སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) བུད་དྷ་པཱི་ཊ་ཀ་དུཿཤཱི་ལ་ནི་གྲ་ཧཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 63 · folio 1b

༄༅༅། །རྒྱ་གར་སྐད་དུ། བུད་དྷ་པཱི་ཊ་ཀ་དུཿཤཱི་ལ་ནི་གྲ་ཧཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་

ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་

ཎ་སཱིའི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན། དགེ་སློང་གི་དགེ་འདུན་ཆེན་པོ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་

སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། དབང་དུ་གྱུར་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་

ཀྱང་དགྲ་བཅོམ་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་

Vol. 63 · folio 2a

ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བཀྐུ་ལ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་རྣམས་ཕྱེམ་རེད་ཀྱི་དུས་སུ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ།

བཅོམ་ལྡན་འདས་གང་ན་བ་དེར་དོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུས་མ་བགྱིས་པ་དང་། འབྱུང་བ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པ་དང་། འདུས་མ་བགྱིས་པ་དང་། བསྟན་དུ་

མ་མཆིས་པའི་བར་དུ་ལེགས་པར་བཤད་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུས་མ་བགྱིས་པ་དང་། འབྱུང་བ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པ་དང་། འདུས་མ་བགྱིས་པ་དང་། བསྟན་དུ་མ་

མཆིས་པའི་བར་དུ་ལེགས་པར་བཤད་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ་ཞེས་དེ་སྐད་སྨྲ། གསོལ་པ། བཅོམ་ལྡན་འདས་འདི་ལ་བདག་གཅིག་པུ་དབེན་པར་ཞུགས་ཏེ། ནང་དུ་ཡང་དག་

Vol. 63 · folio 2b

བཞག་པ་ན་སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་འདི་སྐྱེས་པར་གྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མ་མེད་པའི་ཆོས་རྣམས་ལ་མིང་དང་མཚན་མ་འདི་བཤད། ཤིན་ཏུ་བརྗོད་དུ་མེད་པའི་ཆོས་རྣམས་ལ་བརྗོད་པ་གསུངས་སྙམ་དུ་བཅོམ་ལྡན་འདས་དོན་གྱི་

དབང་འདི་ཉིད་རབ་ཏུ་སེམས་པ་ན། བདག་ལ་ངོ་མཚར་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་ནས་འདི་སྐད་ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། འདུས་བྱས་

ཐམས་ཅད་མངོན་པར་འདུས་མ་བགྱིས་པ་དང་། འབྱུང་བ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པ་དང་། འདུས་མ་བགྱིས་པ་དང་། བསྟན་དུ་མ་མཆིས་པའི་བར་དུ་གསུངས་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་

བར་གཤེགས་པ་ངོ་མཚར་ལགས་སོ་ཞེས་གསོལ་ཏོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་གནས་འདི་ནི་ངོ་མཚར་ཡིན་ནོ། །གནས་འདི་ནི་མཆོག་ཏུ་ངོ་མཚར་ཡིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་མཁས་པ་ཞིག་ནམ་མཁའ་བར་སྣང་གནས་མེད་ཅིང་དམིགས་སུ་མེད་པ་ལ་ཁ་དོག་སྣ་ཚོགས་དང་། དབྱིབས་སྣ་ཚོགས་ཀྱི་

གཟུགས་ཀྱི་ཚུལ་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་སྟོན་པར་བྱེད་ན། ཇི་ག་སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་བླ་

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པས་ཆོས་བཤད་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མཚན་ཉིད་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། རྩོལ་བ་མེད་པ་དང་། ཀུན་

Vol. 63 · folio 3a

ཏུ་རྒྱུ་བ་མེད་པ་དང་། ཐོབ་པ་མེད་པ་དང་། འཇུག་པ་མེད་པ་དང་། ཐོབ་པ་སྤངས་པ་དང་། ཐོབ་པ་མ་ཐོབ་པ་དང་། མ་ཐོབ་པ་རྒྱུན་ཆད་པ་དང་། ཐོབ་པ་རྗེས་སུ་མ་ཐོབ་པ་དང་། ཐོབ་པ་བོར་བ་དང་། ཐོབ་པ་ཡང་དག་པར་མ་ཐོབ་པ་དང་།

སྦྱངས་པ་མེད་པ་དང་། སྦྱང་བར་བྱ་བ་མེད་པ་དང་། སྦྱང་བར་འོས་པ་མེད་པ་དང་། བསམ་དུ་མེད་པ་དང་། བསམ་པར་བྱ་བ་མེད་པ་དང་། དགེ་བར་བསམ་པ་མེད་པ་དང་། སྤྲོས་པ་མེད་པ་དང་། སྤྲོ་བར་བྱ་བ་མེད་པ་དང་། དགེ་བར་སྤྲོ་བ་མེད་པ་དང་། རྣམ་པར་

བརྟགས་པ་མེད་པ་དང་། རྣམ་པར་བརྟག་པར་བྱ་བ་མེད་པ་དང་། དགེ་བར་རྣམ་པར་བརྟགས་པ་མེད་པ་དང་། རྨོངས་པ་མེད་པ་དང་། ཡང་དག་པར་འདུ་བྱ་བ་མེད་པ་དང་། ཡང་དག་པར་འདུ་བ་མེད་པ་དང་། གཞི་མེད་པ་དང་། དམིགས་པ་མེད་པ་དང་། གཡོ་བ་མེད་

པ་དང་། གཡོ་བར་བྱ་བ་མེད་པ་དང་། དགེ་བར་གཡོ་བ་མེད་པ་དང་། རང་བཞིན་གྱིས་སྟོང་པ་དང་། ངོ་བོ་མེད་པའི་རང་བཞིན་དང་། བསྟན་དུ་མེད་པའི་རང་བཞིན་དང་། བསྟན་པར་བྱར་མེད་པའི་རང་བཞིན་དང་། དགེ་བར་བསྟན་དུ་མེད་པ་དང་། འཇིག་རྟེན་ཐམས་

ཅད་ཡིད་ཆེས་པར་དཀའ་བ་དང་། མིང་དང་མཚན་མ་མེད་པའི་ཆོས་ལ་ཇི་ལྟར་ཡང་མིང་དང་མཚན་མར་ཐ་སྙད་འདོགས་པ་དང་། བརྗོད་དུ་མེད་པའི་ཆོས་རྣམས་ལ་བརྗོད་པ་གསུངས་ཏེ། འདི་ལྟ་སྟེ། མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་མེད་པ་དང་། མཚན་

མ་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། བསྟན་དུ་མེད་པ་ལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཤཱ་རིའི་བུ་མཆོག་ཏུ་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་འདི་ན་སྐྱེས་བུ་འགའ་ཞིག་གིས་རིའི་རྒྱལ་པོ་རི་རབ་ཁར་བཅུག་སྟེ།

ལེགས་པར་ལན་གསུམ་བཅས་ནས་མིད་ལ། དེས་མིད་པ་ཟས་བཞིན་དུ་འཇུ་བར་བྱེད་དེ། དེ་ལ་སྡུག་བསྔལ་ཅུང་ཟད་ཀྱང་མི་སྐྱེད་ཅིང་དེ་ཡང་ཟོས་ནས་ནམ་མཁའ་བར་སྣང་ལ་འཆག་པར་བྱེད་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་སྐྱེས་བུ་དེ་ཤིན་ཏུ་ངོ་མཚར་བྱེད་པ་

Vol. 63 · folio 3b

ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་འདི་ལྟ་སྟེ། མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་མེད་པ་དང་། མཚན་མ་མེད་པ་དང་། མཚན་

ཉིད་མེད་པ་དང་། བསྟན་དུ་མེད་པ་ལ། དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་ལྕི་བའི་མེ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པ། འོད་དང་བཅས་པ་

འཕང་དུ་དཔག་ཚད་ཙམ་ལ། རྒྱར་ཡང་དཔག་ཚད་ཙམ་ཡོད་པའི་མེ་འུད་སྒྲ་ཅན་གྱིས་སྒོ་བཞི་རབ་ཏུ་གང་བར་གྱུར་ཅིང་སྒོ་བཞི་ནས་དེའི་མེ་ལྕེ་བར་སྣང་ལ་དཔག་ཚད་བཞི་ཙམ་དུ་གྱེན་དུ་འབར་བར་གྱུར་པ་དེར་སྐྱེས་བུ་འགའ་ཞིག་རྩྭ་ཁུར་ཤིན་ཏུ་ཆེན་པོ་ཐོགས་ཏེ་འཇུག་པར་བྱེད་ལ་དེ་ཡང་

ཞུགས་མ་ཐག་ཏུ་སྒོ་བཞི་པོ་དེ་དག་ནས་ཚུབ་མ་བཞི་མངོན་དུ་ལངས་ཏེ། མེ་ལྕེ་གང་ཡིན་པ་དེས་སྐྱེས་བུ་དེའི་ལུས་ལ་ཕོག་ན། དེའི་ལུས་ཀྱང་མི་ཚིག་ལ་རྩྭ་ཡང་མི་ཚིག་པ་ཁོ་ནར་སླར་འབྱུང་ཞིང་། རྩྭའི་ཉག་མ་གཅིག་ཀྱང་མི་ཚིག་པར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་

སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་མེད་

པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། བསྟན་དུ་མེད་པ་ལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་འདི་ན་སྐྱེས་བུ་འགའ་ཞིག་རྒྱ་མཚོ་ཆེན་པོ་རྒལ་བར་འདོད་ནས། དེས་

རྡོའི་གཟིངས་ས་ཆེན་པོ་ཙམ་གྱིས་རྒྱ་མཚོ་ཆེན་པོའི་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་

Vol. 63 · folio 4a

མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། འབྱུང་བ་མེད་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། བསྟན་

དུ་མེད་པ་ལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་འདི་ན་སྐྱེས་བུ་འགའ་ཞིག་རྒྱ་མཚོ་དང་བཅས། རི་དང་བཅས་རྩྭ་ཤིང་དང་ཆུ་དང་བཅས་པའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་བཏེག་ནས་སྦྲང་མའི་

བྱིན་པའི་ཐེམ་སྐས་ལས་ཚངས་པའི་འཇིག་རྟེན་དུ་འཛེག་པར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་

སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། འབྱུང་བ་མེད་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། བསྟན་དུ་མེད་པ་ལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་

ནི་ཆེས་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་སྐྱེས་བུ་འགའ་ཞིག་གིས་རླུང་གིས་བསྒུལ་བའི་སྲད་བུས་རི་རབ་རིའི་རྒྱལ་པོ་གྱེན་དུ་བཏེག་སྟེ། ནམ་མཁའ་འམ་བར་སྣང་ལ་འཛིན་པར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ།

གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་འདུས་མ་བྱས་པ་དང་ཞེས་བྱ་བ་རྒྱས་པར་བྱ་སྟེ། དེ་བཞིན་གཤེགས་པས་ཆོས་བསྟན་པ་

གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་གང་གཱའི་འབབ་ཆུ་ཆེན་པོ་ཤིན་ཏུ་ཆེ་བ་དང་། རྒྱ་ཆེ་བ་དང་། གཏིང་ཟབ་པ་དང་། ཚད་མེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་

Vol. 63 · folio 4b

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འདི་ལྟ་བུའི་ཆར་གྱི་རྒྱུན་ཆེན་པོ་འདི་ལྟ་སྟེ། གང་གཱའི་འབབ་ཆུ་ཆེན་པོ་ལྟ་བུའི་ཆར་གྱི་རྒྱུན་ཆེན་པོ་བབ་པ་དེ་ལ་སྐྱེས་བུ་འགའ་ཞིག་གིས་རེ་ཞིག་ཆར་ཆེན་པོའི་རྒྱུན་ནམ་མཁའ་བར་སྣང་ལ་བབ་པ་ས་ལ་མ་ལྷུང་བར་ལག་པ་གཅིག་གིས་གཟེད་ལ།

ཆུ་ཐིགས་པ་འགའ་ཡང་དེའི་ལག་པ་ནས་ཟགས་ཏེ་ས་ལ་ལྷུང་བར་མ་གྱུར་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་

སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་འདུས་མ་བྱས་པ་དང་ཞེས་བྱ་བ་རྒྱས་པར་བྱ་སྟེ། དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་རིའི་རྒྱལ་པོ་རི་རབ་ཆེ་བ་དང་

ཤིན་ཏུ་ཆེ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ཆེ་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ཆེ་བ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འདི་ལྟ་བུའི་རྡོ་བའི་ཆར་འདི་ལྟ་སྟེ། རིའི་རྒྱལ་པོ་

རི་རབ་ལྟ་བུའི་རྡོ་བའི་ཆར་གྱི་རྒྱུན་ཆེན་པོ་བབ་པ་དེ་ལ་སྐྱེས་བུ་འགའ་ཞིག་གིས། རེ་ཞིག་རྡོའི་ཆར་ཆེན་པོའི་རྡོ་བའི་ཆར་གྱི་རྒྱུན་ཆེན་པོ་ནམ་མཁའ་བར་སྣང་ལ་མངོན་པར་བབ་པ་ས་ལ་མ་ལྷུང་བར་ལག་པ་གཅིག་གིས་གཟེད་ལ་རྡོའི་གཟེགས་མ་ཆུང་ངུ་ན་ཡུངས་འབྲུ་ཙམ་འགའ་ཡང་དེའི་

ལག་པ་ནས་ཟགས་ཏེ་ས་ལ་ལྷུང་བར་མ་གྱུར་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །ཤཱ་རིའི་བུ་དེ་བས་ཀྱང་ཞེས་བྱ་བ་ནས། དེ་

བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །ཤཱ་རིའི་བུ་དཔེར་ན་བསྲེག་པའི་བསྐལ་པ་ཆེན་པོ་བྱུང་བ་ན། སྐྱེས་བུ་འགའ་ཞིག་གིས་མེའི་ཕུང་པོ་ཆེན་པོ་ཤིན་ཏུ་མཆེད་པ་དེ་མཆིལ་མའི་ཐལ་བ་གཅིག་གིས་ཞི་བར་བྱེད་

Vol. 63 · folio 5a

ཅིང་། ཁའི་དབུགས་ཕྱུང་བ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། ལྷའི་གཞལ་མེད་ཁང་རྣམས་ཀུན་ཏུ་དགོད་པར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་

ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །ཤཱ་རིའི་བུ་དེ་བས་ཀྱང་ཞེས་བྱ་བ་ནས། དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་ངོ་མཚར་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །ཤཱ་རིའི་བུ་དཔེར་ན་འདི་ན་སྐྱེས་བུ་འགའ་ཞིག་

གིས་ལག་པ་གཅིག་གི་མཐིལ་དུ་སེམས་ཅན་ཐམས་ཅད་རབ་ཏུ་བཀོད་ལ། ལག་པ་ཅིག་ཤོས་ཀྱིས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དང་བཅས་པ། རི་དང་བཅས་པ། གླིང་དང་། ནགས་ཚལ་དང་། ཡུལ་ལྗོངས་དང་བཅས་པ། རྩྭ་དང་ཤིང་དང་ཆུར་

བཅས་པ་འདི་གྱེན་དུ་བཏེག་ནས། ནམ་མཁའ་བར་སྣང་ལ་འཛིན་པར་བྱེད་ཅིང་སེམས་ཅན་དེ་དག་ཀྱང་སེམས་གཅིག་དང་། བློ་གྲོས་གཅིག་ཏུ་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་སྐྱེས་བུ་དེ་ངོ་མཚར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ངོ་མཚར་ལགས་

སོ། །བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། འབྱུང་བ་མེད་པ་དང་།

འགག་པ་མེད་པ་གསུམ་དང་། བདག་པོ་མེད་པ་བརྒྱད་དང་། རང་བཞིན་མེད་པ་དྲུག་དང་། རང་བཞིན་ཡོད་པ་མ་ཡིན་པ་བདུན་དང་། རང་བཞིན་སྟོང་པ་བརྒྱད་དང་། འཇིག་རྟེན་ཐམས་ཅད་ཡིད་ཆེས་པ་དགུ་ལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་དེ་ནི་ཆེས་ངོ་མཚར་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་འདི་དག་ནི་མཚན་ཉིད་མེད་པ་དང་། མཚན་ཉིད་སྤངས་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། ཡིད་ལ་བྱེད་པ་དང་ལྡན་པ་མ་ཡིན་པ་དང་། རྩོལ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། བཀོད་པ་མེད་པ་དང་། སྤྲོས་པ་མེད་པ་དང་།

Vol. 63 · folio 5b

སྤྲོས་པ་དང་བྲལ་བ་དང་། གདུང་བ་མེད་པ་དང་། གདུང་བ་དང་བྲལ་བ་དང་། ཕ་རོལ་མེད་པ་དང་། ཚུ་རོལ་མེད་པ་དང་། འགྲམ་མེད་པ་དང་། འགྲམ་མ་ཡིན་པ་མེད་པ་དང་། གཤོང་མེད་པ་དང་། ཐང་མེད་པ་དང་། ཆུ་བོ་མེད་པ་དང་། ཆུ་བོ་མ་ཡིན་པ་མེད་པ་དང་། གྲོལ་བ་

མེད་པ་དང་། རྣམ་པར་གྲོལ་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྣམ་པར་རྨོངས་པ་མ་ཡིན་པ་མེད་པ་དང་། རབ་ཏུ་རྣམ་པར་རྨོངས་པ་མེད་པ་དང་། རྨོངས་པའི་དྲ་བ་མེད་པ་དང་། ཇི་ལྟ་བ་བཞིན་དུ་མེད་པ་དང་། ཚད་མར་གཟུང་བར་བྱ་བ་མེད་པ་དང་། བརྟག་

པར་བྱ་བ་མེད་པ་དང་། རྟོག་པའི་སྤྱོད་ཡུལ་མེད་པ་དང་། རྒྱུ་བ་མེད་པ་དང་། ཀུན་ཏུ་རྒྱུ་བ་མེད་པ་དང་། སྒྲ་མ་ཡིན་པ་མེད་པ་དང་། ཚིག་རྩུབ་པོ་མེད་པ་དང་། དྲན་པ་མེད་པ་དང་། དྲན་པ་ཚར་གཅད་པ་དང་། སེམས་པ་མེད་པ་དང་། སེམས་ཚར་གཅད་པ་

དང་། ཡིད་མེད་པ་དང་། ཡིད་ཚར་གཅད་པ་དང་། ཐར་པ་མེད་པ་དང་། རྣམ་པར་ཐར་པ་མེད་པ་དང་། བརྫུན་མེད་པ་དང་། བརྫུན་གྱི་ཆོས་མེད་པ་དང་། ཀུན་ཏུ་སླུ་བ་མེད་པ་དང་། ཀུན་ཏུ་སླུ་བའི་ཆོས་མེད་པ་དང་། ཀུན་ཏུ་སླུ་བའི་དྲ་བ་མེད་པ་དང་། མིང་མེད་པ་

དང་། མཚན་མ་མེད་པ་དང་། ཐ་སྙད་མེད་པ་དང་། ཐ་སྙད་མ་ཡིན་པ་མེད་པ་དང་། བཏགས་པ་མེད་པ་དང་། བཏགས་པ་མ་ཡིན་པ་མེད་པ་དང་། མཐར་ཕྱིན་པ་མེད་པ་དང་། མཐར་ཕྱིན་པ་མ་ཡིན་པ་མེད་པ་དང་། འདྲེན་པར་བྱེད་པ་མེད་པ་དང་། ལམ་མེད་པ་དང་།

ལམ་གྱི་འབྲས་བུ་དང་བྲལ་བ་མེད་པ་དང་། རྨོངས་པ་དང་བྲལ་བ་དང་། རྟོག་པ་མེད་པ་དང་། མི་རྟོག་པ་དང་། ཡོངས་སུ་མི་རྟོག་པ་དང་། ཀུན་ཏུ་མི་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དང་། འདྲེས་པ་མེད་པ་དང་། འཛིན་པ་མེད་པ་དང་། ཡོངས་སུ་འཛིན་

པ་མེད་པ་དང་། གཟུང་བ་མེད་པ་དང་། ཡོངས་སུ་གཟུང་བར་བྱ་བ་མེད་པ་དང་། ཐོབ་པ་མེད་པ་དང་། ཐོབ་པར་བྱ་བ་མེད་པ་དང་། བདེན་པ་བསལ་བ་དང་། འདོད་ཆགས་བསལ་བ་དང་། ཞེ་སྡང་བསལ་བ་དང་། གཏི་མུག་བསལ་བ་དང་། བདེན་པ་མེད་པ་དང་། བརྫུན་པ་མེད་པ་

Vol. 63 · folio 6a

དང་། རྟག་པ་མེད་པ་དང་། མི་རྟག་པ་མེད་པ་དང་། གསལ་བ་མེད་པ་དང་། གསལ་བ་མ་ཡིན་པ་མེད་པ་དང་། སྣང་བ་མེད་པ་དང་། མུན་པ་མེད་པ་དང་། བདག་གི་མེད་པ་དང་། རང་གི་ངོ་བོ་མེད་པ་དང་། རང་གི་ངོ་བོར་བྱ་བ་མེད་པ་དང་། རང་གི་ངོ་བོ་སྟོང་པ་

དང་། གྲོལ་བ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། འཆི་བ་མེད་པ་དང་། ཤིན་ཏུ་མཐར་ཐུག་པ་སྟེ། བདུད་ཀྱི་དཔུང་ཚར་གཅོད་པ་དང་། ཉོན་མོངས་པ་ཚར་གཅོད་པ་དང་། ཕུང་པོ་ཚར་གཅོད་པ་དང་། ཁམས་ཚར་གཅོད་པ་དང་། སྐྱེ་མཆེད་ཚར་གཅོད་པ་དང་། ཕུང་

པོར་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། ཁམས་སུ་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། སྐྱེ་མཆེད་དུ་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། བདག་ཏུ་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། སེམས་ཅན་དུ་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། སྲོག་ཏུ་འདུ་ཤེས་

པ་རྣམས་ཚར་གཅོད་པ་དང་། གང་ཟག་ཏུ་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། སྲིད་པར་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། དངོས་པོར་འདུ་ཤེས་པ་རྣམས་ཚར་གཅོད་པ་དང་། ལོག་པར་ལྟ་བ་རྣམས་དང་། ལོག་པར་ཞུགས་པ་རྣམས་ཚར་གཅོད་པ་ཡིན་ནོ། །ཤཱ་རིའི་བུ་

འཛིན་པ་ཐམས་ཅད་ཚར་གཅོད་ཅིང་འཇོམས་པ་ཡིན་ཏེ། ཤཱ་རིའི་བུ་ཐ་ན་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱི་ཆོས་སུ་འདུ་ཤེས་པ་ཡང་ཚར་གཅོད་ཅིང་འཇོམས་པ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་ལ་མོས་པར་བྱེད་པའི་སྐྱེས་བུ་དམ་པ་མ་ཡིན་པ།

དེ་བཞིན་གཤེགས་པའི་བཀའ་ལ་ལོག་པར་འཛིན་པ་གང་ཡིན་པ་དེ་དག་གི་ཆོས་དེ་ཡང་ཚར་གཅོད་ཅིང་འཇོམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་སུ་དག་བདག་ཏུ་སྨྲ་བའམ། སེམས་ཅན་དུ་སྨྲ་བའམ། སྲོག་ཏུ་སྨྲ་བའམ། གང་ཟག་ཏུ་སྨྲ་བའམ། རྟག་པར་སྨྲ་བའམ།

ཆད་པར་སྨྲ་བའམ། ཡོད་པར་སྨྲ་བའམ། མེད་པར་སྨྲ་བའམ། མིང་དུ་སྨྲ་བའམ། མཚན་མར་སྨྲ་བའམ། བཏགས་པར་སྨྲ་བའམ། ཤཱ་རིའི་བུ་གང་སུ་དག་དངོས་པོར་དམིགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་དང་མི་འཐུན་པར་འཛིན་པ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་

Vol. 63 · folio 6b

གཤེགས་པ་དང་མི་འཐུན་པར་འཛིན་པ་གང་ཡིན་པ་དེ་དག་ནི་ལོག་པར་ཞུགས་པ་ཡིན་ནོ། །ལོག་པར་ཞུགས་པ་གང་ཡིན་པ་དེ་དག་ནི་ངའི་ཉན་ཐོས་མ་ཡིན་ནོ། །ངའི་ཉན་ཐོས་མ་ཡིན་པ་གང་ཡིན་པ་དེ་དག་ནི་མྱ་ངན་ལས་འདས་པ་དང་མི་འཐུན་པར་འཛིན་པ་ཡིན། སངས་རྒྱས་དང་

མི་འཐུན་པར་འཛིན་པ་ཡིན། ཆོས་དང་མི་འཐུན་པར་འཛིན་པ་ཡིན། དགེ་འདུན་དང་མི་འཐུན་པར་འཛིན་པ་ཡིན་ནོ། །ཤཱ་རིའི་བུ་ངས་དེ་ལྟ་བུའི་ལྟ་བ་དང་ལྡན་པ་ནི་རབ་ཏུ་འབྱུང་བའི་ཕྱིར་རམ། བསྙེན་པར་རྫོགས་པའི་ཕྱིར་ཡང་སྐབས་མ་ཕྱེའོ། །ཤཱ་རིའི་བུ་ངས་དེ་ལྟ་བུའི་

