འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Sanskrit title (Tibetan script, as in the text) ཨཱརྱ་མ་ཧཱ་མེ་གྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 64 · folio 193a
པའི་བྱང་ཆུབ་མངོན་པར་གཟུང་བར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ནི་ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་འདི་ལ་སེམས་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་
བའི་ཡོན་ཏན་ཡང་དག་པར་བཤད་པ་ཐོས་ན་སྐྲག་པར་མི་བྱའོ། །དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བསིལ་བའི་ཡོན་ཏན་ཡང་དག་པར་གཟུང་བར་བྱའོ། །གཞན་དག་ལ་ཡང་རྒྱས་པར་བསྟན་པར་བྱ་སྟེ། ཅི་ནས་བསྟན་པ་ནུབ་
པར་མི་འགྱུར་བར་བརྩོན་པར་བྱའོ། །འདི་ལྟ་སྟེ་དཔེར་ན་འགྲོ་བ་སྲོག་ཆགས་འབྱུང་པོ་གང་ཅི་ཡང་རུང་བ་རྣམས་ཀྱི་རྗེས་སུ་བྱུང་བ་དེ་དག་ཐམས་ཅད་ནི་གླང་པོ་ཆེའི་རྗེས་ཀྱི་ནང་དུ་འདུ་བར་འགྱུར་རོ། །དེ་བཞིན་དུ་མདོ་འདི་ལས་གཞན་པའི་ཏིང་ངེ་འཛིན་ཐམས་ཅད་དང་། བསོད་ནམས་བྱ་བའི་
དངོས་པོ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདིའི་ནང་དུ་འདུ་བར་འགྱུར་བར་རིག་པར་བྱའོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ལྷུན་པོ་ལ་སོགས་པའི་རིའི་རྒྱལ་པོ་རྣམས་དང་། གཞན་ཡང་རི་ནག་པོ་རྣམས་དང་། རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ཤིང་ཇི་སྙེད་
ཡོད་པ་དང་། འཛམ་བུའི་གླིང་དང་། གླིང་བཞི་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཉི་མ་དང་ཟླ་བར་བཅས་པ་དེ་དག་ཐམས་ཅད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་འདུས་པར་བལྟ་བར་བྱའོ། །སྤྲིན་ཆེན་སྙིང་པོ་དེ་བཞིན་དུ་སོ་སོའི་སྐྱེ་བོའི་བསོད་ནམས་ཀྱི་རྒྱུན་
ནམ། ཉན་ཐོས་ཀྱི་བསོད་ནམས་ཀྱི་རྒྱུན་ནམ། རང་སངས་རྒྱས་ཀྱི་བསོད་ནམས་ཀྱི་རྒྱུན་ནམ། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་རྒྱུན་ནམ། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་རྒྱུན་ནམ། མདོ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བསོད་ནམས་ཀྱི་རྒྱུན་ཇི་སྙེད་ཡོད་པ་རྣམས་ནི་ཏིང་
ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ནོ་ཞེས་སེམས་གཅིག་བསྐྱེད་པའི་ནང་དུ་ཆུད་ཅིང་འདུས་སོ། །འདི་ལྟ་སྟེ། དཔེར་ན་སྟོན་གྱི་དུས་ན་སྤྲིན་མེད་པའི་ནམ་མཁའ་ལས་ཉི་མ་ཤར་ན་ནམ་མཁའ་ལ་དྲི་མར་གྱུར་ཅིང་སྒྲིབ་པའི་རང་བཞིན་ཇི་སྙེད་ཡོད་པ་
Vol. 64 · folio 193b
དེ་དག་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེར་འདུག་གོ། །སྤྲིན་ཆེན་སྙིང་པོ་དེ་བཞིན་དུ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བསྟན་པ་ནུབ་པར་མི་
འགྱུར་བའི་འོད་ཟེར་མཐའ་ཡས་པ་དང་ལྡན་པའི་ཉི་མ་རྟག་པ་ཤར་བ་ན་ལྡེམ་པོ་ངག་གི་ནམ་མཁའ་ལ་ཇི་སྙེད་ཡོད་པ་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེར་གསལ་བར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ན་མི་ལ་ལ་ཞིག་རླུང་གི་རྒྱལ་པོ་བཞིའི་མཐུ་ཅན། སྟོབས་
དང་ལྡན་པ། ལྷའི་ལོ་བརྒྱ་ཐུབ་པ་ཞིག་བྱུང་ལ་མི་དེ་ཡང་ཉིན་པར་ལམ་དུ་ཞུགས་ཏེ། འཇིག་རྟེན་གྱི་ཁམས་དུ་མར་སོང་ནས་ཕྱིར་རང་གི་གནས་སུ་ལྡོག་པར་བྱེད་ཅིང་ནུབ་མོ་ཡང་ལམ་དུ་ཞུགས་ནས་འཇིག་རྟེན་གྱི་ཁམས་དུ་མ་བསྐོར་ཏེ། ཕྱིར་རང་གི་གནས་སུ་ལྡོག་པར་བྱེད་པ་དེ་ལྟ་བུར་ཉིན་
མཚན་དུ་ལམ་དུ་ཞུགས་པས་ཇི་ཙམ་ཕྱིན་པ་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རང་གི་ལུས་ཀྱི་འཕང་ཙམ་དུ་གང་བར་བྱས་ནས་སྦྱིན་པ་བྱིན་ཏེ། ཐབས་དེ་དག་ལྟ་བུར་བར་ཆད་དང་། སྐྱོན་མ་བྱུང་བར་སྦྱིན་པ་བྱིན་ན་སྤྲིན་ཆེན་སྙིང་པོ་ཅི་གཞི་དེ་ལས་དེ་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ།
བཅོམ་ལྡན་འདས་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟ་བུའི་སྦྱིན་པ་དེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས་པ་རྟག་པའི་ཆེ་བ་ཉིད་ཀྱི་ཡོན་ཏན་ནུབ་པར་མི་འགྱུར་བའི་བསྟན་པ་འཁོར་བཞི་
ལས་གང་ཡང་རུང་བའམ། སྤྱོད་པ་པ་འམ། ཀུན་ཏུ་རྒྱུ་འམ། གཅེར་བུ་པ་ལ་སོགས་པ་ལ་འཆད་ཅིང་སྟོན་པར་བྱེད་དམ། ཡང་ན་འཕྱ་བ་འམ། བསྟིང་བ་འམ། གཞན་གྱི་གཡམ་ལ་བྱ་བ་འམ། འཚོ་བའི་ཐབས་ཀྱི་རྒྱུར་བྱ་བའི་ཕྱིར་རམ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་
བཅད་པ་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་རྟག་གོ་ཞེས་ཚིག་ཏུ་བརྗོད་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྤྲིན་ཆེན་སྙིང་པོ་འདི་ལྟ་སྟེ། དཔེར་ན་སྨན་གྱི་རྒྱལ་པོ་རྩིའི་སྡོང་བུ་དེའི་
Vol. 64 · folio 194a
རྩ་བ་ཁྱེར་རམ། ཤུན་པྲགས་སམ། པྲིའམ། ལོ་མ་འམ། མེ་ཏོག་གམ། འབྲས་བུ་འམ། མགོ་ཐོགས་སམ། སྡོང་བུ་འམ། ཡལ་ག་འམ། བུར་མ་འམ། རྩ་བ་དག་ཁྱེར་ཡང་རུང་སྟེ། དེ་འདི་སྙམ་དུ་བདག་གི་རྩ་བ་ཁྱེར་རོ། །བདག་གི་ཤུན་
ཕྲགས་ཁྱེར་རོ། །བདག་གི་པྲི་ཁྱེར་རོ། །བདག་གི་ལོ་མ་ཁྱེར་རོ། །བདག་གི་མེ་ཏོག་ཁྱེར་རོ། །བདག་གི་འབྲས་བུ་ཁྱེར་རོ། །བདག་གི་མགོ་ཐོགས་ཁྱེར་རོ། །བདག་གི་སྡོང་བུ་ཁྱེར་རོ། །བདག་གི་ཡལ་ག་ཁྱེར་རོ། །བདག་གི་བུར་མ་ཁྱེར་རོ། །བདག་གི་རྩ་བ་དག་ཁྱེར་རོ་
སྙམ་དུ་མི་སེམས་སོ། །རྩིའི་སྡོང་བུ་ལ་རྣམ་པར་རྟོག་པ་ཡོང་མེད་དོ་རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ལ་འོ་མའམ། ཞོའམ། མར་རམ། འབྲུ་མར་རམ། སྨན་ཅིའང་རུང་བ་དག་དང་སྦྱར་བའམ། སྨན་ཐམས་ཅད་དང་བསྲེས་པའི་འདེ་གུ་འམ།
བཏུང་བ་འམ། ལུས་བསྐུ་བས་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་འདི་ཉན་པ་ཡང་རྩ་བ་འམ། རྒྱུད་དམ། ཚིགས་སུ་བཅད་པ་འམ། ཚིག་གམ། ཚིག་གི་ཕྱེད་དམ། མིང་ངམ། དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ཀྱིས་ཉན་པ་ན། དེ་འདི་
སྙམ་དུ་བདག་གིས་རྩ་བ་ལས་ཏིང་ངེ་འཛིན་བཟུང་ངོ་། །རྒྱུད་ལས་བཟུང་ངོ་། །ཚིགས་སུ་བཅད་པ་ལས་བཟུང་ངོ་། །ཚིག་ལས་བཟུང་ངོ་། །ཚིག་ཕྱེད་ལས་བཟུང་ངོ་། །མིང་ལས་བཟུང་ངོ་། །དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ལས་བཟུང་ངོ་སྙམ་དུ་མི་སེམས་
ཏེ། རྣམ་པར་རྟོག་པ་དེ་དག་མེད་དོ། །རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལས་གང་ཡང་རུང་བའམ། སྤྱོད་པ་པའམ། ཀུན་ཏུ་རྒྱུའམ། གཅེར་བུ་པ་ལ་སོགས་པའམ། ལུས་ཡོངས་སུ་མ་སྦྱངས་པའམ། ཤེས་
རབ་ཡོངས་སུ་མ་སྦྱངས་པ་འམ། སེམས་ཡོངས་སུ་མ་སྦྱངས་པ་ཡང་རུང་སྟེ། འཕྱ་བའམ། བསྟིང་བའི་ཕྱིར་རམ། རང་གི་ཁ་ནས་བྱུང་ངམ། གཞན་གྱི་གཡམ་ལ་བྱུང་བ་འམ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ། མཉན་ཏམ་བཟུང་
Vol. 64 · folio 194b
ན་དེ་དག་གི་སྡིག་པ་གྲངས་མེད་པ་བྱས་པ་དང་། ལས་དེ་དག་ལུས་འདི་ཉིད་ཀྱི་ཚེ་བྱང་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གི་ཉོན་མོངས་པ་ལ་སོགས་པའི་ནད་འབྱང་བའི་ཕྱིར་ཞུགས་པ་ཡང་མ་ཡིན་ནོ། །སྤྲིན་ཆེན་སྙིང་པོ་དཔེར་ན་ཉི་མ་ཤར་མ་ཐག་ཏུ་ཁ་བ་དང་།
མུན་པའི་ཚོགས་ཆེན་པོ་རྨེག་མེད་པར་འགྱུར་རོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཉི་མ་རྟག་པ་འདི་ཤར་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། ལས་ཀྱི་ཚོགས་ཀྱི་ཁ་བ་དང་། མུན་པ་དང་། སྤྲིན་དང་། སྒྲིབ་པ་རྣམས་རྨེག་མེད་པར་འགྱུར་རོ།། །།
འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་དགུ་པ། སྤྲིན་ཆེན་སྙིང་པོ་གཞན་ཡང་དཔེར་ན་རླུང་ནི་ནམ་མཁའ་ལ་ལངས་ནས་སེམས་ཅན་ཐམས་ཅད་ལ་རང་དབང་མེད་པར་སྤུ་དང་། ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་རྩ་བའི་ནང་དུ་ཞུགས་ནས་མེའི་ཕུང་པོ་འཇིལ་བར་བྱེད་དོ། །དེ་བཞིན་དུ་འདིར་ཡང་
ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་ཉིད་ཀྱི་ཡོན་ཏན་གྱིས་བསྒོས་པའི་རླུང་ཉོན་མོངས་པའི་ནམ་མཁའ་ལ་ལྡང་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་རང་དབང་མེད་པར་སྤུ་དང་། ཡན་ལག་ཐམས་ཅད་ཀྱི་རྩ་བའི་ནང་དུ་ཞུགས་ནས་སྡིག་པ་གྲངས་མེད་པ་བྱས་པ་རྣམས་དང་།
ལས་ཀྱི་མེའི་ཕུང་པོ་རྣམས་སེལ་བར་བྱེད་དོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །ཕྱིར་མི་འོང་བའི་འབྲས་བུའི་
ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་མཚན་མཐའ་ཡས་པའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་
པའི་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་དཔག་ཏུ་མེད་པ་ཉིད་ཀྱི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་མཚུངས་པ་མེད་པ་ཉིད་ཀྱི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་མཚན་གྱི་ཕྱིར་ཡང་
Vol. 64 · folio 195a
སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་དཔག་ཏུ་མེད་པའི་
ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་མཚུངས་པ་མེད་པའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་གྲངས་མེད་པའི་ཕྱིར་ཡང་སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་
ཡང་སེམས་གནས་པར་མི་སྒོམ་མོ། །དེ་བཞིན་གཤེགས་པའི་མཚན་གྱི་ཕྱིར་ཡང་སེམས་སྐྱེད་པར་མི་འདོད་དོ། །དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོའི་ཕྱིར་ཡང་སེམས་སྐྱེད་པར་མི་འདོད་དོ། །དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཕྱིར་ཡང་སེམས་སྐྱེད་པར་མི་
འདོད་དོ། །དེ་བཞིན་གཤེགས་པའི་དཔག་ཏུ་མེད་པའི་ཕྱིར་ཡང་སེམས་སྐྱེད་པར་མི་འདོད་དོ། །དེ་བཞིན་གཤེགས་པའི་མཚུངས་པ་མེད་པའི་ཕྱིར་ཡང་སེམས་སྐྱེད་པར་མི་བྱེད་དོ། །དེ་བཞིན་གཤེགས་པའི་གྲངས་མེད་པའི་ཕྱིར་ཡང་སེམས་སྐྱེད་པར་མི་བྱེད་དོ། །དེ་བཞིན་གཤེགས་
པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་ཡང་སེམས་སྐྱེད་པར་མི་བྱེད་དོ། །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་ཆོ་འཕྲུལ་གྱི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་མི་འཇིགས་པའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་
གསང་བའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་མཆོད་པའི་གནས་བླ་ན་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ངོ་། །དེ་བཞིན་གཤེགས་པའི་སྙིང་པོའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་གི་སེམས་ཅན་ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཐར་བར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ཀྱིས་བདེ་བ་ཐོབ་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་གྲུབ་པ་དང་བདེ་བར་
Vol. 64 · folio 195b
འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡོན་ཏན་ལ་དགོད་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་སངས་རྒྱས་སུ་བསྒྲུབ་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ཆོས་ཀྱི་འཁོར་ལོ་སྐོར་དུ་གཞུག་པར་འདོད་
པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་འཕགས་པའི་དགེ་འདུན་ཡོངས་སུ་སྡུད་དུ་གཞུག་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱ་བར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ལ་ཆོས་
ཀྱི་རྒྱུན་མི་གཅད་པར་བྱ་བར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ལ་དགེ་འདུན་གྱི་རིགས་བསྒྲུབ་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་བསྒྲུབ་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །སེམས་
ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་མ་ཉམས་པ་དང་། སྐྱོན་མེད་པ་དང་། མ་འདྲེས་པ་དང་། མ་འཁྲུགས་པར་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །འདི་ལ་གནས་པའི་བྱང་
ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་མཚན་གྱི་སླད་དུ་ཚུལ་ཁྲིམས་མི་སྲུང་ངོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་དེ་སྐད་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཡོན་
ཏན་བསྒྲུབ་པ་དེ་དག་ཐམས་ཅད་ཡོད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །སྤྲིན་ཆེན་སྙིང་པོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་དུ་མ་དང་། ནོར་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེ་བདག་ཉིད་ལ་ཡོད་བཞིན་དུ་
བཻ་དཱུརྱའི་ཕྱིར་འདོད་པའི་སེམས་དང་ཐེ་ཙོམ་སྐྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་ཡོད་བཞིན་དུ་མཚན་གྱི་ཕྱིར་འདོད་པའི་སེམས་སྐྱེད་པ་དེ་ནི་གནས་མེད་
Vol. 64 · folio 196a
