་ཡིན་པ་ལ་མཁས་པའམ། མཉམ་པ་ཉིད་དུ་འདུ་ཤེས་ནས་འདུ་ཤེས་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ་སྙམ་སྟེ། སེམས་བསྐྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་

དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པའི་ཚུལ་ཁྲིམས་དང་ལྡན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཉན་ཐོས་གང་གིས་ཀྱང་ཚུལ་ཁྲིམས་

ཀྱིས་ཟིལ་གྱིས་གནོན་ནུས་པ་གང་ཡང་མེད་དོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐེག་པ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་

པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ནི། ཐེག་པ་ལ་དང་པོ་ཞུགས་པའི་བྱང་

ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་ཐམས་ཅད་བྱམས་པ་ལ་གནས་པར་གྱུར། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་

Vol. 61 · folio 39b

ལ་གནས་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ཡང་ཐེག་པ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་

གལ་ཏེ་སེམས་ཅན་ཐམས་ཅད་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་བཟོད་པ་དང་ལྡན་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐེག་པ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་

ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་ཐམས་ཅད་མཚན་མ་མེད་པའི་རྗེས་སུ་འཐུན་པའི་བཟོད་པ་དང་ལྡན་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐེག་པ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་

ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་ཐམས་ཅད་སྨོན་པ་མེད་པའི་རྗེས་སུ་འཐུན་པའི་བཟོད་པ་དང་ལྡན་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐེག་པ་ལ་དང་པོ་ཞུགས་པའི་བྱང་

ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་ཐམས་ཅད་བརྒྱད་པར་གྱུར་ན། དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐེག་པ་ལ་དང་པོ་

ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཚེ་དང་ལྡན་པ་ཤ་ར་

དྭ་ཏིའི་བུས་བདག་གི་དྲི་བ་དྲིས་པ་ལན་གདབ་པའི་སྐབས་ཕྱེ་ན། ཚེ་དང་ལྡན་པ་ལ་བདག་ཕྱོགས་འགའ་ཞིག་འདྲིའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་དྲིས་ཤིག་དང་ཐོས་པའི་དོན་བརྡ་སྤྲད་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་གཟུགས་བརྒྱད་པ་ཡིན་པར་འདོད་

Vol. 61 · folio 40a

དམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་ནི་མ་ཡིན་ནོ། །སྨྲས་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བརྒྱད་པ་ཡིན་པར་འདོད་དམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་ནི་མ་ཡིན་ནོ། །སྨྲས་པ། དེ་ལས་གཞན་པའི་ཆོས་རྣམས་

ལ་བརྒྱད་པར་འདོད་དམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འོ་ན་བརྒྱད་པ་དེ་གང་ཡིན་པར་འདོད། བདག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཤད་པའི་དོན་དེ་ཇི་ལྟ་བུར་ཤེས་པར་བྱ། སྨྲས་པ། ཚེ་དང་ལྡན་པ་གང་པོ་ཆོས་

འདི་རྣམས་ཀྱི་མཉམ་པ་ཉིད་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་པ་དེ་ལ་ཤེས་པ་གང་གིས་མཉམ་པ་ཉིད་དེ་མངོན་སུམ་དུ་བྱེད་པའི་ཤེས་པ་དེ་ནི་བྱ་བ་བྱས་པའི་ཕྱིར་ཐོབ་པ་ཡིན་ཏེ། དེ་ལ་བརྒྱད་པ་ནི་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གལ་ཏེ་གནས་འདི་རྙེད་ན་ནི་མཉམ་པ་ཉིད་ཤེས་པ་འདི་

ལ་བརྟག་ཅིང་བརྒལ་བ་མེད་དོ། །སྨྲས་པ། འདི་སྐད་དུ་བརྒྱད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་ཉེ་བར་མི་འགྲོའོ་ཞེས་ཀྱང་ཟེར་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་སྔ་མ་དང་ཕྱི་མ་

དང་། ཕྱི་མ་དང་སྔ་མ་ཇི་ལྟར་འཐུན་པར་འགྱུར། སྨྲས་པ། ཚེ་དང་ལྡན་པ་གང་པོ་བརྒྱད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་དེ་ནི་ཇི་ལྟར་ལས་དང་པོ་པ་ལ་བཤད་པ་དེ་

ལྟར་བསྟན་ཏོ། །ཅི་ནས་སེམས་ཅན་རྣམས་འཇུག་པར་འགྱུར་བ་དེ་ལྟར་བསྟན་ཏོ། །ཅི་ནས་སྐྱེ་བོ་མང་པོས་གོ་བར་འགྱུར་བ་དེ་ལྟར་བསྟན་ཏོ། །ཅི་ནས་ཐེག་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཐེག་པ་འབར་བར་འགྱུར་བ་དེ་ལྟར་བསྟན་ཏོ། །བརྒྱད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་

ཐེག་པ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་རྒྱུན་དུ་ཞུགས་པ་ཐམས་ཅད་དང་། །ལན་ཅིག་ཕྱིར་འོང་བ་ཐམས་ཅད་དང་། ཕྱིར་

Vol. 61 · folio 40b

མི་འོང་བ་ཐམས་ཅད་དང་། དགྲ་བཅོམ་པ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཐེག་པ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་ཚུལ་ཁྲིམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་

མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་ཉན་ཐོས་གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟིལ་གྱིས་མནན་པར་སེམས་པ་དེ་ནི། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཟིལ་གྱིས་མནན་པར་འདོད་པར་ཟད་དེ། དེ་ནི་དེ་བཞིན་གཤེགས་པ་དང་རྩོད་པར་སེམས་སུ་ཟད་དོ། །

ཚེ་དང་ལྡན་པ་གང་པོ་དཔེར་ན་གང་རྒྱལ་པོའི་བུ་དང་རྩོད་པར་སེམས་པ་དེ་ནི། རྒྱལ་པོ་དང་རྩོད་པར་སེམས་པར་ཟད་དོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟིལ་གྱིས་མནན་པར་སེམས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཟིལ་གྱིས་

མནན་པར་སེམས་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐུབ་པར་དཀའ་བ་ཡིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་མི་ལ་ལ་ཞིག་རྐང་ལག་མེད་པར་གྱུར་ལ་འདི་སྐད་དུ། བདག་འདི་ནས་རྒྱ་མཚོ་ཆེན་པོའི་ཕ་རོལ་

གྱི་འགྲམ་དུ་མཆོང་བར་བྱའོ་ཞེས་ཟེར་ན། དེ་སྐད་ཟེར་བ་དེ་ལ་མི་དེ་ནི་མངོན་པའི་ང་རྒྱལ་གྱིས་ང་རྒྱལ་བྱེད་དེ་བླ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཉན་ཐོས་སམ། རང་སངས་རྒྱས་གང་འདི་སྐད་དུ། བདག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟིལ་གྱིས་

གནན་པར་བྱའོ་ཞེས་ཟེར་ན། ཚེ་དང་ལྡན་པ་གང་པོ་འདི་ལྟར་དེ་ནི་བླ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྒྱ་མཚོ་དུག་ཅན་པ་དང་འདྲ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་མི་དེ་རྐང་ལག་རྣམས་མེད་བཞིན་དུ་རྒྱ་མཚོ་ལ་མཆོང་

བར་འདོད་པ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་བྱང་ཆུབ་སེམས་དཔའི་ཆོས་རྣམས་མེད་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟིལ་གྱིས་ནོན་པར་འགྱུར་བ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་

Vol. 61 · folio 41a

སེམས་དཔའ་ཆེན་པོ་རྣམས་ནི་ཚུལ་ཁྲིམས་དཔག་ཏུ་མེད་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ཚུལ་ཁྲིམས་དཔག་ཏུ་མེད་པ་དང་ལྡན་པ་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་སེམས་ཅན་

ཚུལ་ཁྲིམས་འཆལ་པ་དཔག་ཏུ་མེད་པ་དག་འཆལ་པའི་ཚུལ་ཁྲིམས་ལས་ཡོངས་སུ་དགྲོལ་བར་འདོད་པ་དང་། ཚུལ་ཁྲིམས་ལ་དགོད་པར་འདོད་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། འཆལ་པའི་ཚུལ་ཁྲིམས་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས། སྨྲས་

པ། འདི་ལྟ་སྟེ། འཆལ་པའི་ཚུལ་ཁྲིམས་ཞེས་བྱ་བ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། དམིགས་པའི་འདུ་ཤེས་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཡོད་པར་འདུ་ཤེས་པ་དང་། མེད་པར་འདུ་ཤེས་པའི་

ཚིག་བླ་དགས་ཏེ། ཉོན་མོངས་པ་དེ་དག་དང་གཞན་རྣམས་ཡོད་ན་འཆལ་པའི་ཚུལ་ཁྲིམས་ཞེས་བྱ་བ་རབ་ཏུ་ཕྱེའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དཔག་ཏུ་མེད་པ་རྣམས་ཚུལ་ཁྲིམས་ལ་དགོད་པར་འདོད་ཅིང་ཐེག་པ་འདི་ལ་ཞུགས་ཏེ། ཚུལ་ཁྲིམས་

དཔག་ཏུ་མེད་པ་དང་ལྡན་པ་དེ་ནི་ཉན་ཐོས་རྣམས་སམ། རང་སངས་རྒྱས་རྣམས་ཀྱིས་ཟིལ་གྱིས་མནན་པར་སླ་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར་མིང་ཙམ་གྱིས་ཀྱང་ཉན་ཐོས་

རྣམས་དང་། རང་སངས་རྒྱས་རྣམས་ཟིལ་གྱིས་གནོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཟག་པ་དང་བཅས་པའི་ཚུལ་ཁྲིམས་ཀྱིས་ཟག་པ་མེད་པའི་ཚུལ་ཁྲིམས་ཇི་ལྟར་ཟིལ་གྱིས་གནོན་པར་འགྱུར། སྨྲས་པ། ཚེ་དང་ལྡན་པ་གང་པོ་འདི་ལ་ཟག་པ་མེད་པའི་ཚུལ་

ཁྲིམས་ནི་བདག་ཉིད་ལ་ཕན་པའི་ཕྱིར་བསྐྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཆེད་དུ་ཡོངས་སུ་བསྔོས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱིས་ཟག་པ་མེད་པའི་ཚུལ་ཁྲིམས་ཟིལ་གྱིས་གནོན་ཏོ། །ཚེ་

Vol. 61 · folio 41b

དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཚད་ངེས་པ་ཞིག་སྒྲུབ་ཏུ་ཟིན་ན་ནི། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་ལ། དེའི་ཚུལ་ཁྲིམས་ཀྱང་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་སེམས་ཅན་དཔག་ཏུ་

མེད་པ་རྣམས་ཀྱི་ཆེད་དུ་ཡོངས་སུ་སྔོ་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེས་ཟག་པ་མེད་པའི་ཚུལ་ཁྲིམས་ཟིལ་གྱིས་གནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་ཉི་མའི་དཀྱིལ་འཁོར་འཆར་བ་ན་སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ཐམས་ཅད་ཀྱི་འོད་ཟིལ་