ལྟ་བ་དང་ལྡན་པ་རྣམས་ལ་ནི་དད་པས་བྱིན་པའི་ཆུ་ཕོར་བུ་གང་ཡང་རྗེས་སུ་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་དག་ཐམས་ཅད་ནི་མི་དགེ་བ་དེ་ལྟ་བུའི་རང་བཞིན་འཛིན་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟར་ཡང་གང་དག་མི་དགེ་བ་དེ་ལྟ་བུའི་རང་བཞིན་འཛིན་པ་

སྤངས་ནས་བསྟན་པ་འདི་ལ་རབ་ཏུ་བྱུང་སྟེ། མྱ་ངན་ལས་འདས་པར་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་ལ་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པར་མི་བྱེད། སྟོང་པ་ཉིད་ལ་མི་སྐྲག །མི་དངས། དངང་བར་མི་འགྱུར་བ་གང་ཡིན་པ་དེ་དག་

ནི་ཆོས་རྣམས་ཀྱང་སྤང་བའི་ཕྱིར་འབད་པར་བྱེད་ན། མི་དགེ་བ་དེ་ལྟ་བུའི་རང་བཞིན་འཛིན་པ་རྣམས་ལྟ་ཅི་སྨོས། འདི་ལྟ་སྟེ། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། འཛིན་པ་དེ་དག་ཐམས་ཅད་ཡིད་ལ་མི་བྱེད་

པས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཀུན་ཏུ་བསྟེན་པ་ཡིན་ཏེ། དེ་ཡང་མཚན་མར་མི་འཛིན་ཅིང་། མཚན་མ་དེ་དག་ཐམས་ཅད་མཚན་ཉིད་གཅིག་པར་སོ་སོར་རྟོག་པར་བྱེད་དེ། འདི་ལྟ་སྟེ། མཚན་ཉིད་མེད་པའོ། །ཤཱ་རིའི་བུ་དེ་ནི་རེ་ཞིག་རྗེས་སུ་འཐུན་པའི་བཟོད་པ་ཡིན་ནོ། །

ཤཱ་རིའི་བུ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་དགེ་སློང་ནི་ངའི་ཉན་ཐོས་ཡིན་པས་དད་པས་བྱིན་པའི་འཐོབ་པ་དང་བཅས་པ་ལ་ལོངས་སྤྱོད་པར་བྱ་སྟེ། སྐྱེས་བུ་དེ་ནི་མ་རྨོངས་པ་ཐོབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་འདི་ནི་འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། གཟུང་བ་

Vol. 63 · folio 7a

མེད་པ་དང་། ཡོངས་སུ་གཟུང་བ་མེད་པ་དང་། མངོན་པར་ཞེན་པ་མེད་པ་དང་། ཕྱི་རོལ་མེད་པ་དང་། ཐ་སྙད་ཀུན་ཏུ་བཅད་པ་དང་། ཐ་སྙད་ཀུན་ཏུ་ཆད་པ་དང་། དགའ་བ་མེད་པ་དང་། དགའ་བར་བྱ་བ་མེད་པ་དང་། དགའ་བ་ཚར་བཅད་པ་དང་། འདུ་བ་མེད་

པ་དང་། འདུ་བ་དང་བྲལ་བ་དང་། འགྲོ་བ་མེད་པ་དང་། འགྲོ་བ་དང་འོང་བ་མེད་པ་དང་། འགྲོ་བ་ཐམས་ཅད་རྒྱུན་བཅད་པ་དང་། ཐ་སྙད་ཐམས་ཅད་རྒྱུན་བཅད་པ་དང་། མཐོང་བ་མེད་པ་དང་། བལྟར་མེད་པ་དང་། གཟུང་དུ་མེད་པ་དང་། འདྲེས་པ་མེད་པ་དང་། ཐ་སྙད་

མེད་པ་དང་། བདེན་པ་མེད་པ་དང་། བརྫུན་པ་མེད་པ་དང་། རྟག་པ་མེད་པ་དང་། མི་རྟག་པ་མེད་པ་དང་། ནམ་མཁའ་མེད་པ་དང་། སྣང་བ་མེད་པ་དང་། བར་སྣང་མེད་པ་དང་། བསྡུས་པ་མེད་པ་དང་། དོར་བ་མེད་པ་དང་། འཛིན་པ་མེད་པ་དང་། བསྟན་པར་བྱ་བ་མེད་

པ་དང་། ངེས་པར་བསྟན་པར་བྱ་བ་མེད་པ་དང་། ཚོགས་པ་མེད་པ་དང་། ཚོགས་པ་དང་བྲལ་བ་མེད་པ་དང་། གཡོ་བ་མེད་པ་དང་། རློམ་སེམས་མེད་པ་དང་། བརྟགས་པ་མེད་པ་དང་། རྣམ་པར་གཞག་པ་མེད་པ་དང་། བསྙེམས་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་

དང་། ཡོངས་སུ་སྦྱང་བའི་འོས་མེད་པ་དང་། མིང་མེད་པ་དང་། མཚན་མ་མེད་པ་དང་། མཚན་མའི་ལས་མེད་པ་དང་། བསམ་པར་བྱ་བ་མེད་པ་དང་། བུད་མེད་མེད་པ་དང་། སྐྱེས་པ་མེད་པ་དང་། ལྷ་མེད་པ་དང་། ཀླུ་མེད་པ་དང་། གནོད་སྦྱིན་མེད་པ་དང་། དྲི་ཟ་མེད་པ་དང་།

གྲུལ་བུམ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པ་དང་། རྟག་པ་མེད་པ་དང་། འཕོ་བ་

མེད་པ་དང་། མི་འཕོ་བ་མེད་པ་དང་། གནོད་པ་མེད་པ་དང་། ཚུལ་ཁྲིམས་མེད་པ་དང་། འཆལ་པའི་ཚུལ་ཁྲིམས་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། ཏིང་ངེ་འཛིན་མེད་པ་དང་། སྙོམས་པར་འཇུག་པ་མེད་པ་དང་། ཏིང་ངེ་འཛིན་

Vol. 63 · folio 7b

གྱི་དབང་པོ་མེད་པ་དང་། བསམ་གཏན་མེད་པ་དང་། བསམ་གཏན་གྱི་འབྲས་བུ་མེད་པ་དང་། ཤེས་པ་མེད་པ་དང་། མཐོང་བ་མེད་པ་དང་། གཟུང་བ་མེད་པ་དང་། གཟུང་བ་མ་ཡིན་པ་མེད་པ་དང་། ལམ་མེད་པ་དང་། ལམ་གྱི་འབྲས་བུ་མེད་པ་དང་། ཤེས་རབ་མེད་

པ་དང་། ཤེས་རབ་ཀྱི་དབང་པོ་མེད་པ་དང་། རིག་པ་མེད་པ་དང་། མ་རིག་པ་མེད་པ་དང་། གྲོལ་བ་མེད་པ་དང་། མ་གྲོལ་བ་མེད་པ་དང་། རྣམ་པར་གྲོལ་བ་མེད་པ་དང་། འབྲས་བུ་མེད་པ་དང་། འབྲས་བུ་ཐོབ་པ་མེད་པ་དང་། མཐུ་མེད་པ་དང་། མཐུ་ཆུང་བ་མེད་པ་དང་།

བག་ཚ་བ་མེད་པ་དང་། འཇིག་པ་མ་ཡིན་པ་མེད་པ་དང་། དྲན་པ་མེད་པ་དང་། དྲན་པའི་དབང་པོ་མེད་པ་དང་། གནས་མེད་པ་དང་། འདུག་པ་མེད་པ་དང་། ཕྲག་དོག་མེད་པ་དང་། ཕྲག་དོག་གི་ལམ་མེད་པ་དང་། རྟོག་པ་མེད་པ་དང་། མི་རྟོག་པ་མེད་པ་དང་། རྣམ་

པར་རྟོག་པ་མེད་པ་དང་། བྱང་ཆུབ་མེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་མེད་པ་དང་། ཤེས་པ་མེད་པ་དང་། མི་ཤེས་པ་མེད་པ་དང་། ས་མེད་པ་དང་། ཆུ་མེད་པ་དང་། མེ་མེད་པ་དང་། རླུང་མེད་པ་དང་། ནམ་མཁའ་མེད་པ་དང་། ལེགས་པར་བྱས་པ་མེད་པ་དང་།

ཉེས་པར་བྱས་པ་མེད་པ་དང་། ཆོས་མེད་པ་དང་། ཆོས་མ་ཡིན་པ་མེད་པ་དང་། བདེ་བ་མེད་པ་དང་། སྡུག་བསྔལ་མེད་པ་དང་། སྤྲོས་པ་ཐམས་ཅད་བཅད་པ་དང་། སྤྲོས་པ་ཐམས་ཅད་ཀུན་ཏུ་བཅོམ་པ་བྲལ་བ། བསིལ་བར་གྱུར་པ། དུད་པ་མེད་པ། གཞག་པ་

མེད་པ་དང་། ལྟ་བ་ཐམས་ཅད་དང་། འདོད་པ་ཐམས་ཅད་དང་། མདུད་པ་ཐམས་ཅད་དང་། མངོན་པའི་ང་རྒྱལ་ཐམས་ཅད་དང་། མིང་དང་མཚན་མ་ཐམས་ཅད་དང་། མངོན་པའི་ང་རྒྱལ་ཐམས་ཅད་ཡང་དག་པར་བཅོམ་པ་དང་། ཐ་སྙད་རྣམ་པ་དུ་མ་ཆད་པ་ཡོངས་སུ་རྟོག་པ་

མེད་པ། མཚན་མ་མེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡིན་པ་དེ་ལ་རྟག་པ་མེད། མི་རྟག་པ་མེད། བདེ་བ་མེད། སྡུག་བསྔལ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད། ཆད་པ་མེད། རྟག་པ་

Vol. 63 · folio 8a

མེད། སེམས་ཅན་མེད། སྲོག་མེད། གསོ་བ་མེད། སྐྱེས་བུ་མེད། གང་ཟག་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བརྟན་པ་མེད། དྲི་ཟ་མེད། དངོས་པོ་མེད། དངོས་པོ་མ་ཡིན་པ་མེད། འགོག་པ་མེད། མི་འགོག་པ་མེད། ཐོབ་པ་མེད།

མ་ཐོབ་པ་མེད། འཕོ་བ་མེད། གནོན་པ་མེད། སྐྱེ་བ་མེད། འབྱུང་བ་མེད། འདས་པ་མེད། མ་འོངས་པ་མེད། ད་ལྟར་བྱུང་བ་མེད། སྐྱེ་བ་མེད། རྒ་བ་མེད། ན་བ་མེད། འཆི་བ་མེད། མྱ་ངན་མེད། སྨྲེ་སྔགས་འདོན་པ་མེད། སྡུག་བསྔལ་བ་དང་། ཡིད་མི་བདེ་

བ་དང་། འཁྲུག་པ་རྣམས་མེད། མངོན་པར་རྫོགས་པར་བྱང་ཆུབ་པ་མེད། མངོན་པར་རྫོགས་པར་བྱང་མ་ཆུབ་པ་མེད། སྔོན་གྱི་མཐའ་མེད། ཕྱི་མའི་མཐའ་མེད། དབུས་མེད། ཞི་བ་མེད། དུལ་བ་མེད། བྲི་བ་མེད། འཕེལ་བ་མེད། འཇུག་པ་མེད། བཏགས་པ་མེད།

མ་བཏགས་པ་མེད། བཏགས་པ་དང་མ་བཏགས་པ་མེད། ནམ་མཁའ་མེད། མངོན་པར་སྐབས་ཡོད་པ་མེད། ཡིད་བྱུང་བ་མེད། འདོད་ཆགས་དང་བྲལ་བ་མེད། འགོག་པ་མེད། མྱ་ངན་ལས་འདས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་

པས་ཆོས་འགའ་ཡང་མ་དམིགས་པ་གང་ཡིན་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་བཞིན་གཤེགས་པས་ཐ་སྙད་འགའ་ཡང་མ་དམིགས་པ་གང་ཡིན་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་བཞིན་གཤེགས་པས་དངོས་པོ་འགའ་ཡང་མ་དམིགས་པ་གང་ཡིན་པ་ནི་མྱ་ངན་ལས་

འདས་པ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པ་ལ་རློམ་སེམས་མི་མངའ། མྱ་ངན་ལས་འདས་པས་རློམ་སེམས་སུ་མི་མཛད། མྱ་ངན་ལས་འདས་པ་རྣམས་ཀྱིས་རློམ་སེམས་སུ་མི་མཛད། མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་མི་མངའ།

མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་མི་མཛད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་མེད་པ་དང་།

Vol. 63 · folio 8b

མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། བསྟན་དུ་མེད་པ་ལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་ཡིན་པ་འདི་ནི་ཆེས་མཆོག་ཏུ་ངོ་མཚར་ཡིན་ནོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།གསོལ་པ། བཅོམ་ལྡན་

འདས་ཆོས་ཀྱི་རྣམ་གྲངས་འདི་ལ་གདམས་པ་ཇི་ལྟ་བུ་དང་། རྗེས་སུ་བསྟན་པ་ཇི་ལྟ་བུས་སྡིག་པའི་གྲོགས་པོར་འགྱུར་ལགས། གདམས་པ་ཇི་ལྟ་བུ་དང་། རྗེས་སུ་བསྟན་པ་ཇི་ལྟ་བུས་དགེ་བའི་བཤེས་གཉེན་ཞེས་བགྱི་ལགས། བཀའ་སྩལ་པ། ཤཱ་རིའི་བུ་འདི་ན་དགེ་སློང་

གིས་དགེ་སློང་ལ་འདི་སྐད་རབ་ཏུ་འདོམས་ཤིང་འདི་སྐད་རྗེས་སུ་སྟོན་ཏེ། དགེ་སློང་ཚུར་ཤོག །ཁྱོད་སངས་རྒྱས་ཡིད་ལ་གྱིས་ཤིག །ཆོས་ཡིད་ལ་གྱིས་ཤིག །དགེ་འདུན་ཡིད་ལ་གྱིས་ཤིག །ཚུལ་ཁྲིམས་རྗེས་སུ་དྲན་པ་ཡིད་ལ་གྱིས་ཤིག །གཏོང་བ་རྗེས་སུ་དྲན་པ་ཡིད་

ལ་གྱིས་ཤིག །ལྷ་རྗེས་སུ་དྲན་པ་ཡིད་ལ་གྱིས་ཤིག །དགེ་སློང་ཚུར་ཤོག །ཁྱོད་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་གྱིས་ཤིག །གནས་པའི་མཚན་མ་གཟུང་བའི་ཕྱིར། ལུས་ལ་མི་གཙང་བའི་མཚན་མ་ཡིད་ལ་གྱིས་ཤིག །དགེ་སློང་ཚུར་ཤོག །ཁྱོད་འདུ་

བྱེད་ཐམས་ཅད་མི་རྟག་པ་ཡིན་པར་ཡིད་ལ་གྱིས་ཤིག །སྡུག་བསྔལ་བ་ཡིན་པར་ཡིད་ལ་གྱིས་ཤིག །ཆོས་ཐམས་ཅད་བདག་མེད་པ་ཡིན་པར་ཡིད་ལ་གྱིས་ཤིག །སྟོང་པ་ཡིན་པར་ཡིད་ལ་གྱིས་ཤིག །དགེ་སློང་ཚུར་ཤོག །ཁྱོད་དམིགས་པའི་མཚན་མ་ཟུང་ལ་བཟུང་ནས་

སེམས་ལ་ཉེ་བར་ཞོག་ཤིག །སེམས་མི་གཡེང་བར་བྱ་བའི་ཕྱིར་དམིགས་པའི་མཚན་མ་ཟུང་ཤིག །དགེ་སློང་ཚུར་ཤོག །ཁྱོད་དགེ་བའི་ཆོས་རྣམས་ལ་ལྟོས་པ་དང་བཅས་པར་གྱིས་ཤིག །མི་དགེ་བའི་ཆོས་རྣམས་ཀྱི་མཚན་མ་མ་འཛིན་ཅིག །མ་འཛིན་ལ་དེ་རྣམས་སྤང་བའི་

ཕྱིར་སྤྲོ་བ་སྐྱེད་ཅིག །མ་འོངས་པ་ན་མི་སྐྱེ་བར་བྱ་བའི་ཕྱིར་མི་དགེ་བའི་ཆོས་སྤངས་པ་རྣམས་ཀྱི་མཚན་མའི་རྗེས་སུ་འབྲང་བར་གྱིས་ཤིག །དགེ་སློང་ཚུར་ཤོག །ཁྱོད་ཕུང་པོའི་རྣམ་པ་དང་། ཁམས་ཀྱི་རྣམ་པ་དང་། སྐྱེ་མཆེད་ཀྱི་རྣམ་པ་ལ་ཡིད་འབྱུང་བར་རྗེས་སུ་ལྟ་ཞིང་གནས་

Vol. 63 · folio 9a

པར་གྱིས་ཤིག །དགེ་སློང་ཚུར་ཤོག །ཁྱོད་དགེ་བ་དང་། མི་དགེ་བའི་ཆོས་རྣམས་ཀྱི་མཚན་མ་ཟུང་ལ། བཟུང་ནས་ཆོས་དེ་རྣམས་སྤང་བའི་ཕྱིར་གནས་འདི་དག་ཡིད་ལ་བྱ་སྟེ། འདི་ལྟ་སྟེ། འདོད་ཆགས་སྤང་བའི་ཕྱིར་མི་གཙང་བ་ཡིད་ལ་གྱིས་ཤིག །ཞེ་

སྡང་སྤང་བའི་ཕྱིར་བྱམས་པ་ཡིད་ལ་གྱིས་ཤིག །གཏི་མུག་སྤང་བའི་ཕྱིར་རྐྱེན་འདི་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་གྱིས་ཤིག །དགེ་སློང་ཚུར་ཤོག །ཁྱོད་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིད་ལ་གྱིས་ཤིག །ཏིང་ངེ་འཛིན་གྱི་མཚན་མ་ཡིད་ལ་གྱིས་ཤིག །ཤེས་རབ་

ཡོངས་སུ་དག་པ་ཡིད་ལ་གྱིས་ཤིག །བསམ་གཏན་བཞི་པོ་རྣམས་ལ་བརྩོན་པར་གྱིས་ཤིག །འབྲས་བུ་ཐོབ་པར་བྱ་བ་ལ་ལྟོས་པ་དང་བཅས་པར་གྱིས་ཤིག །མི་དགེ་བའི་ཆོས་རྣམས་ལ་མི་ལྟོས་པར་ཡིད་ལ་གྱིས་ཤིག །དགེ་བའི་ཆོས་རྣམས་བསྟེན་པར་ཡིད་ལ་གྱིས་ཤིག །

ལམ་བསྒོམ་པའི་ཕྱིར་བརྩོན་པར་གྱིས་ཤིག །དགེ་བའི་ཆོས་རྣམས་ཀྱི་མཚན་མ་ལེགས་པར་ཟུང་ལ་མྱ་ངན་ལས་འདས་པ་ལ་བདེ་བ་དང་ཞི་བར་ཡིད་ལ་གྱིས་ཤིག །ཁྱོད་ཀྱིས་མྱ་ངན་ལས་འདས་པ་འཐོབ་པར་བྱ་བའི་ཕྱིར་ལྟོས་པ་དང་བཅས་པར་གྱིས་ཤིག །དེས་ཀྱང་དག་པར་

ཡིད་ལ་གྱིས་ཤིག་ཅེས་དེས་དེ་སྐད་འདོམས་ཤིང་། དེ་སྐད་རྗེས་སུ་སྟོན་ན་ཕྱིན་ཅི་ལོག་ཏུ་འཛིན་དུ་འཇུག་སྟེ་ཡང་དག་པར་ལྟ་བའི་འདུ་ཤེས་ཀྱིས་ལོག་པར་ལྟ་བ་འཛིན་དུ་འཇུག་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་རྗེས་སུ་འདོམས་ཤིང་དེ་ལྟར་རྗེས་སུ་སྟོན་ན། སྡིག་པའི་གྲོགས་པོ་ཡིན་ཏེ།

ང་ལ་ཡང་སྐུར་པ་འདེབས་པ་ཡིན་ནོ། །ཡོད་པ་མ་ཡིན་པ་དང་། ཡང་དག་པ་མ་ཡིན་པས་མུ་སྟེགས་ཅན་གྱི་ཐ་སྙད་སྨྲ་བ་ཡིན་ནོ། །མུ་སྟེགས་ཅན་གྱི་སྨྲ་བས་རང་གི་ཕྱོགས་ལ་ཡང་སྟོན་པར་བྱེད་དོ། །ཤཱ་རིའི་བུ་ངས་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་ལ་ནི་དད་པས་བྱིན་པའི་ཆུ་ཕོར་

བུ་གང་ཙམ་ཡང་རྗེས་སུ་མ་གནང་ངོ་། །ཤཱ་རིའི་བུ་ང་འདོམས་པ་པོའི་ཆེད་དུ་འདི་སྐད་གསུང་གི། །འདི་སྐད་འདོམས་ཤིང་འདི་སྐད་རྗེས་སུ་སྟོན་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པའི་ང་རྒྱལ་དུ་ལྷུང་བ་ཕལ་ཆེར་ནི་དེ་སྐད་འདོམས་ཤིང་དེ་སྐད་རྗེས་སུ་སྟོན་པ་ཡིན་ནོ། །

Vol. 63 · folio 9b

ཤཱ་རིའི་བུ་གལ་ཏེ་ཡང་མི་ཤེས་པའི་དགེ་སློང་གིས་གནས་འདི་ལོ་ལྔར་ཐམས་ཅད་ཀྱི་ཐམས་ཅད། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྤོང་ན་བདེན་པ་མ་ཡིན་པའི་ཚིག་འདི་ལ་མངོན་པར་བརྩོན་པར་བྱེད་པ་ཡིན་གྱི། དམིགས་པ་མེད་པའི་དགེ་སློང་འཁོད་པ་རྣམས་ལ་

ཡོངས་སུ་མི་འདྲི། ཡོངས་སུ་མི་རྟོག་པས། ཤཱ་རིའི་བུ་ང་ནི་དགེ་སློང་ལོ་ལྔར་ལོག་པའི་བརྩོན་འགྲུས་དང་ལྡན་པ། གཞན་མུ་སྟེགས་ཅན་གྱི་སྤྱོད་ཡུལ་དང་ཀུན་ཏུ་འདྲེས་པ། བདུད་ཀྱི་ཕྱོགས་དང་རྗེས་སུ་འཐུན་པར་སྤྱོད་པ་ཡིན་ནོ་ཞེས་གསུང་ངོ་། །ཤཱ་རིའི་བུ་ཡང་དགེ་སློང་

གང་ཞིག་དེ་སྐད་འདོམས་ཤིང་དེ་སྐད་རྗེས་སུ་སྟོན་པའི་སྟོང་པ་ཉིད་དམིགས་སུ་མེད་པའི་ཆོས་ཐོས་ལ་གདམས་ངག་དེ་ལྟ་བུ་འདོད་ཅིང་སྟོང་པ་ཡིད་ལ་བྱེད་དེ། དམིགས་སུ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ལ་ཐེ་ཙོམ་མེད་ཅིང་སོམ་ཉི་མི་ཟ་སྟེ། འཇུག་པར་བྱེད། ཀུན་ཏུ་རྟོག་

པར་བྱེད། གོམ་པར་བྱེད། ལྷག་པར་མོས་པར་བྱེད་ཅིང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གང་ཟག་ཏུ་ལྟ་བ་ལ་རྟེན་པར་མི་བྱེད་ན། ཤཱ་རིའི་བུ་ང་ནི་དགེ་སློང་དེ་ཡོངས་སུ་དག་པ་དང་ཚངས་པར་སྤྱོད་པ་ཡིན་ནོ་ཞེས་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་

དེ་ལྟ་བུ་ནི་ཇི་ལྟར་གྱུར་ཀྱང་དམིགས་སུ་མེད་པའི་བཟོད་པ་དང་ལྡན་ཞིང་མཐོང་བའི་ཆོས་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་མོད་ཀྱི་ངས་དམིགས་སུ་མེད་པའི་བཟོད་པའི་ཡོན་ཏན་དང་ལྡན་པའི་དགེ་སློང་དེ་ལྟ་བུ་ནི་བཅོམ་ལྡན་འདས་བྱམས་པའི་གསུང་

རབ་ལ་འདུས་པ་ཆེན་པོ་དང་པོར་བགྲང་བར་འགྱུར་ཞིང་། དེར་བཅོམ་ལྡན་འདས་བྱམས་པས་ཀྱེ་མ་འདུས་པ་ཆེན་པོ་ནི་ཤཱཀྱ་ཐུབ་པའི་གསུང་རབ་ལ་དམིགས་སུ་མེད་པའི་སྤྱོད་པ་དང་ལྡན་པ་རྣམས་ཡིན་ནོ། །ཀྱེ་མ་འདུས་པ་ཆེན་པོ་ནི་ཤཱཀྱ་ཐུབ་པའི་གསུང་རབ་ལ་དམིགས་སུ་མེད་པའི་

