མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) མཱ་ཡཱ་ཛཱ་ལཾ་ནཱ་མ་མ་ཧཱ་སཱུ་ཏྲཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 71 · folio 230a
༄༅། །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལཾ་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་
བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ། ལྷག་པའི་སེམས་མེད་ཅིང་། ལྷག་པའི་ཤེས་རབ་མེད་པ་དང་།
ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་ཡོད་ལ། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད་དེ། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ན་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པའི་བསྒོམ་
པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་འཕགས་པ་ཉན་
ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་མིག་གིས་རྣམ་
པར་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། མིག་གིས་རྣམ་པར་ཤེས་པར་བྱ་བའི་
གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་འགྱུར་ཏེ། དེ་ལྟར་བདག་ཡུན་རིང་བོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན་རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་
Vol. 71 · folio 230b
པར་གྱུར་པས། བདག་གིས་ད་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པའམ།
འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་
བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་མིག་གིས་རྣམ་པར་ཤེས་པར་
བྱ་བའི་གཟུགས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་
སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་
འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་
ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།
Vol. 71 · folio 231a
རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་
མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་
པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་མིག་གིས་
རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག་གིས་རྣམ་
པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་ངམ་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་
ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མི་སྨྱོན་པ་སེམས་གཡེངས་པ་ནི་གཅེར་བུར་དེ་དང་དེ་དག་ཏུ་འཁྱམ་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་གི་ཚེ་
དེས་རང་གི་སེམས་ཕྱིར་ཐོབ་པ་དེའི་ཚེ་དེ་སྔོན་གྱི་སྨྱོན་པའི་སྤྱོད་པ་དང་། སེམས་གཡེངས་པའི་སྤྱོད་པ་དང་། གཅེར་བུའི་སྤྱོད་པ་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་
Vol. 71 · folio 231b
ཡང་། འཕགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་
གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་
པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་
འདུག་སྟེ། སྒྱུ་མ་རྣམ་པ་བཞི་པོ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་བྱས་ཏེ། རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་
འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་
ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་སྣང་བ་འདི་ནི་བདེན་པ་དང་
གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྱུ་མར་བྱས་པ་འདི་འབའ་ཞིག་ཡོད་དོ། །མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གི་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་
Vol. 71 · folio 232a
པ་དང་། ད་ལྟར་བྱུང་བའི་གཟུགས་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་
ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་
དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་
འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་
པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་
ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན་དེ་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་
ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་
Vol. 71 · folio 232b
མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་
སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །
དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་
པ་ནི། བདག་སྔོན་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། རྣ་བས་རྣམ་པར་ཤེས་པར་
བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན་རྒ་བ་དང་། ན་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་
མཐའ་མི་མངོན་པར་གྱུར་པས། བདག་གིས་ད་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་
གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་
Vol. 71 · folio 233a
ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་
ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་
ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་
དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་
ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་
པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་
བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་
Vol. 71 · folio 233b
ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་
ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་
ལས་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་
བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མི་སྨྱོན་པའམ། ཆང་གིས་ར་རོ་བར་གྱུར་པ་ནི་མ་དང་ལྷན་ཅིག་ཉལ་པོ་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སྨྱོས་པའམ།
ར་རོ་བ་སངས་པར་གྱུར་པ་དེའི་ཚེ་མ་དང་ལྷན་ཅིག་ཉལ་པོ་བྱས་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་
ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་
ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་
Vol. 71 · folio 234a
ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཆུ་ཀླུང་གི་འགྲམ་མམ་ཡུར་པོ་ཆེའི་འགྲམ་ན་སྒྲ་བརྙན་གྱི་སྒྲ་གྲག་པར་གྱུར་ན། དེ་ལ་སེམས་
ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་
པའི་རང་བཞིན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྲ་བརྙན་འདི་
འབའ་ཞིག་ཡོད་དེ། རྣ་བ་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་གང་དག་ཡིན་པ་འདི་དག་
ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་དེ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་
ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་
ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་
Vol. 71 · folio 234b
རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་
མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་།
བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་
ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་
པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་
གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་
ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་
