འདུལ་བ་རྣམ་པར་འབྱེད་པ

Sanskrit title (Tibetan script, as in the text) བི་ན་ཡ་བི་བྷང་ག

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 6 · folio 174b

བདག་ཅག་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་མཁྱེན་པ་དེའི་ཚེ་གོ་རྡེག་པར་མཛད་མོད། ད་བདག་ཅག་དགེ་བའི་བཤེས་གཉེན་འཕགས་པ་ཉེ་དགའ་ལ་བརྟེན་ནས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པས་འདི་ལྟར་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལགས་

པས་སུ་ཞིག་སུའི་བྲན་ལགས། བུ་མོ་འདི་ལ་རྡེག་པར་མ་མཛད་ཅིག །བཟང་མོ་ཁྱོད་ཟེར་བ་མཉེས་སོ། །བུ་མོ་ཚུར་ཤོག །ཁྲུས་གྱིས་ལ་ཤོག་ཤིག །བུ་མོ་དེ་ཁྲུས་བྱས་ཏེ་འོངས་པ་དང་། དེས་དེ་ལ་གོས་ཕྲུགས་གཅིག་བསྐོན་ནས་སྨྲས་པ། བུ་མོ་དགའ་ཞིང་ལས་

བྱོས་ཤིག །བུ་མོ་དེས་བསམས་པ། ཁྱིམ་བདག་ཁྱོ་ཤུག་འདི་སྔོན་གཏུམ་པ། བརྟུན་ངས་པ། དྲག་ཤུལ་ཆེ་བ་ཡིན་ཏེ། ཡང་དང་ཡང་དུ་བདག་ལ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་ཅིང་ཟས་དང་གོས་ངན་པ་དག་སྦྱིན་པར་བྱེད་ན། ད་འདི་བདག་གི་ཕ་མ་དང་

འདྲ་བར་གྱུར་ཏོ་སྙམ་ནས། ཡང་བསམས་པ། གང་ཚུན་ཅད་ནས་འཕགས་པ་ཉེ་དགའ་ཁྱིམ་འདིར་འཇུག་པར་བརྩམས་པ་དེ་ཚུན་ཆད་ནས་ཁྱིམ་བདག་འདི་ཕ་མ་དང་འདྲ་བར་གྱུར་པས་བདག་གིས་འཕགས་པ་ཉེ་དགའ་ལ་ཅི་ཞིག་གིས་དགའ་བར་བྱ་སྙམ་ནས་དེས་བསམས་པ། གལ་

ཏེ་བདག་གིས་འདི་ལས་ཆུང་ཞིག་བརྐུས་ཏེ་དབུལ་དུ་ནི་ཁྱིམ་བདག་འདིས་བདག་བརྡེག་བཙོག་མང་པོ་བྱས་ཏེ་སྔོན་གྱི་གནས་སུ་བཞག་པར་འགྱུར་རོ་སྙམ་ནས་དེ་སྡོད་ཅིང་འདུག་གོ། །ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་བདག་དེ་ལ་སྨྲས་པ། རྗེའི་སྲས་མཁྱེན་པར་མཛོད་ཅིག །འཕགས་པ་

ཉེ་དགའ་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ཏེ། འཕགས་པ་ཉེ་དགའས་བདག་ཅག་ལས་དྲི་མ་ཅན་དང་ཕྲལ་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་དེ། ཡང་དང་ཡང་དུ་བདག་ཅག་ལ་ཆོས་ཀྱིས་སྡུད་པར་བྱེད་པས་བདག་ཅག་གིས་ཀྱང་དེ་

ལ་ཟང་ཟིང་ཅུང་ཟད་ཀྱིས་བསྡུ་བར་བགྱིའོ། །བཟང་མོ་དེ་བཞིན་བྱའོ། །རྗེའི་སྲས་བདག་གིས་དོག་པ་འཇམ་པོ་བཀལ་ཏེ། དོག་པ་དེ་ལས་ཐ་ག་པ་ཆེ་གེ་མོ་ཞིག་ལ་རས་ཡུག་ཆེན་འཐག་ཏུ་སྩལ་ཅིང་སླད་ཀྱིས་རས་ཡུག་ཆེན་བསྐོན་པར་བགྱིའོ། །ཁྱིམ་བདག་དེས་དོག་པ་དེ་ཐ་ག་

Vol. 6 · folio 175a

པ་ལ་བྱིན་ནས་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་དོག་པ་འདི་ལས་རས་ཡུག་ཆེན་ཐོགས་ཤིག་དང་འཕགས་པ་ཉེ་དགའ་ལ་དབུལ་བར་བའོ། །དེ་ལྟར་བྱའོ། །བུ་མོ་དེས་དེ་ཐོས་ནས་བསམས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགའ་བ་དེ་སྦྲན་

པར་བྱའོ་སྙམ་མོ། །ཉེ་དགའ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང་། བུ་མོ་དེས་ཁྱིམ་ལེགས་པར་བྱུགས་ཤིང་ཕྱག་དར་བོར་ནས།