གྱིས་གནོན་ཏོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་ཀྱང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་ནས་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བར་

རྣམས་ཀྱི་ཚུལ་ཁྲིམས་ཀྱི་འོད་ཀྱང་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། ཟླ་བའི་དཀྱིལ་འཁོར་འཆར་བ་ན་སྐར་མའི་གཟུགས་ཐམས་ཅད་ཀྱི་འོད་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་མཁྱེན་པ་ཉིད་དུ་

ཡོངས་སུ་བསྔོས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྗེས་སུ་དྲན་ཞིང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་ཁྱད་པར་

ཡང་སྐྱེད་ན། རང་གི་སྤྱོད་ཡུལ་ལ་སྤྱོད་པས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་པར་རིག་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་སྐྱེད་པ་དེའི་ཚེ་བྱང་ཆུབ་སེམས་

དཔའ་ལ་ཇི་སྐད་ཅེས་བྱ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཀྱི་རྒྱུད་ལུང་དུ་མ་བསྟན་པ་ལ་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །གལ་ཏེ་ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དུ་ཡོངས་སུ་སྔོ་ན་ནི་དེའི་ཚེ་བྱང་ཆུབ་

Vol. 61 · folio 42a

སེམས་དཔའ་རང་གི་སྤྱོད་ཡུལ་སྤོང་བ་ཡིན་ནོ། །གལ་ཏེ་ལྷག་པའི་བསམ་པ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོས་པ་ཞིག་ཡིན་ན་ནི་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རོ་དང་འདྲ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། སྒྱུ་མ་

མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པས་བྱིས་པ་ཞིག་བཟུང་ལ་སྡོང་པོ་ལ་བསྐྱོན་ཏེ་བསྐྱོན་ནས་དུམ་བུར་རགས་ཏེ་ས་ལ་གཏོར་ན་བྱིས་པ་དེའི་མཛའ་བོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་གང་དག་ཡིན་པ་དེ་དག་བྱིས་པ་འདི་ནི་ཤི་སྟེ། ཕྱིན་ཅད་མི་མཐོང་ངོ་སྙམ་ནས་

སྡུག་བསྔལ་བར་འགྱུར་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱིས་པ་མ་ཤི་བ་དེ་ལ་ཤི་བའི་འདུ་ཤེས་བསྐྱེད་པ་དེ་བཞིན་དུ་ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་ལས་ཉམས་ཏེ། ཉན་ཐོས་

ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པ་ཡང་ཤི་བ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གང་ཡིན་པ་དང་། ཉན་ཐོས་ཀྱི་ཚུལ་ཁྲིམས་གང་

ཡིན་པ་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་གང་ཡིན་པའི་ཚུལ་ཁྲིམས་འདི་དག་ལ་ཐ་དད་དུ་དབྱེ་བར་འདོད་དམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་ཆོས་ཉིད་དང་། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ན་ནི་ཐ་དད་དུ་དབྱེ་བར་ཆུང་ཟད་ཀྱང་མི་འདོད་དོ། །སྨྲས་པ། འོ་ན་ཇི་ལྟར་ཐ་དད་དུ་

དབྱེ་བར་འདོད། སྨྲས་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐ་དད་དུ་དབྱེ་བར་འདོད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱིས་

བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་

Vol. 61 · folio 42b

གང་ཡིན་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟིལ་གྱིས་གནོན་ཅིང་སྤ་བཀོང་ནས་གནས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་འདིར་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ཏེ། ཚེ་དང་ལྡན་པ་གང་པོ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་

མཆོག་ཅེས་བྱ། གཙོ་བོ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། རིའི་རྒྱལ་པོ་གངས་རི་ལ་རིའི་རྒྱལ་པོའི་ཡོན་ཏན་གང་དག་ཡོད་པ་དེ་དག་ནི་རི་གཞན་དག་ལ་མེད་དེ། དེས་ན་རི་རྣམས་ཀྱི་ནང་ན་

རིའི་རྒྱལ་པོ་ཞེས་བྱ་བའི་མིང་ཐོབ་སྟེ། རིའི་རྒྱལ་པོ་གངས་རིས་ནི། རིའི་རྒྱལ་པོ་གངས་རི་ཞེས་བྱ་བའི་མིང་ཐོབ་བོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བ་དང་བྲལ་བ་ཡིན་

ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བ་དང་མ་བྲལ་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་བོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་ཚུལ་

ཁྲིམས་ཀྱིས་ནི་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་ཟིལ་གྱིས་གནོན། སྨྲས་པ། ཚེ་དང་ལྡན་པ་གང་པོ་འདི་ལྟར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཐམས་ཅད་

མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱིས་ཉན་ཐོས་རྣམས་ཀྱི་ཚུལ་ཁྲིམས་དང་། རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་

ཏིའི་བུ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་ཁོ་ནའི་མཐུས་ཤ་ར་དྭ་ཏིའི་བུ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་བྱེད་པ་དང་། སྤྲོ་བ་སྨྲ་བ་ནི་ལེགས་ཏེ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་

Vol. 61 · folio 43a

ཀྱིས་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་གནས་

བརྟན་ཤ་ར་དྭ་ཏིའི་བུས་ཇི་སྐད་བཤད་པ་བཞིན་དུ་ཁྱོད་ཀྱིས་ལོང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཟུང་ཤིག །ཀུན་དགའ་བོ་གལ་ཏེ་བདེན་པ་དང་བདེན་པའི་ཚིག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱིས་གཞན་མུ་སྟེགས་ཅན་དང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཉན་

ཐོས་དང་། རང་སངས་རྒྱས་ཀྱི་བར་གྱི་ཚུལ་ཁྲིམས་ཟིལ་གྱིས་གནོན་པའི་བདེན་པ་དང་། བདེན་པའི་ཚིག་དེས། གལ་ཏེ་རིའི་རྒྱལ་པོ་རི་རབ་ཚངས་པའི་འཇིག་རྟེན་དུ་འཕངས་ཏེ། བར་དེར་འདུག་པར་བྱེད་ན་བདེན་པའི་ཚིག་གིས་འདུག་གོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བྱང་

ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཚུལ་ཁྲིམས་དེ་དག་ཐམས་ཅད་ཀྱི་མཆོག་ཅེས་བརྗོད་པ་ཡིན་ཞིང་གོང་ན་མེད་པ་ཞེས་བྱ་བའི་བར་དུ་བརྗོད་པ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལས་ལེའུ་གསུམ་པའོ།། །།བམ་པོ་བཞི་པ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་དང་ཉེ་བའི་འབུམ་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་ཅིང་བཞུགས་པ་ཞིག་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་དང་ཉེ་བའི་འབུམ་གྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཞིག་ཆོས་སྟོན་པ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་ན། བཅོམ་ལྡན་འདས་དེ་ནི་གང་ལགས།

འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་དེའི་མིང་ནི་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་དེའི་མིང་ནི་སྒྲོན་མ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པ་དེའི་མཚན་ནི་ཟླ་འོད་ཅེས་བྱའོ། །དེའི་ཉན་ཐོས་རྫུ་འཕྲུལ་

Vol. 61 · folio 43b

དང་ལྡན་པ་མགོ་ཞེས་བྱ་བ་ཞིག་ཡོད་དེ། དེས་རྫུ་འཕྲུལ་གྱིས་རིའི་རྒྱལ་པོ་རི་རབ་འཇིག་རྟེན་གྱི་ཁམས་གཞན་ནས་ལག་པས་བླངས་ཏེ། ཚངས་པའི་འཇིག་རྟེན་དུ་ཐུག་པར་འཕངས་ནས་དེའི་བར་སྐབས་སུ་བྱང་ཆུབ་སེམས་དཔས་ཚིག་འདི་སྐད་ཅེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་

དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མ་གཏོགས་པར་དེ་ལས་གཞན་པའི་ཟག་པ་དང་བཅས་པའམ། ཟག་པ་མེད་པའི་ཚུལ་ཁྲིམས་གང་དག་ཡིན་པ་རྣམས་ཀྱི་མཆོག་ཏུ་བརྗོད་པ་ཡིན་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པ་བདེན་པ་གསུང་བ་ལྟར་བདེན་པ་དང་། བདེན་པའི་ཚིག་དང་།

བདེན་པའི་བྱིན་གྱི་རླབས་དེས་རིའི་རྒྱལ་པོ་རི་རབ་འདི་ནམ་མཁའ་བར་སྣང་དེ་ཉིད་དུ་འདུག་ཤིག་ཅེས་སྨྲས་པ་དང་། དེ་ནས་རིའི་རྒྱལ་པོ་རི་རབ་དེ་ནམ་མཁའ་བར་སྣང་དེ་ཉིད་དུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་

རིའི་རྒྱལ་པོ་རི་རབ་ནམ་མཁའ་བར་སྣང་གོ་འབྱེད་ན་འདུག་པ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རིའི་རྒྱལ་པོ་རི་རབ་ས་ལ་མ་ལྷུང་ཤིག །གང་ནས་འོངས་པ་དེ་ཉིད་དུ་འགྲོ་བར་གྱུར་ཅིག་ཅེས་བྱང་ཆུབ་སེམས་དཔས་

རིའི་རྒྱལ་པོ་རི་རབ་འདི་བདེན་པའི་བྱིན་གྱིས་བརླབ་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་ཟིལ་གྱིས་གནོན་པར་སེམས་པ་དེ་ནི་དེ་བཞིན་གཤེགས་

པའི་ཚུལ་ཁྲིམས་སྤོང་བར་བགྱི་བར་སེམས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ཁྲིམས་ནི་ཟིལ་གྱིས་མི་ནོན་པ་ལགས་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་

སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་གང་ལྡོག་པ་དེའི་ཚུལ་ཁྲིམས་ཀྱང་ཟིལ་གྱིས་མི་ནོན་པ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སེམས་ལ་གནས་པ་ནི་ཕྱིར་ལྡོག་པར་མི་འགྱུར་ཏེ། གང་ཕྱིར་ལྡོག་

Vol. 61 · folio 44a

པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་ཀྱང་མི་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་གལ་ཏེ་འཕོང་གི་སློབ་དཔོན་གྱིས་མདའ་གཟས་པ་བཞིན་མི་འགྲོ་ན་དེ་འཕོང་གི་སློབ་དཔོན་ཞེས་མི་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་གལ་ཏེ་བྱང་ཆུབ་སེམས་དཔའི་སེམས་དང་སེམས་

ལས་བྱུང་བ་རྣམས་ཐམས་ཅད་མཁྱེན་པ་ཉིད་དང་མི་ལྡན་པ་འབྱུང་ངམ། ཡང་ན་སྦྱིན་པ་སྦྱིན་ནམ། ཚུལ་ཁྲིམས་སྲུང་ངམ། བཟོད་པ་སྒྲུབ་བམ། བརྩོན་འགྲུས་རྩོམ་མམ། བསམ་གཏན་རྣམས་ལ་མཉམ་པར་འཇོག་གམ། ཤེས་རབ་སྒོམ་ཡང་རུང་སྟེ་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དུ་ཡོངས་སུ་མི་སྔོ་ན་བྱང་ཆུབ་སེམས་དཔའ་དེ་ཚུལ་ཁྲིམས་དང་ལྡན་པ་ཞེས་མི་བྱའོ། །ཚེ་དང་ལྡན་པ་གང་པོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོ་བ་ཡང་མི་ཤེས་ལ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་ཡོངས་སུ་སྔོ་བར་མི་