སྤྱོད་པ་དང་ལྡན་པ་རྣམས་ཡིན་ནོ། །ཀྱེ་མ་འདུས་པ་ཆེན་པོ་ནི་ཤཱཀྱ་ཐུབ་པའི་གསུང་རབ་ལ་དམིགས་སུ་མེད་པའི་སྤྱོད་པ་དང་ལྡན་པ་རྣམས་ཡིན་ནོ་ཞེས་ལན་གསུམ་གྱི་བར་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་པར་འགྱུར་རོ་ཞེས་ལུང་སྟོན་པར་འགྱུར་རོ། །དེ་ལྟ་བས་ན་ཤཱ་རིའི་བུ་ང་ནི་

Vol. 63 · folio 10a

བཟོད་པ་དེ་ལྟ་བུ་དང་ལྡན་པའི་ཁྱིམ་པའམ། རབ་ཏུ་བྱུང་བ་ནི་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ལུང་སྟོན་པར་མཛད་དོ། །ཤཱ་རིའི་བུ་ཡང་དགེ་སློང་གང་ཞིག་དེ་སྐད་འདོམས་ཤིང་དེ་སྐད་རྗེས་སུ་སྟོན་པའི་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཆོས་རྣམས་

ཐོས་ནས་སྐྲག་པར་གྱུར། དངངས་པར་གྱུར། ཀུན་ཏུ་དངངས་པར་གྱུར་ན། དེ་མགོན་མེད་པ་དང་། སྐྱབས་མེད་པ་དང་། སྟོན་པ་མེད་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་སྐྲག་པ་གང་

ཡིན་པ་དེ་ནི་ངན་སོང་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་ཡང་ངས་ཁ་ཅིག་གི་སྐྱེ་བ་གསུངས་པ་ནི་ངན་སོང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་བཏགས་པ་མེད་པ་དེ་ནི་དམིགས་པ་ལ་བཏགས་པ་མེད་པ་

ཡིན་ནོ། །ཤཱ་རིའི་བུ་མཚམས་མེད་པ་ལྔ་དང་ལྡན་པ་ནི་བླའི། བདག་ཏུ་ལྟ་བ་དང་ལྡན་པ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དུ་ལྟ་བ་དང་ལྡན་པ་མ་ཡིན། སྲོག་ཏུ་ལྟ་བ་དང་ལྡན་པ་མ་ཡིན། གང་ཟག་ཏུ་ལྟ་བ་དང་ལྡན་པ་མ་ཡིན། ཕུང་པོར་ལྟ་བ་དང་ལྡན་པ་མ་ཡིན། ཁམས་སུ་

ལྟ་བ་དང་ལྡན་པ་མ་ཡིན། སྐྱེ་མཆེད་དུ་ལྟ་བ་དང་ལྡན་པ་མ་ཡིན། འབྱུང་བར་ལྟ་བ་དང་ལྡན་པ་མ་ཡིན། འཇིག་པར་ལྟ་བ་དང་ལྡན་པ་མ་ཡིན། ཚུལ་ཁྲིམས་སུ་ལྟ་བ་དང་ལྡན་པ་མ་ཡིན། ཚུལ་ཁྲིམས་སྙིང་པོར་ལྟ་བ་དང་ལྡན་པ་མ་ཡིན། ཏིང་ངེ་འཛིན་སྙིང་པོར་ལྟ་བ་དང་ལྡན་པ་མ་

ཡིན། ཏིང་ངེ་འཛིན་གྱི་སྙིང་པོ་དག་པར་ལྟ་བ་དང་ལྡན་པ་མ་ཡིན། སངས་རྒྱས་ཀྱི་གཟུགས་ཀྱི་མཚན་མའི་རྗེས་སུ་འབྲང་བར་ལྟ་བ་དང་ལྡན་པ་མ་ཡིན། ཆོས་ཐོབ་པ་ཡིད་ལ་བྱེད་པར་ལྟ་བ་དང་ལྡན་པ་མ་ཡིན། གང་ཟག་ཏུ་ལྟ་བ་དགེ་འདུན་གྱི་ཐ་སྙད་དང་ལྡན་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་

ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་བསྟན་པ་ལ་གང་ཟག་ཏུ་ལྟ་བ་དང་ལྡན་པ་ནི་དགེ་འདུན་གྱི་གྲངས་སུ་གཏོགས་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནི་གང་ཟག་མེད་པ། རྟོག་པ་མེད་པ།

Vol. 63 · folio 10b

རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལ་ནི་མི་དགེ་བ་ཅུང་ཟད་ཀྱང་མེད་དེ། ཚུལ་ཁྲིམས་ཉམས་པ་མེད་པ་ཡིན། སྤྱོད་པ་ཉམས་པ་མེད་པ་ཡིན། འཚོ་བ་ཉམས་པ་མེད་པ་ཡིན། ལྟ་བ་ཉམས་པ་མེད་པ་ཡིན་ནོ། །

ཤཱ་རིའི་བུ་དགེ་བ་གང་ཞེ་ན། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་སྟེ། སེམས་དང་མཚུངས་པར་ལྡན་པ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་དང་། མཚན་མར་རྣམ་པར་རྟོག་པ་དང་། མིང་དུ་དམིགས་པ་དང་། གང་ཟག་ཏུ་དམིགས་པ་

དང་། ཤཱ་རིའི་བུ་ཐ་ན་གང་དུ་འགའ་ཞིག་གིས་སེམས་དང་འབྲེལ་བའི་ཐ་སྙད་དགེ་བ་དང་མི་དགེ་བའི་ཆོས་ཀྱང་མི་དམིགས་པ་དེ་ནི་འཕགས་པའི་ཆོས་འདུལ་བ་ལ་དགེ་བ་ཞེས་གསུངས་སོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན། གང་ན་བདེ་བ་ཡོད་པ་དེ་ན་སྡུག་བསྔལ་ཡང་ཡོད་པར་རིག་

པར་བྱ་སྟེ། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ནི་ཉེ་བར་ཞི་བ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡིན་པ་དེ་ལ་ནི་འདོད་པ་མེད། མི་འདོད་པ་མེད།

བདེ་བ་མེད། སྡུག་བསྔལ་མེད། སེམས་མེད། སེམས་པ་མེད། འདུ་ཤེས་མེད། ཚོར་བ་མེད་དེ། ཤཱ་རིའི་བུ་ཐ་ན་དེ་ལ་སྟོང་པ་ཉིད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྟོང་པའི་འདུ་ཤེས་གང་ཡིན་པ་དེ་ལ་ནི་བདག་གི་འདུ་ཤེས་དང་། སེམས་ཅན་

གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། རྟག་པའི་འདུ་ཤེས་དང་། ཆད་པའི་འདུ་ཤེས་དང་། འབྱུང་བའི་འདུ་ཤེས་དང་། འཇིག་པའི་འདུ་ཤེས་པ་ཡང་འབྱུང་བར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་འདུ་ཤེས་

པ་དེ་ཙམ་དུ་མཚན་མའི་འདུ་ཤེས་འཛིན་པ་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ལོག་པར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་མཚན་མའི་འདུ་ཤེས་ཅན་གྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་མེད་པ་དེས་ན་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་ཡིད་ལ་བྱེད་པས་ཀྱང་སྟོང་པ་དེས་ན་

Vol. 63 · folio 11a

སྟོང་པ་ཉིད་ཅེས་བྱའོ། །ཤཱ་རིའི་བུ་འདི་ལྟར་སྟོང་པ་ཉིད་ལ་དགེ་བའམ། མི་དགེ་བ་མེད་པ་དེས་ན་སྟོང་པ་ཉིད་ཅེས་བྱ་སྟེ། ཤཱ་རིའི་བུ་ཐ་ན་དེ་ལ་སྟོང་པ་ཉིད་ཀྱི་འདུ་ཤེས་ཀྱང་མེད་པ་དེས་ན་སྟོང་པ་ཉིད་ཅེས་བྱའོ། །ཤཱ་རིའི་བུ་འདུ་བྱེད་ཐམས་ཅད་ཤེས་

པར་བྱ་སྟེ། དེ་ཡང་ཤེས་པ་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དང་། ཡོངས་སུ་ཤེས་པ་མེད་པ་དང་། རྣམ་པར་དཔྱད་པ་མེད་པ་དང་། གནས་པ་མེད་པ་ཡིན་ཏེ། དེས་ན་སྟོང་པ་ཉིད་ཅེས་བྱའོ། །ཤཱ་རིའི་བུ་སྟོང་པ་ཉིད་ནི་སུས་ཀྱང་ཡིད་ལ་བྱ་བར་མི་ནུས་ཏེ།

མཚན་མ་མེད་པར་མ་ཡིན། སྨོན་པ་མེད་པར་མ་ཡིན། མཚན་མ་ཡིད་ལ་བྱེད་པ་མེད་པར་མ་ཡིན་ཏེ། དེས་ན་སྟོང་པ་ཉིད་ཅེས་བྱའོ། །ཤཱ་རིའི་བུ་ཅིའི་ཕྱིར་སྟོང་པ་ཉིད་ཀྱིས་གནས་པ་ཞེས་གསུངས་ཞེ་ན། མཚན་མ་ཐམས་ཅད་དང་། ཐ་ན་སྟོང་པ་ཉིད་ཀྱི་མཚན་མ་ཡང་ཡིད་ལ་

མི་བྱེད་པས་དེས་ན་སྟོང་པ་ཉིད་ཀྱིས་གནས་པ་ཞེས་བྱའོ། །མཚན་མ་སྤངས་པ་དེས་ན་མཚན་མ་མེད་པ་ཞེས་བྱའོ། །ཤཱ་རིའི་བུ་མཚན་མ་འདི་དག་གང་དུ་ཡང་ཅི་ཡང་ཡིད་ལ་མི་བྱེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། མཚན་མ་མེད་པ་དང་། བརྡ་མེད་པ་དེས་ན་མཚན་མ་

མེད་པ་ཞེས་བྱའོ། །ཤཱ་རིའི་བུ་གང་ཅུང་ཟད་མཚན་མར་འཛིན་ཅིང་དམིགས་པ་དེ་ནི་ལོག་པའི་ལྟ་བ་ཡིན་ནོ་ཞེས་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་འདུལ་བ་འདི་ལ་ཉེ་བར་ཞི་བར་དམིགས་ན་ཡང་ལོག་པར་ཞུགས་པ་ཡིན་ན་ཐ་སྙད་ལྟ་ཅི་སྨོས། གང་གི་ཐ་

སྙད་ལྟ་ཅི་སྨོས། གང་དེའི་ཐ་སྙད་ལྟ་ཅི་སྨོས། ཤཱ་རིའི་བུ་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐ་སྙད་ལོག་པ་ཡིན་པར་རྒྱ་ཆེར་སྟོན་ཅེ་ན། ཤཱ་རིའི་བུ་ཐ་སྙད་འདི་དག་བདེན་པ་མ་ཡིན་པར་ཁྱོད་ཀྱིས་མི་ཤེས་ཏེ། དེས་ན་ལོག་པ་ཡིན་པར་དེ་བཞིན་གཤེགས་

པས་ཐུགས་སུ་ཆུད་ནས་ཅུང་ཟད་ཙམ་གྱི་ཐ་སྙད་ཀྱང་དམིགས་སུ་མེད་པས། ཤཱ་རིའི་བུ་ཐ་སྙད་ནི་ལོག་པའི་ལྟ་བ་ཡིན་ནོ་ཞེས་གསུངས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པ་

Vol. 63 · folio 11b

ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་གང་གིས་རང་གི་དེ་ཁོ་ན་ཉིད་མ་དམིགས་ཏེ། རང་གི་ངོ་བོ་དམིགས་པ་མ་ཡིན། གཞན་གྱི་ངོ་བོ་དམིགས་པ་མ་ཡིན། མཉམ་པ་དམིགས་པ་མ་ཡིན། མི་མཉམ་པ་དམིགས་པ་མ་ཡིན་པའི་

ཕྱིར་རོ། །ཤཱ་རིའི་བུ་ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱ་ཞེ་ན། ཤཱ་རིའི་བུ་ངས་དྲན་པ་ཉེ་བར་གཞག་པ་དམིགས་པ་དང་། རང་བཞིན་དམིགས་པ་དང་། རང་གི་དེ་ཁོ་ན་ཉིད་དམིགས་པ་དང་། རང་གནས་པ་དམིགས་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་

གོ་སྐབས་མེད་དོ་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ངེས་པར་རྟོགས་པའི་དོན་གྱིས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཞེན་པ་མེད་པ་དང་། མངོན་པར་ཞེན་པ་མེད་པ་དང་། གནས་པ་མེད་པ་དང་། སོ་སོ་

ཉེ་བར་གནས་པ་མེད་པ་དང་། ཀུན་ཏུ་གནས་པ་མེད་པ་དང་། གནས་པ་དང་བྲལ་བ་སྟེ། དེ་དག་ལ་དྲན་པ་ཉིད་ཀྱང་མེད་ན་དྲན་པ་ཉེ་བར་གཞག་པ་ལྟ་ཅི་སྨོས་ཏེ། དེས་ན་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཤཱ་རིའི་བུ་གལ་ཏེ་ཆོས་འགའ་ཞིག་གི་རང་གི་དེ་ཁོ་ན་ཉིད་ཐ་ན་

སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆ་ཤས་ཙམ་ཞིག་ཡོད་པར་གྱུར་ན་ཡང་། ཤཱ་རིའི་བུ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་ཆོས་སྟོན་པར་མི་འགྱུར་རོ། །ཤཱ་རིའི་བུ་གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། རང་བཞིན་

གྱིས་སྟོང་པ་དང་། མཚན་ཉིད་གཅིག་པ་དང་། མཚན་ཉིད་མེད་པར་མཁྱེན་པ་དེའི་ཕྱིར། དེ་བཞིན་གཤེགས་པས་དྲན་པ་ཉེ་བར་གཞག་པ་ཞེས་དྲན་པ་ཉེ་བར་གཞག་པ་བསྟན་པ་ཡིན་ནོ། །གང་ལ་གནས་པ་མེད་པ་དང་། རྣམ་པར་གནས་པ་མེད་པ་དང་། དྲན་པ་

མེད་པ་དང་། དྲན་པའི་ལས་མེད་པ་དང་། རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། སེམས་པ་མེད་པ་དང་། སེམས་པའི་ལས་མེད་པ་དང་། ཡིད་མེད་པ་དང་། ཡིད་ཀྱི་ལས་མེད་པ་དང་། ཆོས་མེད་པ་དང་། ཆོས་ཀྱི་འདུ་ཤེས་མེད་པ་དང་། རྣམ་པ་

Vol. 63 · folio 12a

ཐམས་ཅད་ཀྱི་ཐམས་ཅད་དུ་འཛིན་པའི་འདུ་ཤེས་མེད་པ་དང་། གཉིས་ཀྱི་ལས་མེད་པ་དང་། གནས་མེད་པ་དང་། ཀུན་ཏུ་གནས་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །

དེ་ལྟར་དེ་བཞིན་གཤེགས་པས་དྲན་པ་ཉེ་བར་གཞག་པ་གསུངས་པ་དངོས་པོའི་རྗེས་སུ་འགྲོ་བ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཤཱ་རིའི་བུ་ཡང་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་གང་ཞེ་ན། དངོས་པོ་མེད་པར་མཐོང་བ་ནི་སངས་རྒྱས་རྗེས་སུ་དྲན་

པ་ཞེས་བྱའོ། །སངས་རྒྱས་ཀྱང་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། སེམས་པ་དེ་བཞིན་ཉིད་དང་བཅས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །ཤཱ་རིའི་བུ་སེམས་པ་དེ་བཞིན་ཉིད་དང་བཅས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་

ནི་རྟོག་པ་མེད་པ། རྣམ་པར་མི་རྟོག་པ། རྟོག་པ་དང་རྣམ་པར་རྟོག་པར་མེད་པ་ཡིན་ཏེ། དེས་ན་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །རང་གི་ངོ་བོ་མཐོང་བས་སངས་རྒྱས་མཐོང་བ་ཡིན་ནོ། །རང་གི་ངོ་བོ་མཐོང་བ་གང་ཞེ་ན། དངོས་པོ་མེད་ལ་དངོས་པོ་མེད་པ་མཐོང་བ་

ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ནོ། །སངས་རྒྱས་མཐོང་བ་ལ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་རྗེས་སུ་དྲན་པའི་ལས་ཕྲ་རབ་ཙམ་ཡང་དམིགས་སུ་མེད་དེ། དེས་ན་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །ཤཱ་རིའི་བུ་ཆོས་དེ་ནི་ཐ་སྙད་བཅད་པ་ཡིད་

ལ་བྱེད་པ་ཚར་བཅད་པ་ཡིན་ཏེ་རྗེས་སུ་དྲན་པས་ཀྱང་རྗེས་སུ་དྲན་པར་བྱ་བར་སླ་བ་མ་ཡིན་པས་དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །ཤཱ་རིའི་བུ་ཆོས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དེ་ལ་གང་དག་མངོན་པར་བརྩོན་པ་དེ་དག་གི་སངས་རྒྱས་

རྗེས་སུ་དྲན་པ་ནི་གང་དེ་བཞིན་གཤེགས་པ་ལ་གཟུགས་ཀྱི་མཚན་མར་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་རྣམ་པར་ཤེས་པ་ནི་རྟག་ཏུ་གཟུགས་ཀྱི་མཚན་མ་ཙམ་ལ་ཆུམས་པ་ཡིན་ནོ། །གཟུགས་མེད་པ་ལ་དམིགས་པ་དངོས་པོ་མེད་པ་ནི་སངས་རྒྱས་རྗེས་

Vol. 63 · folio 12b

སུ་དྲན་པ་ཡིན་ནོ། །དེ་ལྟ་བས་ན་རྟོག་པ་མེད་པ་རྣམ་པར་མི་རྟོག་པ། གཟུང་བ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །དྲན་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་

གཉིས་པ། །བཅོམ་ལྡན་འདས་ཆོས་འདི་དག་ཇི་ལྟར་སྟོན་ན། སྡིག་པའི་གྲོགས་པོར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་འདོམས་ཤིང་ཇི་ལྟར་རྗེས་སུ་སྟོན་ན་དགེ་བའི་བཤེས་གཉེན་ཞེས་བགྱི་ལགས། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་དགེ་སློང་གིས་དགེ་

སློང་ལ་འདི་སྐད་འདོམས་ཤིང་འདི་སྐད་རྗེས་སུ་སྟོན་ཏེ། དགེ་སློང་ཚུར་ཤོག །ཁྱོད་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ས་ཤིག །མོས་པར་གྱིས་ཤིག །ཁྱོད་ཀྱིས་ཡང་དག་པར་འདུ་བའི་གནས་ཡིད་ལ་མ་བྱེད་ཅིག །ཅི་ནས་ཀྱང་དངོས་པོ་མེད་པ་དེ་ཡང་དག་པར་རྗེས་སུ་མཐོང་བར་

འགྱུར་བ་དེ་ཡང་ཡང་དག་པར་མཐོང་བ་མེད་པའི་ཆོས་ཀྱི་རང་བཞིན་དུ་མོས་པར་བྱས་ལ། རང་བཞིན་མེད་པ་དེའི་ངོ་བོའི་འདུ་ཤེས་རང་གིས་སྤང་བར་བྱའོ། །དེའི་མཚན་མའི་འདུ་ཤེས་སྤོང་ཞིང་དེའི་ཚེ་མཚན་མ་མེད་པའི་དངོས་པོ་ཡང་དམིགས་པར་མི་འགྱུར་ན་དྲན་པའི་ལས་ལྟ་སྨོས་ཀྱང་

ཅི་དགོས། དེ་དེ་ལྟར་རང་གི་ངོ་བོ་མེད་པ་དང་། མཚན་མ་མེད་པ་དང་། མཚན་མའི་འདུ་ཤེས་སྤངས་པས་སོགས་པ་ཉིད་ཀྱང་མེད་ལ། སོགས་པ་མེད་པ་ཡང་མ་ཡིན་པ་དེ་ནི་ཆོས་ཐམས་ཅད་འགོག་པ། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་ཡིན་ནོ། །དགེ་བ་དང་མི་དགེ་

བའི་ཆོས་རྣམས་ལ་རྣམ་པར་རྟོག་པ་མེད་ཅིང་དཔྱོད་པ་མེད་པས་རྟོག་པ་དང་དཔྱོད་པ་ཀུན་ཏུ་སྤངས་པའི་ཕྱིར་འདི་ལྟར་སངས་རྒྱས་ནི་རྣམ་པར་རྟོག་པ་མེད་པ་སྟེ། རྣམ་པར་རྟོག་པ་མེད་པར་སངས་རྒྱས་ཡིད་ལ་བྱའོ། །རྟོག་པ་མེད་པ་དང་། དཔྱོད་པ་མེད་པ་དང་། མཚན་མ་

མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ཏེ། །དེ་ལ་ནི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་དྲན་པའི་ལས་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ན་ལུས་ཀྱི་ལས་ལྟ་ཅི་སྨོས། ངག་གི་ལས་ལྟ་ཅི་སྨོས། ཡིད་ཀྱི་ལས་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །མཚན་

Vol. 63 · folio 13a

ཉིད་སྤངས་པ་དང་། ཀུན་ཏུ་རྒྱུ་བ་མེད་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ནོ། །མིང་མེད་པ་དང་། མཚན་མ་མེད་པ་དང་། རང་གི་མེད་པ་དང་། བསམ་པ་མེད་

པ་དང་། ཐོབ་པ་མེད་པ་དང་། ས་སོར་རྙེད་པ་མེད་པ་དང་། རྟོག་པ་དང་དཔྱོད་པའི་ཀུན་ནས་སློང་བ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཇི་ཙམ་དུ་ཡིད་ལ་བྱེད་པའི་རྒྱུན་ཡོད་ན་མཚན་མར་འཛིན་པ་ཡིན་ཏེ། ཤཱ་རིའི་བུ་དེ་ནི་

ལོག་པར་ལྟ་བ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་ཇི་ཙམ་དུ་མཚན་མ་མེད་པ་དང་། སོ་སོར་རྟོག་པ་མེད་པ་དང་། དངོས་པོ་མེད་པ་དང་། རྟོག་པ་མེད་པ་དང་། དཔྱོད་པ་མེད་པ་དང་། མཚན་མ་མེད་པ་དང་། འགོག་པ་མེད་པ་དང་། འབྱུང་བ་མེད་པ་དང་། ཀུན་ཏུ་རྒྱུ་བ་

མེད་པ་དང་། སྐྱེ་བ་མེད་པ་དང་། མི་སྐྱེ་བ་ལ་བཟོད་པ་འདི་དག་ནི་ཤཱ་རིའི་བུ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་ནི་ཆགས་པ་མེད། རབ་ཏུ་ཆགས་པ་མེད། མི་འགོག་པ་མེད། མི་འགལ་བ་མེད། མིང་མེད། མཚན་མ་མེད་པ་སྟེ། མིང་མེད་པ་དང་། མཚན་

མ་མེད་པ་གང་ཡིན་པ་དེ་ནི་ཤཱ་རིའི་བུ་སངས་རྒྱས་རྗེས་སུ་དྲན་པ་ཡིན་ནོ། །དེ་ནི་མཚན་ཉིད་མེད་པ། ཐ་སྙད་མེད་པ་ཡིན་ཏེ། དེ་ལ་ནི་དྲན་པའི་ལས་ཅུང་ཟད་ཙམ་ཡང་མེད་ན། ལུས་དང་ངག་གི་ལས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །གང་ན་

ལུས་ཀྱི་ལས་མེད་པ་དང་། ངག་གི་ལས་མེད་པ་དང་། ཡིད་ཀྱི་ལས་མེད་པ་ལ་ནི་ཞེན་པ་མེད་པ་དང་། འཛིན་པ་མེད་པ་དང་། ཀུན་ཏུ་འཛིན་པ་མེད་པ་དང་། མི་འགོག་པ་མེད་པ་དང་། འགལ་བ་མེད་པ་དང་། འབྱུང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། ཕྱེ་བ་མེད་པ་དང་། བསྡུས་

པ་མེད་པ་དང་། བརྐྱང་བ་མེད་པ་དང་། དངོས་པོ་མེད་པ་དང་། རྣམ་པ་ཐམས་ཅད་དུ་རྟོག་པ་དང་དཔྱོད་པ་རྣམས་རྒྱུན་ཆད་པ་དེ་ལྟ་བུ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་གསུངས་སོ། །དེ་ལྟ་བུའི་རང་བཞིན་གྱི་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པ་གང་ཡིན་པ་དེ་ནི་འདོད་ན་

Vol. 63 · folio 13b

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡོངས་སུ་སྒྱུར་བར་བྱེད། བདུད་བྱེ་བ་སྟོང་ཕྲག་བརྒྱ་ཡང་ཕམ་པར་བྱེད་ན། མ་རིག་པ་གཞི་མེད་པ་བདེན་པ་མ་ཡིན་པ་ལ་དམིགས་ཏེ། ཀུན་ནས་བསླང་བ་ལ་ལྟ་སྨོས་ཀྱང་ཅི་དགོས། ཆོས་དེ་དག་ནི་མཚན་མ་མེད་པ་དང་།