དེས་ཉེ་དགའ་མཐོང་བ་དང་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགྱེས་པ་སྦྲན་པར་བགྱིའོ། །ཉེ་དགའས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཁོ་བོ་ལ་དགའ་བ་ཅི་ཞིག་སྦྲན་པར་བྱ། ཁྱིམ་བདག་འདི་ཁྱོད་ལ་རས་ཡུག་ཆེན་འབུལ་བར་འགྱུར་རོ། །ཉེ་

དགའས་བསམས་པ། སའི་སྟེང་ན་འདོད་པའི་བདག་ཉིད་ཅན་གང་ཇི་སྙེད་ཡོད་པ་དེ་དག་དང་བདག་མཉམ་པར་དེང་བུ་མོ་འདིས་ཀྱང་འཕྲིགས་སོ་སྙམ་དུ་རིག་ནས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཅི་ཁོ་བོ་ལ་ཐོ་འཚམ་པར་བྱེད་དམ། བུ་མོས་སྨྲས་པ། བདག་ཅིའི་

སླད་དུ་འཕགས་པ་ལ་ཐོ་འཚམ་པར་བགྱིད། ཉེ་དགའས་སྨྲས་པ། བུ་མོ་གལ་ཏེ་བདེན་པར་གྱུར་ན་ནི་ངས་ཁྱོད་ལ་གཤེ་བ་དག་ལ་ཆུགས་མ་བྱའོ། །ཇི་སྟེ་བརྫུན་པར་གྱུར་ན་ནི་བརྡེག་བཙོག་མང་པོ་བྱེད་དུ་བཅུག་སྟེ་སྔོན་གྱི་གནས་ཇི་ལྟ་བར་གཞག་པར་བྱའོ། །འཕགས་པ་གལ་ཏེ་

བདག་ལ་ཐུགས་མི་ཆེས་ན་ཕྱོགས་ག་གེ་མོ་ཞིག་ན་ཐ་ག་པ་མཆིས་པ་དེར་བཞུད་ཅིག་དང་ཁྱོད་ཉིད་ཀྱིས་མཁྱེན་པར་འགྱུར་རོ། །དེ་དེར་སོང་སྟེ་ཐ་ག་པ་ལ་སྨྲས་པ། བཞིན་བཟངས་རས་ཡུག་ཆེན་འཐག་པ་འདི་སུའི་ཡིན། འཕགས་པ་བཙུན་པ་ཉེ་དགའི་ལགས་སོ། །ཁྱོད་

ཀྱིས་ཉེ་དགའ་ཤེས་སམ། མ་འཚལ་ཏོ། །དེ་ནི་ཁོ་བོ་ཡིན་ནོ། །བཞིན་བཟངས་སྲིད་དུ་འདི་ཙམ་གྱིས་སྲིངས་ཤིག །འཕགས་པ་དོག་པ་སུས་སྩོལ་བར་འགྱུར། ཁྱིམ་བདག་དེ་ཉིད་ཀྱིས་སྦྱིན་པར་འགྱུར་རོ། །ཁོ་བོས་ཀྱང་ཁྱོད་ལ་ཅུང་ཞིག་ཉེ་བར་བསྒྲུབ་པར་

Vol. 6 · folio 175b

བྱའོ། །ཉེ་དགའ་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན། བཙུན་མོ་ཕྲེང་ལྡན་མའི་ཁྱིམ་དུ་ཞུགས་ནས། དེས་དེའི་སྟན་བཏིང་བ་དང་། དེ་དེ་ལ་འདུག་

ནས་བཙུན་མོ་ཕྲེང་ལྡན་མས་ཉེ་དགའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེས་དེ་ལ་ཆོས་བསྟན་ནས་དེས་སྨྲས་པ། འཕགས་པ་ཅི་ལགས། དེང་སྤྱན་དྲངས་སམ། བསོད་སྙོམས་མཛད། བསོད་སྙོམས་བགྱིད་དོ། །དེས་བསམས་

པ་སུ་ཞིག་བདག་པས་བསོད་སྙོམས་ཆེས་བཟང་བ་འབུལ་བར་འགྱུར་སྙམ་ནས་དེས་དེ་ལ་ཧྭགས་ཀྱི་ལ་ཐུ་དག་གིས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །ཉེ་དགའས་དེ་དག་བླངས་ཏེ་ཐ་ག་པ་དེའི་གན་དུ་སོང་ནས་དེས་དེ་ལ་སྨྲས་པ། བཞིན་བཟངས་ཇེ་ལག་པ་གཉིས་ཟེད་ཅིག །

དེས་ལག་པ་གཉིས་བཟེད་པ་དང་། དེས་དེ་ལ་ལ་ཐུ་གཅིག་བྱིན་ནས་སྨྲས་པ། བཞིན་བཟངས་ཇེ་ཟོ་ཤིག །དེས་དེ་ཟོས་པ་དང་། དེས་དེ་ལ་སྨྲས་པ། བཞིན་བཟངས་ལ་ཐུའི་རོ་ཅི་འདྲ། འཕགས་པ་བདའོ། །ཁྱོད་ཀྱིས་སྔོན་ལན་འགའ་ལ་ཐུ་འདི་འདྲ་བ་

