འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ

Sanskrit title (Tibetan script, as in the text) ཨཱརྱ་སད་དྷརྨ་སྨྲྀ་ཏྱུ་པ་སྠཱ་ན

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 69 · folio 196b

མནན་ནས། རྣམ་པར་གནས་པ་དེ་མཐོང་སྟེ། ཇི་ལྟར་རི་བོ་སྟོང་ཕྲག་དྲུག་ཅུ་རྣམས་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་རྣམ་པར་མཛེས་པ་དེ་ལྟར་ཆེས་ཤིན་ཏུ་མཛེས་པ་ཡིན་ནོ། །ཇི་ལྟར་ལྷའི་དབང་པོ་བརྒྱ་བྱིན་དེ་ལྷ་དེ་རྣམས་ཀྱི་ནང་ན་ཆེས་ཤིན་ཏུ་རྣམ་པར་མཛེས་པ་དེ་ལྟ་བུའི་རིམ་པ་ཀུན་

གྱིས་ཚལ་དེ་དག་ཟིལ་གྱིས་མནན་ཅིང་སུམ་ཅུ་རྩ་གསུམ་པའི་ཚལ་དང་ཉེ་བའི་ཚལ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ནས་མཛེས་པ་བཟང་བ་ཡིན་ནོ། །བརྒྱ་བྱིན་དེ་ལྷའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་འཛམ་བུའི་གསེར་གྱི་ཚལ། གསེར་གྱི་ལན་ཀན་གྱི་དྲ་བས་

ཡོངས་སུ་བསྐོར་བ་དང་གསེར་གྱི་ཤིང་ལྗོན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་དག་ལ་སྨྲས་པ། ཀྱེ་ལྷ་དག་སྡུག་པ་ཐམས་ཅད་ཟིལ་གྱིས་མནན་ནས་རྣམ་པར་གནས་པ། ལྟེང་ཀ་དང་འབབ་ཆུའི་དངོ་དང་ཚལ་

དང་ཆུ་བོ་དུ་མ་ཕུན་སུམ་ཚོགས་པའི་ཚལ་འདི་ལ་ལྟོས། ཀྱེ་ལྷ་ཡོན་ཏན་ཀུན་གྱིས་ཡོངས་སུ་བསྐོར་བ་མཐོང་ལགས་ཏེ། དྲང་སྲོང་ཆེན་པོ་དེའི་ཐུགས་དང་ཞིང་སྐུ་གསལ་བ་མཚུངས་པ་མེད་པ་ཐམས་ཅད་མཁྱེན་པ་ཉིད་དང་འཐུན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་

བསྒོམས་པའི་ཤིང་ལྗོན་པའི་ཚལ་དང་ཉེ་བའི་ཚལ་འདི་དག་ལ་བདག་ཅག་ཀྱང་ངོ་མཚར་ཆེར་གྱུར་ཏོ། །གང་དུ་ལྷའི་ཚོགས་ཀྱི་ཤིན་ཏུ་ཆེས་བདེ་བ་ལྷག་པར་བདེ་བ་དཔེ་མེད་པ། རྣམ་པ་དུ་མ་དག་ཀྱང་མངོན་པར་ཟིལ་གྱིས་མནན་ཏེ། སྐྱེས་བུ་ཁ་ལོ་སྒྱུར་བ་དམ་པ་འདི་ཞི་བ་མཆོག་ཏུ་

འདས་ཀྱང་ད་དུང་དུ་འབྲས་བུའི་ལྷག་མ་འདི་དེ་རིང་གི་འབྲས་བུ་ལྟ་བུར་མཆིས་སོ། །དེ་ནས་ཡང་ལྷའི་རྒྱལ་པོ་བརྒྱ་བྱིན་ཚལ་ཁང་པ་བརྩེགས་པའི་ཚལ་ཞེས་བྱ་བ་ཚལ་ཆེན་པོ་དེ་ཉིད་ཀྱི་ཕྱོགས་གང་དུ། བཅོམ་ལྡན་འདས་དེ་བཞུགས་བཞུགས་པ་དེ་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་ནས་ཁང་

པ་བརྩེགས་པ་བཞི་འབུམ་གྱིས་ཡོངས་སུ་བསྐོར་བ། རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། ཨན་ད་རྙིལ་དང་། རྡོ་རྗེ་དང་། མ་རྒད་དང་། སྤུག་དང་། བཻ་ཌཱུརྱ་རྣམས་ལས་བྱས་པ། ཁ་ཁྱེར་བྱེ་བ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། རྒྱལ་མཚན་དང་བ་དན་རྣམ་པ་སྣ་ཚོགས་བསྒྲེང་བ།

Vol. 69 · folio 197a

བ་དན་དམར་པོ་ཕྲ་མོ་སྣ་ཚོགས་ཀྱིས་བསྐོར་བ། ཀུན་ནས་ཚལ་དེ་རབ་ཏུ་བྲོ་རྡུང་བ་ལྟ་བུར་རྣམ་པར་མཛེས་པ་ཡིན་ཏེ། ཁང་པ་བརྩེགས་པ་དེ་རྣམས་ཀྱི་ནང་ན་ཐམས་ཅད་མཁྱེན་པའི་ཁང་པ་བརྩེགས་པ་དེ་དེ་ལྟར་མཛེས་པ་ཡིན་ནོ། །ཇི་ལྟར་འཛམ་བུའི་གླིང་ན་དབྱར་གྱི་

དུས་སམ་སྟོན་གྱི་དུས་སུ་ནམ་མཁའ་ལ་སྤྲིན་མེད་པ་ན་ཉི་མ་དང་ཟླ་བས་གཟའ་དང་སྐར་མའི་ཚོགས་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས། དབུས་ན་མཛེས་པ་དེ་ལྟར་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས་པ་དེ་རྣམ་

པར་མཛེས་པ་ཡིན་ནོ། །དེ་ལ་ཡང་དང་ཡང་དུ་རྣམ་པ་དེ་ལྟ་བུའི་འོད་འབྱུང་སྟེ། འདི་ལྟར་བརྒྱ་བྱིན་འབའ་ཞིག་མ་གཏོགས་པར་ཁང་པ་བརྩེགས་པའི་འོད་རབ་ཏུ་འབར་བ་དེ་ལ་ལྷ་གང་ཡང་ཡུན་རིང་དུ་ལྟ་བར་མི་ནུས་ཏེ། དཔེར་ན་འཛམ་བུའི་གླིང་གི་མི་རྣམས་སོ་ག་རབ་ཏུ་ཚ་བའི་ཉི་མའི་

གུང་ལ་ཉི་མ་ཡུན་རིང་དུ་བལྟ་བར་མི་ནུས་པ་ལྟར། ཁང་པ་བརྩེགས་པ་འདི་ཡང་དེ་ལྟ་བུ་ཡིན་ནོ། །དེ་ནས་བརྒྱ་བྱིན་ཁང་པ་བརྩེགས་པ་དེར་སོང་སྟེ་ཕྱིན་ནས་ལྷ་རྣམས་ལ་སྨྲས་པ། ལྷ་དག་ཁང་པ་བརྩེགས་པའི་འོད་ལ་ལྟོས། ལྷའི་མཆོག་མཐོང་ལགས་སོ། །འདི་ལྟར་བཅོམ་

ལྡན་འདས་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་དེ་ཉན་ཐོས་སོམ་ཉི་དང་བྲལ་བ། བདེན་པ་མཐོང་བ། གཉི་གའི་ཆ་ལས་རྣམ་པར་གྲོལ་བ། མངོན་པར་ཤེས་པ་དྲུག་དང་ལྡན་པ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་འབུམ་ཕྲག་བཞི་རྣམས་དང་ཐབས་ཅིག་ཏུ་ལྷ་རྣམས་ལ་ཕན་པ་དང་

བདེ་བའི་ཕྱིར་ཚལ་དང་གཞལ་མེད་ཁང་མྱོས་འགྲོ་འདུལ་བ་འདིར་གཤེགས་སོ། །དེ་དབྱར་ཟླ་བ་བཞིར་གནས་འདིར་བཞུགས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་བཤད་དེ། འདི་ལྟར་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀུན་འབྱུང་བའོ། །འདི་ནི་གཟུགས་འགག་

པའོ། །འདི་ནི་གཟུགས་འགག་པར་འགྱུར་བའི་ལམ་མོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་ཀུན་འབྱུང་བ། རྟག་ཏུ་ཉེས་དམིགས་འབྱུང་བ་རིམ་བཞིན་དུ་བཤད་དོ། །དེ་ལྟར་བཅོམ་ལྡན་འདས་དེས་རིམ་གྱིས་ལྷ་རབ་ཏུ་མྱོས་ཤིང་། །རབ་ཏུ་བག་མེད་པར་གནས་པ།

Vol. 69 · folio 197b

འཆི་བའི་སྡུག་བསྔལ་ལ་མི་ལྟ་བ། རྒྱགས་པ་འབའ་ཞིག་དོན་དུ་བྱེད་པའི་ལྷ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཇི་ལྟ་བ་བཞིན་བཤད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དེས་རྣམ་པ་གཞན་གྱིས་ལྷ་བག་མེད་པར་གནས་པ་རྣམས་ལ་

རྗེས་སུ་བསྟན་པ་འདི་ལྟར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བག་མེད་འཁོར་བའི་རྩ་བ་སྟེ། །དེ་བཞིན་ལྷ་ཡི་གནས་ཀྱང་ཡིན། །བག་མེད་དུག་གིས་མྱོས་པ་གང་། །དེ་དག་སྲིད་པ་ཉམ་ངར་བྱིང་། །བག་མེད་རྣམས་ལས་གྲོལ་བ་གང་། །དེ་ནི་སྲིད་པའི་མཚོ་ལས་རྒལ། །

བག་མེད་མུན་པའི་རྩ་བ་སྟེ། །མ་རིག་མུན་པ་བྱེད་པ་ཡིན། །མུན་པ་ཡིས་ནི་རྨོངས་པ་གང་། །དེ་དག་ལ་ནི་མིག་མེད་དོ། །འདི་ལྟར་སྣང་བའི་གཞི་པོ་ནི། །མེ་དང་ཉི་མ་ཡིན་པར་བརྗོད། །དེ་ལྟར་རྨོངས་པ་རྣམས་ཀྱི་གཙོ། །བག་མེད་ཡིན་པར་ཡོངས་སུ་བརྗོད། །བག་མེད་

པ་ཡི་མེས་གདུངས་པས། །དེ་ཡིད་ནི་རྣམ་པར་གཡོ། །གང་གིས་རྨོངས་པའི་བྱིས་པ་དག །སེམས་ཅན་དམྱལ་བར་རབ་ཏུ་འགྲོ། །བག་མེད་པ་ཡིས་རྨོངས་པའི་ལྷ། །བུད་མེད་དབང་གྱུར་མི་བརྟན་པ། །འབྲལ་དང་སྡུག་བསྔལ་བརྗེད་ནས་སུ། །འདུ་བ་དང་ནི་བདེ་

བ་འདོད། །སྡུག་བསྔལ་ཆེ་ལ་ཉེ་བར་གནས། །འཚོ་བའི་མཐའ་ནི་འཆི་བ་ཡིན། །བདེ་བའི་མཐའ་ནི་མི་བརྟན་ལྟུང་། །འདུ་བའི་མཐའ་ཡང་འབྲལ་བར་འགྱུར། །བདེ་མཐའ་རྟག་ཏུ་ལྟུང་བ་དང་། །ལང་ཚོའི་མཐའ་ནི་རྒ་བ་སྟེ། །ལུས་ཅན་ཀུན་ནི་ལས་ཀྱི་མཐའ། །དགེ་དང་མི་དགེ་

ལས་ཀྱིས་སུ། །ལུས་ཅན་ཐམས་ཅད་བཅིངས་གྱུར་པ། །ཕྱི་ནས་རོ་བྲོ་མེད་པར་ཤེས། །འདི་དག་འགྲོ་བ་ཐ་དད་པར། །གར་མཁན་བཞིན་དུ་གར་བྱེད་དེ། །ལས་ཀྱི་གར་གྱིས་བཅིངས་པ་དག །འདི་ནི་འཁོར་བར་རྟག་ཏུ་འཁྱམ། །བརྟན་པོ་དེ་ལ་ཡིད་མ་རྟོན། །ལས་འགྲོར་རྟག་ཏུ་

མ་འགྲོ་ཤིག །ཐབས་རྣམས་ཀུན་གྱིས་དུག་ལྟ་བུར། །བག་མེད་ཡོངས་སུ་སྤང་བར་གྱིས། །བག་མེད་པ་ལས་གྲོལ་བ་ནི། །སྲིད་གསུམ་མཚོ་ལས་རྒལ་བ་ཡིན། །དེ་ལྟར་བཅོམ་ལྡན་འདས་འཁོར་བ་འཇིག་དེས་ལྷ་ཁྲི་ཕྲག་དགུ་བཏུལ་ཅིང་། བག་མེད་པར་རོ་བྲོ་བ་དང་བྲལ་བ་

Vol. 69 · folio 198a

མཐོ་རིས་ཐམས་ཅད་དུ་བསྟན་ཏེ། ལྷའི་བྱ་བ་ཆེན་པོ་ཡང་མཛད། གནས་འདི་ཡང་རྗེས་སུ་བཟུང་ནས་དེ་ནས་ཡང་སློབ་མ་དེ་དག་ཉིད་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་ག་ལ་བ་དེར་གཤེགས་སོ། །དེ་ནས་བརྒྱ་བྱིན་གྱིས་དེ་ལྟར་མ་ལུས་པར་དེ་ཐམས་ཅད་ལྷ་དེ་དག་ལ་བསྙད་

ནས་ཁང་པ་བརྩེགས་པ་དེ་ག་ལ་བ་དེར་དོང་ངོ་། །དེ་ནས་ཁང་པ་བརྩེགས་པ་རིན་པོ་ཆེ་དུ་མས་རྣམ་པར་བརྒྱན་པ། ཇི་ཙམ་དུ་རིན་པོ་ཆེའི་རྣམ་པ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་རྣམ་པ་དེ་སྙེད་ཀྱིས་བརྒྱན་པ་དེར་ཞུགས་སོ། །ལྷ་དེ་རྣམས་ཀྱིས་ཀྱང་སྔོན་མ་མཐོང་སྟེ། དེ་ནས་ལྷ་

དེ་དག་ངོ་མཚར་དུ་གྱུར་པར་རིག་ནས། དེ་ནས་ཡང་བརྒྱ་བྱིན་དེས་ལྷ་དེ་དག་ལ་འདི་སྐད་སྨྲས་སོ། །ཁང་པ་བརྩེགས་པ་རིན་པོ་ཆེ་རྣམས་ཀྱིས་མཛེས་པར་བྱས་ལ་སྔོན་མ་མཐོང་བ་འདི་ལ་ཁྱེད་ཅག་ལྟོས། བརྒྱ་བྱིན་མཐོང་ལགས་སོ། །རིན་པོ་ཆེའི་ཁང་པ་བརྩེགས་པ་འདི་དག་ནི།

བཅོམ་ལྡན་འདས་དེ་ལ་འཐབ་བྲལ་གྱི་ལྷ་དད་པར་གྱུར་པ་རྣམས་ཀྱིས་འདིར་ཕུལ་བ་ཡིན་ལ་དེ་དག་གི་མཐུས་འདི་བལྟ་བར་མི་ནུས་ཏེ་ལྷ་དེ་དག་གི་མཐུ་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་ཀྱང་ཇི་ལྟར་ཁྱེད་ཅག་བཞིན་ཤིན་ཏུ་བག་མེད་པ་ཡིན་ནོ། །དེ་ནས་སྨད་པར་བདག་ཉིད་ཀྱིས་རིག་ཅིང་ལེགས་

པར་བྱས་པའི་ལས་ཀྱང་ཉམས་པར་རིག་པར་ལྷ་དེ་དག་ཀུན་གྱིས་རྒྱགས་པ་བཅོམ་སྟེ། གུས་པས་མགོ་བོ་སྨད་ཐོར་ཚུགས་རབ་ཏུ་གཡོས། མིག་དང་བཞིན་རབ་ཏུ་དགའ་བར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས་པ་དེ་ལ་ཕྱག་འཚལ་བར་བྱེད་དོ། །དེ་ལྟར་

ཡིད་ལ་སྐྱོ་བ་སྐྱེས་པ་རྣམས་ཀྱི་ལས་ཉམས་པར་བདག་ཉིད་ཀྱིས་རིག་ནས། སྐྱོ་བ་སྐྱེས་པ་གང་ཁ་ཅིག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་སུ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ། ཁ་ཅིག་ནི་བཅོམ་ལྡན་འདས་དེ་ལ་དད་པ་ཆེར་སྐྱེས་སོ། །དེ་

ནས་བརྒྱ་བྱིན་གྱི་སྔོན་ན་འདུག་པའི་ལྷ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཡིད་དད་པ་སྐྱེས་སོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་རང་གཅིག་པུ་གང་དུ་བཅོམ་ལྡན་འདས་དེ་བཞུགས་ཤིང་གནས་ལ་ཆོས་ཀྱང་བསྟན་པའི་གཞལ་མེད་ཁང་དེ་ཉིད་དུ་སོང་ནས། བཅོམ་ལྡན་འདས་

Vol. 69 · folio 198b

འཁོར་བ་འཇིག་དེའི་གཟིམས་ཆ་རྡོ་རྗེ་ལྟ་བུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་རྨད་དུ་བྱུང་བ་གང་ཡིན་པ་དེ་དག་ལ་དཔྱོད་པར་བྱེད་དོ། །འདི་ལྟར་གཟིམས་ཆ་འདི་དག་གི་ནང་ན་བཅོམ་ལྡན་འདས་བཞུགས་བཞུགས་པ་ཡིན་ནོ། །སྙམ་ནས་དེ་དག་ལ་ཡང་བརྒྱ་བྱིན་དེ་

གུས་པས་མགོ་བཏུད་དེ་ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་། བཅོམ་ལྡན་འདས་དེ་ལ་གུས་པ་ཆེན་པོས་གཟིམས་ཆའི་གདན་གྱི་གཞི་དེ་ལ་ཕྱག་འཚལ་བར་བྱེད་དོ། །དེས་དེ་ལ་ཕྱག་འཚལ་ཏེ་ལངས་པ་དང་རྩིག་ངོས་དག་ལ་འདི་ལྟར་ཚིགས་སུ་བཅད་པ་དེ་བྲིས་པ་མཐོང་བ།

གཡང་སར་ལྷུང་བའི་གང་ཟག་ནི། །གལ་ཏེ་འཚོ་བར་འགྱུར་ཡང་སྲིད། །བག་མེད་པར་ནི་ལྟུང་བ་དག །ནམ་ཡང་བདེ་སྐལ་མི་འཐོབ་བོ། །གལ་ཏེ་ལས་རྣམས་ཐམས་ཅད་ལ། །གང་ཟག་ཤིན་ཏུ་བག་མེད་པ། །དེ་ནི་ཉིན་དང་མཚན་དག་ཏུ། །ནམ་ཡང་དགེ་བར་མི་འགྱུར་རོ། །

འཇིག་རྟེན་ཅུང་ཟད་བདེ་གང་དང་། འཇིག་རྟེན་འདས་པའི་འདོད་པ་གང་། །དེ་དག་བག་མེད་པ་ཡིས་འཇིག །དེ་བས་དེ་ནི་ཡོངས་སུ་སྤོངས། །བག་ཡོད་བདུད་རྩིའི་གཞི་ཡིན་ལ། །བག་མེད་འཆི་བའི་གཞི་ཡིན་ཏེ། །བག་ཡོད་པས་ནི་མི་འཆི་ཞིང་། །བག་མེད་པས་ནི་རྟག་ཏུ་

འཆི། །བག་ཡོད་པས་ནི་ལྷ་རྣམས་ཀྱི། །གཙོ་བོ་མཆོག་དང་ལྡན་པར་འགྱུར། །བག་མེད་འཁོར་བའི་གཞི་ཡིན་ལ། །བག་ཡོད་འཁོར་བའི་ཕ་རོལ་འགྲོ། །དེ་ལྟ་བས་ན་བག་མེད་སྤོངས། །ཐམས་ཅད་དུ་ནི་བདེ་ལྡན་འགྱུར། །གང་ཞིག་རྟག་ཏུ་བདེ་འདོད་ཅིང་། །སྡུག་བསྔལ་

ལས་ནི་འཇིགས་པ་གང་། །བག་མེད་མི་ལ་དུག་དང་འདྲ། །དེ་ཡིས་བག་མེད་རྣམ་པར་སྤོངས། །སྐྱེ་བོ་བྱ་བ་ངན་བྱས་པ། །བག་མེད་ཉིད་ལ་མངོན་དགའ་སྟེ། །བག་མེད་དུག་གིས་རྨོངས་པ་རྣམས། །གཡང་སར་རབ་ཏུ་ལྟུང་བར་འགྱུར། །བག་ཡོད་གཞན་དུ་ལེགས་པར་འགྱུར། །

བག་མེད་པ་ལྟ་ག་ལ་ཞིག །བག་ཡོད་པ་ཡིས་བདེ་འགྱུར་ལ། །བག་མེད་པས་ནི་སྡུག་བསྔལ་ཏེ། །བདེ་དང་སྡུག་བསྔལ་གཞི་འདི་དག །ཐམས་ཅད་བསྡུས་ཏེ་བཤད་པ་ཡིན། །ཡོན་ཏན་སྐྱོན་དག་རྣམ་ཤེས་གང་། །དེ་ནི་གང་བཟང་ལེན་པར་བྱེད། །དེ་ནས་བརྒྱ་བྱིན་གྱིས་ཚིགས་

Vol. 69 · folio 199a

སུ་བཅད་པ་དེ་དག་སྨྲས་ནས། དེ་ནས་ཡང་གུས་པ་ཆེན་པོ་སྐྱེས་པའི་ཡིད་རབ་ཏུ་གསལ་བས་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚལ་ལོ། །དེ་ནས་ཡུན་རིང་དུ་བག་ཡོད་པ་བསྔགས་ཤིང་བག་མེད་པ་སྨད་ནས་ཡང་ལྷ་དེ་དག་ག་ལ་བ་དེ་ཉིད་དུ་སོང་ངོ་། །དེ་ནས་ལྷ་རྣམས་ཀྱང་

བརྒྱ་བྱིན་དེ་མཐོང་ནས། དེ་དག་གུས་པས་རིངས་ཐབས་སུ་བརྒྱ་བྱིན་ག་ལ་བ་དེར་དོང་ངོ་། །དེ་ནས་བརྒྱ་བྱིན་གྱིས་ཀྱང་དེ་དག་གི་ནང་དུ་ཚིགས་སུ་བཅད་པ་འདི་དག་སྨྲས་ཏེ། འདི་ལྟར་ཚིགས་སུ་བཅད་པ་འདི་དག་ནི་བདག་ཅག་ལ་ཕན་པ་དང་བདེ་བའི་ཕྱིར། བཅོམ་ལྡན་འདས་དོན་མཛད་

པར་བཞེད་པ་དེས་བྲིས་པ་ཡིན་ནོ། །དེ་དག་ཐོས་ནས་ཡིད་རབ་ཏུ་དང་བའི་ལྷ་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདི་སྐད་ཀྱང་སྨྲ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ངེས་པར་སྐྱེ་བོའི་མིག་ཡིན་ཏེ། དེས་བདག་ཅག་གི་དོན་དུ་ཚིགས་སུ་བཅད་པ་འདི་དག་གསུངས་

པ་ལྟ་ཞེས་སྨྲས་ནས། དེ་དག་དེ་ན་ཡུན་རིང་ཞིག་ཏུ་ཤིན་ཏུ་བག་ཡོད་པར་གྱུར་ཏོ། །དེ་ནས་གཞན་ཡང་ལྷ་དག་གིས་སིལ་སྙན་དང་རོལ་མོའི་སྒྲ་དབྱངས་རྣམ་པ་ཤིན་ཏུ་མང་པོ་དག་བླངས་པ་དང་དེ་ནས་ལྷ་དེ་དག་གིས་འདི་ལྟར་འདི་དག་ནི་ཞིབ་ཏུ་སྤྱོད་པའི་ལྷ་དག་སྐྱེད་མོས་ཚལ་དུ་དགའ་

སྤྱོད་བྱེད་དུ་འདོང་སྟེ། གནས་འདིར་དོང་ཞིང་སིལ་སྙན་དང་རོལ་མོའི་སྒྲ་དབྱངས་སྣ་ཚོགས་ཉེ་བར་ལེན་ལ། ལྷ་མོའི་ཚོགས་རྣམ་པ་དུ་མ་གླུ་དབྱངས་ལེན་ཞིང་འདིར་འོང་ངོ་སྙམ་དུ་དེ་དག་རིག་ནས། གང་ལྷ་དེ་དག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོང་བར་བདག་ཅག་ཀྱང་དེ་དག་གི་

དྲུང་ཉིད་དུ་ངེས་པར་འདོང་བར་བྱའོ་སྙམ་མོ། །དེ་ནས་དེ་ལྟར་རིག་ནས་བག་མེད་པའི་ངོ་བོ་ཉིད་ཀྱིས་ཕྲོགས་པ་རྣམས། དེ་ནས་ཡང་སིལ་སྙན་གྱི་སྒྲ་དང་གླུ་དབྱངས་དང་རོལ་མོའི་སྒྲ་སྣ་ཚོགས་ཕྱུང་ནས། ཞིབ་ཏུ་སྤྱོད་པའི་ལྷ་དེ་དག་ག་ལ་བ་དེར་ཕན་ཚུན་ཤིན་ཏུ་མཐོང་བར་འདོད་པ་རྣམས་

དོང་སྟེ། ཡིད་རྟག་པར་རབ་ཏུ་དགའ་བའི་ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་ཚོགས་དང་ལྡན་པ། གསེར་གྱི་ལྕུག་མ་འཕྱང་བས་ཁེབས་པ་རྣམས་སུ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ཕན་ཚུན་དགའ་བར་བྱེད་རྩེ་བར་བྱེད་

Vol. 69 · folio 199b

དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཟད་ནས་རབ་ཏུ་ལྟུང་སྟེ་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་འཁོར་བར་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ངན་སོང་གི་སྒོ་བཅད་པ་གང་ཡིན་པ་དེ་དག་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་

སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་ཡུལ་ཤིན་ཏུ་རྒྱས་པ་འབབ་ཆུ་དང་ཆུ་བོ་དང་ལྟེང་ཀ་རབ་ཏུ་མང་བ་ཕུན་སུམ་ཚོགས་པ། རྟག་ཏུ་ལེགས་པར་བྱས་པའི་ལས་ཀྱི་མཐའ་རྣམས་སུ་ཤིན་ཏུ་རྒྱས་པར་འགྱུར་ཏེ། མཆོག་ཏུ་རྒྱ་ཆེ་བའི་རྒྱལ་པོའམ་བློན་པོ་ཆེན་པོ་སྐྱེ་བོ་ཀུན་དགའ་བ།

བློ་གྲོས་རྒྱ་ཆེ་ཞིང་སྦྱིན་པ་དང་ཚུལ་ཁྲིམས་ལ་མངོན་པར་དགའ་ལ་རྟག་ཏུ་དགེ་བ་བྱེད་པར་མངོན་པར་འགྱུར་བ་མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་

རྣམས་ཀྱི་གནས་གཟི་བརྗིད་འབར་བ་ཞེས་བྱ་བ། ཇི་ལྟར་འདུག་པ་མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་སྐྱེས་བུ་དམ་པ་དགེ་བ་དང་ལྡན་པ། སྐྱེས་བུ་དམ་པ་རྟག་ཏུ་བག་ཡོད་པ་དང་ལྡན་པར་

གྱུར་པ། སེམས་ཅན་རྣམས་ལ་ཕན་པར་འདོད་པ། ལས་ཀྱི་འབྲས་བུ་ལ་དད་པ། སྐྱེས་བུ་དམ་པ་འདུ་བ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པས་འགྱུར་ཏེ་འདི་ལྟ་སྟེ། ཤིང་ཤ་བ་སྐྱེ་བའི་ནང་ངམ་ཨ་མྲ་སྐྱེ་བའི་ནང་ངམ། ནཱ་ཌི་ཀེ་ར་སྐྱེ་བའི་ནང་ན་སྒོ་ང་ཡོད་པ་དག་བྱའམ་

སྦྲུལ་དག་གིས་བཟུང་ན། དེ་དག་གཞན་ལ་ཕན་པར་ཞུགས་པ་སྙིང་རྗེས་བརླན་པའི་ཡིད་ཀྱིས་ཐར་བར་བྱེད་པ་ཡིན་ཏེ། དེ་ལྟར་སྲོག་ཆགས་དག་ཐར་བར་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཤིང་བ་ལ་ཤའི་ཚལ་དུ་བ་ལ་ཤའི་ལོ་མ་ཡང་ལེན་པར་

མི་བྱེད་ལ། གཞན་གྱིས་བླངས་པར་ཤེས་ནས་ཀྱང་ཟློག་པར་བྱེད། ལམ་དུ་ཞུགས་པ་ན་འབྲ་གོ་ས་ལ་ལྷུང་བ་ཡང་ལེན་པར་མི་བྱེད་ལ། གཞན་གྱིས་བླངས་པར་ཤེས་ནས་ཀྱང་ཟློག་པར་བྱེད་པ་ཡིན་ཏེ། དེ་ལྟར་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །དགེ་བ་སྤྱོད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་

Vol. 69 · folio 200a

ལ་སྦྱིན་པ་ལ་མངོན་པར་དགའ་སྟེ། ལོ་ཉེས་བྱུང་བའི་ཚེ་དགེ་སྦྱོང་དག་ལ་ལོ་ལྔ་པའི་གཞལ་བ་ཕྱེད་སྦྱིན་ནམ་སྡོམ་པ་བླངས་པའི་ནད་པ་དག་ལ་ཟས་སྦྱིན་པར་བྱེད་ཅིང་། གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་དགའ་བར་བྱེད་རབ་ཏུ་དགའ་བར་བྱེད་ལས་ཀྱི་