བྱེད་ན་ཡོངས་སུ་བསྔོ་བ་མེད་དུ་ཟིན་ཀྱང་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །ཡོངས་སུ་སྔོ་བར་བྱེད་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ཏེ། འོན་ཀྱང་ཚེ་དང་ལྡན་པ་གང་པོ་གཅིག་ནི་ཡུན་རིང་མོ་

ཞིག་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལ་ཅིག་ཤོས་ནི་འདི་ལྟ་སྟེ། ཐབས་ལ་མཁས་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་ཡུན་རིང་མོ་ཞིག་ནས་མངོན་པར་རྫོགས་པར་

འཚང་རྒྱ་བར་འགྱུར་བ་ནི་བླའི། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་བ་ནི་དེ་ལྟ་མ་ཡིན་ནོ། །མི་ཞིག་ཆོམ་རྐུན་གྱི་ཡ་ང་བ་ནས་མཆིས་ཏེ་འོངས་པ་ནི་བླའི་བཅོམ་སྟེ་མྱུར་དུ་འོངས་པ་ནི་དེ་ལྟ་མ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། རིང་མོ་ཞིག་ནས་མངོན་

པར་རྫོགས་པར་འཚང་རྒྱ་བ་ནི་བླའི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་བ་ནི་དེ་ལྟ་མ་ཡིན་ནོ། །ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ནི་རྣམ་པ་གཉིས་སུ་འགྱུར་

Vol. 61 · folio 44b

བར་ཤེས་པར་བྱ་སྟེ། ཡང་ན་ནི་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཡང་ན་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་ཁྱིམ་ཞིག་ཚིག་ལ་ཁྱིམ་ཚིག་པ་དེའི་ནང་ན་རིན་

པོ་ཆེའི་ཕུང་པོ་འདུག་སྟེ། རིན་པོ་ཆེ་འདོད་པའི་མི་ལ་ལ་ཞིག་ཁྱིམ་དེར་ཞུགས་ན་དེས་རྣམ་པ་གཉིས་སུ་འགྱུར་བར་ཤེས་པར་བྱ་སྟེ། ཡང་ན་ནི་ཁྱིམ་དེའི་ནང་དུ་ཚིག་པར་འགྱུར། ཡང་ན་ནི་རིན་པོ་ཆེ་དེ་དག་ཁྱེར་ཏེ་འབྱུང་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཐབས་

ལ་མཁས་པའི་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཡང་རྣམ་པ་གཉིས་སུ་འགྱུར་བར་ཤེས་པར་བྱ་སྟེ། ཡང་ན་ནི་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་འགྱུར། ཡང་ན་ནི་མྱུར་དུ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་གང་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པ་དེ་ཐབས་ལ་མཁས་པ་ཞེས་བྱའམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་

སེམས་དཔའ་གང་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པ་དེ་ནི་ཐབས་ལ་མཁས་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་རྒྱུ་འཐུན་པ་མ་ཡིན་གྱི། དེ་ནི་ཐབས་

ལ་མི་མཁས་པའི་རྒྱུ་འཐུན་པ་ཡིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སྤྱོད་པ་ན་བདག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གཞན་དག་ནི་

མ་ཡིན་ནོ་སྙམ་དུ་རྣམ་པར་རྟོག་ན་དེ་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་དེ། གང་སྤྱོད་ཡུལ་མ་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་སྐྱོན་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་ནི་སྦྱིན་པ་ཆེས་མང་བ་སྦྱིན་པ་ཡིན་ནོ། །བདག་ནི་ཚུལ་ཁྲིམས་

Vol. 61 · folio 45a

སྲུང་བའོ། །བདག་ནི་བཟོད་པ་སྒྲུབ་པའོ། །བདག་ནི་བརྩོན་འགྲུས་རྩོམ་པའོ། །བདག་ནི་བསམ་གཏན་ལ་མཉམ་པར་འཇོག་པའོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་གཞན་དག་ནི་མ་ཡིན་ནོ་སྙམ་དུ་དེ་ལྟར་རྣམ་

པར་རྟོག་ན་ཡང་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་དེ། སྤྱོད་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་སྐྱོན་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་ནི་ཇི་ལྟར་ཡོངས་སུ་བསྔོ་བར་བྱ་བའི་ཡོངས་སུ་བསྔོ་བའི་ཐབས་ཤེས་ཀྱི་བྱང་ཆུབ་སེམས་

དཔའ་གཞན་དག་ནི་དེ་ལྟར་མི་ཤེས་སོ་སྙམ་དུ་སེམས་ན་ཡང་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་དེ། སྤྱོད་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་སྐྱོན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་བྱང་ཆུབ་སེམས་དཔའ་གཞན་དག་བསྐལ་པ་གང་

གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ལ། འཁོར་ལོས་སྒྱུར་བའི་ཁ་ཟས་སྦྱིན་ཞིང་ཡོངས་སུ་གཏོང་བ་ཡང་བསོད་སྙོམས་གཅིག་དང་། སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནན་པར་བྱའོ་སྙམ་དུ་སེམས་ན་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་དེ། སྤྱོད་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་

ཀྱི་སྐྱོན་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཐབས་ལ་མཁས་པ་ཡིན་དུ་ཟིན་ཀྱང་རྣམ་པར་རྟོག་པ་འདི་ཇི་ལྟར་རྣམ་པར་རྟོག་ན་དེ་ཐབས་ལ་མཁས་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་སེམས་དཔའ་དང་མི་འཐུན་པར་མི་བྱ། བྱང་ཆུབ་སེམས་

དཔས་ནི་བྱང་ཆུབ་སེམས་དཔའ་ལ་ཁྱད་དུ་གསད་པར་མི་བྱ། བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་སེམས་དཔའ་ལ་བརྙས་པར་མི་བྱའི། དེ་བཞིན་གཤེགས་པ་ལ་གུས་པར་རིམ་གྲོ་བྱ་བ་བཞིན་དུ། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །

སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅི་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་གུས་པར་རིམ་གྲོ་བྱའི། སེམས་ཅན་གཞན་དག་ལ་ནི་གུས་པར་རིམ་གྲོ་མི་བྱའམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་སེམས་ཅན་ཐམས་ཅད་ལ་ཡང་ཇི་ལྟར་དེ་བཞིན་གཤེགས་པ་ལ་གུས་པར་རིམ་གྲོ་བྱ་

Vol. 61 · folio 45b

བ་བཞིན་དུ་གུས་པ་བསྐྱེད་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་མཐོང་ན་གུས་པར་རིམ་གྲོ་བྱའོ། །དེ་བཞིན་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་མཐོང་ན་ཡང་གུས་པར་རིམ་གྲོ་བྱའོ། །དེ་བཞིན་དུ་སེམས་ཅན་གཞན་དག་ལ་ཡང་གུས་པར་རིམ་

གྲོ་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་དམའ་བའི་སེམས་དང་། གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པར་བྱ་སྟེ། ང་རྒྱལ་སྤངས་པས་གུས་པར་རིམ་གྲོ་བྱའོ། །འདི་ལྟར་ཡང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་སངས་རྒྱས་ནས་སེམས་ཅན་འདི་དག་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་ཀྱང་བསྟན་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་དེ་ལྟར་བསམ་པར་བྱའོ། །ཚེ་དང་ལྡན་པ་གང་པོ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོས་སེམས་ཅན་རྣམས་ལ་དམའ་བའི་སེམས་སུ་བྱའོ། །བྱམས་པའི་སེམས་སུ་བྱའོ། །སེམས་ཅན་དེ་དག་གི་མཆོག་ཏུ་འགྱུར་བར་བྱའོ། །མཆོག་ཀྱང་བྱེད་དུ་གཞུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོག་ཉིད་ནི་འདི་ལྟ་སྟེ། སངས་རྒྱས་ཉིད་ཡིན་པའི་ཕྱིར་རོ། །འདི་

ལྟར་འདི་ལ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཡང་བྱམས་པ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་བདག་པོ་ལ་བདག་པོ་བྱེད་དུ་གཞུག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་བཞི་པའོ།། །།དེ་ནས་ཚེ་དང་ལྡན་པ་བྱམས་

མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་བདག་པོར་མཆོག་བྱེད་དུ་འཇུག་སྟེ།

འདོམས་ཤིང་རྗེས་སུ་སྟོན་པར་འགྱུར་རམ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པས་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ཏེ། རྒྱལ་པོ་དང་བཅས་པའི་སྡེ་མངོན་པར་སྤྲུལ་ན། ཅི་སྒྱུ་མའི་མི་དེ་དག་འདི་སྙམ་དུ་གང་

Vol. 61 · folio 46a

བདག་ཅག་ལ་དབང་བྱེད་པའི་རྒྱལ་པོ་ནི་ཡོད་དོ་སྙམ་དུ་སེམས་སམ། སྨྲས་པ། ཚེ་དང་ལྡན་པ་དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་རྒྱལ་པོ་དེ་འདི་སྙམ་དུ་བདག་གི་དཔུང་གི་ཚོགས་ཡན་ལག་བཞི་པ་འདི་དག་ནི་ཡོད་དོ་སྙམ་དུ་སེམས་སམ། སྨྲས་པ། ཚེ་དང་ལྡན་པ་དེ་ནི་མ་

ཡིན་ནོ། །སྨྲས་པ། དཔུང་གི་ཚོགས་ཡན་ལག་བཞི་པ་དེ་དག་ཐམས་ཅད་ནི་རྫས་སུ་གཏོགས་པ་མ་ཡིན། དངོས་པོར་གཏོགས་པ་མ་ཡིན་ཏེ། རྫས་མ་ཡིན་པར་གཏོགས་པ་དངོས་པོ་མ་ཡིན་པར་གཏོགས་པ་ཡིན་པས་དེ་དག་ལ་བདག་པོ་བྱེད་དུ་འཇུག་པར་མི་འགྱུར་ལ། ཆོས་

ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་ཇི་ལྟར་དེ་དག་མཆོག་བྱེད་དུ་འཇུག་པར་འགྱུར། བྱང་ཆུབ་སེམས་དཔས་གང་དག་མཆོག་བྱེད་དུ་གཞུག་པར་བྱ་བའི་ཆོས་རྣམས་ནི་གང་ཡིན། གང་མཆོག་བྱེད་དུ་འཇུག་པའི་ཆོས་དེ་ནི་གང་ཡིན། སྨྲས་པ། ཚེ་དང་ལྡན་

