འདུལ་བ་རྣམ་པར་འབྱེད་པ

Sanskrit title (Tibetan script, as in the text) བི་ན་ཡ་བི་བྷང་ག

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 6 · folio 1a

༄༅། །འདུལ་བ་ཆ་བཞུགས་སོ། །

Vol. 6 · folio 1b

༄༅༅། །འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་གཉིས་པ། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ་

བཅོམ་ལྡན་འདས་ལ་བསིལ་ཡབ་ཀྱིས་གཡོབ་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་

ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་པར་སྡུས་ཤིག །ཚེ་

དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་

པ་དེ་དག་ཐམས་ཅད་དཔོང་སའི་ཁང་པར་བསྡུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་

Vol. 6 · folio 2a

འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་

དཔོང་སའི་ཁང་པར་མཆིས་ཤིང་མཐུན་པར་གྱུར་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་དཔོང་སའི་ཁང་པ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་

ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་དག་ཡིན་ཏེ། ལྔ་གང་ཞེ་ན། འདི་ན་སྟོན་པ་གཅིག་ནི་ཚུལ་ཁྲིམས་ཡོངས་སུ་

མ་དག་བཞིན་དུ་བདག་གི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། དེ་ལ་ཉན་ཐོས་རྣམས་ཀྱིས་ལྷན་ཅིག་འགྲོགས་པའི་རྒྱུས་སྟོན་པ་ཤེས་ལྡན་འདི་ནི་ཚུལ་ཁྲིམས་ཡོངས་སུ་མ་དག་བཞིན་དུ་བདག་གི་

ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་ཤེས་མོད་ཀྱི། བདག་ཅག་གིས་གལ་ཏེ་སྟོན་པ་འདི་གཞན་ལ་བརྗོད་པར་གྱུར་ན། དེས་འདི་ཡིད་མི་དགའ་བར་འགྱུར་བས་བདག་ཅག་ལ་གང་གིས་འདི་ཡིད་མི་དགའ་

བར་གྱུར་པ་དེས་སྟོན་པ་ལ་ཀུན་དུ་སྤྱད་པས་ཅི་བྱ་སྟེ། སྟོན་པ་ཤེས་ལྡན་འདི་རང་ཉིད་ཀྱིས་ཤེས་པར་ཟད་དོ། །འདི་བདག་ཅག་ལ་འདི་ལྟ་སྟེ་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་སེམས་

Vol. 6 · folio 2b

པར་བྱེད་དོ་སྙམ་པས་ཉན་ཐོས་རྣམས་ཀྱང་དེ་ལ་ཚུལ་ཁྲིམས་ཀྱི་སྒོ་ནས་རྗེས་སུ་བསྲུང་བ་བྱ་བར་སེམས་སོ། །སྟོན་པ་དེ་ལྟ་བུ་ནི་ཉན་ཐོས་རྣམས་ལས་ཚུལ་ཁྲིམས་རྗེས་སུ་སྲུང་བར་རེ་བར་བྱེད་དེ། འདི་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་དང་པོ་ཡིན་ནོ། །གཞན་ཡང་འདི་ན་སྟོན་པ་

གཅིག་ནི་འཚོ་བ་ཡོངས་སུ་མ་དག་བཞིན་དུ་བདག་གི་འཚོ་བ་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། དེ་ལ་ཉན་ཐོས་རྣམས་ཀྱིས་ལྷན་ཅིག་འགྲོགས་པའི་རྒྱུས་སྟོན་པ་ཤེས་ལྡན་འདི་ནི་འཚོ་བ་ཡོངས་སུ་མ་དག་བཞིན་དུ་བདག་གི་འཚོ་བ་ཡོངས་སུ་དག་ཅིང་

ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་ཤེས་མོད་ཀྱི། བདག་ཅག་གིས་སྟོན་པ་འདི་གལ་ཏེ་གཞན་ལ་བརྗོད་པར་གྱུར་ན་དེས་འདི་ཡིད་མི་དགའ་བར་འགྱུར་བས་བདག་ཅག་ལ་གང་གིས་འདི་ཡིད་མི་དགའ་བར་གྱུར་པ་དེས་སྟོན་པ་ལ་ཀུན་དུ་སྤྱད་པས་ཅི་བྱ་སྟེ། སྟོན་པ་ཤེས་

ལྡན་འདི་རང་ཉིད་ཤེས་པར་ཟད་དོ། །འདི་བདག་ཅག་ལ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་སེམས་པར་བྱེད་དོ་སྙམ་པས་ཉན་ཐོས་རྣམས་ཀྱང་དེ་ལ་འཚོ་བའི་སྒོ་ནས་རྗེས་སུ་བསྲུང་བ་བྱ་བར་

སེམས་སོ། །སྟོན་པ་དེ་ལྟ་བུ་ནི་ཉན་ཐོས་རྣམས་ལས་འཚོ་བ་རྗེས་སུ་སྲུང་བ་རེ་བར་བྱེད་དེ། འདི་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་གཉིས་པ་ཡིན་ནོ། །གཞན་ཡང་འདི་ན་སྟོན་པ་གཅིག་ནི་ཤེས་པ་དང་མཐོང་བ་ཡོངས་སུ་མ་དག་བཞིན་དུ་བདག་གི་ཤེས་པ་དང་མཐོང་བ་

ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། དེ་ལ་ཉན་ཐོས་རྣམས་ཀྱིས་ལྷན་ཅིག་འགྲོགས་པའི་རྒྱུས་སྟོན་པ་ཤེས་ལྡན་འདི་ནི་ཤེས་པ་དང་མཐོང་བ་ཡོངས་སུ་མ་དག་བཞིན་དུ་བདག་གི་ཤེས་པ་དང་མཐོང་བ་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་

པ་མེད་དོ་ཞེས་དམ་འཆའ་བར་ཤེས་མོད་ཀྱི། བདག་ཅག་གིས་སྟོན་པ་འདི་གཞན་ལ་བརྗོད་པར་གྱུར་ན་དེས་འདི་ཡིད་མི་དགའ་བར་འགྱུར་བས། བདག་ཅག་ལ་གང་གིས་འདི་ཡིད་མི་དགའ་བར་གྱུར་པ་དེས་སྟོན་པ་ལ་ཀུན་དུ་སྤྱད་པས་ཅི་བྱ་སྟེ། སྟོན་པ་ཤེས་ལྡན་འདི་རང་ཉིད་

Vol. 6 · folio 3a

ཤེས་པར་ཟད་དོ། །འདི་བདག་ཅག་ལ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་སེམས་པར་བྱེད་དོ་སྙམ་པས་ཉན་ཐོས་རྣམས་ཀྱང་དེ་ལ་ཤེས་པ་དང་མཐོང་བའི་སྒོ་ནས་

རྗེས་སུ་བསྲུང་བ་བྱ་བར་སེམས་སོ། །སྟོན་པ་དེ་ལྟ་བུ་ནི་ཉན་ཐོས་རྣམས་ལས་ཤེས་པ་དང་མཐོང་བ་རྗེས་སུ་སྲུང་བ་རེ་བར་བྱེད་དེ། འདི་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་གསུམ་པ་ཡིན་ནོ། །གཞན་ཡང་འདི་ན་སྟོན་པ་གཅིག་ནི་བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་མ་ཡིན་བཞིན་

དུ་བདག་ནི་བརྡ་སྤྲོད་པ་ཕུན་སུམ་ཚོགས་ཤིང་། ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། དེ་ལ་ཉན་ཐོས་རྣམས་ཀྱིས་ལྷན་ཅིག་འགྲོགས་པའི་རྒྱུས་སྟོན་པ་ཤེས་ལྡན་འདི་ནི་བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་མ་ཡིན་བཞིན་དུ་བདག་ནི་བརྡ་སྤྲོད་པ་ཕུན་སུམ་

ཚོགས་ཤིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་ཤེས་མོད་ཀྱི། བདག་ཅག་གིས་སྟོན་པ་འདི་གཞན་ལ་བརྗོད་པར་གྱུར་ན་དེས་འདི་ཡིད་མི་དགའ་བར་འགྱུར་བས་བདག་ཅག་ལ་གང་གིས་འདི་ཡིད་མི་དགའ་བར་གྱུར་པ་དེས་སྟོན་པ་ལ་ཀུན་དུ་སྤྱད་པས་ཅི་བྱ་སྟེ།

སྟོན་པ་ཤེས་ལྡན་འདི་རང་ཉིད་ཤེས་པར་ཟད་དོ། །འདི་བདག་ཅག་ལ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་སེམས་པར་བྱེད་དོ་སྙམ་པས་ཉན་ཐོས་རྣམས་ཀྱང་དེ་ལ་བརྡ་སྤྲོད་པ་

ཕུན་སུམ་ཚོགས་པའི་སྒོ་ནས་རྗེས་སུ་བསྲུང་བ་བྱ་བར་སེམས་སོ། །སྟོན་པ་དེ་ལྟ་བུ་ནི་ཉན་ཐོས་རྣམས་ལས་བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་རྗེས་སུ་སྲུང་བ་རེ་བར་བྱེད་དེ། འདི་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་བཞི་པ་ཡིན་ནོ། །གཞན་ཡང་འདི་ན་སྟོན་པ་གཅིག་ནི་

ཆོས་འདུལ་བ་ཉེས་པར་བཤད་པ་དང་ལྡན་བཞིན་དུ་བདག་ནི་ཆོས་འདུལ་བ་ལེགས་པར་གསུངས་པ་དང་ལྡན་ཞིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། དེ་ལ་ཉན་ཐོས་རྣམས་ཀྱིས་ལྷན་ཅིག་འགྲོགས་པའི་རྒྱུས་སྟོན་པ་ཤེས་ལྡན་འདི་ནི་ཆོས་འདུལ་བ་ཉེས་

Vol. 6 · folio 3b

པར་བཤད་པ་དང་ལྡན་བཞིན་དུ་བདག་ནི་ཆོས་འདུལ་བ་ལེགས་པར་གསུངས་པ་དང་ལྡན་ཞིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་ཤེས་མོད་ཀྱི། བདག་ཅག་གིས་སྟོན་པ་འདི་གཞན་ལ་བརྗོད་པར་གྱུར་ན། དེས་འདི་ཡིད་མི་དགའ་བར་འགྱུར་བས་བདག་ཅག་ལ་གང་