འབྲས་བུ་སྟོན་པར་བྱེད། སངས་རྒྱས་དང་ཆོས་དང་དགེ་འདུན་རྟག་པར་རྗེས་སུ་དྲན་པར་བྱེད། ཕ་མ་འམ་དགེ་བསྙེན་སྡོམ་པ་བླངས་པ་ཕལ་པ་ལ་ཡང་ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་སྦྱིན་པར་བྱེད། གཞན་དག་ཀྱང་དེ་ཉིད་ལ་དེ་ལྟར་རབ་ཏུ་འཇོག་པར་བྱེད། ལས་ཀྱི་འབྲས་བུ་

ཡང་སྟོན་པར་བྱེད། ཡང་དང་ཡང་དུ་གཞན་ལ་ཕན་པར་རབ་ཏུ་ཞུགས་ཤིང་། སྡིག་པའི་གྲོགས་པོ་དང་སྤྱོད་པར་མི་བྱེད། ཐད་ཀར་ཟུར་ཙམ་ཡང་མི་གནས། དེ་དང་ལྷན་ཅིག་སྨྲ་བར་མི་བྱེད། དེ་ལ་ཚིག་ཙམ་ཡང་མི་སྨྲ། ལུས་དང་ངག་གི་ལས་ཀྱི་མཐའ་རྟག་ཏུ་ལེགས་པར་

བསྡམས་པ། བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་གཟི་བརྗིད་འབར་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ།

རང་གི་འོད་ཟླ་བའི་འོད་དང་མཚུངས་པ་ཡིན་ནོ། །ས་གཞི་དེ་ཡང་ཉམས་དགའ་བ་འདི་ལྟ་བུ་ཡིན་ཏེ་འདི་ལྟ་སྟེ། ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་བདུན་གྱིས་ཤིན་ཏུ་གང་བ་ཡིན། ཆུ་བོ་ཡང་ཆུ་འབབ་པ་སྣ་ཚོགས་འབྱུང་ཞིང་། པད་མ་སྡོང་བུ་བཻ་ཌཱུརྱ་རྣམས་ཀྱིས་ཡོངས་སུ་བསྐོར་

བ་ཡིན། པད་མ་གསེར་གྱི་འདབ་མ་རྣམས་ཀྱིས་ཀྱང་ཆུ་བོ་དེ་དག་ཁེབས་པ་ཡིན་ལ། ཆུ་རབ་ཏུ་གསལ་བ་གསེར་གྱི་རྡོ་སྣ་ཚོགས་པ་རྣམས་ཀྱིས་སྒྲ་མཐོན་དམན་དུ་འབྱིན་པ། གར་བྱེད་པ་ལྟ་བུར་འབབ་པ། བྱ་སྣ་ཚོགས་སྒྲ་འདྲེས་པར་འབྱིན་པ་རབ་ཏུ་དགའ་བ་མང་བ་དང་། ལྷ་

དང་ལྷ་མོའི་ཚོགས་རབ་ཏུ་དགའ་བས་གང་ཞིང་གསེར་གྱི་རི་བོའི་རྩེ་ལ་རྒྱུ་བ་གཞན་དག་བཻ་ཌཱུརྱའི་རི་ལ་རྒྱུ་བ་བྱ་ངང་པ་དང་ཀཱ་རཎྜ་བ་དང་ངུར་པའི་ཚོགས་མྱོས་པ་སྒྲ་སྣ་ཚོགས་འབྱིན་པ། པད་མའི་ཚལ་གྱི་གསབ་གསེབ་ན་ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་ཞིང་དགོད་པ་འགྲམ་གཉི་ག་

Vol. 69 · folio 200b

ལྷའི་ཚོགས་རྣམས་ཀྱིས་ཀུན་དུ་གང་བ་ཡིན་ཏེ། ཆུ་བོ་དེ་དག་ཐམས་ཅད་ཀྱི་རླབས་རབ་ཏུ་འབྱུང་བའི་སྒྲ་ཡིད་དུ་འོང་བ་འབྱུང་བ་ཡིན་ནོ། །གཞན་ཡང་པད་མའི་རྫིང་དག་ཡོད་དེ། པད་མའི་གསབ་གསེབ་དེ་དག་ན་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་བུང་བ་འོད་གསལ་ཞིང་མཛེས་པ་

སྣ་ཚོགས་ཀྱིས་བརྒྱན་པ་ཡིན་ནོ། །ལྷ་དག་དེ་དག་ལ་ཡང་རྟོག་པར་བྱེད་དེ་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ལུས་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། འོད་ཀྱི་ཕྲེང་བ་རྒྱ་ཆེ་བ་དག་ཆུ་བོ་དེ་དག་ན་རྩེ་བར་བྱེད་ཅིང་དུས་ཡུན་རིང་དུ་དགའ་བ་ངེས་པར་མཐར་བྱེད་ཅེས་བྱ་བའི་

ཚལ་དེར་འདོང་བར་བྱེད་དེ་རྩེ་བའི་ཕྱིར་ཉེ་བར་འདོང་ངོ་། །སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་པ་རྗེས་སུ་འབྲང་ཞིང་ཕན་ཚུན་གྲོགས་སུ་གྱུར་པ་རྒྱགས་པ་འབའ་ཞིག་དོན་དུ་བྱེད་པ་དེ་དག་ཚལ་དེར་དོང་ནས། པད་མའི་ཚལ་པི་ཝང་གིས་རྩེ་བ་ཞེས་བྱ་བ་ཀུན་ནས་དཔག་ཚད་ལྔ་བརྒྱར་

མཚུངས་པར་གང་བ་དེར་དགའ་བར་གནས་པ་དག་འཇུག་པར་བྱེད་དོ། །པད་མ་དེ་དག་ཀྱང་མདོག་དང་རོ་དང་དྲི་མཆོག་དང་ལྡན་ཞིང་མཐོ་རིས་དང་འཐུན་པའི་ཆང་གིས་ཤིན་ཏུ་གང་བ་ཡིན་ནོ། །དེ་ནས་ལྷ་ཤིན་ཏུ་བདེ་བ་དེ་དག་ཆང་ཞིམ་པོ་དེ་དག་ལ་འཐུང་ཞིང་གླུ་ལེན་ཏོ། །དེ་ནས་བག་མེད་

པར་གནས་པ་དེ་དག་བྱ་བགེགས་མི་བྱེད་པར་འགྲོ་བ་ཞེས་བྱ་བས་མཐོང་སྟེ། དེ་དག་གིས་ལྷ་བག་མེད་པར་གནས་པ་དེ་དག་ལ་མངོན་པར་བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཁྲེལ་མེད་ངོ་ཚ་མེད་པ་དང་། །ལེ་ལོའི་སྡིག་པའི་གྲོགས་པོ་རྣམས། །འདི་དག་མཐོ་རིས་ས་

བོན་མིན། །མཁས་པས་དེ་དག་བསྲུང་བར་གྱིས། །ཁྲེལ་མེད་ངོ་ཚ་མེད་པ་དང་། །རྟག་ཏུ་སྡིག་པ་རྗེས་སུ་སྤྱོད། །མི་ནི་གཡང་ས་ལས་ལྟུང་སྟེ། །དེ་ནི་ཕྱི་ནས་རིག་པར་འགྱུར། །མ་དད་པ་དང་རྨུགས་དང་གཉིད། །དེ་བཞིན་གར་ཡང་འཇིགས་མི་བྱེད། །འཆབ་དང་འཚིག་དང་

རྨོངས་པ་ནི། །དེ་དག་མཐོ་རིས་རྒྱུར་མི་འགྱུར། །ཆང་འཐུང་བརྫུན་ཚིག་རབ་ཏུ་སྨྲ། །གནོད་སེམས་དེ་བཞིན་ལྷག་པར་བརྐམ། །ལས་འབྲས་ལ་ནི་དད་མེད་པ། །ཀུན་དུ་སེམས་ཅན་དམྱལ་བའི་རྒྱུ། །ཡིད་ཀྱི་སྐྱོན་དང་གནོད་སེམས་དང་། །སྡང་བའི་ལས་རྣམས་བསྲུང་བར་གྱིས། །

Vol. 69 · folio 201a

མི་ཀུན་སྡང་བའི་ལས་ཀྱིས་སུ། །སེམས་ཅན་དམྱལ་བ་ཉེ་བར་རྟོག །བརྟན་པ་མེད་པ་སྡིག་སྤྱོད་ཅིང་། །རྟག་ཏུ་འདོད་པའི་དབང་དུ་སོང་། །ལེ་ལོ་ཁོར་མོར་བརྫུན་སྨྲ་བ། །དེ་ནི་དགེ་བའི་འོས་མིན་ནོ། །གང་གི་ཚུལ་ཁྲིམས་འཆིང་བུ་དང་། །སྤྲིན་གྱིས་ཁེབས་ལྟར་

སྨད་པ་དག །དེ་ནི་སྨད་པའི་ཚུལ་ཁྲིམས་ཀྱིས། །མི་ནི་སྨད་པར་སྐྱེ་བར་འགྱུར། །གང་དག་སྡིག་ལ་བློ་གནས་པ། །དེ་དག་མུན་པ་མཐའ་མེད་ལ། །གང་དག་སངས་རྒྱས་བློ་གནས་པ། །དེ་དག་མུན་པ་བསལ་བ་ཡིན། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་བརྗོད་པར་བྱའོ། །

བག་མེད་རྨོངས་པའི་ལྷ་རྣམས་ནི། །ཡང་དང་ཡང་དུ་ཆང་གིས་རྨོངས། །བག་མེད་གཉིད་ཀྱིས་རྨོངས་པ་དེ། །མི་རྣམས་སེམས་ཅན་དམྱལ་བར་རྒྱུ། །ཇི་ལྟར་སྐྱེས་ན་ངེས་པར་ནི། །འཆི་བ་ཡོད་པ་དེ་ལྟ་བུར། །སྐྱེ་བོ་སྐྱེ་བ་ཡོད་པ་ཡི། །སྟེང་ན་འཇིག་པ་ཡོད་པར་འགྱུར། །

བག་མེད་རྒྱ་ལྟ་བུ་ཡིས་བཟུང་། །རྒྱ་མཚོ་ལྟ་བུའི་ཡུལ་དུ་བརླུབས། །སྲེད་པའི་ལྕགས་སྒྲོག་དག་ཏུ་བཅུག །ལྷ་རྣམས་དུ་མར་རྩེ་བར་བྱེད། །སྐྱེས་མ་ཐག་ཏུ་ལྷ་དག་གི། །སྐད་ཅིག་དེ་ལ་བདེ་ཟད་འགྱུར། །བག་མེད་པ་ཡིས་བསྒྲིབས་པའི་སེམས། །དབང་མེད་པ་དག་ཤེས་མི་

འགྱུར། །བག་མེད་པ་ཡིས་འཁྲུལ་པའི་ཡིད། །རྟག་ཏུ་ཡུལ་ལ་འདོད་པར་བྱེད། །འདོད་པའི་བདེ་བས་ཚིམ་མེད་པ། །ལྷ་རྣམས་དག་ནི་སྡུག་བསྔལ་ལོ། །གང་ཞིག་སྲེད་པའི་དབང་སོང་བ། །ལྷ་དེ་སྐད་ཅིག་ཐང་ཅིག་དང་། །ནམ་ཡང་ཡུད་ཙམ་དག་ཏུ་ཡང་། །ཉེ་བར་སྤྱོད་པར་

མི་འགྱུར་རོ། །གང་དུ་ལྷ་དག་དབང་མེད་ཅིང་། །འདོད་པའི་དབང་སོང་རྩེ་བྱེད་པ། །ས་འདི་སྲེད་པས་ཉོན་མོངས་ཏེ། །རྣམ་པར་རྟོག་པ་བརྒྱ་ཡིས་བསྒྲིབས། །ཇི་ལྟར་དམྱལ་བར་རྒྱུ་བ་རྣམས། །དེ་ཡི་མེ་ཡིས་སྲེག་པར་བྱེད། །དེ་ལྟར་འདོད་པ་ལས་བྱུང་མེས། །ལྷ་རྣམས་

དག་ནི་སྲེག་པར་བྱེད། །བཀྲེས་དང་སྐོམ་ལས་བྱུང་བའི་མེས། །དེ་ལྟར་ཡི་དགས་རྣམས་ཀྱང་སྲེག །གསོད་པའི་མེ་ཡིས་དུད་འགྲོ་རྣམས། །མི་རྣམས་ཀུན་དུ་ཚོལ་བས་སོ། །དེ་ལྟར་ཀུན་ནས་བྱུང་བའི་མེས། །སེམས་ཅན་འཇིག་རྟེན་མ་ལུས་པར། །ཀུན་ནས་ཡོངས་སུ་

Vol. 69 · folio 201b

བསྐོར་ནས་སུ། །སྲེག་པར་བྱེད་ཀྱང་མི་རིག་གོ། །དེ་ལྟར་བྱ་དེ་དག་གིས་ལྷ་དེ་རྣམས་ལ་མངོན་པར་བརྟགས་ནས། ཡང་དང་ཡང་དུ་རབ་ཏུ་གོ་བར་བྱེད་དོ། །དེ་ནས་དེ་ན་ལྷ་གང་དག་སྔོན་ལས་དགེ་བ་བྱས་ཤིང་སྤྱད་པ་དེ་དག་གལ་ཏེ་ཡང་བྱ་དེ་དག་གི་སྒྲ་རྣར་ཐོས་ནས་འཐུང་

བར་མི་བྱེད་དེ། ཡུད་ཙམ་ཞིག་བག་ཡོད་པ་དང་ལྡན་ནས། དེ་ནས་ཡང་ཡུལ་སྒྲ་དང་རེག་པ་དང་གཟུགས་དང་རོ་དང་དྲི་སྡུག་པ་དཔེ་མེད་པ་རྣམས་ཀྱི་དབང་དུ་སོང་སྟེ། དེའི་ངོ་བོ་ཉིད་ཀྱི་དབང་དུ་སོང་བའི་ཡིད་དག་དེ་ནས་ཡང་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཚལ་དང་ཉེ་བའི་ཚལ་

རྣམས་སུ་ལྷ་དག་རྩེ་ཞིང་གང་དང་གང་མྱོང་བར་འདོད་པ་དེ་དང་དེ་ཤིན་ཏུ་མྱོང་ངོ་། །ལྷ་དང་ལྷ་མོ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་རང་གིས་བྱས་པ་ལ་སྤྱོད་པ་ཁ་ཅིག་ནི་བཻ་ཌཱུརྱ་དང་། ཨན་ད་རྙིལ་དང་སྤུག་ལས་བྱས་པའི་རི་རབ་ཀྱི་རིའི་རྩེ་མོ་དང་ཚལ་དང་ཉེ་བའི་ཚལ་གྱི་ས་དང་འབབ་ཆུ་

དང་ལྟེང་ཀ་པད་མས་རྣམ་པར་བརྒྱན་པ་རིའི་རྩེ་མོ་བྱ་སྡུག་གུ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། བཻ་ཌཱུརྱའི་འདབ་མ་དང་གསེར་གྱི་ཟེ་བ་དང་ཤེལ་གྱི་སྡོང་བུའི་པད་མའི་རྫིང་དག་ཏུ་བུང་བའི་ཚོགས་ཀྱིས་ཤིན་ཏུ་གང་བའི་ཡུལ་དཔེ་མེད་པ་ཆུ་བོའི་ཀླུང་ལྟ་བུ་རྣམ་པ་སྣ་ཚོགས་ཀྱི་དབང་དུ་སོང་བ་ན་ཡང་

དང་ཡང་དུ་རྩེ་བར་བྱེད་ཀྱང་ངེས་པར་མྱོང་བར་འགྱུར་བའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རིག་སྟེ། དེ་ལྟར་ཇི་སྲིད་དུ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ཕན་ཚུན་གྲོགས་སུ་གྱུར་པ་དག་དགའ་བར་བྱེད་རྩེ་བར་བྱེད་དོ། །དེ་ཟད་ནས་ལྟུང་བར་འགྱུར་ཏེ། ཇི་ལྟར་ཉི་

མ་ནུབ་ན་ཉིན་མོ་ཟད་པ་དེ་ལྟར་ལྷ་རྣམས་ལེགས་པར་བྱས་པ་ཟད་ན་མཐོ་རིས་ཀྱི་མཐའ་ནས་ལྟུང་བར་འགྱུར་རོ། །ལྷུང་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་

མཉམ་པར་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་ཤིན་ཏུ་བདེ་བར་འགྱུར་ཏེ། ནོར་མང་བ་དང་མཆོག་ཏུ་རྒྱ་ཆེ་བ་ལ་དགའ་བ་དང་། དམ་པའི་ཆོས་ལ་དགའ་བ་དང་། རྟག་ཏུ་ཤེས་པ་ལ་དགའ་བ་དང་། དགེ་སྦྱོང་དང་བྲམ་ཟེ་ལ་དགའ་བ་དང་། ཚེ་རིང་པོར་འགྱུར་བ་ཡང་

Vol. 69 · folio 202a

མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཟླ་བའི་གནས་ལྟར་རྒྱུ་བ་ཞེས་བྱ་བ་ཇི་ལྟར་

འདུག་པ་མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་དགེ་བའི་ལས་ཀྱི་མཐའ་སྤྱོད་པ་སེམས་དྲི་མ་དང་བྲལ་བ། སེམས་ཤིན་ཏུ་བསྒོམས་པ། ཡིད་ཤིན་ཏུ་བསྒོམས་པ་གང་གིས་སངས་རྒྱས་ཀྱི་

སྐུ་གཟུགས་བྱ་བ་སྐྱོན་མེད་པར་བྱས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལས་བྱས་པ་ལ་ཡིད་དང་བས་པིར་རམ་རབ་ཏུ་གསལ་བར་བྱེད་པས་སྡུག་པར་བྱེད་ཅིང་སྐུ་གཟུགས་དྲི་མ་དང་བྲལ་བ་མཆོག་ཏུ་སྡུག་པ་དེ་དག་

མཐོང་ནས་སྦྱིན་བདག་དེ་ཤིན་ཏུ་སྙིང་དགའ་ལ་སེམས་ཀྱིས་ཀྱང་ཡང་དང་ཡང་དུ་བྱེད་ན། དེ་སེམས་ཀྱི་ཞིང་ཡོན་ཏན་བཟང་པོ་དང་སེམས་ཀྱི་རྒྱུ་སེམས་བསྒོམས་པས་དགེ་བ་སྤྱོད་པ་བདེ་བ་དང་ལྡན་པར་འགྱུར། གཞན་ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤོང་བ་ཡིན་ཏེ།

སྲོག་ཆགས་རྣམས་ལ་ཡིད་ཀྱིས་ཀྱང་གསོད་པར་མི་བྱེད་ཅིང་གནོད་པར་མི་བྱེད་ལ། གཞན་བྱེད་ན་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཕྱིར་ཟློག་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་བདག་དང་གཞན་ལ་ཕན་པ་བྱེད་པའི་སྐྱེས་བུ་དམ་པ་དེ་ནི་བདེ་བ་མྱོང་བར་འགྱུར་རོ། །

སྲོག་གཅོད་པ་སྤངས་པ་རྣམ་པ་དུ་ཡོད་ཅེ་ན། འདི་ལ་ཤིན་ཏུ་གུས་པས་བསམས་ནས་ཡིད་ཀྱིས་ཀྱང་གསོད་པར་མི་བྱེད་ཅིང་། གསོད་པར་བྱེད་དུ་མི་འཇུག །ལེགས་པར་བྱས་པའི་ལས་བྱེད་པ་དེ་དྲོད་གཤེར་ལས་སྐྱེས་པའི་སེམས་ཅན་མལ་གཞིའི་འོག་ཏུ་སྐྱེས་ནས་ཟ་བར་བྱེད་

པ་དེ་དག་ཀྱང་བཟུང་ནས་གསོད་པར་མི་བྱེད་ལ། སྲིན་བུ་ཕྲེའུ་དང་གྲོག་སྦུར་ཡང་གསོད་པར་མི་བྱེད་པ་ཡིན་ཏེ། རྣམ་པ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། ཡང་སྐྱེས་བུ་དམ་པ་དགེ་བ་ལེགས་པར་བྱས་པའི་ལས་ལ་

Vol. 69 · folio 202b

ཚིམ་པ་མེད་པས་ཐམས་ཅད་དུ་མ་བྱིན་པར་མི་ལེན་ཏེ་དེ་ལྟ་བས་ན་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །རྣམ་པ་ཇི་ལྟ་བུ་ཡིན་རྣམ་པ་དུ་ཡོད་ཅེ་ན། འདི་ལ་གྲང་བས་ཉེན་པའམ་དྲོ་བས་ཉེན་ཀྱང་གཞན་གྱིས་ཡོངས་སུ་བཟུང་བའི་ཤིང་སྐམ་མམ། བོང་བའམ། གདུགས་ཀྱི་གྲིབ་མ་ཙམ་

གྱིས་ཀྱང་འཚོ་བར་མི་བྱེད། གྲིབ་མས་འཚོ་བའི་མི་རྣམས་ཀྱི་གྲིབ་མ་འཕྲོག་པར་མི་བྱེད། འགྲོན་པོ་དག་ཤིང་ལྗོན་པའི་གྲིབ་མ་དག་ལ་ངལ་སོ་ཞིང་འདུག་པ་དབང་གིས་བསྐྲད་ནས། གྲིབ་མ་དེ་དག་ལ་བསིལ་བར་འདུག་ཅིང་དེ་དག་ཀྱང་གདུང་བས་གདུངས་ལ་ཤིན་ཏུ་སྡུག་བསྔལ་བར་

གྱུར་པ་རྣམ་པ་དེ་ལྟ་བུའི་མ་བྱིན་པར་ལེན་པ་ཡང་ཡོངས་སུ་སྤོང་ཞིང་མི་བྱེད་ལ། གྲིབ་མ་མ་བྱིན་པར་ལེན་པ་གཞན་བྱེད་པ་ཡང་ཕྱིར་ཟློག་པར་བྱེད་པ་ཡིན་ཏེ། མ་བྱིན་པར་ལེན་པ་ཤིན་ཏུ་ཆུང་ངུ་ཡང་སྤོང་ཞིང་སྲོག་གཅོད་པ་ཡང་སྤོང་བ་ནི་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་

ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ཟླ་བའི་གནས་ལྟར་རྒྱུ་བའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། རྒྱུ་རྐྱེན་དང་འཐུན་པར་སྤྱད་པ་དེ་འབྲས་བུ་དེ་དང་འཐུན་པར་འབྱུང་སྟེ་འདི་ལྟ་སྟེ། ཟླ་བ་ཉ་བ་བཅུའི་འོད་ཀྱི་

རྣམ་པ་ཇི་སྙེད་ཡོད་པའི་རྣམ་པ་དེ་སྙེད་ཀྱི་འོད་ལྷའི་ལུས་དེ་ཐམས་ཅད་ལས་ཤིན་ཏུ་དྲི་མ་མེད་པ་འབྱུང་ངོ་། །ལྷ་དེའི་འོད་གང་ཡིན་པའི་འོད་དེས་མཐོ་རིས་ཀྱི་ཕྱོགས་དང་བཅས་པ་བརྒྱ་འགྱུར་དུ་གསལ་བ་དང་ལྡན་པར་འགྱུར་རོ། །འོད་དེ་ཡང་ཚ་བ་དང་བསིལ་བ་མེད་དེ་ལྷ་ཐམས་ཅད་ཀྱི་མིག་ཏུ་

སྡུག་པ་ཡིན་ནོ། །ལྷ་དེ་དག་ཀྱང་གནས་གཞན་དུ་སྐྱེས་པའི་ལྷ་དེ་དག་གི་འོད་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེའི་ལས་དགེ་བའི་མཐུས་ཀུན་ནས་དཔག་ཚད་བཅུར་རིན་པོ་ཆེ་དང་རིན་པོ་ཆེའི་འོད་ཐམས་ཅད་ཀྱང་ཟིལ་གྱིས་མནན་ནས་ལྷ་དེའི་འོད་མངོན་པར་གསལ་ལོ། །དེ་

ནས་ལྷ་དེ་ལྷའི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་ལ། གླུ་དབྱངས་ཉེ་བར་ལེན་བཞིན་དུ་སྐྱེད་མོས་ཚལ་དགའ་བ་ལྔ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེ་ན་གང་སུམ་ཅུ་རྩ་གསུམ་པ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཤིན་

Vol. 69 · folio 203a

ཏུ་དགའ་བ་ལྔ་འབྱུང་སྟེ་འདི་ལྟ་སྟེ། ཤིང་ལྗོན་པ་རྣམས་ཀྱི་གཟི་བརྗིད་དང་འབྲས་བུ་དང་བྱ་བློ་གྲོས་རྒྱ་ཆེ་བ་དང་པད་མའི་རྫིང་གི་ཆུ་དང་འབབ་ཆུ་རབ་ཏུ་མང་བ་དང་ནམ་མཁའ་ལ་རླུང་དྲི་དང་ལྡན་པ་དྲིལ་བུ་གཡེར་ཀའི་སྒྲ་ལྟ་བུ་དུ་མ་ལྡང་བའོ། །དེ་ནས་ལྷ་དེ་ལྷའི་ཚོགས་ཀྱིས་

ཡོངས་སུ་བསྐོར་ནས་དགའ་བ་ལྔའི་ཚལ་དེ་ག་ལ་བ་དེར་འདོང་བར་བྱེད་དེ། སིལ་སྙན་དང་རོལ་མོའི་སྒྲ་དང་གླུ་སྒྲ་རྣམ་པ་སྣ་ཚོགས་ཀྱིས་དགའ་བ་དང་ལྷ་མོ་གཟུགས་བཟང་མོ་དང་ལྡན་ཞིང་ཆ་བྱད་དང་རྒྱན་སྣ་ཚོགས་ཐོགས་པ་རྗེས་སུ་འབྲང་བ་དང་ལྷའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་

བསྐོར་ཅིང་སིལ་སྙན་དང་རོལ་མོའི་སྒྲ་ཡན་ལག་ལྔ་དང་ལྡན་པ་ཉེ་བར་ལེན་པ་ན་བདེ་བ་ཤིན་ཏུ་རྒྱ་ཆེ་བ་དག་མྱོང་ངོ་། །ཤིང་གི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་མངོན་དུ་གྱུར་པ་གང་ཡིན་པའི་ལས་བྱས་པ་དེས་དྲི་ཐམས་ཅད་ཟིལ་གྱིས་མནན་ནས་དཔག་ཚད་ལྔར་འབྱུང་ངོ་། །འདི་ལྟར་མཐོ་རིས་

པས་ཀྱང་བཟང་བའི་མཐོ་རིས་ཀྱི་ཤིང་ལྗོན་པ་ཁ་ཅིག་གི་འོད་ནི་ཉི་མ་བས་ལྷག་པར་གསལ་ཏེ་འོད་ཤིན་ཏུ་བཟང་པོ་མི་ཚ་མི་གྲང་ངོ་། །འབྲས་བུ་ཡང་དྲི་དང་རོ་དང་རེག་པ་དང་ལྡན་ཏེ་དྲི་དེ་དག་གིས་དྲི་ཐམས་ཅད་ཟིལ་གྱིས་མནན་ནས་དཔག་ཚད་ལྔར་འབྱུང་ངོ་། །འབྲས་བུ་གཟའ་དང་སྐར་མའི་

ཚོགས་ལྟ་བུ་དེ་དག་ལས་ཆང་ཞིམ་པོ་མྱོས་པའི་སྐྱོན་དང་བྲལ་བ་རྣམ་པ་སྣ་ཚོགས་དག་རྟག་ཏུ་འབྱུང་ལ། ཆང་གི་མདོག་དྲི་དང་རོ་སྣ་ཚོགས་སུ་འགྱུར་ཏེ་དེ་དག་གི་དྲི་དཔག་ཚད་ལྔར་འབྱུང་ངོ་། །རོ་ཡང་རྣམ་པ་ཇི་སྙེད་དུ་འདོད་པའི་རྣམ་པ་དེ་སྙེད་དུ་ཆང་དེའི་རོ་འགྲུབ་པར་འགྱུར་ཏེ་ཡོན་

ཏན་དེ་སྙེད་དང་ལྡན་པ་ཡིན་ནོ། །བྱ་ཡང་བག་མེད་པ་ཡང་དག་པར་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་སྟེ། དེ་དག་གིས་ནི་ལྷ་ཤིན་ཏུ་བག་མེད་པ་རྣམས་ལ་འདི་ལྟར་ཡང་དང་ཡང་དུ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་མཆོག་དག་ཆོས་འདུལ་བ། །རྟབ་རྟབ་པོར་ནི་བྱེད་པ་དེ། །

ལེགས་པར་བྱས་པའི་ལས་ཟད་ཅིང་། །ཚེ་ཡང་སྐད་ཅིག་བྱེད་པའི་རྒྱུ། །དར་ལ་བབ་པ་ཤིན་ཏུ་འཇོམས། །སྲོག་ཀྱང་ཐམས་ཅད་བྲལ་བར་བྱེད། །ཕུན་སུམ་ཚོགས་པ་ཐམས་ཅད་འཇིག །བག་མེད་ཡིད་ལ་མ་བྱེད་ཅིག །མཐོ་རིས་རྟག་ཏུ་མི་འཐོབ་ལ། །དལ་བ་རྟག་ཏུ་མི་ལྡན་

Vol. 69 · folio 203b

པས། ཇི་སྲིད་དེ་ནི་མི་ལྟུང་བར། །དེ་སྲིད་དགེ་ལ་བརྩོན་པར་གྱིས། །ཆོས་ལ་ཤིན་ཏུ་བསྡམས་པ་དང་། །སེམས་ཀྱང་བསྲུང་བ་བྱས་པས་ནི། །གང་ན་སྐྱོན་དག་མེད་པ་ཡི། །སྔོན་མ་མཐོང་བའི་གནས་འཐོབ་འགྱུར། །གང་དག་རྟག་ཏུ་ཡིད་གཡེངས་ཤིང་། །ཆོས་

ལའང་གཞོལ་བར་མི་བྱེད་པ། །དེ་དག་གི་ནི་བདེ་བ་འདི། །དོན་མེད་འགྱུར་ཏེ་མི་ལྡོག་གོ། །ཚུལ་ཁྲིམས་གཞིས་ནི་ལུས་ཅན་གྱིས། །མཐོ་རིས་རྣམས་སུ་དེ་འདི་ཐོབ། །ཚུལ་ཁྲིམས་དེ་ལ་མི་སྟེན་གང་། །དེ་ནི་ཕྱི་ནས་ཡོངས་སུ་གདུང་། །དེ་བས་ཚུལ་ལྡན་རྟག་པར་ནི། །ཚུལ་

