འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ
Sanskrit title (Tibetan script, as in the text) ཨཱརྱ་སཱུརྱ་གརྦྷ་ནཱ་མ་མ་ཧཱ་བཻ་བུ་ལྱཾ་སཱུ་ཏྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 66 · folio 91b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སཱུརྱ་གརྦྷ་ནཱ་མ་མ་ཧཱ་བཻ་བུ་ལྱཾ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་
གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་གྲངས་མེད་དཔག་ཏུ་མེད་པ་དག་ནས་དེར་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད། དཔག་ཏུ་མེད།
བརྗོད་དུ་མེད་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་སོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ནས་དེར་འདུས་ཏེ་ལྷགས་པའི་ཉན་ཐོས་ཆེན་པོ་གྲངས་མེད། དཔག་ཏུ་མེད། བརྗོད་དུ་མེད་པ་དག་གིས་ཀྱང་ཡོངས་སུ་བསྐོར་ཅིང་མདུན་གྱིས་
བལྟས་སོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ནས་འདིར་ལྷགས་པ་བརྒྱ་བྱིན་དང་། ཚངས་པའི་དབང་པོ་དང་། ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་
མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་གྲངས་མེད། དཔག་ཏུ་མེད། བརྗོད་དུ་མེད་པ་དག་གིས་ཀྱང་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ས་དང་ནམ་མཁའ་ལ་འགྲོ་བའི་ལམ་གང་བར་གྱུར་ཏོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པ་དང་།
གཟུགས་ན་སྤྱོད་པའི་ལྷ་གཞན་དང་གཞན་དག་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཞན་དང་། གཞན་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་ལྷགས་ནས། བཅོམ་ལྡན་འདས་ལ་གྱེན་དུ་ལྟ་
ཞིང་། བཅོམ་ལྡན་འདས་རིང་པོ་མི་ཐོགས་པར་མཐར་ཕྱིན་པ། ནམ་མཁའ་ལྟར་སྣང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་འབྱེད་པ། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་འཆི་བ་མེད་པའི་སྒོ། ཚངས་པའི་གནས་པ་ལུང་བསྟན་པ་སྟོན་པ་ན་ཅང་མི་སྨྲ་བར་འཁོད་དེ་ཐམས་
Vol. 66 · folio 92a
ཅད་དང་ལྡན་པའི་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ས་དང་ནམ་མཁའི་ལམ་གང་བར་གྱུར་ཅིང་། ད་དུང་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཆར་གྱི་སྟོན་པས་ཚིམ་པར་མ་གྱུར་ནས་ཐལ་མོ་དག་རབ་ཏུ་སྦྱར་ཏེ། བཅོམ་ལྡན་འདས་ཁོ་ན་ལ་བལྟ་ཞིང་འཁོད་པ་ནི་དཔེར་ན་
ནད་པ་དག་སྨན་པ་ལ་ལྟ་བར་བྱེད་པ་བཞིན་དང་། མུན་པས་ཁེབས་པ་དག་སྣང་བ་ལ་ལྟ་བར་བྱེད་པ་བཞིན་དང་། ཆུ་བོས་ཁྱེར་བ་དག་ཆུ་འགྲམ་དུ་ལྟ་བར་བྱེད་པ་བཞིན་དང་། སྡུག་བསྔལ་བར་གྱུར་པ་དག་སྐྱབས་ལ་ལྟ་བར་བྱེད་པ་བཞིན་ཏེ། དེ་ལྟར་མི་མཇེད་ཀྱི་སངས་རྒྱས་ཀྱི་
ཞིང་ཐམས་ཅད་ས་དང་ནམ་མཁའི་ལམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། ཉན་ཐོས་དག་དང་། དབང་པོ་བརྒྱ་བྱིན་དག་ནས་ལྟོ་འཕྱེ་ཆེན་པོའི་དབང་པོ་དག་གི་བར་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་གཞན་དང་གཞན་དག་ནས་མི་དང་
མི་མ་ཡིན་པ་རྣམས་གཞན་དང་གཞན་དག་གི་བར་བཅོམ་ལྡན་འདས་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ལ་ལྟ་ཞིང་ཐལ་མོ་རབ་ཏུ་སྦྱར་ཏེ་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དེའི་ཚེ་ཚངས་པ་ཆེན་པོ་པད་མ་འབར་བའི་དཔལ་ཞེས་བྱ་བ་སངས་རྒྱས་མང་པོ་ལ་ལྷག་པར་བྱ་བ་བྱས་པ་དགེ་
བའི་རྩ་བ་བསྐྱེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། ཆོས་ལ་དམིགས་པའི་བྱམས་པ་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པར་གྱུར་ཏོ། །དེ་ནས་ཚངས་པ་ཆེན་པོ་པད་མ་འབར་བའི་དཔལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་
པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པ་འདིས་ཆོས་བཤད་པར་གསོལ་བ་བཏབ་བོ། །རིང་དུ་གཤེགས་ཤིང་མྱུར་བའི་རྒྱུན་དང་ལྡན། །ཟད་པ་ལྷུར་མཛད་
མི་གཡོ་འོད་གསལ་བ། །རྟོགས་པ་ཐམས་ཅད་སྐྱེད་པར་མཛད་པ་པོ། །ཁྱོད་གསུང་རབ་ཞི་རྒྱུ་སྐར་ཚུལ་མཁྱེན་མཁས། །དབུགས་རྔུབ་པ་དང་འབྱུང་བ་དྲན་པ་མཁྱེན། །ཚངས་པའི་གནས་པ་བཞི་པོ་དག་དང་ལྡན། །སྲིད་པ་གསུམ་པོ་ཇི་ལྟར་དག་འགྱུར་བར། །སེམས་ཅན་འགྲོ་
Vol. 66 · folio 92b
བ་སྤོང་བར་མཛད་པ་པོ། །ཚུལ་གཅིག་ལྡན་པ་ཉིད་ཀྱི་མཁྱེན་མངའ་བ། །ལྷ་མི་རྣམ་པ་མང་པོ་ཁྲི་དག་ཀྱང་། །སོམ་ཉི་རྒལ་མཛད་དགེ་བརྙེས་ཆུ་བོ་རྒལ། །བདེ་འགྲོའི་མཁྱེན་པ་མྱུར་དང་ལྡན་པ་པོ། །བྱང་ཆུབ་སྤྱོད་དང་སངས་རྒྱས་ཆོས་མངོན་སུམ། །སེམས་གཡོ་
སེམས་ཅན་ཁ་ཅིག་འདོད་ཀླུང་ལྷུང་། །མུན་པས་ཁེབས་ཤིང་མིག་དང་མི་ལྡན་པའི། །སྡུག་བསྔལ་ཐམས་ཅད་བཅོམ་པར་གྱུར་ལགས་པ། །མ་ཐོས་དགེ་བྲལ་སློབ་དཔོན་མཁས་ལྡན་པའི། །སྐྱེ་བོ་བྲལ་ལ་མི་དབང་ཐུགས་རྗེ་སྐྱེད། །མཉམ་པའི་ཆོས་ཉན་སྐྱེ་བའི་ཕ་རོལ་
མཆི། །སྲིད་པ་གཅོད་པ་བཤད་པར་མཛད་དུ་གསོལ། །སྐྱེ་ཀླུང་ཕ་རོལ་གཤེགས་ཐུབ་ཐུགས་རྗེས་གསུངས། །བློ་འཆལ་སྐྱེ་མང་སྲེད་པའི་དྲ་བའི་ལམ། །དེ་དག་ཐམས་ཅད་ཉོན་མོངས་རྩ་བ་ཅན། །དེར་ནི་སེམས་ཅན་འཁྱམས་འགྱུར་གཅད་དུ་གསོལ། །གང་དུ་སྡུག་
བསྔལ་རབ་ཞི་དབང་དྲུག་དང་། །ཡིད་ཀྱང་ཞི་འགྱུར་སྲེད་སྐྱོན་རྒྱལ་བ་གསུང་། །སྲེད་པ་བྲལ་བ་སྲེད་རྒྱུ་མི་མངའ་བ། །སེམས་ཅན་གདུང་བ་དཔལ་ཀུན་བྲལ་གྱུར་པ། །དེ་སླད་ཐུབ་པ་ཐུགས་བརྩེ་བ་ཡི་རྒྱུས། །སྲེད་པ་ཡི་ནི་ཆུ་ཀླུང་སྐེམས་མཛད་པ། །མྱུར་དུ་བདེ་ཞིང་འཆི་
བ་མ་མཆིས་པའི། །ཆོས་ཀྱང་སྲེད་པ་གཅོད་པ་བཤད་པར་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་པད་མ་འབར་བའི་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་དག་སྔོན་ཆད་ཕ་རོལ་ཕྱིན། །སྤྱོད་པ་སྤྱད་ཅིང་སྤྱོད་འགྱུར་བ། །དེ་དག་ཉན་ཐོས་ཆོས་རྣམས་ལ། །
ནམ་ཡང་དགའ་བར་མི་བྱ་སྟེ། །སངས་རྒྱས་ཆོས་ལས་ཉམས་འགྱུར་བའི། །ལྟུང་བ་གཉིས་པ་གཞན་མེད་དེ། །དེ་ནི་ཡང་དང་ཡང་དུ་ཡང་། །གཉི་གར་སེམས་ནི་འཇུག་པ་ཡིན། །ཁྲོ་དང་ཉན་ཐོས་ཆོས་རྣམས་དང་། །རྐྱེན་གྱི་བྱང་ཆུབ་འཇུག་པ་ཡི། །ཆོས་གསུམ་རྣམ་པར་
སྤངས་པས་ན། །སངས་རྒྱས་ཆོས་རྣམས་རྫོགས་པར་འགྱུར། །སྐྱེ་གནས་བཞི་ལྡན་སེམས་ཅན་འདི། །སངས་རྒྱས་ཞིང་འདིར་ལྷགས་པ་དག །ཐམས་ཅད་འདོད་པ་རྟེན་མི་བྱེད། །ཐམས་ཅད་མི་སྡུག་ཐོབ་པ་ཡིན། །འདི་ན་སེམས་ཅན་མཁས་པ་གང་། །བྱང་ཆུབ་
Vol. 66 · folio 93a
མཆོག་གི་ཕྱིར་ཞུགས་ཤིང་། །གང་བློ་གཟུངས་དང་བཟོད་པ་ལ། །བརྩོན་ཞིང་ལེགས་པར་གོམས་བྱས་ལ། །དབང་པོ་དྲུག་གི་སྒོ་བསྡམས་ཤིང་། །སྐྱིལ་མོ་ཀྲུང་གིས་དྲན་གཞག་ནས། །རང་གི་སྤྱོད་ཡུལ་ས་ནོན་པ། །ཕྱི་མའི་དུས་ཀྱི་དེ་བཞིན་གཤེགས། །
ནོར་བདུན་རབ་ཏུ་རྫོགས་པའང་ཡིན། །འདིར་ནི་མི་སྡུག་ཚུལ་བཤད་ན། །ཀུན་གཞི་གང་ཡིན་སེམས་ཅན་གྱི། །འཆིང་བ་བརྟན་པ་འདིར་བཅད་འགྱུར། །ངས་ནི་ཆོས་ཀྱི་སེར་སྣ་སྤངས། །སེམས་ཅན་སྲུང་ཕྱིར་མ་བཤད་དེ། །འདི་ལ་བྱང་ཆུབ་སེམས་དཔའ་ཡིས། །བྱང་
ཆུབ་ཕྱིར་སེམས་འདིར་མ་བཏང་། །ཕྱོགས་བཅུའི་སངས་རྒྱས་དེ་དག་གིས། །ཆོས་འདི་ཡུན་རིང་གནས་བྱ་ཞེས། །ས་འདི་ཡོངས་སུ་སྤྱད་མཛད་ཅིང་། །ས་འདི་བྱིན་གྱིས་བརླབས་པ་ཡིན། །དེ་བཞིན་དུ་ནི་ཁྱོད་ཀྱིས་ཀྱང་། །ཞིང་འདི་ལ་ནི་རྩེ་བར་བྱོས། །དེ་བཞིན་བཟོད་པ་
དག་གིས་རྩེས། །བསྡམས་ནས་ཡུན་རིང་གནས་པར་བྱོས། །ཉན་ཐོས་ཐེག་པ་ངས་བཤད་དེ། །སེམས་ཅན་ཆགས་ལས་ཐར་བྱ་ཞིང་། །ཕུང་པོ་དག་དང་ཁམས་རྣམས་དང་། །སྐྱེ་མཆེད་སྟོང་པ་ངས་བཤད་དེ། །ཞི་གནས་རྣམ་པ་བཅུ་གསུམ་དང་། །ལྷག་མཐོང་ང་ཡིས་
བཤད་བྱ་སྟེ། །འདོད་པའི་འཆིང་བས་དམ་བཅིངས་པའི། །སེམས་ཅན་དེ་ཡིས་རྣམ་དག་འགྱུར། །སེམས་ཅན་རྣམས་ལ་སྙིང་བརྩེ་བས། །ཉན་ཐོས་རྣམས་ཀྱི་བདེན་པ་བཞི། །ཆོས་རྣམས་རྟག་ཏུ་ཡུན་གནས་དང་། །ཟག་པ་མེད་ཕྱིར་ངས་བཤད་དོ། །ཉན་ཐོས་བདེན་པས་
འདུལ་བ་ནི། །སྲིད་པའི་མཚོ་ལས་ངས་བསྒྲལ་ལོ། །བྱང་ཆུབ་སྤྱོད་པ་ཐམས་ཅད་ཀྱང་། །ཕྱི་ནས་ཁྱེད་ལ་བསྟན་པར་བྱའོ། །དེ་ནས་དེའི་ཚེ་ཐམས་ཅད་དང་ལྡན་པའི་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ད་ལྟར་དེ་བཞིན་གཤེགས་
པ་འདི་ནི་ཉན་ཐོས་ཀྱི་གཏམ་ཡང་དག་པར་རབ་ཏུ་སྟོན་པར་མཛད་ཀྱི། ཐེག་པ་ཆེན་པོའི་གཏམ་ནི་མི་མཛད་དོ་སྙམ་མོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ད་ལྟར་དེ་བཞིན་གཤེགས་པ་འདི་ནི་སངས་རྒྱས་ཀྱི་ཞིང་འདིར་ས་ཡོངས་སུ་སྤྱད་པའི་
Vol. 66 · folio 93b
ཕྱིར་དང་། མ་འོངས་པའི་དུས་ན་ཆོས་ཀྱི་ཚུལ་རིང་དུ་གནས་པར་བྱ་བའི་ཕྱིར་དང་། ད་ལྟར་སངས་རྒྱས་ཀྱི་ཞིང་འདིར་གང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དང་། མ་འོངས་པའི་དུས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་དང་། སེམས་ཅན་ཆོས་ལ་མངོན་པར་བརྩོན་པ་དག་དང་། ཆོས་ལ་གནས་པ་དག་དང་།
ཡོན་ཏན་གྱིས་ཕྱུག་པ་དག་དང་། ཚུལ་ཁྲིམས་ཀྱི་དྲི་དང་ཡང་དག་པར་ལྡན་པ་རྣམས་བདེ་བ་ལ་རེག་པ་དང་། རྣམ་པར་ཐོ་འཚམ་པ་མེད་པར་བྱ་བའི་ཕྱིར་དང་། བྱང་གྲོལ་གྱི་བདེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཇི་ནས་སངས་རྒྱས་ཀྱི་ཞིང་འདི་ཤིན་ཏུ་ཡོན་ཏན་དག་གིས་
བསྒོ་བར་བྱ་བའི་ཕྱིར་དང་། ཕྱོགས་བཅུ་ན་གནས་པའི་སངས་རྒྱས་ཀྱི་ཞིང་གཞན་ཐམས་ཅད་ཀྱང་བསྒོ་བའི་འོས་སུ་གྱུར་པ་དང་། བླ་མ་ལ་གུས་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པར་བྱ་བའི་ཕྱིར་བདག་ཅག་ནང་དུ་ཡང་དག་པར་འཇོག་པར་བཞེད་པས། མ་ལ་བདག་ཅག་གིས་
ད་དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་རྫོགས་པར་བྱ་སྟེ། བདག་ཅག་ཐམས་ཅད་ཀྱིས་སའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འཁོད་པར་བྱ་ཞིང་། རང་རང་གི་རྣམ་པ་སྣ་ཚོགས་ཀྱི་མཆོག་ཐམས་ཅད་དང་ལྡན་པའི་བཟོད་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། རྣལ་འབྱོར་
དག་གིས་གནས་པ་དག་ཏུ་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་བརྒྱས་ངེས་པར་བྱུང་བ་དག་དང་། གང་དག་ས་བཅུ་དག་དང་། གང་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་གནས་པའི་བར་དག་དང་། གང་དག་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གཞན་ལ་རག་མ་ལས་པའི་ཡེ་ཤེས་ལ་མཁས་པ་དག་དང་། མི་འཇིགས་པ་ཐོབ་པ་དག་གི་བར་དེ་དག་ཐམས་ཅད་ས་སྟེང་འདིར་སྐྱིལ་མོ་ཀྲུང་གིས་འཁོད་པར་གྱུར་ཏོ། །དེ་བཞིན་དུ་རང་རང་གི་རྣམ་པ་སྣ་ཚོགས་ཀྱི་མཆོག་ཐམས་ཅད་ཀྱི་བཟོད་པ་
Vol. 66 · folio 94a
དང་། གཟུངས་དང་། ཏིང་ངེ་འཛིན་དག་ལ་མཉམ་པར་གཞག་པ་དག་ཏུ་གྱུར་ཏོ། །ཡང་དེའི་ཚེ་བསོད་ནམས་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་རྒྱུ་འཐུན་པའི་རྒྱུའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པར་གཞོག་པ་དེ་དག་དང་། བྱང་ཆུབ་
སེམས་དཔའ་ཆེན་པོ་བསམ་གཏན་བྱེད་པ་དེ་དག་ལས་ཁ་ཅིག་གི་ལུས་ལས་འོད་འདི་ལྟ་བུ་བྱུང་སྟེ། དཔེར་ན་མར་མེའི་འོད་ལྟ་བུའོ། །ཁ་ཅིག་གི་ནི་སྐར་མདའ་དང་མཉམ་པ་དག་གོ། །ཁ་ཅིག་གི་ནི་བརྒྱ་བྱིན་དང་མཉམ་པ་དག་གོ། །ཁ་ཅིག་གི་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་
དང་མཉམ་པ་ནས་ཁ་ཅིག་གི་ནི་ཟླ་བ་དང་མཉམ་པའི་བར་དག་གོ། །ཁ་ཅིག་གི་ནི་ཉི་མ་དང་མཉམ་པ་དག་གོ། །ཁ་ཅིག་གི་ནི་ཉི་མ་གཉིས་དང་མཉམ་པ་དག་གོ། །ཁ་ཅིག་གི་ནི་ཉི་མ་གསུམ་དང་མཉམ་པ་དག་གོ། །ཁ་ཅིག་གི་ནི་ཉི་མ་ལྔ་དང་མཉམ་པ་དག་གོ། །ཁ་ཅིག་གི་ནི་
ཉི་མ་སྟོང་དང་མཉམ་པའི་བར་དག་གོ། །ཁ་ཅིག་གི་ནི་ལུས་ལས་ནི་ཉི་མ་བྱེ་བ་བརྒྱ་སྟོང་དང་མཉམ་པའི་འོད་དག་བྱུང་སྟེ། མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་སྔོན་མ་མཐོང་མ་ཐོས་པའི་སྣང་བ་ཆེན་པོ་རྒྱ་ཆེ་བ་དེ་ལྟ་བུས་འཇིག་རྟེན་ཁྱབ་པར་གྱུར་ཏོ། །དེ་དག་གི་ལུས་
ལས་མཆོག་ཏུ་སེམས་ཅན་གཞན་དག་གི་ལུས་དང་སེམས་ཀྱི་བདེ་བ་ལ་རེག་པ་དང་། དགའ་བ་དང་། རབ་ཏུ་ཚིམ་པར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ལྟ་བ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ལུས་ཀྱི་གནས་ངན་ལེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་
པ། བཀྲེས་པ་དང་སྐོམ་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཁྲོ་བ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། ཉོན་མོངས་པ་དང་། འཆིང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འོད་བྱུང་སྟེ། སངས་རྒྱས་ཀྱི་ཞིང་འདི་ན་སྲིད་
པ་གསུམ་གྱི་བཙོན་རའི་སྡུག་བསྔལ་གྱི་འཇིགས་པ་ཐམས་ཅད་ཀྱི་བར་རབ་ཏུ་ཞི་བར་བྱེད་དོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ན་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འབབ་པ་དག་དང་། ཆོས་ལ་འབབ་པ་དག་དང་། དགེ་འདུན་གྱི་ཡོན་ཏན་ལ་དགའ་བ་ལ་མཁས་པ་དག་འཁོད་
Vol. 66 · folio 94b
པར་གྱུར་ཏོ། །ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ཕྱོགས་བཅུའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་པ་དང་། སྟོང་པ་མ་ཡིན་པ་དག་དང་། ཡོངས་སུ་དག་པ་དང་། ཡོངས་སུ་དག་པ་མ་ཡིན་པ་དག་ན་ཀུན་ནས་ལྷམ་མེ། ལྷན་ནེ། ལྷང་ངེར་ཡང་དག་པར་
སྣང་བ་ནི་འདི་ལྟ་སྟེ། མཚན་མོ་མུན་པ་བྱུང་བ་ན་ཟླ་བ་དང་། ཉི་མ་བརྒྱ་སྟོང་ཤར་ནས་ལྷམ་མེ། ལྷན་ནེ། ལྷང་ངེ་བ་བཞིན་ཏེ། དེ་ལྟར་དེའི་ཚེ་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་ཕྱོགས་བཅུའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་པ་དང་། སྟོང་པ་མ་ཡིན་པ་དག་
དང་། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་དག་ན་ཀུན་ནས་མཆོག་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཡོད་པ་དང་། གང་དག་བསྐལ་པ་བརྒྱས་ངེས་པར་བྱུང་བ་དག་
དང་། གང་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གཞན་ལ་རག་མ་ལས་པའི་ཡེ་ཤེས་ལ་མཁས་པ་དག་དང་། མི་འཇིགས་པ་ཐོབ་པའི་བར་དེ་དག་སངས་རྒྱས་ཀྱི་མཐུས་དེ་ནས་ཆས་ཏེ། སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པས་སངས་རྒྱས་ཀྱི་ཞིང་འདིར་ཞུགས་
ནས་གནས་ཇི་ལྟ་བ་བཞིན་ས་སྟེང་དུ་སྐྱིལ་མོ་ཀྲུང་གིས་འཁོད་པར་གྱུར་ཏོ། །དེ་བཞིན་དུ་རང་རང་གི་དགེ་བའི་ཕྱོགས་ལ་ནན་ཏན་དག་ཏུ་བྱེད་ཅིང་ཇི་ལྟར་དགེ་བའི་ཕྱོགས་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དེ་དག་དང་། མི་འཇིགས་པའི་རྒྱུ་དང་རྐྱེན་དང་ལྡན་པ་དེ་དག་གི་ལུས་ལས་དེ་འདྲ་བ་ཁོ་
ནའི་འོད་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ནས་ཉན་ཐོས་ཆེན་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་བསམ་གཏན་གྱི་ཡུལ་གྱི་མཐུ་ལ་ལྟོས་ཤིག །བྱིན་གྱི་རླབས་ཀྱི་རྒྱུས་བདུད་ཐམས་ཅད་ཀྱི་ཡུལ་དང་། ཀླུ་ཐམས་ཅད་ཀྱི་
ཡུལ་ཟིལ་གྱིས་མནན་ནས། སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདིར་ཆོས་ཀྱི་ཚུལ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པའི་ཕྱིར་དང་། གསལ་བར་མཛད་པའི་ཕྱིར་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཡོངས་སུ་སྤྱད་པ་མཛད་དོ། །དེ་བཞིན་
Vol. 66 · folio 95a
དུ་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ། དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བསམ་གཏན་དང་། མངོན་པར་ཤེས་པའི་ཡུལ་ལ་རྣམ་པར་རྩེ་བ་དང་ལྡན་པ་དག་གིས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ན་ཆོས་ཀྱི་ཚུལ་ཡུན་རིང་དུ་