གིས་འདི་ཡིད་མི་དགའ་བར་གྱུར་པ་དེས་སྟོན་པ་ལ་ཀུན་དུ་སྤྱད་པས་ཅི་བྱ་སྟེ། སྟོན་པ་ཤེས་ལྡན་འདི་རང་ཉིད་ཤེས་པར་ཟད་དོ། །འདི་བདག་ཅག་ལ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་

སེམས་པར་བྱེད་དོ་སྙམ་པས་ཉན་ཐོས་རྣམས་ཀྱང་དེ་ལ་ཆོས་འདུལ་བ་ལེགས་པར་གསུངས་པའི་སྒོ་ནས་རྗེས་སུ་བསྲུང་བ་བྱ་བར་སེམས་སོ། །སྟོན་པ་དེ་ལྟ་བུ་ནི་ཉན་ཐོས་རྣམས་ལས་ཆོས་འདུལ་བ་ལེགས་པར་བཤད་པ་རྗེས་སུ་སྲུང་བ་རེ་བར་བྱེད་དེ། འདི་ནི་འཇིག་རྟེན་ན་ཡོད་

ཅིང་སྲིད་པའི་སྟོན་པ་ལྔ་པ་ཡིན་ནོ། །དགེ་སློང་དག་ང་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཁོ་ན་ཡིན་པས་ངའི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། ང་ལ་ཉན་ཐོས་རྣམས་ཚུལ་ཁྲིམས་ཀྱི་སྒོ་ནས་རྗེས་སུ་བསྲུང་བ་བྱ་བར་

མི་སེམས་ཤིང་ང་ཡང་ཉན་ཐོས་རྣམས་ལས་ཚུལ་ཁྲིམས་རྗེས་སུ་སྲུང་བ་རེ་བར་མི་བྱེད་དོ། །དགེ་སློང་དག་ང་ནི་འཚོ་བ་ཡོངས་སུ་དག་པ་ཁོ་ན་ཡིན་པས་ངའི་འཚོ་བ་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། ང་ལ་ཉན་ཐོས་རྣམས་འཚོ་བའི་སྒོ་

ནས་རྗེས་སུ་བསྲུང་བ་བྱ་བར་མི་སེམས་ཤིང་ང་ཡང་ཉན་ཐོས་རྣམས་ལས་འཚོ་བ་ཡོངས་སུ་སྲུང་བ་རེ་བར་མི་བྱེད་དོ། །དགེ་སློང་དག་ང་ནི་ཤེས་པ་དང་མཐོང་བ་ཡོངས་སུ་དག་པ་ཁོ་ན་ཡིན་པས་ངའི་ཤེས་པ་དང་མཐོང་བ་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་

བར་བྱེད་དེ། ང་ལ་ཉན་ཐོས་རྣམས་ཤེས་པ་དང་མཐོང་བའི་སྒོ་ནས་རྗེས་སུ་བསྲུང་བ་བྱ་བར་མི་སེམས་ཤིང་ང་ཡང་ཉན་ཐོས་རྣམས་ལས་ཤེས་པ་དང་མཐོང་བ་རྗེས་སུ་སྲུང་བ་རེ་བར་མི་བྱེད་དོ། །དགེ་སློང་དག་ང་ནི་བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་ཁོ་ན་ཡིན་པས་ངའི་བརྡ་སྤྲོད་པ་ཕུན་སུམ་ཚོགས་

Vol. 6 · folio 4a

ཤིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། ང་ལ་ཉན་ཐོས་རྣམས་བརྡ་སྤྲོད་པ་ཕུན་སུམ་ཚོགས་པའི་སྒོ་ནས་རྗེས་སུ་སྲུང་བ་བྱ་བར་མི་སེམས་ཤིང་། ང་ཡང་ཉན་ཐོས་རྣམས་ལས་བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་རྗེས་སུ་སྲུང་བ་རེ་བར་མི་བྱེད་

དོ། །དགེ་སློང་དག་ང་ནི་ཆོས་འདུལ་བ་ལེགས་པར་གསུངས་པ་དང་ལྡན་པ་ཁོ་ན་ཡིན་པས་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ཞིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་འཆའ་བར་བྱེད་དེ། ང་ལ་ཉན་ཐོས་རྣམས་ཆོས་འདུལ་བ་ལེགས་པར་གསུངས་པའི་སྒོ་ནས་

རྗེས་སུ་བསྲུང་བ་བྱ་བར་མི་སེམས་ཤིང་། ང་ཡང་ཉན་ཐོས་རྣམས་ལས་ཆོས་འདུལ་བ་ལེགས་པར་བཤད་པ་རྗེས་སུ་སྲུང་བ་རེ་བར་མི་བྱེད་དོ། །དགེ་སློང་དག་ང་ནི་ཁྱེད་ལ་ཚར་བཅད་ཅིང་ཚར་བཅད་ཅིང་སྨྲ་བར་བྱེད་ཟིལ་གྱིས་མནན་ཅིང་ཟིལ་གྱིས་མནན་ཅིང་སྨྲ་བར་བྱེད་དེ། ཁྱེད་ལ་

དབྱིག་ཏུ་མི་འཛིན་ཅིང་རྫ་མཁན་གྱི་སྣོད་སོ་མ་བཏང་བ་དག་བཞིན་དུ་གང་སྙིང་པོ་ཡོད་པ་དེ་འཇོག་པར་བྱེད་ཀྱིས་ངའི་ཚིག་གི་ལམ་དག་ལ་བཟོད་པར་གྱིས་ཤིག །དེ་ནས་ལྷས་བྱིན་གྱིས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ལ་སྨྲས་པ།

ཀོ་ཀ་ལི་ཀ །ཁན་ད་དྲ་བྱ། ཀ་ཊ་མོ་ར་ཀ་ཏི་ཥྱ། རྒྱ་མཚོས་བྱིན་དག་ཁྱེད་ཅག་ཚུར་ཤེག །དགེ་སྦྱོང་གཽ་ཏ་མ་འདུག་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བར་བྱ་ཞིང་འཁོར་ལོ་ཡང་དབྱེ་བར་བྱ་སྟེ། དེས་ན་བདག་ཅག་ཤི་ཞིང་། དུས་ལ་བབ་པ་དག་ལ་དགེ་སྦྱོང་གཽ་ཏ་

མ་དེ་ཙམ་དུ་རྫུ་འཕྲུལ་ཆེ་བ། དེ་ཙམ་དུ་མཐུ་ཆེ་བ་འདུག་བཞིན་དུ་ལྷས་བྱིན་དང་། ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་གྱིས་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་ཕྱེ་ཞིང་འཁོར་ལོ་ཡང་དབྱེ་བ་བྱས་སོ་ཞེས་ཕྱོགས་དང་ཕྱོགས་མཚམས་

རྣམས་སུ་སྙན་པའི་སྒྲའི་ཚོགས་རྒྱ་ཆེན་པོ་དགེ་བ་མངོན་པར་གྲགས་པར་འགྱུར་རོ། །ལྷས་བྱིན་བདག་ཅག་གིས་དེ་ལྟར་བྱར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་མཐུ་ཆེ་བ། རྫུ་འཕྲུལ་ཆེ་བ། ལྷའི་མིག་དང་ལྡན་པ། གཞན་གྱི་སེམས་

Vol. 6 · folio 4b

ཤེས་པ་གང་དག་ཡོད་པ་དེ་དག་ནི་ཐག་རིང་པོ་ཡང་མཐོང་ལ་དྲུང་ན་འདུག་པས་ཀྱང་མི་མཐོང་ཞིང་དེ་དག་གི་སེམས་ཀྱིས་བདག་ཅག་གི་སེམས་ལ་ཁྱབ་པར་བྱ་སྟེ། ཡིད་ཀྱིས་ཀྱང་བདག་ཅག་རྣམ་པར་ཤེས་པར་བྱེད་པས་དེ་དག་གིས་བདག་ཅག་འཕགས་པ་ཉིད་ཀྱང་ཤེས་

པར་འགྱུར་བའི་ཕྱིར་རོ། །ཀོ་ཀ་ལི་ཀ་ཐབས་འགའ་ཞིག་ཡོད་དོ། །ལྷས་བྱིན་ཐབས་དེ་གང་ཡིན། ཚུར་ཤེག་དང་བདག་ཅག་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་དྲུང་དུ་དོང་སྟེ། གནས་བརྟན་དག་ཐུགས་ལས་ཆུང་ངུར་མཛོད་ཅིག་དང་བདག་ཅག་གིས་

གནས་བརྟན་རྣམས་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་བགྱིའོ་ཞེས་ཡོ་བྱད་ཐམས་ཅད་ཀྱིས་བསྟབ་པར་བྱའོ། །གཞོན་ནུ་རྣམས་ལ་ནི་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་དང་ལུང་དབོག་པ་དང་། བཀླག་པ་དང་ཁ་ཏོན་དང་། རྣལ་འབྱོར་དང་ཡིད་ལ་

བྱ་བས་བསྙེན་བཀུར་དང་སྟོངས་མོ་བྱའོ། །ལྷས་བྱིན་གལ་ཏེ་ཐབས་དེ་ལྟ་བུ་ཡོད་ན་དེ་ལྟར་བྱའོ། །དེ་ནས་ལྷས་བྱིན་གྱིས་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་འཕགས་མ་ཐག་ཏུ་ལྷས་བྱིན་གྱིས་དགེ་འདུན་

མཐུན་པ་དབྱེ་བའི་ཕྱིར་བརྟུལ་ཏོ། །ཞེས་རྣམ་པར་ཤེས་པར་གྱུར་ནས། དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷས་བྱིན་དང་གཞན་ཡང་དེ་ལྟ་བུ་གང་

ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་

བྱིན་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་

Vol. 6 · folio 5a

ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ལྷས་བྱིན་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པ་དབྱེ་

བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་

གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོའོ། །དགེ་

སློང་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ལྷས་བྱིན་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་

ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལྷས་བྱིན་འདིས་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་བརྟུལ་ཏེ། དབྱེན་བགྱིད་པར་

འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་ནས། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་

Vol. 6 · folio 5b

སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ལྷས་བྱིན་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་

པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་

པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་

བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལྷས་བྱིན་འདིས་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་བརྟུལ་ཏེ་དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་ནས། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན་འདི་

ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་ལྷས་བྱིན་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་

མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་

འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་

Vol. 6 · folio 6a

ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་ལྷས་བྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་

ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ལྷས་བྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་

ཞེས་བཅོམ་ལྡན་འདས་ལས་མཉན་ནས་ལྷས་བྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་

བྱེད་དོ། །དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་བཞི་པོ་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དེ་དག་ཀྱང་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་

རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་

ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀོ་

ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་ཀོ་ཀ་ལི་ཀ །ཁན་ད་དྲ་བྱ། ཀ་ཊ་མོ་ར་ཀ་ཏི་ཥྱ། རྒྱ་མཚོས་བྱིན་ཁྱེད་ཤེས་

Vol. 6 · folio 6b

བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་

དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་

པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་

བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་

སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་

ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་

དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བའི་རྗེས་སུ་

Vol. 6 · folio 7a

ཕྱོགས་པ་བཞི་པོ་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་

རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་

ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་

ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་

བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་

བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་

མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་

Vol. 6 · folio 7b

ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོའོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་

དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་དང་། གཞན་ཡང་དེ་ལྟ་བུ་

གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་

སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་འདི་དག་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་རྟུལ་བར་བགྱིད་ཅིང་དབྱེན་

བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་པ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་ནས། འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ན་འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་

ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་

བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་ཚེ་དང་ལྡན་པ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་

Vol. 6 · folio 8a

པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་

སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་

བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་

བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་

དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་།

ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་

བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་འདི་དག་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་རྟུལ་བར་

Vol. 6 · folio 8b

བགྱིད་ཅིང་དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་པ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་ནས་འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་

ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ། ཚེ་དང་ལྡན་

པ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག་དགེ་སློང་རྣམས་ལ་འདི་སྐད་

ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་

ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་

མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ།

དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་

Vol. 6 · folio 9a

མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་

བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་། མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་ཀོ་ཀ་

ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་

དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་

དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་

བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷས་བྱིན་གྱིས་ངའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བ་དང་འཁོར་ལོ་ཡང་འབྱེད་པར་ནུས་ཏེ། འདི་ལྟར་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པོ་ཀོ་ཀ་ལི་ཀ་དང་།

Vol. 6 · folio 9b

ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ཡོད་པའི་ཕྱིར་རོ། །ལྷས་བྱིན་གྱིས་དགེ་སྦྱོང་གཽ་ཏ་མས་དགེ་སློང་དག་ལྷས་བྱིན་གྱིས་ངའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བ་དང་འཁོར་ལོ་ཡང་འབྱེད་པར་ནུས་ཏེ། འདི་ལྟར་དེའི་གྲོགས་བྱེད་པའི་དགེ་

སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པོ་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ཡོད་པའི་ཕྱིར་རོ་ཞེས་བདག་ལ་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་

ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་སྨྲས་པ། ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ཤེས་པར་གྱིས་ཤིག །དགེ་སྦྱོང་གཽ་ཏ་མས་ལྷས་བྱིན་གྱིས་ངའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བ་དང་འཁོར་ལོ་ཡང་འབྱེད་པར་ནུས་ཏེ།

འདི་ལྟར་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པོ་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ཡོད་པའི་ཕྱིར་རོ་ཞེས་ཁོ་བོ་ལ་ལུང་བསྟན་ཏོ། །དེ་དག་གིས་སྨྲས་པ། ལྷས་བྱིན་གལ་ཏེ་དེ་ལྟ་

ན་ལེགས་སོ། །དེས་རྒྱ་ཆེར་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་

འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ལ་སྨྲས་པ། ལྷས་བྱིན་ཁྱོད་ཀྱིས་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་ཞིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་

པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་

Vol. 6 · folio 10a

སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་

བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་

ཏུ་བཟུང་སྟེ་འདུག་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱེད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་དགེ་འདུན་དང་མཐུན་

པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱེད་དགེ་འདུན་འབྱེད་

པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་

པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ལྷས་བྱིན་ནམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་

འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པའོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ནི་གཉིས་སུ་བྱ་བའི་ཕྱིར་རོ། །རྟུལ་བར་བྱེད་ཅིང་ཞེས་བྱ་བ་ནི་རྩོལ་བར་བྱེད་ཅིང་ངོ་། །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་

Vol. 6 · folio 10b

བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ནའོ། །དགེ་སློང་དེ་ལ་ཞེས་བྱ་བ་ནི་ལྷས་བྱིན་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་

ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་

གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་

ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་

ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །

གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་

ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་

Vol. 6 · folio 11a

ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱི་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་ལྟར་བཅོས་

པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་མ་ཡིན་པ་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་།

འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་

པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ཕྱིན་ཆད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་

གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་

ལྷག་མ་སྟེ་བཅུ་པ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་གཉིས་པ་བཅའ་བར་བཞེད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱིས་

བྱ་བ་ཅུང་ཞིག་ཡོད་ཀྱིས་རེ་ཞིག་སྟན་ལས་མ་ལྡང་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་

Vol. 6 · folio 11b

ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་རྨས་པ། ཀོ་ཀ་ལི་ཀ །ཁན་ད་དྲ་བྱ། ཀ་ཊ་མོ་ར་ཀ་ཏི་ཥྱ། རྒྱ་མཚོས་བྱིན་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་

བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་

འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་

དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་སྨྲས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་

མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་པས་འདུལ་བ་

ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་

གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་

Vol. 6 · folio 12a

སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་

ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་པར་

བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །

དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་

དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་

འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་

འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་

Vol. 6 · folio 12b

ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་

གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །དགེ་སློང་དེའི་ཞེས་བྱ་བ་ནི་ལྷས་བྱིན་གྱིའོ། །གྲོགས་བྱེད་པའི་དགེ་སློང་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་གོ། །མི་མཐུན་པར་སྨྲ་

བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི་ལྟ་བ་དེ་དག་དང་། འདོད་པ་དེ་དག་དང་། བསམ་པ་དེ་དག་དང་ལྡན་པའོ། །གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་བའོ། །གལ་ཏེ་དེ་དག་ཅེས་བྱ་བ་ནི་རྗེས་སུ་ཕྱོགས་པ་དེ་

དག་གོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ཅིག་ཅེས་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་ཟློག་པར་ཡང་མ་བྱེད་ཅིག་ཅེས་

བྱ་བའོ། །དགེ་སློང་འདི་ལ་ཞེས་བྱ་བ་ནི་ལྷས་བྱིན་ལའོ། །ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མ་སྨྲ་ཤིག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་པར་བླངས་

ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའོ། །དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། ཞེས་བྱ་

བ་ནི་དོན་རྟོགས་པ་ཡིན་གྱི། དོན་མ་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ། །ཞེས་ཟེར་ན་ཞེས་བྱ་བ་ནི་དགེ་སློང་ལྷས་བྱིན་འདི་གཞི་གང་འདོད་པ་དེ་བདག་ཅག་ཀྱང་འདོད་དོ་ཞེས་ཟེར་ནའོ། །

Vol. 6 · folio 13a

དགེ་སློང་དེ་དག་ལ་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་

སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །

གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ཡང་དག་པར་བསྒོ་

བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་

དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་

ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་

པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་

Vol. 6 · folio 13b

འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་། ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་

ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་། ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་། ཆོས་མ་ཡིན་པ་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་

བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་

སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ཕྱིན་ཅད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་དེས་མ་

བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་

ཉེན་པ་ལ་ལྟུང་བ་མེད་དོ། །རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཅིག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་རེ་ལྡེ་རི་ལ་དགེ་སློང་འགྲོ་

མགྱོགས་དང་། ནབ་སོ་གཉིས་དང་། དགེ་སློང་དམར་སེར་ཅན་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་འཁོད་དོ། །དེ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཐོ་འཚམ་པར་བྱེད། ཀུན་དུ་རྩེ་བར་བྱེད། ཀུན་ཏུ་ཅ་ཅོ་འདོན་པར་བྱེད། རྒོད་པ་དང་།

Vol. 6 · folio 14a

དྲེགས་པ་དང་། ལུས་སྒྱུར་བར་བྱེད། སྟན་གཅིག་ལ་འདུག་པར་བྱེད། སྣོད་གཅིག་ཏུ་ཟ་བར་བྱེད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཐུང་བར་བྱེད། མེ་ཏོག་དག་འཐོག་པར་བྱེད། འཐོག་ཏུ་འཇུད་པར་བྱེད།

ཕྲེང་བ་དག་རྒྱུད་པར་བྱེད། རྒྱུད་དུ་འཇུད་པར་བྱེད། མེ་ཏོག་རྣ་རྒྱན་དག་ཐོགས་པར་བྱེད། ཐོགས་སུ་འཇུད་པར་བྱེད། བྲོ་རྡུང་བར་བྱེད། བྲོ་རྡུང་དུ་འཇུད་པར་བྱེད། གླུ་ལེན་པར་བྱེད། གླུ་ལེན་དུ་འཇུད་པར་བྱེད། རོལ་མོའི་སྒྲ་འབྱིན་པར་བྱེད། རོལ་མོའི་སྒྲ་

འབྱིན་དུ་འཇུད་པར་བྱེད། བྲོ་མཁས་པ་དང་། གླུ་མཁས་པ་དང་། རོལ་མོའི་སྒྲ་འབྱིན་པ་མཁས་པ་ལ་ངོ་སོ་ལས་བྱུང་བ་སྦྱིན་པར་བྱེད། ཆོས་གོས་དག་བརྫེས་ཏེ་རྒྱུག་པར་བྱེད། མཆོང་བར་བྱེད། རབ་ཏུ་མཆོང་བར་བྱེད། བརླ་སྐོར་བར་བྱེད། ལག་པ་སྐོར་བར་