ཁྲིམས་ཉིད་ལ་བསྟེན་པར་བྱ། །ཚུལ་ཁྲིམས་མེད་པ་རྨོངས་པའི་མི། །མཐོ་རིས་སུ་ནི་འགྲོ་མི་འགྱུར། །ལྷ་ཡི་འདོད་པ་ལྔ་ལྡན་པ། །བདེ་བ་སྤྱོད་པ་གང་ཡིན་འདི། །དེ་ནི་ཚུལ་ཁྲིམས་དག་པ་ཡི། །འབྲས་བུ་ཆེན་པོ་ཐོབ་པ་ཡིན། །བག་མེད་དུག་གིས་ཤིན་ཏུ་རྨོངས། །འདོད་པ་སྤྱོད་པའི་

ལྷ་གང་དག །འཚོ་བའི་མཐའ་ནི་འཇིག་པ་དང་། །གཡོ་བ་ཐམས་ཅད་མི་རིག་གོ། །བག་མེད་པ་ཡིས་རྣམ་རྨོངས་པ། །ལྷ་རྣམས་དག་ནི་སྟོང་ཕྲག་དང་། །འབུམ་ཕྲག་དག་ནི་དུ་མ་རྣམས། །འདོད་པའི་མེ་ཡིས་རྣམ་པར་བསྲེགས། །བག་མེད་རྣམ་པར་རྨོངས་པ་ཡིས། །མི་རྣམས་

ཐམས་ཅད་དབང་དུ་བྱེད། །དེ་ནི་ཕྱི་ནས་ཉོན་མོངས་འཐོབ། །འབྲས་བུ་གང་ཡིན་དེ་རིག་གོ། །ཡུལ་རྣམས་ལ་ནི་རྟག་པར་སེམས། །གཡོ་བ་ཆེན་པོ་རྒྱུག་བྱེད་པ། །ཉོན་མོངས་རྨོངས་པ་སྐྱེད་པ་གང་། །འབྱུང་བར་འགྱུར་བ་དེ་མཐོང་ངོ་། ཡུལ་རྣམས་ལ་ནི་ཆགས་པའི་སེམས། །ཉོན་

མོངས་ཁོང་དུ་མི་ཆུད་དེ། །ཉོན་མོངས་གློང་དུ་སྐྱེས་པ་དག །དེ་ནི་ཕྱི་ནས་ཡོངས་སུ་གདུང་། །ཀུན་ཏུ་སྦྱོར་བ་ཕྲ་རྒྱས་བཅས། །ཡུལ་ལ་རྣམ་རྟོག་འབྱུང་བ་ནི། །འཁོར་འདྲ་སེམས་ནི་རྒྱལ་པོ་བཞིན། །དེ་དག་ལྷན་ཅིག་སྤྱོད་པར་འགྱུར། །གང་དག་ཏུ་ནི་ཡིད་འཇུག་པ། །མི་ཤེས་པ་

རྣམས་དེར་འཇུག་སྟེ། །མཐུ་ཡིས་ཕན་ཚུན་མྱོས་པ་དག །སྲིད་པ་གསུམ་ན་འཁྱམ་པར་འགྱུར། །བརྟན་པོ་གང་དག་དེ་ཉིད་རིག །མི་བརྟན་སྡུག་བསྔལ་སྟོང་ལ་སོགས། །འགྲོ་བའི་གནས་པ་མཐོང་འགྱུར་ཏེ། །དེ་དག་ལ་ནི་སྡུག་བསྔལ་མེད། །རྟག་ཏུ་འདོད་པ་ཚོལ་བྱེད་པ། །

Vol. 69 · folio 204a

བུད་མེད་རག་ལས་རྨོངས་པ་གང་། །དེ་དག་ལྷ་ཡི་འཇིག་རྟེན་དུ། །ཐ་མ་དག་ནི་མཐོང་བར་འགྱུར། །རི་འདི་ལྗོན་ཤིང་ཚལ་དུ་བཅས། །རིན་ཆེན་སྣ་ཚོགས་རྣམ་པར་བརྒྱན། །ལྕུག་མ་ཚང་ཚིང་དག་གིས་ཁེབས། །པད་མའི་རྫིང་གིས་རྣམ་པར་བརྒྱན། །འབབ་ཆུ་རྣམ་

པ་སྣ་ཚོགས་དང་། །འཁྲི་ཤིང་རྣམས་ཀྱིས་མཛེས་པར་བྱས། །སྐྱེ་བོའི་ལས་ཀྱི་མངོན་སུམ་འདི། །བརྟོལ་ནས་མཁའ་ལ་བྱུང་གྱུར་པ། །རི་རབ་བསྐལ་པའི་མེས་བསྲེགས་ཏེ། །ཐམས་ཅད་དུ་ནི་མི་འབྱུང་ན། །བག་མེད་རྒྱགས་པས་རྨོངས་པ་ཡི། །སྐྱེ་བ་དང་ནི་འཇིག་འགྱུར་

བ། །དབུ་བ་ཆུ་བུར་ལྟ་བུ་ཡིན། །དེ་ནི་ལྷ་གང་སྨོས་ཅི་དགོས། །དེ་ནས་དེ་ན་ལྷ་སྔོན་དགེ་བའི་ལས་ཀྱི་མཐའ་སྤྱད་པ་ལ་གོམས་པ་གང་ཡིན་པ་དེ་དག་བྱའི་སྒྲ་དེ་ཐོས་ནས། འདི་ལྟར་བྱ་འདི་དག་རྣམ་པར་སྒྲ་འབྱིན་པ་དེ་བཞིན་ཡིན་ནོ་སྙམ་ནས་དེ་ནས་ཡུད་ཙམ་ཞིག་ཁོང་དུ་ཆུད་དོ། །

ཁོང་དུ་ཆུད་ནས་དེ་ནས་ཡང་ཡུལ་ལ་རྣམ་པར་རྨོངས་པ། ཡུལ་རྣམས་ཀྱིས་དབང་དུ་བྱས་པ་ཉིད་སྒྲ་དང་རེག་པ་དང་རོ་དང་གཟུགས་དང་དྲི་སྡུག་པ་རྣམ་པ་སྣ་ཚོགས་དག་གིས་དབང་དུ་བྱས་པ་དག་ཇི་ལྟར་ཚེ་རབས་གཞན་དུ་བྱ་བ་དང་མི་བྱ་བ་དག་བྱས་པ་ལྟར་བྱའི་སྒྲ་དེ་དག་ཅུང་ཟད་ཀྱང་ཡིད་

ལ་མི་འཇོག་གོ། །དེ་ལྟར་སེམས་འདི་ད་ལྟར་བྱུང་བའི་ཡུལ་ལ་བརྐམ་ཞིང་མ་འོངས་པའི་ཉོན་མོངས་པ་ཁོང་དུ་མི་ཆུད་ལ་ཤིན་ཏུ་མི་དྲན་ནོ། །ད་ལྟར་བྱུང་བའི་ཡུལ་ལ་མངོན་པར་འདོད་པས་རྨོངས་པ། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སམ་གལ་ཏེ་ཡང་ལྷ་

དང་མི་རྣམས་ཀྱི་ནང་ན་འཁྱམ་མོ། །དེ་ལྟར་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པ་རྩུབ་མོ་བྱས་པ་མི་དྲན་ལ་སྡུག་བསྔལ་རྗེས་སུ་མྱོང་སྟེ། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྡུག་བསྔལ་མི་བཟད་པ་ཤིན་ཏུ་ཚ་བ་འབྱུང་ངོ་། །ཐོག་མ་མེད་

པའི་དུས་ནས་བཅོས་དཀའ་ཞིང་གདུལ་བ་དཀའ་བ་དེ་དག་ཡིད་ཤིན་ཏུ་རྒྱ་ཆེ་བ་མ་གཏོགས་པར་གདུལ་བར་མི་ནུས་སོ། །དེ་ནས་དགེ་སློང་དེ་དཔྱོད་པར་བྱེད་དེ་བྱ་རྣམས་ལས་གང་གིས་བག་མེད་པར་གནས་པའི་ལྷ་རྣམས་ལ་ཡང་དག་པར་གྱུར་པ། སྙིང་པོ་མེད་པ་མ་ཡིན་

Vol. 69 · folio 204b

པའི་ཆོས་ཁོང་དུ་ཆུད་པར་བྱེད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། མིའི་འཇིག་རྟེན་ན་གྱད་དམ་སིལ་དཀྲོལ་བའམ་གར་མཁན་རབ་ཏུ་མྱོས་པར་གནས་པ་གང་ཡིན་པ་དེ་དག་གོས་ངུར་སྨྲིག་བགོས་ཏེ་གར་བྱེད་དམ། དེ་ནས་

སངས་རྒྱས་ཀྱི་ཡོན་ཏན་གླུ་དབྱངས་སུ་ལེན་ལ། དེ་ལས་ནོར་རྫས་ཀྱི་རྣམ་པའམ་གོས་སམ་འབྲས་བུ་བྷ་ལ་ལཱ་ཏ་ཀ་ཐོབ་པ་དེ་དག་དགེ་སློང་དང་བྲམ་ཟེ་དག་ལ་སྦྱིན་པར་མི་བྱེད་ཀྱི། གཞན་དུ་ན་ཤིན་ཏུ་མགུ་ནས་སྤྱོད་པར་བྱེད་པ་དེ་དག་གོས་ངུར་སྨྲིག་བགོས་པ་ཙམ་ཉིད་ཀྱིས་དེ་

ལུས་དང་བྲལ་ནས་ཤི་བའི་འོག་ཏུ་དེའི་ལས་ཀྱི་མཐུས་ལྷ་རྣམས་ཀྱི་བྱ་ཤིན་ཏུ་བདེ་བར་འགྱུར་བ་མཐོང་ངོ་། །དེ་ནས་ཡང་ལྷ་ཕན་ཚུན་གྲོགས་སུ་གྱུར་པ་རྒྱགས་པ་འབའ་ཞིག་དོན་དུ་བྱེད་པ་དག་བཻ་ཌཱུརྱའི་ཤིང་ལྗོན་པ་གསེར་གྱི་འདབ་མ་དང་ཤེལ་གྱི་ལྕུག་མས་དཀྲིགས་པའི་ལོ་མ་དང་།

གཞན་ཡང་ལྕུག་མ་དང་། ཤིང་གིས་ཁེབས་པ་དང་བྱི་རུ་མཛེས་པ་སྣ་ཚོགས་དང་། བུང་བ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དང་། གསེར་དང་། མུ་ཏིག་གི་ལྡུམ་བུ་སྔོན་པོ་ཉམས་དགའ་བ་རྣམས་ན་བྲོ་རྡུང་གླུ་ལེན་ཏོ། །གཞན་ཡང་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་རིན་པོ་ཆེ་སྣ་

བདུན་གྱིས་རྣམ་པར་བརྒྱན་པ། འབར་བའི་ཕྲེང་བ་འཁྲུགས་པ་ལྟ་བུ་དང་། གཞན་ཡང་གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུརྱའི་པད་མའི་རྫིང་རྣམས་སུ་རྩེ་བར་བྱེད་དོ། །ཡང་ཕྱོགས་གཞན་ན་གཞལ་མེད་ཁང་བ་གམ་གྱི་ཕྲེང་བ་གསལ་ཞིང་མཛེས་པ་རྣམས་

ན་རྩེ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དེ། ལྷ་མོ་དང་ལྷན་ཅིག་འཐབ་མོ་དང་ཕྲག་དོག་གི་རྣམ་པ་འཇིགས་པས་སྐྱོ་བ་མེད་པ་ཕན་ཚུན་གནོད་པ་མེད་པ། གུས་པ་སྐྱེ་ཤིང་དེ་ལ་ཡིད་དད་པར་གྱུར་པ་རྣམས་བདེ་བ་ཤིན་ཏུ་དཔེ་མེད་པ་མྱོང་བར་བྱེད་དོ། །དེ་ནས་ཡང་ལྷ་དེ་

རྣམས་དཔག་བསམ་གྱི་ཤིང་གི་ཕྱོགས་སུ་བྲོ་རྡུང་ཞིང་འཇུག་པར་བྱེད་ལ། དེར་ཞུགས་ནས་ཀྱང་རྟོག་པ་དང་བཅས་པའི་བློ་ཡིད་ལ་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་མཐོ་རིས་དང་འཐུན་པར་འཐོབ་སྟེ། དེ་དག་དཔག་བསམ་གྱི་ཤིང་ཞེས་བྱ་བའི་མིང་འཐོབ་བོ། །

Vol. 69 · folio 205a

དེར་ཡང་དེ་དག་ཡུན་རིང་དུ་ཡུལ་གྱི་བདེ་བ་འདོད་པ་སྡུག་པ་ཡིད་དུ་འོང་བ་ཉེ་བར་སྤྱད་ནས། གསེར་ལས་བྱས་པའི་རི་རབ་མཐོ་བ་དེ་ག་ལ་བ་དེར་འདོང་བར་བྱེད་དེ། འབབ་ཆུ་སྣ་ཚོགས་ཀྱིས་བརྒྱན་པར་དེ་དག་འཛེག་པར་བྱེད་དོ། །ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་

ཅིང་གླུ་དབྱངས་དང་སིལ་སྙན་དང་རོལ་མོའི་སྒྲ་འབྱིན་པས་རྣ་གུང་གཡེར་བ་དེ་ལ་ཡིད་ཞུགས་པ་ཡུལ་གྱི་བདེ་བ་ལྷའི་རྣ་བར་སྒྲ་སྙན་པ་ཐོས་སོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། བམ་པོ་སུམ་ཅུ་བརྒྱད་པ། ལྷ་རྣམས་ཀྱི་མིག་གི་ཡུལ་དུ་

བྱས་པ་ཡང་བདེ་བ་དཔེ་མེད་པ་ཤིན་ཏུ་རྒྱ་ཆེ་བ་མྱོང་སྟེ་འདི་ལྟ་སྟེ། ལྷའི་གཟུགས་དང་ཆ་བྱད་དང་རྒྱན་སྣ་ཚོགས་དང་རང་གི་ལས་ཀྱིས་སྤྲུལ་པའི་གཟུགས་དང་ཆ་བྱད་དང་རྒྱན་གོང་ནས་གོང་དུ་རྣམ་པ་སྣ་ཚོགས་དག་མཐོང་ངོ་། །རི་རབ་ལ་ཡང་ཚལ་དང་ནགས་ཚལ་དང་ལྟེང་ཀ་དང་

པད་མའི་གཟུགས་རྣམ་པ་དུ་མ་དང་དེ་བཞིན་དུ་མེ་ཏོག་གི་ཚལ་དང་ཉེ་བའི་ཚལ་རྣམ་པ་སྣ་ཚོགས་དམིགས་པ་དུ་མ་ཡོད་པའི་དྲི་ཞིམ་པོ་མངོན་པར་འབྱུང་བ་དག་ལ་ལྷ་རྣམས་སྣོམ་པར་བྱེད་དེ། ཤིན་ཏུ་ཡིད་དུ་འཐད་ཅིང་ཡུལ་གྱི་རེག་པ་ལ་རྣམ་པར་ཆགས་པར་འགྱུར་རོ། །

ལྷ་རྣམས་གང་རེག་པར་འདོད་པ་དེ་ཉིད་ཀ་ཙ་ལིན་དི་ཀ་ལྟ་བུར་འཇམ་པ་ཡིན་ཏེ། རྡུལ་དང་བྲལ་བ་དྲི་མ་དང་བྲལ་བ་ཐགས་སུ་མ་བཏགས་པ། ཚོན་དུ་མ་གསལ་བ། དྲི་མངོན་པར་ཞིམ་པ། མཐོང་ན་ཤིན་ཏུ་ཡིད་འཕྲོག་པ་ཡིན་ཏེ། དེ་ལྟར་རེག་པའི་ཡུལ་གྱིས་ལྷ་རྒྱགས་

པ་རྣམས་མྱོས་ཤིང་གནས་སོ། །གཞན་ཡང་ཡིད་ལ་སེམས་པ་གང་ཡིན་པ་དེ་དེ་ཉིད་ཡོན་ཏན་དུ་མ་དང་ལྡན་པ། ཐུན་མོང་མ་ཡིན་པ། གཞན་གྱི་མཐུས་ཉམས་པ་མ་ཡིན་པ། གདུག་པ་མ་ཡིན་པ་དག་འགྲུབ་པར་འགྱུར་རོ། །དེ་ལྟར་བདེ་བའི་མྱོས་པ་རྣམ་པ་དུ་མ་ལ་

གནས་པ་རང་གི་འོད་དང་ལྡན་ཞིང་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་བའི་ལྷ་དེ་དག་གནས་དེ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་བདེ་

Vol. 69 · folio 205b

བ་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་ཤིན་ཏུ་ཡིད་དུ་འོང་བ་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་

ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་སྐྱེས་ཕན་ཆད་ནས་རྟག་ཏུ་བདེ་བར་འགྱུར་ཞིང་། བོང་སྐྱེད་ཆེ་བ་དང་གང་ན་ཆོས་དང་འཐུན་པ་དང་ཡང་དག་པའི་ལྟ་བ་དང་ལྡན་པའི་ཡུལ་བཟང་པོར་རྒྱལ་པོའམ་བློན་པོ་ཆེན་པོར་སྐྱེ་བར་འགྱུར་ཏེ། སྐྱེས་བུ་དམ་པ་སྡིག་པའི་གྲོགས་པོ་དང་

ཕྲད་པར་མི་འགྱུར་བ་མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཤིང་སཱ་ལ་ཟུང་ཞེས་བྱ་བ་ཇི་ལྟར་འདུག་

པ་མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཡང་དག་པའི་ལྟ་བ་ལ་ཞུགས་པ་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་། སེམས་ཅན་རྣམས་ལ་ཕན་པར་འདོད་པས་རྟག་ཏུ་ཚུལ་ཁྲིམས་དང་ལྡན་པར་

གྱུར་ལ། ཡང་དག་པའི་ལུས་དང་ངག་ལ་ཞུགས་པར་གྱུར་པ་གང་གིས་འདི་ལྟར་འབྲོག་གི་སེམས་ཅན་སྐོམ་པ་རྣམས་སྲོག་ཆད་པར་མི་བྱའོ་སྙམ་ནས། དེ་ཡང་དེ་ལྟར་སེམས་པ་ཡོངས་སུ་བསྒོམས་པས་སེམས་སྒོམ་པར་བྱེད་དེ་རི་འོར་དང་འབྲོག་དག་ཏུ་ཡུར་ཆུ་དང་འབབ་ཆུ་དང་

ལྟེང་ཀ་དང་རྫིང་བུ་དག་བྱས་པར་ཆུ་ཆེན་པོ་དག་ལས་འབེབས་པར་བྱེད། སྲོག་ཆགས་རྣམས་ཀྱི་ལམ་ནོར་བ་དང་ལམ་ནོར་ནས་འབྲོག་དགོན་པ་དག་ཏུ་ཞུགས་ཏེ། འཇིགས་ནས་བཞིན་མོག་མོག་པོར་གྱུར་པ་ལམ་གོལ་བ་དགོན་པ་ཆེན་པོར་ཞུགས་པ་དེ་དག་ལ་ལམ་སྟོན་པར་

བྱེད་ཅིང་། ཉོན་མོངས་པ་ཆེན་པོ་དེ་ལས་སྒྲོལ་བར་བྱེད་ཀྱང་དེ་དག་གིས་འཚོ་བར་མི་བྱེད་ལ་སེམས་ཅན་ལ་ཕན་པར་ཞུགས་པ་ཁོ་ན་ཡིན་ཏེ། དེ་དག་ནི་སྦྱིན་པ་སྦྱིན་ཞིང་སྲོག་སྐྱོབ་པ་ཡང་ཡིན་ནོ། །ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་

Vol. 69 · folio 206a

དེ་དག་ཉིད་དམ་གཞན་ཞིག་བསམ་པ་དེ་དང་འཐུན་པར་ཞུགས་པ་དགེ་བའི་ལས་ཀྱི་མཐའ་སྤྱད་པ་དག། དེ་ལྟར་སྲོག་ཆགས་གསད་པའི་རྒྱུ་ཡོད་ཀྱང་གསོད་པར་མི་བྱེད་པ་ཡིན་ཏེ་འདི་ལྟ་སྟེ། ཁྱིམ་ན་སྲོག་ཆགས་དྲོད་གཤེར་ལས་སྐྱེས་པའམ་མངལ་ནས་སྐྱེས་

པ་ཕྲ་མོའམ་སྦོམ་པོར་འབྱུང་བ་དག་ཁྱིམ་དེའི་རྫས་འཇིག་པར་བྱེད་པའམ་དེ་བཞིན་དུ་ཉལ་བའི་སྟེང་དུ་ལྷུང་ནས་གཉིད་འདྲོགས་པར་བྱེད་ཀྱང་སེམས་ཅན་རྣམས་ལ་ཕན་པར་འདོད་པ་དེ་གསོད་པར་མི་བྱེད། སྦལ་པ་དང་སྡིག་པ་ཡང་གསོད་པར་མི་བྱེད། སྲོག་ཡོངས་སུ་ཆད་

ལ་ཐུག་ཀྱང་དེ་དག་ལ་གསོད་པར་མི་བྱེད་ཅིང་གདུག་པ་ལ་ཡང་བཟོད་པར་བྱེད་དོ། །དེ་ལྟར་དེ་དག་གསད་པའི་རྒྱུ་ཡོད་ཀྱང་སྲོག་ཆགས་རྣམས་ལ་འཚེ་བར་མི་བྱེད་ཅིང་སྲུང་བར་བྱེད་པ་ཡིན་ཏེ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་

ཇི་ལྟ་བུ་ཡིན་རྣམ་པ་ནི་དུ་ཡོད་ཅེ་ན། དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱོད་པ་དེའི་འབྲོག་དགོན་པར་ཞུགས་པའི་དཔོན་པོར་གྱུར་ཀྱང་། ཚོང་པ་རྣམས་ཀྱིས་ཚོང་པའི་ཕྱིར་ཆུ་དང་ལན་ཚྭ་ནག་པོར་བསྲེས་པ་གང་ཡིན་པ་དེ་དག་ཀྱང་སྲུང་བར་བྱེད་ལ་སྐོམ་པས་

གདུངས་ཏེ། སྲོག་ཆད་ལ་ཐུག་ཀྱང་ཆུ་དེ་དག་ཚོང་པས་མ་བླུད་ཀྱི་བར་དུ་འཐུང་བར་མི་བྱེད་ལ། གང་གི་ཚེ་ཚོང་པས་བླུད་པ་དེའི་ཚེ་ཆུ་དེ་ལ་འཐུང་བར་བྱེད་ཅིང་གཞན་དག་ལ་ཡང་ལྡུད་པར་བྱེད་དེ། དེ་ལྟར་དབང་ཡོད་པར་གྱུར་ཀྱང་རིན་མ་བྱིན་པར་མི་ལེན་ཏེ། འདི་ཡང་མ་

བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །ལས་ཀྱི་འབྲས་བུ་ཤིན་ཏུ་ཕྲ་མོ་མཐོང་བ། རྟག་པར་སངས་རྒྱས་དང་ཆོས་ཀྱི་རྗེས་སུ་ཞུགས་པ། དེའི་ཡོན་ཏན་དྲན་པ་ལྷུར་བྱེད་ལ། སེམས་པས་སེམས་བསྒོམས་པ་ནི་སྡིག་པའི་གྲོགས་པོ་དང་ཡུད་ཙམ་ཡང་མི་སྟེན། ཀུན་དུ་སྨྲ་

བའི་ཚིག་ཙམ་ཡང་མི་སྨྲ། དེ་དང་ལམ་དུ་ཡང་འགྲོགས་པར་མི་བྱེད། གང་དགེ་བའི་ཆོས་ཐམས་ཅད་ཀྱི་བར་ཆད་བྱེད་པའི་གཙོ་བོ་ནི་འདི་ཡིན་ཏེ་འདི་ལྟ་སྟེ། སྡིག་པའི་གྲོགས་པོ་དང་འདུ་བ་ཞེས་བྱ་བ་ཡིན་ལ། དེ་དང་སྨྲ་བའམ་དེ་དང་ལྷན་ཅིག་འོང་ཞིང་འགྲོ་བའམ་དེའི་གྲིབ་

Vol. 69 · folio 206b

མ་དང་ཕྲད་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱི་གཞིར་གྱུར་པ་ནི་སྡིག་པའི་གྲོགས་པོ་དུག་གི་ཤིང་ལྗོན་པ་ལྟ་བུ་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། དེ་ལྟར་སྐྱེས་བུ་དམ་པ་ཀུན་ནས་གསེར་བཙོ་མ་ལྟ་བུར་གྱུར་པ་དེ་ལུས་དང་བྲལ་ནས་

བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ཤིང་སཱ་ལ་ཟུང་གི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། ལེགས་པར་བྱས་པ་ཁ་ན་མ་ཐོ་བ་མེད་པ། སྐྱེ་བོ་དགེ་བ་ཀུན་གྱིས་མཆོད་པ། དེའི་ལེགས་

པར་བྱས་པའི་ལས་ངེས་པར་མྱོང་བར་འགྱུར་བ། ལྷའི་ནང་དུ་སྐྱེ་བར་འགྱུར་བའི་འབྲས་བུ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ་འདི་ལྟ་སྟེ། ལྷ་དེ་རང་གི་འོད་འབྱུང་བར་འགྱུར་ལ་དེའི་འོད་ཇི་ལྟར་མིའི་གྲངས་ཀྱི་ཚུལ་གྱིས་ཉིན་གཅིག་བཞིན་བགྲངས་པ་དང་ཞག་དང་ཟླ་བར་འཕེལ་བར་འགྱུར་བ་དེ་

ལྟར་རྒྱུ་གང་གིས་འོད་དེ། ལྷ་རྣམས་ཀྱི་ཉིན་མོ་དང་མཚན་མོ་མེད་པར་རང་གི་འོད་ཀྱིས་གསལ་བར་འགྱུར་ཏེ། དེ་ལྟར་ལྷའི་འོད་དེ་འཕེལ་བ་ཡིན་ནོ། །འདི་ལྟར་ལྷ་གཞན་དག་ཀྱང་། འདི་ནི་བདག་ཅག་གི་གནས་གཞན་དུ་སྐྱེས་པའི་ལྷ་ཐམས་ཅད་པས་འོད་ལྷག་པར་བཟང་ངོ་

སྙམ་ནས། ལྷ་མོ་དག་གི་མདུན་དུ་ཤིན་ཏུ་ངོ་ཚ་བ་སྐྱེའོ། །དེ་ནས་ལྷ་རྣམས་བརྒྱ་བྱིན་གྱི་དྲུང་དུ་སོང་ནས་དྲིས་པ། ཀྱེ་བརྒྱ་བྱིན་འདི་ལྟར་ལྷ་གསར་དུ་སྐྱེས་པ་ཞིག་མཆིས་ཏེ། དེའི་འོད་ཀྱིས་བདག་ཅག་ཐམས་ཅད་ཟིལ་གྱིས་མནན་ནས་མཆིས་སོ། །དེ་ནས་བརྒྱ་བྱིན་གྱིས་

དེའི་ཚེ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། གསེར་གྱི་རི་བོ་རི་རབ་འདི། །འོད་ཀྱི་ཕྲེང་བ་གང་ཡིན་པ། །འོད་དེ་ཚུལ་ཁྲིམས་ལས་བྱུང་འདིའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཚུལ་ཁྲིམས་རྟག་ཏུ་འབར་བ་ན། །གསེར་ནི་བཙོ་མ་ལྟ་བུ་སྟེ། །རང་གི་ལས་ཀྱིས་ཡང་དག་

ལྡན། །སུམ་ཅུ་རྩ་གསུམ་བརྒྱན་པར་འགྱུར། །དམན་དང་འབྲིང་དང་ཁྱད་པར་འཕགས། །ཚུལ་ཁྲིམས་རྣམ་པ་གསུམ་རྣམས་ཀྱི། །འབྲས་བུ་དེ་བཞིན་རྣམ་གསུམ་སྟེ། །དམན་དང་འབྲིང་དང་མཆོག་ཏུ་མཐོང་། །བག་མེད་སྤངས་པའི་ཚུལ་ཁྲིམས་ནི། །བག་ཡོད་པ་ཡིས་

Vol. 69 · folio 207a

འཕེལ་བ་ཡིན། །དེ་ནི་རྟག་ཏུ་བདེ་སྦྱིན་མཐོང་། །འདི་ནི་ཆོས་ཉིད་རྣམ་པར་གནས། །ལུས་ཅན་ཚུལ་ཁྲིམས་ལས་བྱུང་བའི། །དྲི་མེད་འོད་ནི་གང་ཡིན་པ། །དེ་ནི་ཉི་མ་སྟོང་སྙེད་དག །འདུས་པའི་འོད་ཀྱིས་ཐུབ་མི་འགྱུར། །ཚུལ་ཁྲིམས་རྣམ་བདུན་

དགའ་བ་དག །མི་མཆོག་དམ་པ་གང་སྲུང་བ། །སངས་རྒྱས་ཀྱིས་ནི་བཤད་པ་གང་། །དེ་ནི་ལས་ཀྱི་འབྲས་བུ་སྤྱོད། །ལུས་ཅན་ལེགས་པར་བྱས་པ་ཡི། །ལས་རྣམས་འདིར་ནི་ཆུད་མི་ཟ། །དེ་བཞིན་ལས་རྣམས་མ་བྱས་པའི། །འོང་བར་མ་མཐོང་འཇིག་པའང་མེད། །

བྱིས་པ་རྒྱུ་ལ་མ་ཆགས་ལ། །རྣམ་པར་སྨིན་ལ་ཆགས་པར་བྱེད། །བྱེ་མ་རྣམས་ལ་མར་མེད་ལྟར། །རྒྱུ་མེད་ན་ནི་འབྲས་བུ་མེད། །སེར་སྣ་མེད་ཅིང་དགེ་བ་ཡི། །སྐྱེས་བུ་དགེ་བ་སྤྱོད་པ་ཡིན། །སྡིག་པའི་བདག་ཉིད་རྨོངས་པ་གང་། །དེ་ནི་རྟག་ཏུ་ཁྲོ་ལ་སྤྱོད། །དེ་ལྟར་