སྤྲོས་པ་མེད་པ་དང་། མ་སྤྲོས་པ་དང་། འགོག་པ་མེད་པ་དང་། འགལ་བ་མེད་པ་དང་། མཚན་ཉིད་མེད་པ་དང་། ཐ་སྙད་མེད་པ་དང་། བཏགས་པ་མེད་པ་དང་། སྣང་བ་མེད་པ་དང་། གསལ་བ་མེད་པ་དང་། བདུད་དང་བདུད་ཀྱི་འཁོར་དང་མ་འདྲེས་པར་སོ་སོར་རྟོགས་ནས་ཐ་

སྙད་ཙམ་གྱིས་འདོམས་ཤིང་རྗེས་སུ་སྟོན་ན་དེ་ལྟ་བུ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་མཚན་མར་འཛིན་པ་ཅུང་ཟད་ཙམ་ཡང་ཡིད་ལ་མ་བྱེད་ཅིག །མ་རྟོག་ཤིག །རྣམ་པར་མ་རྟོག་ཤིག །མ་སྤྲོ་ཤིག །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ཆོས་དེ་ནི་མཚན་མ་མེད་

པ། མཚན་ཉིད་མེད་པ། ཡིད་ལ་བྱེད་པ་མེད་པ་ཡིན་པས་འདི་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ལྟ་སྟེ། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་རྣམས་ནི་

གཟུགས་ཀྱི་མཚན་མ་ལས་ཡིད་ལ་བྱ་བ་མ་ཡིན་ཏེ། རྟོག་པ་ལས་མ་ཡིན། རྣམ་པར་རྟོག་པ་ལས་མ་ཡིན་ཞེན་པ་ལས་མ་ཡིན། མ་ཞེན་པ་ལས་མ་ཡིན། ཏིང་ངེ་འཛིན་ལས་མ་ཡིན། ཤེས་རབ་ལས་མ་ཡིན། རིག་པ་ལས་མ་ཡིན། རིག་པ་མེད་པ་ལས་མ་ཡིན་པའི་

ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ནི་བཏགས་པ་མེད་པ། བསམ་གྱིས་མི་ཁྱབ་པ། ཤིན་ཏུ་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མཚན་མར་མ་འཛིན་ཅིག །དེ་སྤང་བའམ། ཐོབ་པའམ། སྒོམ་པའི་ཆོས་གང་ཡིན་

པ་ལ་ཅུང་ཟད་ཀྱང་ཞེ་ན་པར་མི་བྱེད་དེ། དེ་དེ་བཞིན་གཤེགས་པ་ཉིད་ཀྱང་མི་དམིགས་ན། རྗེས་སུ་དྲན་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དགེ་སློང་གིས་དགེ་སློང་ལ་འདི་སྐད་ཅེས་དགེ་སློང་ཚུར་ཤོག །ཁྱོད་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྣམ་པར་སྒོམས་ཤིག །ཆོས་ཀྱི་འདུ་

Vol. 63 · folio 14a

ཤེས་ཡིད་ལ་མ་བྱེད་ཅིག་ཅེས་འདོམས་ཤིང་དེ་སྐད་རྗེས་སུ་སྟོན་ཏོ། །དེ་དེ་ལྟར་ཡིད་ལ་བྱེད་པ་ན་རབ་ཏུ་མ་ཞེན་པ་ཉིད་དང་། མ་ཆགས་པ་ཉིད་དང་། ཆོས་མེད་པ་ཉིད་དང་། དངོས་པོ་མེད་པ་ཉིད་དང་། མཚན་ཉིད་གཅིག་པ་ཉིད་ལ་དགའ་བར་

བྱེད་དོ། །དེ་ཆོས་ཀྱི་འདུ་ཤེས་ཀྱང་མི་འཇུག་ན་གང་ཟག་གི་འདུ་ཤེས་སུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་ཆོས་མི་དམིགས་ཏེ་ཆོས་ཀྱི་འདུ་ཤེས་སྐྱེད་པར་བྱེད་དམ། གསོལ་པ། བཅོམ་

ལྡན་འདས་དེ་ནི་མ་ལགས་སོ། །ཇི་ག་ཆོས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་ཅིང་ཆོས་མི་དམིགས་ན་རྣམ་པར་འཇིག་པར་བྱེད་པའི་ཆོས་འགའ་ཡང་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་ཤིང་གི་རྩ་བ་མེད་

པར་ཇི་ག་ཡལ་ག་དང་། ལོ་མ་དང་། ཤུན་པ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་ཇི་ག་ཆོས་མི་དམིགས་ན་ཆོས་ཀྱི་འདུ་ཤེས་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་

འདས་དེ་ནི་མ་ལགས་སོ། །ཇི་ག་ཆོས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་ཅིང་ཆོས་མི་དམིགས་ན་རྣམ་པར་འཇིག་པར་བྱེད་པའི་ཆོས་འགའ་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། དེ་དེ་ལྟར་ཆོས་སམ་ཆོས་ཀྱི་

འདུ་ཤེས་མི་དམིགས་ཤིང་ཡིད་ལ་མི་བྱེད་ན། འགག་པ་མེད་པ་དང་། འབྱུང་བ་མེད་པ་ལ་སྒོམ་དུ་མེད་དེ་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། འགོག་པར་མི་བྱེད། རྣམ་པར་འགོག་པར་མི་བྱེད། འཇུག་པར་མི་བྱེད། ལྡོག་པར་མི་བྱེད་དེ། དེ་དེ་ཁོ་ན་ཉིད་ཀྱི་

རང་བཞིན་ཐོབ་ནས་ཐ་སྙད་དུ་བྱེད་དོ། །ཤཱ་རིའི་བུ་དེ་སྐད་འདོམས་ཤིང་དེ་སྐད་རྗེས་སུ་སྟོན་པ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དོན་དམ་པར་ནི་དགེ་བ་ཡང་མེད། མི་དགེ་བ་ཡང་མེད་དོ། །ཤཱ་རིའི་བུ་མཚན་ཉིད་དེ་དག་དང་ལྡན་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ན་

Vol. 63 · folio 14b

དཀོན་པ་ཡིན་ཏེ། འདི་ལྟ་སྟེ་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ལྟ་བ་དང་ལྡན་པ་དེས་ན་ཡང་དག་པའི་ལྟ་བ་ཞེས་བྱའོ། དེ་ལྟ་མོད་ཀྱི་ཤཱ་རིའི་བུ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་བཟོད་པ་དང་། ཡང་དག་པའི་མོས་པ་ནི་འདི་ལྟ་སྟེ། ཕྱིན་ཅི་མ་ལོག་པར་ཡང་

དག་པར་རྗེས་སུ་ལྟ་བ་དེ་ནི་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བ་ཞེས་གསུངས་སོ། །ཤཱ་རིའི་བུ་གང་སུ་ཡང་རུང་ཕྱིན་ཅི་མ་ལོག་པར་ཡང་དག་པར་ལྟ་བ་མེད་པ་དེ་ནི་ཡང་དག་པའི་ལྟ་བ་མ་ཡིན་ནོ། །ཤཱ་རིའི་བུ་བདག་ཏུ་སྨྲ་བ་དང་། སེམས་ཅན་དུ་སྨྲ་བ་དང་།

སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་དང་། རྟག་པར་སྨྲ་བ་དང་། ཆད་པར་སྨྲ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ལོག་པར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་བདག་ཏུ་སྨྲ་བ་མ་

ཡིན། སེམས་ཅན་དུ་སྨྲ་བ་མ་ཡིན། སྲོག་ཏུ་སྨྲ་བ་མ་ཡིན། གང་ཟག་ཏུ་སྨྲ་བ་མ་ཡིན། རྟག་པར་སྨྲ་བ་མ་ཡིན། ཆད་པར་སྨྲ་བ་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །

ཡང་དག་པར་ལྟ་བ་དང་། ཕྱིན་ཅི་མ་ལོག་པར་ལྟ་བ་དང་། ཇི་ལྟ་བ་བཞིན་དུ་ལྟ་བ་མ་གཏོགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ནི་འགའ་ལ་ཡང་ཡང་དག་པའི་ལྟ་བ་མེད་དོ། །གཞན་དུ་ན་རྗེས་སུ་འཐུན་པའི་

བཟོད་པ་དང་ལྡན་པ་གང་དག་ཡིན་པ་དེ་དག་ལ་ནི་ཡང་དག་པའི་ལྟ་བའི་ཆ་ཤས་ཡོད་པ་ཡིན་ཡང་ཇི་ལྟ་བ་བཞིན་དུ་མཐོང་བས་ནི་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟར་ཡང་དག་པའི་ལྟ་བ་དང་། ལོག་པའི་ལྟ་བ་ཡིན་ཏེ། ཡང་དག་པ་མཐོང་བས་ནི་ཡང་དག་པའི་ལྟ་བ་

ཡིན་ལ། འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པས་ནི་ལོངས་སྤྱོད་འཕེལ་བ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་སླུ་བར་བྱེད་པ་འཁོར་བར་རྒྱུ་བར་བྱེད་པ། སྨད་པའི་ཆོས་གང་ཡིན་པ་ནི་དེ་བཞིན་གཤེགས་པས་ཚངས་པར་སྤྱད་པའི་ཐ་སྙད་ཡིན་ནོ་ཞེས་གསུངས་སོ། །ཤཱ་རིའི་བུ་

Vol. 63 · folio 15a

འདི་ལྟར་ཡང་དག་པའི་ལྟ་བ་ནི་འདི་ཡིན་ནོ། །ལོག་པའི་ལྟ་བ་ནི་འདི་ཡིན་ནོ། །ཞེས་མ་གསུངས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ལྟ་བར་གྱུར་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་གང་སུ་

ཡང་རུང་འདི་སྙམ་དུ་ཡང་དག་པའི་ལྟ་བ་ནི་འདི་ཡིན་ནོ། །ལོག་པའི་ལྟ་བ་ནི་འདི་ཡིན་ནོ་སྙམ་དུ་སེམས་ན། དེ་ཉིད་ལོག་པར་ལྟ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འཕགས་པའི་ཆོས་འདུལ་བ་འདི་ལ་ནམ་མཁའ་དང་། ལག་མཐིལ་ཇི་ལྟ་བ་བཞིན་དུ་ལྟ་བར་གྱུར་པ་

ཐམས་ཅད་ཀུན་ཏུ་སྤངས་པ་དང་། ཐ་སྙད་ཐམས་ཅད་ཀུན་ཏུ་ཆད་པ་ཡིན་ཏེ་དེ་ལྟ་བུ་ནི་དགེ་སྦྱོང་གི་ཆོས་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་གསུམ་པའོ།། །།ཤཱ་རིའི་བུ་དེ་ལ་འཕགས་པའི་དགེ་འདུན་ཞེས་བྱ་བ་གང་ཞེ་ན། གང་དག་སྐྱེ་བ་མེད་པ་

དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། སྤྲོས་པ་མེད་པ་དེ་ལ་འཇུག་པ་དང་། ལྷག་པར་མོས་པ་དང་། ཡང་དག་པར་སྟོན་པ་དང་། ཡང་དག་པར་གཞོལ་བ་དེ་ལྟ་བུའི་བཟོད་པ་དང་ལྡན་པ་སྟེ། མཚན་ཉིད་མེད་

པ་ལ་ལྷག་པར་མོས་པ་ནི་བདག་གང་ཡིན་པ་ཡང་མི་དམིགས་ན། རྒྱུན་དུ་ཞུགས་པ་དམིགས་པ་ལྟ་ཅི་སྨོས། ལན་ཅིག་ཕྱིར་འོང་བ་ལྟ་ཅི་སྨོས། ཕྱིར་མི་འོང་བ་ལྟ་ཅི་སྨོས། དགྲ་བཅོམ་པ་དམིགས་པ་ལྟ་ཅི་སྨོས། ཆོས་སུ་དམིགས་པ་ལྟ་ཅི་སྨོས། སྐྱེས་པ་དང་བུད་

མེད་དང་མ་ནིང་ལྟ་ཅི་སྨོས། བཏགས་པར་དམིགས་པ་ལྟ་ཅི་སྨོས། གནས་སུ་དམིགས་པ་ལྟ་ཅི་སྨོས་ཏེ། འདི་དང་འདི་ལྟ་བུའོ་ཞེས་བྱ་བ་མི་དམིགས་པ་འདི་ནི་དགེ་འདུན་ཡིན་ནོ། །དེ་ལྟ་མོད་ཀྱི་ཤཱ་རིའི་བུ་མཚན་ཉིད་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དེ་ལ་མོས་པ་

ནི་ཉུང་ངོ་། །ཤཱ་རིའི་བུ་མཚན་ཉིད་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་ལ་མོས་པ་གང་ཡིན་པ་དེ་དག་ནི་ཕྱིན་ཅི་མ་ལོག་པའི་ཤེས་པས་གཞན་དང་གཞན་དག་ཤེས་ཤིང་། གཞན་དང་གཞན་དག་རབ་ཏུ་ཤེས་ནས། ཀུན་ཏུ་གླེང་བར་བྱེད། ཡང་དག་པར་གཞོལ་བར་

Vol. 63 · folio 15b

བྱེད། གཞན་དང་གཞན་དག་སྟོན་པར་བྱེད་པ་ན། བདེན་པ་ལ་དམིགས་པས་བཅིངས་ཤིང་ཞེན་པའི་འཇིག་རྟེན་པ་འདི་ཐམས་ཅད་མ་གཏོགས་པར་དངོས་པོ་ཅུང་ཟད་ཙམ་ཡང་མི་དམིགས་སོ། །དེ་དག་ནི་ཡང་དག་པའི་ལུས་ལ་གནས་པ་ཡིན་ཏེ། དེ་ནི་འཕགས་པའི་དགེ་

འདུན་ཞེས་བྱའོ། །དེ་དག་ཐ་སྙད་དེ་ལ་ཡང་དམིགས་ལ། མིང་དང་མཚན་མས་མཚན་ཉིད་མེད་པ་འདོམས་པར་བྱེད། སྤྲོས་པ་མེད་པ་ཉིད་ཀུན་ཏུ་སྟོན་པར་བྱེད་དོ། །ཤཱ་རིའི་བུ་དེ་དག་ནི་དགེ་འདུན་དཀོན་མཆོག་ཡོན་གནས་ཀྱི་འོས་ཡིན་ཏེ། འདི་ལྟ་སྟེ་ཕྱིན་ཅི་མ་ལོག་པའི་

དོན་གྱིས་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་དེ་བཞིན་དུ་དགེ་སློང་གིས་གནས་གང་ཡིད་ལ་བྱེད་པའི་གནས་དེ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཡིན་པར་ཤེས་བཞིན་དུ་དེ་སྐད་འདོམས་ཤིང་དེ་སྐད་རྗེས་སུ་སྟོན་པའི་དགེ་སློང་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཤཱ་རིའི་བུ་ཐ་

སྙད་ཀུན་ཏུ་ཆད་པ་ནི་འཕགས་པའི་དགེ་འདུན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འཕགས་པའི་ཆོས་འདུལ་བ་འདི་ལ་ནི་གང་ཡང་དག་པར་བཏགས་པར་གྱུར་པའི་ཐ་སྙད་ཀྱང་མི་དམིགས་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཐ་སྙད་ཀུན་ཏུ་ཆད་པ་ནི་འཕགས་པའི་དགེ་

འདུན་ཞེས་བྱའོ། །ཤཱ་རིའི་བུ་དེ་ལ་གང་དག་འདི་སྐད་ཅེས་ཅིའི་ཕྱིར་དགེ་འདུན་གྱི་ཐ་སྙད་ཅེས་བྱ་ཞེ་ན། གང་ལ་ཡང་དག་པར་བཏགས་པར་གྱུར་པའི་ཐ་སྙད་འགའ་ཡང་མི་དམིགས་པ་གང་ཡིན་པའོ་ཞེས་སྨྲ་ན། ཤཱ་རིའི་བུ་དེ་ལ་ང་ནི་འདི་སྐད་ཅེས་དགེ་འདུན་ནི་ཇི་ལྟ་བ་བཞིན་

དུ་རྟོག་པའི་དོན་དང་། ཆགས་པའི་མཚན་མ་མེད་པ་སྒྲོགས་པའི་དོན་གྱི་དངོས་པོ་འགའ་ཡང་མི་དམིགས་པ་ཡིན་ཏེ། བློ་གཅིག་ཏུ་གྱུར་པའི་ཕྱིར་དང་། བཟོད་པ་གཅིག་པའི་ཕྱིར་དང་། རོ་གཅིག་པའི་ཕྱིར་རོ་ཞེས་གསུངས་ཏེ། ཐ་སྙད་གཅིག་པོ་དེ་ཡང་འཇིག་རྟེན་པའི་

ཐ་སྙད་ཙམ་གྱིས་ཐ་སྙད་དུ་བྱེད་ཀྱི། དོན་དམ་པར་ནི་དགེ་འདུན་འགའ་ཡང་མེད་དོ། །གང་ཞིག་རྟག་པའམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་གྱི་བཞི་པོ་དེ་ནི་འགའ་ཡང་དམིགས་སུ་མེད་དེ། འདི་ལྟ་སྟེ། ཆོས་ཤེས་བྱ་བའི་ཐ་སྙད་ཡང་

Vol. 63 · folio 16a

དག་པར་བཏགས་པའི་ཐ་སྙད་གང་ཡིན་པ་དེ་ཡང་འཕགས་པ་རྣམས་ཀྱིས་སྨད་པ་ཡིན་ནོ། །འདི་ནི་སྐྱེས་པའོ། །འདི་ནི་བུད་མེད་དོ། །འདི་ནི་མ་ནིང་ངོ་། །འདི་ནི་ལྷའོ། །འདི་ནི་ཀླུའོ། །འདི་ནི་གནོད་སྦྱིན་ནོ། །འདི་ནི་དྲི་ཟའོ། །འདི་

ནི་གྲུལ་བུམ་མོ། །འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་པའོ་ཞེས་བྱ་བ་དེ་ལྟ་བུའི་ཆོས། དེ་རིང་དུ་སྤངས་ནས་གཞི་རྣམ་པ་དུ་མ་ལ་དམིགས་ཏེ། ཚིག་འདི་སྐད་ཅེས་དགེ་སློང་ཚུར་ཤོག །ཁྱོད་འདུག་ཤིག །འདིར་མལ་གྱིས་ཤིག །འདི་ནི་ཆེ་གེ་མོ་ཞིག་གོ་ཞེས་

སྨྲ་ཞིང་བརྫུན་གྱི་ཚིག་ཏུ་བཏགས་ནས་མིང་དང་མཚན་མར་ཐ་སྙད་དུ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཆོས་ཐམས་ཅད་ནི་མིང་དང་མཚན་མ་མེད་པ། མཚན་ཉིད་མེད་པ། ཡིད་ལ་བྱེད་པ་མེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས།

ཆོས་གང་ཡང་ཡིད་ལ་བྱེད་པ་མེད་པ་དེ་ཐ་སྙད་ཀྱིས་ཐོག་ཏུ་ཕེབས་པར་བརྗོད་དུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་གང་ཞིག་འདི་སྐད་ཅེས་འདི་ནི་བུད་མེད་དོ། །འདི་ནི་སྐྱེས་པའོ། །འདི་ནི་མ་ནིང་ངོ་། །

འདི་ནི་ལྷའོ། །འདི་ནི་ཀླུའོ། །འདི་ནི་གནོད་སྦྱིན་ནོ། །འདི་ནི་གྲུལ་བུམ་མོ། །འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་པའོ་ཞེས་སྨྲ་ན། དེ་ནི་ངེས་པར་བརྫུན་གྱི་ཚིག་སྨྲ་ཞིང་། ཡང་དག་པ་མ་ཡིན་པའི་མཐའ་ལ་ཞུགས་པ་ཡིན་པས་དེས་ན་དགེ་འདུན་ཞེས་

མི་བྱ་སྟེ། ཤཱ་རིའི་བུ་ཕྱིན་ཅི་མ་ལོག་པ་ལ་ཞུགས་པས་དེའི་ཕྱིར་འཕགས་པའི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་དེ་ལ་རེ་ཞིག་མི་དགེ་བ་ནི་འདི་ལྟ་བུ་ལ་དམིགས་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟ་སྟེ། མིང་དང་མཚན་མ་ཡིན་ཏེ། འདི་ནི་མི་དགེ་བ་ཐམས་ཅད་ཀྱི་རྩ་

བ་ཡིན་ནོ། །ཤཱ་རིའི་བུ་འཕགས་པའི་ཆོས་འདུལ་བ་ལ་ནི་མིང་དང་མཚན་མ་རྣམས་རྒྱུན་ཆད་པ་ཡིན་ཏེ། མིང་གིས་རློམ་སེམས་སུ་མི་བྱེད་ན་དགེ་འདུན་དེ་ནི་འདི་ཡིན་ནོ། །འདི་ནི་འཕགས་པའི་དགེ་འདུན་ནོ། །འདི་ནི་ཀུན་རྫོབ་ཀྱི་དགེ་འདུན་ནོ། །འདི་ནི་འབྲས་བུའི་དགེ་

Vol. 63 · folio 16b

འདུན་ནོ། །འདི་ནི་བློ་བུར་དུ་ལྷགས་པའི་དགེ་འདུན་ནོ། །འདི་ནི་གཉུག་མར་གནས་པའི་དགེ་འདུན་ནོ། །འདི་ནི་དགེ་སློང་གི་དགེ་འདུན་ནོ། །འདི་ནི་དགེ་སློང་མའི་དགེ་འདུན་ནོ། །འདི་ནི་འཐུན་པ་དང་། འདི་ནི་མི་འཐུན་པའི་དགེ་འདུན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར་ཏེ། ཐམས་

ཅད་སྤངས་པ་དང་། ཐམས་ཅད་རྒྱུན་བཅད་པས་འཕགས་པའི་དགེ་འདུན་ཞེས་བྱའོ། །མིང་དང་མཚན་མ་མེད་པ། ཐ་སྙད་མེད་པ། འཇུག་པ་མེད་པ། ཐ་སྙད་རྒྱུན་ཆད་པ་དེ་དག་ནི་མཆོག་ཏུ་འཕགས་པར་བརྗོད་པའི་ཕྱིར་དངོས་པོ་དེ་དག་མི་དམིགས་པ་ཡིན་ནོ། །ཤཱ་རིའི་བུ་

ཡོངས་སུ་བརྟགས་ནས་མིང་དང་མཚན་མ་རྣམས་ཀྱི་ཐ་སྙད་དམིགས་པར་གྱུར་ན་ནི་ལྟ་བར་གྱུར་པ་རྣམ་པ་དུ་མ་ལ་ཆགས་པ་ཡིན་ཏེ། གང་ཞིག་སྲིད་པ་འབྱུང་བའི་རྒྱུར་གྱུར་པ་ཕུང་པོའི་འདུ་ཤེས་དང་ཕུང་པོ་ལྔ་ལ་ཡོངས་སུ་རྟེན་པ་ནི་ལོག་པར་ལྟ་བའི་གནས་ཡིན་པའི་ཕྱིར་རོ། །ཡང་

དག་པ་མ་ཡིན་པའི་འདུ་ཤེས་ཡོངས་སུ་བཟུང་ནས། འདི་ལྟ་སྟེ། ཕུང་པོའི་འདུ་ཤེས་ལོག་པར་འཛིན་པ་དང་། ངན་སོང་ལ་འཛིན་པ་དང་། དམིགས་པ་ལ་འཛིན་པ་དང་། ལམ་གོལ་བ་ལ་འཛིན་པ་དང་། ཡང་དག་པ་མ་ཡིན་པ་ལ་འཛིན་པ་དེ་དག་ནི་འཕགས་པ་ཉན་ཐོས་

རྣམས་ལ་ཡོད་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལ་དམིགས་པ་ཁམས་གསུམ་པ་མི་ཤེས་པ་ཐམས་ཅད་མ་གཏོགས་ཏེ། དེས་ན་འཕགས་པའི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་ཡང་དག་པ་མ་ཡིན་པ་སྒྲ་སྣ་ཚོགས་ལ་ཞེན་པ་གང་ཅི་ཡང་རུང་བ་དེ་དག་ནི་འཕགས་པའི་དགེ་

འདུན་ལ་དམིགས་སུ་ཡོད་པ་མ་ཡིན་ཏེ། འདི་ལྟ་སྟེ། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། མིར་འཛིན་པ་དང་། མི་མ་ཡིན་པར་འཛིན་པ་དང་། བུད་མེད་དུ་འཛིན་པ་དང་། སྐྱེས་པར་འཛིན་པ་དང་།

ལྷར་འཛིན་པ་དང་། དམྱལ་བར་འཛིན་པ་དང་། དུད་འགྲོའི་སྐྱེ་གནས་སུ་འཛིན་པ་དང་། གཤིན་རྗེའི་འཇིག་རྟེན་དུ་འཛིན་པ་དང་། ཕུང་པོར་འཛིན་པ་དང་། ཁམས་སུ་འཛིན་པ་དང་། སྐྱེ་མཆེད་དུ་འཛིན་པ་དང་། འབྱུང་བར་འཛིན་པ་དང་། འཇིག་པར་འཛིན་པ་དང་།