དོ། །སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་དང་ཡོན་ཏན་ཐམས་ཅད་དང་ལྡན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་བགྱི་བ་མཐར་ཕྱིན་པ་དང་ལྡན་པ་ལགས་པར་རིག་པར་བགྱིའམ། བཀའ་
སྩལ་པ། སྤྲིན་ཆེན་སྙིང་པོ་དེ་སྐད་མ་ཟེར་ཅིག །འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གང་གི་ཚེ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་པ་ན་བྱ་བ་མཐར་ཕྱིན་པར་འགྱུར་ཏེ། དེའི་ཚེ་འདི་ལ་གནས་པའི་
བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གང་དག་ཏིང་ངེ་འཛིན་འདིའི་ཡུལ་བཤད་པ་ཐོས་ནས་སྤོང་བར་མི་བགྱིད་པ་ནི་ཀྱེ་མ་ངོ་མཚར་ཏེ། སེམས་ཅན་དེ་དག་ནི་མྱ་ངན་དུ་བགྱི་མི་འཚལ་བ་ལགས་སོ། །བཀའ་སྩལ་པ། སྤྲིན་ཆེན་
སྙིང་པོ་དེ་དེ་བཞིན་ཏེ། མ་འོངས་པའི་དུས་ན་ཏིང་ངེ་འཛིན་བསྟན་པ་འདི་བཤད་པ་ན་གང་དག་སྤོང་བར་མི་བྱེད་པའི་སེམས་ཅན་དེ་དག་ལ་ནི་མྱ་ངན་བྱ་མི་དགོས་སོ། །འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་རིགས་ཆེ་ཤིང་སྟོབས་དང་ལྡན་ལ་འཁོར་སྙིང་ཉེ་བ་དང་། ཚུལ་དུ་བསྲུང་བར་བྱ་བ་དང་། ཡོན་
ཏན་དང་ལྡན་ཞིང་རྒྱལ་པོ་ཆེན་པོར་དབང་བསྐུར་བའི་སྤུ་ལ་བབ་པ་ནི་གནས་དམའ་བའི་ལས་ལ་འདོད་པའི་སེམས་མི་སྐྱེད་དེ། རྒྱ་ཆེན་པོའི་རྒྱལ་སྲིད་ཀྱི་གནས་ལ་སེམས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་བསྟན་པ་འདི་བཤད་པ་ཐོས་ན་སྤོང་བར་མི་བྱེད་ཅིང་ཁ་ཏོན་དུ་བྱེད་པ་དག་ནི་ཆོས་ཀྱི་ཡོན་ཏན་ཐམས་
ཅད་དང་ལྡན་ཞིང་བྱང་ཆུབ་ཆེན་པོར་དབང་བསྐུར་བའི་འོས་ཡིན་ཏེ། ཏིང་ངེ་འཛིན་འདི་ཐོས་ནས་ཏིང་ངེ་འཛིན་གྱི་མཆོག་འདི་ལས་གཞན་པ་གནས་དམའ་བ་ལ་འདོད་པའི་སེམས་མི་སྐྱེད་དེ་དེ་ནི་གནས་མེད་དོ། །ཏིང་ངེ་འཛིན་རྒྱ་ཆེན་པོའི་གནས་འདི་ཡང་རྐྱེན་དུ་བབ་པ་ཡིན་ནོ། །སྤྲིན་ཆེན་སྙིང་པོ་
གཞན་ཡང་དཔེར་ན་གདོལ་པ་ཟོལ་པ་ནི་མཆོད་པ་ཆེན་པོས་དབང་བསྐུར་བའི་འོས་མ་ཡིན་ནོ། །དེ་བཞིན་དུ་གདོལ་པ་ཟོལ་པ་དང་འདྲ་བའི་སེམས་ཅན་དག་ཀྱང་ཏིང་ངེ་འཛིན་གྱི་རྒྱལ་པོ་འདིའི་དབང་བསྐུར་བའི་འོས་སུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་
Vol. 64 · folio 196b
དཔའ་རྣམས་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པར་རིག་པར་བྱ་བའི་ཕྱིར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡུལ་ལ་ལྟོས། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་
པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་བསྟན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་འདི་མི་ཤེས་པའི་སེམས་ཅན་རྣམས་ལ་ཁོང་དུ་ཆུད་པར་བྱའོ་སྙམ་ནས། སེམས་ཅན་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་དག་ལ་དེ་དང་དེ་སྦྱིན་པར་བྱའོ་སྙམ་དུ་དམ་བཅས་
ནས་སྨོན་ལམ་གྱི་ཕྱིར་ཚུལ་ཁྲིམས་སྲུང་སྟེ། ལག་པ་འདོད་པ་རྣམས་ལ་ནི་ལག་པ་སྦྱིན་ནོ། །རྐང་པ་འདོད་པ་རྣམས་ལ་ནི་རྐང་པ་སྦྱིན་ནོ། །མིག་འདོད་པ་རྣམས་ལ་ནི་མིག་སྦྱིན་ནོ། །ཤ་འདོད་པ་རྣམས་ལ་ནི་ཤ་སྦྱིན་ནོ། །ཁྲག་འདོད་པ་རྣམས་ལ་ནི་ཁྲག་སྦྱིན་ནོ། །རྐང་འདོད་པ་རྣམས་ལ་ནི་རྐང་
སྦྱིན་ནོ། །ཡན་ལག་རེ་རེ་ནས་འདོད་པ་རྣམས་ལ་ཡང་ཡན་ལག་རེ་རེ་ནས་སྦྱིན་ནོ། །བྲན་ཕོ་དང་། བྲན་མོ་འདོད་པ་རྣམས་ལ་ཡང་བྲན་དུ་འགྲོ་བར་བར་བྱ་ན་ནོར་རམ་འབྲུ་རྣམས་ཡོངས་སུ་བཏང་བ་ལྟ་ཅི་སྨོས་ཏེ། དེ་ལྟར་གྱུར་ཅིག་ཅེས་དེའི་ཕྱིར་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་འཇིག་རྟེན་
དང་འཐུན་པའི་བྱ་བ་དུ་མ་དག་གིས་སེམས་ཅན་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་ལ་དེ་དང་དེ་སྦྱིན་པར་བྱའོ། །མི་དགའ་བ་མེད་པར་ཡོངས་སུ་གཏང་བར་བྱའོ། །ཕྱིས་འགྱོད་པ་མེད་པར་སྦྱིན་པར་བྱའོ། །རྣམ་པར་སྨིན་པ་ལ་རེ་བ་མེད་པར་སྦྱིན་པར་བྱའོ། །སེམས་ཅན་ལ་
ཕན་གདགས་པ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། དེ་བཞིན་གཤེགས་པའི་རྟག་པ་ཉིད་བསྟན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་དེ། སེམས་ཅན་ཐམས་ཅད་ལ་བསྡུས་ནས་དེ་བཞིན་གཤེགས་པའི་རྟག་པ་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་མོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་
འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རྟག་པ་ཉིད་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་གཞན་གྱི་དོན་གྱི་ཕྱིར་ལག་པ་འམ། རྐང་པ་འམ། བྲན་ཕོ་དང་། བྲན་མོ་ཡང་རུང་སྟེ། སེམས་
Vol. 64 · folio 197a
ཅན་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་སྦྱིན་པར་བྱ་སྟེ། བདག་གི་ལུས་དོན་མེད་པར་མ་གྱུར་པར་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར་ཅིག་ཅེས་སེམས་སྐྱེད་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་མདོའི་གཞུང་ལུགས་གཞན་དག་ལས་
དགེ་སློང་དག་མིའི་ལུས་ནི་ཤག་ཤིག་ཏུ་གྱུར་པ་ལྟ་བུ་རྣག་ཅན་གྱི་ལུས་ཡིན་ཏེ། རྫ་མཁན་གྱི་ཕུབ་མ་མི་གཅེས་པ་བོར་བཞིན་དུ་དགོས་པའི་དོན་དག་ལ་དོན་དུ་འགྱུར་བ་མེད་དོ་ཞེས་བཀའ་སྩལ་ན། འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་དོན་མེད་པར་མ་གྱུར་ཅིག་ཅེས་ལུས་
ཡོངས་སུ་གཏོང་ངོ་ཞེས་བགྱི་བ་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་དེ་སྐད་གསུངས། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟར་མ་ལྟ་ཤིག་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་ནི་ཆོས་ཀྱི་ལུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་
ལུས་ནི་རུས་པ་དང་། ཤ་དང་། ཁྲག་འདུས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡིན་པས་ན་ཆོས་ཀྱི་ལུས་ཡིན་གྱི་ཤའི་ལུས་མ་ཡིན་ནོ་ཞེས་འདུ་ཤེས་བསྐྱེད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ། ཆོས་ཀྱི་ལུས་ཡིན་གྱི་ཤའི་ལུས་མ་
ཡིན་ནོ་ཞེས་དེ་སྐད་བསྟན་པ་མཛད། གལ་ཏེ་ཆོས་ཀྱི་ལུས་ལགས་ན་ནི་སེམས་ཅན་རྣམས་ལ་ཡང་དགོས་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། གཞུང་ལུགས་གཞན་དག་ལས་བཅོམ་ལྡན་འདས་ཀྱིས་ནམ་མཁའི་བྱ་རྗེས་ནི་ཤིན་ཏུ་བསྒྲིམས་ཏེ་བཙལ་ཀྱང་རྙེད་པར་མི་འགྱུར་རོ་ཞེས་
བཀའ་སྩལ་ཏེ། དེ་ལྟ་ལགས་པས་གལ་ཏེ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་དེ་འདྲ་བ་ཞིག་ཏུ་གྱུར་ན། དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་ཀྱི་ལུས་ལ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ནམ་མཁའི་བྱའི་རྗེས་བཞིན་དུ་གཞོམ་པ་འམ་དབྱེ་བར་མི་ནུས་སོ། །བཀའ་སྩལ་པ། སྤྲིན་
ཆེན་སྙིང་པོ་དེ་སྐད་མ་ཟེར་ཅིག །འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་སེམས་ཅན་རྣམས་ལ་དགོས་པ་དེ་ནི་བྱིན་གྱིས་བརླབས་པའི་ལུས་ཡིན་པར་ངེས་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་བྱིན་གྱིས་བརླབས་པའི་
Vol. 64 · folio 197b
ལུས་ཡིན་ནོ་ཞེས་གསུང་། གལ་ཏེ་བྱིན་གྱིས་བརླབས་པའི་ལུས་ལགས་ན་ནི་སེམས་ཅན་རྣམས་ལ་སྩལ་བ་ན་ཡང་འདི་ལྟར་ཆོས་ཀྱི་ལུས་སུ་བཞག་པས་དེར་འགལ་བ་ཆེན་པོར་འགྱུར་རོ། །ཀྱེ་མ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤའི་ལུས་སེམས་ཅན་རྣམས་ལ་སྩོལ་བར་བགྱིད་དོ་ཞེས་
གདའ་བས་ན་ཤོ་བེ་ལགས་སོ་ཞེས་མཆི་བར་འགྱུར་རོ། །བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་སྐད་མ་ཟེར་ཅིག་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་ལུས་བཞིན་དུ་བལྟ་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་
དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་ཕྱིན་ཅི་ལོག་གི་འདུ་ཤེས་དང་། ཕྱིན་ཅི་མ་ལོག་པའི་འདུ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཆོས་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ཞེས་ཡང་དང་ཡང་དུ་དེ་སྐད་གསུང་། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟར་རྣམ་པ་གཞན་དུ་མ་སེམས་ཤིག །
འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་དག་ནི་རྩིའི་སྡོང་བུ་ལྟ་བུའི་ལུས་ཡིན་ནོ། །འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྩྭ་དང་། རྩིག་པ་དང་། ཤིང་དང་། བོང་བ་དང་། མིག་ཡོར་ལྟ་བུར་བསྒོམ་སྟེ། ཀྱེ་མ་བདག་གི་ལུས་ནི་
སྤྱོད་པ་མེད་ཅིང་བྱེད་པ་མེད་པ་སྟེ། སེམས་མེད་པ་ཅན། སྙིང་པོ་མེད་པའི་ལུས། ཁམས་སུ་མ་གཏོགས་པ་སྟེ། ཅི་སྟེ་འདི་ལ་ལ་ལ་ཞིག་གཅོད་པར་བྱེད་དམ། འབྱེད་པར་བྱེད་དམ། འཕྲོག་པར་བྱེད་དམ། རྐུ་བར་བྱེད་ཀྱང་རུང་སྟེ། བདག་གི་ལུས་རྩིའི་སྡོང་བུ་ལྟར་དོན་མེད་པར་མ་
གྱུར་ཅིག་ཅེས་སྒོམ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ལུས་སུ་བཞག་པའི་ཕྱིར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་དཔེར་ན་རྩིའི་སྡོང་བུ་དེའི་རྩ་བ་ཁྱེར་ན་ཡང་འདི་སྙམ་དུ་བདག་གི་རྩ་བ་ཁྱེར་རོ་སྙམ་དུ་མི་སེམས་སོ། །ཤུན་ལྤགས་སམ། པྲིའམ། ལོ་མའམ། མེ་ཏོག་གམ།
འབྲས་བུ་འམ། མགོ་ཏོགས་སམ། སྡོང་བུ་འམ། ཡལ་ག་འམ། བུར་མ་འམ། རྩ་བ་དག་ཁྱེར་ཡང་རུང་སྟེ། དེ་འདི་སྙམ་དུ་བདག་གི་ཤུན་ལྤགས་ཁྱེར་རོ། །བདག་གི་པྲི་ཁྱེར་རོ། །བདག་གི་ལོ་མ་ཁྱེར་རོ། །སྙམ་དུ་མི་སེམས་སོ། །དེ་བཞིན་དུ་འདི་ལ་གནས་པའི་བྱང་
Vol. 64 · folio 198a
ཆུབ་སེམས་དཔའི་ལུས་རྩིའི་སྡོང་བུ་ལས་ལག་པ་ཁྱེར་རམ། རྐང་པ་ཁྱེར་རམ། མིག་ཁྱེར་རམ། ཤ་ཁྱེར་རམ། ཁྲག་ཁྱེར་རམ། རྐང་ཁྱེར་རམ། ཡན་ལག་རེ་རེ་ནས་ཁྱེར་རམ། བྲན་ཕོ་དང་། བྲན་མོ་ཁྱེར་རམ། ནོར་རམ་འབྲུ་ཁྱེར་ཡང་དེ་འདི་སྙམ་དུ་བདག་གི་
ལག་པ་ཁྱེར་རོ། །བདག་གི་རྐང་པ་ཁྱེར་རོ། །བདག་གི་མིག་ཁྱེར་རོ། །བདག་གི་ཤ་ཁྱེར་རོ། །བདག་གི་ཁྲག་ཁྱེར་རོ། །བདག་གི་རྐང་ཁྱེར་རོ། །བདག་གི་ཡན་ལག་རེ་རེ་ནས་ཁྱེར་རོ། །བདག་གི་བྲན་ཕོ་དང་། བྲན་མོ་ཁྱེར་རོ། །བདག་གི་ནོར་དང་འབྲུ་ཁྱེར་རོ་སྙམ་དུ་མི་སེམས་
ཏེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་བསལ་བའི་ཕྱིར་ཞུགས་པ་ཡིན་ནོ། །འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་ནི་ཕལ་པ་ཐ་མའི་ལུས་མ་ཡིན་གྱི་བྱིན་གྱིས་བརླབས་པའི་ལུས་དང་། བདུད་རྩིའི་ལུས་ཡིན་པར་རིག་པར་བྱའོ། །
སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གང་གི་ཚེ་བྱིན་གྱིས་བརླབས་པའི་ལུས་ཟད་པར་བྱེད་པ་དེའི་ཚེ་བྱ་རྒོད་དང་། ཆུན་ལག་ལ་སོགས་པ་སྲོག་ཆགས་རྣམས་ཀྱིས་དེའི་རོ་རྩིའི་སྡོང་བུ་བཞིན་དུ་ཟས་སུ་ཟ་བར་འགྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ངན་སོང་
དུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དེ། ལྷ་དང་མིའི་ནང་དུ་སྐྱེ་ཞིང་སངས་རྒྱས་མང་པོ་མཉེས་པར་བྱེད་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་མྱུར་དུ་རྟོགས་པར་འདོད་པའི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་ནི་འདི་ལྟར་སེམས་བསྐྱེད་
པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པ་དང་། དམ་པའི་ཆོས་ཀྱི་མདོ་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་ལ་དེ་དང་དེ་སྦྱིན་པར་བྱའོ་སྙམ་སྟེ། ལག་པ་འདོད་པ་རྣམས་ལ་ནི་ལག་པ་
སྦྱིན་ནོ། །རྐང་པ་འདོད་པ་རྣམས་ལ་ནི་རྐང་པ་སྦྱིན་ནོ། །མིག་འདོད་པ་རྣམས་ལ་ནི་མིག་སྦྱིན་ནོ། །ཤ་འདོད་པ་རྣམས་ལ་ནི་ཤ་སྦྱིན་ནོ། །ཁྲག་འདོད་པ་རྣམས་ལ་ནི་ཁྲག་སྦྱིན་ནོ། །རྐང་འདོད་པ་རྣམས་ལ་ནི་རྐང་སྦྱིན་ནོ། །ཡན་ལག་རེ་རེ་ནས་འདོད་པ་རྣམས་ལ་ཡང་ཡན་ལག་རེ་རེ་ནས་སྦྱིན་ནོ། །
Vol. 64 · folio 198b
བྲན་འདོད་པ་རྣམས་ལ་ཡང་བྲན་དུ་འགྲོ་བར་བྱའོ། །དམ་པའི་ཆོས་བསྟན་པ་དང་བཤད་པའི་ཕྱིར་ཡང་བདག་གི་ལག་པ་ཁྱེར་བར་གྱུར་ཅིག །བདག་གི་རྐང་པ་ཁྱེར་བར་གྱུར་ཅིག །དེ་བཞིན་དུ་སྣ་དང་། རྣ་བ་དང་། ཡན་ལག་སོ་སོ་རྣམས་དང་། དེའི་འོག་ཏུ་བདག་གི་སྲོག་ཀྱང་ཡོངས་
སུ་གཏོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ། བདག་ཉིད་རྩིའི་སྡོང་བུ་བཞིན་དུ་རྟག་ཏུ་བསྐྱེད་པར་བྱ་ཞིང་ཇི་སྲིད་འཚོའི་བར་དུ་ཡང་སེམས་བསྐྱེད་པར་བྱས་ན་སེ་གོལ་གཏོགས་པ་ཙམ་དུ་སེམས་བསྐྱེད་པར་བྱ་བ་ལྟ་ཅི་སྨོས། སྤྲིན་ཆེན་སྙིང་པོ་གཞན་ཡང་དཔེར་ན། རྟའི་རྒྱལ་པོ་རྔོག་
ཁྱེར་དང་ལྡན་པ་སྤྲིན་གྱི་ཤུགས་ཅན་ནི་གྲུ་ཞིག་པའི་མི་རྣམས་ཀྱི་ཕྱིར་བརྟན་པའི་སེམས་ཀྱིས་ཆས་ཏེ། རི་མ་ལ་ཡའི་དབུས་སུ་འདུག་ནས་སྒྲ་ཆེན་པོ་བསྒྲགས་ཏེ། གང་དག་ངའི་རྒྱབ་བམ། ཕོངས་སམ། བྱ་ལ་འམ། ཐ་ན་སྤུའི་ཉག་མ་ཙམ་ལས་འཇུ་བའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་
བསྒྲལ་བར་བྱའོ། །ཞེས་ཟེར་བ་དེ་བཞིན་དུ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་། སེམས་ཅན་གཞན་དག་ལ་འཕྱ་བའི་ཕྱིར་རམ། བསྟིང་བའི་ཕྱིར་ཏིང་ངེ་འཛིན་འདི་
ལས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པ་དང་། ཟབ་པའི་ཚིག་གི་དོན་ནམ། ཚིགས་སུ་བཅད་པ་འམ། ཐ་ན་ཚིག་གི་ཕྱེད་ཀྱང་རུང་སྟེ། རྣ་ལམ་དུ་ཐོས་པར་བྱེད་པ་དག་དང་། གང་དག་འཆད་པ་ཡང་རུང་བའི་སེམས་ཅན་གྲུ་ཞིག་པར་གྱུར་པ་དང་འདྲ་