Vol. 71 · folio 235a
རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན་སོ་སོར་
བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་། རྗེས་སུ་བྱེད་པ་ན། རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་ད་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དག་ལ་སྔོན་ཇི་
ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་
ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་
དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ་དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་
བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་
བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་
Vol. 71 · folio 235b
མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་
ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་
པར་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྣས་རྣམ་པར་ཤེས་
པར་བྱ་བའི་དྲི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །
དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་
པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་
ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མི་ཞིག་གི་ཕྱི་ཐོག་ཐག་ཏུ་གཤེད་མ་ཕྱིར་རྒོལ་བ་དགྲ་བོ་ཞིག་རྗེས་སུ་འབྲང་བར་གྱུར་ཅིང་། དེ་དེ་ལ་མངོན་པར་
Vol. 71 · folio 236a
དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་བདག་གི་གཤེད་མ་ཕྱིར་རྒོལ་བ་དགྲ་བོ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེས་དེ་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་
པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་
བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་
བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྐྱེས་
བུ་མིག་དང་ལྡན་པ་ཞིག་གིས་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་བླངས་ཏེ། རང་གི་བཞིན་གྱི་མཚན་མ་སོ་སོར་རྟོག་པར་བྱེད་པ་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་
སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་
དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གཟུགས་བརྙན་འདི་འབའ་ཞིག་ཡོད་དོ། །མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་
Vol. 71 · folio 236b
ལྡན་པ་ཡང་བདག་གི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་གང་དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་
ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་
ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་
པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་རྣམས་ནང་དུ་ཡང་དག་པར་
རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་རྣམས་ནད་
དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་
དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་
Vol. 71 · folio 237a
ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་།
བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ་གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་
བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་
པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ལྕེས་རྣམ་པར་ཤེས་
པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་
འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན་རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར་གྱུར་པས། བདག་གིས་ད་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་
པ་དང་། ད་ལྟར་བྱུང་བའི་རོ་དག་ལ་ལོག་པར་མོས་པའམ་འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་
Vol. 71 · folio 237b
མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་འོན་ཀྱང་
འདི་ན་ཁ་ཅིག་ལ་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་
བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བ་
རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།
མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་
སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་
ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་
Vol. 71 · folio 238a
ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལྕེས་
རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཤེས་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལྕེས་རྣམ་
པར་ཤེས་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།
ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སློབ་མ་ཞིག་གིས་སློབ་དཔོན་ཟས་སྦྱིན་པར་བྱའོ་ཞེས་བ་ལང་གི་ལྕི་བ་ཟར་བཅུག་ཅིང་། སྐོམ་བླུད་པར་བྱའོ་ཞེས་གཅིན་འཐུང་དུ་བཅུག་ལ།
དེ་དེས་མངོན་པར་དགའ་བར་བྱེད་ཅིང་དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས། གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་བདག་གིས་སློབ་དཔོན་ཟས་སྦྱིན་པར་བྱའོ་ཞེས་བ་ལང་གི་ལྕི་བ་ཟར་བཅུག་ཅིང་། སྐོམ་བླུད་པར་བྱའོ་ཞེས་གཅིན་འཐུང་དུ་བཅུག་པར་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་
གདུང་བར་བྱེད། ངོ་ཚ་བར་བྱེད་ལ། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་།
ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་ལ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་
Vol. 71 · folio 238b
བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་
ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སོ་གའི་ཟླ་བ་ཐ་མ་ལ་སྤྲིན་མེད་ཅིང་སྤྲིན་དང་བྲལ་བའི་ཉི་མའི་གུང་ཚིགས་ལ་བབ་པའི་ཚེ། ཚ་བས་སྨིག་རྒྱུ་དག་གཡོ་བར་གྱུར་པ་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་
དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་།
ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྨིག་རྒྱུ་འདི་འབའ་ཞིག་ཡོད་དོ། །མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་
དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གི་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་གང་དག་ཡིན་པ་དེ་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་
མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན།
སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་
Vol. 71 · folio 239a
བར་མི་རིགས་ཀྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་རྣམས་ནད་དུ་ཡང་
དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་རྣམས་
ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་དག་
ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་
པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་
ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ་དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་
མེད་པས་འཚོ་བ་ཡིན་ནོ། །དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་
Vol. 71 · folio 239b
རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་
གནས་པར་གྱུར། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་
