འདུལ་བ་རྣམ་པར་འབྱེད་པ
Sanskrit title (Tibetan script, as in the text) བི་ན་ཡ་བི་བྷང་ག
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 6 · folio 117b
བཏབ། བུ་ལོན་པས་བཟུང་སྟེ་འདུག་གོ། །ཁྱོད་ཀྱི་ཕས་ཀྱང་བུ་ལོན་དག་ཡོད་པར་མ་བྱས། མེས་པོ་དག་གིས་ཀྱང་མ་བྱས་ན་བུ་ལོན་པ་ག་ལས་བྱུང་དེས་སྨྲས་པ། གང་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ལ་དད་པར་བྱེད་པ་དེ་དག་འདི་ལྟར་འགྱུར་ཏེ། འདི་ལྟར་གང་བྱིན་པ་དེ་
མི་ལེན་པར་ལྷག་པ་སློང་བར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་
ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་གང་བྱིན་པས་མི་མགུ་ཞིང་ལྷག་པ་སློང་བ་བདེན་ནམ། བཙུན་
པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་
དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་བ་དག་སྤགས་ནས་བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་
བ་འོངས་དང་བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་
Vol. 6 · folio 118a
གན་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉི་ག་འདུས་ཏེ་བདག་ལ་གོས་རུང་བ་ཅིག་དུས་
སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་གོས་དྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་
ཡིན་པས་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཀྱི་རིན་ཅེས་བྱ་བ་ནི་གསེར་རམ། དངུལ་ལོ། །གོས་འདི་དང་འདི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་།
ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ཏེའོ། །དགེ་སློང་མིང་འདི་ཞེས་བྱ་བ་འོངས་དང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའོ། །དེ་ལ་གོས་
རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་ཞེས་བྱ་བ་ནི་ལོངས་སྤྱད་པར་བཟོད་པའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་ནི་བསྙེན་བཀུར་བྱེད་པ་ཞིག་བྱུང་སྟེའོ། །བཟང་
པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་རབ་དང་མཆོག་གི་ཕྱིར་རོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས་ཞེས་བྱ་བ་ནི་དྲུང་དུ་སོང་ནས་སོ། །གཉི་ག་འདུས་ཏེ་ཞེས་བྱ་བ་ནི་གཉི་ག་ཚོགས་ཏེའོ། །གོས་དྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །
སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ཁ་དོག་དང་། ཁྲུ་ཚད་ལས་ཏེ་ཇི་ལྟར་རིན་ཐང་ལས་ཞེ་ན། དགེ་སློང་
Vol. 6 · folio 118b
གིས་ཀཱར་ཥཱ་པ་ཎ་ལྔ་རི་བའི་གོས་ཐོབ་པ་ན་དེ་དེ་ལས་ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །ཀཱར་ཥཱ་པ་ཎ་ལྔ་རི་བ་ཇི་ལྟ་བ་དེ་བཞིན་དུ་ཀཱར་ཥཱ་པ་ཎ་བཅུ་རི་བ་དང་། ཀཱར་ཥཱ་པ་ཎ་ཉི་ཤུ་རི་
བ་དང་། ཀཱར་ཥཱ་པ་ཎ་ལྔ་བཅུ་རི་བའི་བར་གྱི་གོས་ཐོབ་པ་ན་དེ་དེ་ལས་ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་རིན་ཐང་ལས་སོ། །ཇི་ལྟར་ཁ་དོག་ལས་ཞེ་ན། དགེ་སློང་གིས་
གོས་སྔོན་པོ་ཐོབ་པ་ན་དེ་དེ་ལས་ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །གོས་སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲབ་མོ་ཐོབ་པ་ན་དེ་དེ་ལས་
ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཁ་དོག་ལས་སོ། །ཇི་ལྟར་ཁྲུ་ཚད་ལས་ཞེ་ན། དགེ་སློང་གི་གོས་ཁྲུ་ལྔ་པ་ཐོབ་པ་ན་དེ་དེ་ལས་ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་
བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །ཁྲུ་ལྔ་པ་ཇི་ལྟ་བ་དེ་བཞིན་དུ་ཁྲུ་བཅུ་པ་དང་། ཁྲུ་ཉི་ཤུ་པ་དང་། ཁྲུ་ལྔ་བཅུ་པའི་བར་གྱི་གོས་ཐོབ་ན་དེ་དེ་ལས་ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་
ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་ཁྲུ་ཚད་ལས་སོ། །དགེ་སློང་གི་གོས་དག་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན།
དེ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་རྒྱུད་ཀྱིས་
Vol. 6 · folio 119a
སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས་གཞན་ཞིག་རྙེད་ན་དེ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློང་གི་གོས་སྤང་བར་གྱུར་ན་ཇི་སྲིད་དུ་དངོས་པོ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་
པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུ་དང་། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཉེ་བར་འཇོག་ན། དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །ཁ་ཚེར་སློང་བ་ན་ལྷན་པ་ཐོབ་པ་དང་། ལྷན་པ་སློང་བ་ན་རས་ཡུག་ཕྲན་ནམ།
རས་ཡུག་ཆེན་ཐོབ་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སོ་སོ་ནས་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་སྟེ་དགུ་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་
པོ་སུམ་བཅུ་རྩ་གཅིག་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཉེ་དགའ་ལ་བློ་སྐྱེས་པ་འདི་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམ་པ་བྱས་པས་ཕྱིན་ཅད་རས་ཡུག་
ཕྲན་སྒྲེ་བོ་ཡང་སུ་ལས་ཀྱང་བསླང་བར་མི་ནུས་ཀྱིས་འདི་ལྟར་བདག་དང་ལྷན་ཅིག་ཡི་གེའི་གྲྭ་ན་ཡིག་འབྲུའི་ཡི་གེ་དག་སློབ་སློབ་པ་བྲམ་ཟེ་དབྱར་ཚུལ་ཡོད་ཀྱིས་དེའི་གན་དུ་སོང་སྟེ་བལྟས་ན་དེ་ལས་ཅུང་ཟད་འཐོབ་ཀྱང་སྲིད་དོ་སྙམ་ནས་དེ་དེའི་ཁྱིམ་དུ་སོང་བ་དང་། སྒོ་བས་འཕགས་པ་
མ་བཞུད་ཅིག་ཅེས་བགགས་སོ། །ཉེ་དགའས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་སྤྱོད་ཡུལ་མ་ཡིན་པ་ནི་རྣམ་པ་ལྔ་གསུངས་ཏེ། རོལ་མོ་མཁན་གྱི་ཁྱིམ་དང་། འཇུད་མཐུན་མའི་ཁྱིམ་དང་། ཆང་པའི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་།
གདོལ་པའི་ཁྱིམ་ཡིན་ན། ཅི་འདི་རོལ་མོ་མཁན་གྱི་ཁྱིམ་མམ། འཇུད་མཐུན་མའི་ཁྱིམ་མམ། ཆང་པའི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་ངམ། གདོལ་པའི་གནས་ཡིན་ནམ། འཕགས་པ་ཁྱོད་སྤྱོ་བ་མང་དུ་མཛད་དེ། འདི་ནི་རོལ་མོ་མཁན་གྱི་ཁྱིམ་ཡང་མ་ལགས།
Vol. 6 · folio 119b
འཇུད་མཐུན་མའི་ཁྱིམ་ཡང་མ་ལགས། ཆང་པའི་ཁྱིམ་ཡང་མ་ལགས། རྒྱལ་པོའི་ཕོ་བྲང་ཡང་མ་ལགས། གདོལ་པའི་གནས་ཀྱང་མ་ལགས་ཏེ། འདི་ལྟར་འདི་ནི་བྲམ་ཟེ་དབྱར་ཚུལ་གྱི་སྡུམ་པ་ལགས་སོ། །ཀྭའི་ནང་རྗེ་སོང་ལ་བྲམ་ཟེ་དབྱར་ཚུལ་ལ་ཉེ་དགའ་ཤེས་ལྡན་
ལྟ་བར་འདོད་ཅིང་སྒོ་ན་སྡོད་དོ་ཞེས་གྱིས་ཤིག །སྒོ་བས་སྨྲས་པ། ཁྱོད་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྙིང་ཚོམས་མཆིས་པ་ལགས་སྙམ་མམ། བཀྲེན་པ་གལ་ཏེ་སྦྲོན་ན་ནི་སྦྲོན་ཅིག །མི་སྦྲོན་ན་ཁྱོད་ལ་མཚམས་ཆེན་པོ་བཅད་པ་སྦྱིན་པར་བྱའོ། །སྒོ་བས་བསམས་
པ། འདི་ནི་འདི་ལྟར་འཇིགས་པ་མེད་པ་དང་། བག་ཚ་བ་མེད་པར་ཚིག་གཏོང་བ་ལས་ན་མ་སྦྲན་ན་གནོད་པ་བྱེད་ཀྱིས་སོང་ལ་སྦྲན་ནོ་སྙམ་ནས་དེ་དེར་སོང་སྟེ་སྨྲས་པ། ཇོ་བོ་བཙུན་པ་ཉེ་དགའ་ཇོ་བོ་ལྟ་བར་འཚལ་ཞིང་ཆབ་སྒོ་ན་སྡོད་དོ། །དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་
ཉེ་དགའ་ལ་སུ་འགོག །བཙུན་པ་ཉེ་དགའ་འཇུག་ཏུ་ཆུག་ཤིག །ཉེ་དགའ་ཞུགས་པ་དང་། དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །བཙུན་པ་ཉེ་དགའ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཉེ་དགའ་དེའི་
མདུན་དུ་འདུག་སྟེ་དེར་སྒྲ་མཐོན་པོ་དང་སྒྲ་ཡིད་དུ་འོང་བ་དང་། སྒྲ་ཟབ་མོས་སྦྱིན་པའི་བསྔགས་པ་བརྗོད་པར་བརྩམས་སོ། །གང་གི་ཚེ་ཉེ་དགའ་ཡིད་དགའ་ཞིང་ཡིད་དགའ་ནས་སྦྱིན་པའི་བསྔགས་པ་རྗོད་པར་བྱེད་པ་དེའི་ཚེ་ན་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་འདི་སྙམ་དུ་ཀྱེ་མ་
རང་གི་ཤ་དག་ཀྱང་བཅད་ཅིང་བཅད་ཅིང་སྦྱིན་པར་བྱའོ་སྙམ་དུ་སེམས་པས་བྲམ་ཟེ་དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་དབྱར་གནས་པ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་འབུལ་ལོ། །ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་
འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པ་དང་ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་ཀྱང་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ་། །མཉན་ཡོད་ནས་དགེ་སློང་གཉིས་ཤིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་རྒྱལ་པོའི་ཁབ་ཏུ་འོངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་
Vol. 6 · folio 120a
ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱོད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་
ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱོད་ཅག་ལས་གང་དེ་བཞིན་
གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་མཉན་ཏོ། །མཉན་ཡོད་ནས་འོངས་པའི་དགེ་སློང་དེ་གཉིས་ཀྱིས་
དེ་ཐོས་ནས་བདག་ཅག་ཀྱང་མཉན་ཡོད་དུ་འགྲོ་དགོས་སོ་སྙམ་ནས་མི་དགའ་བར་གྱུར་ཏོ། །ཉེ་དགའས་ཐོས་ནས་ཉམ་ང་བར་གྱུར་ཏེ། བདག་ལ་བརྒྱ་ལ་བརྒྱ་ལམ་ན་རྙེད་པ་བྱུང་བ་དེའི་བར་ཆད་བྱུང་ངོ་སྙམ་ནས། དེ་བྲམ་ཟེ་དབྱར་ཚུལ་གྱི་གན་དུ་སོང་སྟེ་སྒྲ་དམའ་བ་དང་། སྒྲ་ཡིད་དུ་མི་འོང་
བ་དང་། སྒྲ་ཞུམ་པས་སྦྱིན་པའི་བསྔགས་པ་བརྗོད་པར་བརྩམས་པ་དང་། དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་ཁྱོད་སྔོན་སྒྲ་མཐོན་པོ་དང་། སྒྲ་ཡིད་དུ་འོང་བ་དང་། སྒྲ་ཟབ་མོས་སྦྱིན་པའི་བསྔགས་པ་བརྗོད་པར་མཛད་ན། ཁྱོད་ད་ལྟར་སྒྲ་དམའ་བ་དང་།
སྒྲ་ཡིད་དུ་མི་འོང་བ་དང་། སྒྲ་མི་ཟབ་པས་སྦྱིན་པའི་བསྔགས་པ་བརྗོད་པར་མཛད་པ་འདི་ལ་རྒྱུ་ཅི་མཆིས། ཆུང་པོ་གྲོགས་བདག་ཅག་བརྒྱ་ལ་བརྒྱ་ལམ་ན་ཕྲད་པ་འབྱུང་ན་དེ་ཡང་ཡུན་མི་རིང་བ་ཁོ་ནས་འབྲལ་བར་འགྱུར་བའི་ཕྱིར་རོ། །མ་ག་དྷཱ་པ་ཟུར་གྱིས་གོ། །ཀོ་ས་
ལ་པ་བརྗོད་ནས་ཤེས། །པན་ཙ་ལ་པ་ཡིག་ཕྱེད་ཀྱིས། །ནུབ་མི་མ་སྨྲས་མི་ཤེས་སོ། །ཞེས་བྱ་བ་ཡིན་པས་དབྱར་ཚུལ་གྱིས་བསམས་པ། འདི་ནི་ཤཱཀྱའི་རིགས་རྒྱ་ཆེན་པོ་དེ་སྙེད་སྤངས་ཏེ་རབ་ཏུ་བྱུང་བ་ཡིན་པས་འདི་བདག་དང་འབྲལ་བ་ལ་མྱ་ངན་མི་བྱེད་ཀྱི་ཀཱར་ཥཱ་པ་ཎ་
Vol. 6 · folio 120b
དྲུག་བཅུ་འཆོར་བའི་མྱ་ངན་བྱེད་དོ་སྙམ་ནས་སྨྲས་པ། བཙུན་པ་ཉེ་དགའ་གང་དང་གང་དུ་གནས་པར་བདག་གིས་ཀཱར་ཥཱ་པ་ཎ་དྲུག་བཅུ་བསྐུར་བར་བགྱིའོ། །ཨ་རོག་གྱ་དེ་ལྟ་ན་ཕན་ཕུན་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་
བྱེད་པ་ཡིན་ནོ་ཞེས་སྨྲས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་
ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་
ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་
བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་
དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་
སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་
Vol. 6 · folio 121a
གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་
པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་
བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་
དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་
གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་
པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་
ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་འཕགས་པ། ཀུན་ཤེས་ཀཽཎྜི་ནྱ་
Vol. 6 · folio 121b
དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་ཡོངས་སུ་བསྐོར་ཅིང་མདུན་
དུ་བདར་ནས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཏེ་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་པའི་ཚོང་པ་དག་ཟོང་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་དོང་བ་དག་གལ་ཏེ་དོན་མཐུན་མང་ན་དེ་ལ་རྒྱལ་
པོའམ། བྲམ་ཟེ་དབྱར་ཚུལ་ཤོ་གམ་གཅོད་པར་བྱེད་པས་བྲམ་ཟེ་དབྱར་ཚུལ་གྱིས་ཤོ་གམ་པ་དག་ལ་སྨྲས་པ། གང་གི་ཚེ་མཉན་ཡོད་པའི་ཚོང་པ་དག་མཉན་ཡོད་དུ་ཕྱིར་འགྲོ་བ་དེའི་ཚེ་ན་ཁོ་བོ་ལ་སྦྲོན་ཅིག །ཤོ་གམ་པ་དག་གིས་ཚོང་པ་དག་ལ་བསྒོ་ནས་དེ་དག་གིས་ཟོང་
བསྒྱུར་ཏེ་རིན་བླངས་ནས་བྲམ་ཟེ་དབྱར་ཚུལ་གྱི་གན་དུ་དོང་སྟེ་བདག་ཅག་མཉན་ཡོད་དུ་མཆི་ན་བགྱི་བ་ཅི་མཆིས་ཞེས་སྨྲས་པ་དང་། བྲམ་ཟེ་དབྱར་ཚུལ་གྱིས་ཚོང་པ་གཅིག་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་གཏད་དེ་ཁྱོད་ཀྱིས་འདི་བཙུན་པ་ཉེ་དགའི་གན་དུ་ཁྱེར་ལ་ཕུལ་ཅིག་ཅེས་བསྒོའོ། །
ཚོང་པ་དེས་བསམས་པ། གང་བྲམ་ཟེ་དབྱར་ཚུལ་གྱིས་དད་པར་བྱ་བའི་དགེ་སློང་དེ་ནི་གདོན་མི་ཟ་བར་གྲགས་པ་ཡིན་པས་བདག་གིས་ཀྱང་དེ་ལ་དགའ་བ་ཅུང་ཟད་བྱས། གོས་དག་བསྐོན་ནོ་སྙམ་ནས་དེ་འོད་མའི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་ཕྱིན་ནས་དྲིས་པ། འཕགས་པ་
དགེ་སློང་གི་ཚུལ་དང་མཐུན་པའི་གོས་དག་ཇི་ལྟར་ལགས། བཞིན་བཟངས་ཅི་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་བྱེད་དམ། འཕགས་པ་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་མི་བགྱིད་དེ། འདི་ལྟར་བྲམ་ཟེ་དབྱར་ཚུལ་གྱིས་བཙུན་པ་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་
བསྐུར་བ་དག་དེའི་གོས་དག་ཏུ་བསྒྱུར་ཏེ་མཆིའོ། །དགེ་སློང་དེས་སྨྲས་པ། བཞིན་བཟངས་གོས་དག་ཀྱང་ལེན་ཅིང་ཁྱོད་ཀཱར་ཥཱ་པ་ཎ་དྲུག་བཅུ་ཡང་འབུལ་དུ་འཇུད་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །ཚོང་པ་དེས་བསམས་པ། འདི་ནི་གོར་མ་ཆག་པར་
Vol. 6 · folio 122a
དེ་དང་ཁོ་ན་ཡོད་པ་ཡིན་ནོ་སྙམ་ནས་དེ་དགེ་སློང་གཞན་ཞིག་གི་གན་དུ་སོང་སྟེ་དྲིས་པ། འཕགས་པ་དགེ་སློང་གི་ཚུལ་དང་མཐུན་པའི་གོས་དག་ཇི་ལྟ་བུ་ལགས། བཞིན་བཟངས་ཅི་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་བྱེད་དམ། འཕགས་པ་དགེ་འདུན་ལ་རས་ཡུག་
ཆེན་གྱི་སྦྱིན་པ་མི་བགྱིད་དེ་འདི་ལྟར་བྲམ་ཟེ་དབྱར་ཚུལ་གྱིས་བཙུན་པ་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་བསྐུར་བ་དག་དེའི་གོས་དག་ཏུ་བསྒྱུར་ཏེ་མཆིའོ། །དགེ་སློང་དེས་སྨྲས་པ། གལ་ཏེ་རྒྱས་མ་བཏབ་པར་ཁྱེར་ན་ཁྱོད་ཡུལ་གྱི་ཁེ་སྤོགས་འབུལ་དུ་འཇུད་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་
རོ། །ཚོང་པ་དེས་བསམས་པ། འདི་དང་དེ་གཉིས་མཐུན་ནོ་སྙམ་ནས་དེ་བྲམ་ཟེ་དབྱར་ཚུལ་གྱི་གན་དུ་སོང་སྟེ་སྨྲས་པ། དབྱར་ཚུལ་ཀཱར་ཥཱ་པ་ཎ་འདི་དག་རྒྱས་ཐོབ་ཤིག །བཞིན་བཟངས་ཡིད་ཆེས་ཀྱིས་ཁྱོད་ཉིད་ཀྱིས་ཁྱེར་ཅིག །དབྱར་ཚུལ་བདག་ལ་ཐུགས་ཆེས་མོད་ཀྱིས་འོན་ཀྱང་
བདག་གིས་ལེགས་པར་བགྱི་བ་བགྱིའོ། །དབྱར་ཚུལ་གྱིས་རྒྱས་བཏབ་ནས་དེས་དེ་དག་ཁྱེར་ཏེ་མཉན་ཡོད་དུ་སོང་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་འཕགས་པ་ཉེ་དགའི་གཙུག་ལག་ཁང་གང་ལགས། དེ་དག་གིས་དེའི་གཙུག་ལག་ཁང་
འདི་ཡིན་ནོ་ཞེས་བསྟན་ནས་དེ་དེར་སོང་བ་དང་ཉེ་དགའ་མི་སྣང་ནས་དེས་དགེ་སློང་ཞིག་ལ་དྲིས་པ། འཕགས་པ་བཙུན་པ་ཉེ་དགའ་གར་བཞུད། དེས་སྨྲས་པ། ཉིན་མོ་སྤྱོད་པའི་ཕྱིར་རོ། །ཚོང་པ་དེས་སྨྲས་པ། བྲམ་ཟེ་དབྱར་ཚུལ་གྱིས་དེ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་བསྐུར་བ་འདི་
དག་ཞོག་ལ་དེ་མཆིས་ན་སྩོལ་ཅིག །བཞིན་བཟངས་ཁྱོད་ཀྱིས་སྒྲོན་མ་རབ་ཏུ་འབར་བ་མགོ་བོས་འཛིན་པ་འགའ་མཐོང་ངམ། དེས་བསམས་པ། འདི་ནི་གདོན་མི་ཟ་བར་དེ་དང་ཁོ་ན་ཡོད་པ་ཡིན་ནོ་སྙམ་ནས་དེས་དགེ་སློང་གཞན་ཞིག་གི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་
བྲམ་ཟེ་དབྱར་ཚུལ་གྱིས་བཙུན་པ་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་བསྐུར་བ་འདི་དག་ཞོག་ལ་དེ་མཆིས་ན་སྩོལ་ཅིག །བཞིན་བཟངས་གལ་ཏེ་ཁྱོད་ཀྱིས་རྒྱས་མ་བཏབ་པར་འོངས་ན་ཁྱོད་ཡུལ་གྱི་ཁེ་སྦོགས་འཇལ་དུ་འཇུད་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་
Vol. 6 · folio 122b
བསམས་པ། འདི་དང་དེ་གཉིས་སུ་མཐུན་གྱིས་ཁྱིམ་དུ་སོང་ལ་དེ་ཉིད་དུ་དེ་འོངས་པ་ལ་བདེ་བར་ཚིག་གི་ལན་གདབ་བོ་སྙམ་ནས་སྨྲས་པ། འཕགས་པ་བཙུན་པ་ཉེ་དགའ་ལ་ཁྱིམ་བདག་གི་མཆིད་ནས་འདི་སྐད་ཅེས་བདག་གི་སྡུམ་པ་ནི་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱིས་གལ་ཏེ་
ཀཱར་ཥཱ་པ་ཎ་བཞེད་ན་གཤེགས་སུ་གསོལ་ཞེས་གསུངས་ཤིག་ཅེས་སྨྲས་ཏེ་སོང་ངོ་། །ཉེ་དགའ་ཡང་གཙུག་ལག་ཁང་དུ་འོངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། བཙུན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱི་སྨོན་པ་འགྲུབ་སྟེ། དེ་ཡང་
ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་དེ་ལེགས་པར་གསུངས་པ་ཡིན་ཏེ། ཁྱོད་དེང་ཁོ་ན་ཉིན་མོ་སྤྱོད་དུ་སོང་བས་དེང་ཉིད་དུ་ཀཱར་ཥཱ་པ་ཎ་དྲུག་བཅུ་གྲུབ་བོ། །གང་གིས་བཅོམ་ལྡན་འདས་ཀྱི་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་རེ་རེ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་དྲུག་བཅུ་བྱིན་པའི་སྦྱིན་
བདག་དེ་ལྟ་བུ་དེ་གང་ཡིན། བཙུན་པ་ཉེ་དགའ་དགེ་འདུན་ཐམས་ཅད་ལ་མ་ཡིན་གྱི་ཁྱོད་གཅིག་པུ་ལའོ། །གང་གིས་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་བྱིན་པའི་སྦྱིན་བདག་དེ་ལྟ་བུ་དེ་གང་ཡིན། བྲམ་ཟེ་དབྱར་ཚུལ་གྱིས་བསྐུར་རོ། །དེ་ནི་ཕྱི་རོལ་གྱི་རྙེད་པ་ཁོ་ན་ཡིན་ན་རྒྱ་མ་བྱིད་
དམ། མ་ཞུའམ། སྒྱུ་མ་ཞུགས་སམ། སུས་བརྟགས། མ་བརྟགས་པ་ཁོ་ནར་བླངས་སམ། སུས་བླངས། ཁོ་བོ་ནི་དགྲ་བོ་ཤ་སྟག་གི་ནང་ན་འདུག་གོ། །དེ་ལ་དགེ་སློང་གཞན་དེས་སྨྲས་པ། བཙུན་པ་ཉེ་དགའ་ཡི་ཆད་དུ་ཅི་ཡོད། ཁྱིམ་བདག་དེ་ན་རེ་བདག་
གི་སྡུམ་པ་ནི་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱིས་གལ་ཏེ་ཀཱར་ཥཱ་པ་ཎ་བཞེད་ན་གཤེགས་སུ་གསོལ་ཞེས་ཟེར་རོ། །ཉེ་དགའས་སྣམ་སྦྱར་བླངས་ཏེ་གོམ་པ་བསྐྱེད་དེ་སོང་བ་དང་། ཁྱིམ་བདག་དེས་དེ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས། དེས་བསམས་པ། དགེ་སྦྱོང་
ཧྲལ་པོ་གོམ་པ་འདི་ལྟ་བུས་འོང་པ་འདི་ནི་བཙུན་པ་ཉེ་དགའ་ཡིན་གོར་མ་ཆག་སྙམ་ནས། དེས་ཐག་རིང་པོ་ཁོ་ན་ནས་དེ་ལ་སྨྲས་པ། ཁྱོད་བཙུན་པ་ཉེ་དགའ་མ་ལགས་སམ། ཁོ་བོ་ཡིན་ནོ། །བྲམ་ཟེ་དབྱར་ཚུལ་གྱིས་ཁྱོད་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་བསྐུར་བ་འདི་ལགས་
Vol. 6 · folio 123a
ཀྱིས་བཞེས་ཤིག །ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་ཀྱང་ཐོབ་པར་གྱུར་ཅིག །འཕགས་པ་ཅིའི་སླད་དུ་བདག་གི་མིང་
གིས་ཡོན་བཤད་པ་མཛད། བྲམ་ཟེ་དབྱར་ཚུལ་གྱི་མིང་གིས་ཡོན་བཤད་པ་མཛོད་ཅིག །བཀྲེན་པ་འདི་ལ་དགོས་པ་ཅི་ཡོད། འདི་ལྟར་ཁྱོད་ཀྱིས་ཀྱང་མང་དུ་བྱས་ཏེ་ཁྱོད་ཀྱིས་ཁྱེར་ཏེ་འོངས་པའི་ཕྱིར་རོ། །གང་གིས་འདི་ཁྱེར་ཏེ་སྲང་དུ་འགྲོ་བའི་ཁྱེའུ་ཞིག་རེ་ཞིག་རྙོས་ཤིག །
འཕགས་པ་བདག་ལ་ཁྱེའུ་མ་མཆིས་སོ། །བཀྲེན་པ་རྒྱལ་པོའི་ཁབ་ནས་ཐག་རིང་པོ་འདི་སྲིད་དུ་ཁྱེར་ཏེ་འོངས་ན་སྲང་དུ་སྐྱེལ་མི་ནུས་སམ། དེས་ཁྱེའུ་ལ་སྨྲས་པ། ཀཱར་ཥཱ་པ་ཎ་ཁྱེར་ཏེ་འཕགས་པའི་ཕྱི་བཞིན་སོང་ལ་ཕྱི་རོལ་དུ་མ་འབྱུང་ཤིག །འདིས་ཁྱོད་ལ་བཅའ་བའི་རིན་སྦྱིན་
དུ་མ་གཞུག་ཤིག །ཁྱེའུ་དེས་ཀཱར་ཥཱ་པ་ཎ་ཁྱེར་ཏེ་དེའི་ཕྱི་བཞིན་སྲང་དུ་སོང་ནས་ཚོང་རྡལ་དང་པོར་ཕྱིན་པ་དང་། དེས་སྨྲས་པ། འཕགས་པ་ཀཱར་ཥཱ་པ་ཎ་འདི་དག་འདིར་འཇོག་ཏུ་སྩོལ་ཅིག །ཉེ་དགའས་ཁྱེའུ་ཁྱོད་ཤིན་ཏུ་ལེགས་པར་བསླབས་སོ། །ཞེས་དེས་སྤོས་འཚོང་
གི་ཁྱེའུ་ཞིག་ལ་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་འདི་དག་རེ་ཞིག་ཞོག་ཤིག །འཕགས་པ་བདག་ནི་བླ་མ་ལ་རག་ལས་པ་ལགས་སོ། །ཁྱོད་ནམ་ཡང་རང་ལ་རག་ལས་པར་མ་གྱུར་ཅིག །དེས་སྤོས་འཚོང་གི་ཁྱེའུ་གཞན་ཞིག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་
བཟངས་ཀཱར་ཥཱ་པ་ཎ་འདི་དག་རེ་ཞིག་ཞོག་ཤིག །འཕགས་པ་བདག་གི་བླ་མ་སླད་རོལ་དུ་མཆིས་སོ། །ནམ་ཡང་འཇུག་པར་མ་གྱུར་ཅིག །དེ་སྤོས་འཚོང་གི་ཁྱེའུ་དད་པ་གསར་དང་ལྡན་པ་ཞིག་ཡོད་པ་དེའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་འདི་དག་རེ་ཞིག་
ཞོག་ཤིག །འཕགས་པ་བདག་མ་ལ་རག་ལས་པ་ལགས་སོ། །ཁོ་བོས་ཀོ་ཁྱོད་དད་པ་དང་ལྡན་པར་ཤེས་ཀྱི་ཁོ་བོས་ཁྱོད་ཇི་ལྟར་རྟུག་པ་ལ་དད་པར་ནི་མི་ཤེས་སོ། །གལ་ཏེ་ཁྱོད་ཀྱིས་དད་པ་མ་ཐོབ་ཏུ་ཟིན་ན་ཁྱོད་ཀྱིས་ཤིང་ཚལ་བླངས་ཏེ་དགེ་སློང་སྐྲོད་པར་ཡང་འགྱུར་རོ། །དེ་
Vol. 6 · folio 123b
སྐྱེངས་ནས་སྨྲས་པ། འཕགས་པ་གཞག་ཏུ་གསོལ། ཉེ་དགའས་ཀཱར་ཥཱ་པ་ཎ་དེ་དག་དེར་བཞག་སྟེ་ཁྱིམ་བདག་གི་ཁྱེའུ་དེ་ཕྱིར་བཏང་སྟེ་སོང་ངོ་། །ཚོང་པའི་ཚོགས་ཀྱིས་ཀྱང་བདག་ཅག་ལས་གང་ཉི་མ་ཤར་ན་འོང་བ་དེ་བདག་ཅག་གིས་ཀཱར་ཥཱ་པ་ཎ་དྲུག་བཅུ་འཇལ་དུ་གཞུག་གོ་
ཞེས་ཁྲིམས་སུ་བྱ་བ་བཅས་ནས་སྤོས་འཚོང་གི་ཁྱེའུ་དེ་ལ་མས་སྨྲས་པ། བུ་ཅི་ནས་ཀྱང་བདག་ཉིད་ཀཱར་ཥཱ་པ་ཎ་དྲུག་བཅུ་འཇལ་དུ་མི་གཞུག་པ་དེ་ལྟར་གྱིས་ཤིག །ཉེ་དགའ་མཚན་མོ་འགྱོད་པ་སྐྱེས་ཏེ་སྤོས་འཚོང་གི་ཁྱེའུ་དེ་དད་པ་གསར་དང་ལྡན་པ་ཡིན་པས། ཀཱར་ཥཱ་པ་ཎ་དེ་
དག་བསྙོན་པར་འགྱུར་བའི་གནས་གང་ཡིན་པ་དེ་ལྟ་བུ་ཡོད་པར་འགྱུར་རོ་སྙམ་ནས་དེ་ནང་པར་སྔར་ལངས་ཏེ་ཁྱེའུ་ཞིག་ཁྲིད་ནས་དེ་ཚོང་རྡལ་དུ་སོང་བ་དང་། སྤོས་འཚོང་གི་ཁྱེའུ་དེ་ཚོང་རྡལ་འབྱེད་ཅིང་འདུག་པ་དེས་མཐོང་ནས་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་དེ་དག་བྱིན་ཅིག །
འཕགས་པ་ཚོང་པའི་ཚོགས་ཀྱིས་བདག་ཅག་ལས་གང་གདུགས་ཤར་ན་མཆི་བ་དེ་ཀཱར་ཥཱ་པ་ཎ་དྲུག་བཅུ་འཇལ་དུ་སྩལ་བའི་ཁྲིམས་སུ་བགྱི་བ་བཅས་པས་བདག་ཅག་ཚོང་པའི་ཚོགས་ཀྱི་ནང་དུ་མཆིས་ཏེ། སླར་མཆིས་ཀྱི་བར་དུ་ཡུད་ཙམ་ཞིག་བཞེས་སུ་གསོལ། བཀྲེན་པ་
སུ་ཞིག་ཁྱོད་ཀྱི་ལྟོ་གོལ་བ་ཡིན་སྙམ་སུ་ཞིག་སྒྱིད་པ་གཉིས་སྐྲངས་སྐྲངས་སུ་སྡོད་པར་འགྱུར། གལ་ཏེ་མ་བྱིན་པར་འགྲོ་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཀཱར་ཥཱ་པ་ཎ་དྲུག་བཅུ་འཇལ་དུ་གཞུག་པའི་གྱོད་ལ་བསྒྲིན་པར་བྱའོ། །སྤོས་འཚོང་གི་ཁྱེའུ་དེ་ཁྲོས་ནས་ཀཱར་ཥཱ་པ་ཎའི་ཐུམ་
བུ་དེ་འཕངས་པ་དང་། དེའི་རྒྱ་གོགས་སོ། །ཉེ་དགའས་སྨྲས་པ། རྒྱ་མ་བྱིད་དམ། མ་ཞུའམ། སྒྱུ་མ་ཞུགས་སམ་བལྟའོ། །ཅི་ཁོ་བོ་ཁྱོད་ཀྱིས་བརྟགས་ཏེ་གཏད་དམ། གལ་ཏེ་ཁྱོད་ཀྱིས་བརྟགས་ཏེ་མ་བླངས་ན་ཅིའི་ཕྱིར་རྒྱ་གཅོག་པར་བྱེད། ཉེ་དགའས་སྤོས་
འཚོང་གི་ཁྱེའུ་དེ་དེ་སྲིད་དུ་བསྒོར་གྱི་བར་དུ་ཚོང་པའི་ཚོགས་ཀྱིས་དེའི་ཁྱིམ་ནས་ཀཱར་ཥཱ་པ་ཎ་དྲུག་བཅུའི་གཏའ་བཅད་ནས། དེ་ལ་མས་སྨྲས་པ། བུ་ཁྱོད་ཀྱིས་ལས་ཅི་བྱས་ན་དེས་ཁྱོད་ཀྱིས་བདག་ཉིད་ཀཱར་ཥཱ་པ་ཎ་དྲུག་བཅུའི་གྱོད་ལ་བསྒྲིན་པར་གྱུར། ཁྱེའུས་སྨྲས་པ། གང་
Vol. 6 · folio 124a
དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ལ་མངོན་པར་དད་པར་བྱེད་པ་དེ་དག་འདི་ལྟར་འགྱུར་ཏེ། དད་པའི་མྱུ་གུ་སྐྱེས་མ་ཐག་པ་ཉིད་ཉམས་པར་བྱས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་
ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་
གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་
ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་
སློང་དེ་ལ་འདི་སྐད་ཅེས་འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས།
Vol. 6 · folio 124b
འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན་དགེ་སློང་དེས། ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེས་དགེ་སློང་
དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ། འགའ་མཆིས་སམ་ཞེས་ཟེར་ན་དགེ་སློང་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་
སུ་ལེན་པའོ་ཞེས་ཀུན་དགའི་ར་བ་བའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །
ཁྱོད་ཀྱི་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་དང་དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས། དགེ་སློང་
དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་སྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །
དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་
བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་
Vol. 6 · folio 125a
མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ། གོས་གྲུབ་པ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ཡིད་བརྟན་པའི་ཕོ་ཉས་ཚེ་དང་ལྡན་པ་དག་གིས་དགེ་སློང་
ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅི་ཡང་མ་གྲུབ་ཀྱིས། ཤེས་པར་གྱིས་ཤིག་ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དགེ་སློང་གི་ཕྱིར་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་
དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །རྒྱལ་པོའམ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་
དང་། དམངས་རིགས་དག་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོའམ་ཞེས་བྱ་བ་ནི་རྒྱལ་པོ་ལས་གཞན་པ་བློན་པོ་དང་། རྩིས་མཁན་དང་། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་
བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་རྒྱལ་པོ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གོ། །བྲམ་ཟེའམ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་ཕྱུག་པའོ། །གྲོང་རྡལ་གྱི་མིའམ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་མིའོ། །ཡུལ་གྱི་མིའམ་ཞེས་
བྱ་བ་ནི་ཡུལ་མིའོ། །ནོར་ཅན་ནམ་ཞེས་བྱ་བ་ནི་ནོར་བྱེད་པས་ཕྱུག་པའོ། །ཚོང་དཔོན་ནམ་ཞེས་བྱ་བ་ནི་ཅོད་པན་བཅིངས་པའོ། །དེད་དཔོན་གྱིས་ཞེས་བྱ་བ་ནི་གང་གིས་ལན་གཉིས་སམ་གསུམ་དོན་མཐུན་འདས་པར་གྱུར་པས་སོ། །ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་
དང་། བུད་མེད་དང་། མ་ནིང་གིའོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་རམ་དངུལ་དག་གོ། །ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །གོས་རུང་བ་ཞེས་བྱ་བ་ནི་སྤྱད་བཟོད་པའོ། །དགེ་སློང་གོས་འདོད་པས་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །ཀུན་དགའི་ར་བ་པ་
Vol. 6 · folio 125b
ཞེས་བྱ་བ་ནི་རུང་བ་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་བླངས་པའོ། །ཕྱོགས་སུ་ཞེས་བྱ་བ་ནི་ཕྱོགས་བཞི་པོ་དག་ཏུ་སྟེ། ཕྱོགས་བཞི་པོ་དག་གང་ཞེ་ན། འབོད་གནས་དང་། ཁྱིམ་གནས་དང་། ལས་ཀྱི་མཐའ་དང་།
ལས་ཀྱི་གནས་དག་གོ། །འབོད་གནས་ནི་རྫ་མཁན་གྱི་གནས་དང་། འདྲེག་མཁན་གྱི་གནས་དང་། ཁྱིམ་གནས་ནི་ཁྱིམ་མམ་ཆུའི་གནས་སོ། །ལས་ཀྱི་མཐའ་ནི་བུ་རམ་ཤིང་གི་ལས་ཀྱི་མཐའ་དང་། སཱ་ལུའི་ལས་ཀྱི་མཐའ་དང་། ལན་ཚྭའི་ལས་ཀྱི་མཐའ་དག་གོ། །
ལས་ཀྱི་གནས་ནི་ཚོང་ཁང་དང་ཚོང་རྡལ་ལོ། །ཅང་མི་སྨྲ་བར་བསྡད་པར་བྱའོ། །ཞེས་བྱ་བ་ནི་བསྐུལ་བའི་སྒོ་དྲུག་པོ་དག་གིས་ཏེ། བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། ཁྱོད་འོངས་སམ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང་། འོངས་པ་ལེགས་སོ་ཞེས་ཟེར་བ་ལ་
དེའི་ཕྱིར་རོ་ཞེས་བྱ་བ་དང་། སྟན་འདི་ལ་འདུག་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང་། རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང་། བཅའ་བ་དང་བཟའ་བ་ཟོ་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང་། བཏུང་བ་འཐུངས་ཤིག་ཅེས་ཟེར་བ་ལ་
དེའི་ཕྱིར་རོ་ཞེས་བྱ་བའོ། །བསྐུལ་བའི་སྒོ་དྲུག་པོ་དེ་དག་ཧ་ཅང་མྱུར་བ་དང་། ཐོགས་པ་མེད་པར་བརྗོད་ཅིང་དེ་ལ་གཞན་གྱི་ཚིག་གི་སྐབས་མེད་པར་བྱེད་ན་བསྐུལ་བའི་སྒོ་དྲུག་པོ་དག་ཡོངས་སུ་མ་རྫོགས་པར་བརྗོད་པར་བྱའོ། །བསྐུལ་བའི་སྒོ་དྲུག་པོ་དེ་དག་ཧ་ཅང་མི་མྱུར་
བ་དང་། ཐོགས་པ་དང་བཅས་པར་རྗོད་པར་བྱེད་ཅིང་དེ་ལ་གཞན་གྱི་ཚིག་གི་སྐབས་ཡོད་པར་བྱེད་ན། བསྐུལ་བའི་སྒོ་དྲུག་པོ་དག་ཡོངས་སུ་རྫོགས་པར་བརྗོད་པར་བྱའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དེའི་འོག་རོལ་དུའོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་
ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་སྟེ་དེས་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཞེས་བྱ་བ་ནི་བདག་ཉིད་འགྲོ་བར་བྱའོ། །ཡང་
Vol. 6 · folio 126a
ན་ཡིད་བསྟན་པའི་ཕོ་ཉ་ལས་ཞེས་བྱ་བ་ནི་ལྷན་ཅིག་གནས་པའམ་ཉེ་གནས་ལས་སོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་དེའི་
གན་དུ་འོངས་ནས་འདི་སྐད་ཅེས་འཕགས་པ་གོས་འདི་དག་བཞེས་ཤིག་ཅེས་ཟེར་ན་དགེ་སློང་དེས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་བདག་གིས་འདི་དག་སྤངས་ཟིན་གྱིས་སོང་ལ་དེ་ཉིད་ལ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་
འཕགས་པ་བདག་གིས་དེའི་སེམས་བསྡུ་བ་རྗེས་སུ་བསྒྲུབ་ཀྱིས་བཞེས་ཤིག་ཅེས་ཟེར་ན་བླང་བར་བྱའོ། །དགེ་སློང་གིས་གོ་རིམས་དེ་ལྟ་བུ་མ་བྱས་པར་གང་ཅུང་ཟད་ལེན་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་། མི་མ་ཡིན་པས་
རུང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་། མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་། མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་།
མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་། མི་མ་ཡིན་པས་རུང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་། མིས་རུང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་
པས་སྦྱིན་པར་བྱེད་ཅིང་། མིའི་ཕོ་ཉ་དང་། མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་། མིས་རུང་བར་བྱེད་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་
ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་
Vol. 6 · folio 126b
སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས་གོས་གཞན་ཞིག་རྙེད་ན་དེ་ལ་ལྟུང་
བ་མེད་དོ། །དེ་བཞིན་དུ་དགེ་སློང་གིས་ཇི་སྲིད་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཉེ་བར་འཇོག་ན་དེ་ཡང་སྤང་བར་འགྱུར་རོ། །ལས་དང་པོ་
པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསྐུར་བའི་སྤང་བ་སྟེ་བཅུ་པ་རྫོགས་སྷོ།། །།སྡོམ་ལ། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་
གསེར་དངུལ་དང་། །མངོན་མཚན་ཅན་དང་ཉོ་འཚོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དགེ་
སློང་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པ་ན་སྲིན་བལ་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་
གཏོང་བར་བྱེད། སྲིན་བལ་འདོད་པ་དང་། སྲིན་བལ་གྱི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པར་བྱེད་པ་དག་སྟེ། སྲོག་
གཅོད་པ་ལས་མ་ལོག་མ་སྤངས་སོ་སོར་མ་སྤངས་པས་དེས་ན་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དེ་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པས་སྲིན་བལ་འབྱུང་བའི་སྲིན་བུ་སྲོག་ཆགས་མང་པོའི་ཚོགས་བསྒྲུབ་ཤིང་སྲོག་གཅོད་པར་
Vol. 6 · folio 127a
བྱེད་དེ། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱོད་སྲིན་བལ་གྱི་སྟན་སར་པ་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་
བ་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། གསོ་སླ་བ་དང་། དགང་སླ་བ་དང་། ཕྲེང་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པ་ཉིད་ཀྱི་བསྔགས་པ་
བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་
བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་སྲིན་བལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །སྲིན་བལ་གྱི་སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་སྟེ། དོན་
འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་བྱེད་དུ་འཇུད་ནའོ། །སྤང་བའི་
Vol. 6 · folio 127b
ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཆུན་པོ་དང་། འདའ་བ་དང་། ཕུང་པོ་ལས་ཏེ། དགེ་སློང་གིས་སྲིན་བལ་དག་གི་ཆུན་པོ་
འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སྲིན་བལ་དག་གི་འདའ་བར་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་
ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སྲིན་བལ་དག་གི་ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་
བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སྲིན་བལ་དག་གི་ཆུན་པོ་དང་འདའ་བ་དང་། ཆུན་པོ་དང་། ཕུང་པོ་དང་། འདའ་བ་དང་། ཆུན་པོ་དང་། འདའ་བ་དང་། ཕུང་པོ་དང་། ཕུང་པོ་དང་། ཆུན་པོ་དང་། ཕུང་པོ་དང་། འདའ་བ་དང་། ཆུན་པོ་
དང་། འདའ་བ་དང་། ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བྱས་ཟིན་པ་རྙེད་པ་དང་། བྱས་ཟིན་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང་།
རྙིང་པ་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྲིལ་བལ་གྱི་སྤང་བ་སྟེ་བཅུ་གཅིག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་
མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་
Vol. 6 · folio 128a
དུ་འཇུད་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་
བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང་། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་ལུག་གི་བལ་ནག་པོ་འབའ་
ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་
པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང་། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་
ཡང་དུ་རིག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་
བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ལུག་བལ་
ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བ་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་
Vol. 6 · folio 128b
ཆུང་བ་དང་། ཆོག་ཤེས་པ་དང་། གསོ་སླ་བ་དང་། དགང་སླ་བ་དང་། ཕྲི་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་
ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ལུག་བལ་ནག་
པོ་འབའ་ཞིག་གི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང་། སྔོ་བས་གནག་པ་དང་། འདམ་ཁ་
དང་། ཁམ་པའོ། །སྟན་ཞེས་བྱ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་སྟེ། དོན་འདིར་ནི་རླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་གསར་པས་སར་པ་
ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་བྱེད་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་