པ་གང་པོ། གལ་ཏེ་བྱང་ཆུབ་སེམས་དཔས་ཆོས་འགའ་ཞིག་ཡང་དག་པར་རྗེས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །གང་གི་ཚེ་ཆོས་ཅི་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཆོས་གང་མཆོག་བྱེད་དུ་འཇུག་པའི་ཆོས་ཅི་ཡང་ཡང་དག་པར་རྗེས་སུ་མ་མཐོང་ལ། དེ་ལས་ཀྱང་ཕྱིར་མི་ལྡོག་པ་དེ་ཉིད་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སྒྱུ་མ་ལྟ་བུའི་

ཆོས་རྣམས་ཀྱི་བདག་པོར་ཉེ་བར་གནས་ལ་དེ་ལས་ཀྱང་ཕྱིར་མི་ལྡོག་པ་དང་བཙལ་བ་ཡང་འབྲས་བུ་དང་བཅས་པར་མཐོང་ལ་ཆོས་ཅི་ཡང་ཡང་དག་པར་རྗེས་སུ་མ་མཐོང་བ་བཞིན་དུ། དེ་ལས་ཀྱང་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་ཞེས་

བྱའོ། །དེ་ལྟར་འདིར་ལྷ་དང་། མི་དང་། ལྷ་མ་ཡིན་གྱི་འཇིག་རྟེན་དུ་བཅས་པའི་འཇིག་རྟེན་རབ་ཏུ་འཇིག་ལ། འདིར་འཇིག་པའང་གང་ཡང་མེད་དེ། དེ་ལྟ་བུར་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་འདི་ལྟར་མིང་

Vol. 61 · folio 46b

གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ཀྱིས་ཞི་བའི་ཆོས་ཉིད་བཤད་པར་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་བརྗོད་པར་མི་ནུས་ཏེ། ཚེ་དང་ལྡན་པ་གང་པོ་འོན་ཀྱང་ཆོས་ཐམས་ཅད་ནི་རབ་ཏུ་གསལ་བ་ཡིན་ལ་དེ་དག་ནི་བསྟན་པར་ཡང་མི་

ནུས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་འདི་སྐད་དུ། ཆོས་ཉིད་འདི་ནི་རབ་ཏུ་གསལ་བ་སྟེ། འདི་དག་ནི་ང་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པ་མ་ཡིན་མོད་

ཀྱི་ངས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་བསྟན་ཏོ། །འོན་ཀྱང་སུ་ལ་ཡང་བསྟན་པ་མེད་ཅིང་སུ་ལ་ཡང་བསྟན་པར་མི་འགྱུར་རོ་ཞེས་གསུང་ངོ་། །དེ་བས་ན་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་

པར་རྫོགས་པར་འཚང་རྒྱ་བར་འདོད་པའི་སེམས་ཕྱིར་མི་ལྡོག་ཅིང་ཞུམ་པར་མི་འགྱུར་ཏེ། བརྩོན་འགྲུས་འབའ་ཞིག་ཡང་དག་པར་འཛིན་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེའི་

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པའི་ཚུལ་ཁྲིམས་ཡིན་ཏེ། ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཡོངས་

སུ་དག་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྒྱུ་མ་ལྟ་བུའི་ཆོས་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོ་བར་བྱ། སྨྲས་པ། ཚེ་དང་ལྡན་པ་གང་པོ་གལ་ཏེ་ཆོས་འདི་དག་སྒྱུ་མ་ལྟ་བུ་མ་ཡིན་དུ་ཟིན་ན་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་ཡང་ཤིན་

ཏུ་མི་ནུས་ཏེ། གང་གི་ཕྱིར་ཆོས་འདི་དག་སྒྱུ་མ་ལྟ་བུར་གྱུར་པ་དེའི་ཚེ་ཆོས་འདི་དག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་ནུས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་རྩོལ་བ་ཡང་མཐུ་དང་ལྡན་པ་ཡིན་ཞིང་བརྩོན་འགྲུས་ཀྱང་ཤིན་ཏུ་རྫོགས་པ་ཡིན་ནོ། །སྨྲས་པ། རྩོལ་བ་མཐུ་དང་ལྡན་

Vol. 61 · folio 47a

པ་གང་ཡིན་པ་འདི་གང་གི་གནས་ཡིན། སྨྲས་པ། འདི་ནི་ཐབས་ལ་མཁས་པའི་གནས་ཡིན་ཏེ། ཐབས་ལ་མཁས་པ་ལ་བརྟེན་ནས་འདི་ལྟར་ཆོས་འདི་དག་ནི་དེ་ལྟར་ཐབས་ལ་མཁས་པ་ལ་གནས་སོ་སྙམ་དུ་ཤེས་ཏེ། དེ་ལ་གོམས་པར་ཡང་མི་བྱེད། ཡང་དག་པའི་

མཐར་ཡང་མི་ལྟུང་ངོ་། །འདི་ལྟ་སྟེ་དཔེར་ན་མི་ཞིག་བྲག་གི་རྩེ་མོར་འདུག་ལ་ལག་པ་གཉིས་ན་གདུགས་ཐོགས་ཏེ་དམ་དུ་བཟུང་ནས་བྲག་དེའི་ཁར་བརྟེན་ལ་རྐང་པ་ཡ་གཅིག་གིས་ནུར་ཏེ། གཡང་ས་མི་བཟད་པ་བལྟ་ན་གཡང་སར་བཞག་ཀྱང་གདུགས་ཀྱིས་རླུང་ཐོགས་པར་བྱས་པའི་

གདུགས་དེ་དག་དང་། རླུང་དེའི་སྟོབས་ཀྱི་ཤུགས་དེས་དེར་ལྟུང་བར་ཡང་མི་འགྱུར་རོ། །དེ་ལྟར་བྲག་གི་ཁ་ན་འདུག་པའི་མི་དེས་བདག་ཉིད་གཡང་སར་འདུག་ཏུ་ཟིན་ཀྱང་གདུགས་དེ་དག་གིས་རླུང་ཐོགས་པར་བྱས་པའི་འདུ་བྱེད་ཀྱིས་བརྟེན་པས་དེ་གཡང་ས་དེ་ལ་ཡང་ལྟ་ཞིང་དེར་ལྟུང་བར་

ཡང་མི་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཐབས་ལ་མཁས་པ་ལ་ཡང་བརྟེན་ཅིང་སྙིང་རྗེ་ཆེན་པོས་ཀྱང་སྒྱུ་མ་ལྟ་བུའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ལ་རྣམ་པར་ལྟ་སྟེ། ཐབས་མཁས་

པ་དེས་ཡོངས་སུ་ཟིན་པས་ཆོས་དེ་དག་ལ་གོམས་པར་བྱེད་པར་ཡང་མི་ལྟུང་ལ་དེའི་སེམས་ཀྱང་ཞུམ་པར་མི་འགྱུར། ཆོས་དེ་དག་ཀྱང་མངོན་སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཡང་ས་ཆེན་པོ་མི་བཟད་པ་དེ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱེད་

པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕུང་པོ་དམ་པ་དང་ལྡན་པ་ཡིན་པར་རིག་པར་བྱའོ། །གང་མངོན་པར་འདུ་བྱ་བ་དང་། གང་མངོན་པར་

རྫོགས་པར་བྱང་ཆུབ་པར་བྱ་བའི་ཆོས་ཅི་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡིན་ཏེ། འདི་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་རིག་པར་བྱའོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་

Vol. 61 · folio 47b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མ་བྲལ་བ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ན་གནས་པ་ཡིན་པར་རིག་པར་བྱ་སྟེ། ཉན་

ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་མནན་ནས་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐམས་ཅད་མཁྱེན་པའི་རིན་པོ་ཆེ་འདོད་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་མི་ཞིག་བྲག་ཕུག་ཏུ་ཞུགས་ཏེ། དེར་འགྲོ་བ་ན་ངོས་གཡས་གཡོན་ན་དབྱིག་

དང་། གསེར་དང་། དངུལ་དག་མཐོང་སྟེ། དེ་ཇི་ལྟ་ཇི་ལྟར་ནང་དུ་འགྲོ་བ་དེ་ལྟ་དེ་ལྟར་ངོས་གཡས་གཡོན་ན་དབྱིག་དང་། གསེར་དང་། དངུལ་གྱིས་ཡོངས་སུ་གང་བར་མཐོང་ཞིང་། མུ་ཏིག་གི་ཆུན་པོས་ཀྱང་ཡོངས་སུ་གང་བར་མཐོང་ངོ་། །དེ་གལ་ཏེ་དེ་ལ་ཆགས་པ་སྐྱེད་ན། དེའི་

ནང་གི་རིན་པོ་ཆེ་རིན་ཐང་མེད་པ་གང་དག་ཡིན་པ་དེ་དག་ལས་དེ་ཡོངས་སུ་ཉམས་པར་འགྱུར་རོ། །གལ་ཏེ་དེར་དབྱིག་དང་། གསེར་དང་། དངུལ་དང་། མུ་ཏིག་གི་ཆུན་པོ་དེ་དག་ལ་ཆགས་པ་མི་སྐྱེད་ན་ནི། དེ་དེ་ལས་འདས་ནས་རིན་པོ་ཆེ་རིན་ཐང་མེད་པ་རྣམས་གང་ན་ཡོད་པའི་

ཕྱོགས་དེར་ཕྱིན་ནས་མཐོང་བར་འགྱུར་ཞིང་དེ་རིན་པོ་ཆེ་རིན་ཐང་མེད་པ་དེ་དག་དང་ལྡན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའི་བསྔགས་པའམ། ཆོ་འཕྲུལ་ལམ། རྫུ་འཕྲུལ་

བརྗོད་པ་ན་དེར་འོང་ཞིང་འདྲུལ་ལ་ཆགས་པར་བྱེད་ན་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་ལས་ཉམས་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའི་བསྔགས་པ་བརྗོད་པ་ན་དེ་དག་ཡིད་ལ་མི་

བྱེད་ཅིང་ཟིལ་གྱིས་མནན་ཏེ་འགྲོའོ། །དེ་ལ་ཆགས་པ་ཡང་མི་སྐྱེད། ཞེན་པར་ཡང་མི་འགྱུར། སྲེད་པར་ཡང་མི་བྱེད་དེ་དེ་ལ་སྲེད་པར་མི་བྱེད་ཅིང་ཡིད་ལ་མི་བྱེད་པ་དེས་ནི་ཟིལ་གྱིས་མནན་ཏེ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། ས་འདི་

Vol. 61 · folio 48a

གཉིས་ནི་ཐམས་ཅད་མཁྱེན་པ་ཉིད་ལ་བར་ཆད་བྱེད་པ་སྟེ། འདི་དག་ལས་འདས་ནས་རིམ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་འཐོབ་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་མི་དེ་དབྱིག་དང་། གསེར་དང་། དངུལ་དང་། མུ་ཏིག་གི་ཆུན་པོ་རྣམས་ལས་