ལྷ་དེ་དག་ལ་བརྒྱ་བྱིན་དེས་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ཁོང་དུ་ཆུད་པར་བསྙད་དོ། །དེ་ནས་ལྷ་རྣམས་བརྒྱ་བྱིན་གྱི་ཚིག་དེ་སྤྱི་བོས་བླངས་ནས་ཡང་ཤིང་སཱ་ལ་ཟུང་གི་གནས་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །དོང་ནས་དེ་ལྷ་དང་ལྷ་མོའི་ཚོགས་དང་ལྷན་ཅིག་

དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཅིང་སིལ་སྙན་སྣ་ཚོགས་ཀྱི་སྒྲ་འབྱིན་པ་རྗེས་སུ་འབྲང་བཞིན་དུ་ཤིང་སཱ་ལ་དེ་གཉིས་ཀྱི་གནས་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །ཤིང་སཱ་ལ་དེ་གཉིས་ཀྱང་སུམ་ཅུ་རྩ་གསུམ་དུ་གཏོགས་པའི་ཚལ་དང་ཉེ་བའི་ཚལ་ཐམས་

ཅད་པས་ཚད་དང་མདོག་དང་མེ་ཏོག་དང་འོད་དག་གིས་ལྷག་པ་ཡིན་ནོ། །ཤིང་སཱ་ལ་དེ་གཉིས་ཀྱང་དྲིལ་བུ་གཡེར་ཀ་སྒྲ་འབྱུང་བའི་དྲ་བ་འཕྱང་བ་དང་། ལོ་མ་ལས་ཀྱང་ཇི་ལྟར་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་འབྱུང་བ་དེ་ལྟར་དེ་གཉིས་ལ་སྒྲ་འབྱུང་ངོ་། །དེ་

དག་ལོ་མའི་སྒྲ་དེ་ཐོས་ནས་ཡང་དགའ་བར་གནས་པར་བྱ་བའི་ཕྱིར་ཤིང་སཱ་ལ་དེ་གཉིས་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །དེ་ནས་ཉེ་བར་དོང་ནས་ལྷ་དེ་དག་ཤིང་སཱ་ལ་དེ་གཉིས་ལ་འཛེག་པར་བྱེད་དོ། །ཤིང་སཱ་ལ་དེ་གཉིས་ཀྱི་སྟེང་ན་ཡང་པད་མའི་རྫིང་ཆུ་རབ་ཏུ་དགའ་

Vol. 69 · folio 207b

བ་ཞེས་བྱ་བ་ཡོད་དེ། བྱ་ངང་པ་དང་ཀཱ་རཎྜ་བ་དང་ངུར་པ་སྒྲ་སྙན་པ་འབྱིན་ཅིང་རྟག་ཏུ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཤིན་ཏུ་གང་བ་ཡིན་ནོ། །དེ་ལ་འཛེགས་ནས་ལྷ་རྣམས་ཀྱིས་འདི་ལྟར་ཤིང་སཱ་ལ་འདི་གཉིས་མ་གཏོགས་པར་ཤིང་ལྗོན་པ་གང་གི་སྟེང་ན་ཡང་། པད་མའི་རྫིང་མེད་

པ་ཤིན་ཏུ་ངོ་མཚར་ཆེ་བ་འདི་མཐོང་སྟེ། ཀྱེ་མ་ཤིང་སཱ་ལ་འདི་གཉིས་ནི་ཤིང་ཡོངས་འདུ་ས་བརྟོལ་མ་གཏོགས་པར་ཤིང་ལྗོན་པ་ཐམས་ཅད་ཀྱི་ནང་ན་ཀུན་གྱི་གཙོ་བོ་ཡིན་ཞིང་ཐམས་ཅད་དུ་དགའ་བ་ཡིན་ནོ་སྙམ་མོ། །དེ་ནས་དེ་དག་རིག་ནས་དེ་གཉིས་ཀྱི་སྟེང་ན་ལྷ་དེ་དག་ལྷ་མོའི་ཚོགས་

དང་ལྷན་ཅིག་བདེ་བ་ཉེ་བར་སྦྱར་བ་དང་ཡུལ་གྱི་བདེ་བ་སྣ་ཚོགས་ཀྱིས་དགའ་བར་བྱེད་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་དག་དེར་ཡུན་རིང་དུ་བདེ་བ་དག་མྱོང་ནས་རྟག་ཏུ་རྩེ་བ་ཞེས་བྱ་བ་ག་ལ་བ་དེར་མགོ་ལ་པད་མའི་ཕྲེང་བ་ཐོགས་པ་ཐགས་སུ་མ་བཏགས་པའི་གོས་ཁ་དོག་རྣམ་པ་

སྣ་ཚོགས་བགོས་པ། ཁ་དོག་སྣ་ཚོགས་ལས་ལུས་ཀྱི་འོད་འབྱུང་བ་རྣམས་འདོང་བར་བྱེད་དོ། །ལྷ་དེ་རྣམས་ཀྱི་ལུས་ལས་འོད་འབྱུང་བ་གང་ཡིན་པ་དེ་ཅུང་ཟད་ཅིག་དཔེར་བྱ་ན། ཇི་ལྟར་མིའི་འཇིག་རྟེན་ན་དབྱར་གྱི་དུས་སུ་འཇའ་ཁ་དོག་ཅན་ཁ་དོག་སྡུག་གུ་གསུམ་དང་ལྡན་པ་

འབྱུང་བ་དེ་ལྟར་ལྷ་དེ་རྣམས་ཀྱི་པད་མ་དེ་དག་ལས་འོད་སྔོན་པོ་དང་སེར་པོ་དང་དམར་པོ་འབྱུང་ངོ་། །དེ་ནས་ལྷ་དེ་དག་དགའ་བར་གནས་པར་བྱ་བའི་ཕྱིར་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོང་སྟེ། འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་ཡུལ་གྱི་བདེ་བ་ལ་ཉེ་བར་སྤྱོད་པ་ནི། རི་བོའི་

ཆུ་བོའི་ཤུགས་ལྟར་ཐམས་ཅད་དུ་ཡུལ་གྱི་བདེ་བ་རྗེས་སུ་མྱོང་ངོ་། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཤིང་སཱ་ལ་ཟུང་གི་ལྷ་རྣམས་ཀྱི་ས་ག་ལ་བ་དེར་ཆོས་བཟང་ན་གནས་པའི་ལྷའི་ཚོགས་ཀུན་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱ་བའི་ཕྱིར་འདོང་བར་བྱེད་དེ། སིལ་སྙན་དང་

རོལ་མོའི་སྒྲ་སྣ་ཚོགས་འབྱིན་ཅིང་། ལྷ་མོའི་ཚོགས་རྣམ་པ་སྣ་ཚོགས་དག་མདུན་ན་གླུ་དབྱངས་ལེན་བཞིན་དུ་འདོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་གང་ནས་འོང་བ་དེར་ཤིང་སཱ་ལ་ཟུང་གི་ལྷ་རྣམས་འོང་བར་བྱེད་དོ། །འོངས་ནས་དེ་དག་ཀྱང་སིལ་སྙན་དང་རོལ་མོའི་སྒྲ་སྣ་

Vol. 69 · folio 208a

ཚོགས་འབྱིན་ཅིང་། ལྷ་མོའི་ཚོགས་ཀྱིས་བསྐོར་བ་རྣམས་ཐལ་མོ་སྤྱི་བོར་སྦྱར་ཏེ། བརྒྱ་བྱིན་ལ་མཆོད་ནས་ལྷ་མོ་དང་ལྷ་དེ་དག་ཀུན་ཀྱང་ཕན་ཚུན་འདྲེས་ཤིང་ཆོས་བཟང་ན་གནས་པ་དང་ཤིང་སཱ་ལ་ཟུང་གི་ས་ན་གནས་པ་དེ་དག་ཕན་ཚུན་གྲོགས་སུ་གྱུར་

པ། ཤིན་ཏུ་སྙིང་དུ་སྡུག་པར་གྱུར་པ་ཕན་ཚུན་ཡིད་ལ་གནོད་པ་མེད་པ་ཕན་ཚུན་འཐུན་པར་གྱུར་པ་རྣམས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཆགས་སུ་རུང་བ་སྙན་པ་འཐུན་པ་འཐུན་པ་ཉིད་དང་རྗེས་སུ་ལྡན་པ་སྐྱེ་བོ་ཐམས་ཅད་ཀྱི་སྙིང་འཛིན་པར་གྱུར་པས་བྲོ་རྡུང་ལ་དགོད་བཞིན་

དུ་ཤིང་སཱ་ལ་ཟུང་དེ་གཉིས་ག་ལ་བ་དེར་འདོང་བར་བྱེད་དོ། །དོང་ནས་ཀྱང་ལྷ་དེ་རྣམས་ཀུན་གྱི་སྔོན་དུ་འགྲོ་བ་བརྒྱ་བྱིན་ཡོངས་སུ་བསྐོར་ནས་བྲོ་རྡུང་བར་བྱེད་དགོད་པར་བྱེད་ཆང་ཞིམ་པོ་དག་ཀྱང་འཐུང་བར་བྱེད་དོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ལྷ་དེ་དག་ལ་འདི་

སྐད་སྨྲས་སོ། །ལྷ་དག་ཤིང་ཡོངས་འདུ་ས་བརྟོལ་མ་གཏོགས་པར་སུམ་ཅུ་རྩ་གསུམ་པའི་ཚལ་དང་ཉེ་བའི་ཚལ་ཤིང་ལྗོན་པ་ཐམས་ཅད་ཀྱི་ནང་ན་ཀུན་ཏུ་གཙོ་བོར་གྱུར་པ་ཤིང་སཱ་ལ་ཟུང་འདི་གཉིས་ལ་ལྟོས། ལྷའི་རྒྱལ་པོ་མཐོང་ལགས་སོ། །དེ་ནས་བརྒྱ་བྱིན་གྱིས་

དེ་དག་ལ་འདི་སྐད་སྨྲས་སོ། །ཀྱེ་ལྷ་ཁྱེད་ཅག་གིས་ཤིང་སཱ་ལ་ཟུང་འདིའི་མཐུ་མ་ཤེས་ཀྱི་ལྷ་ཁྱེད་རྣམས་ཀྱིས་གཟུགས་འབའ་ཞིག་ཤེས་པར་ཟད་དེ། ཤིང་སཱ་ལ་འདི་གཉིས་ཀྱི་མཐུ་ལྟོས་ཤིག། དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཤིང་རྟ་ལས་བབས་ནས། རྡོ་རྗེའི་

ཕྱོགས་གཅིག་གིས་ཤིང་སཱ་ལ་ཟུང་ཡ་གཅིག་ལ་བསྣུན་པ་དང་། དེ་ནས་སྡོང་པོ་ལས་སྒོ་བྱེ་སྟེ་ཤིང་སཱ་ལ་དེའི་ནང་ན་སྟེགས་དང་འབབ་ཆུ་དང་ལྟེང་ཀ་དང་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་སྣ་ཚོགས་དང་འབབ་ཆུ་ཡང་ཤིན་ཏུ་བསིལ་ཞིང་པད་མའི་ཚལ་གྱིས་ཁེབས་

པ། སྟེགས་དང་རི་རྩེ་དག་གིས་བརྒྱན་པ། ཁ་ཅིག་ནི་ནོར་བུ་ལས་བྱས། ཁ་ཅིག་ནི་དངུལ་ལས་བྱས། ཁ་ཅིག་ནི་ཤེལ་ལས་བྱས། ཁ་ཅིག་ནི་བཻ་ཌཱུརྱ་ལས་བྱས་པ་ཡིན་ཏེ། འབབ་ཆུ་དང་ཆུ་བོ་དང་རི་བོ་ཉམས་དགའ་བ་སྣ་ཚོགས་པ་དག་མཐོང་ངོ་། །དེ་ནས་

Vol. 69 · folio 208b

གཞན་ཡང་ལྷ་དེ་རྣམས་ཤིང་སཱ་ལ་ཟུང་དེ་ཡ་གཅིག་གི་ནང་དུ་ཞུགས་པ་དང་པད་མའི་རྫིང་རིན་པོ་ཆེ་སྣ་བདུན་གྱི་པད་མ་རྣམས་ཀྱིས་བརྒྱན་པ། བུང་བ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དག་མཐོང་ངོ་། །གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཨན་ད་རྙིལ་གྱི་ཤིང་ལྗོན་པ་འོད་གསལ་བའི་

ཚལ་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དག་ཀྱང་མཐོང་ངོ་། །བྱ་དེ་དག་ཀྱང་འདབ་གཤོག་གི་མཐའ་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་རྒྱས་པ་ཡིན་ཏེ། ཇི་ལྟར་སྒྲ་འབྱིན་པ་ཐོས་ནས་ལྷ་དག་ཀྱང་སྔོན་མ་བྱུང་བ་ངོ་མཚར་ཆེ་བ་མཐོང་ནས་ཤིན་ཏུ་དགའ་བ་མྱོང་ཞིང་། གཞན་ལ་ཡང་ངོ་

མཚར་སྐྱེད་པ་དེ་ལྟ་བུའི་སྒྲ་སྙན་པ་རྣམ་པ་དུ་མ་འབྱིན་ཏོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་ལྷའི་ཚོགས་དང་ལྷན་ཅིག་ཡོངས་སུ་བསྐོར་ཏེ། ཚལ་དང་ཉེ་བའི་ཚལ་ལེགས་པར་མཐོང་བར་འདོད་པ་ཤིང་སཱ་ལ་ཟུང་ཡ་གཅིག་གི་ནང་ན་གཞལ་མེད་ཁང་དཀྲིགས་པ་ག་ལ་བ་དེར་དོང་ངོ་། །

དེར་ཡང་ལྷ་རྣམས་ཀྱིས་ཁང་བཟངས་རྣམ་པ་སྣ་ཚོགས་དཀྲིགས་པ་དག་ན་ཀ་བ་ཉམས་དགའ་བ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཀ་བ་དང་ར་བ་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བརྒྱན་པ་ལ་འདི་ལྟ་སྟེ། ཨན་ད་རྙིལ་དང་བཻ་ཌཱུརྱ་དང་གསེར་དང་དངུལ་དང་སྤུག་དང་ཤེལ་དང་མུ་

ཏིག་རྣམས་ཀྱིས་ཀ་བ་རྣམ་པ་དུ་མར་ཕྱེ་ཞིང་སྣ་ཚོགས་སུ་བརྒྱན་པ། སྟན་ཁྲ་བོ་རྣམ་པ་སྣ་ཚོགས་ལེགས་པར་བཏིང་བ། རིན་པོ་ཆེའི་གོས་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། འདུག་ཁྲི་དེ་དག་ཀྱང་སྡུག་པར་བྱས་ཤིང་རྐང་པ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་

བྱས་པའི་འདུག་ཁྲིའི་རྐང་པ་དེ་ལ་ཉེ་བར་བརྒྱན་པ་འདི་ལྟ་སྟེ། རྡོ་རྗེ་དང་ཨན་ད་རྙིལ་དང་ཤེལ་དང་གསེར་དང་དངུལ་གྱིས་རྣམ་པར་བརྒྱན་པ་དག་མཐོང་ངོ་། །དེ་ནས་གཞན་ཡང་བརྒྱ་བྱིན་སྔོན་དུ་འགྲོ་བའི་ལྷ་ཤིང་སཱ་ལ་ཟུང་གི་ནང་དུ་ཞུགས་པ་རྣམས་རིའི་རྩེ་མོ་ཀུན་ནས་མཐོང་ན་

ཡིད་དུ་འོང་བ། བྱ་སྣ་ཚོགས་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་སྐད་འབྱིན་པ་དག་མཐོང་ངོ་། །དེ་ནས་ལྷ་རྣམས་ལ་བརྒྱ་བྱིན་གྱིས་འདི་སྐད་སྨྲས་སོ། །ཤིང་སཱ་ལ་ཟུང་གི་ནང་ན་ཉམས་དགའ་བ་འདི་ལ་ཁྱེད་ཅག་ལྟོས། ལྷའི་རྒྱལ་པོས་དེ་སྐད་སྨྲས་པ་དང་། ལྷ་རྣམས་

Vol. 69 · folio 209a

ཀྱིས་འདི་སྐད་སྨྲས་སོ། །བརྒྱ་བྱིན་ཇི་ལྟ་བ་བཞིན་མཐོང་ལགས་སོ། །དེ་ནས་ལྷའི་འཁོར་དེ་ན་འདི་ལྟར་ལྷ་བག་མེད་པས་ཡིད་ཤིན་ཏུ་ལྷག་པར་དབང་དུ་བྱས་པ་གང་ཡིན་པ་དེ་དག་མཐོང་བ་དང་དེ་དག་བཀར་ནས་ལས་ཀྱི་འབྲས་བུ་ཤིན་ཏུ་བསྟན་པའི་ཕྱིར་

ལས་ཀྱི་མེ་ལོང་གི་ཁང་པ་ཞེས་བྱ་བ་དེར་འཇུག་པར་བྱེད་དོ། །དེ་ནས་ལས་ཀྱི་མེ་ལོང་གི་ཁང་པ་དེར་ཞུགས་ནས་བརྒྱ་བྱིན་དེས་བཻ་ཌཱུརྱའི་རྩིག་ངོས་ཤིན་ཏུ་དྲི་མ་མེད་པ། མེ་ལོང་གཡའ་མེད་པ་ལྟར་ཀུན་ནས་གསལ་བ་དེ་དག་སྟོན་པར་བྱེད་དོ། །དེ་ནས་གཞན་ཡང་བརྒྱ་བྱིན་

དེས་ལྷ་རྣམས་ལ་སྟོན་པར་བྱེད་དེ། ལྷ་དག་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་རྩིག་ངོས་མེ་ལོང་ལྟ་བུ་ལ་བྲིས་པ་སྣ་ཚོགས་སྣང་བ་འདི་ཡིན་ཏེ། གང་དང་གང་གིས་ལས་གང་བྱས་པ་དང་རྣམ་པ་གང་དང་གུས་པ་གང་གིས་གང་གི་ཚེ། ཞིང་གང་ལ་དངོས་པོ་གང་བྱིན་པ་

ཇི་ལྟར་བྱིན་པ་དང་དད་པ་གང་གིས་སྦྱིན་པ་དང་དུས་གང་གི་ཚེ་བྱིན་པ་དེ་ལྟར་ཡོངས་སུ་བསྔོས་པ་དང་། གང་གི་ཚེ་ཡོངས་སུ་བསྔོས་པ་དང་འབྲས་བུ་གང་དུ་སྐྱེ་བར་ཡོངས་སུ་བསྔོས་པ་དང་རྣམ་པ་གང་གིས་ཡོངས་སུ་བསྔོ་བའི་སྦྱིན་པའི་འབྲས་བུ་སྣང་བ་དེ་དག་ལ་ཁྱེད་ཅག་

ལྟོས། དེ་ནས་གཞན་ཡང་བརྒྱ་བྱིན་དེས་ལྷ་དེ་དག་ལ་རབ་ཏུ་སྟོན་པར་བྱེད་དེ། འདི་ལྟར་ཚུལ་ཁྲིམས་ཤིན་ཏུ་བསྒོམས་པ། འགྲོ་བ་ཐམས་ཅད་དུ་ཕ་མ་ལྟ་བུར་གྱུར་པ། སླུ་བ་མེད་པ། རྣམ་པར་སྨིན་པ་མཆོག་ཏུ་ཉམས་དགའ་བ། མཚོ་ལྟར་རྙོག་པ་མེད་པ། མཐོ་རིས་སུ་

འགྲོ་བའི་ས་བོན་གང་གིས་གང་གི་ཚེ་ཇི་ལྟར་གང་ཞིག་གང་རྣམས་ལ་རྣམ་པ་གང་གིས་ཚུལ་ཁྲིམས་རྣམ་པ་བདུན་སྲུང་བ་དེ། དེའི་ཚེ་རྣམ་པ་དེས་གནས་སྐབས་དེར་སྐྱེས་པ་དེའི་ཚུལ་ཁྲིམས་ཀྱི་འབྲས་བུ་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་སྨིན་པ་ལ་ཁྱེད་ཅག་ལྟོས། དེ་ནས་གཞན་

ཡང་བརྒྱ་བྱིན་དེས་ལྷ་དེ་དག་ཉིད་ལ་དེར་ལས་ཀྱི་མེ་ལོང་ཉིད་རབ་ཏུ་སྟོན་པར་བྱེད་དེ། འདི་ལྟར་འདི་དག་ཀུན་ནི་ལས་ཀྱི་འབྲས་བུའི་ཚོགས་ཡིན་ཏེ། ཡེ་ཤེས་ཀྱི་སྒྲོན་མའི་སྐྱེས་བུ་གང་གིས་གང་གི་ཚེ་འདི་ལྟར་ཡེ་ཤེས་ལ་གོམས་ཤིང་། ཡང་དག་པའི་ལྟ་བར་གྱུར་པ་ཡེ་ཤེས་

Vol. 69 · folio 209b

དེའི་ཐ་མ་དང་འབྲིང་དང་མཆོག་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འབྲས་བུ་ལ་ཁྱེད་ཅག་ལྟོས། དེ་ནས་གཞན་ཡང་བརྒྱ་བྱིན་དེས་ལྷ་དེ་དག་ཉིད་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་ཡེ་ཤེས་རྣམ་པ་དགུའི་གནས་སྐབས་རབ་ཏུ་སྟོན་པར་བྱེད་དེ། སྦྱིན་པ་ཐ་མ་དང་འབྲིང་དང་

མཆོག་གིས་མཐོ་རིས་རྣམས་སུ་འབྲས་བུ་རྣམ་པར་སྨིན་པ་འབྱུང་བར་འགྱུར་རོ། །དེ་ལ་སེམས་བསྒོམས་ཤིང་། ཞིང་ཡོན་ཏན་དང་ལྡན་ལ་སླུ་བ་མེད་པའི་མཚན་ཉིད་དང་ལྡན་ཡང་དངོས་པོ་ཕུན་སུམ་ཚོགས་པ་མ་ཡིན་ན་འབྲས་བུ་དེ་ཉིད་ཆུང་ལ། འབྲས་བུ་ཡི་དགས་མཐུ་

བོ་ཆེར་འགྱུར་ཏེ། དུད་འགྲོ་ཞིག་ན་ཡང་འབྲས་བུ་བདེ་བ་འཐོབ་པར་འགྱུར་རོ། །ལྷ་དག་ལས་ཀྱི་མེ་ལོང་འདི་ཉིད་ཀྱི་ནང་ན་འབྲས་བུ་གཟུགས་བརྙན་སྣང་བ་སྦྱིན་པ་འབྲིང་འདི་ལ་ལྟོས། ལས་ཀྱི་འབྲས་བུ་སྣ་ཚོགས་བྲིས་པའི་རྩིག་ངོས་ལ་སྦྱིན་པའི་འབྲས་བུ་འབྲིང་ནི།

སེམས་མ་བསྒོམས་ཤིང་དངོས་པོ་ཡོན་ཏན་དང་ཡང་མི་ལྡན་ལ། ཞིང་ཡོན་ཏན་དང་ལྡན་པ་ཁོ་ན་ལ་སྦྱིན་པའི་འབྲས་བུ་ནི། ནུབ་ཀྱི་བ་ལང་སྤྱོད་དམ་ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱི་ནང་ངམ་དུད་འགྲོའམ་གནོད་སྦྱིན་ནམ་ལྷ་མ་ཡིན་རྣམས་ཀྱི་ནང་དུ་འབྲས་བུ་འཐོབ་པར་

འགྱུར་ཏེ། འབྲས་བུ་འབྲིང་པོ་ཐོབ་པ་དེ་ཡང་དེ་ལྟར་མེ་ལོང་ལྟ་བུར་ལྷ་དེ་དག་ཉིད་ཀྱི་མངོན་སུམ་དུ་སྣང་ངོ་། །དེ་ནས་གཞན་ཡང་བརྒྱ་བྱིན་གྱིས་ལས་ཀྱི་མེ་ལོང་དེ་ཉིད་ཀྱི་ནང་ན་གཟུགས་བརྙན་གྱི་ངོ་བོར་གྱུར་པ། འདི་ལྟར་སྦྱིན་པའི་འབྲས་བུ་རྣམ་པ་གསུམ་པོ་འདི་ཡང་

རབ་ཏུ་སྟོན་པར་བྱེད་དོ། །གཞན་ཡང་ལྷ་ཁྱེད་ཅག་ཐ་མ་དང་འབྲིང་དང་མཆོག་ལ་ལྟོས་ཤིག། དེ་ལ་ཐ་མ་ནི་རྣམ་པ་གཞན་གྱིས་མི་འགྱུར་ཏེ། འདི་ལྟར་སེམས་མ་བསྒོམས་ལ་ཞིང་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་སེམས་མ་བསྒོམས་པ་ཇི་ལྟ་བུ་ཡིན་ཞེ་ན། སྦྱིན་

བདག་གང་སྲོག་ཆགས་ལ་ཤིན་ཏུ་ཕན་པ་བྱས་ཤིང་། ཞིང་དང་དངོས་པོ་རྙེད་ཀྱང་སེམས་དང་བ་མ་ཡིན་ཏེ། ལུས་ཀྱིས་མངོན་པར་ལྡང་བ་དང་། ཕྱག་འཚལ་བ་ལ་སོགས་པ་གུས་པར་མི་བྱེད་པ་འདི་ནི་ཞིང་ཡོན་ཏན་དང་ལྡན་ཞིང་། དངོས་པོ་ཡོན་ཏན་དང་ལྡན་པ་ཡིན་

Vol. 69 · folio 210a

ཡང་སེམས་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། སྦྱིན་པ་སླུ་བ་མེད་པ་བྱས་པས། རི་བྲགས་སམ་ཀླ་ཀློ་རྣམས་ཀྱི་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་ལས་ཀྱི་མེ་ལོང་གི་ས་གཞི་ཉིད་ལ་ཁྱེད་ཅག་ལྟོས་ཤིག་ཅེས་དེ་ལྟར་བརྒྱ་བྱིན་དེ་ལྷ་རྣམས་ལ་རབ་ཏུ་སྟོན་

པར་བྱེད་དོ། །གཞན་ཡང་སྦྱིན་པའི་མཆོག་འདི་ནི་སེམས་དང་ལྡན་པ་དང་། ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་དངོས་པོ་ཡོན་ཏན་ཕུན་སུམ་ཚོགས་པ་དང་སེམས་བསྒོམས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་ཞིང་དམ་པ་ནི་སངས་རྒྱས་ལ་སོགས་

པའོ། །དངོས་པོ་ནི་བཟའ་བ་ལ་སོགས་པའོ། །སེམས་བསྒོམས་པ་ནི་སེམས་དང་བ་དང་གུས་པ་ཡིན་ཏེ་སྦྱིན་པ་འབྲས་བུ་ཆེན་པོ་འདི་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལ་ལྷ་རྣམས་ཀྱི་ནང་དུ་ནི་ལྷ་ཆེན་པོར་འགྱུར་ལ། མི་རྣམས་ཀྱི་ནང་དུ་ནི་གླིང་

བཞི་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། ཉེ་བའི་རིན་པོ་ཆེ་སྣ་བདུན་དང་ལྡན་པ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་ལྟ་བ། ཕུན་སུམ་ཚོགས་པ་ཐམས་ཅད་སྤྱད་ནས་དེ་ལ་བརྟེན་ཏེ་ཚུལ་ཁྲིམས་སྤྱོད་ཅིང་ཡེ་ཤེས་ཀྱང་ཤེས་པར་

བྱེད་དོ། །དེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་དེ། སྦྱིན་པ་འདི་ནི་བླ་ན་མེད་ཅིང་སྦྱིན་པ་འདི་ཉིད་བླ་ན་མེད་པ་ཡིན་ནོ། །གཞན་ཡང་སྦྱིན་པའི་འབྲས་བུ་བཻ་ཌཱུརྱ་ཤིན་ཏུ་དྲི་མ་མེད་པའི་ལས་ཀྱི་རྩིག་ངོས་ལ་སྣང་བ་འདི་བརྒྱ་བྱིན་དེས་ལྷ་དེ་དག་ཉིད་ལ་རབ་ཏུ་སྟོན་

པར་བྱེད་དེ། འདི་ལྟར་རྣམ་པ་གཞན་རྣམ་པ་གསུམ་གྱིས་སྦྱིན་པའི་འབྲས་བུ་གཟུགས་བརྙན་སྣང་བ་འདི་ལ་ལྟོས། དེ་ནས་ཡང་བརྒྱ་བྱིན་དེས་ལྷ་དག་ལ་རབ་ཏུ་སྟོན་པར་བྱེད་དེ། འདི་ལྟར་ཟང་ཟིང་སྦྱིན་པ་དང་མི་འཇིགས་པ་སྦྱིན་པ་དང་ཆོས་སྦྱིན་པའོ། །དེ་ལ་ཟང་ཟིང་སྦྱིན་

པས་ནི་སྔ་མ་བཞིན་ལོངས་སྤྱོད་ཆེན་པོར་འགྱུར། མི་འཇིགས་པ་བྱིན་པས་ནི་ཡུལ་བཟང་པོའི་རྒྱལ་པོར་འགྱུར་ཏེ། མཚོན་ཆ་དང་ལོ་ཉེས་དང་དགོན་པ་དང་བྲལ་བ། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་བྲལ་བ། འགྲན་ཟླའི་འཇིགས་པ་དང་བྲལ་བ། ནད་ཀྱི་

Vol. 69 · folio 210b

འཇིགས་པ་དང་བྲལ་བ། མེའི་འཇིགས་པ་དང་བྲལ་བ། ཆུའི་འཇིགས་པ་དང་བྲལ་བ། འཆི་བའི་འཇིགས་པ་དང་བྲལ་བར་རྒྱལ་པོའམ་བློན་པོ་ཆེན་པོ་ཡུན་རིང་དུ་གནས་པར་བྱེད་དོ། །འདི་ནི་མི་འཇིགས་པ་བྱིན་པའི་འབྲས་བུ་ལས་ཀྱི་མེ་ལོང་གི་ནང་དུ་སྦྱིན་པ་འབྲིང་པོ་འདི་ཇི་ལྟ་