འགྱུར་ཞེ་ན། ཆུན་པོ་དང་། འདའ་བ་དང་། ཕུང་པོ་ལས་ཏེ། དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་
དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་འདའ་བ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་
Vol. 6 · folio 129a
པོ་འབའ་ཞིག་དག་གི་ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་
ཆུན་པོ་དང་། འདའ་བ་དང་། ཆུན་པོ་དང་། ཕུང་པོ་དང་། འདའ་བ་དང་། ཆུན་པོ་དང་། འདའ་བ་དང་། ཕུང་པོ་དང་། ཕུང་པོ་དང་། ཆུན་པོ་དང་། ཕུང་པོ་དང་། འདའ་བ་དང་། ཆུན་པོ་དང་། འདའ་བ་དང་། ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད་
རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བྱས་ཟིན་པ་རྙེད་པ་དང་། བྱས་ཟིན་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང་། རྙེད་པ་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་
དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བལ་ནག་པོ་འབའ་ཞིག་གི་སྤང་བ་སྟེ་བཅུ་གཉིས་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་
ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་མི་བྱའོ་ཞེས་གསུངས་པས། དེ་དག་བལ་དཀར་པོ་དང་། མཁོབ་བལ་ཅུང་ཞིག་བཅུག་ནས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་།
བྱེད་དུ་འཇུད་དེ། དེས་ཀྱང་དེ་དག་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད་དོ། །དེ་འདོད་པ་དང་། དེའི་དོན་ཉིད་དུ་འོངས་
པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བལ་དཀར་པོ་དང་། མཁོབ་བལ་ཅུང་ཞིག་བཅུག་ནས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དེས་
Vol. 6 · folio 129b
ཀྱང་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། དེ་འདོད་པ་དང་། དེའི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་
རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་
དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ།
དགེ་སློང་དག་ཁྱེད་ཅག་ངས་དགེ་སློང་གིས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་མི་བྱའོ། །ཞེས་གསུངས་པས་བལ་དཀར་པོ་དང་། མཁོབ་བལ་ཅུང་ཞིག་བཅུག་ནས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པ་བདེན་ནམ།
བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། གསོ་སླ་བ་
དང་། དགང་སླ་བ་དང་། ཕྲེང་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་
བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་ན་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་
Vol. 6 · folio 130a
པར་བྱ། གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་མཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་མཁོབ་བལ་ལས་མ་བཅུག་པར་སྟན་སར་པ་
བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་སྟེ། དོན་འདིར་ནི་རླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་
པས་སར་པ་སྟེ། དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་བྱེད་དུ་འཇུད་ནའོ། །ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ་ཞེས་བྱ་བ་ལ། ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །
ནག་པོ་འབའ་ཞིག་ཅེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང་། སྔོ་བས་གནག་པ་དང་། འདམ་ཁ་དང་། ཁམ་པའོ། །གསུམ་པ་ནི་དཀར་པོ་ལས་ཞེས་བྱ་བ་ལས་དཀར་པོ་ཞེས་བྱ་བ་ནི་གློའི་བལ་དང་། རྒྱབ་ཀྱི་བལ་དང་། གཉའ་བའི་བལ་ལོ། །བཞི་
པ་ནི་མཁོབ་བལ་ལས་གཞུག་པར་བྱའོ་ཞེས་བྱ་བ་ལ། མཁོབ་བལ་ཞེས་བྱ་བ་ནི་རྐང་པའི་བལ་དང་། མགོའི་བལ་དང་། ལྟོའི་བལ་ལོ། །མ་བཅུག་ཅེས་བྱ་བ་ནི་མ་བསྲེས་པར་རོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་
པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྟན་སྲང་བཅུ་པ་བྱེད་ན་དེ་ལུག་བལ་ནག་པོ་འབའ་ཞིག་ལས་སྲང་ལྔ་དང་། དཀར་པོ་ལས་སྲང་ཕྱེད་དང་གསུམ་དང་། མཁོབ་བལ་ལས་སྲང་ཕྱེད་དང་གསུམ་
གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་མཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱེད་ན་སྟན་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྲང་བཅུ་པ་ཇི་ལྟ་བ་དེ་བཞིན་དུ་
Vol. 6 · folio 130b
དགེ་སློང་གིས་སྟན་སྲང་ཉི་ཤུ་པ་དང་། སྲང་སུམ་བཅུ་པ་དང་། སྲང་བཞི་བཅུ་པ་དང་། སྲང་ལྔ་བཅུ་པ་བྱེད་ན་དེས་ལུག་བལ་ནག་པོ་འབའ་ཞིག་ལས་སྲང་ཉི་ཤུ་རྩ་ལྔ་དང་། དཀར་པོ་ལས་སྲང་ཕྱེད་དང་བཅུ་གསུམ་དང་། མཁོབ་བལ་ལས་སྲང་ཕྱེད་དང་བཅུ་གསུམ་
གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས་བཞི་པ་མཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱེད་ན། སྟན་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དཀར་པོ་
དང་། མཁོབ་བལ་ལས་སྲང་གཅིག་གམ། སྲང་ཕྱེད་ཕྲི་སྟེ། ལུག་བལ་ནག་པོ་འབའ་ཞིག་ལས་སྟན་སར་པ་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ནག་པོ་འབའ་ཞིག་མོད་པ་དང་། རིན་མཉམ་པ་དང་། དཀར་པོ་དང་། མཁོབ་བལ་དཀོན་པ་དང་།
རིན་ཆེ་བར་གྱུར་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཆ་གཉིས་བསྲེས་པའི་སྤང་བ་སྟེ་བཅུ་གསུམ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་
རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་སྟན་མང་བ་ཉིད་འདི་ལྟ་བུ་འདི་བྱུང་བར་གྱུར་ཏེ། དེ་དག་སྟན་འདི་ནི་ཧ་ཅང་རིངས་སོ། །འདི་ནི་ཧ་ཅང་ཐུངས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད་དོ། །སྟན་འདི་ནི་ཧ་ཅང་དོག་
གོ། །འདི་ནི་ཧ་ཅང་ཡངས་སོ། །འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་། ཤ་ཟད་པ་དང་། བཅོས་དཀའ་བ་ཉིད་ཡིན་ནོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད་པས། དགེ་སློང་དེ་དག་སྟན་བྱས་ཤིང་བྱས་ཤིང་འདོར་བ་ན་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་།
ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་རྣམས་ལ་སྟན་མང་བ་ཉིད་འདི་ལྟ་བུ་འདི་བྱུང་བར་གྱུར་ཏེ། འདི་དག་སྟན་འདི་ནི་ཧ་ཅང་
Vol. 6 · folio 131a
རིངས་སོ། །འདི་ནི་ཧ་ཅང་ཐུངས་སོ། །ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད། སྟན་འདི་ནི་ཧ་ཅང་དོག་གོ། །འདི་ནི་ཧ་ཅང་ཡངས་སོ། །འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་། ཤ་ཟད་པ་དང་། བཅོས་དཀའ་བ་ཉིད་ཡིན་ནོ། །
ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད་པས། དགེ་སློང་འདི་དག་སྟན་བྱས་ཤིང་སྟན་བྱས་ཤིང་འདོར་བ་ན་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་
གཏོང་བར་བྱེད་ཅེས་སྨོད་པར་བྱེད། ཁ་ཟེར་བར་བྱེད། ཕྱར་ཀ་གཏོང་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་
དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ལ་སྟན་མང་བ་ཉིད་
འདི་ལྟ་བུ་འདི་བྱུང་བར་གྱུར་ཏེ། ཁྱེད་ཅག་སྟན་འདི་ནི་ཧ་ཅང་རིངས་སོ། །འདི་ནི་ཧ་ཅང་ཐུངས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད། སྟན་འདི་ནི་ཧ་ཅང་དོག་གོ། །འདི་ནི་ཧ་ཅང་ཡངས་སོ། །འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་། ཤ་ཟད་པ་དང་།
བཅོས་དཀའ་བ་དག་ཉིད་ཡིན་ནོ། །ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བ་རྣམ་པར་སྨད་པར་མཛད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། གསོ་སླ་བ་དང་། དགང་སླ་བ་དང་། ཕྲི་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས། དགེ་སློང་
Vol. 6 · folio 131b
རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་
ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་སྟན་སར་པ་གཞན་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་
ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་འབྲོག་གནས་ན་འབྲོག་གི་ནགས་ན་བཞུགས་སོ། །འབྲོག་གནས་གྲང་ཞིང་རླུང་ཆེ་བས་དགེ་སློང་ལག་གི་བླ་དག་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པ་དེ་དག་གྲང་བ་དག་གིས་
ལས་སར་པ་དག་རྒྱུན་བཅད་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པར་རྨེད་པ། དོན་དང་
མི་ལྡན་པར་མི་རྨེད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པར་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པ་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་ལག་གི་བླ་དག་གིས་ལས་སར་པ་དག་རྒྱུན་བཅད་པར་གྱུར། བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་
ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་། སྟན་སར་པ་གཞན་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པས། དགེ་སློང་ལག་གི་བླ་དག་དགུང་ལོ་དྲུག་གི་བར་དུ་
Vol. 6 · folio 132a
སྟན་གྱིས་མི་ཐུབ་པ་དེ་དག་གྲང་བ་དག་གིས་ལས་སར་པ་དག་རྒྱུན་བཀུམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པའི་དགེ་སློང་དེས་དགེ་འདུན་ལས་ལོ་དྲུག་ཚུན་ཆད་
དུ་སྟན་གྱི་གནང་བ་གསོལ་བར་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་ལ། དགེ་སློང་ལག་གི་བླ་དེས་བླ་
གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་རིམས་ཀྱིས་ཕྱག་འཚལ་ནས། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལོ་
དྲུག་ཏུ་སྟན་མི་བགྱིད་པ་ལས། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་གསོལ་ན་ཐུགས་བརྩེ་བ་ཅན། དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་
དྲུག་ཚུན་ཆད་དུ་སྟན་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཏེ་གསོལ་བར་བྱའོ། །དགེ་སློང་དེ་དག་གིས་དགེ་སློང་ལག་གི་བླ་དེ་ལ་དད་པའམ། ཡིད་ཆེས་པས་འགྲོ་བར་མི་བྱ་བར་དགེ་འདུན་ཐམས་ཅད་དེར་འདོང་བར་བྱ་བའམ། དགེ་འདུན་
གྱིས་བསྐོས་པའི་དགེ་སློང་དག་བཏང་བར་བྱ་ཞིང་དེ་དག་སྟན་དེ་རང་གི་མིག་སྔར་བབ་པར་བྱ་བའམ། ཡང་ན་སྟན་དེ་དགེ་འདུན་གྱི་དབུས་སུ་དབྱུང་བར་བྱ་སྟེ། གལ་ཏེ་སྟན་དེ་ཧ་ཅང་རིང་བ་ཡིན་ན་དེ་དག་གིས་བཅད་པར་བྱའོ། །གལ་ཏེ་ཧ་ཅང་ཐུང་བ་ཡིན་ན་བལ་སྦྱིན་པར་
བྱའོ། །གལ་ཏེ་ཧ་ཅང་ཡངས་པ་ཡིན་ན་དེ་དག་གིས་བཅད་པར་བྱའོ། །གལ་ཏེ་ཧ་ཅང་དོག་པ་ཡིན་ན་བལ་སྦྱིན་པར་བྱའོ། །གལ་ཏེ་རལ་བ་དང་རྡོལ་བ་ཡིན་ན་བལ་སྦྱིན་པར་བྱའོ། །གལ་ཏེ་ཐམས་ཅད་ཀྱིས་ཐམས་ཅད་དུ་བུག་རྡོལ་བ་དང་། ཤ་ཟད་པ་དང་།
Vol. 6 · folio 132b
བཅོས་དཀའ་བ་ཉིད་ཡིན་ན་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་
དྲུག་ཚུན་ཆད་དུ་སྟན་གནང་བར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་
འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བར་གསོལ་ཏེ། དེའི་སླད་དུ་དགེ་
འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བར་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་
བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་ལག་
གི་བླ་གང་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་བྱིན་པ་དེས་ལོ་དྲུག་ཚུན་ཆད་དུ་སྟན་བྱེད་དུ་གཞུག་སྟེ་འདི་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་དེ།
དགེ་སློང་རྣམས་ལ་ཡང་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་