གནས་པར་བྱ་བའི་ཕྱིར་དང་། གསལ་བར་བྱ་བའི་ཕྱིར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་
འཕེལ་བར་བྱ་བའི་ཕྱིར་དང་། སེམས་ཅན་ཆོས་ལ་མངོན་པར་བརྩོན་པ་དག་དང་། ཆོས་ཀྱིས་གནས་པ་དག་དང་། ཡོན་ཏན་གྱིས་ཕྱུག་པ་དག་དང་། སེམས་ལ་དབང་དང་ལྡན་པར་གྱུར་པ་རྣམས་བདེ་བ་ལ་རེག་པ་དང་། རྣམ་པར་ཐོ་འཚམ་པ་མེད་པར་བྱ་བའི་ཕྱིར་དང་། ངའི་བསྟན་
པ་རབ་ཏུ་མི་འཇིག་པར་བྱ་བའི་ཕྱིར་དང་། བྱང་གྲོལ་གྱི་བདེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ས་ཆེན་པོ་འདི་ཡོངས་སུ་སྤྱད་པར་བྱས་པ་ཡིན་ནོ། །དོན་དེ་ཉིད་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་གྱི་ཡུལ་དག་གིས་
རྣམ་པར་རྩེ་བར་བྱེད་དོ། །ས་ཕྱོགས་གང་དང་གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་འཁོད་ཅིང་བསམ་གཏན་གྱི་ཡུལ་དག་གིས་རྣམ་པར་རྩེན་པར་བྱེད་པ་དེ་དང་དེར་ད་ལྟར་དང་། མ་འོངས་པའི་དུས་ན་ཡང་ཁ་ཅིག་ཏུ་ལ་ལར་ང་འདས་ནས་སེམས་ཅན་འཁོར་བའི་
འཇིགས་པས་སྐྲག་པར་བྱེད་ཅིང་མྱ་ངན་ལས་འདས་པ་འདོད་པ་དག་སྐུ་གདུང་གི་མཆོད་རྟེན་དག་བྱེད་དུ་འཇུག་པར་འགྱུར་ཞིང་། སངས་རྒྱས་ཀྱི་བཞུགས་ཁང་དག་གམ། སངས་རྒྱས་ཀྱི་སྐུ་གཟུགས་དག་གམ། ཆོས་ཀྱི་བཞུགས་ཁང་དག་བྱེད་པར་འགྱུར་རོ། །ཡང་ན་དེར་གླེགས་
བམ་དུ་བྲི་བ་བྱས་ནས་ངའི་ཆོས་ཀྱི་སྐུ་ཡང་འཆང་བར་འགྱུར་རོ། །དེར་ཡང་མཆོད་པ་རྣམ་པ་སྣ་ཚོགས་དག་ཀྱང་བྱེད་པར་འགྱུར་ཞིང་། དེར་རིན་པོ་ཆེ་རྣམ་པ་སྣ་ཚོགས་དག་ཀྱང་འབུལ་བར་འགྱུར་ཏེ། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། མུ་ཏིག་
Vol. 66 · folio 95b
དམར་པོ་དང་། རྡོའི་སྙིང་པོ་དང་། སྤུག་དང་། ནོར་བུ་དང་། མུ་ཏིག་དང་། དབྱིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་ལ་སོགས་པ་དང་། དར་ཡུག་དང་། དྲིལ་བུ་དང་། ཟ་འུག་དང་། གསོ་རས་བཟང་པོ་དང་། ཡུལ་ཀ་ཤིའི་རས་བཟང་པོ་དང་། དབུ་སྟན་ནང་ཚངས་
ཅན་དང་། གདིང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཆོས་གོས་དང་། མགུར་གྱི་རྒྱན་དང་། ཕྱག་གི་རྒྱན་དང་། སྤོས་དང་། མེ་ཏོག་དང་། བདུག་པ་དང་། རོལ་མོའི་སྒྲ་དང་། ལུས་འདུད་པ་དང་། བླ་མ་དང་། གུས་པ་ཆེན་པོ་དང་། གཅེས་པར་
བྱེད་པ་དག་ཏུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་སོར་བཅུའི་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དག་གི་མཆོད་པ་ནི་དེ་ནས་ང་ཉིད་ཀྱིས་བཞེས་པར་མཛད་དེ། སེམས་ཅན་དེ་དག་ཐམས་ཅད་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱིས་ཕྱིར་མི་
ལྡོག་པ་དག་ཏུ་འགྱུར་རོ། །ས་ཕྱོགས་ལ་ལར་ནི་གཙུག་ལག་ཁང་དང་། གནས་ཁང་དང་། འཆག་ས་དང་། དགོན་པའི་གནས་དང་། སྐྱེད་མོས་ཚལ་དང་། ཀུན་དགའི་ར་བ་དག་རབ་ཏུ་ཤོམ་པར་བྱེད་དོ། །ཡང་ན་ཉན་ཐོས་ཀྱི་ཆོས་ཀྱི་གནས་པ་རྣམས་ལ་མཆོད་པ་དང་།
རིམ་གྲོ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་གིས་བྱེད་པར་འགྱུར་བའམ། བྱེད་དུ་འཇུག་པར་འགྱུར་རོ། །གཙུག་ལག་ཁང་དང་། འཆག་ས་དང་། དགོན་པའི་གནས་
དེ་དག་ཏུ་ཡང་བཀུར་སྟིར་བྱས་ཏེ་ཆོས་ཉན་པ་དང་། རྣམ་པར་གཏན་ལ་དབབ་པའི་གཏམ་བྱེད་པ་དག་ཏུ་འགྱུར་བའམ། གླེགས་བམ་དག་ཀློག་པར་འགྱུར་རོ། །གཙུག་ལག་ཁང་དང་། འཆག་ས་ལ་སོགས་པ་དེ་དག་ཏུ་ཡང་ཡོངས་སུ་གཏོང་བ་རྣམ་པ་སྣ་ཚོགས་དག་ཡོངས་
སུ་གཏོང་བར་འགྱུར་ཏེ། འདི་ལྟ་སྟེ། ཞིང་གི་གཞི་འམ། ཁྱིམ་གྱི་གཞིའམ། ཀུན་དགའི་ར་བའི་གཞིའམ། བྲན་དང་། བྲན་མོ་དང་། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། མ་ཧེ་དང་། བོང་བུ་དང་། ཕྱུགས་གཞན་དག་དང་། སྣོད་སྤྱད་ཀྱི་ཡོ་བྱད་རྣམ་
Vol. 66 · folio 96a
པ་སྣ་ཚོགས་དག་དེར་ཡོངས་སུ་གཏོང་བར་འགྱུར་ཞིང་། ངའི་ཉན་ཐོས་ཀྱིས་ཆོས་ཀྱི་གནས་པ་རྣམས་ལོངས་སྤྱོད་པར་བྱ་བའི་ཕྱིར་མལ་ཆ་དང་། སྟན་གྱི་ཡོ་བྱད་རྣམ་པ་སྣ་ཚོགས་དག་སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་
ཀྱི་དོན་དང་། བྱང་གྲོལ་གྱི་བདེ་བ་དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྔོ་བ་དག་ཏུ་བྱེད་དོ། །ད་ལྟར་དང་མ་འོངས་པའི་དུས་ན་ངའི་བསྟན་པ་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་གཏོང་བ་རྣམ་པ་སྣ་ཚོགས་དག་ཡོངས་སུ་གཏོང་བར་བྱེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་གི་སྦྱིན་པ་
ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་ཐམས་ཅད་ལ་ཅི་ནས་ཀྱང་སེམས་ཅན་དེ་དག་འབྲས་བུ་ཆེན་པོར་འགྱུར་བར་བྱ་བའི་ཕྱིར་ང་རྗེས་སུ་ཐུགས་རངས་པར་མཛད་དོ། །བཞེས་པར་མཛད་དོ། །སེམས་ཅན་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ་ངན་འགྲོ་གསུམ་རྣམ་
པར་སྤངས་པ་དེ་དག་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱིས་ཕྱིར་མི་ལྡོག་པ་དག་ཏུ་འགྱུར་རོ། །སེམས་ཅན་དེ་དག་ཡུན་ཇི་སྲིད་དུ་འཁོར་བར་འཁོར་བར་འགྱུར་བ་དེ་སྲིད་དུ་ཡང་ལོངས་སྤྱོད་གཉིས་པོ་ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ལོངས་སྤྱོད་དང་མི་
འབྲལ་བར་འགྱུར་རོ། །རི་དང་། ནགས་ཁྲོད་དང་། ཤིང་ལྗོན་པ་ཆེན་པོ་དང་། དགོན་པ་དང་། ནགས་འདབ་གང་དུ་ཡང་རུང་སྟེ། ད་ལྟར་དང་མ་འོངས་པའི་དུས་ན་ཐར་པ་དོན་དུ་གཉེར་བ་ཆོས་ཀྱིས་གནས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་
མ་སྒྲ་བསྐྱུངས་པ་དག་དང་། གཅོམ་བསྐྱུངས་པ་དག་དང་། ནང་དུ་ཡང་དག་འཇོག་གི་ཚུལ་དང་བཅས་པ་དག་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་འཚམ་པ་དག་འབྱུང་བར་འགྱུར་ཞིང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དག་ཀྱང་གནས་པར་འགྱུར་རོ། །དགེ་སློང་དག་གདུལ་
བའི་དོན་དུ་བསམ་གཏན་གྱི་ཡུལ་གྱི་མཐུ་ལ་ལྟོས་ཤིག །བདུད་ཐམས་ཅད་ཀྱི་ཡུལ་དང་། ཀླུ་ཐམས་ཅད་ཀྱི་ཡུལ་ཟིལ་གྱིས་མནན་ནས། སྔོན་གྱི་དེ་བཞིན་གཤེགས་པ་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ཀྱིས་ཆོས་ཀྱི་ཚུལ་རིང་དུ་གནས་པར་བྱ་བའི་ཕྱིར་དང་། དཀོན་མཆོག་
Vol. 66 · folio 96b
གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར་སྔོན་ཡང་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་སྤྱོད་པ་མཛད་དོ། །ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ། དཔག་ཏུ་མེད་པ་གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་གང་གཱའི་ཀླུང་གི་
བྱེ་མ་སྙེད་ནས་ངའི་སངས་རྒྱས་ཀྱི་ཞིང་འདིར་ཞུ་བ་དང་། ཞལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ནམ་མཁའི་མིག་དང་ལྡན་པ། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ། ཆོས་ཀྱིས་གནས་པ་རྣམས་ཀྱི་བྱང་ཆུབ་སེམས་
དཔའི་སྤྱོད་པ་མཉན་པའི་ཕྱིར་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ང་ལ་སྙིང་ཉེ་བའི་ཕྱིར་ཆོས་ཀྱི་ཚུལ་རིང་དུ་གནས་པར་བྱ་བའི་དོན་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་དོན་དུ་བསམ་གཏན་གྱི་ཡུལ་གྱིས་ས་སྟེང་དུ་འཁོད་ནས།
བདུད་ཐམས་ཅད་ཀྱི་ཡུལ་ཚར་བཅད་པའི་ཕྱིར་དང་། འཁོར་བས་སྐྲག་པ་སྦྱིན་པ་ལ་མངོན་པར་བརྩོན་པའི་སེམས་ཅན་དེ་དག་ལ་སྙིང་བརྩེ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་སྤྱོད་པ་དག་ཏུ་བྱེད་དོ། །ད་ལྟར་དང་མ་འོངས་པའི་དུས་ན་ངའི་བསྟན་པ་འདི་དང་། དམ་པའི་
ཆོས་སམ། དམ་པའི་ཆོས་ཀྱི་གཟུགས་བརྙན་ཡུན་ཇི་སྲིད་གནས་པར་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་ཁྱིམ་དང་། ཀུན་དགའི་ར་བ་དང་། ཞིང་དང་། བྲན་དང་། བྲན་མོའི་བར་གང་སུ་དག་གིས་དེ་ལྟར་བསྔོས་པ་དེ་ལ་སྡིག་པ་སྤྱོད་པའི་དགེ་སློང་ཚུལ་ཁྲིམས་འཆལ་
པ་གང་དག་ཐ་ན་འདབ་མ་གཅིག་དང་། འབྲས་བུ་གཅིག་དང་། མེ་ཏོག་གཅིག་ཅིག་ཡོངས་སུ་སྤྱོད་པ་དག་ཏུ་བྱེད་ན་དེ་ནི་མི་བླུན་པོ་དེ་ལ་དོན་མ་ཡིན་པ་དང་། ཕན་པ་མ་ཡིན་པར་འགྱུར་ཏེ། དེ་ལ་གནོད་པ་བཞི་ཡང་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། ཕྱོགས་ཐམས་ཅད་
དུ་མི་སྙན་པ་ཆེན་པོ་འགྲོ་བ་ཡིན། མཛའ་བོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། མཁན་པོ་དང་། སློབ་དཔོན་དང་། རིམ་གྲོ་པ་སྡུག་ཅིང་ཡིད་དུ་འོང་བ་དག་དང་མྱུར་དུ་འབྲལ་བར་འགྱུར་བ་ཡིན། ནད་ཚབས་ཆེན་པོ་ཡུན་རིང་བ་དག་གིས་ཐེབས་པར་འགྱུར་བ་
Vol. 66 · folio 97a
ཡིན། དེའི་ཆོས་གོས་དང་ལྷུང་བཟེད་གང་ཡོད་པ་ཡང་འཇིགས་པ་ཆེན་པོ་ལྔས་ཕྲོགས་པར་འགྱུར་བ་ཡིན་ནོ། །ལྔ་གང་དག་གིས་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་དང་། ཆོམ་རྐུན་དང་། མེ་དང་། ཆུ་དང་། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་དང་ལྔ་པོ་དེ་དག་གིས་
སོ། །དེའི་འཇིག་རྟེན་ཕ་རོལ་གྱི་འདོད་པ་མ་ཡིན་པའི་འབྲས་བུ་བཞི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ཏེ། བཞི་གང་དག་ཡིན་ཞེ་ན། ལུས་ཞིག་ནས་སེམས་ཅན་དམྱལ་བ་ཆེན་པོ་མི་བཟད་པར་སྐྱེ་བར་འགྱུར་བ་ཡིན། དེ་གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དུས་རིང་ཞིག་འདས་ནས་སེམས་
ཅན་དམྱལ་བ་དེ་ནས་ཤི་འཕོས་ནས་འབྲོག་དགོན་པ་རོ་སྐམ་གྱི་ནང་དུ་དུད་འགྲོ་དང་། ཡི་དགས་ཀྱི་རིས་སུ་ལོང་བ་དང་རྐང་ལག་མེད་པ་དག་ཏུ་སྐྱེ་བར་འགྱུར་ཞིང་། དེ་ལོ་བརྒྱ་སྟོང་མང་པོ་དག་ཏུ་བཀྲེས་པ་དང་། སྐོམ་པས་ཡོངས་སུ་གདུང་བ་ཆེན་པོའི་སྡུག་བསྔལ་ཉམས་སུ་མྱོང་བར་
འགྱུར་བ་ཡིན། གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དུས་རིང་ཞིག་འདས་ནས་དེ་དག་ཤི་འཕོས་ནས་ལོ་བརྒྱ་སྟོང་མང་པོ་དག་ཏུ་སྦྲུལ་གདུག་པ་ལོང་བ་རྡུལ་ཟ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་ཡིན། དེ་བརྒྱ་ལ་རེས་འགའ་ཞིག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། འོན་
ཀྱང་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་སྟོང་པ་དག་ཏུ་མི་ཉིད་འཐོབ་པ་རྙེད་པར་འགྱུར་ཞིང་། མོང་རྟུལ་བ་དང་། ཚུལ་དུ་མི་ཤེས་པར་འགྱུར་བ་དང་། མིག་མ་ཚང་བ་དང་། ལག་པ་མ་ཚང་བ་དང་། རྐང་པ་མ་ཚང་བ་དང་། ཁྱིའི་ལོངས་སྤྱོད་ཀྱི་ཁ་ཟས་ལ་གདུ་ཞིངརྐྱག་་ཁུང་སའི་
ཁ་ཟས་ཟ་བ་དང་། འདམ་རྫབ་དང་། ཕྱག་དར་ཁྲོད་ན་ཉལ་བ་དང་། འབྲོག་དང་། དགོན་པ་དང་། ལམ་པོ་ཆེ་རྣམས་ན་འཚོ་བར་འགྱུར་ལ། དེ་དེ་ནས་ཤི་འཕོས་ནས་ཀྱང་ཡང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་དེའི་འབྲས་བུ་འདོད་པ་མ་ཡིན་
པ་དེ་ལྟར་ལྕི་བ་འབྱུང་ཞེ་ན། འདི་ལྟར་སྡིག་པ་སྤྱོད་པའི་དགེ་སློང་དེ་ནི་འདི་ལྟར་ཆོས་ཀྱིས་གནས་པ་རྣམས་ལ་ཁྱིམ་དང་། ཞིང་དང་། ཀུན་དགའི་ར་བ་དང་། བྲན་དང་། བྲན་མོ་དང་། ཕྱུགས་དག་གི་བར་བསྔོས་པ་དག་ཕྲོགས་ནས་གང་ཟག་རང་གི་ཡོངས་སུ་ལོངས་སྤྱོད་པས་
Vol. 66 · folio 97b
ལོངས་སྤྱོད་པར་བྱེད་པའི་ཕྱིར་ཏེ། སྡིག་པ་སྤྱོད་པའི་དགེ་སློང་དེ་ལྟ་བུ་དེ་ནི་དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་མེད་པར་བྱ་བ་དང་། རྣམ་པར་གཞིག་པ་དང་། རྒྱུན་གཅད་པ་དང་། ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་
ནོ། །དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མེད་པར་བྱ་བ་ནས་ནུབ་པར་བྱ་བའི་བར་དུ་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་ཕྱོགས་ནི་ཚོགས་དང་ལྡན་པ་ཡིན་ལ། ཆོས་ཀྱི་ཚུལ་དང་དཀོན་མཆོག་གསུམ་གྱི་གདུང་ཡང་དགེ་བའི་ཕྱོགས་ཀྱིས་རབ་ཏུ་ཕྱེ་བ་
ཡིན་ཏེ། དེའི་ཕྱིར་དེ་ཉིད་ཀྱི་མི་འདོད་པའི་འབྲས་བུ་རྣམ་པར་སྨིན་པ་ལྕི་བ་མངོན་པར་འགྲུབ་པ་ཡིན་ནོ། །དེ་ནས་གནས་བརྟན་ག་ཡ་འོད་སྲུང་གིས་མཆི་མ་བླགས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མི་ཉིད་རྙེད་པ་ནི་མ་ཐོབ་ཀྱང་མི་བསྔོའི། རབ་ཏུ་
བྱུང་ནས་བཟའ་བ་དང་བཏུང་བའི་སླད་དུ་ལོག་པར་སྒྲུབ་པ་ནི་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ག་ཡ་འོད་སྲུང་ཆེན་པོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གང་དུ་དེའི་སྔོན་གྱི་ལས་རྣམས་ཟད་པ་དག་ཏུ་འགྱུར་བའི་སེམས་ཅན་དམྱལ་
བར་གནས་པ་ནི་སླའི། འདི་ན་གང་གཞན་དུ་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །འོན་ཀྱང་སྐྱེས་བུ་བླུན་པོ་ཁ་ཅིག་མི་ཉིད་ཐོབ་པ་རྙེད་པར་དཀའ་བ་རྙེད་དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་གང་ལ་སྡུག་བསྔལ་ཐམས་ཅད་ཟད་པ་དང་། ཟག་པ་ཐམས་ཅད་མཐར་ཐུག་པར་འགྱུར་
བ་ངོ་མཚར་རྨད་དུ་བྱུང་བའི་རབ་ཏུ་འབྱུང་བ་རྙེད་པར་དཀའ་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ནས་འོན་ཀྱང་སྐྱེས་བུ་བླུན་པོ་དེ་དག་གང་གིས་མཆོད་པར་མི་འགྱུར་བ་དང་། བཟའ་བཏུང་དང་བྲལ་བར་འགྱུར་བ་མི་དགེ་བའི་ཕྱོགས་རྣལ་འབྱོར་ཡིད་ལ་བྱེད་
པ་ཡོངས་སུ་བསམས་ནས་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དད་པ་ཅན་དག་གིས་ཁྱིམ་དང་། ཞིང་དང་། ཀུན་དགའི་ར་བ་དང་། སྐྱེད་མོས་ཚལ་དང་། བྲན་དང་། བྲན་མོ་ནས་རྐང་བཞི་པ་དག་གི་བར་དགེ་སློང་ཆོས་ཀྱིས་གནས་པ།
Vol. 66 · folio 98a
ཡོན་ཏན་གྱིས་ཕྱུག་པ་དག་ལོངས་སྤྱོད་པར་བྱ་བའི་ཕྱིར་དང་། དགེ་བའི་ཕྱོགས་དང་འཐུན་པར་བྱ་བའི་ཕྱིར་དེ་ལྟར་བསྔོས་པ་ལ་སྡིག་པ་སྤྱོད་པའི་དགེ་སློང་དེ་མང་དུ་ཐོས་པའི་མཐུའམ། ཁྱིམ་ན་གནས་པའི་མཐུས་དེ་དག་ལ་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་
སྤྱོད་པ་ཕྲོགས་ནས་བདག་ཉིད་ཀྱིས་གང་ཟག་གི་འདུ་ཤེས་ཀྱིས་ཡོངས་སུ་སྤྱོད་པར་བྱེད་དེ། སྐྱེས་བུ་བླུན་པོ་དེའི་ལོག་པར་བསྒྲུབ་པ་དེ་ནི་དེ་ལྟ་བུར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་
དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་དག་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཕྲོགས་ནས་བདག་ཉིད་ཀྱིས་ཡོངས་སུ་སྤྱོད་པར་བགྱིད་པའི་དགེ་སློང་རབ་ཏུ་བྱུང་བའི་མི་འདོད་པའི་འབྲས་བུ་དེ་ལྟ་བུ་འབྱུང་ལགས་ན། དཔེ་ཙམ་དུ་བགྱི་ན་གང་
ཡང་ཁྱིམ་ན་གནས་པར་གྱུར་ལ། དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཕྲོགས་ནས་བདག་ཉིད་ཀྱིས་ཡོངས་སུ་སྤྱོད་པར་བགྱིད་ན་དེ་བསོད་ནམས་མ་ལགས་པའི་ཕུང་པོ་ཇི་སྙེད་ཅིག་དང་ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཐོང་ཁྱོད་ཀྱིས་སྨྲས་པ་དེས་ཅི་ཞིག་བྱ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་དེ་ལྟ་བུ་དག་ལ་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་དག་གིས་སྩོལ་བར་ནི་བགྱིད་ཀྱི། འཕྲོག་པར་ནི་མི་བགྱིད་
ལགས་སོ། །འོན་ཀྱང་སླད་མའི་དུས་ན་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་མ་དད་པ་འཇིག་རྟེན་ཕ་རོལ་གྱིས་འཇིགས་པར་མི་ལྟ་བ་དག་འབྱུང་བར་འགྱུར་ཞིང་། དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་དག་ལ་དེ་ལྟར་བསྔོས་
པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཕྲོགས་ནས་བདག་ཉིད་ཀྱིས་ཡོངས་སུ་སྤྱོད་པར་བགྱིད་པ་གང་དག་ལགས་པ་དེ་དག་གི་རྒུད་པར་འགྱུར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གལ་ཏེ་ངས་ལུང་བོང་ལྟ་བུའི་རྒྱལ་རིགས་དག་ནས། དམངས་
Vol. 66 · folio 98b