Vol. 63 · folio 17a

དུང་གི་སྒྲར་འཛིན་པ་དང་། རྔ་བོ་ཆེའི་སྒྲར་འཛིན་པ་དང་། ཁར་རྔའི་སྒྲར་འཛིན་པ་དང་། རྫ་རྔའི་སྒྲར་འཛིན་པ་དང་། པི་བང་གི་སྒྲར་འཛིན་པ་དང་། གླུའི་སྒྲར་འཛིན་པ་དང་། དེ་བཞིན་དུ་རོལ་མོའི་སྒྲ་ཐམས་ཅད་དང་། ས་དང་ཆུ་དང་། མེ་དང་རླུང་དང་ཚུལ་

ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་སྒྲར་འཛིན་པ་དང་། ལམ་གྱི་སྒྲར་འཛིན་པ་དང་། ལོག་པའི་ལམ་གྱི་སྒྲར་འཛིན་པ་དང་། དྲེགས་པའི་སྒྲར་འཛིན་པ་དང་། ཀུན་ནས་ཉོན་མོངས་པའི་སྒྲར་འཛིན་པ་དང་། རྣམ་པར་བྱང་བའི་སྒྲར་འཛིན་པ་དང་། བསམ་གཏན་གྱི་སྒྲར་འཛིན་

པ་དང་། ཏིང་ངེ་འཛིན་གྱི་སྒྲར་འཛིན་པ་དང་། སྙོམས་པར་འཇུག་པའི་སྒྲར་འཛིན་པ་དང་། བརྒྱད་པའི་སྒྲར་འཛིན་པ་དང་། རྒྱུན་དུ་ཞུགས་པའི་སྒྲར་འཛིན་པ་དང་། ལན་ཅིག་ཕྱིར་འོང་བའི་སྒྲར་འཛིན་པ་དང་། ཕྱིར་མི་འོང་བའི་སྒྲར་འཛིན་པ་དང་། དགྲ་བཅོམ་པའི་སྒྲར་འཛིན་པ་དང་།

རིག་པའི་སྒྲར་འཛིན་པ་དང་། རྣམ་པར་གྲོལ་བའི་སྒྲར་འཛིན་པ་དང་། འབྲས་བུ་ཐོབ་པའི་སྒྲར་འཛིན་པ་དང་། སངས་རྒྱས་ཀྱི་སྒྲར་འཛིན་པ་དང་། ཆོས་ཀྱི་སྒྲར་འཛིན་པ་དང་། དགེ་འདུན་གྱི་སྒྲར་འཛིན་པ་དང་། མྱ་ངན་ལས་འདས་པའི་སྒྲར་འཛིན་པ་དང་། ཡོངས་སུ་མྱ་ངན་ལས་

འདས་པའི་སྒྲར་འཛིན་པ་སྟེ། ཤཱ་རིའི་བུ་ཡང་དག་པ་མ་ཡིན་པའི་སྒྲ་སྣ་ཚོགས་སུ་འཛིན་པ་གང་ཡིན་པ་འདི་དག་ནི་དོན་དམ་པར་འཕགས་པའི་ཉན་ཐོས་རྣམས་ཀྱིས་མི་དམིགས་སོ། །དེ་ལྟ་མོད་ཀྱི་སྒྲ་སྣ་ཚོགས་དང་། སྒྲ་སྣ་ཚོགས་སུ་འཛིན་པའི་རྣམ་པ་དུ་མ་དེ་དག་ནི་ཤེས་པ་གཅིག་

གི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ། མཚན་ཉིད་མེད་པའོ། །མཚན་མ་མེད་པ་དང་མི་འཐུན་པ་ནི་འདུ་ཤེས་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་གྱི། ཕྱིན་ཅི་མ་ལོག་པའི་བཟོད་པ་དང་ལྡན་པ་ནི་འཕགས་པའི་དགེ་འདུན་ཞེས་བྱའོ། །གང་དག་མཚན་ཉིད་མེད་པ་དང་། མཚན་

མ་མེད་པ་དང་། ཆགས་པ་མེད་པ་དང་། ཀུན་ཏུ་ཆགས་པ་མེད་པ་དང་། གཟུང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པས་ནི་ཕྱིན་ཅི་མ་ལོག་པའི་བཟོད་པ་ཡིན་ནོ། །དེ་ལ་རང་གི་ངང་གིས་འཇུག་པ་གང་ཡིན་པ་དེ་ལ་ནི་སྒོམ་པ་མེད། རྣམ་པར་སྒོམ་པ་མེད།

Vol. 63 · folio 17b

རབ་ཏུ་སྐྱོ་བ་མེད། རློམ་སེམས་མེད། རྣམ་པར་རློམ་སེམས་མེད། རྣམ་པར་རློམ་སེམས་མ་ཡིན་པ་མེད། འགལ་བ་མེད་དོ། །དེ་ལ་ནི་ཚུ་རོལ་མེད། ཕ་རོལ་མེད། རྟོག་པ་མེད། རྣམ་པར་རྟོག་པ་མེད་པའི་མཚན་ཉིད་དུ་སོ་སོར་རྟོགས་པས་འཕགས་པའི་དགེ་འདུན་ཞེས་བྱའོ། །

ཤཱ་རིའི་བུ་འདུས་པ་རྣམས་ཀུན་དུ་བཅད་པས་དེའི་ཕྱིར་འཕགས་པའི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་འདི་ལྟར་ཡང་ངས་ཆོས་མཐོང་བ་གང་ཡིན་པ་དེ་ནི་ང་མཐོང་བ་ཡིན་ནོ་ཞེས་གསུངས་པ། ཤཱ་རིའི་བུ་ང་ནི་ནམ་ཡང་ཆོས་ཡིན་པར་མི་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་ང་ལ་གཟུགས་

ཀྱི་སྐུར་སྐྱེས་བུ་གཏི་མུག་ལྷས་བྱིན་དང་། དེ་བཞིན་དུ་མུ་སྟེགས་པ་གཞན་དག་གིས་ཀྱང་མཐོང་སྟེ། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་ལ་གཟུགས་སུ་མཐོང་ན་མཐོང་བ་མ་ཡིན་ནོ། །སྒྲས་ཀྱང་མ་ཡིན་ཏེ་དེ་བཞིན་དུ་སྦྱར་བར་བྱའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་

གཟུགས་ཀྱི་སྐུར་མཐོང་ནས་མཐོང་ངོ་ཞེས་སྨྲ་བ་གང་ཡིན་པའི་ཚིག་དེ་ནི་ཚིག་གི་ངོ་བོ་ཙམ་དུ་ཟད་ཀྱི། དྲིས་ན་ཡང་དག་པར་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གང་དག་དེ་བཞིན་གཤེགས་པ་ལ་གཟུགས་སུ་མཐོང་ན་མཐོང་བ་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་གང་ཞིག་

མཚན་ཉིད་མེད་པ་དང་། མཚན་མ་མེད་པ་དང་། ཡིད་ལ་བྱེད་པ་གསུམ་མེད་པ་དང་། རྩོལ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། སྤྲོས་པ་མེད་པའི་ཆོས་ཐམས་ཅད་ལ་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་ལ་ཡང་རློམ་སེམས་སུ་མི་བྱེད། མྱ་ངན་ལས་

འདས་པས་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་ལ་དགའ་བར་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དེ། ཆོས་ཐམས་ཅད་མཚན་ཉིད་གཅིག་པར་མོས་པ་ནི་འདི་ལྟ་སྟེ། མཚན་ཉིད་མེད་པ་ཉིད་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡང་དེ་ལྟ་བུ་ཡིན་ལ།

དེ་བཞིན་གཤེགས་པ་མཐོང་བ་ཡང་དེ་ལྟ་བུ་ཡིན་ནོ། །དེ་བཞིན་གཤེགས་པ་མཐོང་བ་ཡང་གང་ཞེ་ན། རྩོལ་བ་མེད་པ་དང་། སྤྲོས་པ་མེད་པ་དང་། འབྱུང་བ་མེད་པ་སྟེ། དེ་ནི་རྟོག་པ་མེད་པ་དང་། ཞེན་པ་མེད་པ་དང་། ངེས་པར་འཛིན་པ་མེད་པ་དང་། མིང་མེད་པ་དང་།

Vol. 63 · folio 18a

མཚན་མ་མེད་པ་དང་། མཚན་མ་མ་ཡིན་པ་མེད་པ་དང་། མཚན་མའི་ལས་མེད་པ་དང་། ཐ་སྙད་དུ་གཟུང་བ་མེད་པ་དང་། བཏགས་པའི་ལས་མེད་པ་ཡིན་ཏེ། དེས་ན་དངོས་པོ་མེད་པ་ཐ་སྙད་ཀུན་ཏུ་ཆད་པ་དེ་ལ་རློམ་སེམས་སུ་མི་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་

གཤེགས་པ་མཐོང་བའི་མཆོག་ཡིན་ནོ། །ཤཱ་རིའི་བུ་གང་མཐོང་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དེ་བཞིན་གཤེགས་པས་ཆོས་མཐོང་བ་གསུངས་པ་གང་ཞེ་ན། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྤྲོས་པ་མེད་པ་དང་། ལེན་པ་མེད་པ་དང་། ཐ་སྙད་ཐམས་ཅད་ལ་

རྟག་ཏུ་མི་དམིགས་པ་སྟེ། དེ་ཡང་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ལ་རློམ་སེམས་སུ་མི་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ང་ཡང་མྱ་ངན་ལས་འདས་པ་ལ་རློམ་སེམས་སུ་མི་མཛད། མྱ་ངན་ལས་འདས་པས་རློམ་སེམས་སུ་མི་མཛད། མྱ་ངན་ལས་འདས་པ་ལ་མངོན་པར་དགྱེས་

པར་མི་མཛད་ན། ཤཱ་རིའི་བུ་ང་མྱ་ངན་ལས་འདས་པ་ལ་རློམ་སེམས་སུ་བྱོས་ཤིག་ཅེའམ། མྱ་ངན་ལས་འདས་པས་རློམ་སེམས་སུ་བྱོས་ཤིག་ཅེའམ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱོས་ཤིག་ཅེས་དེ་ཅི་གསུང་བར་འགྱུར་རམ། ཤཱ་རིའི་བུ་གང་སུ་ཡང་རུང་མྱ་ངན་ལས་

འདས་པ་དམིགས་པར་གྱུར་ན། དེ་དག་གི་རྗེས་སུ་ང་རབ་ཏུ་མི་འབྱུང་བ་ཞིག་ན། སྟོན་པ་གང་ཡིན་པ་དེ་དག་གི་རྗེས་སུ་རབ་ཏུ་བྱུང་སྟེ། སྟོན་པ་གང་ཡིན་པ་དེ་དག་གི་སྟོན་པའི་ཆོས་ནི་སྐྱོབ་པ་ཡིན་པར་ཤཱ་རིའི་བུ་ཆོས་འདུལ་བ་འདི་ལ་རིག་པར་བྱའོ། །དེ་དག་ནི་ཆོས་འདུལ་བ་འདི་

ལ་སུན་འབྱིན་པ་ཡིན་པར་རིག་པར་བྱའོ། །དེ་དག་ནི་ཆོས་འདུལ་བ་འདི་ལ་རྩོད་པ་ཅན་ཡིན་པར་རིག་པར་བྱ་སྟེ། ཤཱ་རིའི་བུ་དཔེར་ན་གྲོང་རྡལ་དང་། ཚོང་རྡལ་དང་། གྲོང་ཁྱེར་དག་གི་ཆོམ་རྐུན་པ་ཆེན་པོ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་ནི་མྱ་ངན་

ལས་འདས་པ་ལ་དམིགས་པ་ན་དམིགས་པར་བྱེད་ན། གང་ཟག་ཏུ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་དེ་དག་གི་སྟོན་པ་ཡང་ང་མ་ཡིན་ལ་ངའི་ཉན་ཐོས་ཀྱང་དེ་དག་མ་ཡིན་ཞིང་འདི་ལྟར་ངའི་ཉན་ཐོས་ཀྱི་དགེ་འདུན་འདུ་བའི་ནང་དུ་ཡང་མི་གཏོགས་པས་ང་ནི་སྐྱེས་བུ་བླུན་པོ་དེ་དག་ལག་བརྡས་སྐྲོད་པར་

Vol. 63 · folio 18b

མཛད་དོ། །ཤཱ་རིའི་བུ་གང་ཞིག་ཆོས་ཐམས་ཅད་ནི་རྒྱུ་ཅན་མ་ཡིན་པ། ཡིད་ལ་བྱེད་པ་མེད་པ། མཚན་མ་མེད་པ། བཟོད་པ་དང་ལྡན་པ་མ་ཡིན་པ། མངོན་པར་རྫོགས་པར་བྱང་ཆུབ་པ་མ་ཡིན་པ་སྟེ། དེ་དག་ནི་མྱ་ངན་ལས་འདས་པ་ཡང་དམིགས་པར་མི་བྱེད་ན། གང་གི་མྱ་ངན་ལས་

འདས་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ་འདི་ནི་གང་མཐོང་ན་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་ཆོས་མཐོང་བ་གསུངས་པ་ཡིན་ནོ། །ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་གང་ཞེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་

པ་དེ་བཞིན་ཉིད་དེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་ཆོས་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མི་ཟ་བ་གང་ཡིན་པ་དེ་དག་ནི་འཕགས་པའི་ཉན་ཐོས་ཞེས་བྱའོ། །རྟོག་པ་མེད་པ་དང་། རྟོག་པ་དང་བྲལ་བ་དང་། སྤྲོས་པ་མེད་པ་དང་། མཚན་མ་མེད་པ་ལ་

གནས་པ་དེ་དག་ནི་སྐྱེས་བུ་དམ་པ་ཡིན་ཏེ། དེ་དག་ནི་འཕགས་པའི་དགེ་འདུན་ཞེས་བྱའོ། །ཤཱ་རིའི་བུ་སྔོན་བྱུང་བ་སྐྱེས་བུ་བྱིས་པའི་རང་བཞིན་ཅན་སྔོན་ཆད་ལན་འགའ་ཡང་སྤྲེའུ་མ་མཐོང་བ་ཞིག་དགོས་པ་འགའ་ཞིག་གི་ཕྱིར་ནགས་ཚང་ཚིང་ཞིག་ཏུ་སོན་པ་དང་། དེས་དེར་སྤྲེའུའི་

ཚོགས་ཆེན་པོ་མཐའ་གཅིག་ཏུ་འདུས་པ་དག་མཐོང་ངོ་། །དེས་སྤྲེའུའི་ཚོགས་ཆེན་པོ་དེ་མཐོང་བ་དང་། དེ་འདི་སྙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་ཞེས་བྱ་བ་ཞིག་ཡོད་དོ། །ཞེས་ཐོས་པའི་སུམ་ཅུ་རྩ་གསུམ་པའི་ལྷ་དེ་རྣམས་ནི་འདི་དག་ཡིན་པ་ལྟ་ཞིག་སྙམ་ནས། དེ་

རིངས་ཤིང་བརྟབས་པའི་གཟུགས་ཀྱིས་མྱུར་བར་རང་གི་གྲོང་རྡལ་དུ་སོང་སྟེ། སོན་པ་དང་། དེའི་ཚེ་གྲོང་རྡལ་དེ་ན་སྐྱེ་བོའི་ཚོགས་ཆེན་པོ་འདུས་པར་གྱུར་ཏོ། །དེས་སྐྱེ་བོའི་ཚོགས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྔོན་ཆད་

མཐོང་ངམ། དེ་དག་གིས་སྨྲས་པ། གྲོགས་པོ་བདག་ཅག་གིས་སྔོན་ཆད་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་མ་མཐོང་ངོ་། །དེས་སྨྲས་པ། ཤེས་ལྡན་དག་བདག་གིས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་མཐོང་ན་ཁྱེད་ཅག་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་བལྟ་བར་འདོད་

Vol. 63 · folio 19a

དམ། དེ་དག་གིས་སྨྲས་པ། གྲོགས་པོ་བདག་ཅག་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་བལྟ་བར་འཚལ་ལོ། །དེས་གྲོང་རྡལ་གྱི་སྐྱེ་བོའི་ཚོགས་དེ་དེད་ནས་ནགས་ཚང་ཚིང་ཆེན་པོ་གང་ན་བ་དེར་སོང་སྟེ། ཤེས་ལྡན་དག་སུམ་ཅུ་རྩ་གསུམ་པའི་ལྷ་

རྣམས་ལ་ལྟོས་ཤིག་ཅེས་སྤྲེའུའི་ཚོགས་ཆེན་པོ་དེ་བསྟན་པ་དང་དེ་དག་གིས་ཀྱེ་སྐྱེས་བུ་འདི་དག་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་མ་ཡིན་ནོ། །ཀྱེ་སྐྱེས་བུ་འདི་དག་ནི་ནགས་ན་རྒྱུ་བའི་སྤྲེའུ་ཞེས་བྱ་བ་ཡིན་ཏེ། ཀྱེ་སྐྱེས་བུ་ཁྱོད་ནི་ནོར་བ། ཕྱིན་ཅི་ལོག་པ། འདི་ལྟར་སྤྲེའུ་ཡང་མི་ཤེས།

སུམ་ཅུ་རྩ་གསུམ་པའི་ལྷ་ཡང་མི་ཤེས་སོ་ཞེས་སྨྲས་སོ། །ཤཱ་རིའི་བུ་སྐྱེས་བུ་རྨོངས་པ་དེས་སྐྱེ་བོའི་ཚོགས་དེ་དོན་མེད་པར་བསླུས་པ་དེ་བཞིན་དུ། ཤཱ་རིའི་བུ་མ་འོངས་པའི་དུས་ན་དགེ་སློང་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། དེ་དག་ཁྱིམ་པ་དག་གི་དྲུང་དུ་དོང་ནས། འདི་སྐད་ཅེས་

ཁྱེད་ཅག་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་བལྟ་བ་དང་། སངས་རྒྱས་ཀྱི་གསུང་ཉན་པར་འདོད་དམ་ཞེས་སྨྲས་པ་དང་། ཤཱ་རིའི་བུ་དེ་ལ་ཁྱིམ་པ་དག་མངོན་པར་དགའ་བར་གྱུར་ནས། འདི་སྐད་ཅེས་བདག་ཅག་ཀྱང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལ་

བལྟ་བ་དང་། སངས་རྒྱས་ཀྱི་གསུང་ཉན་པར་འཚལ་ལོ་ཞེས་སྨྲའོ། །ཤཱ་རིའི་བུ་དེ་ལ་དགེ་སློང་སྨྲ་བ་ལྷུར་ལེན་པ་གང་ཡིན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ཁྱིམ་པ་དེ་དག་དང་དགེ་འདུན་གྱི་ཀུན་དགའ་ར་བར་ཞུགས་ནས་སྟོན་པར་བྱེད་དོ། །རྣམ་པར་རིག་བྱེད་ལ་མཁས་པ། ཡི་གེ་

ལྷུར་བྱེད་པ། ཡི་གེ་ལ་མཁས་པ། ཡི་གེའི་རྗེས་སུ་འབྲང་བ། ཡི་གེ་ལ་རྟོན་པ། ཡི་གེ་ལ་མོས་པར་འགྱུར་བའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་བྱ་བ་དེ་དང་དེའི་རྗེས་སུ་འཐུན་པ། དེའི་རྗེས་སུ་འབྲང་བ། ཡི་གེ་ཙམ་ཆེད་ཆེར་བྱེད་པ། ཡི་གེ་ལྷུར་ལེན་པའི་དགེ་

སྦྱོང་ཚོགས་ཀྱི་གཟུགས་བརྙན་ཕྱུགས་རྫི་ལྟ་བུ་གྲངས་མ། སྨྲ་བ་ལ་དགའ་བ། སྨྲ་བ་ལ་སྲེད་པ། སྨྲ་བ་ལ་དགའ་བའི་སྦྱོར་བའི་རྗེས་སུ་བརྩོན་པ། ཡང་དག་པ་མ་ཡིན་པའི་མཐའ་ལ་ཞུགས་པ། གཞན་ལ་སྨྲ་བ་མང་བ། གསང་ཚིག་ངན་པས་འཚོ་བ། འཇིག་རྟེན་རྒྱང་ཕན་པ་

Vol. 63 · folio 19b

སྣ་ཚོགས་ལ་མཁས་པ། ཡོངས་སུ་མ་དག་པའི་ཆོས་བྱེད་པ། ཡོངས་སུ་མ་དག་པའི་ཆོས་སྟོན་པ། གཏམ་ལ་སེམས་པ། འཇིག་རྟེན་པའི་ལམ་དུ་བྱིང་བ། མདངས་ངན་པ། མདོག་ངན་པ། དཔེ་ཆད་པ། མི་སྨྲ་བའི་རང་བཞིན་བོར་བ། ཏིང་ངེ་འཛིན་མ་ཡིན་པ་ལྷུར་བྱེད་པ་དེ་

དག་ནི་ཉིན་པར་རམ། མཚན་མོའམ། ཉིན་མཚན་དུ་རྩོད་པའི་གཏམ་ལ་མངོན་པར་དགའ་ཞིང་ཤིན་ཏུ་གཟབས་པའི་མལ་སྔས་ནང་ཚངས་ཅན་བཅུག་པ། གདིང་བ་དང་གཡོག་པ་འཇམ་པོ་ལ་ཉལ་བར་བྱེད་ཀྱི། དེ་དག་བསམ་གཏན་ལ་གཞོལ་བའི་སེམས་གཅིག་ཀྱང་སྐྱེད་པར་མི་

བྱེད་ན། འབྲས་བུ་ཐོབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་དོ། །དེ་དག་འཇིག་རྟེན་རྒྱང་པ་ན་པ་ཡིད་ལ་བྱེད་པའི་སྦྱོར་བས་ཉལ་ཞིང་དེ་ལྟ་བུའི་སེམས་ཀྱིས་གཉིད་ལོག་པར་འགྱུར་རོ། །དེ་དག་ནམ་གྱི་ཆ་སྟོད་དང་། གུང་ཐུན་དང་། ནམ་གྱི་ཆ་སྨད་ཀྱི་ཐུན་ལ་ཡང་

རྗེས་སུ་འཐུན་པའི་བཟོད་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་དག་དེ་ན་དམན་པ་མ་དག་པའི་གཏམ་ལ་མངོན་པར་བརྩོན་ཞིང་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ཀྱི་རྙེད་པ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

སྐྱེས་བུ་དམ་པ་མ་ཡིན་པ་རྣམས་བསྡུ་བའི་ཕྱིར་བདུད་སྡིག་ཅན་མངོན་པར་བརྩོན་པར་བྱེད་དེ། དེ་དག་བདུད་སྡིག་ཅན་ལ་སྤྲོ་བར་འགྱུར་ཞིང་མངོན་པར་བརྩོན་པར་བྱེད་དོ། །དེ་དག་ཕལ་བའི་གཏམ་དེ་ལ་མངོན་པར་བརྩོན། མངོན་པར་དགའ་བ་སྟེ། དོན་དམ་པ་ལ་བརྩོན་པར་མི་བྱེད་

དོ། །དེ་དག་རིགས་པ་མ་ཡིན་པ་དང་། འཐུན་པས་འདི་ལྟ་བུའི་ངེས་པའི་གཏམ་འཛིན་པར་མི་འགྱུར་གྱི། སྐྲག་པར་འགྱུར། དངང་བར་འགྱུར། ཀུན་དུ་དངང་བར་འགྱུར། གཏམ་གྱི་སྙིང་པོ་འདོར་ཞིང་ལྕགས་ཀྱི་ཚ་ཚ་ལྟ་བུ་དག་འཛིན་པར་འགྱུར་རོ། །དེ་དག་གི་བཀུར་

སྟི་དེ་སྐྱེས་བུ་དམ་པ་མ་ཡིན་པ་བྱིས་པ་གཞན་དག་གིས་ཀྱང་མཐོང་ནས་དགའ་བར་འགྱུར་རོ། །དེ་དག་འདི་སྙམ་དུ་བདག་ཅག་ཀྱང་རེ་ཞིག་འདི་ལྟ་བུའི་གཏམ་བཙལ་ཞིང་མཐར་ཕྱིན་པར་བྱའོ། །སྙམ་ནས་དེ་དག་བླ་ན་མེད་པའི་ཆོས་འདུལ་བ་འདི་སྤོང་བར་འགྱུར་རོ། །ཤཱ་རིའི་

Vol. 63 · folio 20a

བུ་དེ་ལ་དེ་ལྟ་བུའི་དགེ་སློང་འབྱུང་བར་འགྱུར་བ་གང་ཡིན་པ་དེ་དག་ནི་ལམ་མ་རྙེད་པ། དེ་དག་ནི་ལམ་གོལ་བ་བཟུང་བ། དགེ་སྦྱོང་གི་དྲི་མ་ཅན། དགེ་སྦྱོང་གདོལ་པ་ཡིན་ནོ། །དེ་དག་གི་ཁྱིམ་པ་གང་ཡིན་པ་དག་ཤེས་ནས་དྲུང་དུ་འདོང་བར་སེམས་སོ། །སྐྱེས་བུ་དམ་པ་མ་