སུ་བྱེད་པ་ན་རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་ད་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་།
ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་
ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་
འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་
གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་སུ་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་
Vol. 71 · folio 240a
བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་
པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་།
བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་གང་དག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་
རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་
བའི་རེག་བྱ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་
དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་
ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་
Vol. 71 · folio 240b
པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མི་ཞིག་རྐུན་པོ་དག་གིས་གཙེས་པ་ན་རང་གི་བུ་ཡིན་ནོ་སྙམ་
དུ་སེམས་ཤིང་གཞན་གྱི་བུ་བླངས་ཏེ་གྲོང་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས། གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་འདི་ནི་བདག་གི་བུ་མ་ཡིན་གྱི། འདི་ནི་གཞན་གྱི་བུ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་
བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་
འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་
ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་
པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ལ་འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བྱེད་པ་ལས་ཕྱིས་སད་པ་ན་ཅུང་ཟད་ཀྱང་མི་སྣང་བར་གྱུར་པའི་ཚེ། དེ་ལ་སེམས་ཅན་བྱིས་པའི་རང་
བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་ཅག་གིས་རྨི་ལམ་ན་དགའ་མགུར་སྤྱད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་
Vol. 71 · folio 241a
སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་ཅག་གིས་རྨི་ལམ་ན་དགའ་མགུར་སྤྱོད་པའི་
འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། རྨི་ལམ་དེ་འབའ་ཞིག་ཡོད་དོ། །སེམས་སླུ་བར་བྱེད་པ་དེ་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གི་ལུས་ཀྱིས་རྣམ་པར་
ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་
པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་
ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་
ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་
དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་།
Vol. 71 · folio 241b
ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་
ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་
མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་
གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་
ན་མེད་པས་འཚོ་བ་ཡིན་ནོ། །དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བས་རྗེས་སུ་ཞུགས་པ་ལ་གནས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་
རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་
ཞིང་གནས་པར་གྱུར། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་
Vol. 71 · folio 242a
བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་ད་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་
པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་
བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་
སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་
མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་
ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་
རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ།
Vol. 71 · folio 242b
དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་
ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་ལ་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་
ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་
བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་
ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་
ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཞིག་གིས་རིན་པོ་ཆེའི་ཟ་མ་ཏོག་
ཡིན་པར་སེམས་ཤིང་སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་དུ་འབར་བ་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ་དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་འདི་ནི་སྦྲུལ་གྱི་ཟ་མ་ཏོག་ཡིན་གྱི། འདི་ནི་རིན་པོ་ཆེའི་ཟ་མ་
Vol. 71 · folio 243a
ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པའི་འཇིག་རྟེན་ལས་
འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་
པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་
འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་
པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ། ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་
དག་གམ། གསེར་དང་དངུལ་གྱི་ཕྲེང་བ་དག་བྱས་ཏེ་རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་
དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་དག་གམ། གསེར་དང་། དངུལ་གྱི་ཕྲེང་བ་འདི་དག་ནི་བདེན་པ་དང་། གནས་པའི་སྒོ་
Vol. 71 · folio 243b
ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག་གམ། རྣ་ཆ་གདུབ་
ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་དག་གམ། གསེར་དང་དངུལ་གྱི་ཕྲེང་བ་འདི་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གྱི་ན་སྒྱུ་
མར་བྱས་པ་འདི་འབའ་ཞིག་ཡོད་དོ། །མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་གང་
དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་
དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་
ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་
འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་། འབྲས་དང་། ཟུག་རྔུ་དང་།
Vol. 71 · folio 244a
སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་
དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ།
སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་
འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་། བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་། བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་སྤྲད་དེ།
གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་
ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བར་སྡོམ་ནི། །སྨྱོན་པ་དང་ནི་སྒྱུ་མ་དང་། །ར་རོ་བ་དང་སྒྲ་བརྙན་དང་། །གཤེད་མ་དང་ནི་མེ་ལོང་དང་། །ཟས་སྦྱིན་པ་དང་སྨིག་རྒྱུ་དང་། །རྐུན་པོས་གཙེས་པ་གྲོང་ནས་དང་། །རྨི་ལམ་དགའ་སྤྱོད་
ཟ་མ་ཏོག །ནོར་བུ་དཔུང་རྒྱན་རྣམ་དག་ནི། །སྒྱུ་མའི་དྲ་བ་ཀུན་བསྡུས་པའོ། །མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words