རིགས་དག་གི་བར་དག་ཆོས་ཀྱིས་གནས་པ་ཡོན་ཏན་གྱིས་ཕྱུག་པ་དག་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཕྲོགས་ནས་བདག་ཉིད་ཀྱིས་ལོངས་སྤྱོད་པར་བྱེད་པ་གང་དག་ཡིན་པ་དེ་དག་གི་ལོག་པར་སྒྲུབ་པ་འབྱུང་བ་དེ་བཤད་ན་ནི། དེའི་ཚེ་དེ་དག་ཀྱང་ངའི་
བཀའ་བསྟན་པའི་ཕྲིན་ལས་ཀྱི་སྐབས་ཐོབ་ནས་སྤོང་བ་དག་ཏུ་བྱེད་ལ་ཡིད་ཆེས་པ་དག་ཏུ་མི་བྱེད་དེ། དེ་དག་ནི་ཕུང་བར་འགྱུར་བའི་འཇིགས་པ་ཆེན་པོའི་གནོད་པ་གཉི་ག་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་ལན་གཉིས་སུ་ཡང་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། བཙུན་པ་བཅོམ་ལྡན་འདས་གང་དག་འཇིག་རྟེན་ཕ་རོལ་གྱིས་འཇིགས་པར་ལྟ་ཞིང་། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལེགས་པར་བསྟན་
པ་ཡང་དག་པར་འཛིན་པ་དང་། གསལ་བར་བགྱིད་པའི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དག་གི་རིགས་རྒྱུད་རིགས་བཙུན་པ་དག་འབྱུང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་དག་ནི་ཁྱོད་ཀྱི་བཀའི་ཕྲིན་ལས་བསྟན་པ་ཐོས་ནས་སྟོབས་དང་བརྩོན་པ་མཆོག་ཏུ་
ཆེན་པོས་རྒྱལ་བའི་བསྟན་པ་ལེགས་པར་བསྟན་པ་གསལ་བར་བགྱིད་པ་དང་། ཡོངས་སུ་སྐྱོང་བ་དག་ཏུ་འགྱུར་ཞིང་། གང་ཟག་དེ་ལྟར་ཡང་དག་པར་ཞུགས་པ་དག་དང་། ཆོས་ཀྱིས་གནས་པ་དག་དང་། ཡོན་ཏན་གྱིས་ཕྱུག་པ་དག་ལ་ཡང་མཆོད་པ་བགྱིད་པ་དང་། སྲུང་
བ་བགྱིད་པ་དང་། ཡོངས་སུ་སྐྱོང་བར་བགྱིད་པར་འགྱུར་ལགས་སོ། །ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་དེ་དག་ཀྱང་འཕྲོག་པར་མི་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཁྱིམ་ན་གནས་པ་གང་གིས་གང་ཟག་ཆོས་ཀྱིས་གནས་པ་དག་གི་ལོངས་སྤྱོད་དང་ཉེ་བར་
སྤྱོད་པ་ཕྲོགས་ནས་བདག་ཉིད་ཀྱིས་ཡོངས་སུ་སྤྱོད་པར་བགྱིད་པ་དེའི་རྒུད་པར་འགྱུར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གལ་ཏེ་ངས་མ་འོངས་པའི་དུས་ན་ལུང་བོང་ལྟ་བུའི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དག་ཆོས་ཀྱིས་གནས་པ།
Vol. 66 · folio 99a
ཡོན་ཏན་གྱིས་ཕྱུག་པ་དག་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་འཕྲོག་ཅིང་བདག་ཉིད་ཀྱིས་ལོངས་སྤྱོད་པར་བྱེད་པ་གང་དག་ཡིན་པ་དེ་དག་གིས་ལོག་པར་སྒྲུབ་པ་འབྱུང་བ་དེ་བཤད་ན་ནི་དེ་དག་ཀྱང་ངའི་བཀའ་བསྟན་པའི་ཕྲིན་ལས་ཀྱི་སྐབས་ཐོས་ནས་
སྤོང་བ་དག་ཏུ་བྱེད་ལ་ཡིད་ཆེས་པ་དག་ཏུ་མི་བྱེད་དེ། དེ་དག་ནི་ཕུང་བར་འགྱུར་བའི་གནོད་པ་ཆེན་པོའི་གནོད་པ་གཉིས་ཀ་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་ལན་གསུམ་དུ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་
དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། བཅོམ་ལྡན་འདས་གང་དག་འཇིག་རྟེན་ཕ་རོལ་གྱིས་འཇིགས་པར་ལྟ་ཞིང་། བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་ལེགས་པར་བསྟན་པ་ཡང་དག་པར་འཛིན་པ་དང་། གསལ་བར་བགྱིད་པའི་རྒྱལ་རིགས་ནས་དམངས་རིགས་ཀྱི་
བར་དག་གི་རིགས་རྒྱུད་རིགས་བཙུན་པ་དག་འབྱུང་བར་འགྱུར་ལགས་སོ། །དེ་དག་གི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཕྲིན་ལས་བསྟན་པ་ཐོས་ནས་སྟོབས་དང་བརྩོན་པ་མཆོག་ཏུ་ཆེན་པོས་རྒྱལ་བའི་བསྟན་པ་ལེགས་པར་བསྟན་པ་གསལ་བར་བགྱིད་པར་འགྱུར་ཞིང་། གང་
ཟག་དེ་ལྟར་ཡང་དག་པར་ཞུགས་པ་དག་དང་། ཆོས་ཀྱིས་གནས་པ་དག་དང་། ཡོན་ཏན་གྱིས་ཕྱུག་པ་དག་ལ་ཡང་མཆོད་པ་བགྱིད་པ་དང་། སྲུང་བ་བགྱིད་པ་དང་། ཡོངས་སུ་སྐྱོང་བར་བགྱིད་པར་འགྱུར་ལགས་སོ། །ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་དེ་དག་ཀྱང་
འཕྲོག་པར་མི་བགྱིད་ལགས་སོ། །ཆོས་ཀྱིས་གནས་པ་དེ་དག་གི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་འཕྲོག་པར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་སྤོབས་པ་ལེགས་སོ། །རྒྱལ་པོ་ཆེན་པོ་མ་
འོངས་པའི་དུས་ན་གང་དག་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དག་གིས་ཆོས་ཀྱིས་གནས་པ་རྣམས་ལ་ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའི་ར་བའི་གཞི་དང་། སྐྱེད་མོས་ཚལ་དང་། བྲན་དང་། བྲན་མོ་དང་། མལ་ཆ་དང་།
Vol. 66 · folio 99b
སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་དེ་ལྟར་བསྔོས་པ་དང་། རྐང་པ་བཞི་པའི་བར་བསྔོས་པ་ཡང་འཕྲོག་པར་བྱེད་པའམ། རྐུ་བར་བྱེད་པ་དག་འབྱུང་བར་འགྱུར་ཏེ། རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དེ་ཐམས་ཅད་ནི་མཐོང་བའི་ཆོས་ལ་འབྱུང་བ་འདོད་པ་
མ་ཡིན་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ། །ཉི་ཤུ་གང་དག་ཅེ་ན། ལྷ་རྣམས་ཀྱིས་ཡོངས་སུ་བཏང་བ་ཡིན། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་དེའི་མི་སྙན་པ་གྲགས་པར་འགྱུར་བ་ཡིན། མཛའ་བཤེས་དང་སྣག་གི་གཉེན་མཚམས་དག་གིས་ཀྱང་དེ་ཡང་
ཡོངས་སུ་གཏོང་བར་འགྱུར་བ་ཡིན། དེའི་དགྲ་བོ་དག་ཀྱང་མང་བར་འགྱུར་བ་ཡིན། ནོར་དང་ནོར་གྱི་ཡོ་བྱད་དག་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡིན། རྣམ་པར་གཡེང་བ་ཡང་མང་བ་ཡིན། ཡན་ལག་མ་ཚང་བར་འགྱུར་བ་ཡང་ཡིན། དེ་གཉིད་མེད་པ་ཡིན། རྟག་
ཏུ་སྲེད་པས་གནོད་པར་འགྱུར་བ་ཡང་ཡིན། དེའི་བཟའ་བ་དང་བཏུང་བ་ཡང་དུག་གི་བྱ་བ་བྱེད་པ་ཡིན། སྡུག་པ་དང་ཡིད་དུ་འོང་བ་དག་དང་མྱུར་དུ་འབྲལ་བ་ཐོབ་པ་ཡིན། རྟག་ཏུ་གཞན་དག་དང་ཐབ་མོ་འབྱུང་བ་ཡིན། ཕ་དང་། མ་དང་། སྤུན་དང་། ཆུང་མ་དང་བུ་མོ་དང་བྲན་དང་།
བྲན་མོ་དག་ཀྱང་བསྒོ་བ་བཞིན་མི་བྱེད་པ་ཡིན། དེའི་གསང་སྔགས་གསང་བ་དག་དང་། ནོར་གསང་བ་དང་། སླས་གསང་བ་དང་། དེའི་དངོས་པོ་གསང་བ་རྣམས་ཀྱང་ཐམས་ཅད་གསང་ཤོར་བ་དག་ཏུ་འགྱུར་བ་ཡིན། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་ལ་སོགས་པ་ལྔས་ཀྱང་
ལོངས་སྤྱོད་དག་ཆུད་ཟ་བར་འགྱུར་བ་ཡིན། ནད་ཚབས་ཆེན་པོ་དག་གིས་ཀྱང་མྱུར་དུ་ཐེབས་པར་འགྱུར་བ་ཡིན། སྨན་དང་རིམ་གྲོ་པ་དང་བྲལ་ཞིང་ཤ་དང་ཁྲག་བསྐམས་ནས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཡིན། རང་གི་བཤང་གཅི་དག་གི་ནང་དུ་འཆི་བའི་དུས་བྱེད་པར་
འགྱུར་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདོད་པ་མ་ཡིན་པའི་ལས་ཉི་ཤུ་པོ་དེ་དག་དང་མྱུར་དུ་ལྡན་པར་འགྱུར་རོ། །གང་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། ནོར་གྱི་ཡོ་བྱད་འཕྲོག་པར་བྱེད་ཅིང་། བདག་ཉིད་ཀྱིས་ཀྱང་
Vol. 66 · folio 100a
ཡོངས་སུ་སྤྱོད་པར་བྱེད་པ་དེ་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །དེ་དེར་ཡང་ཚེ་བསྐལ་པར་ལྕགས་དང་ཟངས་བཞུན་འཐུང་བར་འགྱུར་ཞིང་། ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར་ལ། མེའི་གོས་དང་།
ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་སྤྱོད་པར་བྱེད་ཅིང་གནོད་པ་མི་བཟད་པ་ཆེན་པོ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ཚེ་བསྐལ་པ་ཟད་ནས་ཀྱང་དེ་ནས་ཤི་འཕོས་ནས་འབྲོག་དགོན་པ་རོ་སྐམ་དག་གི་ནང་དུ་ལམ་དུ་སྐྱེས་པའི་ཡི་དགས་རྣམས་དང་སྐལ་པ་མཉམ་
པར་རྐང་པ་དང་། ལག་པ་དང་། མིག་མ་ཚང་བར་སྐྱེ་བར་འགྱུར་རོ། །དེར་ཡང་ཕྱོགས་བཞི་ནས་ལངས་པའི་རླུང་ཀུན་ཏུ་ཚ་བ་དག་གིས་ཀུན་ཏུ་གདུང་བར་བྱེད་ཅིང་ས་སྤུ་གྲི་དང་འདྲ་བའི་སྟེང་དུ་དམྱལ་བར་བྱེད། ཡོངས་སུ་དམྱལ་བར་བྱེད་དེ། དེ་དེར་ལོ་བརྒྱ་སྟོང་མང་པོར་
སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །དེ་གལ་ཏེ་བརྒྱ་ལ་རེས་འགའ་ཞིག་དེ་ནས་ཤི་འཕོས་ནས་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་ལུས་དཔག་ཚད་བརྒྱ་པའི་ཤ་ནར་ནར་པོར་སྐྱེ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་རྒྱུས་དེའི་དཔག་ཚད་ཁོར་ཡུག་གི་ཆུ་ཟངས་བཞུན་མ་ལྟར་
དམར་པོ་འབྱུང་བར་འགྱུར་རོ། །དེ་དེར་ཡང་ལོ་བརྒྱ་སྟོང་མང་པོར་ཆུའི་ནང་དུ་སེམས་ཅན་དམྱལ་བའི་གནོད་པ་མྱོང་བར་བྱེད་པ་ཡིན་ནོ། །དེ་དེ་ནས་ཤི་འཕོས་ནས་ཀྱང་འབྲོག་དགོན་པ་ཆེན་པོར་རྫུས་ཏེ་སྐྱེ་བ་ཤ་ནར་ནར་པོ་ཆེན་པོ་རི་དང་མཉམ་པ་འབྱུང་བར་འགྱུར་རོ། །ཕྱོགས་
བཞི་ཀུན་ཏུ་ཡང་རླུང་ཀུན་ཏུ་ཚ་བ་དག་གིས་ཀུན་ཏུ་སྲེག་པར་བྱེད་དོ། །དེར་ཡང་ཕྱོགས་བཞི་ནས་རི་དགས་དང་བྱ་དག་ལྷགས་ཏེ་ཡོངས་སུ་ཟ་བ་དག་ཏུ་བྱེད་དོ། །དེ་བརྒྱ་ལ་རེས་འགའ་དུས་རིང་ཞིག་འདས་ནས་དེ་ནས་ཤི་འཕོས་ནས་ཡང་སེམས་ཅན་དམྱལ་བ་ཆེན་པོ་དག་གི་ནང་དུ་སྐྱེ་
བར་འགྱུར་རོ། །དེ་ནས་ཀྱང་ཤི་འཕོས་ནས་ཡང་དང་ཡང་དུ་ལོག་པར་སྒྲུབ་པ་ཆེན་པོ་དེ་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཏེ། ཡོངས་སུ་བརྟག་པ་ཉེ་བར་བཟུང་ན། དེ་བརྒྱ་ལམ་ན་རེས་འགའ་ཞིག་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་
Vol. 66 · folio 100b
ལྡན་པ་དག་ཏུ་མིག་མ་ཚང་བ་དང་། ཚུལ་དུ་མི་ཤིས་པར་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་གང་ཆོས་ཀྱིས་གནས་པ་དག་ལ་བསྔོས་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་དང་། ནོར་གྱི་ཡོ་བྱད་འཕྲོག་པར་བྱེད་པ་དེའི་ལོག་པར་སྒྲུབ་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །དེ་ནས་རྒྱལ་པོ་
གཟུགས་ཅན་སྙིང་པོ་མཆི་མ་དག་ཕྱུང་ནས་གསོལ་པ། བཙུན་པ་བཅོམ་ལྡན་འདས་སྐྱེས་བུ་གང་ཟག་དེ་ལྟ་བུ་ནི་སེམས་ཅན་དམྱལ་བ་ན་གནས་པར་མི་བསྔོ་ལགས་ཀྱི། གང་གིས་མི་ཉིད་རྙེད་པ་ཐོབ་ནས་བསོད་ནམས་མ་ལགས་པ་ཆེན་པོ་དེ་ལྟ་བུ་ཀུན་ཏུ་སྤྱོད་པར་འགྱུར་བའི་མི་
ཉིད་རྙེད་པ་ནི་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ད་ལྟར་དང་མ་འོངས་པའི་དུས་ན་རྒྱལ་རིགས་ཆོས་ཀྱིས་གནས་པ་ཁྱེད་ཅག་གི་ལག་ཏུ་གང་ཟག་ཡོངས་སུ་གཏད་ཀྱིས་སྲུངས་ཤིག །ཡོངས་སུ་སྲུངས་ཤིག །རབ་ཏུ་བྱུང་བའམ།
ཁྱིམ་ན་གནས་པ་གང་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། ནོར་གྱི་ཡོ་བྱད་འཕྲོག་པར་བྱེད་པ་དེ་ལ་ཁྱེད་ཀྱིས་ཇི་ནས་ཀྱང་ཆོས་དང་འཐུན་པས་ཆད་པས་གཅད་པར་བྱའོ། །རྒྱལ་པོས་གསོལ་པ། བཙུན་པ་བཅོམ་
ལྡན་འདས་གལ་ཏེ་གང་དག་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། ནོར་གྱི་ཡོ་བྱད་འཕྲོག་པར་བྱེད་པའི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་དེ་དག་ཅི་ནས་ཆོས་དང་འཐུན་པས་ཆད་པས་གཅོད་པར་མི་བགྱིད་ཅིང་། དེ་
ལ་རྒྱལ་པོ་བཏང་སྙོམས་པར་གནས་པར་བགྱིད་ལགས་ན་རྒྱལ་རིགས་དེ་བསོད་ནམས་མ་ལགས་པའི་ཕུང་པོ་ཇི་སྙེད་ཅིག་སྐྱེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་མ་གཏོགས་པར་ཉན་ཐོས་དང་། རང་
རྒྱལ་བ་དག་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་ཡོད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལྟ་བུ་དང་། སེམས་ཅན་གཅིག་ཅིག་ལྡན་པར་གྱུར་ན། སེམས་ཅན་དེ་ཉན་ཐོས་དང་། རང་རྒྱལ་བ་ཐམས་ཅད་ལས་ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་
Vol. 66 · folio 101a
བསོད་ནམས་དང་ལྡན་པར་འགྱུར་བ་ཡིན་ནམ། རྒྱལ་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་སེམས་ཅན་དེ་ཆེས་ཁྱད་པར་དུ་འཕགས་པ་ལགས་ཏེ། དེ་གང་ལ་སེམས་ཅན་འཚོ་བ་ཀུན་གྱི་ནང་ན་ཉན་ཐོས་
དང་། རང་རྒྱལ་བ་ཐམས་ཅད་ལས་ཆེས་བསོད་ནམས་དང་ལྡན་པ་ནི་སྐྱེས་བུ་འགའ་ཞིག་འབྱུང་བར་བས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གལ་ཏེ་སེམས་ཅན་སྔ་མ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ལྟ་བུ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་
དེ་ལྟ་བུ་དང་སེམས་ཅན་ཐམས་ཅད་ལྡན་པ་དག་ཏུ་གྱུར་ལ། དེ་ལ་གང་སེམས་ཅན་འཚོ་བ་ཐམས་ཅད་ཀྱི་ཡན་ལག་དག་རྣམ་པར་གཅོད་པར་བྱེད་ཅིང་མིག་འབྱིན་པ་དང་། རྣ་བ་དང་། སྣ་དང་། ལག་པ་དང་། རྐང་པ་དག་རྣམ་པར་གཅོད་པར་བྱེད་པའི་སྐྱེས་བུ་འགའ་ཞིག་བྱུང་བར་
གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་བསོད་ནམས་མ་ཡིན་པ་སྡིག་པའི་ལས་ཇི་སྙེད་ཅིག་སྐྱེད་པར་འགྱུར། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་མཆི་མ་དག་ཕྱུང་ནས་ཅང་མི་སྨྲ་བར་འདུག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་
པོ་ལན་ཐོབ་ཤིག་ལན་ཐོབ་ཤིག །དེ་ནས་རྒྱལ་པོ་ཆེན་པོ་གཟུགས་ཅན་སྙིང་པོ་ཤུམ་ཞེས་ངུ་བཞིན་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་སེམས་ཅན་བསོད་ནམས་དང་ལྡན་པ་དེ་ལྟ་བུ་གཅིག་གི་ཡན་ལག་དག་རྣམ་པར་གཅོད་པར་བགྱིད་ཅིང་། མིག་འབྱིན་པ་དང་།
རྣ་བ་དང་། སྣ་དང་། ལག་པ་དང་། རྐང་པ་དག་རྣམ་པར་གཅོད་པར་བགྱིད་པའི་སྐྱེས་བུ་དེ་ཡང་བསོད་ནམས་མ་ལགས་པ་སྡིག་པའི་ལས་གྲངས་མ་མཆིས། ཚད་མ་མཆིས། དཔག་ཏུ་མ་མཆིས། དཔེ་མ་མཆིས་པ་སྐྱེད་པར་འགྱུར་བ་ལགས་ན། གང་དེ་ལྟ་བུའི་
བསོད་ནམས་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དག་རྣམ་པར་གཅོད་པར་བགྱིད་ཅིང་། མིག་འབྱིན་པ་དང་། རྣ་བ་དང་། སྣ་དང་། ལག་པ་དང་། རྐང་པ་དག་རྣམ་པར་གཅོད་པ་ལྟ་ཅི་སྨོས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་
Vol. 66 · folio 101b
ཆེན་པོ་ད་ལྟར་དང་། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འཚོ་བའམ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་རུང་སྟེ། ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ཟད་པར་འགྱུར་བའི་བར་དུ་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་གང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་
ཕྱུག་པ་དག་ལ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། ནོར་གྱི་ཡོ་བྱད་དང་། ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཀུན་དགའི་ར་བ་དང་། སྐྱེད་མོས་ཚལ་དང་། བྲན་དང་། བྲན་མོ་དང་། རྐང་བཞི་པ་དང་། ཆོས་གོས་དང་། བསོད་སྙོམས་
དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་ཡོད་པ་དེ་ལས་འཕྲོག་གམ་རྐུ་བ་དེ་ལ་རྒྱལ་རིགས་བཏང་སྙོམས་པར་བྱེད་ཅིང་། རབ་ཏུ་བྱུང་བ་དང་། ཁྱིམ་ན་གནས་པ་རྐུན་མ་དེ་དག་ཆད་པ་ཅི་ཡོད་པ་བཞིན་ཆད་པས་གཅོད་དུ་མི་འཇུག་ན་རྒྱལ་
རིགས་དེ་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེད་དོ། །རྒྱལ་རིགས་ཇི་ལྟ་བ་བཞིན་གྲོང་གི་བླར་བསྐོས་པ་དང་། གྲོང་ཁྱེར་གྱི་བླ་དང་། གྲོང་རྡལ་གྱི་བླ་དང་། ལྗོངས་ཀྱི་བླར་བསྐོས་པ་ཡང་དེ་བཞིན་དུ་བཏང་སྙོམས་པར་བྱེད་ཅིང་། དེ་ལྟར་རྐུ་བའི་སེམས་ཅན་དེ་དག་ཟློག་པར་
མི་བྱེད་ན། དེ་ལྟ་བུའི་གྲོང་གི་བླ་ནས་ལྗོངས་ཀྱི་བླའི་བར་དེ་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེས་མང་དུ་སྐྱེད་དོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རྒྱལ་པོ་ཉིད་ནི་ཤིན་ཏུ་ལྕི་བ་ལགས་སོ། །རྒྱལ་རིགས་ནི་
བག་མ་མཆིས་པ་མང་པོ་དང་ལྡན་པར་གནས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་ཡང་རྒྱལ་པོ་བག་མ་མཆིས་པར་གནས་ཤིང་། གང་ཟག་ཆོས་ཀྱིས་གནས་པ་དེ་ལྟ་བུ་དག་སྲུང་བར་བགྱིད་པ་དང་། དེ་བཞིན་དུ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་
པ་འཕྲོག་པའི་སེམས་ཅན་རྣམས་སྡིག་པའི་ལས་དེ་ལས་སླར་ཟློག་པར་བགྱིད་པ་དང་། གྲོང་གི་བླ་ནས་ལྗོངས་ཀྱི་བླའི་བར་ཡང་དེ་བཞིན་དུ་དེ་ལྟར་བསྔོས་པའི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དག་རྐུ་བའི་སེམས་ཅན་རྣམས་སྡིག་པའི་ལས་དེ་ལས་སླར་ཟློག་པར་བགྱིད་ན་དེ་བསོད་