འདས་ཏེ། དེ་དག་ལ་ཆགས་པ་མི་སྐྱེད་པར་ནང་དུ་ཞུགས་ནས་རིན་པོ་ཆེ་རིན་ཐང་མེད་པ་དེ་དག་དང་ལྡན་པར་གྱུར་ན་བདག་ཉིད་ཀྱང་སྤྱོད་ལ། སེམས་ཅན་རྣམས་ལ་ཡང་ཡང་དག་པར་འགོད་པའི་ངང་ཚུལ་ཅན་དུ་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡང་ས་འདི་གཉིས་ལ་རོ་མི་མྱང་བར་འདས་ནས་རིམ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དང་ལྡན་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་གཉིས་ལ་རབ་ཏུ་ཆགས་ན། དེ་ནི་ཐབས་ལ་མི་མཁས་

པར་རིག་པར་བྱའོ། །དེ་བས་ན་ཐབས་ལ་མཁས་པས་ཡོངས་སུ་ཟིན་པས་དེ་ལ་ཡིད་བརྟན་པར་མི་བྱ་སྟེ། ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔས་ཡིད་བརྟན་པར་མི་བྱའོ། །སྨྲས་པ། ཚེ་

དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་མི་བརྟན་པར་མི་བྱ་བ་གང་ཡིན། སྨྲས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནི་ཡིད་མི་བརྟན་པར་མི་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འདྲིས་པར་སྤྱོད་པ་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེས་འདི་ལྟར་བདག་ཡུན་རིང་མོ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་དུ་འོང་གིས་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མགོ་དང་

གོས་ལ་མེ་འབར་བ་བཞིན་དུ་སྤྱད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་བདག་ཚུལ་ཁྲིམས་འདིས་མཚན་རྣམས་ཡོངས་

Vol. 61 · folio 48b

སུ་འཛིན་པར་གྱུར་ཅིག་ཅེས་ཀུན་ཏུ་སྤྱོད་པ་འདི་ལྟ་བུ་དག་འབྱུང་བར་གྱུར་ན། བྱང་ཆུབ་སེམས་དཔའ་དེ་རྣམ་པར་རྟོག་པ་ལ་ཞུགས་པ་ཡིན་ནོ། །རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་འཆལ་པའི་ཚུལ་ཁྲིམས་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་ནི་མཚན་རྣམས་ཀྱི་ཆེད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་མི་བྱའོ། །གལ་ཏེ་མཚན་རྣམས་ལ་མཆོག་ཏུ་འཛིན་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་ཡིན་པར་རིག་པར་བྱའོ། །ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་ལ་བྱང་ཆུབ་སེམས་དཔའ་འདི་ནི་ཚུལ་ཁྲིམས་མཆོག་ཏུ་འཛིན་པའོ། །འདི་ནི་ཚུལ་ཁྲིམས་མཆོག་

ཏུ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་ཤེས་པ་ཡོད་དམ་གསོལ་པ། བདག་ཇི་ལྟར་བཅོམ་ལྡན་འདས་ལ་གློ་བ་ཆེས་ཤིང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་ལྟར་ན་གལ་ཏེ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་སེམས་བསྐྱེད་ན་

ཚུལ་ཁྲིམས་མཆོག་ཏུ་འཛིན་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་སེམས་བསྐྱེད་ན་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་ལགས་པར་རིག་

པར་བགྱིའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་དམིགས་པའམ། སྒྲ་ལ་དམིགས་པའམ། དྲི་ལ་དམིགས་པའམ། རོ་ལ་དམིགས་པའམ། རེག་པ་ལ་དམིགས་པའི་སེམས་བསྐྱེད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བགྱིད་པ་ལགས་

པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བགྱིད་པ་དེ་ནི་ཉོན་མོངས་པའི་གྲངས་སུ་གཏོགས་ལ། ཉོན་མོངས་པའི་གྲངས་སུ་གཏོགས་པ་དེ་ནི་སྐྱེ་བ་དེ་དང་དེ་དག་ཏུ་ལུས་ཡོངས་སུ་འཛིན་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ལུས་ཡོངས་སུ་འཛིན་

Vol. 61 · folio 49a

པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བླངས་ཏེ་གནས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བླངས་ཏེ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །བཅོམ་ལྡན་འདས་བདག་ནི་

འདི་ལ་འདི་ལྟར་འཚལ་ཏེ། བཅོམ་ལྡན་འདས་ཇི་ལྟར་ཉོན་མོངས་པ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་འདོགས་པ་ལགས་ཏེ། བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་རྣམས་ཀྱང་ཕན་

འདོགས་པར་གྱུར་པར་མཐོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཐབས་ལ་མཁས་པ་ལགས་པར་རིག་པར་བགྱིའོ། །དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་གནས་པ་ལགས་ཏེ། དེ་ལྟར་ན་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མ་ལགས་པར་རིག་

པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་ཁྱོད་དེ་ལྟར་སྟོན་པ་ནི་དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་ཡིན་

ཏེ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ཀྱང་ལན་འདེབས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་འདི་ལྟར་བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་འཇིག་རྟེན་གྱི་ཁམས་གྲངས་

མེད་དཔག་ཏུ་མེད་པ་དག་གི་སེམས་ཅན་ཚུལ་ཁྲིམས་འཆལ་པ་གང་དག་ཡིན་པ་དེ་དག་བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཚུལ་ཁྲིམས་སོ་སོར་ཐོབ་པར་གྱུར་ཅིག །འཆལ་པའི་ཚུལ་ཁྲིམས་རྣམ་པར་སྤོང་བར་གྱུར་ཅིག །བདག་གི་ཚུལ་ཁྲིམས་འདིས་སེམས་ཅན་

དེ་དག་ལ་ཕན་ཡང་གདགས་པར་བྱའོ་སྙམ་དུ་རིག་པར་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དེ་ཇི་ལྟ་ཇི་ལྟར་ཚུལ་ཁྲིམས་ཡོངས་སུ་སྔོ་བར་བྱེད་པ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་

Vol. 61 · folio 49b

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱི་ཚད་ངེས་པར་མ་བཅས་པས་ཆོས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སེམས་ཅན་བྱང་ཆུབ་སེམས་

དཔའི་ཐེག་པ་ལ་གསར་དུ་ཞུགས་པ་གང་དག་ཡིན་པ་དེ་དག་ཀྱང་བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཕྱིར་མི་ལྡོག་པར་གྱུར་ཅིག །ཕྱིར་མི་ལྡོག་པ་གང་དག་ཡིན་པ་དེ་དག་ཀྱང་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བྱང་ཆུབ་སེམས་དཔའ་ལ་

དམིགས་ནས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཡོངས་སུ་སྔོ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་ཡོངས་སུ་སྔོ་བར་བྱེད་པ་དེ་ལྟ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་སྤོང་ཞིང་དེ་ལྟ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་

ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མེད་པ་ནི་ཆེས་དཔག་ཏུ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་གཅིག་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྔོ་བ་གང་ཡིན་པ་དང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཚུལ་ཁྲིམས་

འཆལ་པ་གང་དག་ཡོད་པ་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་གཅིག་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྔོ་བ་གང་ཡིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྔོ་བ་དེ་ལ་ཡོངས་

སུ་སྔོ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེས་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བ་

ཡིན་ཞིང་ཉེ་བར་བརྟན་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣལ་འབྱོར་ཡོངས་སུ་འཛིན་ཅིང་ཉེ་བར་སྟོན་པ་དེས་ནི་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ལ་ཕན་གདགས་ཤིང་ཉེ་བར་བརྟན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དཔེར་ན། ཀ་བ་

Vol. 61 · folio 50a

གཅིག་པའི་ཁང་བཟངས་ཤིག་ལ་འདུག་ས་བཅུའམ། ཉི་ཤུ་ཡོད་ལ། ཁང་བཟངས་དེའི་ནང་ནི་གྲིབ་མ་ལ་སྲོག་ཆགས་བརྒྱ་ཕྲག་མང་པོ་རྣམས་དང་། སྲོག་ཆགས་སྟོང་ཕྲག་མང་པོ་རྣམས་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་འདུས་པར་གྱུར་ལ། མི་

ལ་ལ་ཞིག་ཁང་བཟངས་ཀྱི་ཀ་བ་དེ་གཅོད་པར་འདོད་ལ་དེ་ལ་མི་ལ་ལ་ཞིག་འདི་སྐད་དུ། ཀྱེ་སྐྱེས་བུ་ཁང་བཟངས་ཀྱི་ཀ་བ་འདི་བཅད་ན་སྲོག་ཆགས་བརྒྱ་ཕྲག་མང་པོ་སྲོག་དང་བྲལ་བར་འགྱུར་རོ། །ཞེས་སྨྲ་ལ་དེ་ལ་དོན་འདོད་ཅིང་གྲུབ་པ་དང་། བདེ་བར་འདོད་པའི་མི་དེས་ཁང་བཟངས་ཀྱི་ཀ་བ་

གཅོད་པའི་མི་དེ་བཀག་ལ་དེ་ལ་ཡང་མི་ལ་ལ་ཞིག་འདི་སྐད་དུ་ཀྱེ་མི་ཁྱོད་ཀྱིས་སྲོག་ཆགས་མང་པོ་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་པོ། སྲོག་ཆགས་འབུམ་ཕྲག་མང་པོ་རྣམས་ཀྱི་སྲོག་བྱིན་ནོ་ཞེས་ཟེར་བ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་

དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འདོམས་པར་མི་བྱེད། རྗེས་སུ་སྟོན་པར་མི་བྱེད་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་འདོམས་ཤིང་རྗེས་སུ་སྟོན་ན་དེས་སེམས་ཅན་དཔག་

ཏུ་མེད་པ་རྣམས་ཀྱི་དགྲ་བཅོམ་པ་ཉིད་ཀྱི་བར་ཆད་བྱས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འདོམས་ཤིང་རྗེས་སུ་སྟོན་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་

སྟོན་པར་བྱེད་པ་དེས་ནི་སེམས་ཅན་རྣམས་ལ་དགྲ་བཅོམ་པ་ཉིད་བྱིན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་གང་ངའི་བསྟན་པ་མཐོང་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། ཕ་

རོལ་ཏུ་ཕྱིན་པ་དྲུག་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ནི་སེམས་ཅན་དཔག་ཏུ་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་འདི་སྙམ་དུ་ཚུལ་

Vol. 61 · folio 50b

ཁྲིམས་འདིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག་སྙམ་དུ་སེམས་ཏེ། དེ་ལྟར་ཡོངས་སུ་སྔོ་ཞིང་སེམས་ཅན་ཐམས་ཅད་ལ་སེམས་པར་གྱུར་ལ། སེམས་ཅན་གང་བདེ་བའམ་དགའ་བ་ཡང་སྐྱེ་ཞིང་སྒྲ་དེ་ཐོས་ནས་སེམས་ཅན་དེ་དག་གི་སེམས་གནོད་སེམས་མེད་

ཅིང་ཚུལ་ཁྲིམས་ཀྱི་གྲངས་སུ་འགྲོ་བ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་པའི་སེམས་གཅིག་བསྐྱེད་པ་ལ། སྔ་མའི་བསོད་ནམས་ཀྱི་རྒྱུན་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་།

བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཚུལ་ཁྲིམས་ཡོངས་སུ་སྔོ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་འབོགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་དྲུག་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔར་རིག་པར་བགྱི་བ་གང་ལགས། བྱང་ཆུབ་སེམས་དཔས་ཇི་སྲིད་ཀྱི་བར་དུ་སྤྱད་ན་དེ་བྱང་ཆུབ་སེམས་དཔར་རིག་པར་བགྱི། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་འདོམས་ཤིང་རྗེས་སུ་སྟོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་སེམས་ཅན་རྣམས་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་

ཞིང་། ཚིག་འདི་སྐད་དུ། བདག་གི་སྦྱིན་པ་འདིས་སེམས་ཅན་སེར་སྣ་ཅན་རྣམས་གཏོང་བ་ཐོབ་པར་གྱུར་ཅིག །བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཐོབ་པར་གྱུར་ཅིག །བདག་གི་བཟོད་པའི་ཕ་རོལ་

Vol. 61 · folio 51a

ཏུ་ཕྱིན་པ་འདིས་སེམས་ཅན་གནོད་སེམས་ཀྱི་སེམས་དང་ལྡན་པ་དང་། ཁྲོ་བའི་སེམས་དང་ལྡན་པ་རྣམས་བཟོད་པ་ཐོབ་པར་གྱུར་ཅིག །བདག་གི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཐོབ་པར་གྱུར་ཅིག །བདག་གི་

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདིས་སེམས་ཅན་རྣམ་པར་རྟོག་པ་སྤྱོད་པ་རྣམས་དང་། སེམས་ཅན་རྣམ་པར་གཡེངས་པ་རྣམས་བསམ་གཏན་ཐོབ་པར་གྱུར་ཅིག །བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སེམས་ཅན་ཤེས་རབ་འཆལ་པ་རྣམས་དང་། རྨོངས་པ་རྣམས་

ཤེས་རབ་ཐོབ་པར་གྱུར་ཅིག་ཅེས་ཟེར་ཞིང་ས་ནས་ས་ཇི་ལྟ་བ་བཞིན་དུ་དེ་ལྟར་ཡོངས་སུ་སྔོ་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བསྐལ་པ་དུས་འབྱུང་བར་རིག་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཡོངས་སུ་སྔོ་བ་དེ་ནི་བསྐལ་པ་ལྔ་བརྒྱས་འབྱུང་བར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་འདི་དང་ལྡན་པས་བསྐལ་པ་བཟང་པོ་འདིའི་སངས་རྒྱས་

སྟོང་གི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། འདི་སྐད་དུ། ཇི་ལྟར་བྱས་ན་ངན་སོང་རྣམས་སྟོངས་པར་འགྱུར་སྙམ་པ་དང་། བདག་གི་ཉན་ཐོས་འདུས་པ་དང་པོ་ལ་ཡང་དགྲ་བཅོམ་པ་བྱེ་བ་ཕྲག་འབུམ་ཡོད་པར་གྱུར་

ཅིག་ཅེས་སྨོན་ལམ་འདེབས་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ནི་བསྐལ་པ་སྟོང་གིས་འགྲུབ་པར་ང་སྨྲའོ། །གལ་ཏེ་དེ་ལྟར་ཡོངས་སུ་སྔོ་བ་ལ་དགའ་ན་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་ནི་བྱང་ཆུབ་སེམས་དཔའ་བསྐལ་པ་ལྔ་བརྒྱས་

འབྱུང་བ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་དགའ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བྱང་

Vol. 61 · folio 51b

ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་མ་བཏང་བའི་སླད་དུ་ལགས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་ཉིན་ཞག་གཅིག་ཙམ་ཡང་དགའ་བ་དང་། མཆོག་ཏུ་དགའ་བས་ཁྱབ་ཅིང་

གནས་ན། བྱང་ཆུབ་སེམས་དཔའ་དེ་ནི་ཐེག་པ་ལ་ཞུགས་ནས་ཡུན་རིང་བ་ལགས་པར་རིག་པར་བགྱིའོ། །གལ་ཏེ་ཉིན་ཞག་གཉིས་ཀྱི་བར་དུ་ཁྱབ་ཅིང་གནས་ན། བྱང་ཆུབ་སེམས་དཔའ་དེ་ནི་ཞུགས་ནས་ཤིན་ཏུ་ཡུན་རིང་བ་ལགས་པར་རིག་པར་བགྱིའོ། །གལ་ཏེ་ཉིན་

ཞག་བདུན་དུ་ཡིད་དགའ་བཞིན་དུ་གནས་ན། བྱང་ཆུབ་སེམས་དཔའ་དེ་ནི་ཐེག་པ་ལ་ཞུགས་ནས་ཡུན་རིང་དུ་ལོན་པ་དག་གི་ནང་ན་ཡང་ཐེག་པ་ལ་ཞུགས་ནས། ཆེས་ཡུན་རིང་དུ་ལོན་པ་ལགས་པར་རིག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གང་ཚུན་ཆད་དེའི་དགེ་བའི་རྩ་བ་ཆེར་འཕེལ་ཞིང་། དེ་ཐབས་ལ་མཁས་པར་གྱུར་པས་ཕ་རོལ་ཏུ་ཕྱིན་པ་

རྣམས་ཉན་སླན་ཆད་བསྐལ་པ་བདུན་གྱིས་འབྱུང་བར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བདག་གི་སྤོབས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། དེ་དེ་

བཞིན་ནོ། །དེ་དེ་བཞིན་ཏེ། རྣམ་པ་འདི་དག་དང་། རྟགས་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐེག་པ་ལ་ཞུགས་ནས་ཡུན་རིང་དུ་ལོན་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་

བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་འཆད་པ་ན་མཆོག་ཏུ་དགའ་བ་མི་འཐོབ་ན། བྱང་ཆུབ་སེམས་དཔའ་དེ་ནི་ཐེག་པ་ལ་གསར་དུ་ཞུགས་པ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་ཕ་རོལ་ཏུ་ཕྱིན་པ་ཉན་ཅིང་། ཕ་རོལ་

Vol. 61 · folio 52a

ཏུ་ཕྱིན་པ་རྣམས་ལ་སློབ་པ་དེ་ཡང་རིམ་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་ང་སྨྲའོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མ་བཏང་བ་ནི་ངོ་མཚར་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་འབའ་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་མ་བཏང་སྙམ་དུ་སེམས་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་ནི་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མ་བཏང་སྟེ། སེམས་ཅན་ཐམས་ཅད་ལ་ཡང་འདི་ལྟར་སེམས་ཅན་འདི་དག་ཐམས་ཅད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་རྣམས་ལས་ཇི་ལྟར་ཡོངས་སུ་དགྲོལ་བར་བྱ་སྙམ་པའི་ཐུགས་ཉེ་བར་གནས་པའི་ཕྱིར་རོ། །

ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་ཐུགས་ཉེ་བར་གནས་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཡང་ཐུགས་ཉེ་བར་གནས་སོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་བཞིན་གཤེགས་པའི་ཐུགས་དེ་བཞིན་གཤེགས་པ་རྣམས་ལ་ཡང་གཞན་དུ་གྱུར་ལ།

བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་གཞན། རང་སངས་རྒྱས་རྣམས་ལ་ཡང་གཞན། དགྲ་བཅོམ་པ་རྣམས་ལ་ཡང་གཞན། ཕྱིར་མི་འོང་བ་རྣམས་ལ་ཡང་གཞན། ལན་ཅིག་ཕྱིར་འོང་བ་རྣམས་ལ་ཡང་གཞན། རྒྱུན་ཏུ་ཞུགས་པ་རྣམས་ལ་ཡང་གཞན། ཆོས་ཀྱི་རྗེས་

སུ་འབྲང་བ་རྣམས་ལ་ཡང་གཞན། དད་པས་རྗེས་སུ་འབྲང་བ་རྣམས་ལ་ཡང་གཞན། ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ལ་ཡང་གཞན། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་རྣམས་ལ་ཡང་གཞན། གཤེད་མ་རྣམས་ལ་ཡང་གཞན། གདོལ་པ་

རྣམས་ལ་ཡང་ཐུགས་གཞན་ཉེ་བར་གནས་པར་གྱུར་ན་ནི། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདུན་པས་འགྲོ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་གི་ཕྱིར་དེ་བཞིན་གཤེགས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་

Vol. 61 · folio 52b

ཐུགས་ཉེ་བར་གནས་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཡང་ཐུགས་ཉེ་བར་གནས་ཏེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པའོ། །ཤ་ར་དྭ་ཏིའི་བུ་གང་ལ་དེ་བཞིན་གཤེགས་པའི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་

འབྱུང་བ་དེའི་དངོས་པོའམ་དམིགས་པ་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་ནི་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་

ནི་དེ་བཞིན་གཤེགས་པས་ཡོངས་སུ་མ་བཏང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཅིང་རིམ་གྱིས་འཇིག་རྟེན་དུ་ཆོས་ཀྱི་སྣང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །

ཤ་ར་དྭ་ཏིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་དོན་གྱི་དབང་འདི་ཡང་དག་པར་གཟིགས་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་འདོམས་ཤིང་རྗེས་སུ་བསྟན་པར་དགོངས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་འདས་ནས་བྱང་ཆུབ་སེམས་དཔའ་རིམ་གྱིས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡང་འཇིག་རྟེན་དུ་ཆོས་ཀྱི་སྣང་བ་འདི་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་

བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་ཆོས་ཀྱི་སྣང་བ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དཔེར་ན། ཤིང་ལྗོན་པ་ལ་ལ་ཞིག་སྡོང་པོ་མེད་པར་གྱུར་ལ། དེ་ཉིད་ལས་བྱུང་བའི་ས་བོན་ཤིང་དེའི་ཁོ་ར་ཁོར་ཡུག་ནས་སྐྱེ་ཞིང་། སྐྱེས་པ་དེ་རྣམ་པར་འཕེལ་ཞིང་རིམ་གྱིས་ས་ཕྱོགས་དེར་གྲིབ་མ་ཆེན་པོ་བྱེད་དེ། དེར་སྲོག་ཆགས་བརྒྱ་ཕྲག་མང་

Vol. 61 · folio 53a

པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་ཚ་བས་གདུངས་ཤིང་། རླུང་དང་། ཉི་མ་དང་། སེར་བས་ཉེན་པ་རྣམས་གྲིབ་མ་དེ་ལ་གནས་ན་བདེ་བ་དང་ལྡན་པར་འགྱུར་ཞིང་ལུས་དང་ཡིད་བག་ཡངས་སུ་གནས་པར་འགྱུར་རོ། །

གྲིབ་མ་དེ་ཡང་ཡིད་ཆགས་པར་བྱེད་པ་ཡིན་ཏེ། སྙིང་ནས་གྲིབ་མ་དེ་ལས་ཕྱིར་འགྲོ་བའི་བློ་མི་འབྱུང་ངོ་། །ཤིང་ལྗོན་པའི་སྡོང་པོ་སྔ་མ་དེ་བྱ་བ་གང་གིས་ཉེ་བར་གནས་པར་གྱུར་པའི་བྱ་བ་དེ་ཉིད་ཀྱིས་ཤིང་ལྗོན་པའི་སྡོང་པོ་ཕྱི་མ་དེ་ཡང་ཉེ་བར་གནས་པ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཅིང་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