ཡིན་པ་དེ་དག་གི་དྲུང་དུ་དོང་ནས་ཇི་སྲིད་འཚོ་བའི་ལམ་གྱི་དོན་དུ་སངས་རྒྱས་ཀྱི་བསྔགས་པ་བརྗོད་པར་འགྱུར་རོ། །ཆོས་ཀྱི་བསྔགས་པ་བརྗོད་པར་འགྱུར་རོ། །དགེ་འདུན་གྱི་བསྔགས་པ་བརྗོད་པར་འགྱུར་རོ། །དེ་དག་ནི་འཚོ་བ་དོན་དུ་གཉེར་བ། ཟང་ཟིང་གིས་བཀོལ་བ། ཟས་དང་བགོ་བ་

ལྷུར་ལེན་པ་ཡིན་པས། གང་དག་དེ་དག་ལ་རྟག་པར་སྦྱིན་པར་བྱེད་དོ། །དེ་དག་དེ་བས་ཀྱང་ལྷག་པར་དེ་བཞིན་གཤེགས་པས་ཚངས་པར་སྤྱོད་པ་གསུངས་པ་ནི་འདི་ཡིན་ཏེ། འདི་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས་ནི་མཐོ་རིས་ལེན་པར་འགྱུར་རོ་ཞེས་བསྔགས་པ་བརྗོད་པར་འགྱུར་རོ། །དེ་དག་ནི་

དོན་ཤེས་པ་མ་ཡིན། ཆོས་ཤེས་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ། གང་ཟག་ཏུ་འཛིན་པ་ཡིན་ཏེ། འདི་ལྟར་དོན་དམ་པའི་གཏམ་གྱི་སྙིང་པོ་འཛིན་པར་མི་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁ་ཅིག་དད་པ་རྙེད་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་རོ། །དེ་དག་དེ་ལ་རབ་ཏུ་བྱུང་

ནས་ཀྱང་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དག་དང་། རིགས་པ་མ་ཡིན་པའི་སྦྱོར་བས་ལྷན་ཅིག་ཏུ་གནས་པར་འགྱུར་རོ། །དེ་དག་ནི་དམིགས་པ་ཅན་བདག་ཏུ་སྨྲ་བ། སེམས་ཅན་དུ་སྨྲ་བ། སྲོག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ་ཡིན་ཏེ། དེ་དག་ནི་དངོས་པོ་ཡོད་པ་མ་ཡིན་པ་ལ་ཡོད་པར་བརྟགས་

ནས་འཇིག་པར་འདོགས་པར་འགྱུར། ཆད་པར་སྨྲ་བ་དང་། མ་བྱས་པར་སྨྲ་བར་འགྱུར་ཏེ། ཤཱ་རིའི་བུ་དེའི་ཚེ་གསུང་རབ་རྒྱ་ཆེན་པོ་འདི་ལ་མུ་སྟེགས་ཅན་མང་དུ་འབྱུང་བར་འགྱུར་རོ། །དེ་དག་སྐྱེ་བོའི་ཚོགས་ཆེན་པོ་འབྱེད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་དོན་

དམ་པ་དམིགས་སུ་མེད་པ་བླ་ན་མེད་པའི་ཆོས་དཀོན་མཆོག་འདི་ཡང་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དེ་དག་གིས་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྤོང་བར་འགྱུར་རོ། །ཤཱ་རིའི་བུ་ངས་དེ་དག་ནི་རབ་ཏུ་འབྱུང་བའི་ཕྱིར་རམ། བསྙེན་པར་རྫོགས་པའི་ཕྱིར་རམ།

Vol. 63 · folio 20b

དད་པས་བྱིན་པ་ཐ་ན་ཆུ་ཕོར་བུ་གང་ཙམ་ལ་ཡང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་སྐབས་མ་ཕྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་སུ་ཡང་རུང་འདི་ལྟར་དམིགས་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་སྟེ། ལྟ་བ་འདི་དག་

སོ་སོར་མ་སྤངས་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་དག་གིས་ནི་ཆོས་འདུལ་བ་འདི་ལ་འབྲས་བུ་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ང་ནི་ལྟ་བ་དེ་ལྟ་བུ་དང་ལྡན་པ་རྣམས་ནི་གཞན་མུ་སྟེགས་ཅན་ཡིན་ནོ་ཞེས་གསུང་ངོ་། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་དོན་འདི་མ་འོངས་པ་ན་

འབྱུང་བར་ཡང་དག་པར་གཟིགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ཀྱང་སྦེད་པར་མཛད་ཀྱི་ཆོས་ལ་སེར་སྣ་བྱ་བའི་ཕྱིར་ནི་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་གང་ཞིག་ཡང་དག་པ་དོན་དམ་པ་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མ་ཤེས་པ་རྣམས་ནི་གང་ཟག་ཏུ་སྨྲ་

བར་འགྱུར་ཞིང་གང་ཟག་ཏུ་ཁས་ལེན་པར་འགྱུར་རོ། །གལ་ཏེ་ཡང་དམིགས་སུ་མེད་པ་བླ་ན་མེད་པའི་ཆོས་དཀོན་མཆོག་འདི་ཐོས་ནས་དད་པར་གྱུར་ན་རང་གི་གནས་སུ་ཁྲིད་ནས་སླར་ཡང་རབ་ཏུ་དབྱུང་བར་བྱའོ། །སླར་ཡང་བསྙེན་པར་རྫོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་

གང་དག་འདི་ལྟ་སྟེ། དམིགས་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་སྟེ། འདི་ལྟར་ལྟ་བ་དེ་དག་སོ་སོར་མ་སྤངས་པའི་ཕྱིར་གཞན་མུ་སྟེགས་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་

བུ་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་གང་ཟག་གསུང་བར་མཛད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་གལ་ཏེ་གང་དག་འདི་སྐད་ཅེས་བདག་ཅག་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་གང་ཟག་ཅེས་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཞེས་སྨྲ་ན།

དེ་དག་གི་བཟོད་པ་འདི་ནི་འདི་ལྟ་སྟེ། འབྱུང་བ་མེད་པ། འགག་པ་མེད་པ། སྐྱེ་བ་མེད་པ། མཚན་ཉིད་མེད་པ། སོ་སོར་རིག་པ་མེད་པ། སྨད་དུ་མེད་པ་ཡིན་ཏེ། ངས་གསུངས་པ་དང་མི་འཐུན་པ་མེད་པས་དེ་དག་ནི་ངའི་ཉན་ཐོས་ཡིན་ནོ། །ཤཱ་རིའི་བུ་གང་ཞིག་འདི་སྐད་ཅེས་

Vol. 63 · folio 21a

དེ་བཞིན་གཤེགས་པས་གང་ཟག་མེད་པ་ལ་གང་ཟག་ཅེས་གསུངས་པ་ནི་ཅི་ནས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དུ་ཡིན་ནོ་ཞེ་ན། རེ་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དུ་བརྫུན་མི་གསུང་ཞིང་། དེ་བཞིན་གཤེགས་པས་མདོ་སྡེ་མང་པོ་དེ་དག་ལས་གང་ཟག་གི་སྒྲ་

གསུངས་པ་ཡང་། རེ་ཞིག་དེ་བཞིན་གཤེགས་པའི་ཡང་དག་པ་ལ་ཡང་དག་པ་མ་ཡིན་པར་མི་འགྱུར་རོ་ཞེས་སྨྲ་ན། ཤཱ་རིའི་བུ་དེ་ལ་ཡང་ཚིག་འདི་སྐད་ཅེས། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་བདག་པོ་མེད་པ་དངོས་པོ་མེད་པར་གསུངས་ཏེ། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་

སྙད་ཀྱིས་བརྗོད་པ་མཛད་ཀྱི། ཇི་ལྟར་འཕགས་པ་རྣམས་ཀྱི་ཐ་སྙད་དོན་དམ་པར་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་དང་འདྲ་བ་འགའ་ཡང་མེད་ན། དེ་བས་ལྷག་པའི་ལྷའམ། ཀླུའམ། གནོད་སྦྱིན་ལྟ་ག་ལ་ཡོད། གང་ཞིག་དེ་བཞིན་གཤེགས་པ་བས་ལྷག་པར་མཁས་པའམ།

ལྷག་པར་བྱང་བའམ། ལྷག་པར་ཡིད་གཞུངས་པའམ། ལྷག་པར་ཤེས་རབ་དང་ལྡན་པར་གྱུར་པ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་གསུང་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་ན། ཤཱ་རིའི་བུ་ཅི་འདིར་དེ་བཞིན་གཤེགས་

པ་བདག་དང་འཇིག་རྟེན་ལྷན་ཅིག་ཏུ་མཚུངས་པར་བྱ་བ་ཡིན་ནམ། གླང་པོ་ཆེན་པོས་ཅིའི་ཕྱིར་གང་ཟག་གསུངས་ཞེན། ཤཱ་རིའི་བུ་འཇིག་རྟེན་ནི་ང་དང་ལྷན་ཅིག་རྩོད་པར་བྱེད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པར་མི་མཛད་དེ། ཤཱ་རིའི་བུ་ང་ནི་གང་ཟག་ཏུ་ལྟ་བའི་སེམས་

ཅན་སྐྲོད་པར་མཛད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་གང་དུ་གང་ཟག་མེད་པ་དང་། དངོས་པོ་མེད་པ་དེ་ལས་དགོངས་ཏེ་གསུངས་པ་སེམས་ཅན་མང་པོས་མ་ཤེས་ནས་ཆོས་འདུལ་བ་འདི་ལ་མི་འཇུག་ཅིང་ངན་སོང་དུ་འདོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་

བུ་ངས་གཞན་མུ་སྟེགས་ཅན་གྱི་ཚིག་གསུངས་ཀྱང་དེ་བཞིན་གཤེགས་པ་ནི་གཞན་མུ་སྟེགས་ཅན་མ་ཡིན་ནོ། །ཤཱ་རིའི་བུ་ང་ནི་ཆད་པར་སྨྲ་བ་དམ་འཆའ་ཡང་དེ་བཞིན་གཤེགས་པ་ནི་ལམ་གོལ་བ་ལ་གཞོལ་བ་མ་ཡིན་ནོ། །ཤཱ་རིའི་བུ་ང་ནི་ཐམས་ཅད་རྒྱུ་མེད་པར་དམ་འཆའ་ཡང་དེ་བཞིན་

Vol. 63 · folio 21b

གཤེགས་པ་ནི་རྒྱུ་མེད་པར་གསུང་བ་མ་ཡིན་ནོ། །ཤཱ་རིའི་བུ་ང་ནི་བྱེད་པ་མེད་པའི་ཚིག་དམ་འཆའ་ཡང་དེ་བཞིན་གཤེགས་པ་ནི་བྱེད་པ་མེད་པ་གསུང་བ་མ་ཡིན་ནོ། །ཤཱ་རིའི་བུ་ང་ནི་ལོག་པར་ལྟ་བ་དམ་འཆའ་ཡང་དེ་བཞིན་གཤེགས་པ་ནི་ལོག་པར་ལྟ་བ་མ་ཡིན་ནོ། །ཤཱ་རིའི་བུ་ལོག་

པར་ལྟ་བ་ལ་ལོག་པར་ལྟ་བ་ཡིན་པར་རབ་ཏུ་ཤེས་པ་དེ་ནི་དེའི་ཡང་དག་པར་ལྟ་བ་ཡིན་ནོ། །ཤཱ་རིའི་བུ་ལོག་པར་ལྟ་བ་ནི་ནམ་ཡང་ཡང་དག་པའི་ལྟ་བར་མི་འགྱུར་ཏེ། ལྟ་བས་ལྟ་བ་ནི་ནམ་ཡང་ཤེས་པའམ་མཐོང་བ་མ་ཡིན་ནོ། །ཤཱ་རིའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་

དཀའ་བའི་གནས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ནོ། །ཤཱ་རིའི་བུ་ང་ནི་ཡིད་མི་ཆེས་པར་བྱ་བ་མ་ཡིན་ནོ། །ཤཱ་རིའི་བུ་ང་ནི་མཐུ་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཡིད་མི་

ཆེས་པར་བྱ་བ་མ་ཡིན་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཕ་རོལ་ཏུ་འགྲོ་བའི་ཆོས་བསྟན་པ་དེ་ལ་ཡང་ཆོས་བསྟན་པ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་མི་ཟད་པའི་ཆོས་བསྟན་པ་དེ་ལ་ཡང་འཇུག་པ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་

པས་ཉེ་བར་ཞི་བའི་ཆོས་བསྟན་པ་དེ་ལ་ཡང་ཉེ་བར་ཞི་བ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་ཡོངས་སུ་མྱ་ངན་ལས་འདའ་བ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་གྲོལ་བར་

བྱ་བའི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་གྲོལ་བ་མེད་ཅིང་རྣམ་པར་གྲོལ་བ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་ལེན་པ་མེད་ཅིང་དུལ་བ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་མཁས་པས་

ཤེས་པ་དང་རིག་པར་བྱ་བའི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་རིག་པ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་སེམས་རྣམ་པར་བྱང་བར་བྱ་བའི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་ཀུན་ནས་ཉོན་མོངས་པ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་ལྷ་རྣམས་

Vol. 63 · folio 22a

ཀྱི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་ལྷ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་མི་རྣམས་ཀྱི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་མི་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་སེམས་ཅན་གྱི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་སེམས་ཅན་འགའ་

ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་རིག་པ་དང་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཆོས་བསྟན་པ་དེ་ལ་ཡང་རིག་པ་དང་རྣམ་པར་གྲོལ་བ་འགའ་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་སངས་རྒྱས་རྗེས་སུ་དྲན་པའི་ཆོས་བསྟན་པ་ལ་ཡང་སངས་རྒྱས་བཅོམ་ལྡན་

འདས་རྣམས་ཀྱིས་ཀྱང་རྗེས་སུ་དྲན་པར་མི་སྤྱོད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་སྟོང་པ་ཉིད་ཀྱིས་གནས་པ་གསུངས་པ་ལ་ཡང་སྟོང་པ་ཉིད་ཀྱི་ཕྱིར་ཡང་གནས་པར་མི་ནུས་ཤིང་སྟོང་པ་ཉིད་ཡིད་ལ་བྱ་བར་ཡང་མི་ནུས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་

བསྟན་པ་དེ་ལ་ཡང་སྟོན་པ་པོའམ། འཆད་པ་པོ་འགའ་ཡང་མེད་ན། སྐྱེས་བུ་བླུན་པོ་གང་ཡིན་པ་དེ་ནི་དམིགས་ནས་གཞན་ལ་ཆོས་སྟོན་པར་འགྱུར། ང་ལ་ཡང་སྟོན་པ་ཡིན་ནོ་ཞེས་སྨྲ་བར་འགྱུར། དགེ་འདུན་གྱི་མིང་གིས་ཀྱང་བགྲང་ཞིང་ཀུན་ཏུ་འབྲེལ་བར་བྱེད་པར་འགྱུར་ཏེ་ཆོས་

གང་དག་དང་ལྡན་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དུ་འགྱུར་བའི་ཆོས་དེ་དག་དང་ལྡན་པར་མི་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་སྤྲེའུ་དག་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་འདྲ་བ་མ་ཡིན་ནོ། །དེ་བཞིན་དུ་སྐྱེས་བུ་བླུན་པོ་དེ་དག་དང་ངའི་ཉན་ཐོས་ཀྱི་དགེ་འདུན་ཡང་འདྲ་བ་མ་

ཡིན་ནོ། །ཤཱ་རིའི་བུ་བྱིས་པའི་རང་བཞིན་གྱིས་ལྷ་ཐོས་པ་ཙམ་གྱིས་སྤྲེའུ་སྟོན་པར་བྱེད་པ་དེ་བཞིན་དུ་སྐྱེས་བུ་བླུན་པོ་དེ་དག་ཀྱང་ཚིག་ཙམ་ལྷུར་བྱེད་པ་དགེ་སྦྱོང་གི་འདུ་ཤེས་ཅན་དུ་འགྱུར་རོ། །ཤཱ་རིའི་བུ་དེ་ལ་འདྲི་བ་པོའི་རང་བཞིན་དུ་འགྱུར་བ་གང་ཡིན་པ་དེ་དག་ནི་དགེ་སློང་རྣམས་ལ་འདི་ལྟ་བུས་

མགུ་བར་བྱེད་པར་འགྱུར་ཏེ། གང་དག་མིང་དང་གཟུགས་ཀྱི་བརྗོད་པ་མེད་པ་དང་། ཐ་སྙད་མེད་པ་དང་། དམིགས་པ་མེད་པ་དང་། འབྱུང་བ་མེད་པ་དང་། འཇིག་པ་མེད་པ་དང་། འགལ་བ་མེད་པ་དང་། རྣམ་པར་མི་རྟོག་པར་བྱ་བའི་ཕྱིར་མཚན་ཉིད་མེད་པར་ས་སོར་ཁོང་དུ་ཆུད་པར་

Vol. 63 · folio 22b

བྱེད་དོ། །གང་དག་གིས་མཚན་ཉིད་མེད་པ་དང་། འབྱུང་བ་མེད་པ་དེ་ལྟ་བུ་དེ་དག་ཐོས་ནས་མི་སྐྲག་མི་དངང་། དངང་བར་མི་འགྱུར་ན། ཤཱ་རིའི་བུ་དེ་དག་ནི་ངས་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་ནོ་ཞེས་གསུང་ངོ་། །དེ་དག་ནི་ཆོས་འདུལ་བ་འདི་ལ་ཀུན་ཤེས་པ་ཡིན་ནོ། །

དེ་དག་ནི་འཕགས་པའི་དགེ་འདུན་ཞེས་བྱའོ། །འཕགས་པའི་དགེ་འདུན་གྱི་ལེའུ་སྟེ་བཞི་པའོ།། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་གསུམ་པ། ཤཱ་རིའི་བུ་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་ཀྱི་གདུང་བ་ནི་

བཅུ་པོ་འདི་དག་ཡིན་ཏེ། ཚུལ་ཁྲིམས་འཆལ་པའི་དགེ་སློང་མྱ་ངན་གྱི་ཟུག་རྔུ་བཅུ་དང་ལྡན་པ་རྣམས་ནི་སངས་རྒྱས་ཀྱི་གསུང་གི་རོ་མི་མྱང་ངོ་། །ཆོས་ཟབ་མོ་བཤད་པ་རྣམས་ལ་མི་འཇུག་ཅིང་མོས་པར་མི་འགྱུར་རོ། །དམིགས་སུ་མེད་པའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་

པ་མེད་པའི་ཆོས་ཐོས་ན་སྐྲག་པར་འགྱུར། དངང་བར་འགྱུར་ཀུན་དུ་དངང་བར་འགྱུར་རོ། །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་མི་ཤེས་སོ། །ཆོས་སྨྲ་བའི་དགེ་སློང་ལ་ཡང་སྡང་བར་བྱེད་དོ། །ཆོས་སྨྲ་བའི་དགེ་སློང་ལ་ཡང་ལྟ་མི་འདོད་པར་འགྱུར་རོ། །བཅུ་གང་ཞེ་ན།

ཤཱ་རིའི་བུ་འདི་ལ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་དགེ་འདུན་འཐུན་པ་ལ་མི་དགའ་ཞིང་ཡིད་མི་བདེ་བ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གི་དགེ་འདུན་འཐུན་པའི་གསོ་སྦྱོང་གི་ལས་ཀྱི་མཐས་བདག་ཉམས་པར་མི་འགྱུར་གྲང་སྙམ་སྟེ། དེ་རང་གི་སྐྱོན་ལ་བལྟས་

ནས་རྟག་ཏུ་ཡིད་གཉིས་ཀྱི་སྡུག་བསྔལ་གྱིས་གནས་ཤིང་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་ཡང་གནོད་པར་སེམས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དང་པོ་ཡིན་ཏེ། ངན་སོང་ཡོངས་སུ་

རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་སྐྱེ་བོ་མང་པོས་སྨད་པའི་འོས་སུ་འགྱུར་རོ། །གླང་རྭ་རྣོན་བཞིན་དུ་བསྐྲད་པའི་འོས་ཡིན་ཏེ། དེ་རང་གི་སྐྱོན་ལ་ཀུན་ཏུ་བལྟས་ནས་སྡུག་བསྔལ་གྱིས་གནས་པར་འགྱུར་རོ། །

Vol. 63 · folio 23a

ཤཱ་རིའི་བུ་འདི་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་གཉིས་པ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་གིས་དགེ་སློང་གི་འཁོར་མཐོང་

ན་ཐག་མི་རིང་བར་འདུག་ནས་གཡས་གཡོན་དུ་ལྟ་བར་བྱེད་དེ་དེ་ན་བདག་དང་མཚུངས་པར་མ་མཐོང་ནས་ཡི་ཆད་པ་ཉིད་ཀྱི་སླར་ལྡོག་པར་འགྱུར། དགེ་སློང་གི་འཁོར་གྱི་ནང་དུ་ཉེ་བར་འགྲོ་བར་མི་སྤྲོ་ཞིང་ཉེ་བར་སོང་ན་ཡང་ཞུམ་ཞུམ་པོར་བྱས་ནས་འདུག་པར་འགྱུར་རོ། །ཤཱ་རིའི་བུ་འདི་

ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་གསུམ་པ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་གཏུམ་པ། སྙིང་རྗེ་མེད་པ། གསོ་དཔྱད་མེད་པ།

མུ་སྟེགས་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ཡིན་ནོ། །དེ་ཚུལ་ཁྲིམས་རལ་ཞིང་ཚུལ་ཁྲིམས་མཚུངས་པ་དང་ལྡན་པའི་དགེ་སློང་རྣམས་ལས་ལེགས་པར་བགོ་བཤའ་མ་བྱས་པ་ཡིན་ཏེ། དེ་ཚུལ་ཁྲིམས་ཉམས་པས་ངོ་ཚ་མེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ནི་ཚུལ་ཁྲིམས་འཆལ་པའི་

དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་བཞི་པ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་གཞན་གྱིས་བསགས་པའི་ལོངས་སྤྱོད་ཀྱིས་ལུས་གསོ་བར་བྱེད་དོ། །ཤཱ་རིའི་བུ་ང་ནི་དེ་ལྟ་

བུའི་དགེ་སློང་ལ་ཁུར་ཁྱེར་བ་ཡིན་ནོ། །ཞེས་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་རིགས་པ་ཅན་དང་། གྲོལ་བ་ཅན་རྣམས་ལ་ནི་དད་པས་བྱིན་པ་རྗེས་སུ་གནང་ངོ་། །ཤཱ་རིའི་བུ་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་རིགས་པ་མེད་པ་ཉིད་ཀྱིས་གྲོལ་བ་མ་ཡིན་

ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཚུལ་ཁྲིམས་འཆལ་པའི་དགེ་སློང་གིས་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་ཡན་ལག་དང་། ཉིང་ལག་གི་ཤ་གཏུབས་ཀྱང་སླར་སོར་ཆུད་པར་འགྱུར་བའི་གནས་དེ་ནི་ཡོད་པ་མ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་གླང་དང་། བོང་བུའི་

Vol. 63 · folio 23b

ཁུར་ལེན་པར་འགྱུར་བས་དེ་སླར་སོར་ཆུད་པར་འགྱུར་བའི་གནས་དེ་ནི་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་ཀྱིས་དད་པས་བྱིན་པ་ལ་བྱེ་བ་བརྒྱ་སྟོང་དུ་གཤེགས་པའི་ཆ་ཤས་ཀྱང་ཡོངས་སུ་སྦྱང་བར་མི་ནུས་ན། ཆོས་

གོས་སམ། བསོད་སྙོམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་ངས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་པ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་གཙུག་ལག་ཁང་གི་གཞི་ལ་གོམ་པ་གཅིག་ཀྱང་འདོར་བར་རྗེས་སུ་མ་གནང་ན་ཆུའི་སྣོད་ལྟ་ཅི་

སྨོས། ཁྲིའམ་ཁྲིའུ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྐྲད་པར་བྱ་བའི་འོས་ཡིན་

ནོ། །ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་དགྲ་བོ་ཡིན་ཏེ། དེ་དག་ནི་སྡིག་པའི་གྲོགས་པོ་ཞེས་བྱའོ། །ཤཱ་རིའི་བུ་ངས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཆོས་བསྟན་པའི་ཕྱིར་སྐབས་དབྱེ་བར་བྱའོ། །ཤཱ་རིའི་བུ་ང་ནི་ཚུལ་ཁྲིམས་

འཆལ་པའི་དགེ་སློང་ཚུལ་ཁྲིམས་ཉམས་པ། སྤྱོད་པ་ཉམས་པ། འཚོ་བ་ཉམས་པ། ལྟ་བ་ཉམས་པ་རྣམས་ནི་ལག་བརྡས་སྐྲོད་པར་མཛད་དོ། །དེ་དག་ནི་ངས་བལྟ་བའི་ཕྱིར་ཡང་སྐབས་མ་ཕྱེ་ན། བསྟན་པ་འདི་ལ་མཚན་གཅིག་གམ། ཉིན་གཅིག་གམ། སྐད་ཅིག་