ཟོས་སམ། འཕགས་པ་ལན་འགའ་ཡང་མ་འཚལ་ཏོ། །ཐུ་བ་ཟེད་ཅིག །དེས་ཐུ་བ་བཟེད་པ་དང་། དེས་དེའི་ཐུ་བར་ལ་ཐུ་ཐམས་ཅད་བླུགས་ཏེ་སྨྲས་པ། བཞིན་བཟངས་ཁོ་བོའི་རས་ཡུག་ཆེན་འདི་ལེགས་པར་ཐོགས་ཤིག །ཁོ་བོས་ཁྱོད་ལ་ཕྱིས་ཀྱང་ལ་ཐུ་ཆུང་ཟད་ཉེ་

བར་བསྒྲུབ་པར་བྱས་ཞེང་དུ་འདི་ཙམ་གྱིས་སྐྱེད་ཅིག །འཕགས་པ་དོག་པ་བས་པར་གྱུར་ན་སུས་སྩོལ་བར་འགྱུར། ཁྱིམ་བདག་དེ་ཉིད་ཀྱིས་སྦྱིན་པར་འགྱུར་རོ། །དེས་རས་ཡུག་ཆེན་དེ་འཐག་པ་ན་དོག་པ་ཟད་ནས་དེ་ཁྱིམ་བདག་དེའི་གན་དུ་སོང་བ་དང་། ཇི་ཙམ་ན་ཁྱིམ་

བདག་གི་ཆུང་མ་ནི་མེད། ཁྱིམ་བདག་ནི་འདུག་ནས་ཐ་ག་པ་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་རས་ཡུག་ཆེན་དེ་བཏག་པའི་དོག་པ་ཟད་ཀྱིས་དོག་པ་བྱིན་ཅིག་ཁྱིམ་བདག་དེས་བྱིན་ཏེ་བཏང་ངོ་། །ཡང་འཐག་པ་ན་དོག་པ་ཟད་པ་ནས་དེ་ཡང་ཁྱིམ་བདག་དེའི་

Vol. 6 · folio 176a

གན་དུ་སོང་བ་དང་། ཇི་ཙམ་ན་ཁྱིམ་བདག་ནི་མེད་ཁྱིམ་བདག་གི་ཆུང་མ་ནི་འདུག་ནས་ཐ་ག་པ་དེས་ཁྱིམ་བདག་གི་ཆུང་མ་དེ་ལ་སྨྲས་པ། སྲུ་རས་ཡུག་ཆེན་དེ་བཏག་པའི་དོག་པ་ཟད་ཀྱིས་དོག་པ་བྱིན་ཅིག །དེས་བྱིན་ཏེ་བཏང་ངོ་། །ཡང་འཐག་པ་ན་དོག་

པ་ཟད་ནས་དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། ཅི་ཙམ་ན་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་ག་འདུག་ནས་ཐ་ག་པ་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཡང་རས་ཡུག་ཆེན་དེ་བཏག་པའི་དོག་པ་ཟད་ཀྱིས་ཡང་དོག་པ་བྱིན་ཅིག །ཁྱིམ་བདག་གི་ཆུང་

མས་སྨྲས་པ། ཀྱེ་ཐ་ག་པ་ཅི་རས་ཡུག་ཆེན་དེ་བསྐྱེད་དམ། ཁྱིམ་བདག་གིས་ཆུང་མ་ལ་སྨྲས་པ། བཟང་མོ་ཅི་ཁྱོད་ཀྱིས་ཀྱང་འདི་ལ་དོག་པ་བྱིན་ནམ། སྩལ་ཏོ། །ཁྱིམ་བདག་གིས་སྨྲས་པ། ཀྱེ་ཐ་ག་པ་ཅི་རས་ཡུག་ཆེན་དེ་བསྐྱེད་དམ། ཐ་ག་པས་སྨྲས་པ། ཁྱིམ་

བདག་ཅི་དེང་བསྐྱེད་པར་བརྩམས་སྙམ་མམ། ཉི་མ་གང་ཁོ་ན་ལ་བཙུན་པ་ཉེ་དགའ་མཆིས་ནས་འདི་སྐད་ཅེས་སྲིད་དུ་འདི་ཙམ་གྱིས་སྲིངས་ཤིག །ཞེང་དུ་འདི་ཙམ་གྱིས་སྐྱེད་ཅིག་ཅེས་མཆི་བའི་ཉི་མ་དེ་ཁོ་ན་ལ་བསྐྱེད་པར་བརྩམས་སོ། །ཁྱིམ་བདག་གི་ཆུང་མས་བསམས་