བྱེད། ཉ་ལྟར་སྐོར་བར་བྱེད། ཆུར་འཕྱོ་བ་འཕེན་པར་བྱེད། ཆུ་ལ་རྔ་མ་དུ་ཀ་ལྟར་རྡུང་བར་བྱེད། གླང་པོ་ཆེའི་སྐད་ཀྱི་སྒྲ་འབྱིན་པར་བྱེད། རྟའི་སྐད་ཀྱི་སྒྲ་འབྱིན་པར་བྱེད། ཁྱུ་མཆོག་གི་སྐད་ཀྱི་སྒྲ་འབྱིན་པར་བྱེད། རྨ་བྱའི་སྐད་ཀྱི་སྒྲ་འབྱིན་པར་བྱེད། ཁུ་

བྱུག་གི་སྐད་ཀྱི་སྒྲ་འབྱིན་པར་བྱེད། ཁས་རྫ་རྔའི་སྒྲ་འབྱིན་པར་བྱེད། ཁས་དུང་གི་སྒྲ་འབྱིན་པར་བྱེད། ཁས་རྔ་བོ་ཆེའི་སྒྲ་འབྱིན་པར་བྱེད། གླང་པོ་ཆེའི་ཐབ་མོ་ཡང་བྱེད། གླང་པོ་ཆེའི་ཐབ་མོ་བྱེད་དུ་འཇུད་པར་ཡང་བྱེད། རྟའི་ཐབ་མོ་དང་། ཁྱུ་མཆོག་གི་ཐབ་མོ་

དང་། མ་ཧེའི་ཐབ་མོ་དང་། རའི་ཐབ་མོ་དང་། ལུག་གི་ཐབ་མོ་དང་། བུད་མེད་ཀྱི་ཐབ་མོ་དང་། སྐྱེས་པའི་ཐབ་མོ་དང་། གཞོན་ནུའི་ཐབ་མོ་དང་། གཞོན་ནུ་མའི་ཐབ་མོ་དང་། བྱ་གག་གི་ཐབ་མོ་དང་། ཐི་བའི་ཐབ་མོ་དང་། ངུར་པའི་ཐབ་མོ་ཡང་བྱེད། བྱེད་

དུ་འཇུད་པར་ཡང་བྱེད་དེ། དེ་དག་དང་གཞན་ཡང་དགེ་སློང་གི་ལས་མ་ཡིན་པ་དག་བྱེད་ཅིང་བྱེད་དུ་འཇུད་དེ། དེ་དག་གི་སྤྱོད་ཚུལ་དང་། སྤྱོད་པ་དང་། ལོག་པར་སྒྲུབ་པ་དེས་རེ་ལྡེའི་རི་ལ་དགེ་སློང་མ་འོངས་པ་དག་ཀྱང་མི་འོང་ལ། འོངས་པ་དག་ཀྱང་མངོན་པར་མི་

Vol. 6 · folio 14b

དགའ་ཞིང་རེ་ལྡེའི་རིའི་གནས་སྤོང་བར་བྱེད་དོ། །རེ་ལྡེའི་རི་ལ་གནས་པའི་བྲམ་ཟེ་དང་། ཁྱིམ་བདག་དག་ཀྱང་ཡིད་མི་དགའ་ཞིང་ཞེ་བཅིལ་བར་གྱུར་ནས་དགེ་སློང་གཉུག་མར་གནས་པ་དག་ལ་ཡང་བསོད་སྙོམས་དབུལ་བ་དང་། བྱ་བར་སེམས་པ་དཀའ་ན། བློ་བུར་

དུ་ལྷགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ཡུལ་ཀ་ཤི་ཀ་དག་ཏུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རེ་ལྡེ་རིར་ཕྱིན་ནས་རེ་ལྡེ་རིའི་ནགས་ན་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་

བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་པ་དང་། དེ་ཇི་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་པ་དེ་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་ཐ་ན་སློང་མོ་གཅིག་སྦྱིན་པ་ཡང་མ་ཐོབ། ཕྱིར་གཏོང་བ་ཡང་

མ་ཐོབ་པར་ཕྱིར་བྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། སྔོན་ནི་རེ་ལྡེ་རི་འདི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་ཀྱང་གང་བར་གྱུར་ལ། འདིར་སློང་མོ་བས་ཀྱང་

བསོད་སྙོམས་རྙེད་སླ་བར་གྱུར་ན། ད་ལྟར་ཡང་རེ་ལྡེ་རི་འདི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་ཀྱང་གང་བ་ནི་ཡིན་ན། འོན་ཀྱང་བདག་ཇི་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་རེ་ལྡེ་རི་ལ་བསོད་སྙོམས་

ལ་ཞུགས་པ་དེ་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་ཐ་ན་སློང་མོ་གཅིག་སྦྱིན་པ་ཡང་མ་ཐོབ། ཕྱིར་གཏོང་བ་ཡང་མ་ཐོབ་པར་ཕྱིར་བྱུང་བ་ལས་ན་འདིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ་འགའ་ཞིག་གིས་ཉོན་མོངས་པའི་

དབང་དུ་གྱུར་པས་སྤྱོད་ཡུལ་ལམ་སྤྱོད་ཡུལ་གྱི་གྲོང་ངམ་རིགས་ཀྱི་བུད་མེད་དམ། རིགས་ཀྱི་གཞོན་ནུ་མ་དག་ལ་ཀུན་དུ་སྨྲས་པའམ། ནོམ་པའམ། ཉུག་པ་བྱས་པར་མ་གྱུར་ཏམ་སྙམ་མོ། །དེའི་ཚེ་ན་རེ་ལྡེ་རི་པའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་

Vol. 6 · folio 15a

དཔོང་སའི་གནས་ན་བྲམ་ཟེ་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་བྱ་བ་ཞིག་གི་ཕྱིར་འདུག་སྟེ་མཐུན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རེ་ལྡེ་རི་པའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་དཔོང་སའི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རེ་ལྡེ་རི་པའི་

བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་སྔོན་ནི་རེ་ལྡེ་རི་འདི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་ཀྱང་གང་བར་གྱུར་ལ། འདིར་སློང་མོ་བས་ཀྱང་བསོད་སྙོམས་རྙེད་སླ་བར་གྱུར་ན།

ད་ལྟར་ཡང་རེ་ལྡེ་རི་འདི་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་ནི་ཡིན་ན། འོན་ཀྱང་བདག་ཇི་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་པ་དེ་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་

ཐ་ན་སློང་མོ་གཅིག་སྦྱིན་པ་ཡང་མ་ཐོབ། ཕྱིར་གཏོང་བ་ཡང་མ་ཐོབ་པར་ཕྱིར་བྱུང་བར་གྱུར་ཏོ། །དེ་སྐད་ཅེས་སྨྲས་པ་དང་། རེ་ལྡེ་རི་པའི་བྲམ་ཟེ་དང་། ཁྱིམ་བདག་དེ་དག་དབང་པོ་རྣམས་ཕྱིར་བླན་ཏེ་འཁོད་དོ། །དེའི་ཚེ་ན་དགེ་བསྙེན་ཆུ་རྒྱུན་ཅན་འཁོར་དེ་ཉིད་དུ་

འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་དགེ་བསྙེན་ཆུ་རྒྱུན་ཅན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལག་པ་གཉིས་ནས་བཟུང་སྟེ་མཐའ་གཅིག་ཏུ་ཁྲིད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །རེ་ལྡེ་རི་

འདི་ལ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་དང་། དགེ་སློང་དམར་སེར་ཅན་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་མཆིས་ཏེ། དེ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཐོ་འཚམ་པར་བགྱིད། ཀུན་དུ་རྩེ་བར་བགྱིད། ཀུན་དུ་ཅ་ཅོ་འདོན་

པར་བགྱིད། རྒོད་པ་དང་། དྲེགས་པ་དང་། ལུས་སྒྱུར་བར་བགྱིད། སྟན་གཅིག་ལ་མཆིས་པར་བགྱིད། སྣོད་གཅིག་ཏུ་འཚལ་བར་བགྱིད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཚལ་བར་བགྱིད། མེ་ཏོག་དག་འཐོག་པར་བགྱིད།

Vol. 6 · folio 15b

འཐོག་ཏུ་སྩོལ་བར་བགྱིད། ཕྲེང་བ་དག་རྒྱུད་པར་བགྱིད། རྒྱུད་དུ་སྩལ་བར་བགྱིད། མེ་ཏོག་རྣ་རྒྱན་དག་ཐོགས་པར་བགྱིད། ཐོགས་སུ་སྩལ་བར་བགྱིད། བྲོ་རྡུང་བར་བགྱིད། བྲོ་རྡུང་དུ་སྩལ་བར་བགྱིད། མཆིད་མཆི་བར་བགྱིད། མཆིད་མཆིར་སྩོལ་བར་

བགྱིད། རོལ་མོའི་སྒྲ་འབྱིན་པར་བགྱིད། རོལ་མོའི་སྒྲ་འབྱིན་དུ་སྩལ་བར་བགྱིད། བྲོ་མཁས་པ་དང་། གླུ་མཁས་པ་དང་། རོལ་མོའི་སྒྲ་འབྱིན་མཁས་པ་ལ་ངོ་སོ་ལས་བྱུང་བ་སྩོལ་བར་བགྱིད། ཆོས་གོས་དག་བརྫེས་ཏེ་རྒྱུག་པར་བགྱིད། མཆོང་བར་བགྱིད།

རབ་ཏུ་མཆོང་བར་བགྱིད། བརླ་སྐོར་བར་བགྱིད། ལག་པ་སྐོར་བར་བགྱིད། ཉ་ལྟར་སྐོར་བར་བགྱིད། ཆབ་ཏུ་འཕྱོ་བ་འཕེན་པར་བགྱིད། ཆབ་ལ་རྔ་མ་དུ་ཀ་ལྟར་རྡུང་བར་བགྱིད། ཆབ་ལ་རྔ་བོ་ཆེ་ལྟར་རྡུང་བར་བགྱིད། གླང་པོ་ཆེའི་སྐད་ཀྱི་སྒྲ་འབྱིན་པར་བགྱིད། རྟའི་སྐད་ཀྱི་