རྣམས་བྱ་བ་གང་གིས་ཉེ་བར་གནས་པར་གྱུར་པའི་བྱ་བ་དེ་ཉིད་བྱེད་པར་འགྱུར་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཉོན་མོངས་པ་སྤངས་པའི་ཕྱིར་ཡང་ཆོས་སྟོན་པར་འགྱུར་ཞིང་དེ་ལ་སེམས་ཅན་གང་དག་བློ་དང་ལྡན་པ་རྣམས་ནི་ཆོས་འདུལ་བ་དེ་ཉམས་སུ་མྱོང་བར་བྱེད་ཅིང་དེ་དག་ཆོས་

འདུལ་བ་དེ་ཡོངས་སུ་གཏང་བར་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་མི་དེ་དག་ཚ་བས་གདུངས་ཤིང་། རླུང་དང་། ཉི་མ་དང་། སེར་བས་ཉེན་ཏེ་ངལ་བ་རྣམས་ཤིང་ལྗོན་པའི་གྲིབ་མ་དེ་ཉམས་སུ་མྱོང་བ་ན་ཕྱིར་ཡོངས་སུ་གཏང་བར་མི་སེམས་པ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་སེམས་ཅན་

བློ་དང་ལྡན་པ་གང་དག་ཡིན་པ་དེ་དག །དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་ཐོས་ནས་བདུད་རྩིའི་རོ་ཉམས་སུ་མྱོང་བ་ན་གཞན་མུ་སྟེགས་ཅན་རྣམས་ཀྱི་གནས་སུ་འགྲོ་བར་མི་སེམས་སོ། །དོན་གྱི་དབང་འདི་ཡང་དག་པར་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་

རྣམས་བྱང་ཆུབ་སེམས་དཔའ་ལ་འདོམས་ཤིང་རྗེས་སུ་བསྟན་པར་དགོངས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་བཞིན་གཤེགས་པ་འདས་ཤིང་། དེ་བཞིན་གཤེགས་པ་མི་བཞུགས་པར་གྱུར་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

Vol. 61 · folio 53b

ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གནས་པ་ལ་གྲིབ་མ་བཞིན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་འཚལ་བ་ལྟར་ན་ཉན་ཐོས་ཀྱི་ཐེག་

པ་པའི་གང་ཟག་བརྒྱའམ། སྟོང་ངམ། བྱེ་བ་ཕྲག་འབུམ་མམ། དེ་ལས་ལྷག་པ་ཡང་རུང་བ་ལ་འདོམས་ཤིང་རྗེས་སུ་སྟོན་ཏེ་དགྲ་བཅོམ་པ་ཉིད་ལ་བཀོད་པ་གང་ལགས་པ་དང་། བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་འདི་དག་བསྒོམ་པའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་

སེམས་གཅིག་བསྐྱེད་པ་གང་ལགས་པ་དེ་ལ་སེམས་བསྐྱེད་པ་འདི་ནི་ཆོས་བསྟན་པ་སྔ་མ་ལས་མཆོག་ཅེས་བགྱི་བ་ནས་གོང་ན་མ་མཆིས་པ་ཞེས་བགྱི་བའི་བར་དུ་སྟེ། སེམས་བསྐྱེད་པ་འདི་ཉིད་དེ་ལས་དམ་པར་གྱུར་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །འདི་ལྟར་ཁྱོད་ནི་སྟོན་པའི་ཉན་ཐོས་མཁས་ཤིང་གསལ་ལ་དུལ་ཞིང་འཇིགས་པ་མེད་པ་སྟེ། ཡིད་གཞུངས་ལ། གདམས་ངག་དང་ཚིག་བཞིན་དུ་བྱེད་པའོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་བརྟན་ཤ་ར་དྭ་ཏིའི་བུས་ཇི་སྐད་བཤད་པ་བཞིན་དུ་ཁྱོད་ཀྱིས་ལོང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཟུང་ཤིག །དེ་སྐད་ཅེས་བཀའ་སྩལ་པ་

དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་གིས་བླངས་ལགས་ཏེ། ཐེག་པ་ལ་གསར་དུ་ཞུགས་པ་རྣམས་དང་། ཕྱིར་མི་

ལྡོག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བདེ་བར་གཤེགས་པ་ཀུན་ཆུབ་པར་བགྱིའོ། །གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་

Vol. 61 · folio 54a

དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་

པ་ལ་མངོན་པར་བསྟོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་བདུན་པ་སྟེ་རྫོགས་སོ།། །།བམ་པོ་ལྔ་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་

སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཕ་རོལ་ལས་ངན་དུ་བརྗོད་པ་ངན་པ་འོངས་པའི་ཚིག་གི་ལམ་དང་དུ་བླང་བར་བགྱི་ཞིང་དེ་ལ་གནོད་

སེམས་མི་བགྱི་སྟེ། དེ་ལ་བྱམས་པ་ཉེ་བར་བསྒྲུབ་པར་བགྱིའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བར་བགྱི་ཞིང་བྱམས་པའི་ཡིད་ལ་བགྱིད་པ་འབྱུང་ངོ་འཚལ་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བགྱིས་ན་བྱང་

ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའི་བཟོད་པ་གང་ཡིན་པ་དང་། ཉན་ཐོས་ཀྱི་བཟོད་པ་གང་ཡིན་པ་འདི་གཉིས་

Vol. 61 · folio 54b

ལ་ཁྱད་པར་ནི་ཅི་ཡོད་ཐ་དད་དུ་དབྱེ་བ་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཉན་ཐོས་ཀྱི་བཟོད་པ་ནི་ཉི་ཚེ་བ་ཡིན་ལ་བྱང་ཆུབ་སེམས་དཔའི་བཟོད་པ་ནི་དཔག་ཏུ་མེད་དེ་གང་

གི་ཕྱིར་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་གོ་ཆ་བགོས་ཤིང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་བཟོད་པ་ནི་དཔག་ཏུ་མེད་པ་ཡིན་ནོ། །ཉན་ཐོས་ཀྱི་ནི་རང་གི་རྒྱུད་ཀྱི་ཉོན་

མོངས་པ་རྣམས་སྤང་བར་འདོད་པར་ཟད་པས་ན་ཚེ་དང་ལྡན་པ་དེའི་ཕྱིར་ཉན་ཐོས་ཀྱི་ནི་ཉི་ཚེ་བའི་བཟོད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་བཟོད་པ་ནི་དཔག་ཏུ་མེད་དོ། །གང་དག་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་གནོད་སེམས་སམ་མ་དད་པ་སྐྱེད་ཅིང་མི་

བཟོད་པ་སྐྱེད་ན། དེ་དག་ནི་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་དེ་བཞིན་གཤེགས་པས་བཤུང་བ་མཛད་ཀྱང་གནོད་སེམས་མི་འབྱུང་སྟེ། དེ་བཞིན་དུ་སེམས་ཅན་གང་དག་གདོལ་

པའམ། སྨིག་མ་མཁན་ནམ། གཡུང་པོ་དེ་དག་ཐམས་ཅད་ཀྱིས་སྤྱོས་སམ་བརྒྱད་བཀག་ན། དེ་དག་ལ་ཡང་གནོད་སེམས་མི་བྱ་སྡང་བར་མི་བྱའོ། །གནོད་སེམས་སུ་མི་བྱེད་ཅིང་སྡང་བར་མི་བྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་འཛིན་པ་ཡིན་ཏེ། རིམ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཅིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་ངན་པ་འོངས་པའི་ཚིག་གི་ལམ་དང་དུ་ལེན་ནུས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་

ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་འདི་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། མི་ལ་ལས་ནི་ཙན་དན་གྱི་འདེ་གུས་ལུས་ལ་སྐུད་ལ། ལ་ལས་ནི་ལུས་ལ་མེ་གཏོང་ན་མི་དེ་གཉིས་ལ་སེམས་ཇི་ལྟར་བསྐྱེད་པར་བྱ།

Vol. 61 · folio 55a

སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མི་གང་ལུས་ལ་ཙན་དན་གྱི་འདེ་གུས་སྐུད་པ་དེ་ལ་ཡང་རྗེས་སུ་ཆགས་པ་བསྐྱེད་པར་

མི་བྱ། གང་ལུས་ལ་མེ་གཏོང་བ་དེ་ལ་ཡང་གནོད་སེམས་བསྐྱེད་པར་མི་བྱའི་གཉི་ག་ལ་ཡང་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ། །བཟོད་པའི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྤྱོད་ཡུལ་ལ་སྤྱོད་དོ། །དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ཞིང་ལ་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནོད་སེམས་མང་བར་མི་བྱ་སྟེ།

བཟོད་པ་ཕུན་སུམ་ཚོགས་པར་བྱའོ། །དྲན་པ་དང་ལྡན་པ་དང་། གནས་པ་དང་ལྡན་པ་དང་། ལྷག་པའི་བསམ་པ་དང་ལྡན་པ་དང་། མི་ཁྲོ་བ་དང་། ཁོན་དུ་མི་འཛིན་པ་དང་། ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ་ཞིང་འཁོར་གནོད་སེམས་ཀྱི་སེམས་དང་ལྡན་པར་གནས་པ་འཐབ་

པའི་རང་བཞིན་ཅན། མཚང་འདྲུ་བའི་རང་བཞིན་ཅན། རྩོད་པའི་རང་བཞིན་ཅན་དུ་གནས་པ་རྣམས་ལ་སྡུམས་བྱ་ཞིང་སྡུམས་བྱེད་དུ་གཞུག་པར་བྱ་སྟེ། འདི་ལྟར་ང་ནི་ཁྱེད་ཅག་མི་འཐབ་པ་དང་། མཚང་མི་འདྲུ་བ་དང་། མི་རྩོད་པ་དང་། མི་འགྱེད་པར་བྱ་བའི་ཕྱིར་གནས་ཏེ། བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ལས་དེའི་རྣམ་པར་སྨིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སོ་ཐགས་བཟང་བ་དང་། སོ་དམ་པ་དང་། སོ་མཉམ་པ་སྐྱེས་བུ་ཆེན་པོའི་

མཚན་ལུས་ལ་མངོན་པར་འགྲུབ་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་དང་པོའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་

Vol. 61 · folio 55b

དཔའ་ཆེན་པོའི་བཟོད་པ་གང་ཡིན་པ་དང་། ཉན་ཐོས་ཀྱི་བཟོད་པ་གང་ཡིན་པ་འདི་གཉིས་ལ་གང་ཆེས་རྒྱ་ཆེ་བ་དང་། ཆེས་བཟང་བ་དང་། ཆེས་རང་བཞིན་གྱིས་འོད་གསལ་བ་དང་། ཆེས་སྟོབས་དང་ལྡན་པར་རིག་པར་བྱ། སྨྲས་པ། ཚེ་དང་ལྡན་པ་དེའི་ཕྱིར་འདི་ཁྱོད་ཉིད་ལ་དྲི་བར་