པ། རས་ཡུག་ཆེན་དེ་ཅི་འདྲ་ཇི་ལྟར་འགྲོ་འོ་སྙམ་ནས་དེ་དེར་སོང་བ་དང་། ཇི་ཙམ་ན་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་མཐོང་ངོ་། །དེ་མཐོང་ནས་དེའི་མིག་ཁྲག་གིས་གང་སྟེ་སྨྲས་པ། ཁོ་མོས་རས་ཡུག་ཆེན་འདི་འཕགས་པ་ཉེ་དགའ་ལ་མི་བྱིན་ནོ། །ཁོ་མོས་དེའི་དོན་དུ་

རས་ཡུག་ཆེན་གཞན་ཞིག་འཐག་ཏུ་གཞུག་གོ་ཞེས་ཟེར་ཏེ་སོང་ངོ་། །ཉེ་དགའ་དུས་དང་དུས་སུ་དེར་འོངས་ནས་སྨྲས་པ། ཀྱེ་ཐ་ག་པ་རུང་ངམ། འཕགས་པ་བདག་གི་ནི་རུང་ན་ཁྱོད་ཀྱི་ནི་མི་རུང་ངོ་། །ཀྱེ་ཐ་ག་པ་ཇི་ལྟར་གྱུར། དེས་སྨྲས་པ། ཁྱིམ་བདག་གི་ཆུང་

མ་མཆིས་པར་གྱུར་ཏེ་དེས་རས་ཡུག་ཆེན་མཐོང་ནས་དེའི་མིག་ཁྲག་གིས་གང་སྟེ། ཁོ་མོས་འཕགས་པ་ཉེ་དགའ་ལ་རས་ཡུག་ཆེན་འདི་མི་སྦྱིན་ནོ། །ཁོ་མོས་དེའི་དོན་དུ་རས་ཡུག་ཆེན་གཞན་འཐག་ཏུ་གཞུག་གོ་ཞེས་མཆི་སྟེ་མཆིས་སོ། །ཀྱེ་ཐ་ག་པ་ཁྱོད་ལ་ཁོ་བོས་ཅུང་ཞིག་

Vol. 6 · folio 176b

བྱས་པ་ཡོད་པ་ཤེས་སམ། དེས་སྨྲས་པ་ཅིའི་སླད་དུ་མ་འཚལ། བདག་ད་དུང་ཡང་ཁྱོད་ཀྱི་ལ་ཐུ་དག་འཚལ་ཞིང་མཆིས་སོ། །ཀྱེ་ཐ་ག་པ་གང་གི་ཚེ་ཁོ་བོ་ཁྱིམ་དེར་འོངས་པར་གྱུར་པ་དེའི་ཚེ་ན་ཁྱོད་ཀྱིས་རས་ཡུག་ཆེན་འདི་ཁྱེར་ཤོག་ཤིག །འཕགས་པ་ཇེ་བཞུད་ཅིག་དང་

བདག་གིས་ཀྱང་ཁ་ཚར་བཀལ་ཏེ་མཆིའོ། །ཉེ་དགའ་དེའི་ཁྱིམ་དུ་སོང་སྟེ་སྒོའི་ཐད་ཀར་འདུག་པ་དང་། ཁྱིམ་བདག་གི་ཆུང་མ་དེས་རྐང་པ་ལ་ཕྱག་འཚལ་ཏེ་ཁ་སྒོར་ལྟ་ཞིང་མདུན་དུ་འདུག་གོ། །ཐ་ག་པ་དེས་ཀྱང་རས་ཡུག་ཆེན་དེའི་ཁ་ཚར་དྲིལ་ནས་དེ་ཁྱེར་ཏེ་དེར་སོང་བ་

དང་། ཁྱིམ་བདག་གི་ཆུང་མ་དེས་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་ལག་བརྡས་མ་འོང་ཤིག་ཅེས་བྱས་པ་དང་། ཐ་ག་པ་དེས་ཕྱོགས་བཞིར་རྣམ་པར་བལྟས་ནས་ལྟོས་བཟུང་བས་མགོ་སྨད་དེ་ནང་དུ་ཞུགས་ནས་དེས་རས་ཡུག་ཆེན་དེ་ཁྱིམ་བདག་གི་ཆུང་མ་དེའི་

པང་དུ་བཞག་པ་དང་། ཉེ་དགའས་ཚམ་ཚོམ་མེད་པར་བླངས་ཏེ་སྨྲས་པ། ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་འཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་གོས་ཐོབ་པར་གྱུར་ཅིག །

ཁྱིམ་བདག་གི་ཆུང་མས་སྨྲས་པ། འཕགས་པ་ཁྱིམ་བདག་གིས་རང་གི་སུག་པ་ནས་དབུལ་གྱིས་སླར་སྩོལ་ཅིག །ཉེ་དགའས་སྨྲས་པ། ཁོ་བོས་འདི་ཇེ་རུང་བར་བྱས། དེའི་འོག་ཏུ་ཁྱིམ་བདག་དྲང་སྲོང་གི་རྒྱལ་མཚན་སྐོན་དུ་གཞུག་གོ། །ཁྱིམ་བདག་གི་ཆུང་མས་