Vol. 66 · folio 102a
ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་སྐྱེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གལ་ཏེ་ངས་སྔར་གསུངས་པ་བཞིན་བསོད་ནམས་ཀྱི་ཕུང་པོ་དེ་ལྟ་བུ་དང་སེམས་ཅན་ཐམས་ཅད་ལྡན་པ་དག་ཏུ་གྱུར་ལ། ཐམས་ཅད་ཀྱང་བཙོན་རར་
བཅུག་ཅིང་བཀྲེས་པ་དང་སྐོམ་པ་དག་གིས་གཟིར་བར་གྱུར་ལ། དེ་ལ་གང་སེམས་ཅན་ཐམས་ཅད་དེ་ལྟ་བུའི་བསོད་ནམས་དང་ལྡན་པ་དག་བཙོན་ར་དེ་ནས་ཡོངས་སུ་ཐར་བར་བྱེད་ཅིང་། ལོ་བརྒྱ་ཚང་བར་ཡང་སེམས་ཅན་དེ་དག་ཐམས་ཅད་ལ་ཆོས་གོས་དང་། བསོད་སྙོམས་དང་།
མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་གིས་རིམ་གྲོ་བྱེད་པའི་སྐྱེས་བུ་འགའ་ཞིག་བྱུང་བར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ཅི་སྐྱེས་བུ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་
མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་སྐྱེས་བུ་དེ་ནི་བསོད་ནམས་ཀྱི་ཕུང་པོ་གྲངས་མ་མཆིས། ཚད་མ་མཆིས། དཔག་ཏུ་མ་མཆིས་པ་སྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བས་ཀྱང་གང་ད་ལྟར་ནས་མ་འོངས་པའི་དུས་
ལྔ་བརྒྱ་པ་ཐ་མའི་བར་ལ་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་དག་ལ་དེ་ལྟར་བསྔོས་པ་འཕྲོག་པའི་སེམས་ཅན་རྣམས་སྡིག་པའི་ལས་དེ་ལས་སླར་ཟློག་པར་བྱེད་པའི་རྒྱལ་རིགས་སམ། ལྗོངས་ཀྱི་བླ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་པར་འགྱུར་རོ། །རྒྱལ་
པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་དགེ་སློང་ཆོས་ཀྱིས་གནས་པ་གཅིག་ཅིག་གི་མ་བསྲུངས་ན་དེ་བསོད་ནམས་མ་ལགས་པ་དེ་སྙེད་ཅིག་སྐྱེད་པར་འགྱུར་ལགས་ན། གང་ཡང་གཅིག་གིས་སྲུང་བར་བགྱིད་པ་དེ་བསོད་ནམས་དེ་སྙེད་ཅིག་སྐྱེད་པར་འགྱུར་ལགས་
སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་ཟག་གཅིག་གི་ལེན་པ་ངས་མ་གནང་ངོ་། །གཉིས་ལས་མ་ཡིན། གསུམ་གྱི་མ་ཡིན། བཞིའི་མ་ཡིན་གྱི། རྒྱལ་པོ་ཆེན་པོ་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་གཅིག་དང་། དགོན་པའི་
Vol. 66 · folio 102b
གནས་གཅིག་ཏུ་ཡེ་ཉུང་ན་ཡང་དགེ་སློང་ཆོས་ཀྱིས་གནས་པ་ལྔའི་ལེན་པར་ངས་གནང་སྟེ། གཎྜཱི་བརྡུངས་ནས་ཕྱོགས་བཞིའི་དགེ་སློང་བློ་བུར་དུ་ལྷགས་པ་དག་དང་ལྷན་ཅིག་ཏུ་ལོངས་སྤྱོད་པ་དང་། ཉེ་བར་སྤྱོད་པ་དང་། གནས་ཁང་དང་། མལ་ཆ་དང་། སྟན་དང་། བཟའ་བ་
དང་། བཏུང་བ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་ལོངས་སྤྱོད་པར་ངས་གནང་ངོ་། །གལ་ཏེ་གཙུག་ལག་ཁང་གཅིག་དང་། དགོན་པའི་གནས་གཅིག་ཏུ་དགེ་སློང་བརྒྱ་སྟོང་གི་བར་གནས་པར་བྱེད་ན། དེར་ཡང་གཎྜཱི་བརྡུངས་ནས་ཕྱོགས་བཞིའི་དགེ་སློང་བློ་བུར་
དུ་ལྷགས་པ་དག་དང་ལྷན་ཅིག་ཏུ་སྨན་གྱི་ཡོ་བྱད་ཀྱི་བར་དག་ལ་ལོངས་སྤྱོད་པར་ངས་གནང་ངོ་། །མ་ཆགས་པ་དག་དང་། མ་བཅིངས་པ་དག་དང་། མ་ཆུམས་པ་དག་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་དག་ལ་མི་ཉལ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པ་དག་དང་།
འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་དག་དང་། མྱ་ངན་ལས་འདས་པ་ལ་ནང་དུ་ཕྱོགས་པ་དག་དང་། གཞན་ལ་མི་སྨོད་པ་དག་དང་། བདག་ལ་མི་སྟོད་པ་དག་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྤྱོད་པ་དང་། རབ་ཏུ་དབེན་པ་དང་། བརྩོན་འགྲུས་བརྩམས་
པ་དག་དང་། མཉམ་པར་བཞག་པ་དང་། དྲན་པ་ཉེ་བར་གཞག་པ་དག་གིས་གནས་པ་དག་ལོངས་སྤྱོད་པར་ངས་གནང་ངོ་། །རྒྱལ་པོ་ཆེན་པོ་དགེ་སློང་གི་དགེ་འདུན་གྱི་ནང་ན་སེམས་ཅན་དེ་ལྟ་བུ་དག་གནས་ཏེ། རྒྱལ་པོ་ཆེན་པོ་དགེ་སློང་གི་དགེ་འདུན་གྱི་ནང་ན་སེམས་ཅན་དེ་
ལྟ་བུ་དག་ལ་སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཡོངས་སུ་བཏང་བས་བསོད་ནམས་ཚད་མེད་པ་སྐྱེད་དོ། །རྒྱལ་པོ་ཆེན་པོ་གཙུག་ལག་ཁང་ངམ། དགོན་པའི་གནས་གང་ན་དགེ་སློང་ལྔའམ། ལྷག་པར་གནས་ཀྱང་རུང་སྟེ། ཚུལ་ཁྲིམས་དང་ལྡན་པ་
དག་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཁ་ན་མ་ཐོ་བ་ཕྲ་མོ་དག་ལ་ཡང་འཇིགས་པར་ལྟ་བ་དག་གནས་པར་བྱེད་ཅིང་། དེ་བཞིན་གཤེགས་པས་གསུངས་པ་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་དེ་དག་ཀྱང་སྟོན་པར་བྱེད། ཁ་ཏོན་དུ་བྱེད་ལ། གཞན་ལ་མི་སྨོད་ཅིང་བདག་
Vol. 66 · folio 103a
ལ་མི་བསྟོད་པ། ཕྲག་དོག་དང་སེར་སྣ་རྣམ་པར་སྤངས་པ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ། ཐར་པ་ལ་མངོན་པར་བརྩོན་པ་དག་གནས་ལ། གཎྜཱི་བརྡུངས་ནས་ལོངས་སྤྱོད་པར་བྱེད་ན་དགེ་སློང་གི་དགེ་འདུན་དེ་ལྟ་བུ་ལས་སེམས་ཅན་རྣམས་བསོད་ནམས་
ཚད་མེད་པ་དེ་ལྟ་བུ་འཛིན་པ་དག་ཏུ་བྱེད་དོ། །རྒྱལ་པོ་ཆེན་པོ་ཡེ་ཉུང་སྟེ་དགེ་སློང་གི་དགེ་འདུན་ལྔའི་ཚོགས་ཤིག་ཡོད་དུ་ཟིན་ཀྱང་། གལ་ཏེ་ཡང་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་ལ་འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་ལ་འཇིགས་
པར་ལྟ་ཞིང་སྦྱངས་པའི་ཡོན་ཏན་དང་། འཕགས་པའི་རིགས་ལ་མངོན་པར་བརྩོན་པ་ཡིན་ན། རྒྱལ་པོ་ཆེན་པོ་དེ་ནི་དགེ་སློང་གི་དགེ་འདུན་རྒྱ་མཚོ་དང་འདྲ་བར་གསུངས་ཤིང་། དེ་ནི་མི་དཔག་ཏུ་མེད་པ་དག་ལ་ཕན་པ་བྱེད་པ་དང་། དོན་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་
སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་རྣམ་པར་ཐར་བར་བྱེད་པ་ཡིན་པར་གསུངས་ན། དགེ་སློང་གི་དགེ་འདུན་བཅུའི་ཚོགས་དང་ཞེས་བྱ་བ་ནས་བརྒྱ་སྟོང་གི་ཚོགས་ཞེས་བྱ་བའི་བར་དག་ལྟ་སྨོས་ཀྱང་ཅི་དགོས། རྒྱལ་པོ་ཆེན་པོ་དགེ་སློང་གི་དགེ་འདུན་གང་ལ་བྲམ་ཟེ་དང་ཁྱིམ་བདག་
ཆེན་པོ་དད་པ་ཅན་དག་རིམ་གྲོ་བྱ་བའི་ཕྱིར་གཎྜཱི་རྡུང་བ་དག་ཏུ་བྱེད་ཅིང་། དེར་ཡང་གལ་ཏེ་དགེ་སྦྱོང་ལྟར་བཅོས་པ་སྡིག་པ་སྤྱོད་པའི་དགེ་སློང་ཉུང་ཡང་རུང་། མང་ཡང་རུང་བ་དག་ཀྱང་འདུ་ལ། དེར་གལ་ཏེ་དགེ་སློང་ཆོས་ཀྱིས་གནས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། ངོ་ཚ་
ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ་དགེ་སློང་ལྔ་ཡང་འདུ་ན། རྒྱལ་པོ་ཆེན་པོ་དགེ་སློང་གི་དགེ་འདུན་དེ་ནི་ཆོས་ཚད་མེད་པ་དང་ལྡན་པ་ཡིན་ཞིང་། སྦྱིན་གནས་ཆེན་པོ་དང་། ལྷ་དང་མི་ཐམས་ཅད་ཀྱིས་མཆོད་པར་འོས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་
བས་ན་དགེ་སློང་ཆོས་ཀྱིས་གནས་པ་དག་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དག་ཁྱེད་ཀྱི་ལག་ཏུ་ངས་ཡོངས་སུ་གཏད་དོ། །ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་ལ་ལས་དེ་དག་ལ་རྐྱེན་གང་ཡང་རུང་བ་དག་གིས་གཙེས་སམ། གནོད་པར་བྱས་ན་མི་རུང་གིས། ཁྱེད་ཀྱིས་
Vol. 66 · folio 103b
སྲུངས་ཤིག། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་གཉིས་པ། རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་དགེ་སློང་སྡིག་པ་སྤྱོད་པ་ཚུལ་ཁྲིམས་འཆལ་
པ་རྣམས་ཀྱིས་དགེ་འདུན་གྱི་ནང་དུ་ལོངས་སྤྱོད་པར་བགྱི་ལགས་སམ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དམ་པ་དག་ཀྱང་ལོངས་སྤྱོད་དང་། ཉེ་བར་སྤྱོད་པར་བགྱི་ལགས་སམ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་ཁྱེད་ཀྱི་བློན་པོ་ཆེན་པོ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། རྒྱལ་པོས་བཀྲབས་པ་དང་། ཉུང་རུམ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་གཞུང་ལུགས་ལས་འགལ་བ་ཉེས་པ་དང་བཅས་པ་ཞིག་ཡོད་ན། གང་
ན་རྒྱལ་པོ་ཆེན་པོའི་དགའ་སྟོན་ནམ་དུས་སྟོན་ཉེ་བར་གནས་པར་གྱུར་པའི་འཁོར་གྱི་ནང་དེར་ཉེས་པ་དང་བཅས་པའི་སྐྱེས་བུ་དེ་འཇུག་པ་དང་། ལོངས་སྤྱོད་པ་དང་། དགའ་བ་དང་། རྩེ་བ་ཉམས་སུ་མྱོང་བར་བྱ་བ་དང་། བདེ་བ་དང་། ཡིད་བདེ་བ་མང་ཞིང་གནས་པར་ནུས་
སམ། རྒྱལ་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་གང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ། ཤིང་རུལ་པ་ལྟ་བུར་གྱུར་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་
དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བའི་གང་ཟག་དེ་ལྟ་བུ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་གནོད་པ་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་ཡིན་ཞིང་བདུད་ཀྱི་
སྟོབས་ཀྱི་རིགས་ཀྱིས་ཟིན་པ་ཡིན་ནོ། །གང་ཟག་དེ་ནི་ལམ་ཉམ་ང་བ་ལ་གནས་པ་ཡིན་ཏེ། དེ་ནི་ཕྱིས་ཀྱང་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་དུ་བགྲང་བ་མ་ཡིན་ནོ། །དེ་བཞིན་དུ་དེར་འཇུག་པར་བྱ་བ་མ་ཡིན་ཏེ། དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་བསྔོས་ན་ཐ་ན་ཏིལ་གྱི་
Vol. 66 · folio 104a
ཕུབ་མ་ཙམ་ཡང་ལོངས་སྤྱོད་པར་འོས་པ་མ་ཡིན་ན། དགེ་འདུན་གྱི་ནང་དུ་ཉེ་བར་ལོངས་སྤྱོད་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་ཆོས་འདུལ་བ་འདིས་བོར་བ་ཡིན་ནོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་
འདས་སྤྱོད་པའི་མཚན་ཉིད་ཀྱི་མཚན་མ་གང་དག་གིས་དགེ་སློང་ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ། དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཀྱི་ནང་དུ་སླན་ཆད་གནས་པ་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པར་བགྱིད་པར་མི་འོས་པར་འཚལ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྣམ་པ་འདི་ལྟ་བུས་ཚུལ་ཁྲིམས་འཆལ་པའི་མགོ་འབྱུང་བར་འགྱུར་རོ། །ཞེས་གང་གིས་ཀྱང་མྱུར་དུ་རྣམ་པར་ཤེས་པར་མི་ནུས་ཏེ། རྒྱལ་པོ་ཆེན་པོ་འདི་ནི་ནང་གི་དང་པོར་སངས་རྒྱས་ལ་མ་གུས་པ་ཡིན་ནོ། །ཆོས་དང་། དགེ་
འདུན་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་ལྟ་བུ་རྣམས་ལ་མ་གུས་པ་ཡིན། འཕགས་པའི་རིགས་བཏང་བ་ཡིན། རྣལ་འབྱོར་ཡིད་ལ་བྱེད་པ་ལ་ཀུན་དགའ་བ་མ་ཡིན། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྣམ་པར་སྤངས་པ་ཡིན། ཁྱིམ་ན་གནས་པ་དང་
འདྲིས་པ་ཡིན། ཚིག་ཀྱལ་པ་སྨྲ་བ་ཡིན། བདག་ལ་བསྟོད་པ་ཡིན། གཞན་ལ་སྨོད་པ་ཡིན། དེ་ལྟ་བུ་དག་ལ་ཀུན་དགའ་བ་ཡིན། སྡིག་པའི་སྙི་ལ་ཆགས་པ་ཡིན། ལམ་ངན་པར་ཞུགས་པ་ཡིན། ཁེངས་པ་ཡིན། ཁ་དྲག་པ་ཡིན། འཕྲལ་གཡར་ཅན་ཡིན། འཕྱར་
པོ་ཡིན། ཁ་ཤིང་ཅན་ཡིན། གཡོ་སྒྱུ་ཅན་ཡིན། སྒྱུ་བྱེད་པ་ཡིན། དགེ་སྦྱོང་ཡོན་པོ་ཡིན། དགེ་སྦྱོང་གཡོ་ཅན་ཡིན། དགེ་སློང་སྙེ་ལོང་ལྟ་བུ་ཡིན། དགེ་སློང་གི་དགེ་འདུན་མི་འཐུན་པར་འདོད་པར་སྨྲ་བ་ཡིན། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མངོན་
པར་དགའ་བ་ཡིན། འདུ་འཛིའི་ཀུན་དགའ་ལ་དགའ་བ་ཡིན་ཏེ། སྡིག་པ་ཅན་གྱི་དགེ་སློང་ཚུལ་ཁྲིམས་འཆལ་པ་དེ་ནི་ཇི་སྲིད་དུ་དེའི་ཚུལ་ཁྲིམས་འཆལ་པའི་མགོ་བྱུང་བར་མ་གྱུར་གྱི་བར་དུ་གང་གིས་ཀྱང་མཚན་མ་དེ་དག་གིས་མྱུར་དུ་ཤེས་པར་མི་ནུས་སོ། །སྡིག་པ་ཅན་གྱི་དགེ་སློང་
Vol. 66 · folio 104b
དེ་གང་གི་ཚེ་ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་དང་། བྲན་དང་། བྲན་མོ་དང་། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བོང་བུ་དང་། ལུག་དག་གང་ཟག་གིར་སྲེལ་བར་བྱེད་ན་དེ་ནི་དེའི་ཚུལ་ཁྲིམས་འཆལ་བའི་མགོ་བྱུང་བ་ཡིན་ཏེ། ཚུལ་
ཁྲིམས་འཆལ་པའི་མགོ་དེས་ནི་སྡིག་པ་ཅན་གྱི་དགེ་སློང་དེ་དགེ་སློང་གི་དགེ་འདུན་གྱི་ནང་ནས་དོར་བ་ཡིན། གནས་པར་བྱ་བ་མ་ཡིན། ལོངས་སྤྱོད་པར་བྱ་བ་མ་ཡིན། དགེ་སློང་གི་དངོས་པོ་ལས་ལྷུང་བ་ཡིན། ཕམ་པར་གྱུར་པ་ཡིན་ཏེ། དགེ་སློང་གི་ཚུལ་ལས་ཀྱང་ཕྱིས་
བསླང་དུ་མེད་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་མི་གདོལ་པ་གནས་ན་གནས་པར་བྱེད་པ་ནི་སླའི། དགེ་སློང་གདོལ་པ་ཡོངས་སུ་འཛིན་པ་དང་བཅས་པ། རྒྱུད་ཚིག་པ། དོན་ལ་མི་ལྟ་པ། འཇིག་རྟེན་ཕ་རོལ་བཏང་བ། སྙིང་རྗེའི་བསམ་པ་མེད་པ། ཕྱི་ས་ཁུང་
ཆེན་པོ་དང་འདྲ་བ། བདུད་ཀྱི་ལམ་དུ་ཞུགས་པ། ལྷ་དང་མི་རྣམས་ལ་གནོད་པ་བྱེད་པ། དུས་གསུམ་ཐམས་ཅད་ཀྱི་དྲང་སྲོང་ཐུབ་པ་རྣམས་ལ་སླུ་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་ཆོས་ཀྱི་མར་མེ་མེད་པར་བྱེད་པ། ཆོས་ཀྱི་རྒྱ་མཚོ་སྐེམས་པར་བྱེད་པ། ཆོས་
སྨྲ་བའི་དབྱེན་བྱེད་པ། སྦྱིན་པ་པོ་དང་སྦྱིན་བདག་རྣམས་ལ་འདྲིད་པར་བྱེད་པ། དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་ཐོ་འཚམ་པར་བྱེད་པ། དགེ་འདུན་འཐུན་པར་བྱེད་པའི་རྒྱུན་གཅོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །སྡིག་པ་ཅན་གྱི་དགེ་སློང་དེ་ནི་ཡོངས་སུ་འཛིན་པའི་རྐྱེན་
གྱིས་མཐོ་རིས་ཀྱི་ལམ་ལས་རྒྱལ་པོ་ལྡོག་པར་བྱེད་པ་ཡིན་ནོ། །རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ལྡོག་པར་བྱེད་པ་ཡིན་ནོ། །ངན་སོང་གི་ལམ་གསུམ་ལ་རབ་ཏུ་གཞོག་
པར་བྱེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྡིག་པ་ཅན་གྱི་དགེ་སློང་དེ་ཡོངས་སུ་འཛིན་པའི་རྒྱུ་མཚན་གྱིས་ལྷ་དང་། མི་ཇི་སྙེད་ཅིག་མི་སྐྱིད་པར་བྱེད་པར་འགྱུར་བ་ལ་ལྟོས། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཡོངས་སུ་འཛིན་པ་དང་བཅས་པའི་དགེ་སློང་དང་། དགེ་སློང་ཆོས་ཀྱིས་
Vol. 66 · folio 105a
གནས་པ། ཡོན་ཏན་གྱིས་ཕྱུག་པ་དག་དང་ལྷན་ཅིག་ཏུ་ཀུན་དགའ་ར་བ་གཅིག་དང་། གཙུག་ལག་ཁང་གཅིག་ཏུ་གནས་པར་མི་བྱའོ། །གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་ཁ་དྲག་ཅིང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་སྤངས་ཏེ། དགེ་སློང་དེ་དག་དང་
ལྷན་ཅིག་གནས་པར་བྱེད་ན། དེའི་ཕྱིར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་བྱམས་པ་དང་ལྡན་ཞིང་ཆོས་དང་འཐུན་པས་དྲན་པར་བྱ་སྟེ། གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་གནས་དེ་ནས་འགྲོ་བ་ལྟ་ན། དེ་ལྟ་ན་ནི་ལེགས། གལ་ཏེ་འགྲོ་བར་མི་བྱེད་ན་དེར་དགེ་སློང་ཆོས་ཀྱིས་གནས་
པ་དེ་དག་དོང་ལ་གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་དང་། ལྗོངས་དང་། རི་འོར་དེ་དག་ན་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་གང་དབང་བྱེད་དུ་འཇུག་པ་དེ་ལ་སྦྲན་པར་བྱའོ། །གལ་ཏེ་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་།
དམངས་རིགས་དེས་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པ་གནས་དེ་ནས་ཟློག་པར་བྱེད་ན་དེར་ནི་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་གནས་པར་བྱའོ། །ཇི་སྟེ་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དེ་བཟའ་བ་དང་།
བཏུང་བ་དང་། རྙེད་པའི་རྒྱུས་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་བྱེད་པ་ལྟ་ན། དེའི་ཕྱིར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་ཁྲོ་བ་བསྟན་པར་མི་བྱའོ། །ཆགས་པ་མ་ཡིན། ང་རྒྱལ་མ་ཡིན་ཏེ། འོན་ཀྱང་ཅང་མི་སྨྲ་བར་གནས་དེ་ནས་འགྲོ་བར་
བྱ་ཞིང་། དགོན་པའི་གནས་སམ། ནགས་ཁྲོད་དམ། རིའམ། རི་བོའི་འོར་གཞན་གང་ན་སྒྲ་གཅོམ་ཆུང་བ་དང་། ནང་དུ་ཡང་དག་འཇོག་དང་འཚམ་པའམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་འཐུན་པ་དེར་གནས་པར་བྱའོ། །ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆི་མ་ཕྱུང་
ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་བཟའ་བ་དང་། བཏུང་བ་དང་། རྙེད་པའི་སླད་དུ་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་བགྱིད་ཅིང་། དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་རྣམས་ཀྱང་གནས་ནས་མཆི་
Vol. 66 · folio 105b
བར་འགྱུར་བའི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ནི་ཉམས་པ་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་མཆོག་ཏུ་ཉམས་པ་ལགས་སོ། །དེའི་མི་ཉིད་རྙེད་པ་ནི་རྙེད་པར་དཀའ་བ་ལགས་ཏེ། འཁོར་བ་ན་འཁོར་བར་བགྱིད་པ་དེའི་མི་ཉིད་རྙེད་
པའི་ཐ་མ་ནི་དེ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་གྲངས་མ་མཆིས། དཔག་ཏུ་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇིག་རྟེན་དུ་འབྱུང་བར་འགྱུར་བས་ཀྱང་། གང་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཀྱི་ཚིག་གུས་པར་མི་ཉན་པའི་
སེམས་ཅན་དེ་ནི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་བགྱི་བའམ། མཐོ་རིས་སུ་གཞག་པར་མི་སྤྱོད་དེ། དེ་ནི་སྡིག་པའི་ལས་དེ་ལྟ་བུ་དང་ལྡན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འོངས་པའི་དུས་ན་ལ་ལར་གང་དགེ་སློང་ཆོས་
ཀྱིས་གནས་པ་རྣམས་ལ་ཤིན་ཏུ་དད་པའི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དག་འབྱུང་བར་འགྱུར་ཏེ། དེ་དག་གི་དོན་དུ་དགོན་པའི་གནས་དག་བྱེད་པར་འགྱུར་རོ། །གཙུག་ལག་ཁང་དང་། དགོན་པའི་གནས་དེར་ཡང་ཁྱིམ་གྱི་གཞི་ནས་
ཞིང་གི་གཞི་དང་། བྲན་དང་། བྲན་མོ་དང་། ཀུན་དགའ་ར་བའི་བར་དེ་དག་གི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་ཕྱིར་ཡོངས་སུ་གཏོང་བ་བྱེད་པར་འགྱུར་རོ། །དེ་དག་འཆི་བའི་དུས་བྱས་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར་བ་ནས། འདུ་ཤེས་མེད་
འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བའི་བར་དུ་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་ཕྲད་པར་འགྱུར་བ་ནས་རིང་པོ་མི་ཐོགས་པར་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་ཏེ། དེ་དག་ནི་ངའི་བསྟན་པ་ལ་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཡང་དག་པར་འཛིན་པར་བྱེད་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། གང་ཁྱོད་ཀྱི་བུའམ། སྤུན་ནམ།
Vol. 66 · folio 106a
བཀྲབས་པའམ། སྣ་ཆེན་པོ་ལ་གཏོགས་པ་གང་ཡང་རུང་བ་ཞིག་ཉེས་པ་དང་བཅས་པ་ཡིན་ན། གང་དང་གང་དུ་རྒྱལ་པོ་ཆེན་པོའི་དུས་སྟོན་ནམ་དགའ་སྟོན་བྱུང་བ་དེར་རྒྱལ་པོ་ཆེན་པོས་དགའ་བ་དང་བདེ་བ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་ན། རྒྱལ་པོ་ཆེན་
པོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཁྱོད་ཀྱི་མདུན་དུ་འདུག་ཅིང་སྐྱིད་པ་དང་རྩེ་བ་མྱོང་བར་བྱེད་པའམ། དགའ་བ་དང་བདེ་བ་རྣམ་པ་སྣ་ཚོགས་ཀྱིས་གནས་པར་བྱེད་ནུས་སམ། རྒྱལ་པོ་ཆེན་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་ཏེ། སྐྱེས་བུ་དེས་བདག་
གི་མདུན་ན་མཆིས་པར་ཡང་རྔོ་མི་ཐོགས་ལགས་ན་སྐྱིད་པ་དང་རྩེ་བ་མྱོང་བར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་གང་ཟག་གང་ཞིག་གང་ཟག་གིར་བྲན་དང་། བྲན་མོ་སྲེལ་བར་བྱེད་ཅིང་ཁྱིམ་གྱི་གཞི་ནས་ཞིང་གི་
གཞི་དང་། ལུག་དག་གི་བར་སྲེལ་བར་བྱེད་ན། ང་ཡང་དེའི་སྟོན་པ་མ་ཡིན་ལ། དེ་ཡང་ངའི་ཉན་ཐོས་མ་ཡིན་ནོ། །དུས་གསུམ་དུ་གཤེགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཡང་གནོད་པར་བྱེད་པ་དང་བཅས་པ་ཡིན་ནོ། །དེ་ནི་ཆོས་ཀྱི་གནས་པ་
རྣམས་ཀྱི་གནས་དེ་ལྟར་བསྔོས་པ་དག་ཏུ་ཆོས་དང་འཐུན་པས་གནས་པར་འོས་པ་མ་ཡིན་ནོ། །རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་གང་ཡང་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པ་དེའི་དོན་བྱེད་པ་དང་། དེ་ནས་འགྲོར་མི་སྟེར་
བའི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དེ་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཡང་གནོད་པ་བྱེད་པ་དང་བཅས་པ་ཆེན་པོ་ཡིན་ནོ། །སྦྱིན་པ་མང་པོ་སྦྱིན་པར་བྱེད་དུ་ཟིན་ཀྱང་འོན་ཀྱང་དེ་འཆི་བའི་དུས་བྱས་ནས་མནར་མེད་པའི་སེམས་ཅན་
དམྱལ་བ་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་བདག་ལ་ཕན་པར་ཡང་དག་པར་རྗེས་སུ་ལྟ་བས་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་སུ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ལྷ་དང་མི་ཐམས་ཅད་ལ་
Vol. 66 · folio 106b
ཡང་གནོད་པ་དང་། ཕན་པ་མ་ཡིན་པ་དང་། ལོག་པར་ལྟུང་བར་བྱ་བའི་ཕྱིར་ཞུགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་མེད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་
གང་ཞིག་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ཀྱི་ཆོས་ཀྱི་ཕྱོགས་ལ་ཡང་དག་པར་གནས་པར་བྱེད་ཅིང་། སྡིག་པ་ཅན་གྱི་དགེ་སློང་རྣམས་ཀྱི་ཕྱོགས་ལ་མ་ཡིན་ན། དེ་སྦྱིན་པ་མི་སྦྱིན་དུ་ཟིན་ཀྱང་འོན་ཀྱང་དེ་ནི་ཆོས་ཀྱི་ཕྱོགས་ཀྱི་རྒྱུའི་ཕྱིར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་
བཅོམ་ལྡན་འདས་ཐམས་ཅད་ཀྱི་སྦྱིན་བདག་དམ་པ་ཡིན་ནོ། །དེ་ནི་དམ་པའི་ཆོས་རྗེས་སུ་བསྲུང་བའི་ཕྱིར་དམ་པའི་ཆོས་འཛིན་པ་དམ་པ་ཡིན་པར་བལྟ་བར་བྱའོ། །འཆི་བའི་དུས་བྱས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་བ་ནས་རིང་པོ་
མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་རྒྱལ་རིགས་འཚམ་པ་ཁྱོད་ཀྱི་ལག་ཏུ་ཆོས་ཀྱིས་གནས་པ་དང་བསྟན་པ་ངས་ཡོངས་སུ་གཏད་ཀྱིས་ལྔ་བརྒྱ་པ་ཐ་མ་ལ་གནས་
པའི་བར་དུ་ཁྱེད་ཀྱིས་ངའི་ཆོས་ཀྱིས་གནས་པ་དག་ཡང་དག་པར་ཟུང་ཤིག་དང་། དེའི་རྐྱེན་གྱིས་ངའི་ཆོས་ཀྱི་ཚུལ་འདི་དང་། དཀོན་མཆོག་གསུམ་གྱི་གདུང་ཡུན་རིང་དུ་གནས་པར་འགྱུར་ཞིང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་
འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཞལ་ཏ་པ་ཞེས་བགྱི་ལགས་ན་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞལ་ཏ་པར་གདགས་པས་གདགས་པར་མཛད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་
པོ་དགེ་སློང་གཉིས་ཞལ་ཏ་པར་ངས་གནང་ངོ་། །གཉིས་གང་ཡིན་ཞེ་ན། གང་ཡང་རྣམ་པར་ཐར་པ་བརྒྱད་ལ་སྒོམ་པའི་དགྲ་བཅོམ་པ་དང་། གང་ཡང་དགེ་སློང་སློབ་པ་རྒྱུན་དུ་ཞུགས་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་དགེ་སློང་འདི་གཉིས་ཞལ་ཏ་པའི་ལས་བྱེད་པར་ངས་གནང་ངོ་། །འདུས་
Vol. 66 · folio 107a
པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ལེའུ་བཅུ་གཅིག་པ་སྟེ། ཉི་མའི་སྙིང་པོའི་ལེའུ་ལས་དམ་པའི་ཆོས་བསྲུང་བའི་འདུས་པ་དང་པོ་རྫོགས་སོ།། །།གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཐབས་ཅིག་ཏུ་དགེ་
སློང་ཆོས་ཀྱིས་གནས་པ་རྣམས་ཀུན་ཏུ་བསྲུང་བའི་གཏམ་ཡང་ཡང་དག་པར་རྩོམ་པ་མཛད་པ་དེའི་ཚེ་དེའི་དུས་ན། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡོངས་སུ་གདུང་བ་མེད་པ་ཞེས་བྱ་བ་ཡོད་དོ། །དེ་ན་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙམ་པ་ཀའི་མདོག་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་དེའི་འཁོར་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོ་ཞེས་བྱ་བ་ཆོས་ཉན་པའི་ཕྱིར་འདུག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོས་གྱེན་དུ་རྣམ་པར་བལྟས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་
ཤུགས་ཀྱི་སྙིང་པོས་སྟེང་གི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་ཤར་ཕྱོགས་ནས་ཆས་ཤིང་ནུབ་ཕྱོགས་སུ་འདོང་བ་དག་མཐོང་བར་གྱུར་ཏོ། །དེ་ནས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདོང་བ་ནུབ་ཕྱོགས་སུ་
བལྟས་ནས་ཀྱང་། དེ་ནས་སྣང་བ་ཆེན་པོ་མཐོང་ནས་དེའི་ཚེ་སངས་རྒྱས་ཙམ་པ་ཀའི་མདོག་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྟེང་གི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་
མ་མཆིས། དཔག་ཏུ་མ་མཆིས་པ་ཤར་ཕྱོགས་ནས་ཆས་ཤིང་ནུབ་ཕྱོགས་སུ་མཆི་བ་དག་བདག་གིས་མཐོང་ལགས་སོ། །ནུབ་ཕྱོགས་སུ་སྣང་བ་ཆེན་པོ་ཡང་བདག་གིས་མཐོང་ལགས་ན་འདི་ལ་རྒྱུ་གང་ལགས། དེ་ནས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་བྱང་ཆུབ་
Vol. 66 · folio 107b
སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་སྙིགས་མ་ལྔ་དང་ལྡན་པར་གནས་པ་ན། སངས་རྒྱས་ཀྱི་ཞིང་མི་མཇེད་ཅེས་བྱ་བ་ཡོད་དེ།
དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ། ཆོས་ཀྱི་ཚུལ་དང་དཀོན་མཆོག་གསུམ་གྱི་གདུང་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་དང་། ཆོས་ཀྱིས་གནས་པ་ཉིད་རྒྱུན་མི་གཅད་པའི་ཕྱིར་
འདུས་པ་ཆེན་པོ་ལ་ཐེག་པ་གསུམ་རྣམ་པར་གཏན་ལ་དབབ་པ་བསྟན་པའི་སྒོའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་སྟོན་པར་མཛད་དོ། །སངས་རྒྱས་ཀྱི་ཞིང་མི་མཇེད་དེར་བདུད་ཀྱི་ཡུལ་རྣམ་པར་གཞིག་པའི་ཕྱིར་དང་། སྟོབས་དང་མི་ལྡན་པར་མཛད་པའི་ཕྱིར་དང་། ཆོས་ཀྱི་རྒྱལ་མཚན་
བསྒྲེང་བར་མཛད་པའི་ཕྱིར་དང་། ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་འདུ་བ་མཛད་དེ། དེར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་ཆེའི་ཏོག་ཅེས་བྱ་བའི་གཟུངས་སྔགས་བཤད་ཅིང་སངས་རྒྱས་ཀྱི་ཞིང་ཡང་ལོངས་སྤྱད་པར་མཛད་ནས་སླར་གཤེགས་སོ། །
ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་ཀྱི་འདུས་པ་ཆེན་པོ་ཡང་དག་པར་འདུས་པར་མཛད་དེ། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་སྤྱན་གསུམ་དང་། ཚངས་པའི་གནས་པ་དག་
བསྟན་ཀྱང་ད་དུང་འཁོར་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་ས་དང་ནམ་མཁའ་མ་འདྲེས་པར་གང་བ་ཞིག་དེ་བཞིན་གཤེགས་པ་ཆོས་དམ་པ་གསུང་བ་ཤཱཀྱ་ཐུབ་པའི་ཆོས་བསྟན་པ་ལ་ངོམས་པ་མེད་དོ། །དེ་ནས་དེ་བཞིན་གཤེགས་པ་མཆོག་ཏུ་སྙན་པར་གསུང་བ་ཤཱཀྱ་ཐུབ་པ་བསྡུ་བའི་
དངོས་པོ་བཞི་དང་། ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཉིད་དང་། བདུད་ཀྱི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་། སེམས་ཅན་གྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་བཤད་པར་བཞེད་ནས་དེ་འདི་སྙམ་དུ་དགོངས་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་
Vol. 66 · folio 108a
ཅད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་བརྒྱས་ངེས་པར་བྱུང་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གཞན་གྱི་དྲིང་མི་འཇོག་པའི་ཕྱིར་མི་ལྡོག་པ་སྒྲིབ་པ་མེད་པའི་ཡེ་ཤེས་ལ་མཁས་པའི་བར་འཁོད་
པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཞུགས་པར་གྱུར་ཅིང་། འདིར་འཁོད་ནས་རང་རང་གི་དགེ་བའི་ཕྱོགས་དང་བསམ་གཏན་དག་གིས་རྣམ་པར་སྤྱོད་པར་གྱུར་ལ། དེས་ན་སངས་རྒྱས་ཀྱི་ཞིང་འདིར་ས་ཆེན་པོ་ཤིན་ཏུ་སྐལ་བ་དང་ལྡན་པ་དང་། བཅུད་དང་ལྡན་པ་དང་།
ཡོན་ཏན་དང་ལྡན་པ་དང་། དྲན་པ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། གཏོང་བ་དང་ལྡན་པར་སངས་རྒྱས་ཀྱི་ཞིང་གཞན་བཞིན་གྱུར་ཅིག་སྙམ་དགོངས་སོ། །དེ་ལྟ་བས་ན་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་སངས་རྒྱས་ཀྱི་ཞིང་མི་མཇེད་
དེར་ཞུགས་པ་དེ་དག་དེར་འཁོད་ནས་རང་རང་གི་ཇི་ལྟར་འཚམ་པའི་དགེ་བའི་ཕྱོགས་ཀྱིས་བསམ་གཏན་དག་བྱེད་དེ། སྒོམ་པ་དེ་དག་ལས་ཁ་ཅིག་གིས་ལུས་ལས་ནི་འོད་འདི་ལྟ་བུ་བྱུང་སྟེ། དཔེར་ན་འབྲུ་མར་གྱི་མར་མེ་བཞིན་ནོ། །ཁ་ཅིག་གི་ལུས་ལས་ནི་འོད་འདི་ལྟ་བུའི་བར་
དག་བྱུང་སྟེ། དཔེར་ན་ཟླ་བ་དང་ཉི་མ་བྱེ་བ་བརྒྱ་སྟོང་ཕྲག་མང་པོའི་འོད་བཞིན་ནོ། །དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་འདུས་པ་ད་ལྟར་སྣང་བ་ཆེན་པོས་སངས་རྒྱས་ཀྱི་ཞིང་མི་མཇེད་ཁྱབ་པར་གྱུར་ཏོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལྷགས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་སྔོན་དེར་མ་ཕྱིན་པ་ཤ་སྟག་དེའི་ཚེ་ཏིང་ངེ་འཛིན་ལས་ལངས་ནས་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་ཆས་ཏེ་དེར་དོང་ནས་ཀྱང་སྐྱིལ་མོ་ཀྲུང་གིས་
འཁོད་ཅིང་རང་རང་གི་བསམ་གཏན་རྣམ་པ་སྣ་ཚོགས་དག་གིས་རྩེ་བར་བྱེད་དོ། །དེར་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་དེ་དག་ཕྱག་འཚལ་བར་བྱེད་དོ། །བསྙེན་བཀུར་བྱེད་དོ། འདུས་པ་ཆེན་པོ་དེ་ལ་ཡང་ལྟ་བར་བྱེད་དོ། །དེར་དེ་དག་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་
Vol. 66 · folio 108b
པ་དང་། ཀླུ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་། སེམས་ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་ཉན་པར་ཡང་བྱེད་དོ། །རིགས་ཀྱི་བུ་ཁྱོད་ཀྱང་ད་ལྟར་ཏིང་ངེ་འཛིན་ལས་ལངས་པས་རིགས་ཀྱི་བུ་ཁྱོད་ད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་
འགྲོ་བར་བྱའོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་ནི་སེམས་ཅན་རྣམས་ཤིན་ཏུ་སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་ཞིང་སྲིད་པའི་ལྟུང་ལ་བཏགས་པ་དག་ཡིན་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་ནང་ན་ཡང་བུད་མེད་གཟུགས་མི་སྡུག་པ་དང་། ཚུལ་དུ་མི་ཤིས་པ་དང་། མཆོག་
ཏུ་གཟུགས་ཀྱི་རྒྱགས་པས་དྲེགས་པ་དང་། དྲི་ང་བ་དང་། མི་གཙང་བ་དང་། གཙང་སྦྲར་སྤྱོད་པའི་རྒྱགས་པས་དྲེགས་པ་དང་། ངོ་གཉིས་བྱེད་པ་དང་། བདེན་པ་མ་ཡིན་པའི་ཚིག་སྨྲ་བ་དང་། ཚངས་པར་སྤྱོད་པར་ང་རྒྱལ་བྱེད་པ་དང་། བླུན་པ་དང་། མཁས་པར་ང་རྒྱལ་
ཅན་དང་། སེར་སྣ་ཅན་དང་། གཏོང་བར་ང་རྒྱལ་ཅན་དང་། མ་དད་པ་དང་། དད་པར་ང་རྒྱལ་ཅན་དང་། གཡོ་སྒྱུ་ཅན་དང་། སྒྱུ་བྱེད་པ་དང་། དྲང་པོའོ་སྙམ་པའི་ང་རྒྱལ་ཅན་དང་། ཕྲག་དོག་ཅན་དང་། ཕྲག་དོག་མེད་པའོ་སྙམ་པའི་ང་རྒྱལ་ཅན་དང་། གནོད་སེམས་དང་
ལྡན་པའི་སེམས་དང་། བྱམས་པར་ང་རྒྱལ་ཅན་དང་། རྣམ་པར་དབྱེན་བྱེད་པ་དང་། འཐུན་པར་ང་རྒྱལ་ཅན་དང་། ལོག་པར་ལྟ་བ་པ་དང་། ཡང་དག་པར་ལྟ་བའི་ང་རྒྱལ་ཅན་ཡིན་ཏེ། སྐྱེས་བུ་དམ་པ་མཁས་པ་ཆེན་པོ་རྫུ་འཕྲུལ་དང་ལྡན་པ་མངོན་པར་ཤེས་པས་རྣམ་པར་
རྩེ་བདག་བསམ་གཏན་ཡོངས་སུ་སྦྱོང་བ་བྱས་སུ་ཟིན་ཀྱང་ཡུད་ཙམ་གྱིས་བུད་མེད་ཀྱི་དབང་དུ་འགྱུར་བ་ཡིན་ནོ། །བུད་མེད་ཀྱི་ཉེས་པས་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ་དག་དང་། ངན་སོང་བ་དག་དང་། སེམས་ཅན་དམྱལ་བ་པ་དག་ཏུ་འགྱུར་བ་ཡིན་
ནོ། །རིགས་ཀྱི་བུ་ཁྱེད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ངའི་བཀས་ཞུ་བའི་ཕྱིར་ངའི་བཀས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་སྤྲོ་ན། དེར་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་
Vol. 66 · folio 109a
ལས་ཟད་པར་འགྱུར་བའི་གཟུངས་སྔགས་ལ་ང་དད་པ་སྦྱིན་པར་མཛད་དོ། །དེར་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་