ཙམ་ཉེ་བར་འགྲོ་བའི་ཕྱིར་ལྟ་ཅི་སྨོས། ཤཱ་རིའི་བུ་དཔེར་ན་སྦྲུལ་གྱི་རོའམ། ཁྱི་རོའམ། མི་རོ་མི་གཙང་བ། རུལ་བ། དྲི་མི་ཞིམ་པ་དག་ནི་ལྷའི་འཁོར་དང་འཐུན་པ་མ་ཡིན་ཞིང་འདོད་པའི་རྩེད་མོ་རྣམས་དང་ཡང་འཐུན་པ་མ་ཡིན་ཏེ། གལ་ཏེ་དེ་དག་མཐོང་ན་རྒྱང་རིང་པོ་ཁོ་ན་

ནས་ཡོངས་སུ་སྤོང་བར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་མཁས་པ་རྣམས་ཀྱིས་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཡང་སྦྲུལ་གྱི་རོ་དང་འདྲ་བར་རིག་པར་བྱ་སྟེ། འདི་ལྟར་དེ་ནི་རྒྱང་རིང་པོར་ཡོངས་སུ་སྤང་བར་བྱའོ། །དེ་དག་དང་བཀྲ་ཤིས་ཀྱི་ལས་སམ། གས་སྦྱོང་ངམ། དགག་

Vol. 63 · folio 24a

དབྱེ་ཡང་ལྷན་ཅིག་ཏུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་བླུན་པོ་དེ་དག་ནི་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། བདེ་བ་མ་ཡིན་པ་དང་། སྡུག་བསྔལ་བ་དང་། ཉམས་པ་དང་། གཞན་གྱིས་ཟིལ་གྱིས་མནན་པ་དང་། ལོག་

པར་ལྷུང་བ་ཀུན་ཏུ་རྫོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་གང་ཡིན་པ་དག་ལ་གུས་པར་མི་བྱེད། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་བྱ་བ་དང་ལས་དང་། གསོ་སྦྱོང་བ་

དང་། དགག་དབྱེ་རྣམས་འདྲལ་བར་བྱེད་དོ། །ཤཱ་རིའི་བུ་ངའི་བསྟན་པ་འདི་ལ་ཚུལ་ཁྲིམས་དང་ལྡན་པར་བཀུར་བའི་དགེ་སློང་གང་ཡིན་པ་དེ་དག་གིས་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་མཐོང་ན་རྒྱང་རིང་པོ་ཁོ་ནར་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་

འདི་ལྟར་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་ཀྱི་ལྷུང་བཟེད་དམ་ཆོས་གོས་གང་ཡིན་པ་དེ་དག་དང་། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ཀྱིར་འདྲེས་ན་དུག་དང་འདྲེས་པ་ལྟ་བུར་རིག་པར་བྱའོ། །ཤཱ་རིའི་བུ་ང་ནི་སྦྲུལ་གྱི་རོས་གང་བའམ། ཁྱི་རོས་གང་བའམ། མི་

རོས་གང་བའི་ས་ལ་སྤྱོད་ལམ་བཞི་པོ་རྣམས་ལས་སྤྱོད་ལམ་གང་ཡང་རུང་བས་གནས་པར་ནི་སྤྲོ་ཡི། ཤཱ་རིའི་བུ་ང་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་སྤྱོད་པ་ཉམས་པ། འཚོ་བ་ཉམས་པ། ལྟ་བ་ཉམས་པ་རྣམས་དང་། མཚན་གཅིག་གམ། ཉིན་གཅིག་གམ། སྐད་ཅིག་

གམ། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་ཏུ་གནས་པར་ཡང་མི་སྤྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་ལྟ་བུའི་དགེ་སློང་རྣམས་ནི་དགེ་སྦྱོང་ཐ་ཤལ་ཞེས་བྱའོ། །དགེ་སྦྱོང་བཀྲེན་པ་ཞེས་བྱའོ། །དགེ་སྦྱོང་ཕལ་པ་ཞེས་བྱའོ། །དགེ་སྦྱོང་སྤུན་པ་ཞེས་

བྱའོ། །དགེ་སྦྱོང་རུལ་པ་ཞེས་བྱའོ། །དགེ་སྦྱོང་དྲི་མ་ཅན་ཞེས་བྱའོ། །དགེ་སྦྱོང་གི་སྙིགས་མ་ཞེས་བྱའོ། །དགེ་སྦྱོང་གི་དྲི་མ་ཞེས་བྱའོ། །དགེ་སྦྱོང་གདོལ་པ་ཞེས་བྱའོ། །དགེ་སྦྱོང་ཉམས་པ་ཞེས་བྱའོ། །དགེ་སྦྱོང་སྡིག་ཅན་ཞེས་བྱའོ། །དགེ་སྦྱོང་སྲེད་ཞེས་བྱའོ། །

Vol. 63 · folio 24b

འཕགས་པའི་ལམ་ལས་ཕྱི་རོལ་པ་ཞེས་བྱའོ། །དགེ་སྦྱོང་ཆུ་སྐྱར་ཞེས་བྱའོ། །དགེ་སྦྱོང་སུན་འབྱིན་པ་ཞེས་བྱ་སྟེ། དེ་དག་ངའི་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པའི་

བསྟན་པ་ལ་ཐབ་ཁྲོལ་བ་ཡིན་ནོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ཆོམ་རྐུན་ཆོས་སུན་འབྱིན་པ་ཡིན་ནོ། །ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ཚུལ་འཆོས་པ། འཚོ་བ་ལྷུར་ལེན་པ། འཇིག་རྟེན་གྱི་ཟང་ཟིང་གིས་བཀོལ་བ། ཟས་དང་བགོ་བ་

ལྷུར་ལེན་པ་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་མ་ནིང་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཡང་ཁྱིམ་པ་ཡང་མ་ཡིན་དགེ་སྦྱོང་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དེའི་ཐ་སྙད་ཀྱི་བདེན་པའི་ཚིག་གི་དོན་

གྱི་བླ་དགས་ནི་སེམས་ཅན་དམྱལ་བ་ཞེས་བྱ་བ་ཁོ་ན་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་བྱ་མ་བྱི་ནི་འདབ་ཆགས་ཀྱི་བྲེལ་བ་བྱུང་ན་ནི་ཕུག་ཏུ་ཞུགས་ནས་བྱི་བའི་འདུ་ཤེས་འབྱིན་ནོ། །བྱི་བའི་བྲེལ་བ་བྱུང་ན་ནི་འདབ་ཆགས་རྣམས་ཀྱི་གྲངས་ཀྱི་ཁ་སྐོང་བར་བྱེད་དོ། །དེ་ལ་ནི་བྱ་བ་དང་བསྐྱོད་པའི་

མཐུ་ཡོད་པ་མ་ཡིན། སྐད་དང་གདངས་ཆེན་པོ་འབྱིན་པ་མ་ཡིན། ཁ་དོག་བཟང་པོ་དང་ངན་པའི་གནས་རྣམས་བསྟན་དུ་མེད་དེ། འདི་ལྟར་མུན་ཁུང་ཉིད་ལ་སྟེན་པ་དང་། དེ་བདག་ཉིད་ཀྱི་རང་བཞིན་ཡང་དྲི་མི་ཞིམ་པ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པའི་

དགེ་སློང་ཡང་བྱ་བ་དང་བསྐྱོད་པ་ལ་མཐུ་མེད་པར་འགྱུར་ཏེ། རྒྱལ་པོའི་ལས་ལ་ནི་དགེ་སྦྱོང་དང་ཐུན་མོང་བཟང་པོའི་ལས་ལ་ནི་ཁྱིམ་པ་དང་ཐུན་མོང་དུ་བྱེད་དེ། དེ་ལྟ་བས་ན་དེ་ནི་ཁྱིམ་པ་ཡང་མ་ཡིན་དགེ་སྦྱོང་ཡང་མ་ཡིན་པར་བརྗོད་པར་བྱའོ། །རོའམ་མགལ་མེའི་འཁོར་ལོ་བཞིན་དུ་

བྱ་བ་དང་གཡོ་བ་ཡོངས་སུ་ཉམས་པར་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་དྲི་ཡོད་པ་མ་ཡིན། ཏིང་ངེ་འཛིན་གྱི་དྲི་ཡོད་པ་མ་ཡིན། ཤེས་རབ་ཀྱི་དྲི་ཡོད་པ་མ་ཡིན། རྣམ་པར་གྲོལ་བའི་དྲི་ཡོད་པ་མ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དྲི་ཡོད་པ་མ་ཡིན་གྱི། གཞན་དུ་ན་དེ་ལ་

Vol. 63 · folio 25a

ཚུལ་ཁྲིམས་འཆལ་པའི་དྲི་ཁོ་ན་ཡོད་དོ། །དགེ་སྦྱོང་དང་འདྲ་བའི་སྐད་དང་གཏམ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཏམ་འམ། ཏིང་ངེ་འཛིན་གྱི་གཏམ་འམ། ཤེས་རབ་ཀྱི་གཏམ་འམ། རྣམ་པར་གྲོལ་བའི་གཏམ་འམ། རྣམ་པར་གྲོལ་བའི་ཡེ་ཤེས་

མཐོང་བའི་གཏམ་འམ། འབྲས་བུ་ཐོབ་པའི་གཏམ་མངོན་པར་མི་བརྗོད་ཀྱི། གཞན་དུ་ན་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་འདུ་འཛི་ལ་དགའ་ཞིང་མངོན་པར་མགུ་བར་བྱེད་པ་ཁོ་ན་ཡིན་ནོ། །དེ་ནི་རིགས་པ་མ་ཡིན་པ་ལ་སྦྱོར་བ་དེ་འདྲ་བ་དག་དང་ལྷན་ཅིག་མ་དག་པའི་གཏམ་མང་

པོ་འདི་ལྟ་སྟེ། ཆོས་གོས་བགོས་པའི་གཏམ་དང་། བདག་གིས་ཁ་ཟས་རྙེད་ནས་ཟོས་པའི་གཏམ་དང་། སྦྱིན་པ་བྱིན་ན་བྱིན་ལེན་བྱ་བའི་གཏམ་དང་། ཕོ་ཉ་དང་སྤྲིང་ཡིག་སྐྱེལ་བའི་གཏམ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྦྱིན་པའི་གཏམ་དང་། བཞད་

གད་དང་རྩེད་མོ་དང་ཀུན་ཏུ་འབྲེལ་བ་དང་། གདུལ་དཀའ་བ་དང་། དགང་དཀའ་བ་དང་། གསོ་དཀའ་བ་སྨྲ་སྟེ། གཏམ་འདི་འདྲ་བ་མ་དག་པ་དག་གིས་ཉིན་མཚན་ལྷག་པར་འདའ་བར་བྱེད་དོ། །དེ་ལྟར་དེ་དག་ཡོངས་སུ་མ་དག་པའི་ལུས་ཀྱི་ལས་ཀྱི་མཐའ་དང་། ཡོངས་སུ་མ་

དག་པའི་ངག་གི་ལས་ཀྱི་མཐའ་དང་། ཡོངས་སུ་མ་དག་པའི་ཡིད་ཀྱི་ལས་ཀྱི་མཐའ་དང་། ཡོངས་སུ་མ་དག་པའི་འཚོ་བ་བས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་བྱ་མ་བྱི་ནི་

མུན་ཁྲོད་ན་སྟེན་པ་ཡིན་ནོ་ཞེས་གསུང་ངོ་། །སྐྱེས་བུ་བླུན་པོ་དེ་དག་ཀྱང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཡང་དག་པ་ཇི་ལྟ་བ་བཞིན་སྐུལ་བར་བྱེད་པ་འདི་ལྟ་བུ་ཐོས་ནས་སྡུག་བསྔལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་འཇིག་རྟེན་ནི་བདེན་པ་ལ་

ཁྲོ་བ་ཡིན་པས་དེ་དག་ཆོས་སྨྲ་བ་ལ་སེམས་མ་དད་པར་འགྱུར་རོ། །དེ་དག་ལྷག་པར་ཡང་ངན་སོང་གི་གནས་ཀུན་ཏུ་འཕེལ་བ་དང་། ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་ལྔ་པ་ཡིན་ཏེ། ངན་

Vol. 63 · folio 25b

སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་སྤྱི་བརྟོལ་ཅན་ཡིན། མུ་ཅོར་སྨྲ་བ་ཡིན། ཐུགས་ཐུབ་ཅན་ཡིན། ཕལ་པའི་དབང་པོ་ཅན་ཡིན་ནོ། །ལུས་ཀྱི་ལས་མི་གཙང་བ་རྣམས་དང་ལྡན་པ་ཡིན་ནོ། །ངག་གི་ལས་མི་

གཙང་བ་རྣམས་དང་། ཡིད་ཀྱི་ལས་མི་གཙང་བ་རྣམས་དང་ལྡན་པ་ཡིན་ནོ། །སྤྱོད་ལམ་མི་གཙང་བ་རྣམས་དང་ལྡན་པ་ཡིན་ནོ། །ཆོས་གོས་མི་གཙང་བའི་དགོན་པ་དང་ལྡན་པ་ཡིན་ནོ། །བརྫུན་དུ་སྨྲ་བ་ཡིན། ངག་མ་བསྡམས་པ་ཡིན། སེམས་ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །

ཤཱ་རིའི་བུ་དཔེར་ན་ས་ལས་བྱས་པའི་སྣོད་སར་པ་ཞིག་ཡོད་ལ། དེར་སྐྱེས་པ་འགའ་ཞིག་གིས་ངན་སྐྱུགས་བླུགས་ནས་དེ་ཕོ་སྟེ། ཙན་དན་དམར་པོས་སླར་བཀང་ནས་ཙན་དན་དམར་པོ་དེ་ཡང་ཕོ་ན། ཤཱ་རིའི་བུ་འདི་ཇི་སྙམས་དུ་སེམས། ས་ལས་བྱས་པའི་སྣོད་སར་པ་དེ་ལ་འདི་ལྟར་

ཙན་དན་གྱི་དྲིའམ། འོན་ཏེ་ངན་སྐྱུགས་ཀྱི་དྲི་དྲིའི་རང་བཞིན་གང་ཞིག་གི་མཐུ་ཡོད་པར་འགྱུར། བཅོམ་ལྡན་འདས་དོག་སའི་སྣོད་དེ་ངན་སྐྱུགས་ཀྱི་དྲི་གང་ལགས་པ་ཁོ་ནས་ཐོག་མར་བསྒོས་པས་དྲི་དེའི་རང་བཞིན་ཁོ་ནར་འགྱུར་ལགས་ཏེ། འདི་ལྟ་སྟེ་ངན་སྐྱུགས་ཀྱི་དྲི་ལགས་སོ། །

ཙན་དན་གྱི་དྲི་ནི་མ་ལགས་ཏེ། དེས་ནི་ཙན་དན་དམར་པོའི་བགྱི་བ་དང་བསྒྲུབ་པ་རྔོ་མི་ཐོགས་ལགས་སོ། །ཤཱ་རིའི་བུ་དེ་བཞིན་དུ་འདི་ན་སེམས་ཅན་ཁ་ཅིག་དབང་པོ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་སྟེ། དགེ་བའི་ཆོས་རྣམས་དང་ལྡན་ཞིང་། དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་

རབ་ཏུ་འབྱུང་སྟེ། དེ་དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སྡིག་པའི་གྲོགས་པོའི་ལག་ཏུ་འདོང་བ་དང་། དབང་དུ་འདོང་བ་དང་། ཉེ་བར་འདོང་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་གྲོགས་པོ་ཞེས་བྱ་བ་དེ་དག་གང་ཞེ་ན། ཤཱ་རིའི་བུ་སྡིག་པའི་གྲོགས་པོ་ནི་འདི་ལྟ་

སྟེ། རྒོད་པ་དང་། ཕོ་ཐེག་ཆེ་བ་དང་། མི་བརྟན་པ་དང་། མུ་ཅོར་སྨྲ་བ་དང་། ཐུགས་ཐུབ་ཅན་དང་། ཚིག་ཟློས་བུ་ཅན་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་ཞན་པ་དང་། བརྗེད་ངས་པ་དང་། སེམས་མཉམ་པར་མ་བཞག་པ་དང་། སེམས་འཁྲུག་པ་དང་། མཛེས་

Vol. 63 · folio 26a

པ་མ་ཡིན་པ་དང་། ཤེས་བཞིན་མ་ཡིན་པ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུགས་པ་དང་། ཕལ་པའི་དབང་པོ་ཅན་གྱི་དགེ་སློང་རྣམས་ཡིན་ནོ། །དེ་དག་དགེ་སློང་དེ་ལྟ་བུ་དག་ལ་ཉེ་བར་སྟེན་ཅིང་བཀུར་སྟི་དང་བསྙེན་བཀུར་བྱེད་པ་ན། རྒྱུན་དུ་

ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཐ་ན་མཐོ་རིས་སུ་སྐྱེ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །ཆོས་ཀྱིས་

ཕོངས་པར་འགྱུར་བའི་ལས་ཡོངས་སུ་མངོན་པར་འདུ་བྱེད་པར་འགྱུར་རོ། །ཆོས་ཀྱིས་ཕོངས་པར་འགྱུར་བ་དང་ལྡན་པ་དག་དང་ལྷན་ཅིག་གནས་པ་དང་། ཀུན་ཏུ་གཞོལ་བར་འགྱུར་རོ། །ཡོངས་སུ་མ་དག་པའི་ལུས་ཀྱི་ལས་དང་ལྡན་པར་འགྱུར་རོ། །ཡོངས་སུ་མ་དག་པའི་ངག་གི་ལས་དང་།

ཡིད་ཀྱི་ལས་དང་ལྡན་པར་འགྱུར་རོ། །དགེ་སློང་འཚོ་བ་ཡོངས་སུ་མ་དག་པ་དེ་ལྟ་བུ་དག་ལ་བསྟེན་ཅིང་བཀུར་སྟི་དང་བསྙེན་བཀུར་བྱས་ནས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་གང་ཞེ་ན། ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་

ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་རིས་སོ། །ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་རྙེད་དགུ་ཟ་ཞེས་བྱ་བ་ཞིག་ཡོད་པ་དང་། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་མཆུས་རྐོ་ཞེས་བྱ་བ་ཞིག་ཡོད་པ་དང་། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་ཁབ་

ཀྱི་ཁ་ཞེས་བྱ་བ་ཞིག་ཡོད་པ་དང་། ཤཱ་རིའི་བུ་སྲོག་ཆགས་ཀྱི་རིགས་ས་བརྩོག་ཅེས་བྱ་བ་ཞིག་ཡོད་དེ། དེར་སྡིག་པའི་གྲོགས་པོ་སྐྱེས་བུ་བླུན་པོ་དེ་དག་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་གྲོགས་པོ་དེ་དག་གི་ལག་ཏུ་སོང་བ་དང་། དབང་དུ་སོང་བ་དང་། ཉེ་བར་སོང་བ་གང་ཡིན་པ་དེ་དག་

ཀྱང་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོར་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་གང་ཞེ་ན། ཤཱ་རིའི་བུ་ངན་འགྲོ་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་རིས་སོ། །གལ་ཏེ་སེམས་ཅན་

Vol. 63 · folio 26b

དམྱལ་བ་ནས་ཤི་འཕོས་ཏེ་མི་རྣམས་སུ་སླར་སྐྱེ་བར་འགྱུར་ཏེ། དེ་དག་མི་རྣམས་སུ་སླར་སྐྱེས་ན་མ་དང་ཡང་འབྲལ་བར་འགྱུར་ཞིང་། ཕ་དང་ཡང་འབྲལ་བ་དང་། སྤུན་དང་ཡང་འབྲལ་བ་དང་། སྲིང་མོ་དང་ཡང་འབྲལ་བ་དང་། བུ་དང་ཡང་འབྲལ་བ་དང་། བུ་མོ་དང་ཡང་འབྲལ་བ་དང་།

བྲན་གཡོག་དང་ཡང་འབྲལ་བ་དང་། གྲོགས་པོ་དང་ཡང་འབྲལ་བ་དང་། ཉེ་དུ་དང་ཡང་འབྲལ་བ་དང་། ནད་ཀྱིས་ཀྱང་ཉམ་ཐག་པ་དང་། ལོངས་སྤྱོད་དང་ཡང་འབྲལ་བ་དང་། ཡུལ་དང་ཡང་འབྲལ་བ་དང་། ཡུལ་ཕྱོགས་དང་ཡང་འབྲལ་བར་འགྱུར་རོ། །མི་ཁོམ་པ་བརྒྱད་

དང་ཡང་ལྡན་པར་འགྱུར་རོ། །དལ་བ་ཕུན་སུམ་ཚོགས་པ་དང་ཡང་འབྲལ་བར་འགྱུར་རོ། །འདོད་ཆགས་བདོ་བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བར་ཡང་འགྱུར་རོ། །རྒོད་པ་དང་། ཕོ་ཐེག་ཆེ་བ་དང་། མི་བརྟན་པ་དང་། མུ་ཅོར་སྨྲ་བ་དང་། ཐུགས་ཐུབ་ཅན་དང་། ཚིག་ཟློས་བུ་

ཅན་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་ཞན་པ་དང་། མ་བསྡམས་པ་དང་། ཤེས་བཞིན་མ་ཡིན་པ་དང་། མཉམ་པར་མ་བཞག་པ་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུགས་པ་དང་། སེམས་འཁྲུག་པ་དང་། ཕལ་པའི་དབང་པོ་ཅན་རྣམས་སུ་

འགྱུར་རོ། །འདོད་ཆགས་ཀྱིས་ཀྱང་བཅོམ་པར་འགྱུར་ཏེ། ཞེ་སྡང་གིས་བཅོམ་པ་དང་། གཏི་མུག་གིས་བཅོམ་པ་དང་། ང་རྒྱལ་གྱིས་བཅོམ་པར་ཡང་འགྱུར་རོ། །ལོང་བ་དང་། ཞར་བ་དང་། སྒུར་པོ་དང་། འགྲམ་པ་ཞོམ་པ་དང་། འོན་པ་དང་། རྣ་བ་ཡ་ཅིག་འོན་པ་དང་། ལྷག་

པར་འོན་པ་དང་། རྐྱེན་གྱིས་འོན་པ་དང་། གླེན་པ་དང་། དིག་པ་དང་། ལུག་ལྟར་ལྐུགས་པ་རྣམས་སུ་འགྱུར་རོ། །དེ་ལ་སྐྱེས་བུ་བླུན་པོ་དེ་དག་ནི་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་སུམ་དུ་མི་འགྱུར་བ་དང་། ཡང་དག་པར་མངོན་སུམ་དུ་མི་འགྱུར་བ་དེར་སྐྱེ་བར་འགྱུར་རོ། །

འདི་ལྟར་ཁ་ཕྱིར་བལྟས་པར་ཡང་འགྱུར་རོ། །གང་ན་ཆོས་མི་ཐོས་པ་དང་། སངས་རྒྱས་ཀྱི་ཉན་ཐོས་དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་དང་ཀུན་ཏུ་ཕྲད་པར་མི་འགྱུར་རོ། །དེ་དག་ལས་ངན་པ་རྣམས་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་དག་ལས་ངན་པ་མངོན་པར་འདུས་བྱས་ནས་ངན་པ་

Vol. 63 · folio 27a

ཁོ་ན་རྣམས་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །ངན་པ་རྣམས་ལ་དགའ་བར་འགྱུར་རོ། །དེ་དག་ཡང་དག་པའི་ལྟ་བ་ལ་ལོག་པའི་ལྟ་བ་ཡིན་པར་འདུ་ཤེས་ཤིང་། ལོག་པའི་ལྟ་བ་ལ་ཡང་དག་པའི་ལྟ་བ་ཡིན་པར་འདུ་ཤེས་པར་འགྱུར་རོ། །དེ་དག་ངན་པ་འདོད་པ་དང་།

ངན་པ་ལ་སེམས་པ་དང་། ངན་པ་དོན་དུ་གཉེར་བ་དང་། ངན་པ་ལ་སྨོན་པ་དང་། ངན་པ་མངོན་པར་འདུ་བྱེད་པ་དང་། ངན་པའི་ལྟ་བ་དང་། ངན་པའི་བཟོད་པ་དང་། ངན་པའི་ཤེས་རབ་དང་། ངན་པའི་ཤེས་པ་ཅན་དུ་འགྱུར་རོ། །ཤཱ་རིའི་བུ་ཤེས་པ་ངན་པ་ཅན་གྱི་སེམས་ཅན་

རྣམས་ནི་ནམ་ཡང་ཡིད་འབྱུང་བའམ། འདོད་ཆགས་དང་བྲལ་བའི་ཕྱིར་རམ། འགོག་པའི་ཕྱིར་རམ། ཉེ་བར་ཞི་བའི་ཕྱིར་རམ། མངོན་པར་ཤེས་པའི་ཕྱིར་རམ། མངོན་པར་བྱང་ཆུབ་པའི་ཕྱིར་རམ། དགེ་སྦྱོང་གི་ཕྱིར་རམ། མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སེམས་གཞོལ་བར་