བ་དེ་དག་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་དྲ་བ་ལས་གྲོལ་བར་བྱེད་དོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་རྣ་ལམ་དུ་གྲག་པ་ཙམ་གྱིས་དེ་དག་མིའི་དབང་པོའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ། །ལྷའི་དབང་པོའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ། །
ཚངས་པའི་དབང་པོའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ། །སངས་རྒྱས་འབྱུང་བའི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ། །མདོ་འདིའི་ཏིང་ངེ་འཛིན་གྱི་ཕུན་སུམ་ཚོགས་པ་ལས་ཉམས་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཏིང་ངེ་འཛིན་འདི་ལ་
Vol. 64 · folio 199a
གནས་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཡང་དག་པའི་ལྟ་བ་ཅན་ལགས། བཀའ་སྩལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་ཁོ་ན་དང་། རྟག་པ་དང་། བདག་དང་སེམས་ཅན་དུ་འདུ་ཤེས་པ་ཡང་དག་པར་མཐོང་བ་
དག་ནི་ཤིན་ཏུ་ཡང་དག་པའི་ལྟ་བ་ཅན་ཡིན་ཞེས་ང་སྨྲའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་འཇིག་རྟེན་པའི་འདུ་ཤེས་བརྫུན་པ་རྣམས་རྫོགས་པར་བཤད་ཅིང་དེ་སྐད་བཀའ་སྩལ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ཁོ་ན་དང་། རྟག་པ་དང་།
བདག་དང་། སེམས་ཅན་དུ་འདུ་ཤེས་པ་ཞེས་བྱ་བ་ནི་ཐར་པའི་དོན་གྱི་ཚིག་བླ་དགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པ་ཞེས་བྱ་བ་ནི་དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཚིག་བླ་དགས་སོ། །གསོལ་པ། བཅོམ་ལྡན་འདས་
ཀྱིས་ཅི་ལས་དགོངས་ཏེ་བྱིས་པ་བཞིན་དུ་དེ་ཁོ་ན་དང་། རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུང་། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་མ་དཀྲི་ཤིག །ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་རང་བཞིན་ནི་དེ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་དེ་སྙེད་ཅིག་མཛད་དེ། ཟློས་བུ་དང་འདྲེན་མར་དེ་ལྟར་བཀའ་སྩལ་ཏེ་ཅི་བགྱི། བདག་མེད་པའི་ཆོས་ཉིད་ཐུགས་སུ་ཆུད་བཞིན་དུ་ལམ་དྲང་པོ་དང་མི་འཐུན་པ། རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་
ཅིའི་སླད་དུ་སྐྱེད་དུ་སྩལ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཐར་པ་ནི་ནམ་མཁའི་མཚན་ཉིད་དེ་དེ་ཡང་མཚན་ཉིད་མེད་པའོ། །གདགས་པར་བྱ་བའི་ཐབས་ཀྱང་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་ཏེ་ནམ་
མཁའ་དང་མཚུངས་སོ་ཞེས་ཀྱང་བཀའ་སྩལ། དེ་བཞིན་གཤེགས་པ་བྱེ་བ་སྙེད་ཀྱང་ཆུའི་ཟླ་བ་དང་འདྲའོ། །སྒྱུ་མ་དང་འདྲའོ། །དངོས་པོ་མེད་པའོ། །ཡ་མ་བརླའོ། །རྨི་ལམ་ལྟ་བུའི་རང་བཞིན་ཅན་ནོ། །ཆུ་ཤིང་གི་སྡོང་པོ་ལྟར་སྙིང་པོ་མེད་པའོ། །གློག་དང་སྤྲིན་ལྟར་མི་བརྟན་
Vol. 64 · folio 199b
པའོ། །ཆོས་ཐམས་ཅད་ནི་སྟོང་པ་དང་མཚན་མ་མེད་པའོ། །ཆོས་རྣམས་ཀྱི་བྱ་བ་དུ་མ་དག་ནི་ནམ་མཁའི་རླུང་གི་རྗེས་ཀྱི་རང་བཞིན་ཅན་ནོ་ཞེས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ཡང་འཇིག་རྟེན་ན་སེམས་ཅན་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པའི་ཆོས་སུ་ཡང་དག་པར་འདུའོ་ཞེས་ཀྱང་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། བཅོམ་ལྡན་འདས་མི་རྟག་པའི་མཚན་ཉིད་ཀྱི་རང་བཞིན་ཐུགས་སུ་ཆུད་པ་བཞིན་དུ་རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་ཇི་ལྟར་སྐྱེད་དུ་སྩལ། རྟག་པའི་སྤྱོད་པ་ཡང་ཇི་ལྟར་བསྒོམ་པར་བགྱི། སྤྱོད་པ་འདིའི་རྗེས་སུ་ཡང་ཇི་ལྟར་བསླབ་པར་
བགྱི། ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་བསྒྲིམས་ཏེ། འདུས་བྱས་ཀྱི་ཆོས་ཐམས་ཅད་ཁོངས་སུ་གཏོགས་པའི་ནང་དུ་སྩལ་ཀྱང་། བདག་ཏུ་འདུ་ཤེས་པ་མ་རྙེད་དོ་ཞེས་བདག་མེད་པ་དང་། སྲོག་མེད་པ་དང་། གང་ཟག་
མེད་པར་བཀའ་སྩལ་ཏེ། འགྲོ་བ་འདི་དག་ཐམས་ཅད་སྟོང་པར་ཡང་དག་པར་གསུངས་ན་རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་ཞེས་བཀའ་སྩལ་པ་འདི་ལ་དོན་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཁྱོད་གར་འབྲོས། ཁྱོད་གང་དུ་འཕྱན།
ད་ཕྱིན་ཅད་དེ་སྐད་མ་ཟེར་ཅིག །ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་མི་འཐུན་ནོ་ཞེས་སྐྲག་པར་མི་བྱེད་ལ། ཆོས་ཐམས་ཅད་མི་འཐུན་པ་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་རྒྱ་ཆེར་མི་སྲུང་ཞིང་སེམས་ཀྱང་སྒོམ་པར་མི་བྱེད་དེ། ཆོས་ཐམས་ཅད་མི་འཐུན་པ་མེད་
པས་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའི་བྱ་བ་རྩོམ་པ་ལས་ནུར་བར་མི་བྱེད་དོ། །ཆོས་ཐམས་ཅད་ཆད་དོ་ཞེས་ཀྱང་སྐྲག་པར་མི་བྱེད་ལ། ཆོས་ཐམས་ཅད་ཆད་པ་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ཞིང་སེམས་ཀྱང་སྒོམ་པར་མི་བྱེད་དོ། །ཆོས་ཐམས་ཅད་ཆད་པ་མེད་པས་རབ་ཏུ་
དགའ་ནས་བྱང་ཆུབ་སེམས་དཔའི་བྱ་བ་རྩོམ་པ་ལས་ནུར་བར་མི་བྱེད་དོ། །དེ་བཞིན་དུ་རྟག་པ་དང་། མི་རྟག་པ་ཡང་གོང་མ་བཞིན་དུ་སྦྱར་བར་བྱའོ། །རློམ་སེམས་དང་། རློམ་སེམས་མེད་པ་དང་གཡོ་བ་དང་། མི་གཡོ་བ་དང་། མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་།
Vol. 64 · folio 200a
དབེན་པ་དང་། མི་དབེན་པ་དང་། དམིགས་པ་དང་། མི་དམིགས་པ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། རིག་པ་དང་། མ་རིག་པ་དང་། མིང་དང་། མིང་མེད་པ་དང་། ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་མེད་པ་དང་། འཇིགས་པ་དང་།
འཇིགས་པ་མེད་པ་དང་། མཚན་ཉིད་དང་། མཚན་ཉིད་མེད་པ་དང་། འཆི་བ་དང་། འཆི་བ་མེད་པ་དང་། བྱང་ཆུབ་དང་། བྱང་ཆུབ་མེད་པ་ཡང་གོང་མ་བཞིན་དུ་སྦྱར་རོ། །ཆོས་ཐམས་ཅད་མྱ་ངན་ལས་འདས་སོ་ཞེས་སྐྲག་པར་མི་བྱེད། དངང་བར་མི་བྱེད་ལ། ཆོས་ཐམས་ཅད་ཡོངས་སུ་
མྱ་ངན་ལས་འདས་པ་མེད་པའི་ཕྱིར་ཡང་ཚུལ་ཁྲིམས་མི་སྲུང་ཞིང་སེམས་ཀྱང་སྒོམ་པར་མི་བྱེད་དེ། ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་མེད་པས་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའི་བྱ་བ་རྩོམ་པ་ལས་ནུར་བར་མི་བྱེད་དེ། ཡང་དང་ཡང་སྨོས་ཅི་དགོས། ཏིང་ངེ་འཛིན་འདི་ལ་
གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་མེད་པ་དང་། དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་ཆོས་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་རབ་ཏུ་གནས་ཤིང་ཚུལ་ཁྲིམས་སྲུང་སྟེ་སེམས་སྒོམ་མོ། །སྤྲིན་
ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་བདག་ཉིད་མྱུར་དུ་གནས་པར་འདོད་པས་ནི་བདག་ཏུ་འདུ་ཤེས་པ་བསྒོམ་པར་བྱའོ། །གང་ཟག་ཏུ་འདུ་ཤེས་པ་བསྒོམ་པར་བྱའོ། །སྲོག་ཏུ་འདུ་ཤེས་པ་བསྒོམ་པར་བྱའོ། །དེ་ལྟར་སྒོམ་པའི་བྱང་ཆུབ་སེམས་དཔས་ནི་ཏིང་ངེ་འཛིན་འདི་མྱུར་བ་ཉིད་དུ་
ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་མཁྱེན་བཞིན་དུ་དེ་སྐད་གསུང་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་བདག་ཏུ་འདུ་ཤེས་པ་སྒོམ་པར་བྱེད་དོ། །
གསོལ་པ། བཅོམ་ལྡན་འདས་ཅི་འཇིག་རྟེན་ལས་འདས་པའི་ཆོས་ལ་ཡང་བདག་གི་མིང་མཆིས་སམ། བཀའ་སྩལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྟག་པ་དང་། བདག་ཏུ་འདུ་ཤེས་པ། འཇིག་རྟེན་ལས་འདས་པའི་འདུ་ཤེས་སུ་བསྟན་པར་འདོད་
Vol. 64 · folio 200b
པས་རྣམ་པ་ལྔས་ཡང་དག་པར་བསྟན་པར་བྱའོ། །ལྔ་གང་ཞེ་ན། འབྲུའི་ས་བོན་ལྟ་བུ་དང་། ཤིང་གི་ས་བོན་ལྟ་བུ་དང་། སྣུམ་གྱི་ཁུ་བ་ལྟ་བུ་དང་། རིན་པོ་ཆེའི་རྣམ་པ་ལྟ་བུ་དང་། སྦྲུལ་གྱི་པགས་པ་རྙིང་པ་ལྟ་བུའོ། །འདི་ལྟ་སྟེ་དཔེར་ན། འབྲས་སཱ་ལུ་ལ་སོགས་པའི་འབྲུ་འབྲས་བུ་
ནས་འབྲུ་ཉིད་དུ་མ་གྱུར་གྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་ལ། ཕུབ་མ་མེད་པའི་རང་བཞིན་དུ་གྱུར་ནས་ནི་སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་བྱེད་ཅིང་ས་བོན་བརྟན་པའི་ཆོས་ཀྱི་རྣམ་གྲངས་སུ་ཡང་བགྲང་བར་
འགྱུར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་མི་འཐུན་པར་སྤྱོད་ཅིང་ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་ནི་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་ཡང་མི་འགྱུར་ལ། ལྟ་བ་དང་། ཐེ་ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་
ཤེས་དང་། མི་རྟག་པ་དང་། མི་བརྟན་པའི་རང་བཞིན་གྱི་ཉོན་མོངས་པའི་ཕུབ་མ་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས་དེ་ཕྱིན་ཅད་ནི་སེམས་ཅན་རྣམས་ཀྱི་ཐེ་ཙོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་
བར་གྱུར་པའི་རང་བཞིན་གྱི་ས་བོན་དུ་ཡང་འགྱུར་ཞིང་སེམས་ཅན་དུ་འདུ་ཤེས་པ་ལ་ཡང་འགོད་པར་འགྱུར་ཏེ། དེ་ལྟར་ན་ཆོས་ཐམས་ཅད་འབྲུའི་ས་བོན་དང་འདྲ་བ་ཡིན་ནོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལ་དང་། ཨ་མྲ་དང་། སྤའི་འབྲས་བུ་
ལ་སོགས་པ་ནི་དང་པོ་ལྕུག་གུ་སྐྱེ་བ་ནས་ནམ་འབྲས་བུའི་རང་བཞིན་དུ་མ་གྱུར་གྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་ལ། ཤུན་ལྤགས་དང་བྲལ་བའི་རང་བཞིན་དུ་གྱུར་ནས་ནི་སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་བྱེད་དེ།
ས་བོན་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་མི་འཐུན་པར་སྤྱོད་ཅིང་ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་ཡང་མི་འགྱུར་ལ། ལྟ་བ་དང་། ཐེ་
Vol. 64 · folio 201a
ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པ་དང་། མི་བརྟན་པའི་རང་བཞིན་གྱི་ཉོན་མོངས་པའི་ཤུན་ལྤགས་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས་དེ་ཕྱིན་ཅད་ནི་སེམས་ཅན་རྣམས་ཀྱི་ཐེ་ཙོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་
གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བར་གྱུར་པའི་རང་བཞིན་གྱི་ས་བོན་དུ་ཡང་འགྱུར་ཞིང་སེམས་ཅན་དུ་འདུ་ཤེས་པ་ལའང་འགོད་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་དང་། ཏིལ་དང་། ཁྲེ་དང་། ཁྲེ་རྒོད་དང་།
བའི་འོ་མ་ལ་སོགས་པའི་སྣུམ་གྱི་ཁུ་བ་ལྟ་བུ་ནི་མྱུ་གུ་དང་། འོ་མ་བྱུང་བ་ནས་ནམ་སྣུམ་གྱི་ཁུ་བ་ཉིད་དུ་མ་གྱུར་གྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཤིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་མི་འཐུན་པར་སྤྱོད་ཅིང་། ནམ་ཏིང་ངེ་
འཛིན་འདི་མ་ཐོབ་ཀྱི་བར་དུ་ནི་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་ཡང་མི་འགྱུར་ལ། ལྟ་བ་དང་། ཐེ་ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པ་དང་། མི་བརྟན་པའི་རང་བཞིན་གྱི་ཉོན་མོངས་པའི་ཤུན་
ལྤགས་དང་བྲལ་ཏེ། བསྐུས་པའི་རང་བཞིན་དུ་གྱུར་ནས། དེ་ཕྱིན་ཅད་ནི་སེམས་ཅན་རྣམས་ཀྱི་ཐེ་ཙོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བར་གྱུར་པའི་རང་བཞིན་གྱི་ས་བོན་དུ་ཡང་འགྱུར་ཞིང་སེམས་
ཅན་དུ་འདུ་ཤེས་པ་ལ་ཡང་འགོད་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། རོ་ཉེའི་མགར་བའམ། ཟངས་མགར་རམ། དབྱིག་དང་། གསེར་གྱི་མགར་བའམ། རིན་པོ་ཆེ་བྱེད་པ་གཞན་གང་ཡང་རུང་བ་ས་རྡོ་དང་། གྱོ་མོ་དང་། གསེག་མ་ལ་སོགས་པ་
ལེགས་པར་བརྫིས་པ་ལས། ཞིག་བྱས་ཏེ། སོ་གཏོང་བ་ནས། ནམ་སྣ་ཅིག་གི་རང་བཞིན་ནམ། རིན་པོ་ཆེར་མ་གྱུར་གྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་ཞིང་བགྲང་སྟེ། སེམས་ཅན་རྣམས་ཀྱི་བྱ་བའི་དོན་ཡང་མི་བྱེད་ལ། གསེག་མ་དང་། གྱོ་མོ་དང་། སོ་དོག་མེད་
Vol. 64 · folio 201b
པའི་རང་བཞིན་དུ་གྱུར་ནས་ནི་སེམས་ཅན་རྣམས་ཀྱི་དོན་ཡང་བྱེད་ཅིང་། རིན་པོ་ཆེའི་རང་བཞིན་ཐེར་ཟུག་པ་དང་། བརྟན་པ་དང་། རྟག་པའི་ཆོས་སུ་ཡང་དག་པར་འདུ་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་མི་འཐུན་པར་སྤྱོད་ཅིང་། ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་
བར་དུ་ནི་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུ་སྟེ། སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་ཡང་མི་འགྱུར་ལ། ལྟ་བ་དང་། ཐེ་ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པ་དང་། མི་བརྟན་པའི་རང་བཞིན་གྱི་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་བའི་རང་
བཞིན་དུ་གྱུར་ནས། དེ་ཕྱིན་ཅད་ནི་སེམས་ཅན་རྣམས་ཀྱི་ཐེ་ཙོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བར་གྱུར་པའི་རང་བཞིན་གྱི་ས་བོན་དུ་ཡང་འགྱུར་ཞིང་སེམས་ཅན་དུ་འདུ་ཤེས་པ་ལ་ཡང་འགོད་པར་འགྱུར་རོ། །