བ་བཞིན་སྣང་ངོ་། །གཞན་ཡང་སྦྱིན་པ་རྣམས་ཀྱི་ནང་ན་སྦྱིན་པ་མཆོག་ལས་ཀྱི་མེ་ལོང་གི་རྩིག་ངོས་ལ་སྣང་བ། སྦྱིན་པ་འདི་དག་གི་ནང་ན་དམ་པ་ནི་འདི་ལྟ་སྟེ། འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་ས་བོན། ཆོས་སྦྱིན་པ་ཡིན་ཏེ། སྦྱིན་པ་མཆོག་འདི་སྦྱིན་པའི་འབྲས་བུ་ནི་

བྱང་ཆུབ་གསུམ་སྨིན་པར་འགྱུར་རོ། །གཞན་ཡང་ཆོས་སྦྱིན་པ་དེ་ཉིད་ཀྱི་འབྲས་བུ་སྣང་སྟེ། ཉེ་བར་འཚོ་བའི་རྒྱུ་དང་གྲགས་པའི་རྒྱུ་དང་འགྲན་ཟླ་གཞན་ཟིལ་གྱིས་གནོན་པའི་རྒྱུ་དང་གཞན་ལ་ཕན་གདགས་པའི་རྒྱུ་ཁོ་ན་ཡིན་ནོ། །དེ་ལ་ཉེ་བར་འཚོ་བའི་རྒྱུ་ནི་གང་གཞན་ལ་

ཕན་གདགས་པར་ཞུགས་པས་མ་ཡིན་གྱི། ཉེ་བར་འཚོ་བར་བྱ་བའི་དོན་དུ་ཆོས་སྟོན་པར་བྱེད་པ་འདི་ནི་ཐ་མ་ཡིན་ཏེ། འདི་ལྟར་གཞན་ལ་ཕན་གདགས་པར་སེམས་བསྒོམས་པའི་སྙིང་གིས་འཆད་པར་མི་བྱེད་པ་ཡིན་ལ་ནོར་རྫས་ཁོ་ནའི་ཕྱིར་འཆད་པ་ཡིན་ནོ། །ཇི་

ལྟར་གཞན་དག་ལ་འཆད་པ་དེ་ལྟར་སྒྲུབ་པ་མི་བྱེད་པ་འདི་ནི་སྦྱིན་པ་ཐ་མ་ཡིན་ནོ། །དེ་ལྟ་བས་ན་ནོར་རྫས་ཐོབ་པ་གང་ཡིན་པ་དེ་དག་ཆང་གིས་ཟད་པར་བྱེད་དམ་བུད་མེད་དང་ལྷན་ཅིག་ཟད་པར་བྱེད་པ་ཚུལ་ཁྲིམས་རྣམ་པར་སྤངས་པ་འདི་ནི་གར་མཁན་ལྟ་བུའི་ཆོས་ཉིད་ཁོ་ནར་

ཞུགས་པ་ཡིན་ཏེ་ཆོས་ཀྱི་སྦྱིན་པ་འདི་ནི་འབྲས་བུ་ཆུང་བ་ཡིན་ནོ། །དེའི་རྣམ་པར་སྨིན་པ་གར་སྐྱེ་ཞེ་ན། དེས་ལས་ཀྱི་མེ་ལོང་ལ་མཐོང་སྟེ་ལྷ་རྣམས་ཀྱི་ནང་དུ་བྱ་མཁས་པའི་རང་བཞིན་ཅན་དུ་འགྱུར་ལ། དེ་བཞིན་དུ་ཚིགས་སུ་བཅད་པ་སྟོན་པར་འགྱུར་ཏེ་འདི་ནི་ཆོས་ཀྱི་

སྦྱིན་པ་ཐ་མ་ཡིན་ནོ། །ཆོས་ཀྱི་སྦྱིན་པ་འབྲིང་ཇི་ལྟ་བུ་ཡིན་ཞེ་ན། གྲགས་པ་འདོད་པའི་ཕྱིར་ཆོས་འཆད་པའམ་ཆོས་སྨྲ་བ་གཞན་ཟིལ་གྱིས་གནོན་པའི་ཕྱིར་ཞེ་སྡང་གི་ཚུལ་གྱིས་འཆད་པ་དེའི་ཆོས་ཀྱི་སྦྱིན་པ་ནི་འབྲས་བུ་ཆུང་བ་ཡིན་ལ། དེའི་འབྲས་བུ་རྣམ་པར་སྨིན་པས་ནི་

Vol. 69 · folio 211a

ལྷའམ་མི་འབྲིང་པོ་རྣམས་ཀྱི་ནང་དུ་སྨིན་པར་འགྱུར་ཏེ། དེ་ལྟར་བརྒྱ་བྱིན་དེས་ལས་ཀྱི་མེ་ལོང་གི་གནས་དག་ཏུ་ལྷ་རྣམས་ལ་སྟོན་པར་བྱེད་མཐོང་བར་བྱེད་དོ། །གཞན་ཡང་ཆོས་སྦྱིན་པ་མཆོག་ནི་སེམས་བསྒོམས་པ། སྐྱོན་མེད་པ་བློ་གདུལ་བར་བྱ་བའི་

ཕྱིར་སྟོན་པ་ཡིན་ལ་འཚོ་བར་མི་བྱེད་ལོག་པར་ལྟ་བ་གཞན་དག་ཀྱང་ཆོས་འདུལ་བ་ལ་རབ་ཏུ་འཇོག་པར་བྱེད་ལ་འཚོ་བར་མི་བྱེད་པ་ཡིན་ཏེ། དེ་ལྟར་བདག་དང་གཞན་ལ་ཕན་པར་ཞུགས་པ་མཐར་མྱ་ངན་ལས་འདས་པའི་ཆོས་སྦྱིན་པ་མཆོག་ཡིན་ནོ། །ཡང་བརྒྱ་བྱིན་དེས་ཆོས་

ཀྱི་སྦྱིན་པ་དེ་ཉིད་ཀྱི་འབྲས་བུ་རྣམ་པ་གཞན་གྱིས་ལྷ་རྣམས་ལ་སྟོན་པར་བྱེད་ཡང་དག་པར་འཆད་པར་བྱེད་དེ། ཤེས་རབ་ཀྱིས་མ་གྲོལ་བ་ནི་ཐ་མ་ཡིན་ནོ། །ཚུལ་ཁྲིམས་ལ་ཞུགས་པ་ནི་འབྲིང་ཡིན་ནོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ནི་མཆོག་ཡིན་ནོ། །དེ་ལ་ཤེས་རབ་ཐ་

མ་ནི་དེ་སྦྱིན་པའི་གཏམ་དང་ཡང་དག་པར་ལྡན་པ་ཤིན་ཏུ་ཁོང་དུ་ཆུད་པར་ཆོས་སྟོན་པ་མ་ཡིན་ལ་སྦྱིན་པའི་འབྲས་བུ་འབའ་ཞིག་སྟོན་པ་ཡིན་ཏེ་དེ་རྒྱུ་དེ་དང་གཞི་དེ་ལ་བརྟེན་ནས་སྦྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་དང་ཤེས་རབ་ལ་ཡང་གནས་སོ། །དེ་དད་པ་འབའ་ཞིག་གི་རྗེས་སུ་

འབྲང་བ་ཡིན་ལ། དགྲ་བཅོམ་པ་ཟག་པ་ཟད་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་འདི་ཆོས་སྦྱིན་པ་ཐ་མ་ཡིན་ཏེ། འདི་ལྟར་སྦྱིན་པའི་གཏམ་དང་ལྡན་པ་འདི་ནི་ཆོས་སྦྱིན་པ་ཡིན་ནོ། །ཆོས་སྦྱིན་པ་འབྲིང་ནི་ཚུལ་ཁྲིམས་ཀྱི་གཏམ་དང་རབ་ཏུ་ལྡན་ཞིང་སེམས་ཡོངས་སུ་བསྒོམས་པས་

སྟོན་པ་ཤེས་རབ་འབྲིང་ཡིན་ལ། དེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་ལས་ཀྱི་མེ་ལོང་གི་རྩིག་ངོས་ཀྱི་ནང་ན་སྣང་སྟེ། འདི་ལྟར་ཤེས་རབ་ཀྱི་རྗེས་སུ་འབྲང་བ་དགྲ་བཅོམ་པའམ་ཤིན་ཏུ་མྱུར་བར་ཟག་པ་ཟད་པར་བྱེད་ན་རང་སངས་རྒྱས་སུ་འགྱུར་ཏེ། ཆོས་སྦྱིན་པ་འབྲིང་དེའི་རྒྱུས་

ལས་ཀྱི་རྣམ་པར་སྨིན་པ་ལས་ཀྱི་མེ་ལོང་གི་ནང་ན་སྣང་ངོ་། །གཞན་ཡང་ཆོས་སྦྱིན་པ་མཆོག་ནི་འདི་ལྟ་སྟེ། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ། འདོད་པ་མེད་པར་ཤེས་པ་སྦྱིན་ཞིང་ཡོན་ཏན་འབའ་ཞིག་མངོན་པར་རྗོད་པར་བྱེད། གཞན་ལ་ཕན་གདགས་པར་ཞུགས་པ་ཆོས་

Vol. 69 · folio 211b

སྟོན་པ་ཡིན་ཏེ་འདི་ལྟ་སྟེ། འདོད་པའི་ཉེས་དམིགས་ཀྱི་རོ་མྱང་བ་ལས་ངེས་པར་འབྱུང་བའམ། གཞན་ལོག་པའི་ལྟ་བ་ལ་ཞུགས་པ་ཡང་ཆོས་འདུལ་བ་ལ་རབ་ཏུ་འཇོག་པར་བྱེད་ཅིང་། ཆོས་འདུལ་བ་སྐྱོན་མེད་པ་ཡང་སྟོན་པར་བྱེད་པ་ཡིན་ཏེ་འདི་ནི་ཆོས་སྦྱིན་པ་མཆོག་ཡིན་ནོ། །

དེའི་འབྲས་བུ་ནི་བྱང་ཆུབ་ཏུ་འགྱུར་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཆོས་འདུལ་བ་བླ་ན་མེད་པ། ཐོག་མ་དང་བར་དང་ཐ་མར་དགེ་བ། དེ་ནི་ཆོས་སྦྱིན་པ་མཆོག་

ཡིན་ནོ། །དེ་ལྟར་བརྒྱ་བྱིན་དེས་ལས་ཀྱི་མེ་ལོང་གི་རྩིག་ངོས་ལ་རྣམ་པ་དུ་མ་ཡོད་པ་ལྷ་རྣམས་ལ་སྟོན་པར་བྱེད་དེ། དེ་ལྟར་ཐམས་ཅད་སྟོན་པར་བྱེད་དོ། །འདི་ལྟར་ལྷ་གཞན་གང་ཡིན་པ་དེ་དག་ལ་མངོན་པར་བརྟགས་ན། ལྷ་དེ་དག་ཀུན་ནས་ཤིན་ཏུ་ངོ་ཚ་བར་གྱུར་པ་དང་དེ་དག་

ལ་དེ་ལྟར་མ་བྱེད་ཅིག །འདི་ལྟར་སྲིད་པ་དང་སྲིད་པར་རྒྱུ་དང་འཐུན་པར་འབྲས་བུ་མངོན་པར་འགྲུབ་བོ་ཞེས་བསྟན་ཏེ། དེ་ལྟར་ཟླ་བ་བས་ལྷག་པའི་ལུས་གང་ཡིན་པ་དེ་དག་མཐོང་ནས། བདག་གི་དྲུང་དུ་ལྷགས་པ་དེ་དག་ཉིད་ལ་བསྟན་པའི་ཕྱིར། ལས་བྱས་པ་འདིས། ལས་

ཐ་མ་དང་འབྲིང་དང་མཆོག་དང་གསུམ་པོ་འདི་དག་ལྷ་རྣམས་ལ་བསྟན་པ་ཡིན་ཏེ་ལྷ་དག་ངོ་ཚ་བར་བྱས་པས་དེས་ཆོག་ཆོག །དེ་ནས་ལྷ་དེ་རྣམས་ཀྱིས་མ་མཐོང་བ་ངོ་མཚར་ཆེ་བ་དེ་ལ་མངོན་པར་བརྟགས་ནས་འཁོར་བ་ལ་ཤིན་ཏུ་ཡིད་སྐྱོ་བ་རྣམས་ཀྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་

པ། འདོད་པ་དོན་མེད་རྒྱགས་པས་མྱོས། །ལྷ་རྣམས་རང་བཞིན་སྟོབས་ཆུང་བ། །འདོད་པ་རྣམས་ཀྱིས་འཁྱམ་ཞིང་རྩེ། །འཇིགས་པ་ཆེན་པོ་མི་མཐོང་ངོ་། །འདོད་པ་མི་ཕན་བྱེད་རྣམས་ལ། །ལྷ་གང་ཡིད་ནི་རྟོན་བྱེད་པ། །ལེགས་བྱས་ཟད་ནས་བླུན་པོ་དག །ཕྱི་ནས་

སོ་སོར་རིག་པར་འགྱུར། །ལྷ་རྣམས་ལ་ནི་བྱེ་བྲག་ཏུ། །ཕུན་སུམ་ལྡན་པ་མོད་ལ་འཇིག །ཇི་ལྟ་ཇི་ལྟར་བདེ་དང་དགའ། །དེ་འཇིག་དེ་ལྟར་ཉོན་མོངས་སོ། །གང་ཚེ་ལྷ་ཡི་འཇིག་རྟེན་ནས། །སེམས་ཅན་དམྱལ་བར་ལྷ་ལྟུང་བ། །ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས། །

Vol. 69 · folio 212a

ཐམས་ཅད་དུ་ནི་གནོད་པར་འགྱུར། །དེ་ཡི་སྡུག་བསྔལ་ཤིན་ཏུ་ཚ། །དེ་ནི་ཚད་གཟུང་མི་ནུས་སོ། །སྡུག་བསྔལ་རྣམས་ཀྱི་ནང་ན་མཆོག །འབྲལ་བ་སྡུག་བསྔལ་ཡོངས་སུ་རྗོད། །དེ་ཡང་ལྷ་ཡི་ཚོགས་ནང་ན། །གཙོ་བོར་རྟག་ཏུ་ཡང་དག་འཇུག །སེམས་

ཀྱིས་ཡོངས་སུ་བསླུས་པ་ཡི། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །འདོད་པས་ཤིན་ཏུ་བསླུས་པ་རྣམས། །ད་ལྟར་བཟང་བ་སྐད་ཅིག་སྟེ། །བརྒྱ་དང་འབུམ་དང་དེ་བཞིན་དུ། །བྱེ་བ་ཐེར་འབུམ་ཕྲག་བརྒྱ་ཡི། །འདོད་པ་ཐོབ་ཀྱང་འཇིག་འགྱུར་བ། །དེ་ལ་མི་དག་ཡིད་མ་རྟོན། །ལེགས་

པར་བྱས་པའི་ལས་ཀྱི་རྒྱུས། །དེ་ཡི་འབྲས་བུ་རྟག་ཏུ་བདེ། །ཤིང་ཉམས་འབྲས་བུ་མེད་པ་ལྟར། །རྒྱུ་ཟད་ནས་ནི་འབྲས་བུ་མེད། །བག་མེད་དེ་ཉིད་མཐོང་རྣམས་ཀྱིས། །སྲོག་ཟད་བྱེད་པ་དུག་ལྟར་མཐོང་། །རྟག་ཏུ་མེ་ལྟར་སྲེག་བྱེད་ཅིང་། །མཚོན་ཆ་ལྟར་ནི་གཅོད་པར་བྱེད། །

སྔོན་ནི་མཛའ་བཤེས་ལྟ་བུར་མཐོང་། །ཕྱི་ནས་དགྲ་ལྟ་བུར་མཐོང་ངོ་། །ལུས་ཅན་ཀུན་ལ་བག་མེད་པ། །མཆིལ་པ་ལྟ་བུར་རབ་ཏུ་འཇུག །ལྷ་དང་ལྷ་མིན་མི་དག་དང་། །ཀླུ་རྣམས་ལ་ཡང་ཁྱད་པར་དུ། །དོན་རྣམས་ཐམས་ཅད་མེད་བྱེད་པ། །དེ་ཡིས་བག་མེད་རྒྱུ་མཐོང་ངོ་། །

བརྒྱ་བྱིན་བདག་ཅག་བསོད་ནམས་ཀྱིས། །ལེགས་པར་བགྱིས་པ་དག་ཀྱང་བསྲུངས། །ཁྱོད་ཀྱིས་སྲིད་པའི་བཙོན་ར་གང་། །འདི་དག་ཐམས་ཅད་བསྟན་པ་ལས། །དེ་ལྟར་བརྒྱ་བྱིན་ལྷ་དེ་ལ། །སྨྲས་ནས་དེ་ལ་འདི་སྐད་སྨྲས། །བརྒྱ་བྱིན་ཁྱོད་ལ་ངོ་མཚར་རྨད། །ཆེན་པོ་འདི་

ནི་སུ་ཡིས་བསྟན། །དེ་ལ་བརྒྱ་བྱིན་དེས་སྨྲས་པ། །གང་གིས་བསྟན་འདི་ང་ལས་ཉོན། །བདག་སྐྱེས་པ་ན་སྔོན་གྱི་ལྷ་ཕྲེང་བཟང་ཞེས་བྱ་བ་ཞིག་ཡོད་དེ། དེ་དང་བདག་ཤིན་ཏུ་བཤེས་པར་གྱུར་ཏོ། །དེས་བརྒྱུད་པ་ལས་ཐོས་ལ་འགའ་ཞིག་གི་ཕྱིར་ཡང་འདི་ལྟར་བཅོམ་ལྡན་

འདས་འོད་སྲུང་ཞེས་བྱ་བ་ཞིག་གདུལ་བའི་དབང་གིས་མཐོ་རིས་འདིར་གཤེགས་ཞེས་ཐོས་སོ། །དེས་ཀྱང་ལྷ་ཤིན་ཏུ་བག་མེད་པར་གནས་པ་རྣམས་རྟག་ཏུ་གཟིགས་ནས། དེ་དག་ལ་ཕན་པར་མཛད་པའི་ཕྱིར་ཤིང་སཱ་ལ་ཟུང་འདི་བསྐྲུན་ཏོ། །ལས་ཀྱི་མེ་ལོང་སྤྲུལ་པའི་ནང་དེ་

Vol. 69 · folio 212b

ཡང་བདག་ཅག་རབ་ཏུ་བག་མེད་པར་གྱུར་པ་དང་ཁྱོད་བག་མེད་པར་མ་གནས་ཤིག་ཅེས་ལྷ་དེས་ཤིན་ཏུ་བསྟན་ཏེ་འདི་ལྟར་འདུས་བྱས་ཐམས་ཅད་ནི་ལོག་པར་ལྟུང་བ་ཡིན་ལ། གང་གི་ཚེ་ཁྱོད་དམ་ལྷ་བག་མེད་པར་གནས་པ་གཞན་དག་ཕན་ཚུན་གཟུགས་ཐ་མ་དང་འབྲིང་དང་མཆོག་

ལ་ངོ་ཚ་དང་བཅས་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ལྷ་དད་པ་ཅན་བག་ཡོད་པ་ལ་གནས་པ་མ་ཡིན་པ་གང་ཡིན་པ་དེ་དག་ནང་དུ་བཅུག་སྟེ། འདི་དག་བསྟན་ཅིང་དེ་རྣམས་ལ་རྨད་དུ་བྱུང་བ་འདི་ཡང་དག་པར་བསྟན་པར་བྱའོ། །འདི་ལྟར་བཅོམ་ལྡན་འདས་དེས་ཀྱང་ལྷ་རྣམས་ལ་

ཕན་པར་མཛད་པའི་ཕྱིར་འདི་བསྟན་ཅིང་། ལྷ་དག་ཀྱང་བཏུལ་ལ་ལས་ཀྱི་མེ་ལོང་གིས་རྒྱགས་པ་དང་ཕྲལ་ནས་དགེ་བའི་ལམ་ལ་རབ་ཏུ་བཀོད་དེ། དེ་ནས་ཡང་སླར་འཛམ་བུའི་གླིང་དུ་གཤེགས་སོ་ཞེས་བསྟན་ཏོ། །ལྷ་དེ་ལས་བདག་གིས་དེ་སྐད་ཐོས་ཏེ་ཐོས་ནས་ཀྱང་གཅིག་ཏུ་

འགའ་ལ་ལྷ་དེ་དག་ངོ་ཚ་བ་དང་བཅས་ཏེ་ལྷགས་སོ། །དེ་དག་གི་ངོ་ཚ་བ་བསལ་བའི་ཕྱིར་དང་བག་མེད་པ་དང་དྲེགས་པ་བསལ་བའི་ཕྱིར་ལས་ཀྱི་མེ་ལོང་གི་རྩིག་ངོས་ལ་བྲིས་པ་ཐ་མ་དང་འབྲིང་དང་མཆོག་འདི་ཁྱེད་ཅག་ལ་རབ་ཏུ་བསྟན་པ་ཡིན་ནོ། །གཞན་ཡང་ཤིང་སཱ་ལ་ཟུང་གཉིས་པ་འདི་

ཉིད་དུ་འཇུག་པར་བྱའོ། །དེ་ཡང་དེ་བཞིན་དུ་བཅོམ་ལྡན་འདས་འོད་སྲུང་དེ་ཉིད་ཀྱིས་ལྷ་རྣམས་ལ་ཕན་པར་མཛད་པའི་ཕྱིར། ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་བ་ལྟ་བུར་སྤྲུལ་པ་མཛད་པ་དེ་ཡང་བདག་གིས་ཁྱེད་ཅག་ལ་རབ་ཏུ་བསྟན་པར་བྱའོ། །དེ་ནས་དེ་སྐད་སྨྲས་ནས། ཡང་བརྒྱ་བྱིན་

གྱིས་ལྷ་དེ་དག་ལ་འདི་སྐད་དུ། བཅོམ་ལྡན་འདས་འོད་སྲུང་དེ་ལ་སྤྱི་བོས་ཕྱག་འཚལ་ལོ་ཞེས་སྨྲས་ནས། དེ་ནས་ཡང་དེ་ལྟར་སྒོ་དེ་ཉིད་ནས་ཕྱིར་བྱུང་བ་དང་སྒོ་ཡང་དེ་བཞིན་དུ་བཅད་དོ། །དེ་ནས་ལྷ་ཡིད་རབ་ཏུ་དགའ་བ། ཕྱི་རོལ་གྱི་སྐྱེད་མོས་ཚལ་ན་དགའ་སྤྱོད་བྱེད་པར་ཞུགས་པ།

སིལ་སྙན་གྱི་སྒྲ་རྣམ་པ་སྣ་ཚོགས་འབྱིན་པ་རབ་ཏུ་མྱོས་པ་བྲོ་རྡུང་ཞིང་དགོད་པ་གང་ཡིན་པ་དེ་དག་གིས་བརྒྱ་བྱིན་ཉེ་བ་ན་འདུག་པར་རིག་ནས་མགོ་བོས་སོ་སོར་ཕྱག་འཚལ་ནས། ཡང་ཡིད་ཤིན་ཏུ་ཆགས་པ་དག་བྲོ་རྡུང་བར་བྱེད་དགོད་པར་བྱེད་ཕན་ཚུན་པད་མ་དག་བླངས་ནས་རྡེག་པར་བྱེད་དོ། །

Vol. 69 · folio 213a

དེ་ནས་བརྒྱ་བྱིན་དང་ལྷན་ཅིག་ཤིང་སཱ་ལ་ཟུང་དེར་ཞུགས་པའི་ལྷ་གང་ཡིན་པ་དེ་དག་གིས་ལྷ་དེ་རྣམས་ལ་རྨད་དུ་བྱུང་བ་དེ་དག་སྟོན་པར་བྱེད་ཀྱང་། བག་མེད་པའི་དབང་དུ་གྱུར་པ་དེ་དག་ཉན་པར་ཡང་མི་བྱེད་ལ་རྨད་དུ་བྱུང་བ་དེ་ལ་གང་ཡང་དད་པ་མི་སྐྱེད་དོ། །དེ་ནས་བརྒྱ་

བྱིན་ཡང་ལྷ་དེ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་སྤྱོད་པ་དེ་དག་ཉིད་དང་ལྷན་ཅིག་པད་མའི་ཚལ་དེ་རྣམས་ན་དགའ་བར་བྱེད་ཅིང་སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་པ། ཕན་ཚུན་གྲོགས་སུ་གྱུར་པ། རྒྱགས་པ་འབའ་ཞིག་དོན་དུ་བྱེད་པ། ལྷའི་ཕྲེང་བ་དང་རྒྱན་དང་ལྡན་པ། ཤིན་

ཏུ་བདེ་བ་དང་ལྡན་པ། འདོད་པའི་ཡིད་ལ་རབ་ཏུ་མྱོས་པ་རང་གི་ལེགས་པར་བྱས་པ་ལ་ཆགས་པ་རྣམས་ཚལ་དང་ཉེ་བའི་ཚལ་དག་ན་ཡོངས་སུ་སྤྱོད་པར་བྱེད་དགའ་བར་བྱེད་མཆོག་ཏུ་དགའ་བར་བྱེད་དོ། །དེ་རྣམས་ཀྱི་ནང་ན་ལས་བྱས་པའི་མེ་ལོང་གི་གནས་རྨད་དུ་བྱུང་བ་མཐོང་བའི་ལྷ་

གང་ཡིན་པ་དེ་དག་བྱ་བ་བྱས་པ་བཞིན་དུ་རྒྱགས་པའི་སྤྱོད་ལམ་ལ་གནས་པ་དང་བྲལ་ཞིང་སེམས་སྙིང་རྗེ་ཅན་དུ་གྱུར་ནས་ལྷ་དེ་དག་ལ་མངོན་པར་རྟོག་པ་ན། ཀྱེ་མ་ལྷ་རབ་ཏུ་མྱོས་པར་གནས་པ་འདི་དག་གིས་ནི་འདི་ལྟར་ངེས་པར་ལྟུང་བར་འགྱུར་ཞིང་ལྷུང་ནས་ཀྱང་། སེམས་ཅན་

དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། འཁོར་བའི་མཐར་གཏུགས་པའི་བར་དུ་ལས་ལ་རྟོན་པ་ལས་ཀྱི་རང་བཞིན་ཅན་དག་ཇི་ལྟར་ལས་དགེ་བའམ་སྡིག་པ་བྱེད་པ་དེ་དེ་བཞིན་དུ་ལས་ཀྱི་སྐལ་བར་འགྱུར་བ་དག་མི་ཤེས་སོ་སྙམ་ནས། དེ་ལྟར་ལྷ་དེ་

རྣམས་ལྷ་དེ་དག་ལ་སྙིང་རྗེ་བར་བྱེད་དོ། །དེ་ནས་ཆོས་བཟང་ན་གནས་པའི་ལྷ་ཕྱི་མ་དེ་དག་ཀྱང་བརྒྱ་བྱིན་ལ་འདི་ལྟར་ལྷའི་རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་ལ་བདག་ཅག་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་ལྷའི་ཚལ་དང་ཉེ་བའི་ཚལ་དག་ན་དགའ་བར་བགྱིད་

དགའ་དགུར་སྤྱོད་པར་བགྱིད་ན། ལྷའི་རྒྱལ་པོ་བདག་ཅག་ལ་དགོངས་པར་མི་མཛད་དམ་ཞེས་སྨྲས་སོ། །དེ་ནས་བརྒྱ་བྱིན་གྱིས་འདི་ལྟར་ཚིགས་སུ་བཅད་དེ་འདི་སྐད་སྨྲས་པ། ལྷ་དག་བདག་ནི་བྱེད་པ་མང་། །བག་མེད་པ་ལ་གནས་པ་མེད། །གང་ཟག་བག་མེད་དབང་

Vol. 69 · folio 213b

གྱུར་པ། །དེ་ཉིད་རབ་ཏུ་མི་མཐོང་ངོ་། །རྟག་ཏུ་བག་མེད་དབང་གྱུར་གང་། །དེ་ནི་དགེ་བའི་འོས་མིན་ཏེ། །དགེ་བ་སྤངས་པའི་གང་ཟག་ནི། །སེམས་ཅན་དམྱལ་བར་ཉེ་བར་འདྲེན། །དགའ་ཞིང་ཡིད་དུ་འོང་བ་ཀུན། །རབ་ཏུ་འབྲལ་བར་འགྱུར་སྲིད་ཀྱང་། །འཚོ་བའི་མཐའ་ནི་འཆི་

བ་དག །ལྷ་ཡིས་ཤིན་ཏུ་མི་མཐོང་ངོ་། །འཆི་བའི་ཚེ་ན་འབྱུང་བ་གང་། །དབང་པོ་སེམས་ནི་བློང་བ་དག །ངེས་པར་འབྱུང་བར་འགྱུར་བ་གང་། །སྡུག་བསྔལ་མི་བཟད་དེ་ཤེས་ཀྱི། །སྲིད་གསུམ་འདུས་བྱས་ཐམས་ཅད་ནི། །མགལ་མེའི་འཁོར་ལོ་ལྟ་བུ་དང་། །དྲི་ཟའི་གྲོང་

ཁྱེར་ལྟ་བུ་དང་། །དབུ་བ་ཆུ་བུར་ལྟ་བུ་སྟེ། །རྨོངས་པ་དབུ་བའི་ཕུང་པོ་ལ། །མལ་སྟན་འདིང་བར་བྱེད་པ་གང་། །རྨོངས་པ་འདུས་བྱས་བྱེད་པ་དེ། །མི་བརྟན་བདག་ཉིད་མངོན་པར་ཆགས། །ལས་ཀྱིས་ཡོངས་སུ་སྦྲེལ་བ་ནི། །འཆི་བའི་ཚེ་ན་ལྷ་དང་མི། །དེ་བཞིན་གནོད་སྦྱིན་ལྷ་