སྒྲ་འབྱིན་པར་བགྱིད། ཁྱུ་མཆོག་གི་སྐད་ཀྱི་སྒྲ་འབྱིན་པར་བགྱིད། རྨ་བྱའི་སྐད་ཀྱི་སྒྲ་འབྱིན་པར་བགྱིད། ཁུ་བྱུག་གི་སྐད་ཀྱི་སྒྲ་འབྱིན་པར་བགྱིད། ཁས་རྫ་རྔའི་སྒྲ་འབྱིན་པར་བགྱིད། ཁས་དུང་གི་སྒྲ་འབྱིན་པར་བགྱིད། ཁས་རྔ་བོ་ཆེའི་སྒྲ་འབྱིན་པར་བགྱིད།

གླང་པོ་ཆེའི་ཐབ་མོ་ཡང་བགྱིད། གླང་པོ་ཆེའི་ཐབ་མོ་བགྱིད་དུ་སྩོལ་བར་ཡང་བགྱིད། རྟའི་ཐབ་མོ་དང་། ཁྱུ་མཆོག་གི་ཐབ་མོ་དང་། མ་ཧེའི་ཐབ་མོ་དང་། རའི་ཐབ་མོ་དང་། ལུག་གི་ཐབ་མོ་དང་། བུད་མེད་ཀྱི་ཐབ་མོ་དང་། སྐྱེས་པའི་ཐབ་མོ་དང་། གཞོན་

ནུའི་ཐབ་མོ་དང་། གཞོན་ནུ་མའི་ཐབ་མོ་དང་། བྱ་གག་གི་ཐབ་མོ་དང་། ཐི་བའི་ཐབ་མོ་དང་། ངུར་པའི་ཐབ་མོ་ཡང་བགྱིད། བགྱིད་དུ་སྩལ་བར་ཡང་བགྱིད་དེ། དེ་དག་དང་གཞན་ཡང་དགེ་སྦྱོང་གི་ལས་མ་ལགས་པ་དག་བགྱིད་ཅིང་བགྱིད་དུ་སྩལ་ཏོ། །དེ་དག་གི་

སྤྱོད་ཚུལ་དང་། སྤྱོད་པ་དང་། ལོག་པར་སྒྲུབ་པ་དེས་རེ་ལྡེ་རི་ལ་དགེ་སློང་མ་མཆིས་པ་དག་ཀྱང་མི་མཆིས་ལ། མཆིས་པ་དག་ཀྱང་མངོན་པར་མི་དགའ་ཞིང་རེ་ལྡེ་རིའི་གནས་སྤོང་བར་བགྱིད་དོ། །རེ་ལྡེ་རི་ལ་གནས་པའི་བྲམ་ཟེ་དང་། ཁྱིམ་བདག་དག་ཀྱང་ཡིད་མི་

Vol. 6 · folio 16a

དགའ་ཞིང་། ཞེ་བཅིལ་བར་གྱུར་ནས་དགེ་སློང་གཉུག་མར་གནས་པ་དག་ལ་ཡང་བསོད་སྙོམས་དབུལ་བ་དང་བགྱི་བར་སེམས་པ་དཀའ་ན། གློ་བུར་དུ་ལྷགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ་བར་གྱུར་གྱིས་བཙུན་པ་ཀུན་དགའ་བོ་གལ་ཏེ་ཁྱོད་མི་

དཀའ་ན་ཁྱོད་ཀྱིས་ཐུགས་བརྩེ་བའི་སླད་དུ་དོན་འདི་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་བསྙེན་ཆུ་རྒྱུན་ཅན་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་དགེ་བསྙེན་ཆུ་རྒྱུན་ཅན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་ཅང་མི་སྨྲ་བས་

དང་དུ་བླངས་པར་རིག་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་གི་སྡུམ་པར་བསོད་སྙོམས་གཅིག་གསོལ་བར་ཅི་གནང་། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་བསྙེན་ཆུ་རྒྱུན་ཅན་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་

དགེ་བསྙེན་ཆུ་རྒྱུན་ཅན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བདེ་བར་འདུག་པ་ལ་རང་གི་ལག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད། སྟོབས་པར་བྱེད་ཅིང་། རང་གི་ལག་

ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཤིང་བསྟབས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཟོས་ཤིང་ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་ཁྱེར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་མདུན་དུ་ཆོས་

མཉན་པའི་ཕྱིར་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་བསྙེན་ཆུ་རྒྱུན་ཅན་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང་ཆོས་དང་ལྡན་པའི་

གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་གསུམ་པ། དེ་ནས་ཚེ་

Vol. 6 · folio 16b

དང་ལྡན་པ་ཀུན་དགའ་བོས་ཇི་ལྟར་ཡོངས་སུ་སྤྱད་པའི་གནས་མལ་མཁོས་སུ་ཕབ་ནས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལྷུང་བཟེད་

དང་། ཆོས་གོས་མཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་

དེ་ལ་དགེ་བསྙེན་ཆུ་རྒྱུན་ཅན་དང་ལྷན་ཅིག་སྐབས་སུ་གཏམ་བརྗོད་པ་ཇི་སྙེད་བྱུང་བར་གྱུར་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་

སྩལ་ཏོ། །ཀུན་དགའ་བོ་ཁྱོད་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་རེ་ལྡེའི་རི་ལ་སོང་ལ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་བསྐྲད་པའི་ལས་གྱིས་ཤིག །འདི་ལྟར་བྱ་སྟེ། ལམ་གྱི་བར་དུ་འདུག་ལ་དགེ་སློང་གླེང་བ་པོ་བསྐོ་བར་བྱ་སྟེ།

དགེ་སློང་གླེང་བ་པོ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ཞིང་བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གླེངས་པ་དང་མ་གླེངས་

པ་མི་ཤེས་པ་སྟེ། དགེ་སློང་གླེང་བ་པོ་ཆོས་ལྔ་པོ་དེ་དག་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ཞིང་། བསྐོས་པ་ཡང་དབྱུང་བར་བྱའོ། །དགེ་སློང་གླེང་བ་པོ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ཞིང་བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན།

འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གླེངས་པ་དང་མ་གླེངས་པ་ཤེས་པ་སྟེ། དགེ་སློང་གླེང་བ་པོ་ཆོས་ལྔ་པོ་དེ་དག་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ཞིང་བསྐོས་པ་ཡང་

Vol. 6 · folio 17a

དབྱུང་བར་མི་བྱའོ། །འདི་ལྟར་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ཇེ་དང་པོ་སྤྲོ་བར་བྱ་སྟེ། ཚེ་དང་

ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེ་རི་ལ་སོང་སྟེ། དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་བར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་

ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེ་རི་ལ་མཆིས་ཏེ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་

བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་གླེང་བར་བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་

རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེ་རི་ལ་མཆིས་ནས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་

བགྱི་བ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་གླེང་བར་བསྐོ་ན། ཚེ་དང་ལྡན་པ་གང་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་གླེང་བར་བསྐོ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་

པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་ལ་གླེང་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་

Vol. 6 · folio 17b

སློང་དག་ངས་དགེ་སློང་གླེང་བ་པོའི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གླེང་བ་པོས་སྲིན་བུ་ཅན་གྱི་རིལ་སོང་སྟེ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་

མཐུན་པར་གྱུར་པ་ན་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་གླེང་བར་བྱའོ། །གལ་ཏེ་མཐུན་པ་མི་སྦྱིན་ན་མ་གུས་པ་དེ་ཉིད་ཀྱིས་གནས་ནས་བསྐྲད་པའི་ལས་བྱའོ། །གལ་ཏེ་མཐུན་པ་སྟེར་ན་སྐབས་འབྱེད་དུ་གཞུག་པར་བྱའོ། །གལ་ཏེ་སྐབས་མི་འབྱེད་ན་

མ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །གལ་ཏེ་སྐབས་འབྱེད་ན་གླེང་བར་བྱའོ། །གལ་ཏེ་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན་མ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །གལ་ཏེ་ལྟུང་བ་མཐོང་ངོ་ཞེས་ཟེར་ན་འདི་སྐད་ཅེས་དེ་ཁོ་ནའི་ཕྱིར་དགེ་འདུན་གྱིས་ཁྱེད་

གཉིས་ལ་བསྐྲད་པའི་ཕྲིན་ལས་མཛད་དོ་ཞེས་བརྗོད་པར་བྱའོ་དགེ་སློང་གླེང་བ་པོས་གླེང་བ་པོའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་

ལྡན་འདས་ལས་མཉན་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་རེ་ལྡེ་རི་ལ་སོང་སྟེ། ལམ་གྱི་བར་དུ་འདུག་ནས་དགེ་སློང་གླེང་བ་པོ་བསྐོས་སོ། །དེ་ན་དགེ་སློང་དམར་སེར་ཅན་གང་དག་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་དང་མཚུངས་པར་

བྱེད་པ་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་འདིར་འོངས་ཏེ་ལམ་གྱི་བར་དུ་འདུག་ནས། དགེ་སློང་གླེང་བ་པོ་བསྐོས་ཏེ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་སྐྲོད་པའི་ལས་བྱེད་པར་འགྱུར་རོ་ཞེས་ཐོས་སོ། །

ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་འདི་གཉིས་ཀྱིས་ཀུན་དུ་སྤྱད་པ་དང་། སྨྲས་པ་དང་། བརྟུལ་བ་གང་ཡིན་པ་དག་ལས་བདག་ཅག་གིས་ཀུན་དུ་མ་སྤྱད་པ་དང་། མ་སྨྲས་པ་དང་། མ་བརྟུལ་བ་ཅི་ཡང་མེད་པས་དེའི་ཕྱིར་འདི་གཉིས་ལ་

Vol. 6 · folio 18a

སྐྲོད་པའི་ལས་བྱེད་ན་བདག་ཅག་ལ་ཡང་ཅིའི་ཕྱིར་མི་བྱེད་དེ། གང་གི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་འདིར་འོངས་ཏེ་དང་པོར་འགྲོ་མགྱོགས་དང་། ནབ་སོ་གཉིས་བསྐྲད་པའི་ལས་བྱས་ནས་དེའི་འོག་ཏུ་བདག་ཅག་ལ་