སྤྲིན་ཆེན་སྙིང་པོ་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྦྲུལ་རྒས་པའི་པགས་པ་རྙིང་པ་ནམ་མ་རྗེས་ཀྱི་བར་དུ་མི་བརྟན་པའི་ཆོས་སུ་ཡང་དག་པར་འདུའོ། །དེ་བཞིན་དུ་ཆོས་ཐམས་ཅད་མི་འཐུན་པར་སྤྱོད་ཅིང་། ནམ་ཏིང་ངེ་འཛིན་འདི་མ་ཐོབ་ཀྱི་བར་དུ་སྦྲུལ་རྒས་པའི་པགས་པ་རྙིང་པ་བཞིན་དུ་མི་བརྟན་པའི་
ཆོས་སུ་ཡང་དག་པར་འདུ་བར་འགྱུར་ལ། སྦྲུལ་རྒས་པའི་པགས་པ་རྙིང་པ་དང་འདྲ་བའི་ལྟ་བ་དང་། ཐེ་ཙོམ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་དང་། མི་རྟག་པ་དང་། མི་བརྟན་པའི་རང་བཞིན་གྱི་ཉོན་མོངས་པའི་ཤུན་ལྤགས་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གྱུར་ནས་དེ་
ཕྱིན་ཅད་ནི་སེམས་ཅན་རྣམས་ཀྱི་ཐེ་ཙོམ་ཐམས་ཅད་ཀྱང་གཅོད་པར་བྱེད་ཅིང་སྐྱབས་སུ་གྱུར་པ་ཡང་ཡིན་ལ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། བསིལ་བ་དང་། བདེ་བ་དང་། འཇིགས་པ་མེད་པར་ཡང་འགྱུར་ཞིང་སེམས་ཅན་རྣམས་ཀྱང་བདག་དང་། སེམས་
ཅན་དུ་འདུ་ཤེས་པའི་ཏིང་ངེ་འཛིན་གྱི་སྤྱོད་པ་འདི་ལ་འགོད་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་དེ་བས་ན་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྣམ་པ་ལྔ་པོ་འདི་དག་གིས་བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་གྱུར་པ་ཉིད་དུ་ཡང་དག་པར་མཐོང་བར་འདོད་པའི་
Vol. 64 · folio 202a
རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ནི་དོན་འདི་ལྟ་བུར་བལྟ་བར་བྱའོ། །གང་དག་དེ་ལྟར་མི་ལྟ་བ་དེ་དག་ནི་ཡང་དག་པ་མཐོང་བ་མ་ཡིན་ནོ་ཞེས་ང་སྨྲའོ། །སེམས་ཅན་དེ་དག་ནི་འཇིག་རྟེན་པའི་ཆོས་ཅན་དང་། རྨོངས་པའི་ཆོས་ཅན་ཡིན་པར་ང་སྨྲའོ། །གསོལ་བ། བཅོམ་
ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ། འདི་སྐད་དུ་དཔེ་ལྔ་པོ་འདི་དག་ནི་དེ་ཁོ་ན་ཡིན་ཞེས་གསུང་། གལ་ཏེ་དེ་བཞིན་གཤེགས་པ་དེ་སྐད་གསུང་ན་ནི་འདིའི་གཏན་ཚིགས་བཀའ་སྩལ་འཚལ་ལོ། །འདི་ནི་སེམས་ཅན་རྣམས་ལ་ཡང་འགལ་བ་ཆེན་པོར་འགྱུར་རོ། །དེ་
ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ནི་མི་རྟག་པའི་ཆོས་ཡིན་ནོ་ཞེས་ཀྱང་བཀའ་སྩལ་ན། དཔེ་ལྔ་བོ་འབྲུ་དང་། ཤིང་ལ་སོགས་པ་འབྲས་བུ་ཉིད་དུ་གྱུར་པ་ན་དེ་དག་ཇི་ལྟར་སླར་འཇིག་པར་མི་འགྱུར། གལ་ཏེ་འཇིག་པར་འགྱུར་ན་ནི་སེམས་ཅན་ཡང་འཇིག་
པར་འགྱུར་བས་དེ་དང་འདྲ་བར་ཆོས་ཐམས་ཅད་ཀྱང་མི་རྟག་པར་ཡང་དག་པར་འདུ་བར་འགྱུར་རོ་ཞེས་བདག་མཆི་སྟེ། ཞིག་གོ་འཚལ་ནི་སླར་སྐྱེའོ་ཞེས་བདག་མཆིའོ། །བདག་ནི་སེམས་ཅན་རྣམས་ལ་རྣམ་པ་གཉིས་སུ་མི་རྟོག་སྟེ། འདིར་གུམ་པ་རྣམས་གཞན་དུ་སྐྱེ་བ་སོ་སོར་ལེན་པར་
འགྱུར་རོ་ཞེས་བདག་མཆིའོ། །དེ་བས་ན་ཆོས་ཐམས་ཅད་ནི་མི་རྟག་གོ་ཞེས་བདག་མཆི་སྟེ། འཇིག་རྟེན་འདི་ན་རྟག་པའི་ཆོས་ཅིའང་ཡང་དག་པར་མ་མཐོང་ངོ་། །གལ་ཏེ་དེ་ལྟར་གྱུར་ན་རྟག་པ་དང་། མི་རྟག་པའི་དོན་གཉིས་ཀ་མ་མཆིས་སོ་ཞེས་བདག་མཆི་མོད་ཀྱི། བཅོམ་ལྡན་
འདས་ཀྱི་ཞལ་ནས་ཤོ་བེ་བྱུང་ངོ་ཞེས་ཀྱང་ཇི་སྐད་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཅི་དར་གྱི་སྲིན་བུ་ལྟར་བདག་ཉིད་དཀྲི་བར་སེམས་སམ། འདི་ན་མི་ལ་ལ་དེ་འདྲ་བའི་ཕྱིར་ཀྱེ་མ་ཁྱོད་ཀྱི་བཞིན་ཟླ་བ་འདྲའོ་ཞེས་ཟླ་བ་ལས་དཔེ་ལེན་པར་བྱེད་ལ། མི་གཞན་ཞིག་
གིས་ནི་ཀྱེ་མ་གླང་པོ་ཆེའི་དབང་པོ་རི་དང་འདྲའོ་ཞེས་རི་ལས་དཔེ་ལེན་པར་བྱེད་ན། ཅི་ཟླ་བ་བཞིན་དང་འདྲ་བར་འགྱུར་རམ། རི་ཡང་གླང་པོ་ཆེ་དང་འདྲ་བར་འགྱུར་རམ་ཞེས་བརྗོད་དགོས་སོ། །གསོལ་པ། འདི་ནི་དཔེར་བགྱི་བ་ལགས་ཞེས་བདག་མཆིའོ། །བཀའ་སྩལ་པ། སྤྲིན་ཆེན་
Vol. 64 · folio 202b
སྙིང་པོ་བརྟན་པའི་དཔེ་ནི་འཇིག་རྟེན་ཐམས་ཅད་ན་མེད་དེ། དེ་དང་འདྲ་བ་ཙམ་གྱི་ཕྱིར་དཔེ་རྣམ་པ་ལྔ་པོ་འདི་དག་ངས་དཔེར་བྱས་མོད་ཀྱི། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་དཔེ་མེད་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་
དགོངས་ཏེ་ཐར་པ་ལ་ལྕགས་ཀྱི་མར་མེ་གུམ་པའི་ཚུལ་དང་འདྲ་ཞེས་གསུང་། བཀའ་སྩལ་པ། ང་ནི་ཐར་པ་ལ་ལྕགས་ཀྱི་མར་མེ་ཤི་བའི་ཚུལ་དང་འདྲ་ཞེས་མི་ཟེར་གྱི་ཉོན་མོངས་པ་ཟད་པ་ལ་ཟེར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་མཁྱེན་བཞིན་དུ་ཐར་པ་ལ་མི་གསུང་གི། །ཉོན་མོངས་པ་ཟད་
པ་ལ་གསུང་ངོ་ཞེས་ཤོ་བེ་གསུང་ངམ། ད་ལྟར་ནི་འདི་སྐད་གསུང་ལ་ཆོས་ཐམས་ཅད་ཆུ་ཟླ་དང་འདྲ་སྟེ། སྒྱུ་མ་ལྟ་བུའོ་ཞེས་ཀྱང་དེ་བཞིན་གཤེགས་པས་གསུངས་སོ། །བཀའ་སྩལ་པ། ཆུ་ཟླ་དང་འདྲ་བ་དང་། སྒྱུ་མ་ལྟ་བུ་དང་འདྲ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་ལ་གསུངས་ཀྱི་ཆོས་
ཐམས་ཅད་ལ་མ་གསུངས་ཏེ། ཆོས་ལ་ལ་ནི་རྟག །ཆོས་ལ་ལ་ནི་མི་རྟག་ཅེས་ང་སྨྲའོ། །ཡང་བཀའ་སྩལ་པ། ཇི་ལྟ་ཞེ་ན། སེམས་ཅན་གང་དག་ཐར་པའི་ཕྱོགས་སུ་གཏོགས་པ་དེ་དག་ནི་རྟག་པའི་ཆོས་ཅན་ཡིན་ནོ། །གང་དག་སེམས་ཅན་མེད་པ་དང་། སྲོག་མེད་པའི་ཕྱོགས་སུ་
གཏོགས་པ་དེ་དག་ནི་མི་རྟག་པའི་ཆོས་ཅན་ཞེས་ང་སྨྲའོ། །གསོལ་པ། དངོས་པོ་མ་མཆིས་པའི་ཚུལ་དུ་བཀའ་སྩལ་ལགས་ན། ཅི་ལས་དགོངས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལྕགས་ཀྱི་མར་མེ་གུམ་པ་ལྟ་བུའི་ཚུལ་དུ་བསྟན་པ་མཛད། བཀའ་སྩལ་པ། དེ་ལ་དངོས་པོ་ཅི་ཞིག་
ཡོད། གསོལ་པ། འབྲུ་མར་གྱི་སྣོད་དང་། ལྕགས་ཀྱི་རང་བཞིན་མཆིས་སོ། །བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ། །ལེགས་སོ། །དེ་ལྟར་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་དངོས་པོའི་རང་བཞིན་དང་འདྲ་བར་
བལྟ་བར་བྱའོ། །གལ་ཏེ་འབྲུ་མར་གྱི་སྣོད་དང་། ལྕགས་ཀྱི་རང་བཞིན་དང་ལྷན་ཅིག་ཏུ་མར་མེ་གུམ་པ་ལྟ་བུ་དེ་ཐར་པའི་ཚུལ་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་བཤད་པར་གྱུར་ན་ནི་དེ་ལྟར་ན་དེ་བཞིན་གཤེགས་པ་ཆད་པར་སྨྲ་བར་ཡང་འགྱུར་བ་ཞིག་ན། སྤྲིན་ཆེན་སྙིང་པོ་ངས་ནི་དེ་སྐད་མ་བཤད་
Vol. 64 · folio 203a
ཀྱི་དངོས་པོ་མེད་པའི་ཚུལ་དུ་བཤད་དེ། ལྕགས་ཀྱི་མར་མེ་ཤི་བའི་ཚུལ་དུ་བཤད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་རབ་ཏུ་ཞི་བའི་ཐ་ཚིག་སྟེ་དངོས་པོ་ནི་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །གསོལ་པ། སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྒྲིམས་ཏེ་བསྐལ་པ་བྱེ་བ་ཕྲག་མང་པོར་བཙལ་
ཀྱང་མི་རྙེད་དོ་ཞེས་གསུངས་པའི་དོན་འདི་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཤད་དུ་གསོལ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྲིད་པ་ཐམས་ཅད་དུ་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ལ་སོགས་པར་རབ་ཏུ་བསྒྲིམས་ཏེ་
བཙལ་ཀྱང་སེམས་ཅན་དུ་འདུ་ཤེས་པ་རྙེད་པར་འགྱུར་བ་དེ་ནི་གནས་མེད་དོ། །འདི་ལྟ་སྟེ་དཔེར་ན། རྒྱལ་པོ་ཞིག་རང་གི་ཁང་བཟངས་ཀྱི་བཙུན་མོའི་འཁོར་ནས་བྱུང་སྟེ། གནས་གཞན་ཞིག་ཏུ་སོང་བར་མཐོང་བ་ལ་རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་འདུག་གོ་ཞེས་བྱ་བ་དེ་ནི་གནས་མེད་དོ། །དེ་བཞིན་
དུ་ཏིང་ངེ་འཛིན་འདི་ལ་གནས་པ་བདག་དང་། སེམས་ཅན་དང་ལྡན་པ་སྲིད་པ་ཐམས་ཅད་སྤངས་པ་ཀུན་ནས་ཉོན་མོངས་པ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་དོན་ལ་སྲིད་པའི་ཉེས་པ་དང་རྣམ་པར་འདྲེས་ཤིང་འདུག་གོ་ཞེས་བྱ་བ་དེ་ནི་གནས་མེད་དོ། །དེ་བས་ན་བཅོམ་
ལྡན་འདས་ཀྱིས་སྲིད་པ་ཐམས་ཅད་ན་ཡང་རྟག་པར་གནས་པའི་ཆོས་ཡུངས་འབྲུ་ཙམ་ཡང་མེད་དོ་ཞེས་བྱ་བ་དེ་ནི་བདག་དང་སེམས་ཅན་དང་སྲོག་དང་། གང་ཟག་མེད་དོ་ཞེས་བསྟན་པ་ཡིན་ཏེ་ཤིན་ཏུ་ཡུན་རིང་དུ་གནས་པ་ནི་སངས་རྒྱས་ཀྱི་ཆོས་ལ་གནས་པ་ཡིན་པར་འདུ་ཤེས་བསྐྱེད་པར་བྱའོ། །ཏིང་ངེ་
འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆགས་པ་ཡང་མ་ཡིན། མ་ཆགས་པ་ཡང་མ་ཡིན། ཉེ་བར་ལེན་པའི་ཆོས་ལ་གནས་པ་ཡང་མ་ཡིན་ཏེ། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། བདེ་བ་དང་། འཇིགས་པ་མེད་པ་དང་། ང་རྒྱལ་མེད་པ་དང་། ཀུན་ནས་ཉོན་མོངས་
པ་མེད་པ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཉིད་ཡིན་ཏེ། སྤྲིན་ཆེན་སྙིང་པོ་དེ་བས་ན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའོ་ཞེས་ང་སྨྲའོ། །སྤྲིན་ཆེན་སྙིང་པོ་ངས་ཉན་ཐོས་ཀྱི་ཐེག་པར་དགེ་སློང་དག་ཡོངས་སུ་གཟུང་བར་བྱ་བ་གང་ཡིན་པ་དེ་ཡོངས་སུ་
Vol. 64 · folio 203b
གཟུང་བར་གྱིས་ཤིག །ཡོངས་སུ་གཟུང་བར་བྱ་བ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། བདག་བླང་བར་བྱ་བ་བླང་བར་གྱིས་ཤིག །ལྟ་བའི་རྟེན་དུ་གྱུར་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དེ་ལ་རྟེན་ཅིག་ཅེས་བསྟན་ཏེ། གསལ་བའི་དོན་མི་མངོན་པར་བྱས་ནས་
གསལ་བར་ངས་བསྟན་པ་དེ་འཇིག་རྟེན་གྱིས་ཁོང་དུ་མི་ཆུད་དེ། སེམས་ཅན་བསོད་ནམས་ཆུང་ངུ་དག་ནི་ཐར་པ་ལ་ཟད་པར་སེམས་ཤིང་དེ་བཞིན་གཤེགས་པ་ཡོད་བཞིན་དུ་ཡོངས་སུ་མྱ་ངན་འདས་སོ་ཞེས་ཡོངས་སུ་མྱ་ངན་ལས་འདས་པའི་འདུ་ཤེས་ལ་འཇུག་སྟེ། སྲོག་ཆགས་ཕྱེ་མ་ལེབ་མར་
མེའི་ནང་དུ་ལྟུང་བ་བཞིན་ནོ། །འདི་ལྟ་སྟེ་དཔེར་ན་ཚོང་པའི་བུ་ཐམས་ཅད་དཔྱིད་ཀྱི་དུས་ཚིགས་སུ་ག་ཞིག་ཏུ་འདུས་ནས་རྫིང་བུ་ཆུ་ཆེན་པོའི་ནང་དུ་ཁྲུས་བྱེད་ལ། དེའི་ནང་དུ་གཅིག་གིས་ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་བོར་ནས། ནོར་བུ་རིན་པོ་ཆེ་དེའི་གཟི་བརྗིད་ཀྱི་མཐུས་ཀྱང་རྫིང་
བུའི་ཆུའི་ཕུང་པོ་དང་། རུས་པ་དང་། གསེག་མ་དང་། གྱོ་མོ་དང་། རྡོ་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་རྣམ་པར་མཛེས་པར་གྱུར་ཏེ། དེར་ཟླ་བ་དང་། ཉི་མའི་འོད་ཀྱང་ལྷན་ནེ། ལྷང་ངེར་མི་འདུག་གོ། །དེ་ནས་སྐྱེ་བོ་མང་པོས་ནོར་བུ་དེ་བཙལ་བའི་ཕྱིར་བརྐོ་བ་དག་གིས་རྐོ་བར་བྱེད་དེ། །
དེའི་ནང་ནས་ཅི་ཡང་རུང་བ་ཞིག་བླངས་ནས་ནོར་བུ་དེ་རྙེད་དོ་སྙམ་དུ་སེམས་ཏེ། ཡིད་རབ་ཏུ་དགའ་བར་བྱེད་དོ། །དེ་ནས་སེམས་ཅན་དེ་དག་རྫིང་བུའི་འགྲམ་དུ་འཁོད་ནས་སོ་སོར་རློམ་སེམས་སུ་གྱུར་ན། འདི་ཇི་སྙམ་དུ་སེམས་བདག་ཅག་གིས་མ་རྙེད་དོ་སྙམ་དུ་སེམས་པར་འགྱུར་རམ། དེ་ནས་སེམས་ཅན་
དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་མ་རྙེད་ཀྱང་ཀྱེ་མ་ནོར་བུ་རིན་པོ་ཆེ་མ་རྙེད་དོ་ཞེས་ནོར་བུ་མེད་པའི་འདུ་ཤེས་འཇུག་ཅིང་རྟོག་པར་བྱེད་དམ། དེའི་ནང་ན་ཐབས་ལ་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནི་ནོར་བུ་རིན་པོ་ཆེ་དེ་བཙལ་ཏེ་རྙེད་དོ། །དེ་བཞིན་དུ་མདོ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ལྡེམ་པོ་དག་
གི་ཚིག་མི་ཤེས་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ནི་ཐམས་ཅད་མི་རྟག་པ་དང་། སྟོང་པའི་འདུ་ཤེས་དང་། སེམས་ཅན་མེད་པ་སྒོམ་པར་བྱེད་དེ། དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ཐོབ་པས་སེམས་ཅན་ཐམས་ཅད་འཁོར་ལོ་བཞིན་དུ་འཁོར་གྱི། ཏིང་ངེ་འཛིན་འདི་ལ་གནས་
Vol. 64 · folio 204a
པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ནི་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ནོར་བུ་བཞིན་དུ་རྙེད་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་ལྷག་པ་ཡང་དག་པར་མཐོང་བར་འདོད་པས་ནི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་
དཔའ་ལ་རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་བསྐྱེད་པར་བྱ་ཞིང་ཐར་པའི་འདུ་ཤེས་བསྐྱེད་པར་བྱའོ།། །།འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་བཅུ་པ་སྟེ་ཐ་མ། རིགས་ཀྱི་བུ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་
དཔའ་ནི་ཤིང་གི་གྲིབ་མ་དང་འདྲ་བར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་ཡོད་ན་གྲིབ་མ་འབྱུང་ལ། གྲིབ་མ་ཡོད་ན་ལམ་དུ་ཞུགས་པར་གྱུར་ཏེ། ངལ་བར་གྱུར་པའི་སེམས་ཅན་དེར་འདུག་པ་རྣམས་དབུགས་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་འདོད་པའི་
སེམས་ཅན་རྣམས་ཀྱང་སྐྱབས་སུ་འགྲོ་བར་འགྱུར་རོ། །སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་ལྟ་བའི་སེམས་ཅན་དེ་དག་ལ་ནི་སྐྱབས་སུ་འགྲོ་བ་ཙམ་ཡང་མེད་དོ་ཞེས་ང་སྨྲའོ། །གང་དག་དེ་ལྟར་ཡང་དག་པར་མཐོང་བ་དེ་དག་ནི་བསྟན་པ་འདི་ལ་འཕྲོ་བར་མི་བྱེད་དོ། །
གང་དག་ཡོངས་སུ་མྱ་ངན་ལས་འདའ་བའི་འདུ་ཤེས་སུ་ལྟ་བའི་སེམས་ཅན་དེ་དག་ནི་མྱ་ངན་དུ་བྱ་བ་ཡིན་ནོ་ཞེས་ཡང་དང་ཡང་དུ་ང་སྨྲའོ། །དེ་ནས་དེའི་ཚེ་ནུབ་ཕྱོགས་ནས་གསེར་གྱི་འོད་ཆེན་པོ་ཞིག་སྣང་བར་གྱུར་ཏེ། གསེར་གྱི་འོད་ཆེན་པོ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
ཐམས་ཅད་ནོར་བུ་རིན་པོ་ཆེའི་མེའི་འོད་སྣང་བ་ཆེན་པོས་སྣང་བར་བྱས་ཏེ། དེའི་སྐབས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་འོད་གཅིག་པུ་མ་གཏོགས་པར་དེ་ལས་གཞན་པ་ཟླ་བ་དང་། ཉི་མ་རྣམས་ཀྱི་འོད་དང་། བརྒྱ་བྱིན་དང་། ཚངས་པ་དང་།
འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་རྣམས་ཀྱི་འོད་ཐམས་ཅད་མོག་མོག་པོར་གྱུར་ཏེ། རྩིག་པ་དང་། ཤིང་དང་། ཚལ་གྱི་ནང་དང་། ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། དེ་བཞིན་དུ་འཇིག་རྟེན་གྱི་བར་མཚམས་དེ་དག་ཐམས་ཅད་
Vol. 64 · folio 204b
འོད་དེས་སྣང་བར་བྱས་སོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་གང་དག་གི་ལུས་ལ་འོད་དེས་ཕོག་པ་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་རྩེ་ཞིལ་བར་གྱུར་ཏོ། །བཅོམ་ལྡན་འདས་དང་འཁོར་གྱི་དཀྱིལ་འཁོར་ཆེན་པོའི་ནང་དུ་ཡང་པད་མ་བཀྲ་ཞིང་བལྟ་ན་སྡུག་ལ་ཁ་དོག་བཟང་ཞིང་ཡིད་དུ་འོང་བ་
འདབ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། སྟེང་རིན་པོ་ཆེའི་དྲ་བ་དྲི་བསུང་དང་ལྡན་ཞིང་འཇམ་ལ་ཀ་ཙ་ལིན་དིའི་གོས་ལྟར་རེག་ན་བདེ་བ། བཀྲ་ཞིང་བལྟ་ན་སྡུག་པ་དག་གིས་ཀུན་ཏུ་ཁེབས་པ་བྱེ་བ་ཕྲག་དྲུག་ཅུ་ས་གཞི་བརྟོལ་ཏེ་མངོན་པར་འཐོན་པར་གྱུར་ཏོ། །པད་མ་དེ་དག་རེ་རེ་ལས་དྲི་
ངད་བྱུང་བ་གང་ཡིན་པ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དྲིས་ཁྱབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་རྣམས་ཀྱི་སྤོས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་པད་མའི་དྲི་དེས་ཁྱབ་
པར་གྱུར་ཏོ། །ལྷ་དང་། མི་རྣམས་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་གིས་སྣར་པད་མའི་དྲི་དེ་སོང་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བ་དང་། ཆོས་མཉན་པའི་རྒྱུ་དང་ལྡན་པར་
གྱུར་ཏེ་བདག་ཉིད་ཉོན་མོངས་པ་དང་བྲལ་བ་སྙམ་དུ་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་ཆོས་ཀྱི་འོད་ཀྱི་བཀོད་པ་དེ་མཐོང་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཕྱོགས་བཅུར་འོད་གདའ་བ་འདི་དང་པད་མའི་
བཀོད་པ་བྱུང་བ་འདི་སུའི་སྔ་ལྟས་ལགས། དེ་ནས་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་སྤྲིན་ཆེན་སྙིང་པོ་ཅིའི་ཕྱིར་བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས་ཞེས་སྨྲ། མཚན་མ་མེད་པའི་ཆོས་རྨི་ལམ་ལྟ་བུ་ཡིན་ཡང་འདྲི་བར་བྱེད་དམ་ཁྱོད་ལ་ནི་ད་
དུང་ཡང་ཕྱིན་ཅི་ལོག་ཡོད་པ་འདྲའོ། །སྨྲས་པ། ལྷ་མོ་ལེགས་སོ། །ལེགས་སོ། །དེ་དེ་བཞིན་ཏེ། ལྷ་མོ་ཁྱོད་ལེགས་སོ། །ཁོ་བོ་ནི་རྨི་ལམ་ལྟ་བུའི་ཡུལ་དག་ལ་མཚན་མར་ལྟ་བ་འཛིན་པའི་འདུ་ཤེས་བཅོམ་ལྡན་འདས་ལ་ཞུ་བར་བྱེད་དོ། །སྨྲས་པ། འཕགས་པ་སྤྲིན་ཆེན་སྙིང་པོ་སུའི་དོན་
Vol. 64 · folio 205a
གྱི་ཕྱིར་མཚན་མར་ལྟ་བ་འཛིན་པའི་འདུ་ཤེས་སྨྲ་བར་བྱེད། སྨྲས་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རོ། །སྨྲས་པ། གང་བདག་གི་ལྟ་བ་བསལ་བར་མི་ནུས་པ་དེས་གཞན་གྱི་ལྟ་བ་སེལ་བར་འགྱུར་བ་དེ་ནི་གནས་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། སྤྲིན་ཆེན་སྙིང་པོ་དེ་ནི་ལྷ་མོས་ཇི་སྐད་སྨྲས་པ་བཞིན་ཏེ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་མཚན་མ་མེད་པའི་འདུ་ཤེས་ཡང་དག་པར་མཐོང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་མཚན་མ་མ་མཆིས་པའི་འདུ་ཤེས་ཡང་དག་པར་བལྟ་བར་འཚལ་བས་ཇི་ལྟར་ཡང་དག་པར་བལྟ་བར་བགྱི། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་
བདག་ཉིད་རྣམ་པ་དུ་མར་སྟོན་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བདག་ཉིད་རྣམ་པ་དུ་མར་ཇི་ལྟར་སྟོན་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་
སྙིང་པོ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་ནན་ཏན་དུ་སྦྱངས་པ་མཁས་པས་རོལ་མོའི་ནང་དུ་བདག་ཉིད་རོར་གྱུར་པར་སྟོན་པར་བྱེད། བུད་མེད་ཀྱི་ལུས་རྣམ་པ་སྣ་ཚོགས་སུ་ཡང་སྟོན་པར་བྱེད། གཅན་གཟན་གྱིས་ཟིན་པ་དང་། ལུས་ཞུ་བ་དང་། ལུས་མི་སྣང་བ་
དང་། ཚིག་པ་དང་། བཅད་པ་དང་། གཏུབ་པའི་རྣམ་པས་ཕ་རོལ་འདྲིད་པ་ལྟ་བུར་གསང་བ་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་བདག་ཉིད་སྟོན་པ་དག་ཀྱང་མཐོང་ན། དེར་རྒྱུས་ཤེས་པའི་མིས་འཇིགས་པར་མི་བྱ། མྱ་ངན་དུ་མི་བྱ་བར་དེ་ལ་རིག་སྔགས་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་
ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྟག་པ་ཉིད་ཀྱི་ལམ་ལ་ནན་ཏན་དུ་སྦྱངས་པས་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བདག་ཉིད་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་སྟོན་པར་བྱེད་དེ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་
Vol. 64 · folio 205b
ཆུབ་སེམས་དཔའ་བདག་ཉིད་རྣམ་པ་སྣ་ཚོགས་ཀྱི་ཚུལ་དུ་སྟོན་པ་མཐོང་ན། བསྟན་པའི་རྒྱུས་ཤེས་ཤིང་མཁས་པས་སྐྲག་པར་མི་བྱ། ཀུན་ཏུ་སྐྲག་པར་མི་བྱ། དངང་བར་མི་བྱ། འཇིགས་པར་མི་བྱ། མྱ་ངན་དུ་མི་བྱ་བར་དེ་ལ་སེམས་ཅན་རྟག་པ་ཉིད་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །སྤྲིན་
ཆེན་སྙིང་པོ་གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འཇིག་རྟེན་དང་འཐུན་པར་འཇུག་པའི་བྱ་བ་རྣམ་པ་གྲངས་མེད། དཔག་ཏུ་མེད་པ་བགྲང་བ་ལས་འདས་པ་རྣམ་པ་སྣ་ཚོགས་སུ་བདག་ཉིད་སྟོན་ཏོ། །འཛམ་བུའི་གླིང་བྱེ་
བ་ཕྲག་སུམ་ཁྲི་དག་ཏུ་ཡང་གོང་མ་བཞིན་དུ་སྦྱར་རོ། །དེ་ལྟ་བུའི་ཚུལ་དུ་བྱེ་བ་ཕྲག་བརྒྱར་བསྒྲེ་བར་བྱ་སྟེ། གོང་མ་བཞིན་དུ་སྦྱར་རོ། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་སུ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བའི་རྣམ་པའི་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་རྣམ་པ་སྣ་ཚོགས་སུ་བདག་ཉིད་ཇི་ལྟར་སྟོན་པར་བགྱིད། བཀའ་སྩལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་འཛམ་བུའི་གླིང་ལ་ལར་བདག་ཉིད་མངལ་ནས་སྐྱེ་བ་ལྟ་
བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བུ་བཙས་པར་ཤེས་ཀྱང་འཁྲིག་པ་ལ་བརྟེན་ནས་བྱུང་བ་ཡང་མ་ཡིན་ཞིང་བུའི་རང་བཞིན་ཡང་མ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་མངོན་པར་འབྱུང་བ་ཡང་སྟོན་ཏེ། སེམས་ཅན་རྣམས་ཀྱིས་མངོན་པར་འབྱུང་བར་ཤེས་ཀྱང་དེ་ལ་མངོན་པར་འབྱུང་བའི་
འདུ་ཤེས་འཇུག་པ་ཡང་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་གཙུག་ཕུད་འབྲེག་པའི་ལས་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་གཙུག་ཕུད་འབྲེག་པའི་ལས་བྱེད་པར་ཤེས་ཀྱང་དེ་ལ་དེའི་འདུ་ཤེས་འཇུག་པ་ཡང་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་མཁན་པོའི་ཁྱིམ་དུ་འགྲོ་བ་ལྟ་བུར་
སྟོན་ཏེ། བསླབ་པར་བྱ་བའི་ཡི་གེ་སློབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་དུ་མར་བསླབ་པའི་བྱ་བ་ཤིན་ཏུ་ཚར་ཕྱིན་པར་བྱས་ཤིང་། བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ནས་བཟོའི་བྱ་བ་ཐམས་ཅད་ཀྱང་མཐར་ཕྱིན་ཏོ། །འཛམ་བུའི་གླིང་ལ་ལར་ནི་མིའི་སེང་གེ་དང་ངང་པའི་
Vol. 64 · folio 206a
སྟབས་སུ་འགྲོ་བ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་མིའི་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས་ངང་པའི་སྟབས་ཀྱི་འདུ་ཤེས་དེ་ཡང་སྤངས་སོ། །འཛམ་བུའི་གླིང་ལ་ལར་ནི་བུ་དང་ཆུང་མ་ཡང་སྟོན་པར་
བྱེད་དེ། སེམས་ཅན་རྣམས་ཀྱིས་འདོད་པ་ལ་ཡོངས་སུ་སྤྱོད་པར་ཤེས་ཀྱང་དེའང་རྟག་ཏུ་ཆོས་འདོད་པ་ལ་ཡོངས་སུ་སྤྱོད་ཀྱི་ཉོན་མོངས་པ་དང་འདོད་པ་ལ་གནས་པ་མ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་བཤང་བ་དང་། གཅི་བ་ལྟ་བུར་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་བཤང་བ་དང་།
གཅི་བ་བྱེད་པར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བཤང་བ་དང་གཅི་བའི་འདུ་ཤེས་ཀྱང་རྣམ་པར་སྤངས་ཏེ་འདུ་ཤེས་དེ་ཡང་འཇུག་པ་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་ས་ཤིང་སྤྱོད་པ་ལྟ་བུར་སྟོན་ཏེ། སོ་ཤིང་འཆའ་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་
གྲངས་མེད་པ་ནས་ཉོན་མོངས་པའི་སོ་ཤིང་རྣམ་པར་སྤངས་ཏེ་ཁ་ཡང་ཨུད་པ་ལའི་དྲི་དང་ལྡན་ནོ། །འཛམ་བུའི་གླིང་ལ་ལར་ནི་གདུགས་དང་། ལྷམ་འཆང་བ་ལྟ་བུར་སྟོན་ཏེ། གདུགས་དང་ལྷམ་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་དུ་མ་ནས་ཉོན་མོངས་པའི་
གདུགས་དང་ལྷམ་གྱི་འདུ་ཤེས་དེ་ཡང་རྣམ་པར་སྤངས་ཏེ། ལུས་དག་ཅིང་རྟག་ཏུ་ཆོས་ཀྱི་བདེ་བ་དང་ཏིང་ངེ་འཛིན་གྱི་གདུགས་འཆང་ཞིང་རིན་པོ་ཆེའི་གདུགས་དུ་མ་དང་པད་མའི་ལྷམ་ཐམས་ཅད་སྟོན་པར་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་ཁྲུས་བྱེད་པ་ལྟ་བུར་སྟོན་ཏེ། ཁྲུས་བྱེད་
པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཁྲུས་ཀྱི་འདུ་ཤེས་དེ་རྣམ་པར་སྤངས་ཏེ། མདོ་དུ་མ་ནས་བྱུང་བའི་ཆུས་རྟག་ཏུ་ཁྲུས་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་མུ་སྟེགས་སུ་གྱུར་པ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་ནད་ཀྱི་རང་བཞིན་ལྟ་བུར་སྟོན་ཏེ། སྨན་ལ་སྟེན་
པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་ནད་རྣམས་བསལ་བ་སྟེ། སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་དང་འདོད་ཆགས་ཀྱི་རང་བཞིན་དག་ལས་ཀྱང་གསོ་བར་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་གྲང་བ་དང་ཚ་བ་ལ་སྟེན་པ་
Vol. 64 · folio 206b
ལྟ་བུར་སྟོན་ཏེ། གྲང་བ་དང་ཚ་བ་ལ་སྟེན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས་གྲང་བ་དང་ཚ་བའི་འཇིགས་པ་ཡང་རྣམ་པར་སྤངས་སོ། །འཛམ་བུའི་གླིང་ལ་ལར་ནི་བཀྲེས་པ་དང་སྐོམ་པས་སྲེད་ཅིང་ཞེན་པ་དང་ལྡན་པར་སྟོན་ཏེ། བཀྲེས་ཤིང་སྐོམ་
པས་གདུངས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བཀྲེས་པ་དང་སྐོམ་པའི་འདུ་ཤེས་ཀྱིས་འཇིགས་པའི་ཀླུང་གི་རྒྱུན་ལས་ཀྱང་རྒལ་ནས་རྟག་ཏུ་བཀྲེས་པ་དང་སྐོམ་པས་སྲེད་པར་གྱུར་པའི་འབྱུང་པོ་ཐམས་ཅད་ཀྱི་ཁ་ཟས་སུ་གྱུར་ཅིག་ཅེས་ཟེར་རོ། །འཛམ་བུའི་གླིང་ལ་
ལར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་རྩོམ་པ་ལྟ་བུར་སྟོན་ཏེ། ཀྱེ་མ་སྦྱིན་པ་ལ་བརྩོན་པའི་སེམས་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་དུ་མ་རྟག་ཏུ་སྤྱད་པས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ལ་སེམས་ཅན་རྣམས་སྡུད་པའི་རྒྱུར་གྱུར་ཏོ། །
འཛམ་བུའི་གླིང་ལ་ལར་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་ཚུལ་སྟོན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕལ་གྱི་སྤྱད་པ་ཡང་མི་སྤྱོད་དེ། རྟག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་ཅིང་སེམས་ཅན་
ཐམས་ཅད་ཀྱང་བྱེད་དུ་འཇུག་གོ། །འཛམ་བུའི་གླིང་ལ་ལར་ནི་དེ་ལྟ་བུའི་རྒྱལ་སྲིད་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེ་བ་དག་ཀྱང་རྩྭ་བཞིན་དུ་བོར་ནས་རབ་ཏུ་བྱུང་བའི་གཟུགས་དང་མཚན་མ་སྟོན་པར་བྱེད་དེ། ལ་ལར་ནི་རབ་ཏུ་བྱུང་བ་ལྟ་བུ། ལ་ལར་ནི་རབ་ཏུ་མ་བྱུང་བ་ལྟ་བུར་སེམས་ཅན་རྣམས་
ཀྱིས་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་ཡ་མཚན་ཅན་ཐམས་ཅད་ཀྱི་རབ་ཏུ་བྱུང་བ་ལྟ་བུར་ལྟ་བ་ངན་པ་རབ་ཏུ་འབྱུང་བ་ལ་རབ་ཏུ་བྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་ཡ་མཚན་ཅན་ཐམས་ཅད་འཐུན་པར་རབ་ཏུ་བྱུང་བ་ཡང་མ་ཡིན་ཏེ་དེ་དག་ངེས་པར་བསྒྲལ་བའི་ཕྱིར་རབ་ཏུ་འབྱུང་ངོ་། །འཛམ་
བུའི་གླིང་ལ་ལར་ནི་དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བར་རྩོམ་པ་ལྟ་བུར་སྟོན་ཏེ། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བས་རབ་ཏུ་འབྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་དེ་བཞིན་གཤེགས་པའི་རབ་ཏུ་འབྱུང་བའི་བྱ་བ་ཡང་མཐར་ཕྱིན་པར་
Vol. 64 · folio 207a
བྱས་སོ། །འཛམ་བུའི་གླིང་ལ་ལར་ནི་སྦྱངས་པའི་ཡོན་ཏན་བཅུ་གསུམ་ཡང་དག་པར་འཛིན་པ་ལྟ་བུར་སྟོན་ཏེ། སྦྱངས་པའི་ཡོན་ཏན་ཅན་ཡོ་བྱད་བསྙུངས་པ་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་སྦྱངས་པའི་ཡོན་ཏན་རྫོགས་ཤིང་རྟག་ཏུ་མཉམ་པར་
བཞག་པ་ཡང་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་བྱང་ཆུབ་ཀྱི་སྙིང་པོར་རྩྭ་བཏིང་བ་ལ་འདུག་པ་ལྟ་བུར་སྟོན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། རྟག་ཏུ་བྱང་ཆུབ་ཀྱི་བྱ་བ་མཐར་ཕྱིན་པར་བྱས་པ་ཡང་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་བསམ་གཏན་དང་
ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལྟ་བུར་སྟོན་ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་རྟག་ཏུ་སྙོམས་པར་འཇུག་པའི་སྤྱོད་པ་དུ་མ་ལ་སྤྱོད་པ་ཡང་ཡིན་ནོ། །འཛམ་བུའི་གླིང་