མ་ཡིན། །ཀླུ་དང་མཁའ་ལྡིང་སྐྱོབ་མི་བྱེད། །འཆི་བའི་རྒྱལ་པོ་མི་བཟད་པ། །ཇི་སྲིད་མ་འོངས་བར་དུ་ནི། །དེ་སྲིད་ལེགས་པར་བྱས་སྤྱོད་པ། །ཕྱི་ནས་གདུང་བར་མ་བྱེད་ཅིག །སྲིད་པས་དེ་དག་ཡང་དྲངས་པ། །ཡུལ་རྣམས་ལ་ནི་རྒྱུག་པར་བྱེད། །ཁྱེད་ལ་དུ་མར་བསྒོ་བ་ཡིན། །

བག་མེད་རྣམས་ལ་མ་ཆགས་ཤིག །ཡུལ་གྱིས་དམ་དུ་བཅིངས་པ་ནི། །སེམས་ཅན་དམྱལ་བ་ཀུན་གྱི་རྒྱུ། །དེ་བས་གཏན་དུ་སྤངས་ནས་སུ། །ངེས་པར་ལེགས་པར་ཡིད་ལ་བྱོས། །དེ་ལྟར་བརྒྱ་བྱིན་དེས་ལྷ་དེ་རྣམས་ལ་རྗེས་སུ་བསྟན་པ་དང་འདི་ལྟར་བདེ་བ་དེའི་དབང་དུ་གྱུར་

པ་རྣམས་ཅུང་ཟད་ཀྱང་སེམས་ལ་མི་འཇོག་གོ། ལས་ཀྱི་མེ་ལོང་མངོན་སུམ་དུ་མཐོང་བའི་ལྷ་གང་ཡིན་པ་དེ་དག་ནི་མ་གཏོགས་ཏེ། དེ་རྣམས་ནི་ཤིན་ཏུ་ཡི་ཆད་ནས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ལྷའི་དབང་པོ་འདི་ལྟར་ཤིང་སཱ་ལ་ཟུང་གཉིས་པར་གཤེགས་དང་། དེ་ནས་ཡང་

བཅོམ་ལྡན་འདས་འོད་སྲུང་དེས་ལྷ་བག་མེད་པས་རྨོངས་པ་རྣམས་ལ་ཕན་པར་བགྱི་བའི་སླད་དུ། ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་བར་འཐུན་པའི་སྤྲུལ་པ་གང་ལགས་པ་དེ་དག་ལྷའི་རྒྱལ་པོས་བདག་ཅག་ལ་རབ་ཏུ་བསྟན་དུ་གསོལ། དེ་ནས་བརྒྱ་བྱིན་གྱིས་ལྷ་ཤིན་ཏུ་བག་མེད་པས་

Vol. 69 · folio 214a

གནས་པ་དག་རིག་ནས་ཚལ་དང་ཉེ་བའི་ཚལ་རྣམས་སུ་རྩེ་བར་དོང་ངོ་། །དེ་ནས་ཡང་ལྷ་རྣམ་པར་གཡེངས་པ་དེ་རྣམས་དང་ཤིན་ཏུ་ཡི་ཆད་པ་དག་དང་ཡང་ལྷན་ཅིག་ཤིང་སཱ་ལ་ཟུང་གཉིས་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། དེ་བཞིན་དུ་དེས་སྡོང་པོ་དེ་ཉིད་ཀྱི་

སྒོ་འབྱེད་པར་བྱེད་དོ། །འབྱེད་པ་དང་དེ་བཞིན་དུ་སྒོ་ཕྱེ་སྟེ། བརྒྱ་བྱིན་དེ་ལྷ་དེ་རྣམས་དང་ལྷན་ཅིག་དེ་ཉིད་དུ་ཞུགས་པ་དང་ལྷ་རྣམས་ཀྱིས་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ། སྔོན་ཆད་གར་ཡང་མ་མཐོང་བའི་དགའ་བ་གང་ཡིན་པ་དེ་དག་དང་འདོད་པ་ཐམས་ཅད་འབྱོར་པ།

བྱ་རྣམ་པ་སྣ་ཚོགས་ཀུན་ནས་ལོང་ལོང་པོར་འཁོད་པ། པད་མའི་ཚལ་གྱིས་བརྒྱན་པ། གསེར་བཙོ་མའི་ཤིང་ལྗོན་པས་ཀུན་ནས་འཁྲིགས་པ་ཐམས་ཅད་དུ་མཐོང་ན་དགའ་ཞིང་ཡིད་དུ་འོང་བ། འཇིག་རྟེན་གྱི་བདེ་བའི་མཆོག་བལྟ་ན་སྡུག་པ། རླུང་བསྟེན་ན་བདེ་བ། རིའི་

ཟོམ་ཡང་རིན་པོ་ཆེའི་རྡོ་སྣ་བདུན་གྱིས་རྣམ་པར་བརྒྱན་པ། བྱ་རྣམ་པ་སྣ་ཚོགས་སྐད་འབྱིན་པ་མཐོང་ངོ་། །དཔག་བསམ་གྱི་ཤིང་ཉི་མ་ལྟར་གཟི་ཆེ་བས་ཀུན་ནས་གསལ་བ་ཡིན་ཏེ། ཉི་མ་ལྟ་བུ་དེ་རྣམས་ཀྱིས་ཤིང་སཱ་ལའི་ནང་དེ་དག་ཐམས་ཅད་རྣམ་པར་གསལ་བ།

བཟའ་བ་དང་བཏུང་བའི་ཆུ་བོ་ཡང་དྲི་དང་རོ་དང་མདོག་སྣ་ཚོགས་སུ་འབབ་པ་རྣམས་མཐུ་རབ་ཏུ་ཆེ་བར་འབབ་པ། དེའི་ནང་ན་དྲི་ཤིན་ཏུ་མི་བཟད་པར་ཞིམ་པོ་ཡོད་དེ། ཡོན་ཏན་སྣ་ཚོགས་ཕུན་སུམ་ཚོགས་པ་དེ་རྣམས་སྣས་རིམ་གྱིས་ཤིན་ཏུ་མྱོང་བར་བྱེད་དོ། །དེ་ལྟར་དབང་པོ་

ལྔ་རྣམས་ཀྱི་ཡུལ་ལྔ་སེམས་དང་ལྡན་པ་ལྟར་སྡུག་པར་སྟོན་པ། ཉི་མ་ནུབ་པ་ལྟར་མི་རྟག་སྟེ་འཕྲལ་འཕྲལ་ལ་བྱུང་བའི་སྟོབས་ཀྱིས། དབང་དུ་གྱུར་པའི་ལྷ་གང་ཡིན་པ་དེ་རྣམས་ཀྱི་དབང་པོ་ཡང་ཤིན་ཏུ་བདེ་བ་ཉིད་ཡིན་ན། གང་ལས་བར་མས་ཉེ་བར་འགྲོ་བ་རྣམས་ལྟ་

སྨོས་ཀྱང་ཅི་དགོས། དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཚལ་དང་ཉེ་བའི་ཚལ་ཤིན་ཏུ་ཉམས་དགའ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་རྣམས་ལ་ཡང་དག་པར་བསྟན་ཏེ་དེ་དག་གི་ཁྱད་པར་ནི་ཕྱི་རོལ་ན་གནས་པ་རྣམས་ཀྱི་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་གང་ཡིན་པ་དེ་དག་

Vol. 69 · folio 214b

དེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ནས་ལྷའི་དབང་པོས་ཐམས་ཅད་མ་ལུས་པར་བསྟན་ནས་རྡོ་ཤིན་ཏུ་གསལ་བ་ལས་ས་གཞི་བྱས་པ། ལྷག་པར་ཉམས་དགའ་བ་བསྟན་པར་བྱ་བའི་ཕྱིར་ག་ལ་བ་དེར་འདོང་བར་བྱེད་དོ། །བཻ་ཌཱུརྱའི་ཁང་བཟངས་ཀ་བ་སྟོང་ཡོད་ལ་པད་མ་རཱ་གའི་

ལན་ཀན་བྲེས་པ། ས་གཞི་གསེར་ལས་བྱས་པ། ཚུར་དཔག་ཚད་ལྔ་ཡོད་ལ། ཞེང་དུ་དཔག་ཚད་གསུམ་ཡོད་པ། བཅོམ་ལྡན་འདས་འོད་སྲུང་དེའི་རྫུ་འཕྲུལ་གྱིས་མཛད་པ་ཡིན་ནོ། །དེ་ནས་བརྒྱ་བྱིན་ཁང་བཟངས་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་ཀྱིས་བརྒྱན་པ་དེ་ལ་ལྷ་དེ་རྣམས་

དང་ལྷན་ཅིག་དེར་འཛེགས་པ་དང་ཁང་བཟངས་དེ་ལ། བཅོམ་ལྡན་འདས་དེ་ཉིད་ཀྱི་གཟུགས་བརྙན་སྤྲུལ་པ་གང་ཡིན་པ་དེ་ལ། འདི་ནི་བཅོམ་ལྡན་འདས་ཉིད་ཆོས་སྟོན་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ནས་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་དེ་ལ་མགོ་བོས་ཕྱག་

འཚལ་ཏེ། ལྷའི་ཚོགས་རྣམས་དང་ལྷན་ཅིག་ཤིན་ཏུ་གུས་པར་གྱུར་པའི་ཡིད་ཀྱིས་ཕྱག་འཚལ་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། རབ་ཏུ་གྲོལ་བ་སྐྱོབ་མཛད་ཅིང་། །ཞི་བ་དང་ནི་ཐར་པའི་སྒོ། །འབྱེད་པར་མཛད་པ་འཇིག་རྟེན་མགོན། །དེ་ཡི་གཟུགས་བརྙན་

འདི་བཞུགས་སོ། །མི་གང་ཞི་བའི་ཡིད་ཀྱིས་སུ། །འདི་ལ་རྟག་ཏུ་ཕྱག་འཚལ་ན། །དེ་ནི་སྲིད་པའི་འཇིགས་ལས་ཐར། །མྱ་ངན་འདས་པའང་རྟོགས་པར་འགྱུར། །མྱ་ངན་འདས་གྲོང་སྟོན་མཛད་པ། །ཆོས་འདི་གསུང་བ་གང་ཡིན་པ། །དེ་ནི་ཞི་བ་མཆོག་ཏུ་དགའ། །དེ་ནི་

མཐའ་ལས་བྱུང་ཞེས་བྱ། །སྐྱེས་བུ་བརྟན་པོ་རྩལ་པོ་ཆེས། །དེ་ཡི་བཀའ་ལ་བརྟེན་ན་ནི། །གཏན་དུ་བདེ་བ་འབྱུང་བ་གང་། །རྟག་པའི་གནས་ནི་འཐོབ་པར་འགྱུར། །སྐྱེས་བུ་དེ་ཉིད་སེམས་པ་པོ། །སྒྲོལ་བྱེད་འདི་ལ་བརྟེན་ནས་སུ། །སྲིད་གསུམ་རྒྱ་མཚོ་ཆུ་བོའི་ཀློང་། །

མི་བཟད་འཇིགས་ལས་སྒྲོལ་བར་བྱེད། །འདི་ནི་འཇིག་རྟེན་བཅས་པའི་མིག །ཀུན་ནས་འབྲལ་བའི་མིག་རྣམས་ཡིན། །ཤིང་ལས་བྱུང་བ་མེ་མིན་གྱི། །འདི་ནི་མེ་ཡི་ནང་ན་མཆོག །འདོད་ཆགས་ལ་སོགས་དྲི་མ་ཡིས། །མི་རྣམས་སེམས་ལ་སྡིག་བཅས་པ། །ཁྱུ་མཆོག་

Vol. 69 · folio 215a

དེའི་བཀའ་ཡེ་ཤེས་ཆུས། །དག་པ་ཉིད་དུ་འཁྲུ་བར་མཛད། །མུ་སྟེགས་ཤེས་པའི་ང་རྒྱལ་ཅན། །ཀུན་གྱིས་གནས་གང་མ་མཐོང་བ། །གནས་དེ་ཁྱོད་ཀྱི་དྲི་མ་མེད། །གསུང་རྣམས་ཀྱིས་ནི་མི་ལ་བསྟན། །སྐྱེ་བོ་ཤིན་ཏུ་བག་མེད་པ། །འདི་དག་མགོན་

པོ་ཁྱོད་ཀྱིས་བསྒྲལ། །མགོན་པོ་རྒལ་ནས་ཕ་རོལ་གཤེགས། །སྐྱེ་བོ་གཞན་ཡང་སྒྲོལ་བར་མཛད། །སྐྱེ་བོ་ཀུན་ལ་སྨན་སླད་དུ། །ཁྱོད་ཉིད་གཅིག་པུར་བཞུགས་པར་བྱས། །ཕན་མེད་རྣམས་ལ་ཕན་མཛད་ཕྱིར། །ཁྱོད་ཉིད་ཁོ་ན་མི་མཆོག་ལགས། །དེ་ལྟར་

བརྒྱ་བྱིན་དེས་གཟུགས་བརྙན་དེ་ལ་བསྟོད་ཅིང་། གུས་པར་ཕྱག་འཚལ། ལྷ་ཐམས་ཅད་དང་བཅས་པས་ཀྱང་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་སྤྲུལ་པ་དེ་ལ་མངོན་པར་ཕྱག་འཚལ། ན་བཟའ་ཆོས་གོས་བྱིན་གྱིས་བརླབས་པ་ཐགས་སུ་མ་བཏགས་པ་གང་ཡིན་

པ་དེ་ལ་ཡང་ལྷ་རྣམས་མགོ་བོས་ཕྱག་འཚལ་ཏེ། གཟུགས་བརྙན་དེ་མཐོང་ནས་ཡང་རྒྱགས་པ་ཉིད་ཡོངས་སུ་ཉམས་པར་གྱུར་ཏོ། །དེའི་རྫུ་འཕྲུལ་གྱིས་མཛད་པའི་གཟུགས་བརྙན་གྱི་རྣམ་པ་ཇི་ལྟ་བུར་བཞུགས་པ་དེ་ལྟ་བུར་བརྒྱ་བྱིན་གྱིས་འབུམ་གྱི་ཆར་ཡང་མི་ཕོད་ན།

ལྷ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བརྒྱ་བྱིན་གྱིས་རྫུ་འཕྲུལ་མཛད་པའི་གཟུགས་བརྙན་དེ་མཐོང་ནས། དེ་ནས་ཡང་ལྷ་དེ་རྣམས་ལ་ཕན་པར་བྱ་བ་དང་ལྷ་བག་མེད་པས་མྱོས་པ་རྣམས། བག་མེད་པ་དང་དབྲལ་བར་བྱ་བའི་ཕྱིར། ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་

བའི་ངོ་བོ་རྫུ་འཕྲུལ་བྱས་པ་དེ་བསྟན་ཏོ། །དེ་ནས་ལྷ་དེ་རྣམས་ཀྱིས་བརྒྱ་བྱིན་ལ་སྨྲས་པ། ལྷའི་དབང་པོ་འདི་ལྟར་བཅོམ་ལྡན་འདས་དེས་ཤིང་སཱ་ལ་ཟུང་འདིའི་ནང་དུ་ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་བའི་ངོ་བོ་འདི་སྤྲུལ་པ་མཛད་ལ། སླད་རོལ་དུ་ཅིའི་སླད་དུ་མ་མཛད། འདི་ལྟར་ང་

ཡང་དེ་ལ་ངོ་མཚར་ཆེར་སྐྱེས་ཏེ། དེ་ནས་ལྷ་དེས་ང་རྒྱགས་པ་དང་དབྲལ་བར་བྱ་བའི་ཕྱིར་འདི་བསྟན་ཏོ། །དེ་ཉིད་ལ་ངས་དྲིས་པ་དང་དེས་སྨྲས་པ། འདི་ལྟར་འདི་རྟག་ཏུ་མཐོང་བ་དང་སྐྱེ་བོ་ཐམས་ཅད་ངོ་མཚར་ཆེར་སྐྱེས་ཏེ། དེ་ངོ་མཚར་ཆེ་བར་རིག་ནས་འཇིགས་པར་བྱ་བ་དང་

Vol. 69 · folio 215b

དད་པར་བྱ་བ་དང་དང་བར་བྱ་བའི་ཕྱིར། རྒྱུ་འདིས་ན་བཅོམ་ལྡན་འདས་དེས་ཕྱི་རོལ་དུ་སྤྲུལ་པ་མ་མཛད་དོ། །ཕྱི་རོལ་དུ་སྤྲུལ་པ་མཛད་ན་ནི་སྐྱེ་བོ་ཀུན་གྱིས་ཡང་དང་ཡང་དུ་མཐོང་ཞིང་། ཕན་མི་ཐོགས་ལ་གཟུགས་བརྙན་དེ་ཞིག་པར་ཡང་འགྱུར་ཏེ། རྒྱུ་འདིས་ན་ཤིང་སཱ་ལ་ཟུང་གི་

ནང་དུ་སྤྲུལ་པ་འདི་མཛད་ཅིང་། ཤིང་སཱ་ལ་ཟུང་གི་ནང་དུ་ངོ་མཚར་ཆེ་བའི་སྤྲུལ་པ་གཉིས་མཛད་དོ། །གང་སྐྱེ་བོ་ཀུན་གྱིས་བལྟ་བར་མི་བྱ་བའི་རྒྱུ་འདིས་ན་བཅོམ་ལྡན་འདས་དེས་ཤིང་ལྗོན་པའི་ནང་དུ་སྐྱེ་བ་དང་འཆི་བའི་ངོ་བོ་ལས་ཀྱི་དྲ་བའི་སྤྲུལ་པ་འདི་མཛད་དོ། །དེ་ནས་

བརྒྱ་བྱིན་ལས་ལྷ་རྣམས་ཀྱིས་དེ་སྐད་ཐོས་ནས་ངོ་མཚར་ཆེའོ་སྙམ་པ་དང་བྲལ་ནས། དེ་ནས་ཡང་སྐྱེ་བ་དང་འཆི་བའི་ངོ་བོ་ལས་ཀྱི་དྲ་བ་དེ་ཁང་བཟངས་དཔག་ཚད་ལྔ་པའི་རྩིག་ངོས་དག་ལ་བྲིས་པ་དེ་དག་རབ་ཏུ་བསྟན་པར་བརྩམས་སོ། །དེ་ལ་རེ་ཞིག་དང་པོར་སྲོག་གཅོད་པ་

རྣམས་ཀྱི་གནས་ཀྱང་སྔར་བསྟན་པ་བཞིན་གནོད་པ་ཡང་སྔར་བསྟན་པ་བཞིན་དུ་སྦྱར་ཏེ། སེམས་ཅན་དམྱལ་བ་ཡང་སོས་འཁོར་བཅུ་དྲུག་པ་སྤྲུལ་ཏོ། །དེ་ནས་ཐར་ནས་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན། ཤིན་ཏུ་ཕྲག་དོག་ཅན་དང་ཤིན་ཏུ་ཁྲོ་བར་འགྱུར་ལ། དེ་

གཞན་གྱིས་མཚོན་ཆ་རྣམ་པ་དུ་མ་དག་གིས་གསོད་པར་བྱེད་དོ། །དེ་ནས་ལས་ཀྱི་དྲ་བས་འབྲེལ་པ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་ཤ་ཟ་བའི་སྐྱེ་གནས་སུ་སྐྱེ་བར་འགྱུར་ལ། དེ་ཤའི་དོན་དུ་མཚོན་ཆ་དག་གིས་བསད་ནས་ཟ་བར་བྱེད་དོ། །དེ་བཞིན་དུ་ཤ་རྗེན་ཟ་བ་སེང་

གེ་དང་སྟག་དག་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་ལ་ཤིན་ཏུ་མི་སྡུག་པ་དེ་མཚོན་ཆས་གསོད་པར་འགྱུར་རོ། །དེ་ནས་ཤི་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ཤིན་ཏུ་ཐབ་མོ་བྱེད་པ་འཁྲུག་པ་ལ་དགའ་ལ་སེམས་བདེ་བར་མི་གནས་པ་ཁོ་ན་ཡིན་ཏེ། དེ་མཚོན་གྱིས་

བསད་ནས་ཚེ་ཐུང་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་འགའ་ཞིག་གིས་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་བོང་སྐྱེད་དང་མདོག་དང་དབྱིབས་རྣམས་ཉམས་པར་འགྱུར་ལ་ཚེ་ཐུང་བར་འགྱུར་ཏེ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་གསོད་པར་

Vol. 69 · folio 216a

འགྱུར་བ་དེ་དག་གི་རྣམ་པ་རྩིག་ངོས་དག་ལ་སྣང་ངོ་། །དེ་ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པའི་རྒྱུ་ལས་བྱུང་བའི་སེམས་ཅན་དམྱལ་བ་ཆེན་པོ་གཞན་ཐིག་ནག་འཁོར་བཅུ་དྲུག་པ་སྔར་བསྟན་པ་བཞིན་མཐོང་ངོ་། དེ་ནས་ཤི་ནས་གལ་ཏེ་ཡི་དགས་

རྣམས་ཀྱི་ནང་དུ་སྐྱེས་ན། དེ་སྔ་མ་བཞིན་དུ་མཚོན་གྱིས་གསོད་པར་འགྱུར་རོ། །གལ་ཏེ་རེས་འགའ་ཡང་མི་གསོད་པའམ་གཞན་ཞིག་གམ་དེ་དང་འཐུན་པ་ཞིག་སྲོག་འཚོ་བའི་དོན་དུ་རྙེད་ན། དེ་ཡི་དགས་གཞན་གྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཕྱེ་མར་བརླགས་

ནས་འཕྲོག་པར་བྱེད་དོ། །དེ་རྒྱུ་དེས་ཤི་ནས་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་བྱ་ཁུག་རྟའམ་འབྲོག་དགོན་པ་ཆུ་དང་བྲལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །བཀྲེས་པ་དང་སྐོམ་པས་གདུངས་པའི་ལུས་དེ་ནས་ཀྱང་ཤི་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དབུལ་

པོ་དེ་ཡུལ་མཚོན་གྱིས་འཁྲུག་པའམ་ལོ་ཉེས་བྱུང་བར་སྐྱེ་བར་འགྱུར་ཏེ། མཚོན་གྱིས་འཆི་བའམ་ལྟོགས་ཏེ་འཆི་བར་འགྱུར་རོ། །གང་གི་ཚེ་རེས་འགའ་ཡང་བཟའ་བ་ཞིག་རྙེད་ན་དེ་གཞན་གྱིས་འཕྲོག་པར་བྱེད་ལ་ཟོས་ན་ཡང་འཇུ་བར་མི་འགྱུར་རོ། །དེ་ནས་ཤི་ནས་ཀྱང་གལ་ཏེ་

ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེའི་ལུས་དང་བོང་སྐྱེད་དང་མདོག་དང་དབྱིབས་དེ་དག་དམན་པར་འགྱུར་རོ། །བདུད་རྩི་ཡང་སྐྱོན་དང་བཅས་པར་འབྱུང་སྟེ། དེ་ལྷ་གཞན་རྣམས་ཀྱི་དྲུང་དུ་ཤིན་ཏུ་ངོ་ཚ་བས་སྐྱེངས་པར་འགྱུར་རོ། །སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཡང་མི་སྙན་པར་

འགྱུར་ལ་ཚེ་ཐུང་བར་ཡང་འགྱུར་ཏེ། དེ་ལྟར་ལྷ་རྣམས་ཀྱིས་ལས་ཀྱིས་བྱས་པའི་སྤྲུལ་པ་དེ་མཐོང་ངོ་། །དེ་ནས་ཡང་བརྒྱ་བྱིན་དང་ལྷ་རྣམས་ཀྱིས། སེམས་ཅན་དམྱལ་བ་བསྡུས་གཞོམ་དེར་ལས་ཀྱི་རྣམ་པ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་

པ་སྤྱད་པས་སྐྱེ་བར་འགྱུར་བ་འཁོར་བཅུ་དྲུག་པ་སྔར་བསྟན་པ་བཞིན་མཐོང་ངོ་། །དེ་ནས་ཐར་ནས་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ཚེ་རིང་བར་འགྱུར་ཞིང་རེས་འགའ་སྲོག་གཟུངས་ཀྱི་ཟས་རྙེད་པ་གང་ཡིན་པ་དེ་དག་ཀྱང་གཞན་གྱིས་ཕྲོགས་ལ། ཡི་དགས་སྐྱུགས་པ་

Vol. 69 · folio 216b

ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་ཆུང་མ་གང་ཡིན་པ་དེ་དེའི་མངོན་སུམ་དུ་ཡི་དགས་གཞན་དག་གིས་འཕྲོག་པར་བྱེད་ལ། དེ་མཚོན་ཆ་བླངས་ནས་མཚོན་གྱིས་བཏབ་སྟེ་གསོད་པར་བྱེད་དོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་མ་ཧེ་

དང་རྟ་དང་བ་ལང་དང་སྐྱུགས་པ་ཟ་བ་ལ་སོགས་པའི་ནང་དུ་སྐྱེ་ཞིང་ཚེ་རིང་བར་འགྱུར། བདོག་པ་གཞན་གང་ཡིན་པ་དེ་དག་ཀྱང་མཐུ་ཆུང་ངུར་གྱུར་པས་གཞན་དག་གིས་འཕྲོག་པར་བྱེད་དོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་

ཚེ་ཐུང་ཞིང་དབུལ་བ་དང་དེའི་ཆུང་མ་ཡང་གཞན་གྱིས་འཕྲོག་པར་འགྱུར་རོ། །དེའི་ལས་ཀྱི་རྩིག་ངོས་དག་ལ་གཟུགས་བརྙན་བྲིས་པ་འདི་ལྟ་བུ་ཡང་སྣང་སྟེ་འདི་ལྟ་སྟེ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་འཁོར་དང་བཅས་པའི་ལས་ཀྱི་འབྲས་བུ་སྔར་བསྟན་པ་བཞིན་སྣང་ངོ་། །དེ་

ནས་ཐར་ནས་ཀྱང་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན། དེ་རྟག་ཏུ་ཚེ་རིང་བ་ཉིད་དུ་འགྱུར་ཞིང་ལས་དེ་སྨིན་པར་འགྱུར་བ་ཇི་ལྟ་བ་བཞིན་དམ་པ་ཆད་པའི་སའམ་ཁབ་མགྲིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་རང་བཞིན་གྱིས་བཀྲེས་པས་ཉམ་ཐག་ཅིང་རང་གི་ཆུང་

མ་གང་ཡིན་པ་དེ་གཞན་དག་གིས་འཕྲོག་པར་བྱེད་དོ། །དེ་གལ་ཏེ་ཡང་རྒྱགས་པའི་ཚུལ་དང་རྒྱགས་པའི་རྒྱུས་དུག་ཟ་བར་བྱེད་ལ། དེ་དུག་གི་མེ་མི་བཟད་པས་སྲེག་པར་བྱེད་དོ། །དེ་ལས་ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ཕན་ཚུན་ཟ་

བའི་སྡུག་བསྔལ་གྱིས་མངོན་པར་ཉམས་པར་འགྱུར། དེ་ནས་ཐར་ནས་ཀྱང་གལ་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་བོང་སྐྱེད་དང་མདོག་དང་དབྱིབས་དམན་ཞིང་ཚེ་ཐུང་བ་དང་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འཆི་བ་དང་དེའི་ལུས་ལ་རིན་པོ་

ཆེ་བཏགས་པ་ཡང་འོད་མི་གསལ་བ་དང་དེའི་ལྷ་མོ་ཡང་གུས་པར་མི་ཉན་ཅིང་གཞན་དུ་འགྲོ་བ་དང་དེའི་བདུད་རྩི་ཡང་རོ་ཆུང་བ་དང་བློ་ཞན་པ་དང་སེམས་གཡེངས་པ་དང་དེ་ལ་ལྷ་གཞན་རྣམས་ཀྱིས་གནོད་པར་བྱེད་དོ། །དེ་ནས་ཡང་བརྒྱ་བྱིན་དེ་དང་ལྷ་དེ་རྣམས་དང་ལྷན་ཅིག་

Vol. 69 · folio 217a

ལས་ཀྱི་རྩིག་ངོས་དེ་དག་ཉིད་ལ་རྟོག་པར་བྱེད་དེ། འདི་ལྟར་སེམས་ཅན་དམྱལ་བ་ངུ་འབོད་འཁོར་དང་བཅས་པའི་ལས་ཀྱི་འབྲས་བུ་སྔར་བསྟན་པ་བཞིན་མཐོང་ངོ་། །དེ་ནས་ཐར་ནས་ཀྱང་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན་སྔ་མ་བཞིན་དུ་འགྱུར་ལ་

ཁྱད་པར་དུ་འབྱུང་བ་ནི། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་ལྕེ་བཅད་ཅིང་བཅད་ཅིང་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་བྱ་གོང་མ་སྲེག་དང་སྲེག་པ་དང་ཀ་ར་ཀ་བྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། བརྫུན་དུ་སྨྲ་བ་དེ་

དང་རྒྱུ་འཐུན་པར་རང་གིས་སྐད་ཕྱུང་བ་ཉིད་ཀྱིས་གསོད་པར་བྱེད་དོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེའི་ལས་ཀྱི་འབྲས་བུ་སྔ་མ་དང་འཐུན་པར་ཚིག་གཟུང་བར་འོས་པར་མི་འགྱུར་རོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་ལེགས་པར་བྱས་པའི་ལས་ཀྱིས་

ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་བརྫུན་དུ་སྨྲས་པའི་ལས་དེ་དང་རྒྱུ་འཐུན་པར་སྒྲ་མི་སྙན་པའམ་གླུ་བླང་བར་མི་ནུས་པའམ་སྐད་གག་གག་པོའམ་ལྷ་ཀུན་གྱི་ནང་ན་ཚིག་གཟུང་བར་མི་འོས་པ་དང་ཇི་ལྟར་ལྷ་གཞན་དག་སྨྲ་བ་དེ་ལྟར་མངོན་པར་བརྗོད་པ་ལེགས་པར་སྦྱར་བ་ཤིན་ཏུ་ཡིད་དུ་འོང་

བར་སྨྲ་མི་ནུས་པར་འགྱུར་རོ། །དེ་ནས་ཡང་བརྒྱ་བྱིན་དེ་སེམས་ཅན་དམྱལ་བ་ཚ་བའི་ལས་ཀྱི་འབྲས་བུ་ལ་སྔར་བསྟན་པ་བཞིན་རྟོག་པར་བྱེད་དོ། །དེ་ལས་ཐར་ནས་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན་ལྗན་ལྗིན་སྤྱོད་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་སྔ་མ་བཞིན་