ཡང་སྐྲོད་པའི་ལས་བྱེད་པར་འགྱུར་བའི་གནས་ཡོད་པར་འགྱུར་བས་བདག་ཅག་གཏུར་བུའི་ཁུར་དྲགས་ཏེ་ཉན་རྣ་བ་བཞག་ཅིང་འཁོད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་སྒོ་གཅིག་ནས་འཇུག་པར་འགྱུར་བ་ན། བདག་

ཅག་གཏུར་བུའི་ཁུར་དག་ཐོགས་ཏེ་སྒོ་གཅིག་ནས་འབྱུང་ཞིང་མཉན་ཡོད་དུ་འདོང་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དགེ་སློང་གླེང་བ་པོ་རེ་ལྡེ་རི་ལ་སོང་སྟེ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་

དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་མཐུན་པ་བྱིན་ཏེ་སྐབས་ཕྱེ་ནས་དགེ་སློང་གླེང་བ་པོས་གླེངས་པ་དང་། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལྟུང་བ་མཐོང་ངོ་། །གླེང་བ་པོས་སྨྲས་པ།

དེ་ཁོ་ནའི་ཕྱིར་དགེ་འདུན་གྱིས་ཁྱེད་གཉིས་ལ་བསྐྲད་པའི་ཕྲིན་ལས་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་སྒོ་གཅིག་ནས་ཞུགས་པར་གྱུར་པ་ན། དགེ་སློང་དམར་སེར་ཅན་དག་གཏུར་བུའི་ཁུར་དག་ཐོགས་

ཏེ་སྒོ་གཅིག་ནས་བྱུང་ཞིང་མཉན་ཡོད་དུ་དོང་ནས་དེ་དག་གིས་ལྟུང་བ་བཤགས་པར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་ཤིང་། སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་བསྡམ་པར་བྱ་བ་དག་ཀྱང་སེམས་ཀྱིས་བསྡམས་ཏེ། དགེ་སློང་རང་བཞིན་དུ་གནས་པ་

དག་དང་ལྷན་ཅིག་གནས་ཤིང་དགེ་འདུན་གྱི་བྱ་བ་ཡང་རྗེས་སུ་སྲུང་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་བསྐྲད་པའི་ལས་བྱས་ནས་

Vol. 6 · folio 18b

མཉན་ཡོད་ག་ལ་བ་དེར་སོང་སྟེ། མཐར་གྱིས་རྒྱུ་ཞིང་འདོང་བ་ན་མཉན་ཡོད་དུ་ཕྱིན་ཏོ། །འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་བསམས་པ། གང་ས་ལ་སྒྱེལ་བ་དེ་ནི་ས་ཉིད་ལས་བརྟེན་ཏེ་ལྡང་བ་ཡིན་པས་བདག་ཅག་གཉིས་ཀྱང་མཉན་ཡོད་ཉིད་དུ་སོང་སྟེ།

བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་སྙམ་ནས་འགྲོ་མགྱོགས་ཀྱིས་སྨྲས་པ། ནབ་སོ་གང་ས་ལ་སྒྱེལ་བ་དེ་ནི་ས་ཉིད་ལས་བརྟེན་ཏེ་ལྡང་བ་ཡིན་པས་བདག་ཅག་གཉིས་ཀྱང་མཉན་ཡོད་ཉིད་དུ་སོང་སྟེ། བཅོམ་ལྡན་འདས་དང་

དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་བྱས་འདོང་ངོ་། །ནབ་སོས་སྨྲས་པ། མ་ཉེས་ཀྱིས་ཚུར་ཤོག་བཟོད་པ་གསོལ་དུ་འདོང་ངོ་། །དེ་གཉིས་ཀྱིས་གྲོས་བྱས་ནས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་

ཐོགས་ཏེ་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་ནས། རེ་ལྡེ་རི་ལ་བསོད་སྙོམས་བརྒྱུས་ཏེ་ཟས་ཀྱི་བྱ་བ་བྱས་ནས་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་མཉན་ཡོད་ག་

ལ་བ་དེར་རྒྱུ་ཞིང་དོང་སྟེ་མཐར་གྱིས་རྒྱུ་ཞིང་དོང་བ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དེ་གཉིས་མཐོང་བ་དང་། དེ་དག་དེ་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་དོ། །དགེ་སློང་དམར་སེར་ཅན་དག་

གིས་ཀྱང་དེ་གཉིས་མཐོང་བ་དང་། དེ་དག་ཀྱང་དེ་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་དོ། །དེ་ནས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་དགེ་སློང་དམར་སེར་ཅན་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་

གནས་བརྟན་གནས་བརྟན་དག་ཁོ་བོ་ཅག་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་པ་ནི་རིགས་ན། ཁྱེད་ཅག་ཅིའི་ཕྱིར། ཁོ་བོ་ཅག་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ཁོ་བོ་ཅག་གཉིས་ཀྱིས་ཀུན་དུ་སྤྱད་པ་དང་།

Vol. 6 · folio 19a

སྨྲས་པ་དང་། བརྟུལ་བ་གང་ཡིན་པ་དག་ལས་ཁྱེད་ཅག་གིས་ཀུན་དུ་མ་སྤྱད་པ་དང་། མ་སྨྲས་པ་དང་། མ་བརྟུལ་བ་ཅི་ཞིག་ཡོད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གཉིས་དེ་ཡང་བདེན་མོད་ཀྱི། འོན་ཀྱང་ཁོ་བོ་ཅག་གིས་ལྟུང་བ་བཤགས་

པར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་ཤིང་སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་བསྡམ་པར་བྱ་བ་དག་ཀྱང་སེམས་ཀྱིས་བསྡམས་ཏེ། ད་ལྟར་དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གནས་ཤིང་དགེ་འདུན་གྱི་བྱ་བ་ཡང་རྗེས་སུ་སྲུང་བར་བྱེད་པས་ཁོ་

བོ་ཅག་ཕྱིན་ཅད་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་མི་བྱེད་དོ། །དེ་གཉིས་ཀྱིས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ།

འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་འཕྱ་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཁྱེད་ཅག་གཉིས་སུ་ལ་འདུན་པས་འགྲོ་བ་ཞེས་ཟེར། ཞེ་སྡང་

གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར། ཚེ་དང་ལྡན་པ་དག་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་བདག་ཅག་བསྐྲད་པའི་ལས་བྱས་པ་དག་ལའོ། །དགེ་སློང་དོན་

ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་བདག་ཅག་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་ཟེར། ཞེ་སྡང་གིས་འགྲོ་བ། གཏི་མུག་

གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར་ཞིང་། དགེ་སློང་རྣམས་ལ་ཡང་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་

Vol. 6 · folio 19b

བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་

བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་

སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་

ནི་སྐྲོད་པར་མི་བྱེད་དོ། །ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་

འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་

བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་

Vol. 6 · folio 20a

མཉན་ནས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་

ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་

སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་

འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་

ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་

བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོའོ། །དགེ་སློང་རྣམས་ཀྱིས་དེ་གཉིས་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་

བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་

Vol. 6 · folio 20b

ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་

ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་། ནབ་སོ་འདི་གཉིས་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིད་པར་

འཚལ་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང་། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་

སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་

བསྒོ་ན། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་

འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་

ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་

Vol. 6 · folio 21a

ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །

དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་

ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་

བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་། ནབ་

སོ་འདི་གཉིས་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ། དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ།

འཇིགས་པས་འགྲོ་བ་ཞེས་མཆི་ཞིང་། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་

དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན་འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་

Vol. 6 · folio 21b

གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་

གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་

པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་

ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་

ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ།

གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་

བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འགྲོ་

Vol. 6 · folio 22a

མགྱོགས་དང་། ནབ་སོ་གཉིས་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་

འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་

པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་

བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ། གྲོང་རྡལ་ཞིག་ན་ཉེ་བར་རྟེན་

ཅིང་གནས་པར་གྱུར་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་དུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་

ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་

ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པས་ཆོག་གིས་གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་

Vol. 6 · folio 22b

མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་

དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །

དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་

དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ།

གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་

བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་

མའོ། །དགེ་སློང་ཞེས་བྱ་བ་ནི་འགྲོ་མགྱོགས་དང་། ནབ་སོ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོ་དག་གོ། །གྲོང་ངམ། གྲོང་རྡལ་ཞིག་ན་ཞེས་བྱ་བ་ནི་རེ་ལྡེ་རི་ལའོ། །

Vol. 6 · folio 23a

དེ་དག་ཀྱང་ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ལ། ཁྱིམ་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་གོ། །དེ་དག་ནི་རྒྱུ་གཉིས་ཀྱིས་སུན་འབྱིན་པར་བྱེད་དེ། འགྲོགས་པ་དང་ལོངས་སྤྱོད་པས་སོ། །ཇི་ལྟར་འགྲོགས་པས་ཞེ་

ན། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་བྱེད། སྣོད་གཅིག་ཏུ་ཟ་བར་བྱེད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཐུང་བར་བྱེད་པ་སྟེ། དེ་ལྟར་འགྲོགས་པས་སོ། །ཇི་ལྟར་ལོངས་སྤྱོད་པས་ཞེ་ན། ཟས་

ཀྱིས་དང་། སྐོམ་གྱིས་དང་། གོས་ཀྱིས་དང་། མེ་ཏོག་གིས་དང་། འབྲས་བུས་དང་། སོ་ཤིང་གིས་ཏེ། དེ་ལྟར་ལོངས་སྤྱོད་པས་སོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་གྱུར་ཅིང་ངོ་། །དེ་དག་

གིས་ཁྱིམ་དག་ཅེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་གོ། །མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་སམ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་སམ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་

ཚོགས་དག་གིས་སོ། །དེ་དག་སྡིག་པ་ཀུན་དུ་སྤྱོད་པར་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་རོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་

པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་

ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་

Vol. 6 · folio 23b

ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་

དགེ་སློང་གང་དག་གིས་བདག་ཉིད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་

ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་

དང་པོ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་

པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་

ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་མ་ཡིན་པ་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་།

འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །

Vol. 6 · folio 24a

དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་རྗོད་ན་དེ་ཕྱིན་ཅད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་

འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་

པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཉིས་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་

ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས་དེ་ལ་དགེ་སློང་དོན་འདོད་པ། ཕན་པ་འདོད་པ། བདེ་བ་འདོད་པ། བདེ་བ་ལ་རེག་པར་འདོད་པ། གྲུབ་པ་དང་བདེ་བ་འདོད་པ་རྣམས་ཀྱིས་ཚེ་དང་ལྡན་པ་འདུན་

པ་ཁྱོད་ལྟུང་བ་བྱུང་བ་དེ་དག་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེང་བར་བྱེད། དྲན་པར་བྱེད་པ་ན་དེས་སྨྲས་པ། སུ་ལ་ལྟུང་བ་དེ་ཕྱིར་བྱེད་པར་འགྱུར་རོ། །ཁྱོད་ལ་ལྟུང་བ་བྱུང་ན་སུ་ཞིག་ཕྱིར་བྱེད་པར་འགྱུར་སུ་འགྱོད་པར་འགྱུར་བའོ། །ཁྱོད་ལ་ལྟུང་བ་བྱུང་བ་ལ་སུ་

འགྱོད་པར་འགྱུར། དེ་ལ་དགེ་སློང་རྣམས་ཀྱིས་ཕྱིར་ཞིང་ཕྱིར་ཞིང་སྨྲས་པ་ན་དེར་མཐུན་ཞིང་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་

སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་ཏེ། འདི་ལྟ་སྟེ། དཔེར་

Vol. 6 · folio 24b

ན་ཤིང་ལྗོན་པ་དག་གི་ལོ་མ་སྣ་ཚོགས་རླུང་གིས་བླགས་པ་དག་གཅིག་ཏུ་ལྟུང་ཞིང་གཅིག་ཏུ་འདུག་པ་དེ་བཞིན་དུ་ཁྱེད་ཅག་ཀྱང་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་བོའི་འཕགས་པས་ནི་བྱང་ཆུབ་

ཐུགས་སུ་ཆུད་པ་ཡིན་ནོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་

པར་སྨྲས་པ་ནི་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་

ཀྱིས་དགེ་སློང་འདུན་པ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་

མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་

འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་།

གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་

Vol. 6 · folio 25a

ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཚེ་དང་ལྡན་པ་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་

གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་

བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་

པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་

འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོའོ། །དེ་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་

ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང་། གཞན་ཡང་དེ་ལྟ་

བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་

Vol. 6 · folio 25b

གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་

བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་

ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་མང་

པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་

དང་། དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་

བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་

པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་

Vol. 6 · folio 26a

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་

བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས་འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་

པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་

དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མང་པོས་

བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་

ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་

བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་

Vol. 6 · folio 26b

ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་

འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལ་གསོལ་བ་དང་

བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་

གྱིས་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་འདུན་པ་ལ་

གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་

ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུན་པ་ལ་རྨས་པ། འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་

Vol. 6 · folio 27a

གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པ་བྱ་བ་མ་ཡིན་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་

ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།

དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདི་

ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་

མཐུན་པར་སྨྲས་པ་ན་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་

བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་

གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་

Vol. 6 · folio 27b

དང་། འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་

དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་

ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག །ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་

བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །འདི་ན་དགེ་སློང་འགའ་ཞིག་ཅེས་བྱ་བ་ནི་འདུན་པའམ་

གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ་ཞེས་བྱ་བ་ལ། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་རྗེས་སུ་མཐུན་པ། རྗེས་སུ་མཉན་པར་བྱ་བ། ཚུལ་དང་མཐུན་པ། དྲང་པོར་འཇུག་པ། འགྲུས་སྐྱོང་གི་ཡན་

ལག་གི་ཚོགས་དག་ཀུན་དུ་འགོག་པ་དང་། མི་འཛིན་པ་དང་། མི་བྱ་བ་དང་། མི་བྱེད་པ་དང་། མི་མཐུན་པར་འཛིན་པའོ། །དེ་ལ་ཞེས་བྱ་བ་ནི་འདུན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །གདོན་པར་གཏོགས་

པའི་བསླབ་པའི་གཞི་རྣམས་ཞེས་བྱ་བ་ལ། གདོན་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་།

Vol. 6 · folio 28a

སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་

པའོ། །མདོ་ཞེས་བྱ་བ་ནི་དེས་ཉེ་བར་སྦྱར་བའི་མདོའམ། ཡང་ན་མདོ་ཡང་དག་པར་སྦྱོར་བའོ། །ཆོས་དང་མཐུན་པ་ཞེས་བྱ་བ་ནི་མདོ་སྡེ་དང་། མ་མོ་དང་ངོ་། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་འདུལ་བ་ཉིད་དང་ངོ་། །སྨྲས་པ་ན་ཞེས་བྱ་བ་ནི་བཟློག་པ་ན་སྟེ།

ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བ་ནའོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བ་དག་ལ་ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ལ་སྡིག་པ་ལས་ཟློག་པར་ཡང་མ་བྱེད་ཅིག་

ཅེས་པའོ། །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མི་བྱེད་ལ་སྡིག་པ་ལས་ཟློག་པར་ཡང་མི་བྱེད་དོ། །ཞེས་པའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་

ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་རྒྱ་ཆེར་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་པའོ། །བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཞེས་བྱ་བ་ནི་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་ནའོ། །དགེ་སློང་

དེ་ལ་ཞེས་བྱ་བ་ནི་འདུན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་བསྒོ་བ་ཞེས་བྱ་བ་ནི་

བཞམས་ཏེ་བསྒོ་བས་བཟློག་པ་ནའོ། །གལ་ཏེ་གཞི་དེ་ཞེས་བྱ་བ་ནི་བཀའ་བློ་མི་བདེ་བ་ཉིད་དོ། །གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་

Vol. 6 · folio 28b

གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན་ནོ། །ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་

ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་

དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་

ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་མ་རྫོགས་

པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །

ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་

བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་། ཆོས་མ་ཡིན་པ་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་

Vol. 6 · folio 29a

ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་དེས་སྟན་དེ་ལ་འདུག་བཞིན་

དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ཕྱིན་ཅད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་

དེ་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་

བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བཞི་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་འདུན་པ་འདི་ཚངས་

པ་མཚུངས་པར་སྤྱོད་པ་དེས་པ་དེས་པ་རྣམས་ཀྱི་མདུན་དུ་བཅོམ་ལྡན་འདས་ཉེ་དུ་ལགས་པར་སྟོན་ཅིང་བདག་ཉིད་སྨྲ་བ་དང་རྣམ་པར་སྨྲ་བར་བགྱིད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་

དུས་ན་ཡང་འདིས་བྲམ་ཟེ་དང་། ཁྱིམ་བདག་དེས་པ་དེས་པ་རྣམས་ཀྱི་མདུན་དུ་ང་ཉེ་དུ་ཡིན་པར་བསྟན་ཅིང་བདག་ཉིད་སྨྲ་བ་དང་རྣམ་པར་སྨྲ་བར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྡོ་འཇོག་ན་བྲམ་ཟེ་ཟླ་གྲགས་ཞེས་བྱ་བ་ཞིག་འདུག་པ་དེས་རིགས་

མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བཙས་ནས་དེའི་མིང་ཉི་ཟླ་ཞེས་བྱ་བར་བཏགས་ཏེ་དེ་བསྲིངས་བསྐྱེད་ནས་ཆེན་པོར་གྱུར་

Vol. 6 · folio 29b

ཏོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་ཟླ་གྲགས་ན་བར་གྱུར་ནས། དེ་ཆུང་མ་དང་བུས་ཡལ་བར་བོར་ཞིང་ན་བ་མ་སོས་ནས་དེ་ལ་བུ་མོ་མངག་གཞུག་མ་ཞིག་ཡོད་པ་དེས་བསམས་པ། བྲམ་ཟེ་ཟླ་གྲགས་ཀྱིས་ཁྲུས་གཞལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ཏེ་འདི་ན་

བར་གྱུར་ན་ཆུང་མ་དང་བུས་ཡལ་བར་བོར་ཞིང་ན་བ་མ་སོས་པས་བདག་གིས་རྗེ་བོ་ཡལ་བར་དོར་བ་ནི་བདག་ལ་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས་དེ་དགེ་བའི་བསམ་པ་དང་རྗེ་བོ་ལ་སྙིང་ཉེ་བས་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་བྲམ་ཟེ་ཟླ་གྲགས་

ཞེས་བྱ་བ་དེ་ཤེས་སམ། ཤེས་ཏེ་དེ་ཅི་ཉེས། དེ་ན་བར་གྱུར་ནས་ཆུང་མ་དང་བུས་ཡལ་བར་བོར་ནས་ན་བ་མ་སོས་ཀྱིས་དེའི་སྨན་སྟོན་ཅིག །སྨན་པས་སྨྲས་པ། བུ་མོ་གལ་ཏེ་དེ་ཆུང་མ་དང་བུས་ཡལ་བར་བོར་ན་གཡོག་སུས་བྱེད། བཞིན་བཟངས་སྨན་སྟོན་ཅིག་དང་

བདག་གིས་གཡོག་བྱའོ། །སྨན་པ་དེས་དེ་ལ་ནད་ཅི་ལས་གྱུར་པ་དྲིས་ནས་སྨན་བསྟན་ཏོ། །དེ་ནས་བུ་མོ་དེས་བྲམ་ཟེ་ཟླ་གྲགས་ཀྱི་གཡོག་བྱས་ནས་དེས་ནད་དེ་ལས་སོས་སོ། །བྲམ་ཟེ་ཟླ་གྲགས་ཀྱིས་བསམས་པ། བདག་ནད་དེ་ལྟ་བུས་བཏབ་ན་ཆུང་མ་དང་བུས་ཡལ་