ལ་ལར་ནི་ཡན་ལག་དགུ་པའི་མདོ་འཆད་པ་ལྟ་བུར་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ཡན་ལག་དགུ་པའི་མདོ་གསུངས་པ་འཆད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་རྟག་ཏུ་མདོ་དུ་མ་ལ་སོགས་པ་ཡང་འཆད་དོ། །འཛམ་བུའི་གླིང་ལ་ལར་ནི་བསླབ་པའི་གཞིའི་ཚད་ངེས་པར་བྱེད་པ་ལྟ་བུར་སྟོན་
ཏེ། བསླབ་པའི་གཞིའི་ཚད་ངེས་པར་འཆའ་བར་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་མདོ་དག་ཀྱང་རྟག་ཏུ་བྱེད་ཅིང་། བསླབ་པའི་གཞི་དུ་མ་དག་ཀྱང་རྟག་ཏུ་འཆའ་བར་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་
འདུལ་བ་ལྟ་བུར་སྟོན་ཏེ། བདུད་ཀྱི་སྡེ་ཕམ་པར་བྱས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བདུད་ཀྱི་འདུ་ཤེས་གཅིག་ཀྱང་མི་འབྱུང་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་ལ་སོགས་པ་བདུད་བྱེ་བ་ཕྲག་དུ་མ་དག་ཀྱང་རྟག་ཏུ་ཟད་པར་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་
རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་ཐོབ་པ་ལྟ་བུར་སྟོན་ཏེ། འབྲས་བུ་བཞི་ཐོབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་འབྲས་བུ་བཞིའི་འདུ་ཤེས་ཀྱང་མི་འབྱུང་སྟེ། འབྲས་བུའི་བྱ་བ་དུ་མ་དག་ལ་ཡང་སྤྱོད་ཅིང་ཕྱིར་མི་འོང་བ་ཡང་མ་ཡིན་ལ། སེམས་ཅན་
Vol. 64 · folio 207b
རྣམས་ངེས་པར་བསྒྲལ་བའི་ཕྱིར་རྟག་ཏུ་སྲིད་པའི་ཡན་ལག་རྣམས་སུ་ཡང་འོང་ངོ་། །འཛམ་བུའི་གླིང་ལ་ལར་ནི་ཡོན་གནས་ལྟ་བུར་སྟོན་ཏེ། འཇིག་རྟེན་གྱི་ཡོན་གནས་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡོན་གནས་ཀྱི་ང་རྒྱལ་ལ་ཡང་མི་སྤྱོད་དེ་ནམ་སེམས་ཅན་ཐམས་ཅད་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོན་གནས་སུ་གྱུར་པ་དེའི་ཚེ་བདག་ཡོན་གནས་ཀྱི་འདུ་ཤེས་ལ་འཇུག་གོ་སྙམ་ནས་མ་གོས་པའི་སྤྱད་པ་ལ་སྤྱོད་དེ། འཛམ་བུའི་གླིང་ལ་ལར་ནི་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུར་སྟོན་ཏེ། དགེ་འདུན་གྱི་དབྱེན་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་
ཀྱང་། སྔོན་གྱི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་དགེ་འདུན་གྱི་དབྱེ་ན་སྔོན་ཅད་ཀྱང་མ་བྱས་ཏེ་དགེ་འདུན་ལ་ཕན་པར་བསྒྲུབ་པར་སྤྱོད་པ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་དེ་བཞིན་གཤེགས་པའི་ཞབས་ཀྱིས་རེག་པའི་རྡུལ་གུད་དུ་འདོར་བར་བྱེད་པ་ལྟ་བུར་སྟོན་ཏེ། ཀྱེ་མ་ངུར་སྨྲིག་ཙམ་
འཆང་ཞིང་མི་བཟད་པའི་ལས་བྱེད་པ་ཞིག་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་ངུར་སྨྲིག་ཙམ་འཆང་བ་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་སྟོན་པ་ཡང་ཡིན་ནོ། །དེ་ལ་སོགས་པ་གཞན་ཡང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ཆོས་མཉན་པ་ཐོས་ན། ཀྱེ་
མ་དགེ་སྦྱོང་གཽ་ཏ་མ་ནི་བརྡ་ཕྲད་དཀའ་བ་ཤ་སྟག་ཟེར་རོ་ཞེས་འཕྱ་བ་ལྟ་བུར་སྟོན་ཏེ། ཀྱེ་མ་གཡེངས་པ་ཤེས་རབ་རྟུལ་བའི་དགེ་སྦྱོང་ཞིག་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་དེ་བཞིན་གཤེགས་པ་ལ་ཕན་པ་དང་། བདེ་བ་བྱེད་པ་ཡང་ཡིན་ནོ། །འཛམ་
བུའི་གླིང་ལ་ལར་ནི་དེ་བཞིན་གཤེགས་པ་ལ་ཟས་དུག་ཅན་འབུལ་ཞིང་བསླབ་པའི་གཞི་དང་། ཕམ་པའི་འགལ་བ་བྱེད་པ་ལྟ་བུར་སྟོན་ཏེ། ཕམ་པ་ཅན་དུ་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་སྐྱེད་པར་བྱེད་པ་ཡང་ཡིན་ནོ། །འཛམ་བུའི་གླིང་ལ་
ལར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་མང་པོ་སྟོན་པ་ལྟ་བུར་སྟོན་ཏེ། ཡང་དག་པར་སྟོན་པ་པོ་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་ཡང་དག་པར་སྟོན་པ་པོ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པའི་རྒྱན་བྱེད་པ་ཡང་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་ཉན་ཐོས་དང་། རང་
Vol. 64 · folio 208a
སངས་རྒྱས་ཐམས་ཅད་ལྟ་བུར་བདག་ཉིད་སྟོན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་བདག་ཉིད་སྟོན་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་སེམས་ཅན་རྣམས་ཀྱིས་
ཤེས་ཀྱང་སྔན་ཆད་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ནི་ནམས་ཀྱང་ཡོངས་སུ་མྱ་ངན་ལས་མ་འདས་སོ། །ལན་ཅིག་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། ལན་མང་དུ་ཡང་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའོ། །ལན་
གྲངས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་འདོད་ཆགས་ལས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་ལས་བརྟེན་ཏེ་ཡོངས་སུ་མྱ་ངན་
ལས་འདས་པ་ཡང་མ་ཡིན་ནོ། །ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་ཞེ་སྡང་ལས་ཡོངས་སུ་མྱ་ངན་ལས་འདའོ། །ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་གཏི་མུག་ལས་ཡོངས་སུ་མྱ་ངན་ལས་འདའོ་ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་ཆ་མཉམ་པ་ལས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་
འདའ་བར་བྱེད་དེ། རྣམ་པ་བཞི་པོ་འདི་ལྟ་བུས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ་པ་ལ་ཡང་མི་རྟེན་ཏོ། །དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བཞི་པོ་དག་གིས་
བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བྱ་བ་མཐར་ཕྱིན་ཏེ་འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏེ། མི་དགེ་བའི་ཕྱོགས་ཇི་སྙེད་ཡོད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དེ་སྙེད་དེ། རྟག་ཏུ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདའོ། །དེ་
བས་ན་རྣམ་པ་མང་པོ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ལ་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་མིང་ཡང་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའོ། །འཛམ་བུའི་གླིང་ལ་ལར་ནི་བདུད་ཀྱི་ལས་བྱེད་པར་བདག་ཉིད་སྟོན་ཏེ། བདུད་སྡིག་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་
Vol. 64 · folio 208b
ཀྱང་བདུད་ཀྱི་ལས་ཀྱང་མི་བྱེད་དོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཇིགས་པ་ལ་སོགས་པ་མི་དགེ་བའི་ཕྱོགས་ཇི་སྙེད་པ་དེ་སྙེད་ཀྱི་བདུད་ཀྱི་ལས་རྟག་ཏུ་བྱེད་ལ། ཤིན་ཏུ་གཅོད་པར་བྱེད་པའི་བདུད་ཀྱི་ལས་ལ་རྟེན་པ་ཡང་མ་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བདག་ཉིད་མངལ་
ནས་སྐྱེས་པ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བུ་བཙས་པར་ཤེས་ཀྱང་འཁྲིག་པ་ལ་བརྟེན་ནས་བྱུང་བ་ཡང་མ་ཡིན་ཞིང་བུའི་རང་བཞིན་ཡང་མ་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་མངོན་པར་འབྱུང་བ་ཡང་སྟོན་ཏེ། སེམས་ཅན་རྣམས་ཀྱིས་མངོན་པར་འབྱུང་བར་ཤེས་ཀྱང་། དེ་ལ་མངོན་པར་
འབྱུང་བའི་འདུ་ཤེས་འཇུག་པ་ཡང་མེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་གཙུག་ཕུད་བྲེག་པའི་ལས་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་གཙུག་ཕུད་འབྲེག་པའི་ལས་བྱེད་པར་ཤེས་ཀྱང་དེ་ལ་དེའི་འདུ་ཤེས་འཇུག་པ་ཡང་མེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་མཁན་པོའི་ཁྱིམ་དུ་འགྲོ་བ་ལྟ་བུར་སྟོན་ཏེ།
བསླབ་པར་བྱ་བའི་ཡི་གེ་སློབ་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་དུ་མར་བསླབ་པའི་བྱ་བ་ཤིན་ཏུ་ཚར་ཕྱིན་པར་བྱས་ཤིང་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ནས་བཟོའི་བྱ་བ་ཐམས་ཅད་ཀྱང་མཐར་ཕྱིན་ཏོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་མིའི་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བ་ལྟ་བུར་སྟོན་ཏེ།
སེམས་ཅན་རྣམས་ཀྱིས་མིའི་སེང་གེ་དང་། ངང་པའི་སྟབས་སུ་འགྲོ་བར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས་ངང་པའི་སྟབས་ཀྱི་འདུ་ཤེས་དེ་ཡང་སྤངས་སོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བུ་དང་ཆུང་མ་ཡང་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་འདོད་པ་ལ་ཡོངས་སུ་སྤྱོད་པར་
ཤེས་ཀྱང་། དེའང་རྟག་ཏུ་ཆོས་འདོད་པ་ལ་ཡོངས་སུ་སྤྱོད་ཀྱི་ཉོན་མོངས་པ་དང་། འདོད་པ་ལ་གནས་པ་ཡང་མ་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བཤང་བ་དང་། གཅི་བ་ལྟ་བུར་སྟོན་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་བཤང་བ་དང་། གཅི་བ་བྱེད་པར་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་
ནས་བཤང་བ་དང་། གཅི་བའི་འདུ་ཤེས་ཀྱང་རྣམ་པར་སྤངས་ཏེ་འདུ་ཤེས་དེ་ཡང་འཇུག་པ་མེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་སོ་ཤིང་སྤྱོད་པ་ལྟ་བུར་སྟོན་ཏེ། སོ་ཤིང་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་གྲངས་མེད་པ་ནས་ཉོན་མོངས་པའི་སོ་ཤིང་རྣམ་པར་སྤངས་ཏེ། ཁ་ཡང་
Vol. 64 · folio 209a
ཨུད་པ་ལའི་དྲི་དང་ལྡན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་གདུགས་དང་། ལྷམ་འཆང་བ་ལྟ་བུར་སྟོན་ཏེ། གདུགས་དང་། ལྷམ་འཆང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཉོན་མོངས་པའི་གདུགས་དང་། ལྷམ་གྱི་འདུ་ཤེས་ཀྱང་རྣམ་པར་སྤངས་ཏེ་ལུས་
དག་ཅིང་རྟག་ཏུ་ཆོས་ཀྱི་བདེ་བ་དང་། ཏིང་ངེ་འཛིན་གྱི་གདུགས་འཆང་ཞིང་རིན་པོ་ཆེའི་གདུགས་དང་། པད་མའི་ལྷམ་ཐམས་ཅད་སྟེན་པར་བྱེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་ཁྲུས་བྱེད་པ་ལྟ་བུར་སྟོན་ཏེ། ཁྲུས་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཁྲུས་ཀྱི་འདུ་
ཤེས་དེ་རྣམ་པར་སྤངས་ཏེ། མདོ་དུ་མ་ནས་བྱུང་བའི་ཆུས་རྟག་ཏུ་ཁྲུས་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་མུ་སྟེགས་སུ་གྱུར་པ་ཡང་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་ནད་ཀྱི་རང་བཞིན་ལྟ་བུར་སྟོན་ཏེ། སྨན་ལ་སྟེན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཉོན་
མོངས་པ་ཐམས་ཅད་དང་བྲལ་ཞིང་ནད་རྣམས་བསལ་བ་སྟེ། སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་དང་། འདོད་ཆགས་ཀྱི་རང་བཞིན་དག་ལས་ཀྱང་གསོ་བར་བྱེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་གྲང་བ་དང་། ཚ་བ་ལ་སྟེན་པ་ལྟ་བུར་སྟོན་ཏེ། གྲང་བ་དང་། ཚ་བ་ལ་སྟེན་པར་སེམས་ཅན་རྣམས་
ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ལ་སོགས་པ་ནས་གྲང་བ་དང་། ཚ་བའི་འཇིགས་པ་ཡང་རྣམ་པར་སྤངས་སོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བཀྲེས་པ་དང་། སྐོམ་པས་སྲེད་ཅིང་ཞེན་པ་དང་ལྡན་པར་སྟོན་ཏེ། བཀྲེས་ཤིང་སྐོམ་པ་ལ་སྐོམ་པས་གདུངས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་།
བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བཀྲེས་པ་དང་། སྐོམ་པའི་འདུ་ཤེས་ཀྱི་འཇིགས་པའི་ཀླུང་གི་རྒྱུན་ལས་ཀྱང་རྒལ་ནས་རྟག་ཏུ་བཀྲེས་པ་དང་། སྐོམ་པས་སྲེད་པར་གྱུར་པའི་འབྱུང་པོ་ཐམས་ཅད་ཀྱི་ཁ་ཟས་སུ་གྱུར་ཅིག་ཅེས་ཟེར་རོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་
རྩོམ་པ་ལྟ་བུར་སྟོན་ཏེ། ཀྱེ་མ་སྦྱིན་པ་ལ་བརྩོན་པའི་སེམས་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་དུ་མ་རྟག་ཏུ་སྤྱད་པས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ལ་སེམས་ཅན་རྣམས་སྡུད་པའི་རྒྱུར་གྱུར་ཏོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་འཁོར་
Vol. 64 · folio 209b
ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་ཚུལ་སྟོན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕལ་གྱི་སྤྱད་པ་ཡང་མི་སྤྱོད་དེ་རྟག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་རྒྱལ་པོ་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱང་བྱེད་དུ་འཇུག་གོ། །བྱང་
གི་སྒྲ་མི་སྙན་ལ་ལར་ནི་དེ་ལྟ་བུའི་རྒྱལ་སྲིད་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེ་བ་དག་ཀྱང་རྩྭ་བཞིན་དུ་བོར་ནས་རབ་ཏུ་བྱུང་བའི་གཟུགས་དང་། མཚན་མ་སྟོན་པར་བྱེད་དེ། ལ་ལར་ནི་རབ་ཏུ་བྱུང་བ་ལྟ་བུ། ལ་ལར་ནི་རབ་ཏུ་མ་བྱུང་བ་ལྟ་བུར་སེམས་ཅན་རྣམས་ཀྱིས་ཤེས་སོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་
ཡ་མཚན་ཅན་ཐམས་ཅད་ཀྱི་རབ་ཏུ་བྱུང་བ་ལྟ་བུར་ལྟ་བ་ངན་པ་རབ་ཏུ་འབྱུང་བ་ལ་རབ་ཏུ་བྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ཡ་མཚན་ཅན་ཐམས་ཅད་དང་འཐུན་པར་རབ་ཏུ་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ངེས་པར་བསྒྲལ་བའི་ཕྱིར་རབ་ཏུ་འབྱུང་ངོ་། །བྱང་གི་སྒྲ་མི་སྙན་ལ་ལར་ནི་དེ་བཞིན་