སྨྲས་པ། འཕགས་པ་བཅོམ་ལྡན་འདས་ཀྱིས་ཁ་དོག་དཀར་པོ་བསྔགས་སོ། །ཉེ་དགའས་སྨྲས་པ། དྲང་སྲོང་གི་རྒྱལ་མཚན་སྐོན་དུ་ཆུག་ཤིག་ཅེས་སྨྲས་ནས་ལངས་ཏེ་སོང་ངོ་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་ལྔ་པ། ཐ་ག་

པས་སྨྲས་པ། ཁྱིམ་བདག་གི་བཙུན་མོ་བདག་ལ་གླ་བྱིན་ཅིག །དེས་སྨྲས་པ། ཁོ་མོའི་རས་ཡུག་ཆེན་གཅིག་ཀྱང་འཕྲོག་ཏུ་བཅུག་ནས་གླ་གཞན་ཡང་དེད་དམ། སོང་ལ་ཁྱོད་ཀྱིས་གང་ལ་རས་ཡུག་ཆེན་བྱིན་པ་དེ་ཉིད་ལ་གླ་དོས་ཤིག །དེ་ཉེ་དགའི་གན་དུ་སོང་སྟེ་

Vol. 6 · folio 177a

སྨྲས་པ། འཕགས་པ་བདག་ལ་གླ་སྩོལ་ཅིག །སོང་ལ་ཁྱིམ་བདག་གི་ཆུང་མ་དེ་ཉིད་ལ་དོས་ཤིག །འཕགས་པ་ཁྱིམ་བདག་གི་མཆིས་བྲང་དེ་མཆིད་འབོ་ཞིང་འདི་སྐད་ཅེས་ཁྱོད་ཀྱིས་གང་ལ་རས་ཡུག་ཆེན་བྱིན་པ་དེ་ཉིད་ལ་གླ་དོས་ཤིག་ཅེས་མཆིའོ། །

ཉེ་དགའས་སྨྲས་པ། སོང་ཤིག་དང་བྱིན་པར་འགྱུར་རོ། །ཐ་ག་པ་དེ་ཡང་དེའི་གན་དུ་སོང་སྟེ་སྨྲས་པ། ཁྱིམ་བདག་གི་བཙུན་མོ་བདག་ལ་གླ་བྱིན་ཅིག །དེས་སྨྲས་པ། ཀྭའི་ཁྱོ་ག་ཁྱོད་འདུག་མི་ཕོད་དམ། གལ་ཏེ་འདུག་ན་ནི་འདུག་ཤིག །མི་འདུག་ན་ཁོ་མོས་

ཁྱོད་ཀྱི་མགྲིན་པར་ཆོལ་ཟངས་བཏགས་ཏེ་མཉན་ཡོད་ཐམས་ཅད་དུ་བསྐོར་བར་བྱའོ། །ཐ་ག་པ་དེ་ཡང་ཉེ་དགའི་ཐད་དུ་སོང་སྟེ་སྨྲས་པ། འཕགས་པ་ཁྱིམ་བདག་གི་མཆིས་བྲང་དེས་བདག་སྤྱོས་ཏེ། ཀྭའི་ཁྱོ་ག་ཁྱོད་འདུག་མི་ཕོད་དམ། གལ་ཏེ་འདུག་ན་ནི་འདུག་ཤིག །

མི་འདུག་ན་ཁོ་མོས་ཁྱོད་ཀྱི་མགྲིན་པར་ཆོལ་ཟངས་བཏགས་ཏེ་མཉན་ཡོད་ཐམས་ཅད་དུ་བསྐོར་བར་བྱའོ་ཞེས་མཆི་ཡིས་འཕགས་པས་བདག་ལ་གླ་སྩོལ་ཅིག །ཉེ་དགའས་སྨྲས་པ། ཀྱེ་ནང་རྗེ་གལ་ཏེ་གང་གིས་ཁོ་བོའི་རས་ཡུག་ཆེན་འཐག་ཏུ་བཅུག་པ་དེའི་གླ་ཁོ་བོ་

འཇལ་བར་གྱུར་ན་ཁོ་བོའི་ལྷུང་བཟེད་དང་ཆོས་གོས་ཀྱང་མེད་པར་འགྱུར་རོ། །གཞན་ཡང་ཚུར་ཤོག་རྩིས་བྱས་ཁྱོད་ཀྱིས་ཁོ་བོ་ལས་བག་ཕྱེའི་རིན་དང་། ཞུན་མར་དང་། ཧྭགས་ལ་སོགས་པ་ཇི་ཙམ་ཁྱེར་བ་དག་ཁོད་ཅིག་ཅེས་རྩིས་བྱས་པ་དང་། ཇི་ཙམ་ན་ཆེས་ལྷག་

པར་ཁྱེར་བར་གྱུར་ནས། ཉེ་དགའས་ཐ་ག་པ་དེ་ཡུད་ཙམ་ཞིག་ཉི་ཚན་ལ་བཏགས་ཏེ་བཏང་ངོ་། །ཐ་ག་པ་དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། དེ་ལྟར་ལྷག་པ་ཁོ་ན་བྱའོ་ཞེས་ཟེར་ལ་འབྲི་བ་ཁོ་ནར་བྱེད་དོ་ཞེས་

སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་

Vol. 6 · folio 177b

དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་

དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་

མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས་དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་

རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གིས་ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་།

ཐགས་རན་བཟང་བར་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ཙམ་མམ་བཟའ་རྒྱུ་ཅུང་ཟད་སྦྱིན་ནོ་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་

བའམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་

Vol. 6 · folio 178a

ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཐ་ག་པ་ཞེས་བྱ་བ་ནི་ཐ་གས་མཁན་ནོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་།

མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་བཅུག་པ་ལས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་

པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་ལའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཞེས་བྱ་བ་ནི་བསྙེན་བཀུར་

བྱེད་པ་འགའ་ཞིག་བྱུང་ནས་སོ། །ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་ཞེས་བྱ་བ་ནི་དྲུང་དུ་སོང་སྟེའོ། །འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གིས་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །ཞེང་ཆེ་བ་

ཞེས་བྱ་བ་ནི་རྒྱར་ཆེ་བའོ། །ཁྲུན་རིང་བ་ཞེས་བྱ་བ་ནི་ཆུར་རིང་བའོ། །ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པའོ། །ཐགས་རན་བཟང་བར་ཞེས་བྱ་བ་ནི་བྱེར་ཟུག་སྙོམས་པ་དང་། ཤས་བཟང་བ་དང་། སད་སེད་མེད་པར་རོ། །བཟའ་བའམ་ཞེས་བྱ་བ་ནི་

བཟའ་བ་ལྔ་པོ་དག་གོ། །བཅའ་བ་ཙམ་མམ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དག་གོ། །བཟའ་རྒྱུ་ཞེས་བྱ་བ་ནི་བཟའ་བའི་རྒྱུའོ། །དེ་ལ་གལ་ཏེ་དགེ་སློང་དེས་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའས་སོ། །གོས་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ། །གོས་གྲུབ་

ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་དུ་གོ་ས་བསྒྲུབ་པའི་ཕྱིར་ཁྲི་

Vol. 6 · folio 178b

ལས་ལྡང་བར་བྱེད། གོས་དག་དང་། ཤམ་ཐབས་གོན་པར་བྱེད། ལག་པ་དང་། ལྷུང་བཟེད་འཁྲུ་བར་བྱེད། བསོད་སྙོམས་ལ་འཇུག་པར་བྱེད། བཅའ་བ་ལྔ་དང་བཟའ་བ་ལྔ་དག་སློང་བར་བྱེད། ཐ་ག་པ་ལ་སྦྱིན་པར་བྱེད་ཅིང་ཇི་སྲིད་དུ་གོས་ཐོབ་པར་མི་བྱེད་ཀྱི་བར་དུ་

ཉེས་བྱས་སུ་འགྱུར་རོ། །གོས་ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ཕྱོགས་ག་གེ་མོ་ཞིག་ཏུ་གོས་འཐག་ཏུ་བཅུག་གིས་དེ་ཁྱོད་ཀྱིས་བལྟ་བར་བྱའོ་ཞེས་སྔར་བསྟབས་པར་གྱུར་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་

དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཐག་པ་སྐྱེད་པའི་སྤང་བ་སྟེ་ཉི་ཤུ་བཞི་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་

ལྷན་ཅིག་གནས་པ་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ། བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་ཤེས་པ་

དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་

ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་

ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་བཅོམ་ལྡན་འདས་

Vol. 6 · folio 179a

དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག །དགའ་བོས་ཐོས་ཏེ། ཐོས་ནས་ཀྱང་ཉེ་དགའ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་

ལ་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ན། གལ་ཏེ་

བདག་ཅག་འདི་ཉིད་དུ་འདུག་ན་ནི་སྒོ་འཕར་བརྒྱ་དག་འདས་ཏེ་ཅི་ནས་ཀྱང་ལྟོ་དགང་བ་བསྒྲུབ་པར་བྱ་དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་

སྟོང་ཕྲག་དུ་མ་དག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བར་འགྱུར་བས། གལ་ཏེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུང་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱིས་བདག་ཅག་དགེ་སློང་

རབ་ཏུ་བཤེས་པ་འགའ་ཞིག་ཁྲིད་དེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་མདུན་དུ་དོང་ན་དེ་ལྟ་ན་བདག་ཅག་བདེ་བར་རྒྱུ་བར་འགྱུར་ཞིང་རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ། །ཉེ་དགའས་སྨྲས་པ། སློབ་དཔོན་རེ་ཞིག་གསེར་

གྱི་སྣོད་སྤངས་ཏེ་སའི་སྣོད་ཀྱིས་བསོད་སྙོམས་རྒྱུ་བར་བྱེད་དམ། ཁྱོད་ཀྱི་ལྷན་ཅིག་གནས་པ་ཆོས་ལྟ་བུ་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་སུ་ལ་ཡོད། དེས་ཁོ་བོ་མཐོང་བར་ཡང་མི་འདོད་དོ། །སློབ་དཔོན་བཅོམ་