མི་བྱེད་དེ། ཤཱ་རིའི་བུ་འདི་ལྟ་བུ་དག་གིས་ཕོངས་པར་འགྱུར་རོ། །སྡིག་པའི་གྲོགས་པོའི་དབང་དུ་སོང་བའི་སེམས་ཅན་རྣམས་ཀྱི་ཚུལ་ནི་འདི་དག་ཡིན། རྟགས་ནི་འདི་དག་ཡིན། མཚན་མ་ནི་འདི་དག་ཡིན་ནོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་

སྡེ་འདི་ལྟ་བུ་དག་ཐོས་ནས་སྐྲག་པར་འགྱུར། དངང་བར་འགྱུར། ཀུན་ཏུ་དངང་བར་འགྱུར་ཏེ། གཡང་སའི་འདུ་ཤེས་སུ་འགྱུར་ཞིང་། གཡང་ས་ཆེན་པོར་ཡང་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་ཡང་དག་ཕུལ་གྱི་མདོ་སྡེ་འདི་ལས་ཚུལ་

ཁྲིམས་འཆལ་པའི་སྐྱོན་རྣམས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་རྒྱུ་གང་དང་། རྐྱེན་ཅི་ཞིག་གིས་གང་གི་ཕྱིར་འཆལ་པའི་ཚུལ་ཁྲིམས་རྣམས་ཞེས་བྱ་ཞེ་ན། ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་སྤྱོད་པ་འཆལ་པས་ཚུལ་ཁྲིམས་འཆལ་པ་རྣམས་ཞེས་བྱ་སྟེ། ངན་པའི་ཚིག་སྤྱོད་པ་དང་། མཁས་

པ་མ་ཡིན་པའི་ཚིག་སྤྱོད་པ་དང་། ཀུན་ནས་ཉོན་མོངས་པའི་ཚིག་སྤྱོད་པ་དང་། མི་འཐུན་པར་སྤྱོད་པ་དང་། ཆགས་པར་སྤྱོད་པ་དང་། ཀུན་ཏུ་ཆགས་པར་སྤྱོད་པ་དང་། འདོད་ཆགས་ལ་སྤྱོད་པ་དང་། ཀུན་ནས་འདོད་ཆགས་ལ་སྤྱོད་པ་དང་། ཞེ་སྡང་ལ་སྤྱོད་པ་དང་། རབ་ཏུ་

Vol. 63 · folio 27b

ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་དང་། ཀུན་ནས་གཏི་མུག་ལ་སྤྱོད་པ་དང་། ལས་ཀྱི་མཐའ་མང་བ་དང་། སྨྲ་བ་ལ་དགའ་བ་དང་། གཉིད་ལ་དགའ་བ་དང་། འདུ་བ་ལ་དགའ་བ་དང་། འདུ་འཛི་ལ་དགའ་བ་དང་། སྤྲོས་པ་ལ་དགའ་བ་དང་། རིགས་པ་མེད་པའི་གཏམ་

དང་། མ་དག་པའི་གཏམ་དང་། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། སྨད་པའི་ཐ་སྙད་ཀྱིས་ཁྱིམ་

སུན་འབྱིན་པ་ལ་དགའ་བ་དང་། ཕོ་ཉར་འགྲོ་བ་དང་། ཁྱིམ་པའི་ལས་ཀྱི་མཐའ་བྱེད་དུ་འཇུག་པ་དང་། ཁྱིམ་པའི་འདུ་འཛི་བྱེད་པ་དང་། ཁྱིམ་པའི་གོ་རེ་ལོང་བྱེད་པ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་འཇིག་པ་དང་། གཅེར་བུ་པའི་སྡོམ་པ་བདག་གིར་བྱེད་པ་དང་།

གཅེར་བུ་པ་སྲེལ་བ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤོང་བ་དང་། ལོ་ཉི་ཤུ་མ་ཚང་བར་བསྙེན་པར་རྫོགས་པ་དང་། ཡན་ལག་མ་ཚང་བར་བསྙེན་པར་རྫོགས་པ་དང་། འབྲུ་མ་བཅོས་པ་བྱིན་ལེན་བྱེད་པ་དང་། ཤ་མ་བཙོས་པ་བྱིན་ལེན་བྱེད་པ་དང་། གསེར་དང་དངུལ་

བྱིན་ལེན་བྱེད་པ་དང་། བདག་ཏུ་སྨྲ་བ་ལ་མི་སྨོད་པ་དང་། བདག་ཤེས་པ་མ་ཡིན་པ་དང་། གང་ཟག་གཞན་དང་གཞན་ཤེས་པར་བྱེད་པ་དང་། བརྫུན་དུ་སྨྲ་བ་དང་། སྡོམ་པ་ལ་ལྷོད་པ་དང་། གྱ་གྱུ་བྱེད་པ་དང་། དད་པ་མེད་པ་དང་། སྲན་ཆུང་བ་དང་། བྱས་པ་མི་ཤེས་

པ་དང་། མ་རིག་པ་དང་། ལེ་ལོ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆབ་པ་དང་། ཆགས་པ་དང་། སྒྱུ་དང་། གཡོ་དང་། ཕྲག་དོག་དང་། སེར་སྣ་དང་། ཁྲེལ་མེད་པ་དང་། ངོ་ཚ་མེད་པ་དང་། རྒྱགས་པ་

དང་། བག་མེད་པ་དང་། ཁེངས་པ་དང་། ཀུན་ལ་རྩོམ་པ་དང་། དགའ་བ་མེད་པ་དང་། སྒྱིད་ལུག་པ་དང་། གླལ་བ་དང་། ཟས་ཀྱིས་དྲེགས་པ་དང་། སེམས་ཞུམ་པ་དང་། ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་

Vol. 63 · folio 28a

པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། ཆོས་དང་མི་འཐུན་པ་དང་། རྙེད་པས་རྙེད་པ་སྒྲུབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་

དང་། ཤེས་རབ་ཀྱི་ཕུང་པོ་ཉམས་པ་དང་། རྣམ་པར་གྲོལ་བའི་ཕུང་པོ་ཉམས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཉམས་པ་དང་། སངས་རྒྱས་ལ་མ་དད་པ་དང་། ཆོས་ལ་མ་དད་པ་དང་། དགེ་འདུན་ལ་མ་དད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ་

དང་། ཚེ་འདི་གཙོ་བོར་བྱེད་པ་དང་། ཚེ་ཕྱི་མའི་ཆོས་ལ་གཅེས་པར་མི་བྱེད་པ་དང་། སོམ་ཉི་དང་། ཡིད་གཉིས་དང་། ཐེ་ཙོམ་དང་། ཕོ་ཐེག་ཆེ་བ་དང་། འཇིགས་སུ་རུང་བའི་རང་བཞིན་ཅན་ཡིན་ཏེ། ཤཱ་རིའི་བུ་གང་ཟག་དེ་དག་ནི་ཆོས་འདུལ་བ་འདི་ལ་ངན་སྐྱུགས་དང་འདྲ་བར་རིག་པར་

བྱའོ། །མི་གཙང་བའི་ལུས་ཀྱི་ལས་དང་ལྡན་པ་དང་། མི་གཙང་བའི་ངག་གི་ལས་དང་ལྡན་པ་དང་། མི་གཙང་བའི་ཡིད་ཀྱི་ལས་དང་ལྡན་པ་དང་། འཚོ་བ་མ་དག་པ་གང་ཡིན་པ་དེ་དག་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་དག་ནི་སངས་རྒྱས་

རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དེ་བཞིན་དུ་གཞན་ཡང་དགེ་བ་དོན་དུ་གཉེར་བ་རྣམས་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱིས་ཡོངས་སུ་སྤང་བའི་འོས་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་ཙན་དན་དམར་པོ་དེ་ངན་སྐྱུགས་བླུགས་པའི་སྣོད་དེར་བཅུག་

ན། དེ་ཡང་མི་གཙང་བར་འགྱུར་ཞིང་སྨད་པར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་དུ་ཁྱིམ་པའམ། རབ་ཏུ་བྱུང་བ་ཚུལ་ཁྲིམས་ཀྱི་ཕུང་པོ་མ་རལ་བ་དང་ལྡན་པ་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་སྐྱེས་བུ་དམ་པ་མ་ཡིན་པ། སྡིག་པའི་གྲོགས་པོ་དེ་ལྟ་བུ་དེ་དག་བསྟེན་ལ་བསྙེན་

བཀུར་དང་། བཀུར་སྟི་བྱས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དེ་དག་གི་རྗེས་སུ་བསླབས་ན། དེ་དག་ཀྱང་དེ་ཁོ་ནའི་རང་བཞིན་དུ་འགྱུར་རོ། །ཚུལ་ཁྲིམས་རལ་བ་དང་། སྡོམ་པ་རལ་བ་དང་། སྤྱོད་ལམ་རལ་བ་དང་། སྤྱོད་པ་རལ་བ་དེ་དག་ལུས་ཞིག་ནས་ཤི་བའི་འོག་ཏུ་

Vol. 63 · folio 28b

སེམས་ཅན་དམྱལ་བར་རབ་ཏུ་ལྟུང་བར་འགྱུར་རོ། །དེ་དག་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དེ་བཞིན་དུ་གཞན་ཡང་དགེ་བ་དོན་དུ་གཉེར་བ་རྣམས་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱ་བའི་འོས་ཡིན་ནོ། །

ཤཱ་རིའི་བུ་དཔེར་ན་ཙན་དན་དམར་པོ་དེ་ངན་སྐྱུགས་ཀྱིས་སྦགས་པའི་སྣོད་དེར་བཅུག་ན་དེ་ཡང་བྱ་བ་དང་བསྒྲུབ་པ་ལ་མཐུ་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་ཅི་ནས་ཀྱང་ཙན་དན་དམར་པོ་དེ་སྐྱེས་བུ་མི་ཤེས་པ་ཞིག་གིས་ལག་པས་ཀུན་ཏུ་རེག་གམ་ལུས་ལ་བྱུགས་ན་འདི་ལྟར་ངན་སྐྱུགས་ཀྱི་རང་བཞིན་

ཁོ་ན་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་དྲི་མི་ཞིམ་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་དུ་ཅི་ནས་ཀྱང་དགེ་སློང་སྡིག་ཅན་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་པ་དགེ་འདུན་གྱི་དབུས་ན་འདུག་ན། འདི་ལྟར་དགེ་སློང་སྡིག་ཅན་གྱི་གནས་སྐབས་ཀྱི་རྣམ་པ་དང་། ཚུལ་ཁྲིམས་

འཆལ་པའི་དགེ་སློང་གི་རང་བཞིན་དེ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་མི་གཙང་བ་ཡིན་པར་རིག་ནས་སྤོང་བར་བྱེད་དོ། །དེ་དགེ་སློང་དེས་པ་རྣམས་ཀྱིས་སྤངས་པ་ན་ཐབ་ཁྲོལ་ཆེན་པོ་བྱེད་དེ། དེ་ནི་ངས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་

རོ་ཞེས་གསུང་ངོ་། །ཤཱ་རིའི་བུ་འདི་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དྲུག་པ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་གིས་དེ་བཞིན་གཤེགས་པས་གསུངས་

པའི་ཡང་དག་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ཤེས་ནས་དགའ་བའམ་མགུ་བ་མི་འཐོབ་ཅིང་བདག་ཉིད་ལ་ལྷག་པར་ཡང་གནོད་པ་བྱེད་དེ། རང་གི་སྤྱོད་ལམ་ངན་པ་ལ་ཀུན་ཏུ་བལྟས་ནས་རང་ཉིད་ཡིད་གཉིས་ཟ་བར་འགྱུར་ཞིང་མདོ་སྡེ་འདི་ལྟ་བུ་འདི་དག་ནི་བདག་ཁོ་ནའི་ཆེད་དུ་གསུངས་ཀྱི་གཞན་ལ་

ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཁོ་ནའི་སྐྱོན་ཀུན་ཏུ་སྣང་ངོ་སྙམ་མོ། །ཤཱ་རིའི་བུ་འདི་ནི་དགེ་སློང་ཚུལ་ཁྲིམས་རལ་བ་རྣམས་ཀྱི་མ་འདྲེས་པའི་ཆོས་ཡིན་ཏེ། དེས་དེ་ཐོས་ནས་ཐོག་མ་ཁོ་ནར་ཁྲོ་བ་སྐྱེད་པར་འགྱུར་རོ། །དེ་ཁྲོ་བའི་ཟིལ་གྱིས་ནོན་ནས་དགེ་སློང་ཆོས་སྨྲ་བ་ལ་

Vol. 63 · folio 29a

མ་དད་པ་སྐྱེད་པར་བྱེད་དེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ལ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྨོད་ཅིང་སྐྱེ་བོ་མང་པོ་ལ་འདུ་ཤེས་སུ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་

ཚུལ་བཞིན་མ་ཡིན་པ་དང་ལྡན་པའི་ཕྱིར་རོ། །ཤཱ་རིའི་བུ་ཡང་ཚུལ་བཞིན་ལ་སྦྱོར་བའི་དགེ་སློང་རྣམས་ནི་སྟོན་པའི་གསུང་ལ་སྨོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚུལ་ཁྲིམས་འཆལ་པའི་ལས་འདི་ནི་བྱིས་པའི་ལས་ཡིན་པའི་ཕྱིར་རོ། །རིགས་པ་མེད་པའི་ལས་འདི་ནི་འདི་ལྟ་སྟེ།

དམ་པའི་ཆོས་ལ་སྨོད་པ་ཡིན་པའི་ཕྱིར་རོ། །དེ་བདག་ཉིད་རྨ་དང་བཅས་པ་དང་། ཟུག་རྔུ་དང་བཅས་པར་ཤེས་ནས་ཟུག་རྔུ་རྣམས་གླེངས། གནད་རྣམས་ལེགས་པར་བསྟན། ལྟ་བར་གྱུར་པ་རྣམས་བསྐུལ་བ་ན་མངོན་དུ་ཁྲོ་བར་བྱེད། འཁྲུག་པར་བྱེད། གནོད་སེམས་སྐྱེད། སླར་

གནོད་པར་བྱེད། ཡོངས་སུ་ཡི་ཆད་པར་བྱེད། ཞུམ་ཞུམ་པོར་གྱུར་ཅིང་ཁྲོ་བ་དང་། སྐྱོན་རབ་ཏུ་སྟོན་པར་བྱེད་དོ། །དེ་སངས་རྒྱས་ལ་མི་སྙན་པ་རྗོད། ཆོས་ལ་སྨོད། དགེ་འདུན་ལ་སྐུར་པ་འདེབས་པར་བྱེད་དོ། །ཤཱ་རིའི་བུ་ཟབ་མོ་དམིགས་སུ་མེད་པ་དོན་དམ་པ་སྟོང་པ་སངས་རྒྱས་ཀྱི་བྱང་

ཆུབ་ལ་མ་མོས་པའི་དགེ་སློང་ཇི་སྙེད་པ་དག་གིས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཐོས་ན། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྨོད་པར་བྱེད་ཅིང་། དེ་ལྟར་སྐྱེ་བོ་ལ་འདུ་ཤེས་སུ་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པས་ཆོས་

ལ་སྨོད་པ་ཡིན་ནོ་ཞེས་གསུངས་ཏེ། སྨོད་པ་གང་ཡིན་པ་ནི་དགེ་སྦྱོང་མ་ཡིན། ཤཱཀྱའི་སྲས་མ་ཡིན་ནོ། །སྐྱེས་བུ་གཏི་མུག་ཅན་དེ་ནི་སྲིད་པ་བྱེ་བ་ཕྲག་བརྒྱ་སྟོང་རྣམས་སུ་ཆད་པ་ཆེན་པོ་འཐོབ་ཅིང་། གནོད་པ་བྱེད་པར་འགྱུར་བས་ཉམས་པའི་འོས་ཡིན་ནོ། །ཤཱ་རིའི་བུ་ཡང་དེ་ལྟ་བུའི་དགེ་

སློང་རྣམས་ལ་ནི་གལ་ཏེ་སངས་རྒྱས་སྟོང་ངམ། སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་གིས་ཆོ་འཕྲུལ་རྣམ་པ་གསུམ་གྱི་ཆོས་བསྟན་ཀྱང་། དེ་དག་ཁོ་ན་ཆོས་ཀུན་ཤེས་པར་མི་འགྱུར་ཞིང་འབྲས་བུ་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་

Vol. 63 · folio 29b

འཕགས་པའི་ལམ་རྣམས་བགགས་པའི་ཕྱིར་ཏེ། དད་པ་དང་བྲལ་བ། ཟས་དང་བགོ་བ་ལྷུར་ལེན་པ། འཇིག་རྟེན་གྱི་ཟང་ཟིང་ལ་ཆུམས་པ་རྣམས་ནི་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ་ཞེས་གསུང་ངོ་། །ཤཱ་རིའི་བུ་ཡང་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །འདི་

ལྟ་བུའི་ཆོས་དཀོན་མཆོག་ལ་སྨོད་པ་ནི་བདེ་འགྲོ་ལ་དགའ་བ་མ་ཡིན་གྱི། འདི་ལྟར་ངན་འགྲོ་ལ་རབ་ཏུ་དགའ་བ་དང་། དམུས་ལོང་ལ་རབ་ཏུ་དགའ་བ་ཡིན་ནོ། །ཤཱ་རིའི་བུ་མངོན་པའི་ང་རྒྱལ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། མ་ངེས་པའི་ཆོས་སྟོན་པའི་དགེ་སློང་རྣམས་ལས།

དགེ་སློང་ཕལ་ཆེར་གྱིས་ངའི་བསྟན་པ་འདི་ནུབ་པར་འགྱུར་ཏེ། དེ་དག་ནི་འཚོ་བས་འཇིགས་པས་འཇིག་རྟེན་གྱི་ཟང་ཟིང་ལ་ཆུམས་པ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་བུའི་ཆོས་དཀོན་མཆོག་ལ་དེ་ལྟར་སྨོད་པ་ཆེན་པོ་བྱེད་པ་ནི་འོས་པ་མ་ཡིན་ནོ། །གང་ལ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་

འདི་ལྟར་གུས་པ་དང་བཅས་པ། འདི་ལྟར་ཞེ་ས་དང་བཅས་པ། རང་སངས་རྒྱས་ཐམས་ཅད་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་འདི་ལྟར་གུས་པ་དང་བཅས་པ། འདི་ལྟར་ཞེ་ས་དང་བཅས་པ་མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་རྣམས་དང་། ཚུལ་ཁྲིམས་འཆལ་པ་དང་། མ་ངེས་

པའི་ཆོས་སྟོན་པའི་དགེ་སློང་རྣམས་ཀྱིས་ཤིན་ཏུ་ཟིལ་གྱིས་གནོན་པ་དང་ཤིན་ཏུ་སྤོང་བར་འགྱུར་རོ། །དེ་དག་ནི་བརྐམ་ཆགས་དང་སྲེད་པས་ཟིལ་གྱིས་གནོན་པ་དང་། འཚོ་བའི་ལམ་དུ་བྱིང་བ་དང་། ཟང་ཟིང་ལྷུར་ལེན་པ་དང་། ཕྲག་དོག་དང་སེར་སྣའི་ཀུན་ཏུ་སྦྱོར་བ་དང་ལྡན་པས་ཕན་ཚུན་དུ་

རྩོད་པ་འབྱུང་བར་འགྱུར་རོ། །བྱེ་ནས་མི་འཐུན་པས་ཕན་ཚུན་དུ་གུས་པ་མེད་པ་དང་། འཁུ་བ་དང་ཕྲག་དོག་གི་ལམ་གྱིས་འཁུ་བ་དང་། སློབ་དཔོན་ལ་ཁྱད་དུ་གསོད་པ་དང་། སྤྲེའུ་དང་འདྲ་བར་སྤྱོད་པ་དང་། གདོལ་པ་དང་། ལུས་མ་བསྒོམས་པ་དང་། སྡིག་པའི་ལས་ཀྱི་མཐའ་འཆབ་

པ་དག་དགེ་སྦྱོང་གི་ཆོས་རྣམས་ལས་ཤིན་ཏུ་ཉམས་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་བདུད་སྡིག་ཅན་གྱིས་སྐྱེས་བུ་དམ་པ་མ་ཡིན་པ་སྡིག་པ་འདོད་པ། འདོད་ཆེན་ཆེ་བ། ཟང་ཟིང་ལྷུར་ལེན་པ། འཚོ་བའི་ལམ་དུ་བྱིང་བ་དེ་ལྟ་བུ་དེ་དག་གི་བསམ་པ་རིག་ནས། ཇི་ལྟར་ངའི་ཆོས་འདུལ་བ་འདི་

Vol. 63 · folio 30a

རྣམ་པ་ལྔར་འགྱུར་བ་དེ་ལྟ་བུའི་གནས་སྐབས་དག་བྱེད་པར་འགྱུར་རོ། །དེ་དག་གིས་རྣམ་པ་ལྔར་ཕྱེ་ནས་རྩོད་པར་འགྱུར་ཞིང་དེ་དག་ཕན་ཚུན་དུ་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ལ་མི་སྙན་པ་སྒྲོགས་པར་འགྱུར་རོ། །འདི་ལྟ་སྟེ་དེ་ལྟར་གཅིག་ལ་གཅིག་ཁ་ཟེར་བ་དང་།

གཅིག་ལ་གཅིག་གུས་པ་མེད་པ་དང་། ཞེ་ས་མེད་པ་དང་། སྟོན་པའི་བཀའ་བཞིན་མི་བྱེད་པ་དེའི་ཚེ། དེ་དག་གཅིག་ལ་གཅིག་འདོམས་པར་མི་འགྱུར་རྗེས་སུ་སྟོན་པར་མི་འགྱུར་ཞིང་། གང་དག་བྱ་བ་མ་ཡིན་པའི་གནས་བྱེད་པ་དག་མཐོང་ན་དེ་ལ་ཅུང་ཟད་ཀྱང་སྒོ་བར་མི་བྱེད་དེ། དེ་དག་སྐྲག་

ནས་གནས་གཏོང་བའམ་ཡུལ་གཏོང་བར་བྱེད་ཀྱི། ཆོས་དང་འཐུན་པས་གདམས་ངག་དབོག་པའམ་རྗེས་སུ་བསྟན་པར་མི་ནུས་སོ། །དེ་དག་ཕྱོགས་སུ་ལྟུང་ནས་གཅིག་ལ་གཅིག་བྱིས་པའི་ངའོ་སྙམ་པའི་ང་རྒྱལ་འབྱིན་པར་འགྱུར་ཞིང་ཕན་ཚུན་ནས་རང་གི་སྡེ་བའི་ཕྱོགས་སྤོང་བར་འགྱུར་རོ། །

ཤཱ་རིའི་བུ་དེ་དག་ནི་མཐོང་ན་ཡང་ཕན་ཚུན་ཏུ་དགའ་བར་མི་འགྱུར་ན་གདམས་ངག་དང་རྗེས་སུ་བསྟན་པ་ལེན་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་བཞུགས་ན་སངས་རྒྱས་དཀོན་མཆོག་གཅིག །ཆོས་དཀོན་མཆོག་གཅིག །དགེ་འདུན་

དཀོན་མཆོག་གཅིག་ཡིན་ན། ཡོངས་སུ་མྱ་ངན་ལས་འདས་ནས་ནི་བསྟན་པ་ཡང་རྣམ་པ་ལྔར་འགྱུར་རོ། །ཤཱ་རིའི་བུ་བདུད་སྡིག་ཅན་གྱིས་འདུན་པ་བྱིན་པའི་སྐྱེས་བུ་གཏི་མུག་ལྷས་བྱིན་དགེ་འདུན་འབྱེད་པ་ལ་མངོན་པར་བརྩོན་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་

མཁྱེན་པ། །ཐམས་ཅད་གཟིགས་པ་མངོན་སུམ་དུ་གྱུར་པ་ན་ནི་བདུད་སྡིག་ཅན་གྱིས་རྨོངས་པར་བྱ་མི་ནུས་སོ། །ཤཱ་རིའི་བུ་གང་ཡང་བསྟན་པ་འདི་ལ་བདུད་སྡིག་ཅན་དགེ་སྦྱོང་གི་གཟུགས་སུ་མངོན་པར་སྤྲུལ་ནས་ལོག་པར་འཛིན་པ་རྣམ་པ་དུ་མ་རབ་ཏུ་སྟོན་ཅིང་། དེ་ལ་སྐྱེ་བོ་མང་པོ་རབ་ཏུ་འགོད་

པར་འགྱུར་བའི་དུས་དེ་དང་དེ་དག་འབྱུང་བར་འགྱུར་རོ། །དེ་ལོག་པར་འཛིན་པ་འདི་ལྟ་བུ་འདི་དག་རབ་ཏུ་སྟོན་པར་འགྱུར་ཏེ། ཡིད་ཀྱི་ཁམས་ཀྱི་གཞི་ལྔ་པོ་འདི་ལྟ་སྟེ། ཆ་དང་འཐུན་པའི་གཞི་དང་། ཟད་པའི་ཆ་དང་འཐུན་པའི་གཞི་དང་། ཐམས་ཅད་ཡོད་པར་སྨྲ་བའི་གཞི་དང་། གང་ཟག་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words