ཀུན་ཏུ་ཟད་པར་བྱེད་པ། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། ཚོལ་བ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། བརྣབ་སེམས་ཐམས་ཅད་དང་། རྒོད་
པ་ཐམས་ཅད་དང་། མ་རིག་པ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། འཇིག་ཚོགས་ལ་ལྟ་བ་ཐམས་ཅད་དང་། མཐར་འཛིན་པའི་ལྟ་བ་ཐམས་ཅད་དང་། ཐེ་ཙོམ་ཐམས་ཅད་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། རྟག་པར་
ལྟ་བ་ཐམས་ཅད་དང་། ཆད་པར་ལྟ་བ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། སེམས་ཅན་དུ་ལྟ་བ་ཐམས་ཅད་དང་། སྒྲིབ་པར་ལྟ་བ་ཐམས་ཅད་དང་། གསོ་བར་ལྟ་བ་ཐམས་ཅད་དང་། གང་ཟག་ཏུ་ལྟ་བ་ཐམས་ཅད་དང་། བྱེད་པ་པོར་ལྟ་བ་ཐམས་ཅད་དང་། ཚོར་བ་པོར་
ལྟ་བ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་སུ་ལྟ་བ་ཐམས་ཅད་དང་། སྒྲར་ལྟ་བ་ཐམས་ཅད་དང་། དྲིར་ལྟ་བ་ཐམས་ཅད་དང་། རོར་ལྟ་བ་ཐམས་ཅད་དང་། རེག་བྱར་ལྟ་བ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། རྨད་དུ་བྱུང་བ་ཆེན་པོར་ལྟ་བ་ཐམས་ཅད་དང་། སྐྱེ་
བར་ལྟ་བ་ཐམས་ཅད་དང་། གནས་པར་ལྟ་བ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་འདི་དང་། བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་གཟུགས་ཀྱི་ཕུང་པོ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱེད་པ་ནས། རྣམ་པར་ཤེས་པའི་ཕུང་པོ་ཐམས་ཅད་ཀྱི་བར་
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱེད་པ། མིག་གི་དབང་པོ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱེད་པ་ནས། ཡིད་ཀྱི་དབང་པོ་ཐམས་ཅད་ཀྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱེད་པ་ཕུང་པོ་དང་། ཁམས་དང་།
Vol. 66 · folio 109b
སྐྱེ་མཆེད་ཐམས་ཅད་ཀྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱེད་པ། སྤོང་བར་བྱེད་པ། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བར་བྱེད་པ། བྱང་གྲོལ་གྱི་བདེ་བ་ཐམས་ཅད་སྟོན་པར་བྱེད་པ་འདི་བསྐུར་བར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དང་དེ་ན་སེམས་
ཅན་རྣམས་འབྱུང་པོ་དམུས་ལོང་འདྲ་བ་དག་དང་། མཆོག་ཏུ་གླེན་པ་དག་དང་། འབྱུང་པོ་ལུག་དང་འདྲ་བ་དག་དང་། འདོད་པའི་འདོད་ཆགས་ཀྱིས་མྱོས་པ་དག་ཡོད་དེ། བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་འདི་ནི་སེམས་ཅན་དེ་དག་གི་ལྟ་བ་ཐམས་ཅད་སྤོང་བ་དང་།
ལོངས་སྤྱོད་མི་ཟད་པ་ཉིད་བྱེད་པ་ཡིན། བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་འདི་ནི་ཆོས་ཐམས་ཅད་ཀྱི་གཏེར་བརྟན་པ་ཡིན། བསམ་གྱིས་མི་ཁྱབ་པའི་ཆོས་ལ་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་བྱེད་པ། བདུད་ཐམས་ཅད་ཀྱི་ཡུལ་རྣམ་པར་འཇིག་
པར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་འདི་ནི་བདུད་རྣམས་ཚར་གཅོད་པར་བྱེད་པ་ཡིན། ཀླུ་རྣམས་ཕམ་པར་བྱེད་པ་ཡིན། ལྷ་རྣམས་དགའ་བར་བྱེད་པ་ཡིན། གནོད་སྦྱིན་རྣམས་སྙིང་དགའ་བར་བྱེད་པ་ཡིན།
ལྷ་མ་ཡིན་རྣམས་འབྲོས་པར་བྱེད་པ་ཡིན། ནམ་མཁའ་ལྡིང་རྣམས་དངང་བར་བྱེད་པ་ཡིན། མི་འམ་ཅི་རྣམས་དད་པར་བྱེད་པ་ཡིན། ལྟོ་འཕྱེ་ཆེན་པོ་རྣམས་སྐྲག་པར་བྱེད་པ་ཡིན། ཕས་ཀྱི་རྒོལ་བ་རྣམས་འདུལ་བར་བྱེད་པ་ཡིན། རྒྱལ་རིགས་རྣམས་མངོན་པར་དད་པར་
བྱེད་པ་ཡིན། བྲམ་ཟེ་རྣམས་འཇུག་པར་བྱེད་པ་ཡིན། རྗེའུ་རིགས་རྣམས་དགའ་བར་བྱེད་པ་ཡིན། དམངས་རིགས་རྣམས་དགའ་བར་བྱེད་པ་ཡིན། བུད་མེད་འདོད་ཆགས་དང་བྲལ་བར་བྱེད་པ་ཡིན། མང་དུ་ཐོས་པ་རྣམས་སྐྱོ་བར་བྱེད་པ་ཡིན། རྣལ་འབྱོར་སྤྱོད་པ་རྣམས་
མངོན་པར་དགའ་བར་བྱེད་པ་ཡིན། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན། ཐབ་མོ་དང་། མུ་གེ་དང་། དུས་མ་ཡིན་པར་འཆི་བ་དང་། ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། དུས་མ་ཡིན་པའི་ཆར་དང་། ཤྭ་དང་། དུས་མ་ཡིན་པའི་ལྷགས་
Vol. 66 · folio 110a
པ་དང་། དུས་མ་ཡིན་པའི་ཚ་བ་དང་། དངོས་པོ་ཁ་བ་དང་། ཚ་བ་དང་། རྩུབ་པོ་དང་། ཧྲུད་ཧྲུད་པོ་དང་། རེག་པར་དཀའ་བ་རྣམས་རྣམ་པར་ཞི་བར་བྱེད་པ། སྤྲུག་པར་བྱེད་པ། མདངས་སུམ་འགྱུར་དུ་རྣམ་པར་འཕེལ་བར་བྱེད་པ། དམ་པའི་ཆོས་ཀྱི་ཚུལ་
གསལ་བར་བྱེད་པ་ཡིན། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པར་བྱེད་པ་ཡིན། སངས་རྒྱས་ཀྱི་བསྟན་པ་རྟོན་པར་བྱེད་པ་ཡིན། འཁོར་བས་སྐྲག་པ་རྣམས་དབུགས་འབྱིན་པར་བྱེད་པ་ཡིན་པ་ནས། ཟད་པ་ཤེས་པའི་བར་སྐྱེད་པར་བྱེད་པ་ཡིན། མི་སྐྱེ་བ་ཤེས་པ་
རྟོགས་པར་བྱེད་པ་ཡིན། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་ཡིན། སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པ་ཡིན་ནོ། །སྱཱད་ཡ་ཐེ་ད་ན། བ་ཡེ་བ་ཡ་པ་རི་བཱ་རེ། བཱ་ཧེ་བཱ་ཧ་པ་རི་བཱ་རེ། པྲཱི་ཐ་བེ། པྲཱི་ཐ་བཱ་པ་རི་བཱ་རེ། ཨཱ་བེ་ཨཱ་བ་པ་རི་བཱ་རེ། ཏེ་ཛེ་
ཏེ་ཛ་པ་རི་བཱ་རེ། མཱ་ལེ་མཱ་ལ་པ་རི་བཱ་རེ། ཁ་གེ་ཁ་ག་པ་རི་པཱ་རི། ཨཱ་ལོ་ཀེ་ཨཱ་ལོ་ཀ་པ་རི་བཱ་རེ། སྠཱ་མེ་སྠཱ་མ་པ་རི་བཱ་རེ། རི་ཛེ་རི་ཛ་པ་རི་བཱ་རེ། སི་ལེ་སི་ལ་པ་རི་བཱ་རེ། ག་མེ་ག་མ་པ་རི་བཱ་རེ། ཨཱ་བོ་པ་ཨ་བོ་པ་པ་རི་བཱ་རེ། མཱ་ལ་མ་ལ་མ། ལ་མ་ལ་མ། རཱ་ལ་རཱ་ལ་མ། བཱི་ཛྙཱ་ན་
བྷཱུ་ཏ་གྲ་ཧེ། བྷཱུ་ཏ་གྲ་ཧཱ་པ་རི་བཱ་རེ། ཙཀྵུ་གྲ་ཧ་པ་རི་བཱ་རེ། ཤོ་ཏྲ་གྲ་ཧེ། ཤོ་ཏྲ་གྲ་ཧཱ་པ་རི་བཱ་རེ། གྷྲཱ་ཎ་གྲ་ཧེ། གྷྲཱ་ཎ་གྲ་ཧཱ་པ་རི་བཱ་རེ། ཛི་ཧྭཱ་གྲ་ཧེ། ཛི་ཧྭཱ་གྲ་ཧཱ་པ་རི་བཱ་རེ། ཀཱ་ཡ་གྲ་ཧེ། ཀཱ་ཡ་གྲ་ཧཱ་པ་རི་བཱ་རེ། མན་གྲ་ཧེ། མན་གྲ་ཧཱ་པ་རི་བཱ་རེ། སྤརྴ་གྲ་ཧེ། སྤརྴ་གྲ་ཧཱ་པ་རི་བཱ་རེ། བེ་ད་
ནཱ་གྲ་ཧེ། བེ་ད་ནཱ་གྲ་ཧཱ་པ་རི་བཱ་རེ། ཏྲཱིཥྞཱ་གྲ་ཧེ། ཏྲཱིཥྞཱ་གྲ་ཧཱ་པ་རི་བཱ་རེ། ཨུ་པཱ་དཱ་ན་གྲ་ཧེ། ཨུ་པཱ་དཱ་ན་གྲ་ཧཱ་པ་རི་བཱ་རེ། བྷཱ་བ་གྲ་ཧེ། བྷཱ་བ་གྲ་ཧཱ་པ་རི་བཱ་རེ། ཛཱ་ཏི་གྲ་ཧེ། ཛ་ར་མར་ཎ་གྲ་ཧེ། ཛ་ར་མ་ར་ཎ་གྲ་ཧཱ་པ་རི་བཱ་རེ། དུཿཁ་སན་ཏ་པཱ་ན་གྲ་ཧེ། དུཿཁ་སན་
ཏ་པཱ་ན་གྲ་ཧཱ་པ་རི་བཱ་རེ། ཨཱ་ར་པཱ་ར་དྭི་ཛ་གྲ་ཧེ། ཨཱ་ར་པཱ་ར་དྭི་ཛ་གྲ་ཧཱ་པ་རི་བཱ་རེ། ཨ་བརྟ་བི་བརྟ་སྱ། ཨ་བ་ར་མུ་པ་མ་ས་སྱ། བེ་ག་བི་ནི། བརྟི་ཨཱ་རྱ་ར་སྨི་སཾ་བེ་ག་ཤཱན་ཏི་སྭཱ་ཧཱ། རིགས་ཀྱི་བུ་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་།
Vol. 66 · folio 110b
སེམས་ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་འདི་ལ་ངས་དད་པ་སྦྱིན་པར་མཛད་ཅིང་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་བསྐུར་བར་མཛད་ཀྱིས་ལོང་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་སོང་ཤིག །ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་གནོད་པ་
ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་ཀྱང་ཞུས་ལ། དེ་ལ་འདི་སྐད་དུ། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡོངས་སུ་གདུང་བ་མེད་པ་ཞེས་བགྱི་བ་མཆིས་
སོ། །སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་ཅེས་བགྱི་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་ཀྱང་བདག་དེ་ནས་འདིར་བཅོམ་ལྡན་འདས་ལ་ཡོངས་སུ་ཞུ་བའི་སླད་དུ་བཏང་བ་ལགས་ན། བཙུན་པ་བཅོམ་
ལྡན་འདས་ཅི་བསྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ངམ། ཁྱོད་ཀྱི་འཁོར་བྲོ་འཚལ་བ་མ་མཆིས་ལགས་སམ། གནོད་པ་ཆུང་ངམ། དམ་པའི་ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཐོས་པ་བཞིན་དུ་ཆོས་དང་ལྡན་པ་ལགས་སམ། ཆོས་དེ་ལ་ནན་ཏན་
སྙིང་པོར་བགྱིད་པ་ལགས་སམ། ཆོས་ཀྱིས་གནས་པ་དང་ལྡན་པར་གནས་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་བདུད་ཀྱི་ཡུལ་དང་། ཀླུའི་ཡུལ་བཅོམ་ལགས་སམ། སངས་རྒྱས་གཅིག་གི་ཡུལ་ལགས་སམ། འདིར་ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་ཐོགས་པ་མ་མཆིས་
པར་བསྐོར་བར་མཛད་ལགས་སམ། གང་ལ་ལ་སངས་རྒྱས་ཀྱི་ཡུལ་འདིར་ཆོས་མ་ལགས་པའི་འཁོར་ལོ་སྐོར་བ་དེ་ལ་ཡང་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་དེས་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་། སེམས་ཅན་
རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་འདི་ལ་དད་པ་གནང་སྟེ། དེ་ནས་ཀྱང་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བགྱིད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཀུན་
Vol. 66 · folio 111a
ཏུ་ཟད་པར་བགྱིད་པ། གཟུགས་མེད་པའི་འདོད་ཆགས་ཀུན་ཏུ་ཟད་པར་བགྱིད་པ་ནས། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པའི་བར་བགྱིད་པ་དང་། སྡུག་བསྔལ་གྱི་ཕུང་པོའི་ཁུར་འདོར་བར་བགྱིད་པ་འདི་བསྐུར་ལགས་སོ་ཞེས་གསོལ་
ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ཡོན་ཏན་དང་། ཕན་ཡོན་དང་བཅས་པ་བདག་གིས་བཟུང་ལགས་ན། བཙུན་པ་
བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་མཆི་བ་ལ་འཇིགས་པ་འབའ་ཞིག་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ད་ལྟར་བཅོམ་ལྡན་འདས་ལས་བདག་གིས་མངོན་དུ་ཐོས་ཤིང་མངོན་དུ་བཟུང་ལགས་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་སེམས་ཅན་
རྣམས་འདོད་ཆགས་ཀྱི་ཤས་ཆེ་བ་དམུས་ལོང་དང་འདྲ་བ་དག་ལགས་ཏེ། དེ་ན་བུད་མེད་ཀྱང་གཟུགས་མི་སྡུག་པ་དང་། ཚུལ་དུ་མི་ཤིས་པ་དང་། མཆོག་ཏུ་གཟུགས་ཀྱི་རྒྱགས་པས་དྲེགས་པ་ནས་སེམས་ཅན་རྣམས་བསམ་གཏན་ལ་རབ་ཏུ་སྤྱོད་པ་བགྱིས་པ། མངོན་པར་
ཤེས་པས་རྣམ་པར་རྩེ་བ། སྐྱེས་བུ་དམ་པ་མཁས་པ་ཆེན་པོ་དག་ཀྱང་ལྷག་པར་བུད་མེད་ཀྱི་དབང་དུ་འགྱུར་བ་ལགས་སོ། །བུད་མེད་ཀྱི་ཉེས་པས་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ་དག་དང་། ངན་སོང་བ་དག་དང་། སེམས་ཅན་དམྱལ་བའི་བར་འབྱུང་
ཞིང་འབྱུང་བར་འགྱུར་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ནི་བདག་གི་དོན་དུ་སྨྲ་བ་མ་ཡིན་ཞིང་བདག་ལ་
ཕན་པའི་ཕྱིར་ཞུགས་པ་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨྲ་བ་ཡིན་ཞིང་ཁྱོད་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་མི་མཇེད་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་འཁོར་ན་དགེ་བསྙེན་དྲི་
Vol. 66 · folio 111b
མ་མེད་པར་གྲགས་པ་ཞེས་བྱ་བ་སྣང་བ་གང་ཡིན་པ་དེ་ཡང་སུ་ཡིན། དེ་ནི་ཁྱོད་ཉིད་མ་ཡིན་ནམ། དེ་ཅང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་ང་ཡང་སངས་རྒྱས་ཀྱི་ཞིང་དེ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བརྒྱ་སྟོང་གྲངས་མེད་པ་འདིའི་བར་དུ་
སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལ་ལར་ཁ་ཅིག་ཏུ་ནི་ཚངས་པའི་ལུས་བྱད་དུ་ཀུན་ཏུ་སྣང་ངོ་། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁ་ཅིག་ཏུ་ནི་དབང་ཕྱུག་གི་ལུས་བྱད་དུ་ཀུན་ཏུ་སྣང་ངོ་། །ལ་ལར་ནི་དགེ་སྦྱོང་གི་ལུས་བྱད་དང་། ལ་ལར་ནི་བརྒྱ་བྱིན་གྱི་ལུས་
བྱད་དང་། ལ་ལར་ནི་ལྷའི་ལུས་བྱད་དང་། ལ་ལར་ནི་ཀླུའི་དབང་པོའི་ལུས་བྱད་དང་། ལ་ལར་ནི་ལྷ་མ་ཡིན་གྱི་དབང་པོའི་ལུས་བྱད་དང་། ལ་ལར་ནི་ནམ་མཁའ་ལྡིང་གི་དབང་པོའི་ལུས་བྱད་དང་། ལ་ལར་ནི་མི་འམ་ཅིའི་དབང་པོའི་ལུས་བྱད་དང་། ལ་ལར་ནི་ཤེད་ལས་སྐྱེས་
ཀྱི་དབང་པོའི་ལུས་བྱད་དང་། ལ་ལར་ནི་རང་སངས་རྒྱས་ཀྱི་ལུས་བྱད་དང་། ལ་ལར་ནི་ཉན་ཐོས་ཀྱི་ལུས་བྱད་དང་། ལ་ལར་ནི་རྒྱལ་རིགས་ཀྱི་ལུས་བྱད་དང་། ལ་ལར་ནི་བྲམ་ཟེའི་ལུས་བྱད་དང་། ལ་ལར་ནི་ཁྱིམ་བདག་གི་ལུས་བྱད་དང་། ལ་ལར་ནི་བུད་མེད་ཀྱི་ལུས་བྱད་དང་།
ལ་ལར་ནི་ཁྱེའུའི་ལུས་བྱད་དང་། ལ་ལར་ནི་བུ་མོའི་ལུས་བྱད་དང་། ལ་ལར་ནི་དུད་འགྲོའི་སྐྱེ་གནས་ཀྱི་ལུས་བྱད་དང་། ལ་ལར་ནི་ཡི་དགས་ཀྱི་ལུས་བྱད་དང་། ལ་ལར་ནི་སེམས་ཅན་དམྱལ་བའི་ལུས་བྱད་དུ་ཀུན་ཏུ་སྣང་ངོ་། །དེ་ལྟ་མོད་ཀྱི་འཁོར་འདི་ན་གང་དག་ང་དང་ཐབས་
ཅིག་ལྷན་ཅིག་ཏུ་སྙོམས་པར་འཇུག་པར་མཛད་ཅིང་བཞེངས་པར་ཡང་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ཁྲི་ཡོད་དོ། །འཁོར་འདི་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་བློ་གཡོ་བ་དག་དང་། བློ་རྒྱུད་རྣམ་པར་མི་གནས་པ་དག་ཀྱང་ཡོད་དེ། དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོ་དེ་ལ་ཡང་བལྟ་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལས་ཀྱང་འདུས་པ་ཆེན་པོ་མཉན་པར་མཆོག་ཏུ་འདོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་
Vol. 66 · folio 112a
དག་ཀྱང་ང་ཁོ་ན་དང་ཐབས་ཅིག་ཏུ་དེ་ཉིད་དུ་འདོང་བར་འདོད་དེ། དེར་དེ་དག་འདོད་པའི་འདོད་ཆགས་ཀྱི་རྒྱུས་སླུ་བར་གྱུར་ན་མི་རུང་ཞིང་དེར་ངའི་སྐྱེས་བུ་དམ་པ་མ་ཡིན་པའི་བྱེད་པ་འགྲོ་བར་གྱུར་ན་མི་རུང་བས། དེ་དག་གི་དོན་དུ་ངས་བཤད་དོ། །ཡང་དེ་
བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་བྱང་ཆུབ་སེམས་དཔའ་ཉི་མའི་ཤུགས་ཀྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་མ་འཇིགས་ཤིག་མ་འཇིགས་ཤིག །སྐྱེས་བུ་དམ་པ་ཁྱེད་ལ་འདི་ལྟ་སྟེ། གཟུངས་སྔགས་གང་གིས་སྲིད་པ་གསུམ་གྱི་བཙོན་རར་
ཐམས་ཅད་དུ་མངོན་པར་མི་དགའ་བའི་འདུ་ཤེས་ཅན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་ལ་རེག་ནས་རྫོགས་པར་བྱས་ཏེ་གནས་པ་དང་། མི་གཡོ་བའི་ཏིང་ངེ་འཛིན་ལ་འཇུག་པ་དང་། མགོ་མཉམ་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་
གཟུངས་སྔགས་ཉི་མ་སྣང་བའི་པད་མ་ཞེས་བྱ་བ་ལུས་ཀྱི་ཚོར་བ་ཐམས་ཅད་སྒྲུབ་པར་བྱེད་པ། ལུས་ཀྱི་འདུ་ཤེས་ཐམས་ཅད་སྒྲུབ་པར་བྱེད་པ། དུལ་བའི་ས་སྒྲུབ་པར་བྱེད་པ། རྣམ་པར་གྲོལ་བ་སྒྲུབ་པར་བྱེད་པ། སྲིད་པའི་རྒྱ་མཚོ་ཡོངས་སུ་གཅོད་པ་སྒྲུབ་པར་བྱེད་པ། དཀོན་
མཆོག་གསུམ་གྱི་གདུང་གི་གགས་ལྡོག་པ་སྒྲུབ་པར་བྱེད་པ། བྱམས་པ་ཆེན་པོ་སྒྲུབ་པར་བྱེད་པ། སྙིང་རྗེ་ཆེན་པོ་སྒྲུབ་པར་བྱེད་པ། ཤེས་རབ་རྣམ་པར་གྲོལ་བ་ཐམས་ཅད་སྒྲུབ་པར་བྱེད་པ། བདུད་བཞི་དང་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་སྒྲུབ་པར་བྱེད་པ། ཟད་པ་
ཤེས་པ་དང་མི་སྐྱེ་བ་ཤེས་པ་སྒྲུབ་པར་བྱེད་པ། ལོངས་སྤྱོད་དང་། ཚེའི་འདུ་བྱེད་ཐམས་ཅད་དང་། ཞི་བ་དང་། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པ་ངས་སྦྱིན་པར་མཛད་དོ། །རིགས་ཀྱི་བུ་གང་ལ་ལ་ཉི་མ་སྣང་བའི་གཟུངས་སྔགས་འདི་སེམས་རྩེ་
གཅིག་པས་ཉན་པར་བྱེད་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་སྲབ་མོར་བྱེད་དོ། །འཆི་བའི་དུས་བྱས་ནས་ཀྱང་ལྷ་རྣམས་ཀྱི་ནང་དུ་ཚེ་རབས་བདུན་འཁོར་བར་བྱེད་ཅིང་ཚེ་རབས་དྲན་པར་ཡང་འགྱུར་ལ། དེར་འདོད་པ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་
Vol. 66 · folio 112b
རོ། །དེ་རྣམས་ཀྱི་ནང་དུ་ལྷའི་དྲང་སྲོང་དུ་འགྱུར་ཞིང་ལྷ་རྣམས་ཀྱིས་མཆོད་པའི་འོས་སུ་འགྱུར་རོ། །དེ་དེ་ནས་ཤི་འཕོས་ནས་མི་རྣམས་ཀྱི་ནང་དུ་ཚེ་རབས་བདུན་འཁོར་བར་བྱེད་ཅིང་འདིར་འདོད་པ་རྣམས་ཀྱིས་རྗེས་སུ་གོས་པར་ཡང་མི་འགྱུར་རོ། །འདིར་མི་རྣམས་ཀྱི་ནང་
དུ་མིའི་དྲང་སྲོང་དུ་འགྱུར་ཞིང་ལྷ་དང་མི་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་དང་། མཆོད་པའི་འོས་སུ་འགྱུར་རོ། །གང་ལ་ལ་ཉི་མ་སྣང་བའི་གཟུངས་སྔགས་སེམས་རྩེ་གཅིག་པས་ལན་བདུན་གྱི་བར་དུ་ཉན་པར་བྱེད་ན་དེ་འཆི་བའི་དུས་བྱས་ནས་ལྷ་རྣམས་ཀྱི་ནང་དུ་ལན་