གཤེགས་པའི་རབ་ཏུ་འབྱུང་བར་རྩོམ་པ་ལྟ་བུར་སྟོན་ཏེ། དེ་བཞིན་གཤེགས་པའི་རབ་ཏུ་འབྱུང་བས་རབ་ཏུ་འབྱུང་བར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་དེ་བཞིན་གཤེགས་པའི་རབ་ཏུ་འབྱུང་བའི་བྱ་བ་ཡང་མཐར་ཕྱིན་པར་བྱས་སོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་སྦྱངས་
པའི་ཡོན་ཏན་བཅུ་གསུམ་ཡང་དག་པར་འཛིན་པ་ལྟ་བུར་སྟོན་ཏེ། སྦྱངས་པའི་ཡོན་ཏན་ཅན་ཡོ་བྱད་བསྙུངས་པ་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་སྦྱངས་པའི་ཡོན་ཏན་རྫོགས་ཤིང་རྟག་ཏུ་མཉམ་པར་གཞག་པ་ཡང་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བྱང་ཆུབ་
ཀྱི་སྙིང་པོར་རྩྭ་བཏིང་བ་ལྟ་བུར་སྟོན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་རྟག་ཏུ་བྱང་ཆུབ་ཀྱི་བྱ་བ་མཐར་ཕྱིན་པར་བྱས་པ་ཡང་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལྟ་བུར་སྟོན་
ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་རྟག་ཏུ་སྙོམས་པར་འཇུག་པའི་སྤྱོད་པ་དུ་མ་སྤྱོད་པ་ཡང་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་ཡན་ལག་དགུའི་མདོ་འཆད་པ་ལྟ་བུར་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ཡན་
Vol. 64 · folio 210a
ལག་དགུའི་མདོ་གསུངས་པ་འཆད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། རྟག་ཏུ་མདོ་དུ་མ་ལ་སོགས་པ་ཡང་འཆད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བསླབ་པའི་གཞི་ཚད་ངེས་པར་བྱེད་པ་ལྟ་བུར་སྟོན་ཏེ། བསླབ་པའི་གཞི་ཚད་ངེས་པར་འཆའ་བར་བྱེད་པར་སེམས་ཅན་རྣམས་ཀྱིས་
ཤེས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་མདོ་དག་ཀྱང་རྟག་ཏུ་བྱེད་ཅིང་བསླབ་པའི་གཞི་དུ་མ་དག་ཀྱང་རྟག་ཏུ་འཆའ་བར་བྱེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བ་ལྟ་བུར་སྟོན་ཏེ། བདུད་ཀྱི་སྡེ་ཕམ་པར་བྱས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བདུད་ཀྱི་
འདུ་ཤེས་གཅིག་ཀྱང་མི་འབྱུང་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་ལ་སོགས་པ་བདུད་བྱེ་བ་དུ་མ་དག་ཀྱང་རྟག་ཏུ་ཟད་པར་བྱེད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་ཐོབ་པ་ལྟ་བུར་སྟོན་ཏེ། འབྲས་བུ་བཞི་ཐོབ་པར་སེམས་ཅན་
རྣམས་ཀྱིས་ཤེས་ཀྱང་འབྲས་བུ་བཞིའི་འདུ་ཤེས་ཀྱང་མི་འབྱུང་སྟེ། འབྲས་བུའི་བྱ་བ་དུ་མ་དག་ལ་ཡང་སྤྱོད་ཅིང་ཕྱིར་མི་འོང་བ་ཡང་མ་ཡིན་ལ་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་རྟག་ཏུ་སྲིད་པའི་ཡན་ལག་རྣམས་སུ་ཡང་འོང་ངོ་། །བྱང་གི་སྒྲ་མི་སྙན་ལ་ལར་ནི་ཡོན་གནས་ལྟ་བུར་སྟོན་ཏེ།
འཇིག་རྟེན་ན་ཡོན་གནས་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་ཡོན་གནས་ཀྱི་ང་རྒྱལ་ལ་ཡང་མི་སྤྱོད་དེ། ནམ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོན་གནས་སུ་གྱུར་པ་དེའི་ཚེ་བདག་ཡོན་གནས་ཀྱི་འདུ་ཤེས་ལ་འཇུག་གོ་སྙམ་ནས་མ་གོས་པའི་སྤྱད་པ་
ལ་སྤྱོད་དོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུར་སྟོན་ཏེ། དགེ་འདུན་གྱི་དབྱེན་བྱེད་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། སྔོན་གྱི་བསྐལ་པ་གྲངས་མེད་པ་ནས་དགེ་འདུན་གྱི་དབྱེན་སྔོན་ཆད་ཀྱང་མ་བྱས་ཏེ་དགེ་འདུན་ལ་ཕན་པར་སྒྲུབ་པ་སྤྱོད་པ་ཡིན་ནོ། །བྱང་གི་སྒྲ་མི་
སྙན་ལ་ལར་ནི་དེ་བཞིན་གཤེགས་པའི་ཞབས་ཀྱིས་རེག་པའི་རྡུལ་གུད་དུ་འདོར་བར་བྱེད་པ་ལྟ་བུར་སྟོན་ཏེ། ཀྱེ་མ་ངུར་སྨྲིག་ཙམ་འཆང་ཞིང་མི་ཟད་པའི་ལས་བྱེད་པ་ཞིག་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། ངུར་སྨྲིག་ཙམ་འཆང་བ་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་།
Vol. 64 · folio 210b
བདེ་བ་སྟོན་པ་ཡང་ཡིན་ནོ། །དེ་ལ་སོགས་པ་གཞན་ཡང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ཆོས་ཉན་པ་ཐོས་པ་ནས། ཀྱེ་མ་དགེ་སྦྱོང་གཽ་ཏ་མ་ནི་བརྡ་ཕྲད་དཀའ་བ་ཤ་སྟག་ཟེར་རོ་ཞེས་བྱ་བ་ལྟ་བུར་སྟོན་ཏེ། ཀྱེ་མ་གཡེངས་པ་ཤེས་རབ་རྟུལ་བའི་དགེ་སློང་ཞིག་ཡིན་པར་སེམས་ཅན་རྣམས་
ཀྱིས་ཤེས་ཀྱང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་དེ་བཞིན་གཤེགས་པ་སེམས་ཅན་ལ་ཕན་པ་དང་། བདེ་བ་བྱེད་པ་ཡང་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་དེ་བཞིན་གཤེགས་པ་ལ་ཟས་དུག་ཅན་འབུལ་ཞིང་བསླབ་པའི་གཞི་དང་། ཕམ་པའི་འགལ་བ་བྱེད་པ་ལྟ་བུར་སྟོན་ཏེ།
ཕམ་པ་ཅན་དུ་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་སྐྱེད་པར་བྱེད་པ་ཡང་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་མང་པོ་སྟོན་པ་ལྟ་བུར་སྟོན་ཏེ། ཡང་དག་པར་སྟོན་པ་པོ་ཡིན་པར་སེམས་ཅན་རྣམས་ཀྱིས་
ཤེས་ཀྱང་ཡང་དག་པར་སྟོན་པ་པོ་ཡང་མ་ཡིན་ཏེ་དེ་བཞིན་གཤེགས་པའི་རྒྱན་བྱེད་པ་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་ལར་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལྟ་བུར་བདག་ཉིད་སྟོན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་སོ། །བྱང་གི་སྒྲ་མི་
སྙན་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་བདག་ཉིད་སྟོན་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་སྔོན་ཆད་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ནི་ནམས་ཀྱང་ཡོངས་སུ་མྱ་ངན་ལས་མ་འདས་སོ། །ལན་ཅིག་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་
སུ་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། ལན་མང་དུ་ཡང་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའོ། །ལན་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ་ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་འདོད་ཆགས་ལས་
ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ་འདོད་ཆགས་ལས་བརྟེན་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན་ནོ། །ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་ཞེ་སྡང་ལས་ཡོངས་སུ་མྱ་ངན་ལས་འདའོ། །ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་གཏི་མུག་ལས་ཡོངས་སུ་མྱ་ངན་
Vol. 64 · folio 211a
ལས་འདའོ། །ལན་བྱེ་བ་ཕྲག་ཉི་ཁྲི་ཆིག་སྟོང་དུ་ཆ་མཉམ་པ་ལས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། རྣམ་པ་བཞི་པོ་འདི་ལྟ་བུས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། འདོད་ཆགས་དང་། ཞེ་སྡང་དང་།
གཏི་མུག་དང་། ཆ་མཉམ་པ་ལ་ཡང་མི་བརྟེན་ནོ། །དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བཞི་པོ་དག་གིས་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བྱ་བ་མཐར་ཕྱིན་ཏེ། འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏོ། །མི་དགེ་བའི་ཕྱོགས་ཇི་སྙེད་ཡོད་པར་ཡོངས་སུ་མྱ་ངན་ལས་འདས་
པ་ཡང་དེ་སྙེད་དེ། རྟག་ཏུ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདའོ། །དེ་བས་ན་རྣམ་པ་མང་པོ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ལ་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་མིང་ཡང་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའོ། །བྱང་གི་སྒྲ་མི་སྙན་
ལ་ལར་ནི་བདུད་ཀྱི་ལས་བྱེད་པ་ལྟར་བདག་ཉིད་སྟོན་ཏེ། བདུད་སྡིག་ཅན་ཡིན་པར་སེམས་ཅན་རྣམས་ཀྱིས་ཤེས་ཀྱང་། བདུད་ཀྱི་ལས་ཀྱང་མི་བྱེད་དོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཇིགས་པ་ལ་སོགས་པ་མི་དགེ་བའི་ཕྱོགས་ཇི་སྙེད་པ་དེ་སྙེད་ཀྱི་བདུད་ཀྱི་ལས་རྟག་ཏུ་བྱེད་ལ།
ཤིན་ཏུ་གཅོད་པར་བྱེད་པའི་བདུད་ཀྱི་ལས་ལ་རྟེན་པ་ཡང་མ་ཡིན་ནོ། །འཛམ་བུའི་གླིང་དང་། བྱང་གི་སྒྲ་མི་སྙན་ཇི་ལྟ་བ་དེ་བཞིན་དུ་གླིང་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །རྒྱལ་ཆེན་བཞི་ལ་ལ་དག་ཏུ་འམ། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ནང་དུ་ལྷའི་དབང་པོ་བརྒྱ་བྱིན་
ལྟ་བུར་བདག་ཉིད་སྟོན་ཏེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིན་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཤེས་སོ། །འཇིག་རྟེན་སྐྱོང་བ་བཞི་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྲིད་པ་ཐམས་ཅད་དུ་ཡང་སྲིད་པ་ཐམས་ཅད་ཀྱི་ཚུལ་དུ་མངལ་དུ་སྐྱེ་བ་རྣམ་པར་སྟོན་ཏེ། སྲིད་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་རང་རང་གི་
གཟུགས་དང་འདྲ་བར་སེམས་སོ། །དེ་བཞིན་དུ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ཐམས་ཅད་དུ་ཡང་བདག་ཉིད་སྟོན་ཅིང་སེམས་ཅན་ཐམས་ཅད་ཀྱང་ཁམས་ཀྱི་འདུ་ཤེས་ལ་འཇུག་པར་བྱེད་ལ། སེམས་ཅན་གྱི་ཁམས་ལ་ཡང་མི་གནས་ཤིང་ཆོས་ཀྱི་དབྱིངས་ཡིན་ལ། རྟག་ཏུ་ཆོས་ཀྱི་གཏམ་བྱེད་
Vol. 64 · folio 211b
པར་ཡང་སེམས་ཅན་རྣམས་ཀྱིས་ཤེས་སོ། །སྤྲིན་ཆེན་སྙིང་པོ་དེ་བས་ན་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་འཇུག་པའི་གནས་ཀྱི་གཞི་གཅིག་ཏུ་ཆད་པ་མེད་དེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་གྱི་རྒྱུ་བ་ལ་རྒྱུ་བར་མི་བྱེད་དོ། །འཇིག་རྟེན་
དང་འཐུན་པར་འཇུག་པའི་བྱ་བ་དུ་མ་དང་། སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར་ནི་རྒྱུ་བར་ཡང་བྱེད་དེ། རྟག་ཏུ་འཇིག་རྟེན་ཐམས་ཅད་དང་འཐུན་པར་འཇུག་ཅིང་གང་དང་གང་དུ་གདུལ་བར་བྱ་བ་རྣམས་སྣང་བ་དེ་དང་དེར་ཡང་བདག་ཉིད་སྟོན་ཏེ། དེ་བས་ན་མཚན་མ་མེད་པའི་འདུ་ཤེས་ལ་སྤྱོད་པ་ཞེས་བྱའོ། །
གང་གིས་མཚན་མའི་དངོས་པོ་ངན་པའི་འདུ་ཤེས་མཐོང་བ་དེས་ནི་ཡང་དག་པར་མཐོང་ངོ་ཞེས་ང་སྨྲའོ། །ལྷ་མོ་དྲི་མ་མེད་པའི་འོད་འདི་མཚན་མ་མེད་པའི་ཡེ་ཤེས་སྟོན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་འདི་སྟོན་པར་མཛད་དོ། །དེ་ནས་སྤྲིན་ཆེན་སྙིང་
པོས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་ལྷ་མོ་དྲི་མ་མེད་པའི་འོད་འདི་ནི་ཤིན་ཏུ་མཁས་ཏེ་ཕྲ་བ་ཤེས་པ་དང་ལྡན་ཞིང་མཚན་མ་མ་མཆིས་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་སྒོམ་པར་བགྱིད་དེ། ཤིན་ཏུ་ལེགས་པར་ཡང་དག་པར་མཐོང་བ་ལགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཐམས་
ཅད་མཁྱེན་ཅིང་ཐམས་ཅད་མཁྱེན་པ་དང་ལྡན་པས་འཛུམ་པ་མཛད་ནས་འོད་འཕྲོ་བ་སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ཅན་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་འོད་ཀྱིས་ཁྱབ་པར་གྱུར་
ནས་ཚངས་པའི་འཇིག་རྟེན་ལ་ཐུག་པའི་བར་དུ་སོང་སྟེ་སླར་ཡང་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག་པར་གྱུར་ཏེ། རིགས་ཀྱི་བུ་དཔེར་ན། བྱང་གི་སྒྲ་མི་སྙན་
གྱི་གླིང་རྟག་ཏུ་ཤིན་ཏུ་བརྒྱན་ཅིང་ཁོ་ར་ཁོར་ཡུག་ནས་ཡོངས་སུ་མཛེས་པར་བྱས་པ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལེགས་པར་བརྒྱན་པར་མཐོང་ངོ་། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་
Vol. 64 · folio 212a
ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་དོན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། ཅིའི་སླད་དུ་ནི་
འོད་ཟེར་རྣམས་བྱུང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སྔ་མའི་ཚེ་ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའི་མར་གྱུར་པའི་འོད་ཆེན་པོ་བྱུང་བ་མཐོང་ནས་ཁྱོད་ཀྱི་ཡིད་ལ་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས་ཞེས་ཟེར་བ་དེ་ཉིད་ཀྱི་དོན་དང་།
སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ང་འཛུམ་པ་མཛད་དོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མི་མཆོག་དེ་མཆི་ཤིག་པར་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འདི་ནི་ནུབ་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཏང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་མི་མཇེད་ན་ད་
ལྟར་འཛམ་བུའི་གླིང་པའི་མི་བསོད་ནམས་ཆུང་ངུ་རྣམས་ལ་ཕན་པ་དང་། བདེ་བ་དང་། ཡིད་དང་བ་སྐྱེ་བར་བྱ་བའི་ཕྱིར་སྤྲིན་ཆེན་པོ་ཞེས་བྱ་བའི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གྱི་ཆོས་ཆེན་པོ་སྟོན་གྱིས་སོང་ལ་ཏིང་ངེ་འཛིན་འདི་ཡང་ཟུང་ཤིག་ཅེས་གསུངས་སོ། །སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་འདིའི་རང་བཞིན་གྱི་
ལུས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་འདིའི་རང་བཞིན་གྱི་ལུས་ཀྱི་ངོ་བོ་ལ་དཔག་ཚད་ས་ཡ་ཕྲག་དགུ་དང་དགུ་འབུམ་མཆིས་ཏེ། ལུས་ཆེ་ཞིང་སྣང་བ་ཆེན་པོར་གདའ་བ་མཐོང་ལགས་ན། བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའ་ལུས་ཆེ་བ་འདིའི་མིང་ནི་ཅི་ཞེས་བགྱི། གལ་ཏེ་ཐ་མལ་