ལྡན་འདས་ཀྱིས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་གང་དག་བཀའ་སྩལ་པ་དེ་དག་ལས་སློབ་དཔོན་གྱིས་འགའ་ཞིག་ཡང་དག་པར་བླངས་ཏེ་འཇུད་པར་བྱས་པ་ཡོད་དམ། དེ་ནི་ཐམས་ཅད་ཀྱི་ཐམས་

Vol. 6 · folio 179b

ཅད་དུ་མེད་དོ། །དེའི་ཕྱིར་ཁྱོད་ཀྱི་གནས་སྐབས་དེ་ལྟ་བུ་དེར་གྱུར་ཏོ། །ཚེ་དང་ལྡན་པ་ཆོས་ཀྱི་སྣམ་སྦྱར་རྙིངས་ནས་དེས་རས་ཡུག་ཆེན་ཞིག་རྙེད་ནས་བསམས་པ། བདག་སོང་ལ་མཁན་པོ་ལ་ཞུས་ཏེ་སྣམ་སྦྱར་བཙེམ་པར་བྱའོ་སྙམ་ནས། དེས་དེ་ཁྱེར་ཏེ་དགའ་

བོའི་གན་དུ་འཕགས་པ་དང་། དེ་འགྲོ་བ་ན་བསོད་སྙོམས་པ་ཞིག་གིས་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་ཆོས་གར་འགྲོ། དེས་སྨྲས་པ། ཁོ་བོའི་སྣམ་སྦྱར་རྙིངས་ཏེ་ཁོ་བོའི་རས་ཡུག་ཆེན་འདི་རྙེད་པས་བདག་སོང་སྟེ་མཁན་པོ་ལ་ཞུས་ལ་སྣམ་སྦྱར་བཙེམ་

པར་བྱའོ། །བསོད་སྙོམས་པས་སྨྲས་པ། གལ་ཏེ་ཁྱོད་སྣམ་སྦྱར་སར་པ་གཞན་འཚེམ་ན་སྣམ་སྦྱར་རྙིང་པ་འདི་ཁོ་བོ་ལ་བྱིན་ཅིག །དེ་བཞིན་བྱའོ། །དེ་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། མཁན་པོ་བདག་གི་སྣམ་སྦྱར་རྙིངས་ཏེ་བདག་གིས་རས་ཡུག་ཆེན་

འདི་རྙེད་པས་སྣམ་སྦྱར་བཙེམ་པར་ཞུའོ། །ཉེ་དགའས་སྨྲས་པ་སློབ་དཔོན་འདི་ནི་དེའི་དུས་ལགས་སོ། །དགའ་བོས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཁོ་བོ་ཉིད་ལ་སྣམ་སྦྱར་ཞིག་ཡོད་པ་དེ་ཁོ་བོས་ཁྱོད་ལ་སྦྱིན་ནོ། །མཁན་པོ་མི་འཚལ་ཏེ་བདག་གིས་རས་ཡུག་

ཆེན་འདི་ལས་སྣམ་སྦྱར་དྲུབས་ཏེ་བཅང་བར་བགྱིའོ། །ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཁོ་བོས་ཀོ་གཞན་ཐོས་ལ་གཞན་མཐོང་སྟེ། ཁོ་བོས་ཁྱོད་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་ཡིན་པར་ཤེས་ཀྱི། ཁོ་བོས་

ཁྱོད་འདི་ལྟར་མཁན་པོའི་ཆོས་དང་ལྡན་པའི་ཚིག་གཅོག་པར་མི་ཤེས་སོ། །ཅི་ཁྱོད་མཁན་པོ་དང་མི་མཐུན་པའི་དོན་ཡང་དག་པར་ལེན་པར་བྱེད་དམ། དེ་དགེ་སློང་དབང་ཆེན་པོས་སྨད་པས་ཅང་མི་སྨྲ་བར་འདུག་པ་དང་། དགའ་བོས་ཀྱང་དེ་ལ་སྣམ་སྦྱར་བྱིན་ནོ། །

དེས་དེ་བླངས་ནས་སྨྲས་པ། མཁན་པོ་ཁྱོད་རས་ཡུག་ཆེན་འདི་བཞེས་ཤིག །ཚེ་དང་ལྡན་པ་ཆོས་ཅི་ཁོ་བོས་ཁྱོད་ལ་བརྗེ་བའི་ཕྱིར་སྣམ་སྦྱར་བྱིན་ནས་རས་ཡུག་ཆེན་ཡང་ཁྱོད་ཉིད་ཁྱེར་ཅིག །དེས་བསམས་པ། བདག་ལ་ཡོ་བྱད་དོན་མེད་པ་འདིས་ཅི་བྱ། བདག་