བྱས་ཁྱོད་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན། འཛམ་བུ་ཆུ་བོའི་གསེར་གང་ཡིན་པ་དང་། ར་གན་གང་ཡིན་པ་འདི་གཉིས་ལ། གང་ཆེས་རྒྱ་ཆེ་བ་དང་། ཆེས་བཟང་བ་དང་། ཆེས་འོད་གསལ་བ་དང་། ཆེས་རིན་ཐང་ཆེ་བ་ཡིན། སྨྲས་

པ། ཚེ་དང་ལྡན་པ་གང་པོ། འཛམ་བུ་ཆུ་བོའི་གསེར་ཆེས་རྒྱ་ཆེ་བ་དང་། ཆེས་བཟང་བ་དང་། ཆེས་འོད་གསལ་བ་དང་། ཆེས་རིན་ཆེ་བ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཉན་ཐོས་ཀྱི་བཟོད་པ་ནི་ར་གན་གྱི་འོད་ཇི་ལྟ་བ་བཞིན་དུ་བལྟའོ། །བྱང་ཆུབ་སེམས་དཔའི་བཟོད་

པ་ནི་འཛམ་བུ་ཆུ་བོའི་གསེར་གྱི་འོད་ཇི་ལྟ་བ་བཞིན་དུ་བལྟའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་གལ་ཏེ་འདི་ལྟར་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡན་ལག་དང་ཉིང་ལག་རྣམས་གཅོད་ན། དེ་ལ་འདི་ལྟར་གང་གཱའི་ཀླུང་ཆེན་པོའི་བྱེ་མའི་ཚད་ནི་གཟུང་

བར་ནུས་ཀྱི། ལུས་འདི་དག་གི་ཚད་གཟུང་བ་ནི་མ་ཡིན་ནོ། །བདག་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་བཅད་པ་གང་ཡིན་པ་དེ་དག་ནི་རི་རབ་ཙམ་འདས་པའི་ཕྱིར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་འདི་ཡང་དག་པར་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་ནི་ལུས་ལ་གཅོད་དམ། འབིགས་ན་ཡང་། གནོད་སེམས་བསྐྱེད་པར་མི་བྱའི། བྱམས་པ་དང་ལྡན་པའི་སེམས་སྐྱེས་སོ་ཅོག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་

པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ནི་སེམས་ས་དང་འདྲ་བ་དང་། སེམས་ཆུ་དང་འདྲ་བ་དང་། སེམས་མེ་དང་འདྲ་

Vol. 61 · folio 56a

བ་དང་། སེམས་རླུང་དང་འདྲ་བ་དང་། སེམས་ནམ་མཁའ་དང་འདྲ་བར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ས་དང་འདྲ་བ་ཡིན་ཞིང་། སེམས་ཆུ་དང་འདྲ་བ་དང་། སེམས་མེ་དང་འདྲ་བ་དང་།

སེམས་རླུང་དང་འདྲ་བ་དང་། སེམས་ནམ་མཁའ་དང་འདྲ་བ་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན་ས་ནི་ཡིད་དུ་འོང་བའི་བྱུག་པ་རྣམས་ཀྱིས་བྱུགས་ན་ཡང་རྗེས་སུ་ཆགས་པ་མེད་ལ། དེ་ལས་གཞན་པའི་ཡིད་དུ་མི་འོང་བས་བྱུགས་ན་ཡང་ཁོང་ཁྲོ་བར་འགྱུར་བ་མེད་

དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་རྣམས་ཀྱིས་རྗེས་སུ་ཆགས་པ་བསྐྱེད་པར་མི་བྱ། ཡིད་དུ་མི་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་རྣམས་ཀྱིས་ཀྱང་ཁོང་ཁྲོ་བར་མི་བྱ།

མི་བཟོད་པ་དང་། དང་བ་ཆུང་བ་བསྐྱེད་པར་མི་བྱ། གནོད་སེམས་བསྐྱེད་པར་མི་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ས་དང་འདྲ་བ་ཡིན་ཞིང་། དེ་ལྟར་ན་སེམས་ཆུ་དང་མེ་དང་། རླུང་དང་འདྲ་བ་ཡིན་ནོ། །ཇི་ལྟར་ན་སེམས་ནམ་མཁའ་དང་འདྲ་བ་ཡིན་ཞེ་ན། ནམ་མཁའ་

ཇི་ལྟར་ཡིད་དུ་འོང་བའི་བྱུག་པ་རྣམས་ཀྱིས་ཀྱང་རྗེས་སུ་ཆགས་པར་མི་འགྱུར་ལ། དེ་ལས་གཞན་པའི་ཡིད་དུ་མི་འོང་བ་བཤང་གཅི་རྣམས་ཡོད་པས་ཀྱང་ཁོང་ཁྲོ་བར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཡིད་དུ་འོང་བའི་གཟུགས་རྣམས་ཀྱིས་

ཀྱང་རྗེས་སུ་ཆགས་པ་བསྐྱེད་པར་མི་བྱ། ཡིད་དུ་མི་འོང་བ་རྣམས་ཀྱིས་ཀྱང་ཁོང་ཁྲོ་བར་མི་བྱའོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་པ་ཡིད་དུ་འོང་བ་རྣམས་ཀྱིས་ཀྱང་རྗེས་སུ་ཆགས་པ་བསྐྱེད་པར་མི་བྱའོ། །ཡིད་དུ་མི་འོང་བའི་རེག་པའི་བར་དག་གིས་ཀྱང་ཁོང་ཁྲོ་བར་

མི་བྱ་ཞིང་མི་བཟོད་པ་དང་། དང་བ་ཆུང་བ་བསྐྱེད་པར་མི་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ནམ་མཁའ་དང་འདྲ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ས་དང་འདྲ་བ་ཡིན་ཞིང་།

Vol. 61 · folio 56b

སེམས་ཆུ་དང་འདྲ་བ་དང་། སེམས་མེ་དང་འདྲ་བ་དང་། སེམས་རླུང་དང་འདྲ་བ་དང་། སེམས་ནམ་མཁའ་དང་འདྲ་བ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ནམ་མཁའ་དང་འདྲ་བ་ནི་བགྲང་དུ་མེད་པ་ན། ཅི་བྱང་ཆུབ་སེམས་དཔའ་ཡང་བགྲང་དུ་མེད་པ་ཞིག་གམ། སྨྲས་པ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་ལུས་ཀྱི་ཡིད་འདི་ནམ་མཁའ་དང་འདྲ་བར་རྣམ་པར་བརྟག་པར་བྱ་སྟེ། དེ་ལྟར་དཔྱོད་ཅིང་རྟོག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབྱུག་པའི་རེག་པ་རྣམས་དང་། བོང་པའི་རེག་པ་རྣམས་དང་། མཚོན་ཆའི་རེག་

པ་རྣམས་དང་དུ་ལེན་པ་ལ་མཐུ་ཡོད་ཅིང་མཁས་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ལུས་ཀུན་ལ་སོ་སོར་བརྟགས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་འཛིན་ཅིང་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་གང་དག་ཡིན་པ་དང་། སེམས་ཅན་

དམྱལ་བ་པའི་མེ་གང་ཡིན་པ་དང་། སེམས་ཅན་དམྱལ་བ་པའི་མཚོན་ཆ་དང་། དབྱུག་པའི་རེག་པ་གང་དག་ཡིན་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལ་དང་དུ་ལེན་པའི་མཐུ་ཡོད་པ་ཡིན་ཏེ། དང་དུ་ལེན་པ་གང་ཡིན་པ་དེ་ནི་བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་དེ་དག་སོ་སོར་མྱོང་ལ། སྡུག་བསྔལ་རྣམས་མྱོང་ནས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་མ་ཐོབ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ཡང་མ་

ཡིན། དགྲ་བཅོམ་པ་ཉིད་ཀྱང་མ་ཡིན། རང་བྱང་ཆུབ་ཀྱང་མ་ཐོབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་ཡང་ཡང་དག་པར་རྗེས་སུ་མཐོང་ནས་སྡུག་བསྔལ་དེ་དག་དང་དུ་བླང་བར་བྱའོ། །དཔེར་ན་མི་ལ་ལ་ཁ་ཟས་རོ་བརྒྱ་པ་ཟ་ན་ཚིམ་པ་དང་། མོས་

པ་དང་། ཡི་རངས་པ་དང་། མགུ་བར་འགྱུར་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རབ་ཏུ་དགའ་བར་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་སློང་བ་མཐོང་ན་གང་དེ་ལ་ལུས་སྡུག་བསྔལ་བར་བྱ་བར་འདོད་པ་ཞིག་ཡིན་དུ་ཟིན་ཀྱང་ཇི་ལྟར་དགྲ་བཅོམ་པ་ཟག་པ་ཟད་པས་དེ་བཞིན་

Vol. 61 · folio 57a

གཤེགས་པ་མཐོང་ན་དགའ་བ་དང་། དད་པ་དང་། གུས་པ་བསྐྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་སློང་བའི་གང་ཟག་དེ་ལ་སེམས་བསྐྱེད་པར་བྱའོ། །སེམས་བསྐྱེད་པ་སྐྱེས་སོ་ཅོག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །ཡོངས་

སུ་སྔོན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་རིག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་གཉིས་པའོ།། །།ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཤེ་

ཡང་ཕྱིར་མི་གཤེ་སྟེ། བཟོད་པ་འབའ་ཞིག་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་བའི་ཕྱིར་བརྡེགས་ཀྱང་ཕྱིར་མི་རྡེག །ཁྲོས་ཀྱང་ཕྱིར་མི་ཁྲོ། བསྡིགས་ཀྱང་ཕྱིར་སྡིགས་པར་མི་བྱེད། སྤྱོས་ཀྱང་ཕྱིར་སྤྱོ་བར་མི་བྱེད་དེ་

བཟོད་པ་འབའ་ཞིག་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་བའི་ཕྱིར་རོ། །གལ་ཏེ་དེ་ལ་མདུང་ཐུང་དང་། མདའ་སྟོང་གིས་ལུས་ལ་ཕོག་ཀྱང་དེ་ལ་སེམས་སྡང་བར་མི་བྱ། དེ་ལ་མི་བཟོད་པ་དང་། དང་བ་མེད་པ་དང་། ངང་

ཐུང་བ་བསྐྱེད་པར་མི་བྱའོ། །དེ་ལྟར་སྤྱོད་ན། བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ལུས་ལ་ཡང་གསེར་གྱི་ཁ་དོག་ཡོངས་སུ་འཛིན་པར་འགྱུར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཟོད་

པའི་སྟོབས་དང་ལྡན་པ་དང་། དང་དུ་ལེན་པའི་རང་བཞིན་ཅན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བཟོད་ཅིང་དང་དུ་ལེན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་ལ་འཁོར་བའི་སྡུག་བསྔལ་རྣམས་ཀྱང་རིང་བར་

བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་འདོད་པར་བྱེད་ན་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལ་སྡུག་བསྔལ་དེ་སྙེད་བྱུང་བ་དང་དུ་བླངས་ཀྱང་ཉན་ཐོས་ཀྱི་སའམ། རང་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words