པའི་ལུས་འདི་འདྲ་བ་ལགས་ན་བསྒྱུར་བའི་ལུས་ཅི་འདྲ་བར་འགྱུར། ཇི་ལྟར་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་མཆིས་པ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འོད་མཐའ་ཡས་ཞེས་བྱ་བ་
Vol. 64 · folio 212b
ཐབས་ལ་མཁས་པ་འདི་ནི་ལྷ་མོ་དྲི་མ་མེད་པའི་འོད་འདི་ལུང་བསྟན་པ་ཡོངས་སུ་གཟུང་བ་དང་། སེམས་ཅན་ཐམས་ཅད་ཡིད་དང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བ་དང་། ངེས་པར་བསྒྲལ་བ་དང་། ཏིང་ངེ་འཛིན་འདི་ལ་མཆོད་པ་བྱ་བའི་ཕྱིར་འོངས་སོ། །གསོལ་པ། ལྷ་མོ་དྲི་
མ་མེད་པའི་འོད་གང་དུ་བུད་མེད་ཀྱི་ལུས་ལས་ལྡོག་པར་འགྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལུང་བསྟན་ཏུ་གསོལ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་བུད་མེད་ཀྱི་ལུས་ལས་གང་དུ་ལྡོག་པར་འགྱུར་ཞེས་དེ་ལྟར་མ་ལྟ་ཤིག་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟ་བུ་ལགས། བཀའ་སྩལ་པ།
འདི་ནི་བུད་མེད་མ་ཡིན་ཏེ། ལྷ་མོ་དྲི་མ་མེད་པའི་འོད་འདི་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱང་ཆུབ་སེམས་དཔའི་བྱ་བ་བྱེད་པ་ཡིན་ཏེ། སེམས་ཅན་འདུལ་བའི་དབང་གིས་བུད་མེད་ཀྱི་ལུས་འཛིན་པས་ན་འདི་ནི་ཐབས་ཀྱི་ལུས་ཡིན་པར་བལྟའོ། །ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་རྟག་ཏུ་ཐབས་ཐམས་ཅད་ལ་འཇུག་པའི་ཕྱིར་སེམས་ཀྱི་སྨོན་ལམ་གྱིས་སྨོན་པར་བྱེད་དེ་འདོད་བཞིན་དུ་བུད་མེད་ཀྱི་ལུས་ཀྱི་འདུ་ཤེས་ལ་འཇུག་གོ། །དེ་ལྟར་བུད་མེད་ཀྱི་ལུས་བསྒྲུབ་པའི་བསམ་པ་ལས་འཇུག་ཀྱང་འདོད་པའི་སེམས་ཀྱིས་གོས་པར་མི་འགྱུར་ཞིང་འདྲེས་པར་ཡང་མི་འགྱུར་རོ། །
གསོལ་པ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་རིགས་དང་། གྲོང་དང་བཅས་པར་ཆོ་ག་བཞིན་དུ་བཅོམ་ལྡན་འདས་ཀྱིས་འདིར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དྲི་མ་མེད་པའི་འོད་འདི་ནི་ང་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་
འོག་ཏུ་ལོ་བདུན་བརྒྱ་ལོན་པ་ན་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཡུལ་འཁོར་མུན་པ་ཅན་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། ཡུལ་འཁོར་ཆེན་པོ་དེ་ན་ཆུ་ཀླུང་ནག་པོ་བཟང་ཞེས་བྱ་བ་ཞིག་ཡོད་པ་དེའི་ལྷོ་ཕྱོགས་ཀྱི་འགྲམ་ན་གྲོང་ཁྱེར་དཔལ་ཡོན་ཅན་ངེས་པ་ཞེས་བྱ་བར་ཁམས་ཀྱི་རྒྱལ་པོ་བདེ་སྤྱོད་ཅེས་བྱ་བའི་རིགས་
སུ་འབྱུང་བར་འགྱུར་ཏེ། ཁམས་ཀྱི་རྒྱལ་པོ་དེའི་རིགས་རབས་གསུམ་ལོན་པ་ན་རྒྱལ་པོ་དཔལ་འཕེལ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། རྒྱལ་པོ་དེའི་བུ་མོ་སྙིང་དུ་སྡུག་ཅིང་བྱམས་ལ་ཡིད་དུ་འོང་བ་དང་། གནང་བ་དང་མཆོག་ཏུ་མཛེས་ཤིང་གཟུགས་བཟང་ལ་རིགས་ཀྱི་སྤྱོད་པའི་ཚུལ་ཕུན་སུམ་ཚོགས་པ་སྐྱོང་
Vol. 64 · folio 213a
བའི་རང་བཞིན་ཅན་དུ་སྐྱེ་བར་འགྱུར་ཏེ། དེའི་ཚེ་དེའི་དུས་ན་བུ་མོ་དེ་ཇི་ཙམ་དུ་སྐྱེས་པ་དེ་ཙམ་དུ་བདག་ཉིད་ཀྱི་རྒྱལ་པོའི་ཕོ་བྲང་འཁོར་འཕེལ་བར་བྱེད་དེ། རྒྱལ་པོའི་ཕོ་བྲང་འཁོར་དེ་འབྱོར་ཅིང་རྒྱས་པར་འགྱུར་རོ། །དེ་བཞིན་དུ་མུན་པ་ཅན་གྱི་ཡུལ་འཁོར་ཡང་དེའི་ཚེ་འབྱོར་ཅིང་རྒྱས་པར་འགྱུར་ཏེ་སྐྱེ་བོ་མང་པོས་ཀྱང་གང་བར་འགྱུར་རོ། །
འབྲུ་རྣམས་ཀྱི་ལོ་ཏོག་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་འགྱུར་རོ། །མི་རྣམས་ཀྱང་བདེན་པར་སྨྲ་བར་འགྱུར་རོ། །ནད་མེད་པ་དང་། འཇིགས་པ་མེད་པ་དང་། བདེ་བར་ཡང་འགྱུར་རོ། །དེ་ནས་བུ་མོའི་ཕ་རྒྱལ་པོ་དཔལ་འཕེལ་གྱིས་བདག་ཉིད་ཀྱི་བསོད་ནམས་ཀྱིས་གྲོང་ཁྱེར་དང་། ཡུལ་འཁོར་འབྱོར་ཅིང་རྒྱས་ལ་ཡུལ་གྱི་མི་རྣམས་ཤིན་
ཏུ་ལེགས་པར་འཁོད་པ་དང་། འབྲུ་ཤིན་ཏུ་ཚོགས་པར་མཐོང་ནས་བདག་ཉིད་ཀྱི་བུ་མོའི་མིང་ལོ་ཏོག་འབྱོར་མ་ཞེས་ཡོན་ཏན་དང་འཐུན་པའི་མིང་འདོགས་སོ། །དེ་ནས་རིམ་གྱིས་རྒྱལ་པོ་དཔལ་འཕེལ་རང་གི་བསོད་ནམས་ཟད་ནས་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་ནས་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་གྱི་མི་རྣམས་འདུས་ཏེ།
གཞོན་ནུ་རྒྱལ་པོ་ནུས་པ་འགའ་ཡང་མེད་ཀྱིས་ལྷ་མོ་ལོ་ཏོག་འབྱོར་མ་འདི་ཉིད་རྒྱལ་པོར་དབང་བསྐུར་ལ་རྒྱལ་པོའི་ཕོ་བྲང་དུ་དེ་འདྲ་བའི་གཞོན་ནུ་འགའ་ཞིག་མིང་ཁྱེར་ཙམ་དུ་བཞག་སྟེ། དེ་ལྟར་བྱས་ན་ལེགས་སོ་སྙམ་མོ། །དེ་ནས་ལྷ་མོ་དེ་དང་། རྒྱལ་བུ་གཞོན་ནུ་དེ་རྒྱལ་པོ་བྱེད་དུ་བཅུག་སྟེ། ཕོ་འུད་ཏི་མོ་འུད་ཏི་བཞིན་དུ་སྙད་
བཏགས་ནས་བདག་ཉིད་ཀྱི་ཡུལ་དུ་བདག་ཉིད་ཀྱིས་བུད་མེད་ཀྱི་གཟུགས་ཀྱིས་རྒྱལ་སྲིད་ཆེན་པོ་ཡོངས་སུ་སྤྱད་དེ། མུ་སྟེགས་ཅན་ངན་པའི་སྡེ་མངོན་པར་འདུལ་བར་བྱེད་ཅིང་འཛམ་བུའི་གླིང་གི་ས་གཞི་ཐམས་ཅད་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མངོན་མཚན་ཅན་དུ་བྱས་ནས་བཀུར་སྟིར་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་
པར་བྱེད་དེ། རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་ཆེན་པོ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་བ་དན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྣམ་པར་རྒྱལ་བའི་བ་དན་རྣམས་དང་། སྤོས་ཐམས་ཅད་ཀྱིས་བསྒོས་པའི་ཙན་དན་གྱི་ཕྱེ་མ་དང་། སྤོས་དང་། མེ་ཏོག་ཐམས་ཅད་དང་། རྔ་པ་ཊ་ཧ་དང་། ཁར་རྔ་དང་། རྫ་རྔ་དང་། པི་བང་དང་། གླིང་
བུ་དང་། སིལ་སྙན་བརྒྱ་ཕྲག་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་འཛམ་བུའི་གླིང་ཐམས་ཅད་བསྐོར་ཏེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་རྣམས་ལ་ཆོས་གོས་དང་། བསོད་སྙོམས་དང་མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་དང་ལྡན་པར་བྱས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱད་པ་སྤྱོད་ཅིང་རྟག་ཏུ་
Vol. 64 · folio 213b
བསླབ་པའི་གཞི་ལྔ་བཟུང་ནས་དབུལ་པོ་ལ་སོགས་པ་ཁྱིམ་བཀོལ་གྱི་སེམས་ཅན་ཐམས་ཅད་གང་དང་གང་ལ་ཅི་དང་ཅིས་དོན་དུ་འགྱུར་བ་དེ་དང་དེ་ལ་དེ་དང་དེ་བྱིན་ནས་འདུ་ཤེས་བཅུའི་བསྡུ་བས་བསྡུས་ཏེ་སྤྱོད་པར་བྱེད་ཅིང་། སེམས་ཅན་བྱེ་བ་ཕྲག་མང་པོ་དག་རིམ་བཞིན་དུ་བཏུལ་ཏེ་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་
ཤེས་ནས། སྤྲིན་ཆེན་སྙིང་པོའི་མདོ་འདི་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་མཚུངས་པ་མེད་པའི་མདོ་རིན་པོ་ཆེའི་དམ་པའི་ཆོས་བསྟན་པ་འབྱུང་བར་བྱ་བའི་ཕྱིར་ཅིའི་ཐབས་ཀྱིས་ཀྱང་མཚུངས་པ་མེད་པའི་སྒྲ་སྒྲོགས་པར་བྱེད་ཅིང་། མཚུངས་པ་མེད་པའི་གླེགས་བམ་བྲིས་པའི་སྣོད་སངས་རྒྱས་ཀྱིས་གང་དང་
གང་དུ་བྱིན་གྱིས་བརླབས་པའི་གནས་རྣམས་སུ་འཇོག་པར་བྱེད་དེ། དེ་ལྟར་མཚུངས་པ་མེད་པའི་ས་བོན་བསྐྱེད་ནས་དེའི་འོག་ཏུ་འཆི་བའི་དུས་བྱེད་པར་འགྱུར་རོ། །དེའི་ཚེ་ལྷ་མོ་ལོ་ཏོག་འབྱོར་མ་ཤེས་རབ་ཆེན་མོ་ཐབས་མཁས་པ་ཟབ་མོ་ཤེས་པ་དང་ལྡན་པའི་ལྷ་མོས་བུད་མེད་ཀྱི་ལུས་ལས་ལྡོག་པར་འགྱུར་རོ། །སྤྲིན་ཆེན་སྙིང་
པོས་གསོལ་པ། བཅོམ་ལྡན་འདས་ཅི་ལྷ་མོ་འདི་སེམས་ཅན་ཐམས་ཅད་ཀྱི་དད་པ་བསྐྱེད་པའི་སླད་དུ་ཆོ་འཕྲུལ་ཆེན་པོ་བགྱིས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ཅི་ལྷ་མོ་འདི་ཆོ་འཕྲུལ་ཆེན་པོ་བྱེད་མི་ནུས་ཞེས་ཁྱོད་སྨྲའམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ།
སྤྲིན་ཆེན་སྙིང་པོ་ལྷ་མོ་འདི་ཆོ་འཕྲུལ་ཆེན་པོ་སྟོན་མི་ནུས་སོ་ཞེས་དེ་སྐད་མ་ཟེར་ཅིག །འོན་ཀྱང་འདུལ་བའི་དབང་གིས་ནི་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདི་ན་ལྷ་མོ་འདི་ལ་སོགས་པ་དགེ་སློང་ངམ། དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པར་གྱུར་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བའི་སེམས་ཅན་
དེ་གང་ཡང་མེད་དེ་དེ་ནི་གནས་མེད་དོ། །སྤྲིན་ཆེན་སྙིང་པོ་དེ་བས་ན་མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་ཐམས་ཅད་ཀྱི་དད་པ་བསྐྱེད་པའི་ཕྱིར་མདོ་འདི་ལས་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པར་བྱེད་དོ་ཞེས་ང་སྨྲའོ། །སྤྲིན་ཆེན་སྙིང་པོ་དེའི་ཚེ་ལྷ་མོ་འདི་བུད་མེད་ཀྱི་ལུས་ལས་བཟློག་ནས་དེ་བཞིན་
གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བ་ལེན་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་བདེ་བ་ཉམས་སུ་མྱོང་ནས་རིམ་གྱིས་སངས་རྒྱས་སུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པ་དང་ལྡན་པའི་ལྷ་མོ་འདི་ཡུན་ཇི་སྲིད་ཅིག་ན་སངས་རྒྱས་སུ་
Vol. 64 · folio 214a
འགྱུར་འདིའི་མིང་ཡང་ཇི་སྐད་ཅེས་བགྱི་བར་འགྱུར། བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་ནི་ཅི་འདྲ་བར་འགྱུར། བཀའ་སྩལ་པ། ལྷ་མོ་འདི་ནི་བསྐལ་པ་གྲངས་མེད་པ་ཕྲག་ལྔ་བརྒྱ་འདས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གཙང་ཞིང་བདེན་
པའི་མཚམས་འཕེལ་བར་མཛད་པ་ཞེས་བྱ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་ཞེས་བྱ་བར་འགྱུར་རོ། །བསྐལ་པ་ནི་གཙང་ཞིང་བདེན་པའི་མཚམས་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དེ་འབྱོར་པར་འགྱུར། རྒྱས་པར་འགྱུར། བདེ་བ་དང་།
ཉམས་དགའ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བར་འགྱུར་རོ། །འབྱོར་ཅིང་རྒྱས་པར་གྱུར་པ་དེའི་ཚེ་འཛམ་བུའི་གླིང་འདིར་གྲོང་ཁྱེར་གཙང་མ་བསུང་ལྡན་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། གྲོང་ཁྱེར་གཙང་མ་བསུང་ལྡན་དུ་མི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་བར་འགྱུར་རོ། །དཔེ་
མེད་པའི་གྲོང་ཁྱེར་དེར་ར་བ་དང་། ཡང་ཏོག་དང་། བླ་འཚོགས་དང་། འོབས་དཔེ་མེད་པ་དག་ཀྱང་འབྱུང་བར་འགྱུར་རོ། །དག་ཅིང་ཉོན་མོངས་པ་ཞི་བར་བྱེད་པའི་ཆུའི་ཀླུང་ནག་པོ་བཟང་ཞེས་བྱ་བ་ནི་དེའི་ཚེ་གཙང་མ་བཟང་པོ་ཞེས་བྱ་བར་འགྱུར་ཏེ། འགྲམ་ཕ་རོལ་ཚུ་རོལ་དཔེ་མེད་པའི་ཤིང་ལྗོན་པའི་ཀུན་དགའ་ར་བ་ཉམས་
དགའ་བ་དང་ལྡན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དེ་ཡང་འདི་ལྟ་སྟེ་དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་བཞིན་ཏེ། རི་དང་། རྡོ་དང་། བོང་བ་དང་། གྱོ་མོ་དང་། གསེག་མ་ལ་སོགས་པ་མེད་པར་འགྱུར་ཞིང་མུ་སྟེགས་ཅན་གྱི་མིང་ཡང་མེད་པར་འགྱུར་རོ། །ཉན་ཐོས་དང་། རང་
སངས་རྒྱས་ཐམས་ཅད་ཀྱི་མིང་ཡང་མི་གྲག་པར་འགྱུར་རོ། །སྐྱེས་པ་དང་བུད་མེད་དག་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་འབྱུང་བར་འགྱུར་རོ། །དེ་ན་ཉན་ཐོས་དང་། རང་སངས་རྒྱས་ཤེས་པའི་གཏམ་གྱི་མིང་ཡང་མེད་དེ། ཐེག་པ་ཆེན་པོའི་མདོའི་གཏམ་རྒྱས་པར་སྟོན་པར་འགྱུར་རོ། །བདུད་དང་ཕྱིར་རྒོལ་བ་བཅོམ་པའི་
Vol. 64 · folio 214b
སེམས་ཅན་རྣམས་འབྱུང་བར་འགྱུར་རོ། །དག་ཅིང་བཟོད་པ་ཆེན་པོའི་རྙེད་པ་ཐོབ་པ་དག་འབྱུང་བར་འགྱུར་རོ། །ས་གཞི་ཡང་ནོར་བུ་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པར་འགྱུར་ཏེ། འཛམ་བུའི་ཆུ་བོའི་གསེར་གྱི་མེ་ཏོག་དང་། པད་མ་ཐམས་ཅད་ཀྱིས་སྤྲོས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡང་ཚེ་དཔག་ཏུ་
མེད་པར་འགྱུར་རོ། །དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཚད་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ནི་གྲོང་ཁྱེར་གཙང་མ་བསུང་ལྡན་དུ་བཞུགས་པར་འགྱུར་རོ། །བཅོམ་ལྡན་འདས་དེའི་སྨོན་ལམ་གྱི་ཁྱད་པར་གྱིས་ན་མ་འོངས་པའི་སེམས་ཅན་གྱི་ཚོགས་མང་པོ་དག་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་
ཙམ་གྱིས་རང་གི་ལུས་ལས་ཤི་འཕོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དེར་གྲོང་ཁྱེར་གཙང་མ་བསུང་ལྡན་དུ་སྐྱེ་བར་འགྱུར་ཞེས་ང་སྨྲའོ། །ངན་སོང་བཞི་ཡང་དེ་དག་གི་སྤྱོད་ཡུལ་གྱི་སར་མི་འགྱུར་རོ། །སྤྲིན་ཆེན་སྙིང་པོ་དེ་བས་ན་ང་ནི་བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དང་།
བསྐལ་པ་གཙང་ཞིང་བདེན་པའི་མཚམས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གཙང་ཞིང་བདེན་པའི་མཚམས་འཕེལ་བར་མཛད་པ་ཞེས་བྱ་བ་ཡོན་ཏན་གཟུང་བ་སྨྲའོ། །དེ་ནས་འཁོར་ཆེན་པོའི་ནང་ནས་ལྷ་དང་མིའི་ཚོགས་ཚད་མེད་པས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ཏེ་གར་བྱས། གླུ་བླངས་
ནས་བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ། །འདི་ནི་མ་འོངས་པའི་སེམས་ཅན་བྱེ་མ་སྙེད་དག་ལུང་སྟོན་པ་སྤྲིན་ཆེན་པོའི་མདོ་ཚེག་བར་བརྒྱད་པར་སྦྱར་བའི་ལེའུ་འབུམ་པ་ལས་ལུང་བསྟན་པའི་རྒྱུད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། སྤྲིན་ཆེན་
སྙིང་པོ་ལ་སོགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྲིན་
ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words