བདུན་གྱི་བར་དུ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་ཞིང་ལྷ་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་དང་མཆོད་པའི་འོས་སུ་འགྱུར་རོ། །དེ་འདིར་མི་རྣམས་ཀྱི་ནང་དུ་ལན་བདུན་དུ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་ཞིང་ལྷ་དང་། ཀླུ་དང་། གནོད་
སྦྱིན་དང་། ལྷ་མ་ཡིན་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱིས་ཕྱག་བྱ་བའི་འོས་དང་། མཆོད་པའི་འོས་སུ་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལ་ལྷ་རྣམས་ཀྱི་ནང་དུ་ཡང་ལྷའི་འདུས་པ་རྣམས་ལ་གཟུངས་སྔགས་ཉི་མ་སྣང་བའི་པད་མ་ཞེས་བྱ་བ་འདི་ལན་བདུན་དུ་རྗོད་པར་
བྱེད་ལ། དེ་དག་ཀྱང་སེམས་རྩེ་གཅིག་པས་ཉན་པར་བྱེད་ན་ལྷ་དང་ལྷ་མོ་དེ་དག་ཐམས་ཅད་ཀྱང་འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་ལ་མི་ལྟ་བའི་སེམས་དང་ལྡན་པར་འགྱུར་ཞིང་། བསམ་གཏན་ལ་མངོན་པར་དགའ་བར་འགྱུར་རོ། །གལ་ཏེ་ལ་ལ་འདིར་རྒྱལ་པོ་རྣམས་
སམ། རྒྱལ་རིགས་རྣམས་སམ། བྲམ་ཟེ་རྣམས་སམ། རྗེའུ་རིགས་རྣམས་སམ། དམངས་རིགས་རྣམས་ཀྱི་རྣ་གུང་དུ་ལན་བདུན་དུ་རྗོད་པར་བྱེད་ལ། གལ་ཏེ་དེ་དག་ཀྱང་སེམས་རྩེ་གཅིག་པས་ཉན་པར་བྱེད་ན་དེ་དག་ཐམས་ཅད་འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་ལ་
མི་ལྟ་བའི་སེམས་དང་ལྡན་པ་དང་། བསམ་གཏན་ལ་མངོན་པར་དགའ་བར་འགྱུར་རོ། །རིགས་ཀྱི་བུ་བུད་མེད་གང་ལ་ལ་གཟུངས་སྔགས་ཉི་མ་སྣང་བའི་པད་མ་ཞེས་བྱ་བ་འདི་ཉན་པར་བྱེད་ཅིང་ཉིན་ཞག་བདུན་དུ་ལས་གཞན་མི་བྱེད་པར་རྣམ་པར་སེམས་པར་བྱེད་དམ།
Vol. 66 · folio 113a
ལྕེས་ཁ་ཏོན་དུ་བྱེད་ན་དེའི་རིས་འཐུན་པ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་བསྲབས་པར་འགྱུར་རོ། །འདི་ནི་དེའི་བུད་མེད་འཐོབ་པའི་ཐ་མ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །
དེ་ཕྱིས་ཀྱང་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་རང་གི་སྨོན་ལམ་མ་གཏོགས་པར་འཁོར་བ་ན་འཁོར་བའི་ཚེ་བུད་མེད་འཐོབ་པ་རྙེད་པར་མི་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལ་གཟུངས་སྔགས་ཉི་མ་སྣང་བའི་པད་མ་ཞེས་བྱ་བ་འདིས་ལན་བདུན་དུ་རྩི་གྲང་མོ་
ལས་བྱ་བས་ནས་རྔ་བོ་ཆེའམ། དུང་ལ་བྱུགས་ནས། རྔ་བོ་ཆེ་དེ་རྡུང་བར་བྱེད་དམ། དུང་འབུད་པར་བྱེད་ན་གང་དང་གང་དུ་དེ་དག་གི་སྒྲ་འགྲོ་བ་དེ་དང་དེར་མི་རྣམས་ལ་བྱད་སྟེམས་ཐམས་ཅད་ཀྱི་རྒྱུ་མེད་པར་འགྱུར་རོ། །དེར་སྨན་གྱི་སྦྱོར་བ་འགྲོ་བ་དང་། ཕོ་ཉ་དང་། ཡིག་འབྲུ་
དང་། ཡིད་ལ་བྱེད་པ་དང་། ལུས་འགྱུར་བ་དང་། ཚུལ་འཆོས་པ་དང་། འཆིང་བ་དང་། ལུས་དང་། སྙིང་གི་ཀུན་ཏུ་གདུང་བ་མཐོང་བར་མི་འགྱུར་རོ། །ལས་སྒྲུབ་པ་མེད་པར་འབྲས་བུ་འགྲུབ་པར་འགྱུར་ཏེ། རིགས་ཀྱི་བུ་གཟུངས་སྔགས་ཉི་མ་སྣང་བའི་པད་མ་ཞེས་བྱ་བ་
འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ཡིན་ནོ། །ཏད་ཡ་ཐཱ། སིད་དྷ་མ་ཏེ། བི་ལོ་ཀ་མ་ཏེ། ཨེ་ལེ་ཀེ་ཏེ་རེ་ཥེ། རཱུ་ཙི་སུ་རཱུ་ཙི། བུད་དྷེ་བི་བུད་དྷེ། མ་ཧཱ་བུད་དྷེ། ཨུན་མད་ཏེ། ཨུན་མད་ཏ། པྲ་ཏི་ཥེ་དྷ་ནེ། ར་ག་དྷུ་ར་ག་དྷུ་བ་པྲ་ཏི་ཥེ་དྷ་ནེ་བིན་དུ། བིན་དུ་མ་ཏེ། ཙི་ཊ་ཙི་ཊ་པྲ་ཏི་ཥེ་དྷ་ནི།
ཨརྐ་ཙན་དྲ་ཨ་དྷེ། ཧ་ཏ་ཙིད་ཏི་ཧ་ཏ་ནི་རྨི། ཧ་ཏ་ཀཱ་མ་བེ་གེ །ཧ་ཏ་པཽ་ན་བྷ་བི་ར་ཛེ། ཧ་ཏ་ཙཀྵུ་ས་མ་ཏེ། ཧ་ཏ་བི་ཏ་མ་བུད་དྷེ། ཧ་ཏ་ཡཱ་གྲེ། ཧ་ཏ་བི་ས་མཱ་གྲེ། ཧ་ཏ་སུ་མུ་དྲ་ཙ་བེ། ཧ་ཏ་བི་ཏ་མཱ་ར་ཛེ། ཧ་ཏ་ཏི་ཏེ། ཧ་ཏ་དྷརྨ་ཙ་ཙ་ཏེ། ཧ་ཏ་དྷརྨ་རཱ་ཛེ། ཧ་ཏ་བ་ཧུ་རཱ་ཛེ། ཧ་ཏ་པ་
བརྫ་མ་ཏི། ཧ་ཏཽགྷ་རབྨི། ཧ་ཏ་དྷརྨ་སིད་དྷི། ཧ་ཏ་སརྦ་ཨུ་པ་དྷ་ན་ཛྙཱ་ཛྙཱ་ཛྙཱ། བི་ཛྙཱ་ཛྙཱ་ཛྙཱ། རི་བི་ཛྙཱ་ཛྙཱ་ཛྙ། སརྦ་མཱརྒ་ཛྙ་ཛྙཱ། ཨེ་ཥ་ཨནྟ་སང་སཱ་ར་དུཿཁེ་སྭཱ་ཧཱ། རིགས་ཀྱི་བུ་འདོད་པའི་ཆུ་བོ་ཐམས་ཅད་ཀུན་ཏུ་སྐེམས་པར་བྱེད་པ། ངེས་པར་འབྱུང་བའི་ཕ་རོལ་དུ་འགྲོ་བའི་གཟུངས་
Vol. 66 · folio 113b
སྔགས་འདི་བཟུང་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ཤིག །ཁྱོད་ཀྱིས་འདོད་པའི་བདུད་ཀྱི་མཆིལ་པ་ཐམས་ཅད་དང་། ཕ་རོལ་གནོན་པ་དང་། ཡུལ་ལ་བརྩོན་པའི་ཕ་རོལ་གནོན་པས་ཕ་རོལ་གནོན་པ་བྱེད་དུ་ཟིན་ཀྱང་། སུས་ཀྱང་ཁྱོད་ཀྱི་ལུས་སམ་སེམས་ལ་
འདོད་པའི་ཀུན་ཏུ་སྦྱོར་བ་དག་གིས་གོས་པར་བྱེད་མི་ནུས་ན་གཟུངས་སྔགས་འདི་ཇི་ལྟར་ཐོས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་སོང་ནས་ཀྱང་སྦྱོར་བ་བྱོས་ཤིག །དེར་གལ་ཏེ་བདུད་བྱེ་བ་ཕྲག་བརྒྱ་གསང་སྔགས་ཀྱི་སྦྱོར་བ་ཐམས་ཅད་དང་། སྨན་གྱི་སྦྱོར་བ་ཐམས་ཅད་
དང་། ཆོས་ཀྱི་སྦྱོར་བ་ཐམས་ཅད་དང་། ལྷ་དང་། མི་གཞན་དག་གིས་འདོད་པའི་དྲི་ང་བ་དག་གིས་གོས་པར་བྱ་བ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
ཕྲག་མང་པོ་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དང་། ལྷ་དང་། མི་རྣམས་ངོ་མཚར་རྙེད་ཅིང་རྨད་དུ་བྱུང་བ་རྙེད་པར་གྱུར་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གཟིགས་པ་དང་། མངའ་བརྙེས་པ་ནི་ངོ་མཚར་ལགས་སོ། །
མཆོག་ཏུ་ངོ་མཚར་ལགས་ཏེ། འདོད་པས་ཀུན་ཏུ་གདུང་བ་རྣམ་པར་འཇིག་པར་བགྱིད་པའི་གཟུངས་སྔགས་འདི་ནི་བདག་ཅག་གིས་སྔོན་མ་ཐོས་ལགས་སོ། །དེ་ནས་འཁོར་དེར་ལྷའི་བུ་མོ་དང་། མིའི་བུ་མོ་བརྒྱད་ཁྲི་བཞི་སྟོང་གིས་བསྙེན་བཀུར་བྱས་ནས་གཟུངས་སྔགས་འདི་ཐོས་
པར་གྱུར་ཏོ། །ཐོས་མ་ཐག་ཏུ་དེ་དག་གི་མོ་མཚན་ནུབ་པར་གྱུར་ཅིང་། ཕོ་མཚན་བྱུང་བར་གྱུར་ཏེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་མེ་ཏོག་ཙམ་པ་ཀའི་
ཕྲེང་བ་བཞེས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རིགས་ཀྱི་བུ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདི་དང་། གཟུངས་སྔགས་ཉི་མ་སྣང་བའི་པད་མ་ཞེས་བྱ་བ་འདི་དང་། བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་
Vol. 66 · folio 114a
དེ་ཟུང་ཤིག །འདོད་པ་གློག་གི་འོད་ལྟ་བུ་སེལ་བར་བྱེད་པ་འདི་གཉིས་དང་། ཆོས་ཀྱི་སྒོ་མོ་དེར་ཁྱེར་ལ་ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་གནོད་པ་ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་ཀྱང་ཞུས་
ལ། དེ་ལ་འདི་སྐད་དུ་ཁྱོད་ལ་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་ཞུ་བར་མཛད་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཅི་བསྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ངམ། ཁྱོད་ཀྱི་འཁོར་གུས་པར་ཉན་ལགས་སམ། ཆོས་འཚལ་བ་ལགས་སམ། ཆོས་ཀྱིས་
གནས་པ་ལགས་སམ། ཆོས་ལ་བརྩོན་པ་ལགས་སམ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ན་ཉོན་མོངས་པ་སེལ་བར་བགྱིད་པ་དེ་དག་དང་། ཆོས་ཀྱི་སྒོ་ལ་དེ་བཞིན་གཤེགས་པ་དེས་དད་པ་སྩལ་ཏེ། དེ་ནས་འདོད་པ་གློག་གི་འོད་ལྟ་བུ་སེལ་བར་བགྱིད་པ། ཆོས་ཀྱི་སྒོའི་
གཟུངས་སྔགས་མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བགྱིད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་བགྱིད་པ་ནས། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པའི་བར་བགྱིད་པ། སྡུག་བསྔལ་
གྱི་ཁུར་འདོར་བར་བགྱིད་པ་བསྐུར་ལགས་སོ་ཞེས་གསོལ་ཅིག། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་གསུམ་པ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་འཚལ་ལགས་སོ། །
ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲིས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། འདུས་པ་ཆེན་པོ་དེ་ལ་ཡང་བལྟ་བའི་
སླད་དུ། བདག་ཅག་ཀྱང་མཆི་བར་འཚལ་ཏེ། དེ་བཞིན་གཤེགས་པ་དེ་ལས་འདུས་པ་ཆེན་པོ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ན་ཉོན་མོངས་པ་སེལ་བར་བགྱིད་པའི་ཆོས་ཀྱི་སྒོ་བདག་ཅག་གིས་མཉན་པར་བགྱིད་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་
Vol. 66 · folio 114b
དེས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཐམས་ཅད་ལྷན་ཅིག་འཐུན་པར་ཐམས་ཅད་ཚངས་པ་ཆེན་པོའི་ལུས་བྱད་དང་། རྟགས་དང་། མདོག་དང་། དབྱིབས་དང་། སྤྱོད་ལམ་གྱིས་དེང་ཤིག །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཉི་མའི་ཤུགས་
ཀྱི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ཐམས་ཅད་ཚངས་པ་ཆེན་པོའི་ལུས་བྱད་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་ལུས་དག་མངོན་པར་སྤྲུལ་ནས། དེ་བཞིན་གཤེགས་པ་ཙམ་པ་ཀའི་
མདོག་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་དེ་ནས་ཆས་ཏེ་ཡུད་ཙམ་གྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཕྱིན་ཏོ། །སྐྱེས་བུ་དམ་པ་དེ་དག་ཕྱིན་པ་ཙམ་གྱི་མོད་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་དུ་བཅོམ་ལྡན་འདས་
ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་ཙམ་པ་ཀའི་ཆར་མངོན་པར་འབེབས་པར་གྱུར་ཏོ། །དེ་དག་ཡུལ་མ་ག་དྷཱའི་ཞིང་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་ཉེ་བར་དོང་ངོ་། །དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་
ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ནི་དེའི་བར་དུ་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཐབས་ཅིག་ཆོས་ཀྱིས་གནས་པའི་གཏམ་ཀུན་ཏུ་སྤྱོད་པར་མཛད་དོ། །དེའི་ཚེ་ལྷོ་ཕྱོགས་ན་གྲོང་ཁྱེར་ཆུ་དང་རྒྱར་དཔག་ཚད་གཅིག་ཡོད་པ་བྱེ་མ་དག་གིས་ཡོངས་སུ་གང་བ་དེ་སྙེད་ཀྱི་
སངས་རྒྱས་ཀྱི་ཞིང་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་སྙིགས་མ་ལྔས་སྙིགས་མའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་
སྟོན་ཏོ། །འཁོར་དེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་ཏོ། །དེས་སྟེང་གི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་ལྷོ་ཕྱོགས་ཀྱི་ཕྱོགས་ཆ་ནས་བྱང་ཕྱོགས་སུ་འགྲོ་བ་དག་མཐོང་ངོ་། །
Vol. 66 · folio 115a
དེ་ནས་གོང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདོང་བའི་ཕྱོགས་དེ་ལ་བལྟས་ཏེ། དེས་དེར་སྣང་བ་ཆེན་པོ་མཐོང་ནས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ལ་ཡོངས་སུ་ཞུས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་དེས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། གྲོང་ཁྱེར་ཆུ་དང་རྒྱར་དཔག་ཚད་གཅིག་ཡོད་པ་བྱེ་མ་དག་གིས་ཡོངས་སུ་གང་བར་གྱུར་པའི་བྱེ་མའི་འབྲུ་དེ་དག་ཇི་སྙེད་ཡོད་པའི་སངས་
རྒྱས་ཀྱི་ཞིང་ཇི་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དོ། །དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་ན་ད་ལྟར་འདུས་པ་ཆེན་པོ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དེ་ཆོས་ཀྱི་ཚུལ་ཡུན་རིང་དུ་
གནས་པར་མཛད་པའི་ཕྱིར་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར་དང་། ཆོས་ཀྱིས་གནས་པ་ཉིད་རྒྱུན་མི་གཅད་པའི་ཕྱིར་དང་། བདུད་ཀྱི་ཡུལ་རྣམ་པར་འཇིག་པར་མཛད་པའི་ཕྱིར་དང་། ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་མཛད་པའི་ཕྱིར་ཐེག་པ་གསུམ་
རྣམ་པར་གཏན་ལ་དབབ་པ་བསྟན་པའི་སྒོའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་ཏོག་ཅེས་བྱ་བའི་གཟུངས་སྔགས་བཤད་ནས་གཤེགས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་ཀྱི་འདུས་པ་ཆེན་པོ་ཡང་དག་པར་འདུས་པར་མཛད་ནས་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་སྤྱན་གསུམ་དང་། ཚངས་པའི་གནས་དག་བསྟན་ཀྱང་ད་དུང་འཁོར་སངས་རྒྱས་ཀྱི་ཞིང་མི་མཇེད་ས་དང་སྟེང་གི་
ནམ་མཁའ་མ་འདྲེས་པར་གང་ཞིག་དེ་བཞིན་གཤེགས་པ་མཆོག་ཏུ་སྙན་པ་གསུང་བ་ཤཱཀྱ་ཐུབ་པའི་ཆོས་བསྟན་པ་ལ་ངོམས་པ་མེད་དོ་ཞེས་བྱ་བའི་བར་ཇི་སྐད་སྔར་གསུངས་པ་བཞིན་ནོ། །རིགས་ཀྱི་བུ་ཁྱོད་ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཞུ་བའི་ཕྱིར་མི་མཇེད་ཀྱི་
Vol. 66 · folio 115b
འཇིག་རྟེན་གྱི་ཁམས་སུ་འགྲོ་བར་སྤྲོ་ན་དེར་ཉི་མའི་ཤུགས་ཀྱི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་ལ་ངས་དད་པ་སྦྱིན་པར་མཛད་དོ། །དེར་སྟོང་པ་ཉིད་དང་རྗེས་སུ་
འཐུན་པའི་གཟུངས་སྔགས་མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། ང་རྒྱལ་
དང་། ལྷག་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས་ཟད་པ་ཤེས་པ་སྐྱེད་པའི་བར་བྱེད་པ། མི་སྐྱེ་བ་ཤེས་པ་རྟོག་པར་བྱེད་པ། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སྡུག་བསྔལ་གྱི་ཁུར་ཐམས་
ཅད་འདོར་བར་བྱེད་པ་འདི་བསྐུར་བར་མཛད་དོ། །ཏད་ཡ་ཐཱ། དྷུ་མ་ཏེ། དྷུ་མ་ཏེ། ཨཀྵི་དྷུ་མ་ཏེ། པྲ་བྷཱ་ས་དྷུ་མ་ཏེ། སརྦཱ་ཀཱ་ཤ་དྷུ་མ་ཏེ། ཨ་བ་བཱི་ཀྵ་ཁ་ག །བི་མཱ་ན་ཁ་ག །ཨ་བ་མོ་ཧ་ཁ་ག །ཨ་ན་ནྱ་ཁ་ག །བྱ་བ་བྲིད་ཏི་ཁ་ག །ཨ་རོ་ཙ་ན་ཁ་ག །ཨ་ནི་མཱ་ཁ་
ག །ལོ་ཀ་ཁ་ག །ཤི་ཁི་ཁ་ག །པི་ཏི་མི་ར་ཁ་ག །ན་མོ་ཁ་ག །ཨཀྵི་ཁ་ག །ཤྲོ་ཏྲ་ཁ་ག །གྷྲཱ་ཎ་ཁ་ག །ཛི་ཧྭཱ་ཁ་ག །ཀཱ་ཡ་ཁ་ག །མ་ན་ཁ་ག །རཱུ་པ་ཁ་ག །ཤཔྟ་ཁ་ག །གནྡྷ་ཁ་ག །ར་ས་ཁ་ག །སྤརྴ་ཁ་ག །དྷརྨ་ཁ་ག །ཙཀྵུ་རྡྷཱ་ཏུ་
ཁ་ག །རཱུ་པ་དྷཱ་ཏུ་ཁ་ག །ཙཀྵུརྦི་ཛྙཱ་ན་དྷཱ་ཏུ་ཁ་ག །ཡཱ་པད་མ་ན་དྷཱ་ཏུ་ཁ་ག །དྷརྨ་དྷཱ་ཏུ་ཁ་ག །མན་བི་ཛྙཱ་ན་དྷཱ་ཏུ་ཁ་ག །པྲིཐྭཱིདྷཱ་ཏུ་ཁ་ག །ཨ་པ་དྷཱ་ཏུ་ཁ་ག །ཏེ་ཛོ་དྷཱ་ཏུ་ཁ་ག །བཱ་ཡུདྷཱ་ཏུ་ཁ་ག །ཙ་ཏུ་ར་ཨ་ནུ་སྨྲྀཏྱུ་པ་སྠཱ་ན་ཁ་ག །ཡཱ་བ་ད་བེ་ཎི་ཀ་ཁ་ག །ཡཱ་བད་
མཱརྒ་ཁ་ག །ཨ་བྷིཀྵི་པ། ཨ་ན་ན་ན། བ་ན་ན། ས་མུ་དྲ་ན་ན། སརྦ་ཀ་ར་ན་ན། སརྦ་སཾ་སྐ་ར་བི་ཤེ་ཥ་ན་ན། ཨ་ཀིན་ཙ་ན་ན་ན། ཀྵ་ཏ་ཀྵ་ཏ། ཨི་ལི་མི་ལི། ཨི་ཨི་ཨི་ཨི་ལི་མི་ལེ་སྭཱ་ཧཱ། རིགས་ཀྱི་བུ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་དེ་ནི་
Vol. 66 · folio 116a
འདི་ཡིན་ཏེ། མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པའི་བར་ཡིན་ནོ། །ལོང་ལ་
སངས་རྒྱས་ཀྱི་ཞིང་མི་མཇེད་དུ་སོང་ཤིག །ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་གནོད་པ་ཆུང་ངམ་ཞེས་བྱ་བ་ནས། གང་ལ་ལ་སངས་རྒྱས་ཀྱི་ཡུལ་འདིར་ཆོས་མ་ལགས་པའི་འཁོར་ལོ་བསྐོར་བ་དེ་ལ་ཡང་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་དེས་ཉི་མའི་སྙིང་པོའི་ཆོས་
ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་། སེམས་ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་འདི་ལ་དད་པ་སྩོལ་བར་མཛད་ཅིང་ཞེས་བྱ་བའི་བར་དང་། དེ་ནས་ཀྱང་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་སྟོབས་ཆེ་
བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཁུར་ཐམས་ཅད་འདོར་བར་བྱེད་པ་འདི་བསྐུར་ལགས་སོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་ཡོན་ཏན་གྱི་ཕན་ཡོན་དང་། སྟོང་པ་ཉིད་ཀྱི་ཕན་ཡོན་བདག་གིས་བཟུང་ལགས་ན་བཙུན་པ་བཅོམ་ལྡན་འདས་སངས་
རྒྱས་ཀྱི་ཞིང་མི་མཇེད་དེར་མཆི་བ་ལ་བདག་འཇིགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ད་ལྟར་བཅོམ་ལྡན་འདས་ལས་བདག་གིས་མངོན་དུ་ཐོས་ཤིང་མངོན་དུ་བཟུང་ལགས་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་སེམས་ཅན་རྣམས་མཆོག་ཏུ་