དུ་ལྔ་འགྱུར་གྱིས་སྡུག་བསྔལ་བར་འགྱུར་རོ། །གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་རྒྱ་མཚོའི་ཆུ་སྲིན་དུ་འགྱུར་རོ། །གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་བཞིན་མི་སྡུག་པར་འགྱུར་རོ། །དེ་ནས་ཀྱང་ཐར་ནས་གལ་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་སྔ་མ་བཞིན་དུ་སྨད་པར་འགྱུར་

རོ། །རབ་ཏུ་ཚ་བ་དང་མནར་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་དག་ནི་ལྷ་རྣམས་མཐོང་བ་ཙམ་ཉིད་ཀྱིས་ཤི་བར་གྱུར་ན་མི་རུང་ངོ་སྙམ་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་གཉིས་ཀྱི་འཇིགས་པ་དག་སྤྲུལ་པ་མ་མཛད་དེ། ལྷ་ཡུལ་རྣམས་སུ་སེམས་ཅན་དམྱལ་བ་དེ་

Vol. 69 · folio 217b

གཉིས་ཀྱི་སྐྱེ་བ་སྤྲུལ་པ་མ་མཛད་དོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། བམ་པོ་སུམ་ཅུ་དགུ་པ། དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་རྣམས་མངོན་པར་མཐོང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་ཕྱག་དར་རྣམས་ལ་རླུང་། །བབ་

ན་ཡང་དག་འཐོར་བྱེད་ཅིང་། །དབང་མེད་མཁའ་ལ་འཁྱམ་པ་ལྟར། །ལས་འགྲོ་སྐྱེ་དགུ་དེ་བཞིན་ནོ། །དབྱེ་བ་དང་ནི་འབྲལ་བ་དང་། །བདེ་དང་དེ་བཞིན་སྡུག་བསྔལ་དག །ལས་ལ་རག་ལས་དེ་མེད་པར། །དེ་བས་ཅུང་ཟད་འཇུག་མི་འགྱུར། །ཐུབ་པ་དེ་ཉིད་གཟིགས་པ་

ཡིས། །ལས་ཀྱི་ཕྱོགས་འདི་སྤྲུལ་པ་མཛད། །སེམས་ཀྱི་ས་བོན་ལས་རྣམས་ནི། །འདི་ལྟར་ཀུན་ནས་མཐའ་མེད་དོ། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །དེ་བཞིན་གཤེགས་པ་མ་གཏོགས་པར། །སེམས་དང་ལྡན་པས་ཤེས་པར་

དཀའ། །གཅིག་དང་བརྒྱ་དང་སྟོང་དང་ནི། །ཁྲི་ཕྲག་དང་ནི་འབུམ་རྣམས་ཀྱིས། །སྣ་ཚོགས་སུ་ནི་སྐྱེད་བྱེད་པ། །ལས་ཀྱི་དྲ་བ་འདི་ཆེའོ། །ཇི་ལྟར་སྐུད་པས་བཏགས་པ་ཡི། །བྱ་དག་ཐག་རིང་གནས་པ་ཡང་། །ཀུན་ཏུ་དྲངས་ནས་འཆིང་བྱེད་ལྟར། །ལས་སྐུད་འདི་ཡང་དེ་

དང་འདྲ། །དེ་ལྟར་བརྒྱ་བྱིན་དེས། ལྷ་དེ་རྣམས་ལ་སེམས་ཅན་རྣམས་ཀྱི་ཚེ་འདི་ལ་མྱོང་བར་འགྱུར་བ་དང་། མྱོང་བར་འགྱུར་བར་མ་ངེས་པ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ངོ་མཚར་ཆེ་བ་རྣམ་པ་དུ་མ་དེ་དག་བསྟན་ཅིང་།

དེ་ནས་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམ་པ་མཐའ་ཡས་པ་དང་ལས་ཀྱི་དྲ་བ་མཐའ་ཡས་པ་བསྟན་ནས། བཅོམ་ལྡན་འདས་ཀྱི་གཟུགས་བརྙན་སངས་རྒྱས་ཀྱི་མཛད་པ་དེ་དག་ལ། ལྷ་དེ་རྣམས་དང་ལྷན་ཅིག་མགོ་བོས་ཕྱག་འཚལ་ནས། དེ་ནས་ཡང་

འཁོར་བ་ལ་ཡིད་སྐྱོ་བའི་ལྷ་དེ་རྣམས་དང་ལྷན་ཅིག་ཤིང་སཱ་ལ་ཟུང་དེ་ནས་བྱུང་ངོ་། །དེ་ནས་སྒོ་དེ་བརྒྱ་བྱིན་དེས་ཇི་ལྟར་སྔར་བཅད་པ་དེ་ལྟར་བཅད་དོ། །དེ་ནས་བརྒྱ་བྱིན་ཕྱིར་བྱུང་ནས་ལྷ་དེ་རྣམས་ལ་རྟོག་པར་བྱེད་དེ། བག་མེད་པར་གནས་པ་རྣམས་ཕན་ཚུན་རྩེ་ཞིང་དགའ་

Vol. 69 · folio 218a

དགུར་སྤྱོད་པ་མཐོང་བ་དང་། ལྷའི་རྒྱལ་པོ་དེ་སྙིང་རྗེ་སྐྱེས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བག་མེད་པ་ཡིས་ཡོངས་བསླུས་པ། །དེ་ཡི་བློ་ལ་འཁྲིག་པ་དང་། །ཟས་ལ་རྟག་ཏུ་དགའ་བ་རྣམས། །ལྷ་ཡི་ལུས་མདོག་དུད་འགྲོར་ཟད། །གང་ཚེ་

ལེགས་པར་སྤྱད་པའི་ལས། །ལྷ་ཡི་གནས་ནས་ཟད་གྱུར་ན། །དེ་ཚེ་ཕྱིར་ཡང་ཁྱོད་ཉིད་གོ། །བག་མེད་པ་ལ་སྤྱོད་པར་འགྱུར། །བག་མེད་དགྲ་ཡིས་ཟིན་པ་དང་། །ལས་ཀྱི་རླུང་གིས་བདས་པ་རྣམས། །འགྲོ་བ་དེ་དང་དེ་དག་ཏུ། །ལྷ་རྣམས་ཤིང་བཞིན་ལྟུང་བར་འགྱུར། །ལྷ་ཡི་

གནས་ནས་ལན་བརྒྱའམ། །ཁྲི་ཕྲག་ཉིད་དུ་སྐྱེ་འཆི་ཡང་། །སྐྱོ་བ་སྐྱེད་པར་མི་བྱེད་པ། །སྙིང་ལ་མྱ་ངན་རབ་ཏུ་སྐྱེ། །དེ་ལྟར་བརྒྱ་བྱིན་དེ་ལྷ་དག་གི་དྲུང་དུ་འགྲོ་བར་བྱེད་ལ། དེ་དག་ཀྱང་ལྷའི་རྒྱལ་པོ་དེ་ཉིད་མཐོང་ནས་ཡིད་རབ་ཏུ་དགའ་ཞིང་གུས་པ་དང་བཅས་པས་རིངས་པར་

དོང་ངོ་། །དེ་ནས་བརྒྱ་བྱིན་ལྷ་དེ་དག་ཉིད་དང་ལྷན་ཅིག་སེམས་གཟུང་བར་བྱ་བའི་དོན་དུ། སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་རྣམས་སུ་བྲོ་གར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །ཤིང་སཱ་ལ་ཟུང་གི་ཕྱི་རོལ་དག་ན་གནས་པའི་ལྷ་གང་ཡིན་པ་

དེ་དག་ཀྱང་འབབ་ཆུ་དང་ཚལ་དང་ཉེ་བའི་ཚལ་དང་ལྡན་པ་དེ་རྣམས་ན་དགའ་བར་བྱེད་དོ། །བརྒྱ་བྱིན་ཡང་ཆོས་བཟང་ན་འཁོད་པའི་ལྷ་ཐམས་ཅད་དང་ལྷན་ཅིག་ཆོས་བཟང་དེ་ཉིད་དུ་དོང་ངོ་། །ཤིང་སཱ་ལ་ཟུང་གི་ནང་ན་འཁོད་པའི་ལྷ་དེ་དག་ཀྱང་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་

ལས་བྱས་ཤིང་བསགས་པ་དེ་ཟད་ཅིང་མཐར་ཐུག་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ནས་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །

གལ་ཏེ་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མིའི་ནང་དུ་སྐྱེས་ནས། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་ཞིང་ཚལ་གྱི་བདག་པོ་ཚལ་གྱིས་འཚོ་བ་དང་ཚལ་གྱི་ནང་ན་འཚོ་བའམ་རི་མ་ལ་ཡ་ན་གནས་ཤིང་རྟག་ཏུ་བདེ་བ་དང་ལྡན་པར་འགྱུར་བ་

Vol. 69 · folio 218b

མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མིག་ཕྱེ་ཞིང་འགྲོ་བ་དང་བཙུམས་ནས་འགྲོ་བ་ཞེས་

བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། དྲང་པོའི་རང་བཞིན་ཅན་གཡོ་སྒྱུ་མེད་པ་གཞན་ལ་མི་གནོད་པ། ལས་དང་

འབྲས་བུ་ལ་དད་པ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པ་གང་ཞིག་ནོར་རྫས་མང་པོ་དང་ལྡན་པར་གྱུར་ནས་སྦྱིན་པ་སྦྱིན་ཞིང་། རྒྱ་མཚོར་འཇུག་པའི་ཚོང་པའི་ཆེད་དུ་ཆོས་ཀྱི་སྟེགས་གྲུ་བྱིན་ལ་ཚོང་པ་དེ་ཡང་དེར་ཞུགས་ཏེ། ཤིན་ཏུ་འབྱོར་པ་དང་ལྡན་

པས་སྦྱིན་པ་སྦྱིན། བསོད་ནམས་དག་བྱེད་ལ་དེ་ཡང་དེ་ལས་འཚོ་བར་མི་བྱེད་ན། དེ་ལྟར་སྦྱིན་པ་བྱིན་ཞིང་བསོད་ནམས་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རེས་འགའ་སྡེ་གཞན་གྱིས་འཇིགས་སམ། རྒྱལ་པོས་འཇིགས་ནས་གྲོང་མེད་པར་ལམ་དུ་ཞུགས་

པ་གང་ཡིན་པ་དེ་འཇུག་པར་བྱེད་ལ། ཞུགས་ནས་ཀྱང་ལས་ཀྱི་འབྲས་བུས་འཇིགས་པ། དད་པ་དང་ལྡན་པ་རྒྱལ་པོའི་ཆད་པས་འཇིགས་པ་མ་ཡིན་པས། དེ་ནས་ཆུང་ཟད་ཕུབ་མ་ཙམ་ཡང་ལེན་པར་མི་བྱེད་ན་དེ་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །སྲོག་གཅོད་པ་སྤངས་པ་ཇི་ལྟ་བུ་

ཡིན་ཞེ་ན། འདི་ལ་སྲོག་ཆགས་རྐང་བརྒྱ་པ་ཁ་གཉིས་ཡོད་པ་རྒྱས་བཟུང་བ་དག་གསོད་པར་མི་བྱེད་ལ། ཡིད་ལ་ཡང་སྡིག་པ་སེམས་པར་མི་བྱེད་པ་དང་སེང་གེ་དང་སྟག་རྒྱུ་བའི་ས་དག་ཏུ་དེ་དག་གསད་པར་བྱ་བའི་ཕྱིར། རྔོན་པ་དེ་རྣམས་ཀྱིས་རྙི་བཙུགས་ན་རྔོན་པ་དེ་རྣམས་ལ་ནོར་

རྫས་བྱིན་ནས། རྙི་དེ་དག་ལས་ཐར་བར་བྱས་ལ་དེ་ལ་རུང་བར་མི་རྗོད་ཀྱི། ཡིད་ལ་གཅུགས་པར་བྱེད་ཅིང་གཞན་དག་ཀྱང་དགེ་བ་དེ་ཉིད་ལ་སྦྱོར་བར་བྱེད། རབ་ཏུ་འཇོག་པར་བྱེད། ཡང་དང་ཡང་དུ་ལེགས་པར་བྱས་པ་གཞན་དང་གཞན་དག་ཤིན་ཏུ་ལེགས་པར་སྤྱད་པ་བྱེད་ན།

Vol. 69 · folio 219a

དེ་ལྟར་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་དེ་ནི་དགེ་བའི་ལས་རྣམས་ལ་དམིགས་ཤིང་། དེའི་ལས་ཀྱི་མཐའ་ཡང་འགྲུབ་པ་དང་དེའི་བསམས་པ་ཐམས་ཅད་ཀྱང་ལྷ་རྣམས་སྒྲུབ་པ་དང་དེའི་བཞིན་གྱི་མདོག་ཀྱང་གསལ་བ་དང་དེ་ལ་ལྷ་རྣམས་

ཀྱིས་ཀྱང་མཆོད་པར་འགྱུར་ཏེ། དེ་དག་ནི་དེའི་ལས་ཀྱི་འབྲས་བུ་ཚེ་འདི་ལ་འབྱུང་བ་ཡིན་ནོ། །ཕྱིས་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་སུམ་ཅུ་

རྩ་གསུམ་པའི་ལྷ་མིག་ཕྱེ་བ་དང་བཙུམས་ཏེ་འགྲོ་བའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱིས་མཐའ་ཤིན་ཏུ་བརྒྱན་པ་དེའི་ཉམས་དགའ་བའི་གནས་གང་ཡིན་པ་དེ་ནི། མི་ཐམས་ཅད་ཀྱི་བསམ་པས་བསམ་པར་ཡང་མི་ནུས་ཏེ་དེར་སྐྱེ་བར་

འགྱུར་རོ། །ལྷ་དེ་རང་གི་འོད་དང་བདེ་བ་མཆོག་དང་ལྡན་ལ་ཤ་དང་རུས་པ་དང་ཆུ་སེར་དང་བྲལ་བ། འགྲན་ཟླའི་འཇིགས་པ་གཞན་དང་བྲལ་བ། ཀུན་དུ་ཚོལ་བའི་འཇིགས་པ་དང་བྲལ་བ། སེར་སྣ་དང་བྲལ་བ། མི་མཛའ་བ་དང་ཕྲད་པ་དང་བྲལ་བ། འཆི་བའི་དུས་དེ་མ་

གཏོགས་པར་དུས་དེ་ལ་ནད་ཀྱི་འཇིགས་པ་དང་བྲལ་བ། གནོད་པའི་འཇིགས་པ་དང་བྲལ་བ། ནད་དང་འཆི་བའི་འཇིགས་པ་དང་བྲལ་བ། རྒ་བའི་འཇིགས་པ་དང་བྲལ་བ། རབ་ཏུ་བག་མེད་པ་དུས་དེ་སྲིད་དུ་ཤིན་ཏུ་ཉམས་དགའ་བ་ཐམས་ཅད་མཐོང་སྟེ། མཐོ་རིས་ཀྱི་བདེ་བ་

ལ་འཆུམས་པའི་འདོད་པའི་ཡོན་ཏན་ལྔ་གཅིག་ཏུ་ཡིད་དུ་འོང་བ། ཡུལ་གྱི་བདེ་བ་རྣམ་པ་དུ་མ་རྣམས་ཀྱིས་གཞལ་མེད་ཁང་གསེར་དང་བཻ་ཌཱུརྱ་དང་ནོར་བུའི་ལན་ཀན་བྲེས་པའི་གཞལ་མེད་ཁང་དཀྲིགས་པ། གཞན་དག་ན་ཤིང་ལྗོན་པ་དང་ཉེ་བའི་ཚལ་རྣམ་པ་སྣ་ཚོགས་ཡོད་པ།

རིན་པོ་ཆེ་སྣ་བདུན་གྱི་པད་མའི་རྫིང་རྣམས་ཀྱི་ནང་ན་བྱ་ངང་པ་དང་ངུར་པ་དང་ཀཱ་རཎྜ་པས་བརྒྱན་ཅིང་རྨ་བྱ་མྱོས་པ་སྒྲ་འབྱིན་པ་རིའི་སྨན་ལྗོངས་རྣམས་ན་བྱ་སྣ་ཚོགས་ཀྱིས་བསྟེན་པ། རི་རབ་ཀྱི་རིའི་རྩེ་མོ་རྣམས་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་འབྱུང་ཁུངས་ཀྱིས་བརྒྱན་པ། ལྟེང་ཀ་

Vol. 69 · folio 219b

རྣམས་ཀྱི་ནང་ན་གསེར་དང་དངུལ་དང་མུ་ཏིག་གི་བྱེ་མ་བདལ་བ། རི་རབ་ཀྱི་སྨན་ལྗོངས་རྣམས་ཀྱི་ནང་ན་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པ། ཤིང་ལྗོན་པ་རྣམས་ཀྱང་ཉི་མ་ལྟར་གསལ་བ། རི་ཁྲོད་ཚང་ཚིང་དག་ན་ཡང་གསེར་དང་བཻ་ཌཱུརྱའི་ལྕུག་མའི་

ཚོགས་འཕྱང་ཞིང་། མེ་ཏོག་གི་ལྕུག་མ་འཕྱང་བས་བརྒྱན་པ། བུང་བ་འབུམ་གྱིས་བརྒྱན་པ། རི་རབ་ཀྱི་ཕུག་པ་རྣམས་ཀྱང་རིན་པོ་ཆེ་བཟང་པོས་བརྒྱན་པ། རྡོ་ལེབ་དང་སའི་ཕྱོགས་ཆ་མཐོན་དམན་རན་པ། རིའི་ཟོམ་རྣམས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་ལེབ་

ཀྱིས་བརྒྱན་པ། མེ་ཏོག་དྲི་ཞིམ་པོ་རྒྱ་ཆེར་དཔྱངས་པ་དང་ལྡན་པ། རང་གི་བསམ་པས་བརྒྱན་པ་བས་ཀྱང་ཆེས་ལྷག་ཅིང་། ཉམས་དགའ་བའི་ས་ཕྱོགས་སྙིང་དགའ་བ་རྣམས་དང་། གཞན་ཡང་གད་ཀ་དང་དགོན་པ་དག་ན་ཤིང་ལྗོན་པ་རབ་ཏུ་འབར་བ་ལྟ་བུས་བརྒྱན་པ།

དཔག་བསམ་གྱི་ཤིང་ལྗོན་པ་འབུམ་གྱིས་མཛེས་པར་བྱས་པ། རང་གིས་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ། ལྷ་དང་ལྷ་མོ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ། རོལ་མོ་དང་སིལ་སྙན་གྱི་སྒྲས་རྣ་བ་ཚིམ་པར་བྱེད་ཅིང་། པི་བང་གི་སྒྲ་ཡོངས་སུ་འབྱིན་པར་བྱེད་པ་དེ་རྣམས་

ན་རྩེ་བར་བྱེད་དོ། །དེས་གང་དང་གང་མཐོང་བ་དེ་དང་དེ་ཉིད་འཐོབ་ཅིང་འགྱུར་བ་མེད་ལ་ཡོན་ཏན་ཐམས་ཅད་དང་ལྡན་པ། ཐུན་མོང་མ་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་ཡིན་ནོ། །དེ་ནས་ལྷ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དེ། ལྷའི་ཚོགས་གཞན་རྣམས་

ཀྱི་ནང་ན་ཡོངས་སུ་སྤྱོད་པ་ན། རེས་འགའ་དེ་དུས་སྟོན་གྱི་ཚིགས་ཞེས་བྱ་བ་འདོད་པ་ཀུན་ལས་བྱུང་བའི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པ། འབབ་ཆུའི་ཚོགས་བརྒྱ་སྙེད་ཀྱིས་གང་བ། པད་མའི་རྫིང་དུ་མས་རྣམ་པར་བརྒྱན་པ། ལྷ་འབུམ་སྙེད་དུ་མས་བསྟེན་བསྟེན་པ། བཻ་

ཌཱུརྱའི་ལྕུག་མ་འཕྱང་བས་བསྐོར་བ། གཞལ་མེད་ཁང་གི་རྩེ་མོ་ལ་བྱ་སྐད་འབྱིན་པ་འབུམ་སྙེད་ཀྱིས་བསྐོར་ཅིང་ཉམས་དགའ་བར་བྱེད་པའི་རི་དེ་ལ་འཛེག་པར་བྱེད་དོ། །དེ་ནས་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་ཉམས་དགའ་བའི་རིའི་ཟོམ་དེ་ན་བདེ་བ་མྱོང་བར་བྱེད་དེ།

Vol. 69 · folio 220a

ལེགས་པར་བྱས་པའི་ལས་ཀྱི་རིན་གྱིས་ཉོས་པ་རྣམས་ནི། འདོད་རྒྱལ་ལས་མ་བྱུང་། གཞན་གྱིས་མ་བྱས། གཞན་ནས་མ་འོངས་ཉམས་པ་མ་ཡིན། དབང་ཕྱུག་ལ་སོགས་པ་མགུ་ནས་བྱིན་པ་མ་ཡིན་པ་དེ་དག་ལ་དེ་འཛེགས་ནས་རིའི་ཟོམ་དེ་ན། བདག་

ཉིད་དང་མཚུངས་པའི་འོད་དང་ལྡན་པའི་ལྷ་དང་ལྷ་མོའི་ཚོགས་རྣམ་པ་དུ་མ་འབུམ་སྙེད་ཀྱིས་ཀུན་དུ་གང་ཞིང་། སིལ་སྙན་ཡན་ལག་ལྔ་དང་ལྡན་པས། དགའ་བར་བྱེད་པ་གང་ཡིན་པ་དེ་དག་དགའ་བར་བྱེད་ཅིང་། དགའ་དགུར་སྤྱོད་པར་བྱེད་ལ་ལྷ་དེ་དག་ཀྱང་དེ་བཞིན་དུ་རང་གི་འོད་དང་དེ་

བཞིན་གཟུགས་དང་དབང་ཕྱུག་གི་མཐུ་དང་ལྡན་ཞིང་། དེ་དག་ཀྱང་དེ་བཞིན་དུ་མིག་མི་འཛུམས་པར་ལྟ་བ། དེ་དག་ཀྱང་དེ་བཞིན་དུ་པད་མའི་ཕྲེང་བ་ཐོགས་པ། དེ་དག་ཀྱང་དེ་བཞིན་དུ་ཐགས་སུ་མ་བཏགས་པའི་གོས་གྱོན་པ་ཡིན་ཏེ། དེ་ལྟར་ལྷ་མཐུ་བོ་ཆེ་དེ་ཐམས་ཅད་མཐོང་ངོ་། །

དེ་ནས་ལྷའི་བུ་དེ་རིའི་ཟོམ་དེ་ལ་འཛེགས་ནས་ས་ཕྱོགས་དག་ལ་རྟོག་པར་བྱེད་དེ། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པའི་ལྷ་དེའི་གནས་སུ་གྱུར་པ་གནས་གཉིས་ན་གནས་པ། ཆུ་བོ་དང་རི་རབ་འོད་ཀྱི་ཕྲེང་བ་འབར་བ། རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་གང་བའི་ས་

ཕྱོགས་རྣམས་མངོན་པར་མཐོང་ནས་སྔ་མ་བཞིན་སྙིང་ཤིན་ཏུ་དགའ་སྟེ། ལྷའི་བདེ་བ་མཆོག་མྱོང་ངོ་། །ལྷ་དེ་རྣམས་ཀྱི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། གང་གི་ཚེ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་འགྱུར་བ་ན། དེ་མིག་ཕྱེ་བ་ཙམ་གྱིས་བརྒྱབ་པར་འགྱུར་ལ། གང་གི་ཚེ་ལྷ་མ་

ཡིན་མིག་ཚུམས་ཀྱིས་བྱས་པ་དེའི་ཚེ། སུམ་ཅུ་རྩ་གསུམ་གྱི་བར་དུ་འགྲོ་སྟེ། དེ་ལྟར་མགྱོགས་པ་ཡིན་ནོ། །རྒྱུ་དང་མཚུངས་པར་འབྲས་བུ་འབྱུང་སྟེ། ཇི་ལྟར་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་གྲུ་མྱུར་དུ་སྦྱིན་པར་བྱ་བ་དེ་དག་བྱིན་པ་དེས། སེམས་ཅན་དག་སྒྲོལ་བར་བྱེད་པ་

དེ་ལྟར་དེ་དག་གི་མགྱོགས་པར་འགྱུར་བ་དེ་ནི་མིག་ཕྱེ་བ་ཙམ་གྱིས་འགྲོ་ལ། བཙུམས་པ་ཙམ་གྱིས་སླར་ལྡོག་སྟེ། སྔོན་བྱས་པའི་རྒྱུ་དེས་ན་མྱུར་བར་འགྲོ་བ་ཡིན་ནོ། །དེ་ནས་ཡུན་རིང་མོ་ཞིག་ཏུ་ལྷའི་བདེ་བ་དེ་མྱོང་བར་བྱེད་དོ། །དེ་ནས་གལ་ཏེ་ལེགས་པར་བྱས་པའི་ལས་ཟད་

Vol. 69 · folio 220b

ནས་ལྷའི་བུ་འཆི་བར་འགྱུར་ལ། དེའི་འཆི་བའི་ལྟས་ལྔ་པོ་འབྲུ་མར་ཟད་ན་མར་མེའི་སྣང་བ་ཟད་པ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། དེ་དང་པོ་རྡུལ་འབྱུང་བར་འགྱུར་བ་དང་དབང་པོ་ཐམས་ཅད་ཉམས་པ་དང་འདོད་པའི་ཡོན་ཏན་ལྔ་ཐམས་ཅད་དུ་རོ་མི་བྲོ་བ་མྱོང་སྟེ། ལྷ་གཞན་དག་

གིས་མཐོང་ནས་ངོ་ཚ་བ་དང་རང་གི་ལྷ་མོ་ལྷ་གཞན་གྱི་དྲུང་དུ་འགྲོ་བ་དང་དེ་ཡང་མཐོང་ནས། ཕྲག་དོག་དང་སེར་སྣས་བསྐྱེད་པ་འབྲལ་བའི་སྡུག་བསྔལ་སྣ་ཚོགས་གང་རབ་ཏུ་ཚ་བའི་མེ་ལྟ་བུ་འབྱུང་ངོ་། །གལ་ཏེ་གཞན་དུ་མ་བྱིན་པར་ལེན་པ་ཞིག་བླངས་ན། དེ་ལན་གྲངས་

གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུས་དེའི་ཚེ་སྣོན་དུ་འགྱུར་ཏེ། དེའི་རྒྱན་དེ་དག་ཐམས་ཅད་ལྷ་མོ་དེ་དག་གིས་འཕྲོག་པར་བྱེད་ལ། ཕྲོགས་ནས་ཀྱང་ལྷའི་བུ་གཞན་ལ་འདོགས་པར་བྱེད་དོ། །གལ་ཏེ་བརྫུན་སྨྲས་པ་ཞིག་ཡིན་ན། དེ་དག་གཞན་དུ་སྨྲ་བར་བྱེད་ཅིང་

གཞན་དུ་འགྲོ་བར་བྱེད་ལ། ལྷ་མོ་དེ་དག་གཞན་དུ་ཉན་པར་བྱེད་དེ། ཚིག་བརླང་པོས་དེ་ལ་མངོན་པར་སྤྱོ་བར་བྱེད་དོ། །གལ་ཏེ་སྐྱེ་བ་གཞན་དག་ཏུ་སྡོམ་པ་བླངས་པ་རྣམས་ལ། བཏུང་བ་ཆང་བླུད་དམ་བདག་ཉིད་ཀྱི་བསླབ་པ་བཤིག་གམ་ཆང་འཐུངས་ན། དེ་ལན་གྲངས་

གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུས་དེའི་ཚེ་སྣོན་དུ་འགྱུར་ཏེ། དེ་འཆི་བའི་དུས་དེ་ན་སེམས་འཁྲུག་པའམ་དྲན་པ་ཉམས་པའམ་དེ་བཞིན་དུ་ཉིས་འགྱུར་དུ་ཀུན་དུ་གདུང་བར་བྱེད་ལ། དེ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་སྲོག་གཅོད་པ་ཞིག་ཡིན་ན།

དེ་ཚེ་ཐུང་ངུར་གྱུར་ནས་མྱུར་དུ་འཆི་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་ཆུང་མ་གཞན་གྱི་དྲུང་དུ་འགྲོ་བར་འགྱུར་ཏེ། དེ་ལྟར་སྡོམ་པ་ལྔ་དྲལ་བ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་ཞགས་པས་བཅིངས་པ། འཆི་ལྟས་ལྔས་རྣམ་པར་དཀྲུགས་པ།

བག་མེད་པར་གནས་པ། དེ་འཆི་བདག་གི་རྒྱལ་པོས་འདྲེན་པར་བྱེད་དོ། །དེ་ལྟར་གནས་སྐབས་ཐམས་ཅད་དུ་ཚུལ་ཁྲིམས་ཀྱི་མཐའ་ལེགས་པར་མ་སྤྱད་དེ། མཐོ་རིས་ཀྱི་རྒྱུར་སྤྱོད་པ་གང་ཡིན་པ་དེ་ནི་སྲེད་པ་ཡིན་ནོ། །དེ་ནས་ལས་ཀྱི་ཞགས་པས་བཅིངས་པ་དེ་སེམས་ཅན་

Vol. 69 · folio 221a

དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །ལེགས་པའི་མཐའ་མ་ཡིན་པ། མཐོ་རིས་ཀྱི་བདེ་བ་དེ་དག་ཉིད་དགེ་སློང་དེས་མཐོང་སྟེ། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ནང་ན་ཕྱོགས་གཅིག་ཏུ་གྱུར་པ་ཉམས་དགའ་བ་རྣམས་ཀྱི་ནང་ན། ཉམས་

པར་བྱེད་ཅིང་ཉེས་པ་ཁོ་ནར་གྱུར་པ། ངེས་པར་གཞན་དུ་གྱུར་ཅིང་གནས་པ་མ་ཡིན་ལ། གློག་ལྟར་འབྲས་བུ་མི་བརྟན་པ་འདོད་པ་ཐམས་ཅད་ཀྱི་ནང་ན། ཉེས་པ་དང་བཅས་པའི་གཡོ་བ་ཉིད་རྟོགས་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། རྨོངས་པ་བག་མེད་ལྷ་ཡུལ་