བར་བོར་ནས་སྲོག་དག་དང་ཅུང་ཟད་མ་བྲལ་བ་གང་ཡིན་པ་དེ་ནི་བུ་མོ་འདིའི་མཐུ་ཡིན་པས་བདག་གིས་འདི་ལ་ངལ་བ་འབྲས་བུ་དང་བཅས་པ་བསྐྱེད་པར་བྱའོ་སྙམ་དུ་རིག་ནས་བུ་མོ་དེ་བོས་ཏེ་སྨྲས་པ། བུ་མོ་ཁོ་བོ་ནད་དེ་ལྟ་བུས་བཏབ་ན་ཆུང་མ་དང་བུས་ཡལ་བར་བོར་ནས་ཁྱོད་ཀྱི་

མཐུས་སྲོག་དག་དང་མ་བྲལ་བར་ཁོ་བོས་ཤེས་ཀྱིས་ཁྱོད་ལ་དམ་པ་ཅི་ཞིག་སྦྱིན་པར་བྱ་བ་དེ་སྨྲོས་ཤིག །ཇོ་བོ་གལ་ཏེ་ཁྱོད་བདག་ལ་དགྱེས་ན་བདག་ཁྱོད་དང་ལྷན་ཅིག་མཇལ་བར་འཚལ་ལོ། །བུ་མོ་ཁྱོད་ལ་ཁོ་བོ་དང་ལྷན་ཅིག་ཕྲད་པས་ཅི་བྱ། ཁོ་བོས་ཁྱོད་ཀཱར་ཥཱ་པ་ཎ་ལྔ་

བརྒྱ་སྦྱིན་ཞིང་བྲན་མོ་ལས་གཏང་ངོ་། །ཇོ་བོ་བདག་ཤིན་ཏུ་རིང་དུ་མཆིས་སུ་ལགས་ཀྱང་བྲན་མོ་ཉིད་ལགས་ཀྱིས། གལ་ཏེ་ཁྱོད་བདག་ལ་དགྱེས་ན་བདག་ཁྱོད་དང་ལྷན་ཅིག་མཇལ་བར་འཚལ་ལོ། །དེས་དེ་གདོན་མི་ཟ་བར་དངན་དུས་བྱེད་པར་རིག་ནས་སྨྲས་པ། བུ་མོ་

Vol. 6 · folio 30a

གང་གི་ཚེ་ཁྱོད་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པར་གྱུར་པ་དེའི་ཚེ་ཁྱོད་ཁོ་བོའི་གན་དུ་ཤོག་ཤིག །བུ་མོ་དེ་དེའི་ཚིག་གིས་སྙིང་དགའ་བར་གྱུར་ནས། ཟླ་མཚན་འཛག་པའི་ཉི་མ་བགྲང་ཞིང་འདུག་འདུག་ནས་གང་གི་ཚེ་ཟླ་མཚན་དང་ལྡན་པར་གྱུར་པ་དེའི་ཚེ་

བྲམ་ཟེ་དེའི་གན་དུ་སོང་བ་དང་། དེས་དེ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེའི་ཆུང་མ་བྲམ་ཟེ་མོས་བྲམ་ཟེ་འདི་བུ་མོ་འདི་དང་ལྷན་ཅིག་དགའ་མགུར་སྤྱད་དོ་སྙམ་དུ་རིག་ནས་དེ་ཕྲག་དོག་གི་ཀུན་ནས་དཀྲིས་པ་ཀུན་དུ་སྤྱོད་པས་མི་བཟོད་པ་

སྐྱེས་ནས་བུ་མོ་དེ་ལ་རྟག་ཏུ་ཁུ་ཚུར་དང་ཐལ་ལྕག་གིས་རྡེག་ཅིང་ཟས་ངན་པ་དང་། གོས་ངན་པ་སྲེལ་དུ་འཇུད་དོ། །བུ་མོ་དེས་བསམས་པ་བདག་གི་མངལ་དུ་ཞུགས་པའི་སེམས་ཅན་སྐལ་ཆད་འདི་སུ་ཞིག་ཡིན་ན་འདི་མངལ་དུ་ཞུགས་པའི་དུས་ཚུན་ཅད་ནས་བདག་རྟག་ཏུ་

ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་ཅིང་ཟས་ངན་པ་དང་། གོས་ངན་པ་སྲེལ་དུ་བཅུག་གོ་སྙམ་ནས་དེ་བདག་ཉིད་མྱ་ངན་བྱེད་ཅིང་འདུག་གོ། །ཇི་ཙམ་ན་ཟླ་བ་དགུ་ཚང་ནས་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེས་བསམས་པ། སེམས་ཅན་སྐལ་ཆད་འདི་བདག་གི་མངལ་

དུ་ཞུགས་ནས་བདག་གིས་དེ་འདྲ་བའི་གནས་སྐབས་ཐོབ་པར་གྱུར་པས་གལ་ཏེ་འདི་སྐྱེས་པར་གྱུར་ན་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ་སྙམ་དུ་རིག་ནས་དེ་ཆོལ་ཟངས་སུ་བཞག་སྟེ་དོར་བར་བརྩམས་པ་དང་། དེའི་ཚེ་བྲམ་ཟེ་དེས་མཐོང་ནས་སྨྲས་པ། བུ་

མོ་དེ་ཅི་ཡིན། དེས་སྨྲས་པ། ཅང་མ་ལགས་སོ། །དེས་ཆོལ་ཟངས་དེ་བལྟས་པ་དང་། ཇི་ཙམ་ན་ཁྱེའུ་ཞིག་མཐོང་ནས་དེས་སྨྲས་པ། བུ་མོ་ཅིའི་ཕྱིར་འདི་འདོར་བར་བྱེད། ཇོ་བོ་གང་ཚུན་ཆད་ནས་སེམས་ཅན་སྐལ་ཆད་འདི་བདག་གི་མངལ་དུ་ཞུགས་པར་གྱུར་པ་དེ་

ཚུན་ཆད་ནས་བདག་བྲམ་ཟེ་མོ་འདིས་རྟག་ཏུ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་ཅིང་། འཚལ་མ་ངན་པ་དང་རད་པ་ངན་པ་སྲེལ་དུ་སྩལ་བས་གལ་ཏེ་འདི་སྐྱེས་པར་གྱུར་ན་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པར་འགྱུར་བའི་སླད་དུའོ། །དེས་སྨྲས་པ། བུ་མོ་དེ་ནི་

Vol. 6 · folio 30b

དེས་མ་ཉེས་ཀྱི་ཁོ་བོས་ཉེས་ཀྱིས་འདི་སྐྱེད་ཅིག་དང་འདི་ལ་ཁོ་བོས་དུས་ཤེས་པར་བྱའོ། །དེས་དེ་བསྙོད་པར་བརྩམས་པ་དང་། བྲམ་ཟེས་ཀྱང་བྲམ་ཟེ་མོ་ལ་སྨྲས་པ། གང་གི་ཚེ་ཁོ་བོ་དེ་ལྟར་ན་བར་གྱུར་པ་ན་ཁྱོད་དང་བུས་ཡལ་བར་བོར་བ་དེའི་ཚེ་ན་བུ་མོ་འདིས་སྨན་དང་གཡོག་

གིས་ལེགས་པར་གསོས་པར་ཁོ་བོས་ཤེས་ཀྱིས། དེའི་ཕྱིར་གལ་ཏེ་འདི་ལ་མཁོ་བ་སྟོབས་པར་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བྱེད་ན་ཁོ་བོས་འདི་ཁྱིམ་བདག་མོར་གཞག་ཅིང་ཁྱོད་འདིའི་བྲན་མོར་བསྐོའོ། །བྲམ་ཟེ་མོ་དེ་སྐྲག་སྟེ་བསམས་པ། བྲམ་ཟེ་འདི་གཏུམ་པས་

གལ་ཏེ་དེ་ལྟར་མ་བྱས་ན་དེ་ལྟ་བྱེད་པར་འགྱུར་བའི་གནས་ཡོད་དོ་སྙམ་དུ་རིག་ནས་དེས་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་བུ་མོ་མངག་གཞུག་མ་ལ་དགའ་མགུར་སྤྱད་པ་དང་། ཁྱེའུ་འདི་ཁྱོད་ཀྱི་སྲས་ལགས་པར་ཡང་བདག་གིས་མ་འཚལ་ཏེ་ད་སླན་ཅད་ཅུང་ཟད་ཀྱང་ཐོ་འཚམ་

པར་མི་བྱེད་དོ། །ཁྱེའུ་དེ་ཆོལ་ཟངས་སུ་བཅུག་པས་དེའི་མིང་ཆོལ་ཟངས་པ་ཞེས་བྱ་བར་ཆགས་སོ། །བྲམ་ཟེ་དེ་ཆོལ་ཟངས་པ་ལ་འདིའི་མས་བདག་གི་གཡོག་བྱས་ཤིང་འདི་ཡང་བདག་ལས་བྱུང་བ་ཡིན་ནོ་སྙམ་པས་ཤིན་ཏུ་བྱམས་པ་དང་ལྡན་པར་གྱུར་ཏེ། དེ་དེ་དང་ལྷན་

ཅིག་གཅིག་ཏུ་ཟ་ཞིང་གང་དུ་མགྲོན་དུ་བོས་པར་འགྲོ་བ་དེར་ཡང་དེ་དང་ལྷན་ཅིག་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་དེ་ཡང་ན་བར་གྱུར་ནས་དེ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་གསོ་བར་བྱེད་དེ། གསོ་

བར་བྱེད་པ་ན་ནད་ན་བ་ཁོ་ནར་གྱུར་ནས་གང་གི་ཚེ་དེ་འཆི་བ་ལ་ཐུག་པའི་ཚོར་བ་བྱུང་ཞིང་རིང་པོ་མི་ཐོགས་པར་དུས་བྱེད་པར་འགྱུར་བ་དེའི་ཚེ་ན་དེས་བུ་ཐུ་བོ་ཉི་ཟླ་བཀུག་སྟེ་སྨྲས་པ། བུ་ཁོ་བོ་འདས་ནས་ཁྱོད་ནི་མྱ་ངན་བྱ་བ་མ་ཡིན་གྱི། ཁྱོད་ཀྱི་ནུ་བོ་ཆོལ་ཟངས་པ་འདི་མྱ་ངན་བྱ་

བར་འགྱུར་བས་ཁྱོད་ཀྱིས་འདི་ལ་མཁོ་བ་བསྟབས་པར་བྱའོ་ཞེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དེ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words