Vol. 6 · folio 133a
ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་། སྟན་སར་པ་གཞན་
བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་སྟེ། དོན་འདིར་ནི་རླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་
གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་བྱེད་དུ་འཇུད་ནའོ། །མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ་ཞེས་བྱ་བ་ནི་ལོ་དྲུག་གི་
མཐའ་ཚུན་ཆད་དུ་བཅང་བར་བྱ་བའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་ཞེས་བྱ་བ་ནི་དེའི་མཐའ་ཚུན་ཆད་དོ། །སྟན་རྙིང་པ་ཞེས་བྱ་བ་ནི་སྟན་གང་ཡོད་པ་དེའོ། །སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་སྟན་སར་པ་གཞན་བྱེད་ན་ཞེས་བྱ་བ་ནི་གཉིས་པའོ། །དགེ་
འདུན་གྱིས་གནང་བ་མ་གཏོགས་སོ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་
ཞེ་ན།། །།བར་སྡོམ་ལ། གཉིས་བརྩམས་ཕྱི་མ་ཟིན་པ་དང་། །གཉིས་བརྩམས་སྔ་མ་ཟིན་པ་དང་། །གཉིས་ཟིན་ནས་ནི་གཅིག་སྤོང་དང་། །གཉིས་ཀ་བརྩམས་ཏེ་གཏོང་བ་དང་། །ལོ་དྲུག་པ་ལ་ཉེས་མེད་པ། །དེ་ནི་སྟན་གྱི་བསྡུ་བ་ཡིན། །དགེ་སློང་
གིས་ལོ་གང་ལ་སྟན་རྩོམ་པར་བྱེད་པའི་ལོ་དེ་ཉིད་ལ་སྟན་གཉིས་པ་རྩོམ་པར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་ཡང་ཉེས་བྱས་སུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །ལོ་དེ་ཉིད་ལ་སྟན་གཉིས་པ་མི་རྩོམ་ཡང་ལོ་གཉིས་པ་དང་། གསུམ་
Vol. 6 · folio 133b
པ་དང་། བཞི་པ་དང་། ལོ་ལྔ་པ་ལ་སྟན་གཉིས་པ་རྩོམ་པར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་ཡང་ཉེས་བྱས་སུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ལོ་གང་ལ་སྟན་རྩོམ་པར་བྱེད་པའི་ལོ་དེ་ཉིད་ལ་སྟན་གཉིས་པ་བརྩམས་
ནས་སྔ་མ་ཟིན་པར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ལོ་དེ་ཉིད་ལ་སྟན་གཉིས་པ་བརྩམས་ནས་ཟིན་པར་མི་བྱེད་ཀྱང་ལོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་ལ་སྟན་གཉིས་པ་བརྩམས་ནས་
སྔ་མ་ཟིན་པར་བྱེད་ན་དེ་རྩོམ་པ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལོ་གང་ལ་སྟན་བྱས་པའི་ལོ་དེ་ཉིད་ལ་སྟན་གཉིས་པ་ཡང་བྱས་ནས་དེས་སྔ་མ་ཤོས་བྱིན་གྱིས་བརླབས་ཏེ་ཕྱི་མ་ཤོས་གཏོང་བར་བྱེད་དམ། ཕྱི་མ་ཤོས་བཞག་སྟེ་སྔ་མ་
ཤོས་གཏོང་བར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །ལོ་དེ་ཉིད་ལ་སྟན་གཉིས་པ་མ་བྱས་ཀྱང་ལོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་ལ་སྟན་གཉིས་པ་བྱས་ནས་དེས་སྔ་མ་
ཤོས་བཞག་སྟེ་ཕྱི་མ་ཤོས་གཏོང་བར་བྱེད་དམ། ཕྱི་མ་ཤོས་བཞག་སྟེ་སྔ་མ་ཤོས་གཏོང་བར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ལོ་གང་ལ་སྟན་རྩོམ་པའི་དེ་ཉིད་ལ་སྟན་
གཉིས་པ་ཡང་བརྩམས་ནས་དེ་མ་ཟིན་པར་གཏོང་བར་བྱེད་དམ། ལོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་ལ་བརྩམས་ནས་དེ་མ་ཟིན་པར་གཏོང་བར་བྱེད་ན་དེ་རྩོམ་པར་བྱེད་པ་ལ་ཉེས་བྱས་ལྔར་འགྱུར་ལ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ལོ་གང་
ལ་སྟན་བྱེད་པའི་ལོ་དེ་ཉིད་ལ་སྟན་གཉིས་པ་མི་བྱེད་ཅིང་ལོ་གཉིས་པ་ལ་ཡང་མི་བྱེད། གསུམ་པ་ལ་ཡང་མི་བྱེད། བཞི་པ་ལ་ཡང་མི་བྱེད། ལྔ་པ་ལ་ཡང་མི་བྱེད་པར་ལོ་དྲུག་པ་ལ་བྱེད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་།
Vol. 6 · folio 134a
ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ལོ་དྲུག་ཏུ་བཅང་བའི་སྤང་བ་སྟེ་བཅུ་བཞི་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་གཉིས་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་
མེད་ཟས་སྦྱིན་གྱི་ཀུན་དགའ་བ་ར་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་ཞེས་གྲག་གོ་ཞེས་སྒྲ་གྲགས་སོ། །བྱང་ལམ་ན་ཚོང་པ་དག་གིས་ཡུལ་དབུས་སུ་
སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། གང་དག་དེ་ལ་མཆོད་པ་དག་བྱེད་པ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། གསལ་བ་ཆེ་བ་དང་། རྒྱ་ཆེན་པོར་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་
ཅག་ཟོང་དག་ཐོགས་ཏེ་མཉན་ཡོད་དུ་འདོང་ཞིང་དེར་བདག་ཅག་གིས་ཁེ་སྤོགས་ཀྱང་བསྒྲུབ་པར་བྱ། བཅོམ་ལྡན་འདས་ལ་ཡང་བསྙེན་བཀུར་བྱའོ་སྙམ་དུ་རིག་ནས་ཚོང་པ་ལྔ་བརྒྱ་བྱང་ལམ་ནས་ཟོང་དག་ཐོགས་ཏེ་ཡུལ་དབུས་སུ་འཕགས་སོ། །དེ་དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་
དེ་དག་གིས་ཟོང་མཁོས་སུ་ཕབ་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་བདག་ཅག་སངས་རྒྱས་བཅོམ་ལྡན་འདས་བལྟ་བར་འདོད་དོ། །ཤེས་ལྡན་དག་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་རྣམས་ནི་བལྟ་བར་བྱ་བ་རིན་པོ་ཆེ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལྟ་སྟེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ལྟར་བལྟམས་པ་དང་། འབྱུང་
བ་དཀོན་པ་ཡིན་ནོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚོང་པ་ལྔ་བརྒྱ་པོ་དེ་དག་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་
Vol. 6 · folio 134b
ལྡན་འདས་ཚོང་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་
པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཚོང་པ་དེ་དག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་གཙུག་ལག་
ཁང་བལྟ་བར་བརྩམས་པ་དང་། ཚོང་པ་དེ་དག་གིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་མལ་དག་ན་གདིང་བ་དབུས་རྡོལ་བ་དག་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཅིའི་ཕྱིར་དགེ་སློང་གནས་བརྟན་གནས་
བརྟན་འདི་དག་གི་གདིང་བ་དག་དབུས་རྡོལ་བར་གྱུར། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་ཉིད་ཆེན་པོ་འདི་དག་ནི་ཕལ་ཆེར་མཚན་མོ་སྐྱིལ་མོ་ཀྲུང་གིས་འདའ་བར་བྱེད་དོ། །དེ་དག་སེམས་མངོན་པར་དད་པར་གྱུར་ནས་དད་པ་སྐྱེས་པ་དེ་དག་གིས་དགེ་སློང་རྣམས་
ལ་རས་ཡུག་ཆེན་ལྔ་བརྒྱ་ཕུལ་ལོ། །དགེ་སློང་རྣམས་ཀྱིས་གདིང་བ་རྙིང་པ་དེ་དག་ཁང་པ་ཆེན་པོའི་གཙུག་ལག་ཁང་བླ་གབ་མེད་པ་ཞིག་ཏུ་བཞག་གོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་།
དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པ་མཛད་དེ། ལྔ་གང་ཞེ་ན།
ནང་དུ་ཡང་དག་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་ལ་བལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་
Vol. 6 · folio 135a
འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པས། རྫས་ལས་བྱུང་བ་ནི་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་
སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའི་ར་བ་ནས། ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་ས་དང་། གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན་ཁང་
པ་ཆེན་པོའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་དེ་ན་གདིང་བ་རྙིང་པ་རྡོལ་བ་དང་རལ་བས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་གོ། །བཅོམ་ལྡན་འདས་ཀྱིས་གདིང་བ་རྙིང་པ་རྡོལ་བ་དང་། རལ་
བ་ས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་པ་དག་གཟིགས་སོ། །གཟིགས་ནས་ཀྱང་ཨེ་མ་ཞེས་གསུང་ཞིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་། ཁྲག་དག་བཙིར་ཅིང་བཙིར་
ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདིང་བ་རྙིང་པ་དེ་དག་ལེགས་པར་བརྟུལ་ཅིང་སྤྲུགས་ནས་
བཏིང་ཞིང་བསྐམས་ཏེ་རྩིག་པ་ལ་མི་རེག་པར་མཛད་ནས། གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་སྒྲུབ་པས། བསོད་སྙོམས་བླངས་ནས། བཅོམ་ལྡན་
འདས་ག་ལ་བ་དེར་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱི་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ལས་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་
Vol. 6 · folio 135b
མཛད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ། དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་བོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་
ཚིམ་པར་བགྱིས་སོ། །དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས། གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་
ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་ངས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཤེས་ནས་ལྡེ་མིག་ཁྱེར་ཏེ། ཀུན་དགའི་
ར་བ་ནས་ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། གོལ་བར་སོང་ཞིང་མཐར་གྱིས་འགྲོ་བ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་ག་ལ་བ་དེར་ཕྱིན་ནས་ངས་ཁང་པ་ཆེན་པོའི་གཙུག་
ལག་ཁང་དེ་ན་གདིང་བ་རྙིང་པ་རྡོལ་བ་དང་རལ་བ་ས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཨེ་མ་ཞེས་བྱས་ཏེ་སྨད་ནས་འདི་སྙམ་དུ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་། ཁྲག་
དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་ཀྱིས། དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ། དྲོད་རན་པར་ཡོངས་
སུ་ལོངས་སྤྱད་པ་དང་། སྤང་ཞིང་ཡོངས་སུ་ལོངས་སྤྱད་པ་དང་། དུས་སུ་ཡོངས་སུ་ལོངས་སྤྱད་པ་དང་། བརྟག་ཅིང་ཡོངས་སུ་ལོངས་སྤྱད་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་ན་ལེགས་སོ།། །།བར་སྡོམ་ལ། དྲོད་རན་པ་དང་སྤང་བ་དང་། །དེ་
Vol. 6 · folio 136a
བཞིན་དུས་དང་བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་སྤྱད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྤང་བ་དང་། དུས་དང་། བརྟག་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་
སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་
སྟེ། དགེ་སློང་གིས་གདིང་བ་སར་པ་བྱེད་ན་སར་པ་བྱ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་
འཁོར་བས་མ་གླན་པར་གདིང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་བའོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་
ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་བྱེད་དུ་འཇུག་ནའོ། །སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སར་པ་སྲ་བར་བྱ་བའི་ཕྱིར་རོ། །གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་
གླན་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བ་གཞན་ཡོད་ནའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་དོ་ཡོད་དོ། །འཁོར་བས་
ཞེས་བྱ་བ་ནི་ཀུན་ནས་མཐོ་རེ་ཡོད་པས་སོ། །གླན་པར་བྱའོ་ཞེས་བྱ་བ་ནི་སྦྱར་བར་བྱ་བའོ། །མ་གླན་པར་ཞེས་བྱ་བ་ནི་མ་སྦྱར་བར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་
Vol. 6 · folio 136b
སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་ཇི་ཙམ་ཅུང་ཟད་དུ་གདིང་བ་སར་པ་སྤྱོད་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གདིང་བ་རྙིང་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤ་ཟད་
པ་དང་། བུག་རྡོལ་དུ་གྱུར་པ་དང་། བཅོས་སུ་མི་རུང་བ་ཡིན་ན་ལྟུང་བ་མེད་དོ། །དེ་ཙམ་མེད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མཐོ་གང་གི་སྤང་བ་སྟེ་བཅྭ་ལྔ་པ་རྫོགས་
སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུའི་ཞག་གིས་བསྐུས་ཏེ་འགྲོ་ན་ཡང་འགྲོ་
བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་བློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང་།
སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱིས་ཡུ་བུ་ཅག་ཀྱང་འདོང་ངོ་། །གང་དུ་འདོང་། གང་དུ་དོན་མཐུན་འགྲུབ་པར་རོ། །དེ་དག་གིས་བསམས་པ། གལ་ཏེ་ཐམས་ཅད་དོང་བར་འགྱུར་ན་བདག་ཅག་གི་ཉེ་བར་སྤྱོད་པའི་ཁྱིམ་གང་དག་ཡིན་པ་དེ་དག་ཀྱང་
ལྷུང་བཟེད་ནག་པོ་ཅན་དག་གིས་རྗེས་སུ་འཇུག་པར་བྱེད་པར་འགྱུར་གྱིས། བདག་ཅག་གིས་གཅིག་བཞག་སྟེ་འདོང་བར་བྱ་ན་སུ་བཞག་པར་བྱ། བཙུན་པ་འཆར་ཀའོ། །བཙུན་པ་འཆར་ཀ་ཁྱོད་འདི་ཉིད་དུ་འདུག་ཤིག །ཁོ་བོ་ཅག་འདོང་བར་བྱའོ། །དེ་བཞིན་གྱིས་ཤིག་ཅེས་
འཆར་ཀ་དེ་ཉིད་དུ་འདུག་གོ། །ལྔ་པོ་དག་གིས་དོན་མཐུན་བཙལ་བར་བརྩམས་པ་དང་། དེ་དག་གིས་བལ་ཡུལ་དུ་འགྲོ་བའི་དོན་མཐུན་མཐོང་ནས། དེའི་དྲུང་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་གང་དུ་འཕགས། འཕགས་པ་དག་བལ་ཡུལ་དུའོ། །བཞིན་
Vol. 6 · folio 137a
བཟངས་དག་ཁོ་བོ་ཅག་ཀྱང་ཁྱེད་དང་ལྷན་ཅིག་འདོང་ངོ་། །འཕགས་པ་དག་བལ་ཡུལ་ནི་རྔ་མོའི་རྒྱབ་འདྲ་བ་ལགས་པས། ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་། ཡུལ་མཐོང་བར་འགྱུར་བས་
འདོང་བར་བྱའོ། །འཕགས་པ་དག་གལ་ཏེ་དེ་ལྟ་ན་ཚུར་སྤྱོན་བཞུད་དོ། །དྲུག་སྡེ་དག་དོན་མཐུན་དེ་དག་དང་ལྷན་ཅིག་བལ་ཡུལ་དུ་འཕགས་ནས་མཐར་གྱིས་བལ་ཡུལ་དུ་ཕྱིན་པ་དང་། ཉི་མ་གང་ཁོ་ན་ལ་བལ་ཡུལ་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ནས་དེ་
དག་ནང་པར་སྔར་ལངས་ཏེ་ལམ་སྲང་དུ་དོང་བ་དང་། ཚོང་པ་དག་གིས་དྲུག་སྡེ་དག་མཐོང་ནས་དེ་དག་གི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་དག་བལ་ཡུལ་ཅི་འདྲ། ཁྱེད་ཅག་མངོན་པར་མི་དགྱེས་པར་མ་གྱུར་ཏམ། བཞིན་བཟངས་དག་ཉི་མ་གང་ཁོ་ན་ལ་བལ་ཡུལ་
དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ཏོ། །འཕགས་པ་དག་བདག་ཅག་གིས་ཁྱེད་ལ་དང་པོ་ཁོ་ན་ནས་བལ་ཡུལ་ནི་རྔ་མོའི་རྒྱབ་འདྲ་བ་ལགས་པས། ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ་ཞེས་མ་བགྱིས་སམ། བཞིན་བཟངས་དག་ཅི་དེ་ལྟ་ན་འགྲོའམ་འདོང་
ངོ་། །འཕགས་པ་དག་བདག་ཅག་གིས་ཟོང་མ་བསྒྱུར་དེ་དེ་ལྟ་ལགས་མོད་ཀྱི་འོན་ཀྱང་བདག་ཅག་དང་བཤེས་པའི་ཚོང་པ་གཞན་དག་མཆིས་པ་དེ་དག་གིས་ཟོང་བསྒྱུར་བས་དེ་དག་ལ་གཏད་པར་བགྱིས་དེ་དག་དང་ཐབས་ཅིག་བཞུད་ཅིག །དྲུག་སྡེ་དག་གིས་སྨྲས་པ། དེ་མ་ནོངས་
ཀྱིས་དེ་བཞིན་བགྱིའོ། །བལ་ཡུལ་ན་བལ་དང་ལྡོང་རོས་གཉིས་མོད་པས་དོན་མཐུན་དེ་དག་གིས་བལ་གྱིས་ཤིང་རྟ་བཀང་སྟེ་ཆས་པ་དང་། དྲུག་སྡེ་དག་ཀྱང་དོན་མཐུན་དེ་དང་ལྷན་ཅིག་འཕགས་སོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་རྡུལ་གྱིས་འཇིགས་པས་ཡང་ན་ནི་དོན་
མཐུན་གྱི་མདུན་དུ་འགྲོ། ཡང་ན་ནི་ཕྱི་བཞིན་འབྲང་ཞིང་འགྲོ་བས་དེ་དག་དོན་མཐུན་གྱི་ཕྱི་བཞིན་འགྲོ་བར་བརྩམས་པ་དང་། ཇི་ཙམ་ན་ཚོང་པ་དེ་དག་གི་ཤིང་རྟའི་སྲོག་ཤིང་ཆག་ནས་ཚོང་པ་དེ་དག་གིས་བསམས་པ། གལ་ཏེ་ཤིང་རྟའི་སྲོག་ཤིང་བཅོས་ན་སྒྲས་ཆོམ་རྐུན་པ་དག་
Vol. 6 · folio 137b
འོང་བར་འགྱུར་ཞིང་དེ་དག་གིས་དང་པོར་བདག་ཅག་བསད་པར་འགྱུར་ལ་དེའི་འོག་ཏུ་ནོར་ཡང་ཕྲོགས་པར་འགྱུར་གྱིས། བདག་ཅག་གིས་གཅེས་པ་དག་ཁྱེར་ཏེ་འདོང་ངོ་སྙམ་ནས་ཡིད་མི་དགའ་ཞིང་འཁོད་པ་དང་། དྲུག་སྡེ་དག་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་
ཕྱིར་ཡིད་མི་དགའ་ཞིང་འཁོད། འཕགས་པ་དག་ཤིང་རྟའི་སྲོག་ཤིང་ཆག་སྟེ་གལ་ཏེ་ཤིང་རྟའི་སྲོག་ཤིང་བཅོས་ན་སྒྲས་ཆོམ་རྐུན་པ་དག་མཆིས་པར་འགྱུར་ཞིང་དེ་དག་གིས་དང་པོར་བདག་ཅག་བཀུམ་པར་འགྱུར་ལ། དེའི་འོག་ཏུ་ནོར་ཡང་ཕྲོགས་པར་འགྱུར་བས་བདག་ཅག་གིས་
གཅེས་པ་དག་འཚལ་དེ་མཆིའོ་སྙམ་ནས་ཡིད་མི་དགའ་ཞིང་མཆིས་སོ། །བཞིན་བཟངས་དག་ཁྱོད་ཀྱིས་བལ་དག་ཡོངས་སུ་བཏང་ངམ། ཡོངས་སུ་བཏང་ངོ་། །གལ་ཏེ་ཁྱེད་ཅག་ལ་མི་གནོད་ན་ཞྭ་དང་། ལྷམ་སྒྲོག་གུ་ཅན་དང་། སྟོད་ཀོར་ནང་ཚངས་ཅན་དང་། རྒྱ་
ཅང་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་ཅུང་ཞིག་བསྐུར་རོ། །འཕགས་པ་དག་བདག་ཅག་ལ་འདིས་ཅི་བགྱི། ཐམས་ཅད་སྣོམས་ཤིག །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཕྱག་དར་ཁྲོད་པ་རྙེད་དོ་ཞེས་དེ་དག་གིས་ལྔ་ཅར་གྱི་ལྷུང་
བཟེད་དང་ཆོས་གོས་དག་གཅིག་གིས་བསྐུར་ནས། མི་བཞིས་དེ་ཉིད་ལས་ཐག་པ་བཀལ་དེ་ཁུར་བོ་ཆེ་བ་བཞི་དྲགས་ནས། དེ་དག་གིས་དེ་ཁུར་ཏེ་དོང་ངོ་། །དེ་དག་གིས་ཁུར་དེ་དག་ཁྱེར་ཏེ་འཕགས་པ་དང་། ཚོང་པ་དེ་དག་གིས་དྲུག་སྡེ་དག་བལ་གྱི་ཁུར་བླངས་ཏེ་ཕྱི་བཞིན་
འོངས་པ་མཐོང་ནས་སྨྲས་པ། འཕགས་པ་དག་བདག་ཅག་གིས་གླ་མི་དག་ཁྲིད་དེ་མཆིའོ་སྙམ་དུ་བསམས་ནས། ཁྱེད་ཅག་གིས་བལ་འདི་ཐམས་ཅད་བསྣམས་དེ་བྱོན་གྱིས་འཕགས་པ་དག་ལ་གླ་གསོལ་ལོ། །བཀྲེན་པ་དག་ཁོ་བོ་ཅག་ཁྱོད་ཀྱི་གླ་མི་དག་ཡིན་ནམ།
འཕགས་པ་དག་མད་ཀྱང་བཞད་གད་བགྱིའོ། །དོན་མཐུན་དེའི་ནང་ན་མུ་སྟེགས་ཅན་དག་ཅིག་འདོང་བ་དེ་དག་གིས་སྨྲས་པ། ཀྱེ་མ་དྲུག་སྡེ་དག་ཁྱེད་ཅག་གང་དུ་ཁུར་འཇིག་པར་འགྱུར། གང་དུ་རྙེད་པ་འགྲུབ་པར་འགྱུར། ཁྱོད་ཀྱི་མའི་ལྟོ་དྲལ་ཏེ་དེར་ཁུར་འཇིག་པར་འགྱུར་
Vol. 6 · folio 138a
ཞིང་དེར་རྙེད་པ་འགྲུབ་པར་འགྱུར་རོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གལ་ཏེ་དོན་མཐུན་དང་ལྷན་ཅིག་འདོང་ན་ཐོ་འཚམ་པ་མང་དུ་འབྱུང་གིས་དོན་མཐུན་གྱི་མདུན་དུ་འདོང་ངོ་ཞེས་དེ་དག་དོན་མཐུན་གྱི་མདུན་དུ་འཕགས་ཏེ་དོང་བ་དང་། རི་བྲགས་ཤིག་
ན་ཆོམ་རྐུན་པ་གཅད་པའི་ཕྱིར་ཡང་རྒོད་ཀྱི་མི་མང་པོ་བཀོད་ཅིང་འཁོད་པ་དེ་དག་གིས་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཉམ་ང་བར་གྱུར་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་གླང་པོ་ཆེ་དང་བཅས་པའི་དམག་བྱུང་ངོ་ཞེས་རི་བྲགས་པ་དེ་དག་ཐམས་ཅད་སྐྲག་
ནས་ནགས་ཁྲོད་དུ་བྱེར་རོ། །དེ་དག་གི་ནང་ནས་ཁ་ཅིག་གིས་སྨྲས་པ། འདི་དག་ནི་གླང་པོ་ཆེ་དང་བཅས་པའི་དམག་མ་ཡིན་གྱི་འདི་ལྟར་རྔ་མོ་དག་ཅིག་འོང་བ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། འདི་དག་ནི་རྔ་མོ་མ་ཡིན་གྱི་འདི་ལྟར་གླང་དག་ཅིག་ཡིན་ནོ། །ཁ་ཅིག་
གིས་སྨྲས་པ། འདི་དག་ནི་གླང་མ་ཡིན་གྱི་འདི་དག་ནི་ཁུར་ཐོགས་པ་དག་ཅིག་ཡིན་ནོ། །དེ་དག་ཐག་ཉེ་བར་གྱུར་པ་དང་། ཡང་རྒོད་དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་འདི་ལྟ་བུའི་ཁུར་དག་ཐོགས་པས་དེའི་ཕྱིར་རི་བྲགས་པ་ཐམས་ཅད་སྐྲག་སྟེ་ནགས་
ཁྲོད་དུ་བྱེར་རོ། །བཀྲེན་པ་དག་གལ་ཏེ་ཆོམ་རྐུན་པ་དག་གིས་ཁྱེད་ཅག་དེ་དག་བྲེད་ངས་པར་ཤེས་པར་གྱུར་ན་ཉིན་མོའི་ཉི་མ་ཁོ་ན་ལ་ཡང་བཅིངས་ཏེ་ནགས་ཁྲོད་དུ་ཁྲིད་པར་འགྱུར་རོ། །དགའ་བོ་ཉེ་དགའ་གལ་ཏེ་ལམ་དུ་འདོང་ན་ཐོ་འཚམ་པ་མང་དུ་འབྱུང་གིས་ལམ་གོལ་བར་
འདོང་ངོ་། །ཞེས་དེ་དག་ལམ་གོལ་བར་ཞུགས་ཏེ་དོང་བ་དང་། ཤོ་གམ་པ་དག་གིས་ཚོང་པ་ཤོ་གམ་འདྲལ་བ་བསྒུགས་པའི་ཕྱིར་འགེ་གུ་པའི་མི་མང་པོ་དག་བཀོད་ཅིང་འཁོད་པ་དེ་དག་གིས་དེ་དག་མཐོང་ནས་སྨྲས་པ། ཨེ་མའོ་ཚོང་པ་ཤོ་གམ་འདྲལ་བ་དག་ཅིའི་ཕྱིར་
ཤོ་གམ་དྲལ་ཏེ་འདོང་། བཀྲེན་པ་དག་ཁོ་བོ་ཅག་ཁྱེད་ཀྱི་ཚོང་པ་ཤོ་གམ་འདྲལ་བ་དག་ཡིན་ནམ། ཁྱེད་ཅག་སུ་ཡིན། འཕགས་པ་དྲུག་སྡེ་དག་ཡིན་ནོ། །བཞུད་ཅིག་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གལ་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ནས་ཞུགས་ན་
Vol. 6 · folio 138b
ལྷུང་བཟེད་ནག་པོ་ཅན་དག་ལས་ཐོ་འཚམ་པ་མང་དུ་འབྱུང་གིས་སྒེའུ་ཆུང་ནས་འཇུག་པར་བྱའོ་ཞེས་དེ་དག་སྒེའུ་ཆུང་ནས་ཞུགས་པ་དང་། རྒན་ཞུགས་ཞིག་གིས་མཐོང་ནས་དེས་སྨྲས་པ། ཨེ་མའོ་ཁུར་ཙ་བ་དག་ཅིའི་ཕྱིར་གྲོང་དྲལ་ཏེ་འཇུག་པར་བྱེད། རྒན་ཞུགས་ཁོ་བོ་ཅག་
ཁྱོད་ཀྱི་ཁུར་ཙ་བ་དག་ཡིན་ནམ། དེས་སྨྲས་པ་ཁྱེད་སུ་ཡིན། ཚེ་དང་ལྡན་པ་དྲུག་སྡེ་དག་ཡིན་ནོ། །ཚེ་དང་ལྡན་པ་དག་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །དེ་དག་ནང་དུ་ཞུགས་ནས་དེ་དག་གི་བལ་གྱི་ཁུར་དེ་དག་བཤིག་པ་དང་། རི་རབ་ཀྱི་རྣམ་པ་འདྲ་བའི་ཕུང་པོ་ཆེན་
པོར་རྣམ་པར་གནས་སོ། །དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཁུར་འདི་ལྟ་བུ་དག་ཐོགས་ནས་ཁྱེད་ལ་ཐོ་འཚམ་པ་དག་མི་འབྱུང་ངམ། ཚེ་དང་ལྡན་པ་དག་ཁྱེད་ཅི་ཁོ་བོ་ཅག་གིས་བཟའ་བ་ཁོ་ནའི་ཕྱིར་ཁ་མངོན་པར་བསྒྲུབས་སམ། གང་
ཁོ་བོ་ཅག་ལ་ཐོ་འཚམ་པར་བྱེད་པ་དེ་ལ་ཁོ་བོ་ཅག་གིས་ཀྱང་ཉིས་གྱུར་སྦྱིན་པར་བྱའོ། །དགེ་སློང་དག་དོན་ཉུང་བ་དག་ཅིའི་ཕྱིར། དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་ཁེངས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་
ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་
བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་
མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་
Vol. 6 · folio 139a
གྲངས་དུ་མས་རྣམ་པར་སྨད་པ་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་
བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ་འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་བཀུར་
བར་བྱའོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལམ་དུ་ཞུགས་པས་ཞེས་བྱ་བ་ནི། དགོན་པའི་ལམ་དུ་ཞུགས་པས་སོ། །ལུག་བལ་དག་ཅེས་བྱ་བ་ནི་ལུག་གི་བལ་
དག་གོ། །རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེས་བླང་བར་བྱའོ་ཞེས་བྱ་བ་ནི་མནོད་པར་བྱ་བའོ། །བླངས་ནས་ཁྱེར་བ་མེད་ན་ཞེས་བྱ་བ་ནི་རུང་བ་བྱེད་པ་མེད་ནའོ། །དཔག་ཚད་གསུམ་གྱི་མཐའི་བར་དུ་ཞེས་བྱ་བ་ནི་
དཔག་ཚད་གསུམ་གྱི་མཐར་ཐུག་པའི་བར་ཚུན་ཆད་དུའོ། །བདག་ཉིད་ཀྱིས་བཀུར་བར་བྱའོ། །ཞེས་བྱ་བ་ནི་བདག་རང་གིས་བཀུར་བར་བྱ་བའོ། །དེ་ལས་འདས་པར་ཁྱེར་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་ཁྱེར་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་
ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ལུག་བལ་དག་རྙེད་ལ་ཁྱེར་བ་མེད་ན་བདག་ཉིད་ཀྱིས་དཔག་ཚད་གསུམ་གྱི་མཐའ་ལས་འདས་པར་ཁྱེར་ན་རྒྱང་གྲགས་ཕྱེད་
དུ་ཕྱིན་ན་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་རྩོམ་པའི་དུས་ཁོ་ན་ན་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་ཕྱེད་དུ་ཕྱིན་ན་ཉེས་བྱས་སུ་གཞན་གཅིག་ཏུ་འགྱུར། རྒྱང་གྲགས་
Vol. 6 · folio 139b
ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ། །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་དྲུག་ལ་ལྕག་རྡུལ་གཅིག་གོ། །ལྕག་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ། །རི་བོང་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་
རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། །སྲོ་མ་དྲུག་ལ་ཤིག་གཅིག་གོ། །ཤིག་དྲུག་ལ་ནས་གཅིག་གོ། །ནས་དྲུག་ལ་སོར་གཅིག་གོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་
བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་གོ། །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ། །དེ་ལ་དགེ་སློང་དགོན་པ་པ་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ། དེ་བླངས་ཏེ་ཁྱེར་བ་མེད་ན་རྒྱང་གྲགས་ཀྱིས་ཆོད་པའི་གྲོང་བདུན་པོ་