འདོད་ཆགས་ཀྱི་ཤས་ཆེ་བ་ཞེས་བགྱི་བ་ནས། བུད་མེད་ཀྱི་ཉེས་པས་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ་དག་དང་། ངན་སོང་བ་དག་དང་། སེམས་ཅན་དམྱལ་བ་པའི་བར་འབྱུང་ཞིང་འབྱུང་བར་འགྱུར་བའི་བར་གྱི་སླད་དུའོ། །དེ་ནས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་
Vol. 66 · folio 116b
དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་ལ་རྐྱེན་གསུམ་ཡོད་དེ། གསུམ་གྱིས་ཁྱབ་པས་རྣམ་པར་མཛེས་སོ། །གངས་ནི་གདུང་བར་མི་བྱེད་དོ། །ཆུ་ཀླུང་དག་ལ་ཆུ་སྐམ་པར་མི་འགྱུར་རོ། །རྐྱེན་
གསུམ་པ་དག་ལ་མཁས་པ་དང་། བཟོད་པ་དང་། བསྡམས་པས་ལུས་ཁྱབ་པ་ནི་ལུང་གིས་མ་རིག་པའི་ཆུ་བོས་ཀྱང་དབང་པོ་དྲུག་གདུང་བར་མི་བྱེད་དོ། །བྱིས་པས་སྨྲས་པ། རྐྱེན་གསུམ་གྱིས་ཆུ་བོ་དག་ལས་ཐར་བར་བྱེད་ཅིང་སེམས་ཅན་མེད་པ་དང་། ཕུང་པོའི་ཁུར་
འདོར་བའི་ཆོས་སྟོན་པར་བྱེད་དོ། །ཁྱོད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པ་བཅུ་གསུམ་རབ་ཏུ་བསྒོམས་པ་ཡིན་ཞིང་འཇིགས་པ་ཐམས་ཅད་སྤངས་པ་ཡིན་ན། ཅིའི་ཕྱིར་ཁྱོད་འཇིགས་སོ་ཞེས་སྨྲ་བར་བྱེད། ཁ་ཅིག་ཏུ་ནི་ཁྱོད་ཚངས་པའི་ལུས་བྱད་ཀྱིས་སངས་རྒྱས་
ཀྱི་ཞིང་དག་ན་སེམས་ཅན་རྣམས་ཐར་བར་བྱེད་དོ། །ཁ་ཅིག་ཏུ་ནི་དབང་ཕྱུག་ཆེན་པོ་དང་། ཁ་ཅིག་ཏུ་ནི་བརྒྱ་བྱིན་དང་། ཁ་ཅིག་ཏུ་ནི་སྲེད་མེད་ཀྱི་བུ་དང་། ཁ་ཅིག་ཏུ་ནི་ལྷའི་ལུས་བྱད་དང་། ཁ་ཅིག་ཏུ་ནི་གནོད་སྦྱིན་དང་། ཀླུའི་དབང་པོ་དང་། ལྷ་མ་ཡིན་དང་། ཁ་ཅིག་
ཏུ་ནི་འཁོར་ལོས་སྒྱུར་བའི་ལུས་བྱད་དང་། ཁ་ཅིག་ཏུ་ནི་སྨན་པའི་ལུས་བྱད་དང་། རྒྱལ་རིགས་ཀྱི་ལུས་བྱད་དང་། དེ་བཞིན་དུ་ཁ་ཅིག་ཏུ་ནི་བྲམ་ཟེའི་ལུས་བྱད་དང་། ཁ་ཅིག་ཏུ་ནི་ཉན་ཐོས་ཀྱི་ལུས་བྱད་དང་ཞེས་བྱ་བ་ནས། ཁ་ཅིག་ཏུ་ནི་སངས་རྒྱས་ཀྱི་ཞིང་མང་པོར་བློན་
པོའི་བར་གྱི་ལུས་བྱད་དུ་ཀུན་ཏུ་སྣང་བར་བྱེད་དེ། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དག་ཏུ་དུས་རྟག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན་ན་ཅི་སྟེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་དོན་དུ་འཇིགས་པའི་ཚིག་སྨྲ་བར་བྱེད། རིགས་ཀྱི་བུ་ཁྱོད་ལ་མི་ཟད་
པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་སེམས་ཀྱི་ཚོར་བ་སྒྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འདུ་བ། བདུད་བཞི་འདུལ་བར་བྱེད་པ་སྒྲུབ་པ། དཀོན་མཆོག་གསུམ་གྱི་གདུང་གི་གགས་མེད་པར་སྒྲུབ་པ། ཀླུའི་ཡུལ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་འོད་
Vol. 66 · folio 117a
ཟེར་སྒྲུབ་པ། སེམས་ཅན་རྣམས་ཀྱི་ལས་ཐམས་ཅད་ཟད་པར་འགྱུར་བ་སྒྲུབ་པ། བྱམས་པ་ཆེན་པོ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྒྲུབ་པ། སྙིང་རྗེ་ཆེན་པོ་དང་བསམས་བཞིན་དུ་ངན་འགྲོར་སྐྱེ་བ་དང་། སེམས་ཅན་ཡོངས་སུ་སྐྱོབ་པ་སྒྲུབ་པ།
སེམས་ཅན་ཐམས་ཅད་ཀྱི་སེམས་ཡང་དག་པར་དགའ་བར་བྱེད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་ཀྱི་ལམ་ངན་པ་དང་། ལྟ་བ་ངན་པ་དང་། འདོད་པ་ངན་པ་དང་། སྨོན་ལམ་ངན་པ་དང་། ཐེག་པ་ངན་པ་ཕྱིར་ལྡོག་པར་བྱེད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་ངན་
འགྲོ་ལས་ངེས་པར་རྣམ་པར་ཐར་བར་བྱེད་པ་སྒྲུབ་པ། བུད་མེད་ཐམས་ཅད་ཡོངས་སུ་ཐར་བར་བྱེད་ཅིང་སེམས་ཅན་སྐྱེས་བུ་འཐོབ་པ་སྒྲུབ་པ། ཆོས་ཀྱི་ཕུང་པོ་ཐམས་ཅད་ཟད་མི་ཤེས་པ་སྒྲུབ་པ། སེར་སྣ་ཐམས་ཅད་སེལ་བར་བྱེད་པ་སྒྲུབ་པ། ཏིང་ངེ་འཛིན་གྱི་ཕུང་པོ་དང་
མངོན་པར་ཤེས་པ་ཐམས་ཅད་མི་ཟད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་དད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་གཞོག་པར་བྱེད་པ་སྒྲུབ་པ། ཉན་ཐོས་དང་རྐྱེན་གྱི་ཐེག་པ་སྒྱུར་བ་སྒྲུབ་པ་ཞེས་བྱ་བ་ནས། བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་བར་སྒྲུབ་
པ་འདི་ནི་མི་ཟད་པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་ཡིན་ཏེ། སེམས་ཅན་རྣམས་ཐོས་པ་ཙམ་གྱི་མོད་ལ་ལས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་བགེགས་བྱེད་པ། འཕངས་པ། ཡོངས་སུ་མ་སྤྱད་པ། མ་ཟད་པ། མ་སྦྱངས་པ་གང་གཱའི་
ཀླུང་གི་བྱེ་མའི་ཚད་སྙེད་ཀྱང་མ་ལུས་པར་ཟད་པར་འགྱུར་ཏེ། འབྲས་བུ་འགྲུབ་པར་མི་འགྱུར་རོ། །མཚམས་མེད་པའི་ལས་རྣམས་དང་། དམ་པའི་ཆོས་སྤོང་བའི་ལས་རྣམས་དང་། འཕགས་པ་ལ་སྐུར་པ་འདེབས་པའི་ལས་རྣམས་ནི་མ་གཏོགས་སོ། །རིགས་ཀྱི་བུ་གང་
ལ་ལ་མི་ཟད་པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་འདི་ལན་ཅིག་ཙམ་སེམས་རྩེ་གཅིག་པས་ཉན་པར་བྱེད་ན་དེ་ལ་དགའ་བ་དང་། དད་པ་དང་། ཉེ་བར་རྟོག་པ་ཀུན་ཏུ་སྐྱེད་པར་བྱེད་དོ། །དེའི་ལས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་བགེགས་བྱེད་
Vol. 66 · folio 117b
པ། འཕངས་པ། ཡོངས་སུ་མ་སྤྱད་པ། མ་ཟད་པ། མ་སྦྱངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མ་ལུས་པར་ཟད་པར་འགྱུར་རོ་ཞེས་བྱ་བ་ནས་འབྲས་བུ་འགྲུབ་པར་མི་འགྱུར་བའི་བར་དུ་འགྱུར་རོ། །དེ་དགེ་བའི་རྩ་བ་ཇི་ལྟ་བུ་ཀུན་ཏུ་སྤྱོད་ཀྱང་རུང་། གལ་ཏེ་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་ཀུན་ཏུ་རྩོམ་པར་བྱེད་ན་ཡང་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་། རྐྱེན་གྱི་རྒྱལ་བ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་འགྱུར་རོ། །དེའི་ཁྱིམ་ལོངས་སྤྱོད་ཟད་མི་ཤེས་པར་
ཡང་འགྱུར་རོ། །ལུས་དང་། ངག་དང་། ཡིད་སེར་སྣའི་དྲི་མ་དང་བྲལ་བས་སྣོད་ཡིན་ཞིང་། སྣོད་དུ་གྱུར་པའི་སྦྱིན་གནས་ལ་བརྙས་པ་མེད་པའི་སེམས་ཀྱིས་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་བྱིན་པར་བྱེད་ན། ཐ་ན་ཡན་ལག་གི་དམ་པ་མགོ་ཡོངས་སུ་གཏོང་བར་བྱེད་ན་ཡང་
དེ་ལ་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སུས་ཀྱང་བར་ཆད་བྱ་བར་མི་ནུས་ཏེ། མཚམས་མེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། དམ་པའི་ཆོས་སྤོང་བར་བྱེད་པ་ནི་མ་གཏོགས་སོ། །གལ་ཏེ་ཡང་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་
པ་ན་དེ་འདི་ལྟ་བུ་རྩོམ་པར་བྱེད་དེ། འཕགས་པ་དགྱེས་པ་དང་། འཕགས་པས་བྱིན་གྱིས་བརླབས་པ་དང་། རྣམ་པར་དག་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། ངེས་པ་ལ་གནས་པར་བྱེད་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་དད་པར་
བྱ་བའི་འོས་སུ་གྱུར་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན། གཞན་ལ་མི་སྨོད་པ་ཡིན། བདག་ལ་མི་སྟོད་པ་ཡིན་ཞིང་རྙེད་པ་དང་བཀུར་སྟི་ལ་ལྷག་
པར་ཆགས་པ་མེད་པས་ཉིན་མཚན་འདས་པར་བྱེད་དོ། །བདེ་བར་གཉིད་ཀྱིས་ལོག་པ་དང་། བདེ་བར་སད་པར་འགྱུར་རོ། །གནོད་པ་ཆུང་བ་དང་། བཟའ་བ་དང་། བཏུང་བ་མོད་ཅིང་མང་བ་དང་། སྙིང་རྗེ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་
Vol. 66 · folio 118a
དང་། རྩོལ་བ་དོན་ཡོད་པར་འགྱུར་རོ། །ཕྱི་མའི་དུས་ན་འཆི་བའི་ཚེ་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་བར་འགྱུར་ཞིང་དེ་དག་ཀྱང་དེ་ལ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཚུལ་ཁྲིམས་སྐྱོན་མེད་པ་ཡིན་གྱིས་ངེད་ཀྱི་ཞིང་
ཡོངས་སུ་དག་པ་དག་ཏུ་ཚུར་ཤོག །དེར་ངེད་ཀྱིས་ཁྱོད་ས་བཅུ་ལ་རྣམ་པར་གཞག་པར་བྱའོ་ཞེས་ལུང་སྟོན་པར་འགྱུར་རོ། །དེ་སངས་རྒྱས་མཐོང་བའི་རྒྱུས་འཕགས་པའི་དགའ་བ་དང་། དད་པ་སྐྱེ་བར་འགྱུར་རོ། །དེ་འཆི་བའི་དུས་བྱས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པ་སྟོང་པ་མ་ཡིན་པ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་ཡང་མྱུར་དུ་ས་བཅུ་འཐོབ་པར་འགྱུར་རོ། །དེ་ས་བཅུ་ལ་གནས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྐྱེས་བུ་དེ་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་
ཐོས་པ་ཙམ་གྱི་མོད་ལ་དེ་གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་དེ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱེད་པ་དང་། དོན་འཐུན་པས་བརྩོན་འགྲུས་དང་། སྟོབས་དང་། སྤྲོ་བ་དང་། བློ་དང་། ཕ་རོལ་གནོན་པ་དམ་པ་དེ་ལྟ་བུ་དང་ལྡན་
པར་འགྱུར་རོ། །ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། མིའི་དབང་པོ་ཐམས་ཅད་ཀྱིས་དད་པར་བྱ་བའི་འོས་
སུ་གྱུར་པ་ཡིན། མཆོད་པའི་འོས་སུ་གྱུར་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན། དྲན་པར་བྱ་བའི་འོས་སུ་གྱུར་པ་ཡིན། མངོན་པར་དགའ་བར་བྱ་བའི་འོས་སུ་གྱུར་པ་དང་། རབ་ཏུ་སྲུང་བའི་འོས་སུ་གྱུར་པ་ཡིན་པ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །སྐྱེས་བུ་དེ་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ཐོས་པ་ཙམ་གྱི་མོད་ལ་གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་དེ་སེམས་ཅན་ཐམས་ཅད་དང་བྲལ་བ་དང་། མི་དམིགས་པ་དང་ལྡན་པ་དང་། འཕགས་པས་བྱིན་
Vol. 66 · folio 118b
གྱིས་བརླབས་པ་དང་། ཆོས་ལ་དམིགས་པའི་བཟོད་པ་དེ་ལྟ་བུ་འཐོབ་པར་འགྱུར་ཏེ། དེས་ཀྱང་དེའི་ཡན་ལག་དང་ཉིང་ལག་དག་ཕྱུང་ཞིང་བཅད་ན་ཡང་སེམས་ཀྱི་སྐད་ཅིག་གཅིག་ཀྱང་ཁྲོ་བ་སྐྱེད་པར་མི་འགྱུར་ཞིང་ཁྲོ་བ་ཐམས་ཅད་སྤངས་པར་འགྱུར་རོ། །ལྷའི་དབང་པོ་ཐམས་
ཅད་ནས་མིའི་དབང་པོ་ཐམས་ཅད་ཀྱི་བར་གྱིས་དད་པར་བྱ་བའི་འོས་སུ་གྱུར་པ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །དེ་བཞིན་དུ་སྐྱེས་བུ་དེ་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ཐོས་པ་ཙམ་གྱི་མོད་
ལ་གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་མྱུར་དུ་འཕགས་པས་བྱིན་གྱིས་བརླབས་པ་དང་། ཆོས་ལ་དམིགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་
ཀྱི་སྒོ་དང་། བཟོད་པའི་སྒོ་དེ་ལྟ་བུ་བྱེ་བ་ཕྲག་བརྒྱ་སྟོང་ཐོབ་པར་འགྱུར་རོ། །དུས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །དེ་ལྷའི་དབང་པོ་ཐམས་ཅད་ནས་མིའི་དབང་པོ་ཐམས་ཅད་ཀྱི་བར་གྱིས་བསམས་པར་འགྱུར་ཞིང་དད་པར་བྱ་བའི་འོས་
སུ་གྱུར་པ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལ་མི་ཟད་པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་འདི་ལན་ཅིག་ཙམ་སེམས་རྩེ་གཅིག་པས་ཉན་པར་བྱེད་ན་དེ་ལ་ལྷག་པར་ཡང་དགའ་
བ་དང་། དད་པ་དང་། ཉེ་བར་རྟོག་པ་ཀུན་ཏུ་སྐྱེད་པར་བྱེད་དོ། །དེ་ལས་ཀྱི་སྒྲིབ་པ་དང་། སེམས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་བགེགས་བྱེད་པ། འཕངས་པ། སོ་སོར་མ་རྟེན་པ། མ་ཟད་པ། མ་
སྦྱངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མ་ལུས་པར་ཟད་པར་འགྱུར་ཏེ། དེ་ལ་འབྲས་བུ་འགྲུབ་པར་མི་འགྱུར་རོ། །མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བར་བྱེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པར་བྱེད་པའི་ལས་རྣམས་ནི་མ་གཏོགས་སོ། །དེ་གང་
Vol. 66 · folio 119a
གི་ཚེ་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་
འགྱུར་རོ། །དབེན་པ་ལ་མངོན་པར་དགའ་བར་འགྱུར་རོ། །གང་དག་གིས་དེ་ལ་འཕགས་པའི་ཤེས་རབ་ཀྱི་དབང་པོ་ལེགས་པར་སྦྱང་བར་བྱས་པ་དང་། ཤིན་ཏུ་མཐར་ཕྱིན་པར་འགྱུར་བའི་ཆོས་དེ་ལྟ་བུ་དག་དེའི་སེམས་དང་སེམས་ལས་བྱུང་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །
དེ་ཆོས་ཐམས་ཅད་ལ་ཞུགས་པར་འགྱུར་ཞིང་ཐེ་ཙོམ་མེད་པ་དང་ཐེ་ཙོམ་ལས་རྒལ་བར་འགྱུར་རོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར་རོ། །དེ་ལྷའི་དབང་པོ་ཐམས་ཅད་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་
མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། མིའི་དབང་པོ་ཐམས་ཅད་ཀྱིས་དད་པར་བྱ་བའི་འོས་སུ་གྱུར་པ་དང་། དྲན་པར་བྱ་བའི་འོས་སུ་གྱུར་པ་དང་། མངོན་པར་དགའ་བར་བྱ་བའི་འོས་སུ་གྱུར་པ་དང་། མཆོད་པ་བྱ་བའི་འོས་སུ་གྱུར་པ་དང་། ཕྱག་བྱ་
བའི་འོས་སུ་གྱུར་པ་དང་། རབ་ཏུ་བསྲུང་བའི་འོས་སུ་གྱུར་པ་ཡིན་ནོ། །དེ་ཕྱི་མའི་དུས་ན་འཆི་བའི་ཚེ་ཕྱོགས་བཅུ་ཀུན་ཏུ་གོམས་པའི་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་ལ་ཕྱག་རྐྱོང་བར་མཛད་ཅིང་དེ་ལ་
འདི་སྐད་དུ་སྐྱེས་བུ་དམ་པ་ངེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཚུར་ཤོག །དེར་གནས་པར་བྱོས་ཤིག །དེར་ངེད་ཀྱིས་རིགས་པས་ས་བཅུ་ལ་གཞག་པར་མཛད་དོ་ཞེས་ཀྱང་གསུང་བར་འགྱུར་རོ། །དེ་སངས་རྒྱས་མཐོང་བ་དང་། འཕགས་པའི་དགའ་བ་དང་། དད་
པ་དེས་འཆི་བའི་དུས་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོང་པ་མ་ཡིན་པ་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་ཡང་ས་བཅུ་འཐོབ་ཅིང་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་བུ་མི་ཟད་པའི་
Vol. 66 · folio 119b
སྦུབས་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་ཕན་ཡོན་ཆེ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་ནས་སྨད་ཅིང་བོར་བ་མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། ལྟུང་བའི་རྩ་བ་བྱུང་བའི་སེམས་
ཅན་གང་མི་ཟད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་ཐོས་ནས་བྱམས་པའི་སེམས་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། མཉམ་པའི་སེམས་དང་ལྡན་པ་དང་། ཕྲ་མ་མི་བྱེད་པའི་སེམས་དང་ལྡན་པ་དང་། ཚིག་ཀྱལ་པ་མི་
སྨྲ་བའི་སེམས་དང་ལྡན་པས་ལོ་བདུན་དུ་གནས་པར་བྱེད་ཅིང་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བྱེད་ལ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོའི་ལྷ་ང་གཉི་ག་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་མངོན་དུ་སངས་
རྒྱས་ཡིད་ལ་བྱེད་པས་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་དྲན་པར་བྱེད་ན་ལོ་བདུན་འདས་ནས་དེའི་ལས་དྲག་པོ་ཐམས་ཅད་མ་ལུས་པར་ཟད་པར་འགྱུར་ཞིང་སྦྱངས་པར་འགྱུར་ཏེ། རིགས་ཀྱི་བུ་མི་ཟད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ཡིན་
ནོ། །འདིར་དབང་ཕྱུག་ལ་མངོན་པར་འདོད་པའི་བུད་མེད་གང་ཞིག་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ཐོས་ནས་ཟླ་བ་བདུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་པུས་མོའི་ལྷ་ང་གཉི་ག་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་མདུན་དུ་མངོན་དུ་སངས་རྒྱས་ཡིད་ལ་བྱེད་པས་མི་ཟད་
པའི་སྦུབས་ལུང་བསྟན་པ་འདི་དྲན་པར་བྱེད་ན་བུད་མེད་དེ་རིས་འཐུན་པར་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར་རོ། །ཕྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རང་གི་སྨོན་ལམ་མ་གཏོགས་པར་འཁོར་བར་བུད་མེད་ཀྱི་དངོས་པོ་འཐོབ་པར་མི་འགྱུར་རོ། །ཁྱོད་
མངོན་པར་འདོད་པའི་བུད་མེད་གང་ཞེས་བྱ་བ་ནས་རིགས་མངོན་པར་འདོད་པའི་བུད་མེད་གང་ཞེས་བྱ་བའི་བར་དང་། ནོར་མངོན་པར་འདོད་པའི་བུད་མེད་གང་ཞེས་བྱ་བའི་བར་དང་། མངལ་ན་བུ་ཡོད་པའི་ཁུར་གྱིས་སྐྱོ་བའི་བུད་མེད་གང་ཞེས་བྱ་བའི་བར་དང་། བུ་མངོན་པར་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words