དུ། །མི་བཟད་མེ་ཡིས་ཡོངས་སུ་བསྐོར། །བཏུང་བ་རྙོག་ཅན་འཐུངས་ནས་སུ། །སེམས་ཅན་དམྱལ་བར་ལྟུང་བར་བྱེད། །དང་པོར་འདོད་ཆགས་ཉིད་ཀྱིས་བསྒྱུར། །ཞེ་སྡང་གིས་ཀྱང་ཟིལ་གྱིས་ནོན། །གཏི་མུག་ཉིད་ཀྱིས་རྨོངས་བྱས་པ། །དེ་ཡིས་བྱ་བ་སྟོངས་པར་བྱས། །སིལ་

སྙན་ཡན་ལག་ལྔ་དག་གིས། །ཀུན་ནས་རབ་ཏུ་བསླུས་པ་རྣམས། །གང་དག་ངེས་པར་འབྱུང་འགྱུར་བ། །འཆི་བའི་སྡུག་བསྔལ་མི་རིག་གོ། །ཁྱོད་ཀྱིས་གང་ལ་འདོད་ཆགས་སྤྱད། །ལྷ་མོ་འདི་དག་མི་བརྟན་ཏེ། །དེ་དག་གིས་ནི་ཁྱོད་སྤངས་ནས། །དེ་ནས་གཞན་དུ་འགྲོ་བར་

བྱེད། །སྐྱེས་པ་དར་ན་སྟེན་བྱེད་ལ། །རྒུད་པར་གྱུར་ན་སྤོང་བྱེད་པ། །བུད་མེད་ལྷན་ཅིག་སྤྱད་པ་ཡི། །འདི་དག་གི་ནི་རང་བཞིན་མཐོང་། །འདོད་ཆགས་རྨོངས་པའི་སྐྱེས་པ་འདི། །རི་དགས་བཞིན་དུ་རྨོངས་པར་བྱེད། །ཕྱི་ནས་རྒུད་པར་གྱུར་པ་དང་། །ཡང་བའི་སེམས་ཀྱིས་

གཏོང་བར་བྱེད། །དེ་ནི་ཉོན་མོངས་མི་བཟད་ལ། །ཉེ་བར་གནས་ཚེ་བུད་མེད་ནི། །ཕན་དང་བཀུར་སྟི་དགའ་བ་དང་། །རྒྱུན་རིངས་བཤེས་པའང་དྲན་མི་བྱེད། །ཇི་ལྟར་མེ་ཏོག་རྙིངས་གྱུར་ན། །བུང་བས་བཏང་སྟེ་གཞན་དུ་འགྲོ། །དེ་ལྟར་ཉོན་མོངས་གྱུར་པའི་ཚེ། །བུད་མེད་

རྣམས་ཀྱིས་བཏང་ནས་འགྲོ། །དུག་དང་སྦྲང་རྩིར་འདྲེས་པ་ལྟར། །བུད་མེད་ཐམས་ཅད་མ་བརྟགས་ན། །དགའ་བ་རྣམས་ཀྱི་རྒྱུར་འགྱུར་ཞིང་། །སྙིང་དུ་སྡུག་ཀྱང་བརྟན་པ་མེད། །མི་དག་འདོད་པ་རྣམས་ཀྱིས་རྨོངས། །ཚིག་རྣམས་ཀྱིས་ཀྱང་ཁྱད་པར་དུ། །སྐྱེས་བུ་བརྟན་

Vol. 69 · folio 221b

པོ་ཁོང་བརྟན་པ། །ཡིད་ལ་དེ་དང་གཅུགས་མ་བྱེད། །འདི་རྣམས་ཀྱིས་ནི་མི་དག་རྨོངས། །ཁྱད་པར་དུ་ནི་འདོད་པས་བསྒྱུར། །ཕ་རོལ་ཏུ་ནི་འགྲོ་བ་གང་། །བདག་ལ་ཕན་པར་མི་བྱེད་དོ། །ལྷ་དང་མི་དང་ལྷ་མ་ཡིན། །གནོད་སྦྱིན་ཤ་ཟ་ལྟོ་འཕྱེ་སྲིན། །མིག་འཕྲུལ་ལྟ་བུའི་བུད་

མེད་ཀྱིས། །ཁྱད་པར་དུ་ནི་སླུ་བར་བྱེད། །འདོད་ལས་སྐྱེས་པའི་བདེ་བ་གང་། །ཕལ་པ་ཡུལ་ལས་བྱུང་གྱུར་པ། །འཆི་བའི་དུས་ལ་བབ་པ་ན། །ཐ་ཆད་ལྷ་རྣམས་ཉམས་པར་བྱེད། །འཆི་བའི་ཞགས་པས་དམ་བཅིངས་པ། །ཁྱོད་ནི་དུས་སུ་ཁྱེར་འགྱུར་གྱི། །ས་གཞི་འདི་དག་ཐམས་

ཅད་དང་། །ཚལ་དང་ཉེ་ཚལ་བརྒྱན་མི་ཁྱེར། །ཀུན་ནས་ལྷ་ཡི་འཇིག་རྟེན་ནས། །འཆི་བདག་གིས་ནི་དྲངས་པ་ན། །བུད་མེད་ཅི་བྱེད་གཉེན་རྣམས་ཅི། །བདེ་བ་དག་གིས་ཞི་ཅིག་འགྱུར། །དེ་ལྟར་དགེ་སློང་དེ་ལྷ་དེའི་འཆི་བ་མངོན་པར་མཐོང་ནས་སྙིང་རྗེ་བར་བྱེད་ཅིང་ཡུལ་རྣམས་ལ་ཡང་

སྨོད་པར་བྱེད་དོ། །རང་གིས་བྱས་པ་སྤྱད་པའི་ལྷའི་བུ་དེ་ཡང་ལས་ཀྱི་ཞགས་པས་གང་དུ་འདྲེན་པ་དེར་ཁྲིད་པར་བྱེད་དེ། ལྷ་བག་མེད་པ་ལ་གནོས་པ་འདོད་པ་ལྔ་ལ་རྣམ་པར་ཆགས་པ་དེ་དག་ཀྱང་། དེ་ནས་ཡང་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དེ། ཡུལ་གཉིས་ཀྱིས་ཀུན་

དུ་དྲངས་པ་ན། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ངེས་པར་མྱོང་བར་འགྱུར་བའི་བདེ་བ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ། ཚལ་དང་ནགས་ཚལ་ཐམས་ཅད་ན་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ངེས་པར་བསྒོམས་པའི་དུས་བྱེད་པ་ཆོས་དང་ཡང་དག་པར་ལྡན་

པས་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་ཞིང་ནོར་བཟང་པོ་དང་ལྡན་པ་དང་ལམ་དུ་འགྲོ་བ་ན་

རྐང་གིས་མི་འགྲོ་སྟེ། རྟ་དང་གླང་པོ་ཆེ་དང་དྲེའུའི་བཞོན་པ་ལ་ཞོན་པ་དང་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་

Vol. 69 · folio 222a

བྱུང་བའི་ཤེས་པས་བརྟགས་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས། ལུས་ཀྱི་མདོག་བཟང་ཞིང་ཆེ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་

བརྟགས་ན། སྐྱེས་བུ་དམ་པ་སེམས་ཚུལ་ཁྲིམས་དང་ལྡན་པ་གང་གིས་ཚུལ་ཁྲིམས་རྣམ་པ་བདུན་དང་འཐུན་པའམ་གཞན་ནམ་ཕྱོགས་འགའ་ལེགས་པར་བསྲུངས་ན། དེ་རྒྱུ་དང་འཐུན་པར་འབྲས་བུ་མྱོང་བར་འགྱུར་ལ། སེམས་ཀྱིས་བསྒོམས་པ་ཁོ་ནའམ་ལྟ་བ་དང་

ལྡན་པ་དེ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དག་ནི་ཤིན་ཏུ་བསྲུངས། སྡོམ་པ་སྐྱོན་མེད་པ་ནི་བླངས། གཅིག་ཏུ་སྐྱེས་བུ་དམ་པ་འདོད་ཅིང་བདེ་བ་ངེས་པའི་རྒྱུར་གྱུར་པ། འཇིག་རྟེན་འདིའི་སྡོམ་པ་ལེགས་པ་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་ལས་ལེགས་པར་བྱས་པ།

འཕགས་པ་མ་ཡིན་པའི་སྐྱེས་བུ་དམ་པ། མ་བྱིན་པར་ལེན་པ་ཉིད་སྤོང་བ་ནི། འདི་ལ་མ་བྱིན་པར་ལེན་པ་ཆུང་ངུ་ཡང་ལེན་པར་མི་བྱེད་དེ་འདི་ལྟ་སྟེ། རྒྱ་མཚོ་དང་ཉེ་བ་ནའམ་འབབ་ཆུ་དང་ཉེ་བར་གནས་པ་ན། གཞན་གྱིས་ཕྱོགས་གང་ཡིན་པ་དག་ལ་གཞན་གྱི་རྒྱ་མཚོའི་

རླབས་ཀྱིས་བདས་ཏེ་འོངས་པ། དུང་ངམ་བྷལ་ལཱ་ཏ་ཀའམ་ཤ་བྷ་རི་ཀའམ་དེ་དང་འཐུན་པ་དེ་དག་ཀྱང་ལེན་པར་མི་བྱེད། གཞན་གྱི་ནོར་རྫས་ཀྱི་རྣམ་པ་གཞན་དག་ཀྱང་ལེན་པར་མི་བྱེད་ལ། ནོར་རྫས་ཀྱི་རྣམ་པ་རྩྭ་ཡང་ལས་ཀྱི་འབྲས་བུ་ལ་འཇིགས་ལ། རྒྱལ་པོའི་ཆད་པས་

འཇིགས་པ་མ་ཡིན་པ། རྐུ་བའི་སེམས་ཀྱིས་ལེན་པར་མི་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ནི་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །སྲོག་གཅོད་པ་སྤངས་པའི་རྣམ་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་

སེམས་པ། ལས་ཀྱི་འབྲས་བུ་ལ་སེམས་དད་པ་དྲང་པོ་དྲང་པོའི་རང་བཞིན་ཅན། གཞན་ལ་མི་གནོད་པ་སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་ཚོལ་བ་དེ་ལྕུག་མའི་ནང་དུ་འགྲོ་བའམ་ཆུ་རྒལ་བ་ན་གྲིབ་གནོན་གྱི་གདོན་གྱིས་ཟིན་ཏམ་སྲོག་ཆགས་ཏན་ཏུས་ཟིན་ཏེ་ཤི་ལ་ཐུག་ཀྱང་གྲིབ་གནོན་

Vol. 69 · folio 222b

གྱི་གདོན་དེ་གསད་འདོད་པའི་ཕྱིར་དུག་གིས་འཐོར་བར་མི་བྱེད་དེ། འདི་ལ་གང་གི་ཚེ་གྲིབ་མ་ལ་དུག་གཏོར་ན། དེའི་ཚེ་རང་གི་གྲིབ་གནོན་དེའི་གྲིབ་མ་དེ་ལ་བབ་པས་འཆི་བར་འགྱུར་ཏེ། དེའི་ཕྱིར་གནོད་པ་བྱ་བ་ཤེས་ཀྱང་གྲིབ་གནོན་གྱི་གདོན་དེ་གསོད་པར་མི་བྱེད་དོ། །སྲོག་ཆགས་ཏན་ཏུ་

ལ་སླར་གནོད་པར་བྱ་བ་ཤེས་ཀྱང་གསོད་པར་མི་བྱེད་དེ། དེ་ལ་ཆུ་མེད་པར་བྱས་ན་འཆི་བར་འགྱུར་བའམ་མེ་ལོང་བསྟན་པའམ་མེ་ལོང་རྟག་ཏུ་བསྟན་པས་འཆི་བར་འགྱུར་ཏེ། དེ་ཕྱིར་གནོད་པར་བྱ་བའི་རྒྱུ་ཤེས་ཀྱང་གསོད་པར་མི་བྱེད་ལ། རང་གི་སྲོག་ཆད་ལ་ཐུག་ཀྱང་ཉེས་པར་བྱ་བ་མི་བྱེད་དེ། དེ་

ལྟར་ལེགས་པར་བྱ་བའི་ལས་ཀྱི་མཐའ་བྱེད་པ་དེ། ལུས་དང་བྲལ་ཏེ་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལུས་དང་མདོག་བཟང་ཞིང་ཆེ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། རང་གི་འོད་དང་

ནི་ལྡན་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་ནི་འབྱིན། ཡིད་ཤིན་ཏུ་བདེ་བ་དང་ནི་ལྡན། འདོད་པ་ཐམས་ཅད་ནི་འབྱོར། དེ་ལྷ་མོ་སྟོང་གིས་བསྐོར་ཏེ། རི་རབ་ཀྱི་ས་གཞི་ལ་ནི་རྒྱུ། ས་ཕྱོགས་འཛམ་བུ་ནཱ་དའི་གསེར་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཉམས་དགའ་བ་དང་རིའི་ཟོམ་གྱི་བར་

བར་དག་ན་དགའ་ཞིང་བདེ་བ་ནི་མྱོང་བར་བྱེད་དོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་དང་ལྡན་པ། དཔག་བསམ་གྱི་ཤིང་ལ་བསམས་པས་འདོད་པ་ཐམས་ཅད་འགྲུབ་པ་དེ་ཡུན་རིང་དུ་བདེ་བ་མྱོང་བར་བྱེད་དོ། །འཁོར་དང་བཅས་པ་ཡོངས་སུ་སྤྱོད་པ་དེ། ཕྱི་རོལ་གྱི་གྲིབ་མ་ཞེས་བྱ་བའི་

ཚལ་དེར་འདོང་བར་བྱེད་དེ། འཛམ་བུ་ནཱ་དའི་གསེར་གྱི་ཤིང་ལྗོན་པས་བརྒྱན་པ། དེ་བཞིན་དུ་དངུལ་གྱི་ཤིང་ལྗོན་པ་ལ་གསེར་གྱི་འདབ་མ་དང་། བཻ་ཌཱུརྱའི་འབྲས་བུས་མཛེས་པ་ཡིན་ནོ། །ཕྱི་རོལ་གྱི་གྲིབ་མའི་ཚལ་དེའི་ཕྱོགས་གཞན་དུ་ཡང་། དེ་རེས་འགའ་ཡོངས་སུ་རྒྱུ་བ་ན་ལུས་རིན་པོ་ཆེ་

སྣ་བདུན་གྱིས་བརྒྱན་ཞིང་། ཐིག་ལེ་སྣ་ཚོགས་ཀྱིས་སྤྲས་པ། རྟོག་པ་སྣ་ཚོགས་ཅན་ཏེ། རྨ་བྱའི་ཚོགས་དེ་དག་མཐོང་ནས་ལེགས་པར་བལྟ་ཞིང་རྩེ་བའི་ཕྱིར་དེར་འགྲོ་བར་བྱེད་དོ། །དེ་དེ་དག་གི་ནང་དུ་ཕྱིན་ནས་རྨ་བྱ་མཐོང་ན་ཡིད་འཕྲོག་པར་བྱེད་པ་དེ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །རྨ་བྱ་དེ་དག་

Vol. 69 · folio 223a

གིས་དེ་མཐོང་ནས་སིལ་སྙན་ཐམས་ཅད་པས་ཆེས་ལྷག་པའི་སྒྲ་ཉམས་དགའ་བ་ཆགས་སུ་རུང་བ་རྣམ་པ་སྣ་ཚོགས་དུ་མ་འབྱིན་ཏོ། །རྨ་བྱ་དེའི་སྒྲ་རྣམ་པ་དེ་ལྟ་བུ་འབྱིན་པ་དེའི་ཁྱད་པར་ནི་ལྷའི་རོལ་མོའི་སྒྲ་དག་བཅུ་དྲུག་གི་ཆར་ཡང་མི་ཕོད་དེ། རྨ་བྱ་དེའི་སྒྲའི་དྲུང་ན་ལྷ་མོ་

དེའི་གླུ་དབྱངས་དག་བོང་སྐད་འབྱིན་པ་དང་མཚུངས་སོ། །དེ་ནས་ལྷ་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་མཐུ་འདི་ལྟ་བུར་གྱུར་པས་ད་ནི་རྨ་བྱ་དེ་དག་ལ་ཞོན་ཏེ། གནས་ནས་གནས་དང་ཚང་ཚིང་ནས་ཚང་ཚིང་དང་རི་རབ་ཀྱི་རིའི་རྩེ་མོ་ནས། རི་རབ་ཀྱི་རིའི་རྩེ་མོར་ལྷ་མོའི་ཚོགས་ཀྱིས་

བསྐོར་བ་དང་ལྷན་ཅིག་ཡོངས་སུ་རྒྱུ་ཞིང་དེ་ལྟར་རྨ་བྱའི་སྟེང་དུ་ཞོན་ནས། རེ་ཞིག་འཇིག་རྟེན་གྱི་དགའ་བ་འདི་དག་ཐམས་ཅད་ལ་བལྟ་བར་བྱའོ་སྙམ་མོ། །ལས་བྱ་བ་ལེགས་པར་བྱས་པ་དེ་བསམས་མ་ཐག་ཏུ་བོང་སྐྱེད་དང་མདོག་དང་སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ། ལུས་རིན་

པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་རྨ་བྱ་བཞོན་དུ་རུང་བར་རྐེད་པ་སྟོད་པ་དེ་དག་ཉེ་བར་ལྷགས་སོ། །དེས་དེ་དག་མཐོང་ནས་དེ་ལ་ཞོན་པ་དང་། རྨ་བྱ་དེ་ཡང་དེས་ཞོན་པར་རིག་ནས་ནམ་མཁའི་དཀྱིལ་ན་རྒྱུ་བར་བྱེད་དོ། །དེ་ལྟར་ལྷ་དེ་དག་ཀུན་གྱིས་ཀྱང་སོ་སོར་ཞོན་ནས། དེའི་རི་རབ་ཀྱི་རིའི་རྩེ་མོ་

ནས་རིའི་རྩེ་མོ་དང་པད་མའི་ཚལ་ནས་པད་མའི་ཚལ་དང་ཚལ་ནས་ཚལ་ཏེ། རི་རབ་ཀྱི་ས་ཕྱོགས་དེ་དག་ཐམས་ཅད་དུ་དེ་སྐྱེ་བོ་དང་ལྷན་ཅིག་མཐོང་ན་དགའ་བ་རྣམས་ལ་ལྟ་བར་བྱེད་དོ། །དེ་ནས་དེ་ལྟར་དེ་ཡོངས་སུ་རྒྱུ་བ་ན་རེས་འགའ་འཇིག་རྟེན་སྐྱོང་བ་དག་འཛམ་བུའི་གླིང་གི་བྱ་བ། ཆོས་དང་ཆོས་མ་ཡིན་

པ་དག་སྦྲན་པའི་ཕྱིར། རྒྱལ་ཆེན་བཞི་པའམ་སུམ་ཅུ་རྩ་གསུམ་དུ་གཅིག་ནས་གཅིག་ཏུ་སྦྲོན་པར་བྱེད་དོ། །དེ་ནས་ལྷ་དེ་དང་འཇིག་རྟེན་སྐྱོང་བ་དེ་དག་ནམ་མཁའ་ལ་གློ་བུར་དུ་འོངས་ཏེ་ཕྲད་པ་དང་ལྷ་དེས་དེ་དག་ལ་སྨྲས་པ། ཁྱོད་གང་ནས་འོངས། དེ་དག་གིས་ལྷ་དེ་ལ་འདི་སྐད་སྨྲས་སོ། །བདག་

ཅག་ནི་ཆོས་དང་ཆོས་མ་ཡིན་པ་སྦྲན་པའི་ཕྱིར། འཛམ་བུའི་གླིང་ལེགས་པར་བྱས་པའི་ལས་ཀྱི་གཞི་ཤིན་ཏུ་ཉམས་དགའ་བ། ཆུ་བོ་དང་འབབ་ཆུ་དང་ལྟེང་ཀ་དང་ཉེ་བའི་ཚལ་དང་ཀུན་དགའ་ར་བ་མང་པོ་ཕུན་སུམ་ཚོགས་པ་ནས་མཆིས་སོ། །དེ་ནས་ལྷའི་བུ་དེས་འཇིག་རྟེན་སྐྱོང་བ་དེ་དག་ལས་

Vol. 69 · folio 223b

ཐོས་ནས་ངོ་མཚར་སྐྱེས་ཏེ། མཐུ་ཆེན་པོ་དང་ལྡན་པ། རྨ་བྱ་མཐུ་ཆེན་པོ་ལ་ཡང་ཞོན་པ། འགྲོ་བ་ཐམས་ཅད་དུ་སྟོབས་ཐོགས་པ་མེད་པའི་ལྷ། ངོ་མཚར་སྐྱེས་པ་དེ་འཛམ་བུའི་གླིང་ག་ལ་བ་དེར་འབབ་པར་བྱེད་དེ། ཉི་མ་གཉིས་པ་ལྟར་གསལ་ཞིང་ལྷའི་ཕྲེང་བ་དང་གོས་གྱོན་པ་དེ་

འཛམ་བུའི་གླིང་གི་ཚལ་དང་ཉེ་བའི་ཚལ་དང་ཆུ་བོ་དང་ལྟེང་ཀ་དང་པད་མའི་ཚལ་དང་ཤིང་ལྗོན་པ་དང་གྲོང་དང་གྲོང་ཁྱེར་དང་ཚོང་འདུས་དང་ལྡན་པ་འདི་ཐམས་ཅད་ལ་དེ་ལྟད་མོ་ལྟ་བར་བྱེད་དོ། །དེ་ནས་བྲམ་ཟེ་དེ་དག་གིས་དེ་རྣམས་མཐོང་ནས་རྟོག་པར་བྱེད་དེ། འདི་ལྟར་བྱ་ཁྱུང་ལ་ཞོན་པ་

འདི་ནི་གཏོགས་འདོད་ཡིན་ནོ། །གཞན་དག་ཀྱང་རྟོག་པར་བྱེད་དེ། འདི་ལྟར་རྨ་བྱ་ལ་ཞོན་པ་འདི་ནི་གཞོན་ནུ་ཡིན་ཏེ། འཇིག་རྟེན་དང་བྲམ་ཟེ་དག་སྲུང་བར་བྱེད་དོ། །གཞན་མུ་སྟེགས་པ་དག་ཀྱང་རྟོག་པར་བྱེད་དེ། འདི་ལྟར་ཁྱུ་མཆོག་ལ་ཞོན་པ་འདི་ནི་དབང་ཕྱུག་ཆེན་པོ་

ལྷ་དང་བཅས་པ་ཡིན་ཏེ། འཇིག་རྟེན་སྐྱེད་པར་བྱེད་སྲུང་བར་བྱེད། འཛིན་པར་བྱེད་སྐྱེད་པར་བྱེད་ཅིང་། འཇིག་པར་ཡང་བྱེད་དོ། །དེ་ནས་ཡང་འཇིག་རྟེན་རྣམས་སྐྱེད་པ་དང་གནས་པ་དང་འབྱིན་པར་བྱེད་པ་ཡིན་ནོ་ཞེས་རྟོག་སྟེ། དེ་ལྟར་ལྷ་དེ་རྣམས་ལ་བྲམ་ཟེ་དག་རྣམ་པ་དུ་

མར་ཡོངས་སུ་རྟོག་པར་བྱེད་ལ། སྟོད་ར་དག་བྱེད། བསྟན་བཅོས་དག་བྱེད། དེ་ཁོ་ན་ཉིད་མ་ཡིན་པ་ལ། དེ་ཁོ་ན་ཉིད་ལྟར་ལྟ། ཚིག་འཁྱལ་པ་སྨྲ་བ། ཡིད་ཤིན་ཏུ་རྣམ་པར་རྨོངས་པ་དེ་དག་གཞན་དག་ལ་ཡང་ལོག་པ་ཉིད་ཀྱིས་སྦྱོར་བར་བྱེད་དོ། །ལྷའི་བུ་དེ་རྣམས་ཀྱིས་ལྟད་

མོ་བལྟས་ནས། དེ་ནས་ཡང་རང་གི་གནས་དེ་ཉིད་དུ་སླར་འདོང་ངོ་། །དེ་ལྟར་ལྟ་བར་གྱུར་པའི་བྱིས་པ་རྣམས་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཁོ་ན་ལྟར་ལྟའོ། །ལྷ་དེ་རྣམས་ལ་ལྟ་བ་དེ་ཡང་འཇིག་པའི་དུས་སུ་འབྱུང་བའམ་རེས་འགའ་ཆ་གཉིས་ལྡན་པའམ་གསུམ་ལྡན་གྱི་དུས་ན་འབྱུང་

སྟེ། ལྷ་དེ་རྣམས་ལ་ལྟ་བ་ནི་ལྟ་བ་ངན་པ་དང་མཚུངས་སོ། །དེ་ལྟར་བདག་ཉིད་རབ་ཏུ་རྟོག་པར་བྱེད་ལ། བདག་ཉིད་ཀྱིས་རབ་ཏུ་བརྟགས་ན་གཞན་དག་ལ་ཡང་སྒྲོགས་པར་བྱེད་དེ། འདི་དག་ནི་བྲམ་ཟེ་རྣམས་ཀྱི་ལྟ་བར་གྱུར་པ་ཡིན་ནོ། །དེ་ནས་ལྷ་དེ་རྣམས་སླར་

Vol. 69 · folio 224a

འོངས་ནས་ལྷ་གཞན་དེ་དག་ལ། ཀྱེ་མ་གྲོགས་པོ་དག་འདི་ལྟར་བདག་ཅག་སའི་སྟེང་དུ་བབས་ཏེ། ས་ཕྱོགས་ཤིན་ཏུ་རྣམ་པར་ཕྱེ་བ་ཉམས་དགའ་བ་དེ་དག་བདག་ཅག་གིས་མཐོང་ངོ་ཞེས་སྨྲས་སོ། །དེ་སྐད་ཐོས་ནས་ལྷ་གཞན་དག་ཀྱང་བཞོན་པ་སྣ་ཚོགས་ལ་

ཞོན་ཏེ། རྒྱན་དང་ཆ་བྱད་སྣ་ཚོགས་བཏགས་ནས་འཛམ་བུའི་གླིང་ག་ལ་བ་དེར་འབབ་པར་བྱེད་དེ། ཁ་ཅིག་ནི་གླང་པོ་ཆེ་ལ་ཞོན། ཁ་ཅིག་ནི་མ་ཧེ་ལ་ཞོན། ཁ་ཅིག་ནི་རྨ་བྱ་ལ་ཞོན། ཁ་ཅིག་ནི་བཞོན་པ་མེད་པར་ནམ་མཁའ་ལ་འདུག་སྟེ། དེ་རྣམས་ཀྱིས་ས་ཕྱོགས་ཉམས་

དགའ་བ་ཐམས་ཅད་ལ་ལྟ་བར་བྱེད་དོ། །དེ་དག་བལྟས་ནས་ས་ཕྱོགས་ཉམས་དགའ་བ་ལྟེང་ཀ་དང་ཉེ་བའི་ཚལ་དང་ནེའུ་གསིང་ག་ལ་ཡོད་པ་དེར་འབབ་པར་བྱེད་དོ། །ཚལ་གྱི་ཕྱོགས་དེ་དག་གི་ནང་ན་བྲམ་ཟེ་ཁ་ཅིག་དཀའ་ཐུབ་དྲག་པོ་སྤྱོད་པ་ཡོད་དེ། དེ་ལྟར་ཐོས་པ་ངན་པ་དང་

མཚུངས་ཤིང་ཐོས་པ་ངན་པ་དང་འབྲེལ་བ་དག །གང་གི་ཚེ་ཕན་ཚུན་གྲོགས་དང་བཅས་པ་དེ་དག་ས་ཕྱོགས་དེ་ལ་ལྟ་བ་དེའི་ཚེ། ཚལ་གྱི་ནང་ན་སྤྱོད་པའི་བྲམ་ཟེ་དེ་དག་གིས་ལྷ་དེ་རྣམས་མངོན་སུམ་དུ་མཐོང་ནས་གཞན་དག་ལ་སྒྲོགས་པར་བྱེད་དོ། །གང་ས་ཕྱོགས་འདིར་སྐྱེས་པ་

དེ་ནི་རང་དགར་ཀུན་ཏུ་བརྟགས་པ་ཞེས་བྱ་བ་ཡིན་ལ། སྔོན་ཐོས་པ་དང་འབྲེལ་པས་རྗོད་པར་བྱེད་དེ། འདི་ལྟར་འདི་ནི་བྲམ་ཟེའོ། །འདི་ནི་གཏོགས་འདོད་དོ། །འདི་ནི་དབང་ཕྱུག་ཆེན་པོའོ། །འདི་ནི་གཞོན་ནུའོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །ས་ཕྱོགས་འདི་ནི་ལྷ་ཆེན་པོའི་

གནས་ཡིན་ནོ། །འདི་ནི་གཏོགས་འདོད་ཀྱིའོ། །འདི་ནི་གཞོན་ནུའི་འོ། །འདི་ནི་ཚངས་པའི་ཡིན་ནོ་ཞེས་དེ་ལྟར་རབ་ཏུ་བརྟགས་ནས། གཏན་ཚིགས་དང་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་ལྟ་བ་ངན་པ་དང་འབྲེལ་བའི་བསྟན་བཅོས་དག་ཀྱང་བྱེད་དོ། །དེ་ཉིད་ལ་དེ་དག་གིས་གཞན་དང་གཞན་

དག་ཀྱང་འཇོག་པར་བྱེད་དོ། །དེ་ལྟར་དེ་བདག་ཉིད་ཀྱིས་ལྟ་བ་ངན་པ་མངོན་པར་བརྟགས་ནས་གཞན་དག་ལ་ཡང་སྒྲོགས་པར་བྱེད་ལ། དེ་དག་ཀྱང་གཞན་ལ་སྒྲོགས། དེ་དག་ཀྱང་ཡང་གཞན་ལ་སྒྲོགས་པར་བྱེད་དེ། དེ་ལྟར་རིམ་པ་དེ་དག་གིས་ལྟ་བར་གྱུར་པ་ཡིན་ནོ། །གང་གི་ཚེ་ལྷ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words