དག་གི་གྲོང་ཕྱེད་དུ་ནི་ཉེས་བྱས་སུ་འགྱུར་ལ། གྲོང་གི་མཐར་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གྲོང་ནས་དགོན་པའི་ལམ་དུ་འཇུག་ན་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞྭ་དང་། ལྷམ་སྒྲོག་གུ་ཅན་དང་།
སྟོད་ཀོར་ནང་ཚངས་ཅན་དང་། རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བལ་ཐོགས་
པའི་སྤང་བ་སྟེ་བཅུ་དྲུག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བ་ལ་བགོ་བར་བྱའོ། །ཆ་དུར་བྱ་དེ་དག་གིས་
སྨྲས་པ། བདག་ཅག་གིས་བཙུན་པ་འཆར་ཀ་འདི་ཉིད་ན་འདུག་འདུག་པ་ལ་ཅིའི་ཕྱིར་སྐལ་བ་སྦྱིན། ཆ་ལྔར་བྱའོ། །འཆར་ཀས་ཐོས་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་དེར་རྙེད་པ་གང་གྲུབ་པ་དེ་ཡང་ཁྱེད་ཀྱིས་གྱིས་ཤིག །ཁོ་བོ་འདི་ཉིད་ན་འདུག་འདུག་
Vol. 6 · folio 140a
པས་རྙེད་པ་གང་གྲུབ་པ་དེ་ཡང་ཁོ་བོ་ཉིད་ཀྱིར་བྱའོ། །ཉེ་དགའས་བསམས་པ་འདི་འདི་ན་འདུག་འདུག་པས་རྙེད་པ་མང་པོ་གྲུབ་གོར་མ་ཆག་སྙམ་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དུས་ཐམས་ཅད་དུ་དྲུག་སྡེ་ཡིན་ན་ད་ཅིའི་ཕྱིར་ལྔ་སྡེར་འགྱུར་
བར་བྱ། ཆ་དྲུག་ཁོ་ནར་བྱའོ་སུ་དགོད་དུ་གཞུག །བཙུན་པ་འཆར་ཀ་མ་དུབ་པ་ཡིན་གྱིས་དེ་འགོད་དུ་གཞུག་གོ། །འཆར་ཀས་ཆ་དྲུག་ཏུ་བྱས་ཏེ་བདག་ཉིད་ཀྱི་སྐལ་བ་རང་གི་གནས་ཁང་དུ་བཅུག་སྟེ་བཞག་གོ། །དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་ཀྱིས་རྙེད་
པ་གང་གྲུབ་པ་དེ་ཁྱེར་ཤོག་བགོའོ། །འཆར་ཀས་སྨྲས་པ། ཁོ་བོས་དེའི་བར་དུ་ཀ་ཀ་ཎི་གཅིག་ཙམ་ཡང་མ་རྙེད་དོ། །ཁྱོད་ཀྱིས་ཁོ་བོ་ཅག་བསླུས་སོ། །འཆར་ཀས་བསམས་པ། བདག་གིས་བལ་ཉུང་ངུ་མ་ཞིག་རྙེད་པ་འདི་སུ་རྨེལ་དུ་གཞུག །གལ་ཏེ་ཁྱིམ་པ་དག་
ལ་བཅོལ་ན་ནི་དེ་དག་བསླབ་པ་ཡང་དག་པར་མ་བླངས་པ་ཡིན་པས་ཐམས་ཅད་བརྐུས་པར་འགྱུར་རོ། །གལ་ཏེ་བཅུ་གཉིས་སྡེ་དག་ལ་བཅོལ་ན་ནི་བཅའ་བའི་རིན་དུ་འཇོག་པར་འགྱུར་རོ། །ཆོས་བྱིན་ལ་བཅོལ་ཡང་ཆོས་བྱིན་ནི་མདོ་སྡེའི་མཐའ་པ་ཡིན་ལ། འཁོར་ཡང་མདོ་
སྡེའི་མཐའ་པ་དང་ལྡན་པ་ཡིན་པས་མདོ་སྡེའི་ཚིག་དག་སེམས་པ་ན་དུས་འགྱངས་པར་འགྱུར་རོ། །གཽ་ཏ་མཱི་སྐེམ་མོ་ལ་བཅོལ་དུ་ཡང་གཽ་ཏ་མཱི་སྐེམ་མོ་ནི་འདུལ་བ་འཛིན་པ་ཡིན་ལ། དེའི་འཁོར་ཡང་འདུལ་བ་འཛིན་པ་དང་ལྡན་པ་ཡིན་པས་དེ་འདི་ནི་ལྟུང་བ་ཡིན་ནོ། །འདི་ནི་ལྟུང་
བ་མ་ཡིན་ནོ་ཞེས་སེམས་པ་ན་དུས་འགྱངས་པར་འགྱུར་རོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ནི་སྤོང་བ་མ་ཡིན་ལ། འཁོར་ཡང་སྤོང་བ་པ་དང་ལྡན་པས་དེས་སེམས་རྩེ་གཅིག་ཏུ་འཇོག་པ་ལ་བལ་རྨེལ་བ་མི་གནོད་ཀྱིས་བདག་གིས་དེ་ལ་བལ་རྨེལ་དུ་བཅོལ་ལོ་སྙམ་ནས།
དེ་དེ་སྙམ་སེམས་ཞིང་འདུག་པ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ག་ལ་བ་དེར་འོངས་པ་དེ་ཚེ་དང་ལྡན་པ་འཆར་ཀས་ཐག་རིང་པོ་ཁོ་ན་ནས་མཐོང་ནས་སྨྲས་པ། གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱི་སྨོན་པ་འགྲུབ་སྟེ།
Vol. 6 · folio 140b
དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་རོ་ཞེས་བཀའ་སྩལ་པ་དེ་ལེགས་པར་གསུངས་པ་ཡིན་ཏེ། ད་གཟོད་ཁོ་ན་བདག་ཀྱེ་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འོངས་ན་ཅི་མ་རུང་སྙམ་པའི་བློ་སྐྱེས་ན་ཁྱོད་ཀྱང་འདིར་འོངས་སོ། །བདག་གིས་བལ་ཉུང་ཞིག་རྙེད་པ་དེ་ཁྱེད་ཀྱིས་རྨེལ་དུ་ཆུག་སྟེ་
བྱིན་ཅིག །འཕགས་པ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སླར་མཆིས་ནས་དགེ་སློང་མ་གཉིས་བཏང་གིས་དེ་གཉིས་ལ་བསྐུར་བར་སྩོལ་ཅིག །འཆར་ཀས་བལ་དེ་དག་གཟར་ཐག་གིས་བམ་པོ་གཉིས་སུ་དམ་དུ་རབ་ཏུ་བཅིངས་ཏེ་སྒོ་གླེགས་ཀྱི་ཕག་ཏུ་བཞག་གོ། །དེ་
ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། དབྱར་ཁང་དུ་སོན་ནས་དེས་དེའི་གན་དུ་དགེ་སློང་མ་གཉིས་བཏང་སྟེ། འཕགས་པ་འཆར་ཀའི་གན་དུ་དེང་ལ་བལ་དེ་བསྐུར་དུ་སྩོལ་ཞེས་གྱིས་ཤིག་ཅེས་བསྒོའོ། །དེ་གཉིས་དོང་སྟེ་སྨྲས་པ། འཕགས་པ་
གཽ་ཏ་མཱིའི་མཆིད་ནས་བལ་དེ་བསྐུར་དུ་གསོལ་ཞེས་མཆིའོ། །འཆར་ཀས་དེ་གཉིས་ལ་སྨྲས་པ། སྒོ་གླེགས་ཀྱི་ཕག་ན་བམ་པོ་གཉིས་འདུག་པ་དེ་གཉིས་ཁྱེར་ལ་དེང་ཤིག །དེ་གཉིས་གནས་ཁང་དུ་ཞུགས་ཏེ་འདེགས་པར་བརྩམས་པ་དང་། བསྒུལ་བ་ཙམ་དུ་ཡང་མ་ནུས་ནས་
དེ་གཉིས་ཀྱིས་སྨྲས་པ། འཕགས་པ་ཅི་འདིར་རང་ཐག་གི་གོར་མ་དག་སྩལ་ཏམ། གཞོན་ནུ་མ་གཉིས་ཅི་ཁྱེད་གཉིས་གཞོན་ནུ་མ་གཏའ་གམ་པ་ཡིན་ནམ། ཞེས་དེས་ཐེའུ་ཆུང་གིས་བཏེག་སྟེ་གཅིག་ནི་གཅིག་གི་མགོར་བསྐུར། གཅིག་ནི་གཅིག་གི་རྐེད་དུ་བསྐུར་རོ། །དེ་
གཉིས་མགོ་ཆག་ལ་ཐུག་གོ། །རྐེད་པ་ཆག་ལ་ཐུག་གོ་ཞེས་ཟེར་ཞིང་དབྱར་ཁང་དུ་དོང་ནས་ཁུར་ས་ལ་བཞག་སྟེ་ཁྲི་སྟེང་དུ་སྒྱེལ་ཅིང་འདུག་གོ། །དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཁྱེད་གཉིས་གཞོན་ནུ་མ་གཏའ་གམ་པ་ཡིན་ནམ། དེ་གཉིས་ཀྱིས་སྨྲས་པ། ཁྱེད་
ཅག་ལས་སྟོབས་དང་ལྡན་པ་གང་ཡིན་པ་དེས་ཇེ་འདི་ཐེག་ཤིག །དེ་དག་གིས་དེ་འདེགས་པར་བརྩམས་པ་དང་། བསྒུལ་བ་ཙམ་དུ་ཡང་མ་ནུས་ནས་དེ་དག་གིས་སྨྲས་པ། འཕགས་མ་གཉིས་ཅི་འདིར་རང་ཐག་གི་རྡོ་དག་བཅུག་གམ་ཞེས་དེ་དག་གིས་བམ་པོ་དེ་གཉིས་བཤིག་
Vol. 6 · folio 141a
པ་དང་ཇི་ཙམ་ན་ཕུང་པོ་ཆེན་པོར་རྣམ་པར་གནས་པར་གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་རྟ་གད་ཀྱིས་བཏབ་སྟེ་སྨྲས་པ། འཕགས་པ་འཆར་ཀ་ན་རེ་བལ་ཅུང་ཞིག་ཟེར་ན་གལ་ཏེ་མང་བར་གྱུར་ན་ཇི་ལྟ་བུར་འགྱུར། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ།
ནུ་མོ་དག་མགོ་བྲེགས་ཤིང་མཆན་ཁུང་རལ་བུ་ཅན་དག་ཡིན་ན་གོད་དུ་ཅི་ཡོད། འཕགས་པ་འཆར་ཀའི་མཆིད་ནས་བལ་ཉུང་ཞིག་ཅེས་མཆི་ན་གལ་ཏེ་མང་བར་གྱུར་ན་ཇི་ལྟ་བུར་འགྱུར། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ། ནུ་མོ་དག་དེ་དག་ནི་གནས་ངན་ལེན་ཀུན་
ཏུ་སྤྱོད་པ་དག་ཡིན་པས་དེ་དག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འདྲུམས་པ་ལྟུང་བས་ལྟུང་བར་བྱེད་དོ། །ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདི་གཉིས་ནི་སྐྱེས་བུ་དམ་པ་ཡིན་ཏེ། ཁུར་མ་བླངས་པ་མི་ལེན་པ་གང་ཡིན་པ་དང་། ཁུར་བླངས་པ་མཐར་ཕྱིན་པར་བྱེད་པ་གང་
ཡིན་པའོ་ཞེས་གསུངས་པས། འདི་ནི་ཁུར་བླངས་པ་ཡིན་པས་མཐར་ཕྱིན་པར་བྱ་དགོས་ཀྱིས། ཁྱེད་ཅག་ལས་གང་གིས་ཇི་ཙམ་རྨེལ་བར་སྤྲོ་བ་དེ་ཙམ་རྨེལ་ལ་དེའི་གེན་དུ་ཁྱེར་ཏེ་བྱིན་ཅིག །དེ་དག་ཡུན་རིང་དུ་ཐོགས་པ་དང་འཆར་ཀས་བསམས་པ། དེ་དག་གིས་བལ་དེ་
བཅའ་བའི་རིན་དུ་བཞག་གོར་མ་ཆག །བདག་གིས་མ་ལེགས་པ་ཞིག་བྱས་ཏེ་བདག་གིས་བལ་དེ་ནི་ཆར་པས་འཇིགས་པས་གང་ལ་ཁར་བཞག་པ་དང་འདྲ་བར་གྱུར་ཏོ་སྙམ་མོ། །དགེ་སློང་མ་གཉིས་ཀྱིས་བལ་ཁལ་ཅིག་རྨེལ་ཏེ་ཁྱེར་ཏེ་འོངས་ནས་སྨྲས་པ། འཕགས་པ་
འཆར་ཀ་བལ་དག་འཚལ་ཏེ་མཆིས་ན་གང་དུ་གཞག་པར་བགྱི། འཆར་ཀས་བསམས་པ། ད་དུང་སྤྱོད་ཡུལ་ལྷག་མ་དང་བཅས་པ་ཡིན་ནོ་སྙམ་ནས་སྨྲས་པ། གནས་ཁང་དུ་ཆུག་སྟེ་ཞོག་ཤིག །དེ་གཉིས་ཀྱིས་བཞག་སྟེ་སོང་བ་དང་། གཞན་དག་གིས་ཀྱང་ཁྱེར་ཏེ་འོངས་
སོ། །ཇི་ཙམ་ན་ཐམས་ཅད་ཀྱིས་ཀྱང་ཁྱེར་ཏེ་འོངས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །དེའི་ཚེ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་
Vol. 6 · folio 141b
མཱིའི་ལག་པ་གཉིས་འདི་ལྟ་སྟེ། དཔེར་ན་བཙོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ་དང་ཤིན་ཏུ་དམར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཅིའི་ཕྱིར་ཁྱོད་ཀྱི་ལག་པ་གཉིས་འདི་ལྟ་
སྟེ། དཔེར་ན་བཙོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ་དང་ཤིན་ཏུ་དམར་བར་གྱུར། བཅོམ་ལྡན་འདས་འདི་ན་བགྱི་བ་གཞན་ལགས་ན་གཞན་བགྱིད་དོ། །ཇི་ལྟར་གྱུར། འཕགས་པ་འཆར་ཀས་བདག་བལ་རྨེལ་དུ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་
དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་དག་རྨེལ་དུ་འཇུད་དམ། བཙུན་པ་རྨེལ་དུ་སྩོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་
གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་
ཀ་ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་དག་རྨེལ་དུ་འཇུད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་
མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་
བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུར་འཇུད་དམ། འཚེད་དུ་འཇུད་དམ། རྨེལ་དུ་འཇུད་ན་སྤང་བའི་
Vol. 6 · folio 142a
ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ།
དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །འཁྲུར་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཆུར་སྙུག་པ་བྱེད་དུ་འཇུད་ནའོ། །འཚེད་དུ་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཚོན་དུ་སྙུག་པ་བྱེད་དུ་འཇུད་ནའོ། །རྨེལ་དུ་འཇུད་ན་ཞེས་བྱ་བ་ནི་ཐ་ན་འདའ་བ་བྱེད་དུ་འཇུད་
ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་
པས་ལུག་བལ་དག་འཁྲུར་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཚེད་དུ་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རྨེལ་དུ་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཁྲུར་འཇུད་པ་དང་འཚེད་དུ་འཇུད་དམ། འཁྲུར་འཇུད་པ་དང་རྨེལ་དུ་འཇུད་དམ། འཚེད་
དུ་འཇུད་པ་དང་འཁྲུར་འཇུད་དམ། འཚེད་དུ་འཇུད་པ་དང་རྨེལ་དུ་འཇུད་དམ། རྨེལ་དུ་འཇུད་པ་དང་འཁྲུར་འཇུད་དམ། རྨེལ་དུ་འཇུད་པ་དང་འཚེད་དུ་འཇུད་དམ། འཁྲུར་འཇུད་པ་དང་འཚེད་དུ་འཇུད་པ་དང་། རྨེལ་དུ་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་
གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་ལུག་བལ་དག་འཁྲུར་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཚེད་དུ་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རྨེལ་དུ་འཇུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཁྲུར་འཇུད་པ་དང་འཚེད་དུ་འཇུད་དམ། འཁྲུར་
འཇུད་པ་དང་རྨེལ་དུ་འཇུད་དམ། འཚེད་དུ་འཇུད་པ་དང་འཁྲུར་འཇུད་དམ། འཚེད་དུ་འཇུད་པ་དང་རྨེལ་དུ་འཇུད་དམ། རྨེལ་དུ་འཇུད་པ་དང་འཁྲུར་འཇུད་དམ། རྨེལ་དུ་འཇུད་པ་དང་འཚེད་དུ་འཇུད་དམ། འཁྲུར་འཇུད་པ་དང་འཚེད་དུ་འཇུད་པ་དང་། རྨེལ་དུ་འཇུད་ན་སྤང་
Vol. 6 · folio 142b
བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་ལུག་བལ་དག་འཁྲུར་འཇུད་ན་ཉེས་བྱས་སུ་འགྱུར་རོ། །འཚེད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །རྨེལ་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །འཁྲུར་འཇུད་པ་དང་འཚེད་དུ་འཇུད་
དམ། འཁྲུར་འཇུད་པ་དང་རྨེལ་དུ་འཇུད་དམ། འཚེད་དུ་འཇུད་པ་དང་འཁྲུར་འཇུད་དམ། འཚེད་དུ་འཇུད་པ་དང་རྨེལ་དུ་འཇུད་དམ། རྨེལ་དུ་འཇུད་པ་དང་འཁྲུར་འཇུད་དམ། རྨེལ་དུ་འཇུད་པ་དང་འཚེད་དུ་འཇུད་དམ། འཁྲུར་འཇུད་པ་དང་འཚེད་དུ་འཇུད་པ་དང་།
རྨེལ་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་ལུག་བལ་དག་འཁྲུར་འཇུད་ན་ཉེས་བྱས་སུ་འགྱུར་རོ། །འཚེད་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །རྨེལ་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །འཁྲུར་འཇུད་པ་དང་
འཚེད་དུ་འཇུད་དམ། འཁྲུར་འཇུད་པ་དང་རྨེལ་དུ་འཇུད་དམ། འཚེད་དུ་འཇུད་པ་དང་འཁྲུར་འཇུད་དམ། འཚེད་དུ་འཇུད་པ་དང་རྨེལ་དུ་འཇུད་དམ། རྨེལ་དུ་འཇུད་པ་དང་འཁྲུར་འཇུད་དམ། རྨེལ་དུ་འཇུད་པ་དང་འཚེད་དུ་འཇུད་དམ། འཁྲུར་འཇུད་པ་དང་འཚེད་དུ་འཇུད་
པ་དང་། རྨེལ་དུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བལ་རྨེལ་དུ་འཇུད་པའི་སྤང་བ་སྟེ་བཅུ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་
རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེ་ནས་གྲོང་དཔོན་གཙུག་ན་ནོར་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་
ནས་བཅོམ་ལྡན་འདས་ལ་གྲོང་དཔོན་གཙུག་ན་ནོར་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་གྱི་གདུགས་རྣམས་ཀྱིས་ཆེས་སྔ་བ་ཞིག་ན་རྒྱལ་པོའི་ཕོ་བྲང་ན་རྒྱལ་པོ་དང་བློན་པོའི་འཁོར་མཆིས་ཤིང་མཐུན་པར་གྱུར་པ་རྣམས་ལ་བར་སྐབས་ཀྱི་བཀའ་མཆིད་ཀུན་ཏུ་བརྗོད་པ་འདི་ལྟ་
Vol. 6 · folio 143a
བུ་འདི་བྱུང་བར་གྱུར་ཏེ། ཤེས་ལྡན་དག་ཅི་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ངམ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དམ། འོན་ཏེ་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་
བདག་གིར་མི་བགྱིད་ཅེས་མཆི་ནས། དེ་ན་ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་
དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དོ་ཞེས་མཆི་ན། བཙུན་པ་དེ་ལ་གང་དག་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དོ་ཞེས་མཆིས་ན། བཙུན་པ་ཇི་ལྟར་གང་དག་དེ་སྐད་མཆི་བ་དེ་དག་དེ་
ལྟར་བརྡ་སྤྲོད་པར་བགྱིད་པ་ན། བཅོམ་ལྡན་འདས་ལ་སྐུར་པ་འདེབས་པར་མི་བགྱིད་ཅིང་ཧ་ཅང་ཐལ་བར་ཡང་མི་བགྱིད་པ་དང་། དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྗེས་སུ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་
བགྱིད་པ་དང་། གསུངས་པའི་རྗེས་སུ་སྨྲ་བ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་འགའ་ཡང་མི་མཆི་བ་ལགས་སམ། གྲོང་དཔོན་གང་དག་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་
རྣམས་གསེར་བདག་གིར་བྱེད་དོ་ཞེས་ཟེར་བ་དེ་དག་དེ་ལྟར་བརྡ་སྤྲོད་པར་བྱེད་པ་ནང་ལ་སྐུར་པ་འདེབས་པར་བྱེད་ཅིང་ཧ་ཅང་ཐལ་བར་བྱེད་པ་དང་། དེ་དག་ངས་སྨྲས་པའི་རྗེས་སུ་སྨྲ་བ་མ་ཡིན་པ་དང་། ཆོས་སྨྲ་བ་མ་ཡིན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་
བྱེད་པ་མ་ཡིན་པ་དང་། སྨྲས་པའི་རྗེས་སུ་སྨྲ་བ་མ་ཡིན་པ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་ཤིན་ཏུ་འོང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གྲོང་དཔོན་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་
Vol. 6 · folio 143b
གསེར་བདག་གིར་མི་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །གྲོང་དཔོན་ངས་ཁྱོད་ལ་དོན་དེ་ཉིད་ཀྱི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ། དགེ་སློང་
རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ། །བཙུན་པ་གང་གི་སླད་དུ་བཅོམ་ལྡན་འདས་
ཀྱིས་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བགྱིད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ལགས་ཤིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ལགས་
སོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ། །བཙུན་པ་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གྲོང་དཔོན་ངས་ཁྱོད་ལ་དོན་དེ་ཉིད་ཀྱི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ། དགེ་སློང་
རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བགྱིད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ལགས་ཤིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ལགས་སོ་ཞེས་བཀའ་སྩལ་པའི་
བཅོམ་ལྡན་འདས་ཀྱི་བཀའ་དེ་ནི་རྒྱ་ཆེར་བཟང་བ་ལགས་སོ། །བཙུན་པ་བདག་ཀྱང་འདི་སྙམ་བགྱིད་དེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་
གིར་བགྱིད་པ་དེ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་རུང་བ་ཁོ་ན་ལགས་སོ། །གྲོང་དཔོན་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་
Vol. 6 · folio 144a
ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ། །དེ་ནས་གྲོང་དཔོན་གཙུག་ན་ནོར་བུས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས། བཅོམ་ལྡན་འདས་ཀྱི་
ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་པར་གྱུར་ཅིང་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་གྲོང་དཔོན་གཙུག་ན་ནོར་བུ་སོང་ནས་རིང་པོར་མ་ལོན་པར་ཐུགས་སུ་ཆུད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་
པར་བསྡུས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་པར་བསྡུས་ཏེ། བཅོམ་ལྡན་
འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་
ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་པར་མཆིས་ཤིང་མཐུན་པར་གྱུར་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དཔོང་སའི་ཁང་པ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་
གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ཅིའི་གྲོང་དཔོན་གཙུག་ན་ནོར་བུ་ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་ངའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་
Vol. 6 · folio 144b
ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ང་ལ་གྲོང་དཔོན་གཙུག་ན་ནོར་བུ་འདི་སྐད་ཅེས་བཙུན་པ་སྔོན་གྱི་གདུགས་རྣམས་ཀྱི་ཆེས་སྔ་བ་ཞིག་ན་རྒྱལ་པོའི་ཕོ་བྲང་ན་རྒྱལ་པོ་དང་བློན་པོའི་འཁོར་མཆིས་ཤིང་མཐུན་པར་གྱུར་པ་རྣམས་ལ་བར་སྐབས་ཀྱི་བཀའ་མཆིད་ཀུན་ཏུ་རྗོད་པ་
འདི་ལྟ་བུ་འདི་བྱུང་བར་གྱུར་ཏེ། ཤེས་ལྡན་དག་ཅི་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ངམ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དམ། འོན་ཏེ་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་
མི་བགྱིད་ཅེས་མཆི་ནས། དེ་ན་ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་
གསེར་བདག་གིར་མི་བགྱིད་དོ་ཞེས་མཆི་ན། བཙུན་པ་དེ་ལ་གང་དག་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དོ་ཞེས་མཆི་ན། བཙུན་པ་ཇི་ལྟར་གང་དག་དེ་སྐད་མཆི་བ་དེ་དག་དེ་ལྟར་བརྡ་སྤྲོད་པར་
བགྱིད་པ་ན་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པར་མི་བགྱིད་ཅིང་ཧ་ཅང་ཐལ་བར་ཡང་མི་བགྱིད་པ་དང་། དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྗེས་སུ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་བགྱིད་པ་དང་། གསུངས་
པའི་རྗེས་སུ་སྨྲ་བ་པ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་འགའ་ཡང་མི་མཆི་བ་ལགས་སམ་ཞེས་ཟེར་ནས། ངས་དེ་ལ་འདི་སྐད་ཅེས་གྲོང་དཔོན་གང་དག་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་
རྣམས་གསེར་བདག་གིར་བྱེད་དོ་ཞེས་ཟེར་བ་དེ་དག་དེ་ལྟར་བརྡ་སྤྲོད་པར་བྱེད་པ་ན་ང་ལ་སྐུར་པ་འདེབས་པར་བྱེད་ཅིང་ཧ་ཅང་ཐལ་བར་བྱེད་པ་དང་། དེ་དག་ངས་སྨྲས་པའི་རྗེས་སུ་སྨྲ་བ་མ་ཡིན་པ་དང་། ཆོས་སྨྲ་བ་མ་ཡིན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་
Vol. 6 · folio 145a
བྱེད་པ་མ་ཡིན་པ་དང་། སྨྲས་པའི་རྗེས་སུ་སྨྲ་བ་མ་ཡིན་པ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་ཤིན་ཏུ་འོང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གྲོང་དཔོན་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་
དགེ་སྦྱོང་རྣམས་གསེར་བདག་གིར་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །གྲོང་དཔོན་ངས་ཁྱོད་ལ་དོན་དེ་ཉིད་ཀྱི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་
བརྗོད་པར་བྱ་སྟེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ་
ཞེས་སྨྲས་པ་དང་། དེང་ལ་འདི་སྐད་ཅེས་བཙུན་པ་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་
བདག་གིར་བགྱིད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ལགས་ཤིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ལགས་སོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ། །བཙུན་པ་གང་གིས་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གྲོང་
དཔོན་ངས་ཁྱོད་ལ་དོན་དེ་ཉིད་ཀྱི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བགྱིད་
པ་དེ་ནི་དགེ་སྦྱོང་གི་ཆོས་མ་ལགས་ཤིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ལགས་སོ། །ཞེས་བཀའ་སྩལ་པའི་བཅོམ་ལྡན་འདས་ཀྱི་བཀའ་དེ་ནི་རྒྱ་ཆེར་བཟང་བ་ལགས་སོ། །བཙུན་པ་བདག་ཀྱང་འདི་སྙམ་བགྱིད་དེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་
Vol. 6 · folio 145b
སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བགྱིད་པ་དེ་ལ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་རུང་བ་ཁོ་ན་ལགས་སོ་ཞེས་ཟེར་རོ། །ངས་དེ་ལ་འདི་སྐད་ཅེས་གྲོང་དཔོན་དེ་དེ་བཞིན་ནོ། །དེ་དེ་བཞིན་
ཏེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དོ། །གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ་ཞེས་སྨྲས་སོ། །
དེ་ནས་གྲོང་དཔོན་གཙུག་ན་ནོར་བུ་དེས་ངས་སྨྲས་པ་ལ་མངོན་པར་དགའ་བ་དང་། རྗེས་སུ་ཡི་རང་བ་བྱས་ནས་ངའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ངའི་དྲུང་ནས་སོང་ངོ་། །དགེ་སློང་དག་དེ་ལྟར་གྲོང་དཔོན་གཙུག་ན་ནོར་བུ་དེས་རྒྱལ་པོ་དང་བཅས་པའི་འཁོར་གྱི་
མདུན་དུ་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ལ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་གདོན་མི་ཟ་བར་རུང་བ་ཡིན་ནོ་ཞེས་ཆ་
གཅིག་བཟུང་སྟེ། ཁྱུ་མཆོག་གི་ཚིག་རྒྱ་ཆེན་པོ་སྨྲས་ཤིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་བསྒྲགས་སོ། །དགེ་སློང་དག་ངས་ཀྱང་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ།
གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ་ཞེས་སྨྲས་སོ། །དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་ད་དེང་ཕྱིན་ཅད་ཤིང་འདོད་པ་དག་གིས་ཤིང་ཡོངས་སུ་བཙལ་བར་བྱ། རྩྭ་
འདོད་པ་དག་གིས་ནི་རྩྭ། ཤིང་རྟའི་ལས་འདོད་པ་དག་གིས་ནི་ཤིང་རྟའི་ལས། མི་བླས་འདོད་པ་དག་གིས་ནི་མི་བླས་ཡོངས་སུ་བཙལ་བར་བྱ་ཞེས་སྨྲ་བའི་འདི་སྐད་ཅེས་རྣམ་གྲངས་གང་གིས་ཀྱང་གསེར་བདག་གིར་བྱ་བ་ནི་མི་སྨྲའོ། །འདི་ནི་རེ་ཞིག་བྱུང་བ་ཡིན་
Vol. 6 · folio 146a
གྱི་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུད་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་། ཁྲིའུ་ཆུང་ངུ་དག་ཏུ་འཇོག་པར་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་
དག་ཤཱཀྱའི་བུའི་དགེ་སྦྱོང་དག་ནི་མ་ལོག་མ་སྤངས་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུད་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་། ཁྲིའུ་ཆུང་ངུ་དག་ཏུ་འཇོག་
པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུད་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་། ཁྲིའུ་ཆུང་ངུ་དག་འཇོག་པར་བྱེད་ན་ཤེས་ལྡན་དག་ཤཱཀྱའི་བུའི་
དགེ་སྦྱོང་རྣམས་དང་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་འདི་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་
བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་རང་གི་ལག་གིས་གསེར་དང་དངུལ་ལེན་པ་དང་། ལེན་དུ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words