Vol. 6 · folio 180a

གིས་རས་ཡུག་ཆེན་འདི་དགེ་འདུན་ལ་དབུལ་བར་བྱ་ཞིང་སྣམ་སྦྱར་རྙིང་པ་འདི་ཡང་བསོད་སྙོམས་པ་དེ་ལ་སྦྱིན་པ་མཁན་པོ་ལ་ཞུའོ་སྙམ་ནས་སྨྲས་པ། མཁན་པོ་བདག་གིས་རས་ཡུག་ཆེན་འདི་དགེ་འདུན་ལ་དབུལ་བར་བགྱི་ཞིང་སྣམ་སྦྱར་རྙིང་པ་འདི་

ཡང་བསོད་སྙོམས་པ་ཞིག་གིས་བསླངས་པས་དེ་ལ་སྩལ་བར་བགྱི་བ་མཁན་པོ་ལ་ཞུའོ། །དེ་བཞིན་གྱིས་ཤིག །དེས་རས་ཡུག་ཆེན་དེ་དགེ་འདུན་ལ་ཕུལ་ཞིང་སྣམ་སྦྱར་རྙིང་པ་དེ་ཡང་བསོད་སྙོམས་པ་དེ་ལ་བྱིན་ནོ། །ཕྱི་དེ་ཉིན་པར་དེ་སྣམ་སྦྱར་དེ་གྱོན་ཏེ་མཁན་པོའི་

རྐང་པ་ལ་ཕྱག་འཚལ་དུ་འོངས་པ་དང་། དགའ་བོས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་

ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ན། གལ་ཏེ་བདག་ཅག་འདི་ཉིད་དུ་འདུག་ན་ནི་སྒོ་འཕར་བརྒྱ་དག་འདས་ཏེ་ཅི་ནས་ཀྱང་ལྟོ་གང་བ་བསྒྲུབ་པར་བྱ་

དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བར་འགྱུར་བས་གལ་

ཏེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བ་ན་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུང་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱིས། བདག་ཅག་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་མདུན་དུ་དོང་ན་དེ་

ལྟ་ན་བདག་ཅག་བདེ་བར་རྒྱུ་བར་འགྱུར་ཞིང་། རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ། །མཁན་པོ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་མཆིས་པར་བཀའ་སྩལ་པ་གང་དག་ལགས་པ་དེ་དག་མཁན་པོ་ལ་ཉེས་དམིགས་ཁོ་ནར་གྱུར་ཏེ་

Vol. 6 · folio 180b

བདག་ནི་རེ་ཞིག་བཅོམ་ལྡན་འདས་ཉིད་དང་ཐབས་ཅིག་མཆིའོ། །དགའ་བོས་སྨྲས་པ། ཁོ་བོ་དང་ལྷན་ཅིག་འདོང་ངོ་། །དེས་སྨྲས་པ། བཅོམ་ལྡན་འདས་ཉིད་དང་ལྷན་ཅིག་མཆིའོ། །དགའ་བོས་སྤྱོས་ཏེ་སྨྲས་པ། ངན་པ་ཅི་ཁོ་བོས་ཁྱོད་ལ་ཆོས་ལ་ཆོས་ཉིད་

བཟང་པོས་སྣམ་སྦྱར་བྱིན་སྙམ་མམ། ཁྱོད་ཁོ་བོ་དང་ལྷན་ཅིག་འགྲོ་བའི་ཕྱིར་བྱིན་པ་ཡིན་ན་གལ་ཏེ་ཁོ་བོ་དང་ལྷན་ཅིག་མི་འགྲོ་ན་སྣམ་སྦྱར་འོན་ཅིག་ཁྱོད་ལ་མི་སྦྱིན་ནོ། །ཚེ་དང་ལྡན་པ་ཆོས་ཀྱིས་བསམས་པ། བདག་ལ་ཆོས་གོས་ཕྲོགས་པ་ནི་བླའི་བདག་གནས་ངན་ལེན་

ཀུན་ཏུ་སྤྱོད་པ་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེས་དེ་ལ་སྣམ་སྦྱར་ཕྱིར་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་

དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་

ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་

ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་

སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་

Vol. 6 · folio 181a

སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་

ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་

གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་

ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་

པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ།

གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་། ལྷག་མཐོང་གིས་བཞུགས་པ་རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་

འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་

Vol. 6 · folio 181b

ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ།

སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ། འཁོར་ཉན་ཐོས་ཆེན་པོ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ག་ཡ་འོད་སྲུང་དང་། ཆུ་ཀླུང་འོད་སྲུང་ལ་སོགས་པ་

སྔོན་གྱི་རལ་པ་ཅན་སྟོང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོས་མདུན་དུ་བདར་ཏེ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལྗོངས་རྒྱུར་གཤེགས་པ་རྣམས་ནི་ཆོས་

ཉིད་ཀྱིས་ན་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལ་ལས་ལེགས་པར་མ་བགོས་པ་དང་། ལེགས་པར་མ་བཅངས་པར་མ་གྱུར་ཏམ་སྙམ་དུ་རྣམ་པར་གཟིགས་པར་མཛད་པས་བཅོམ་ལྡན་འདས་ཀྱིས་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་སུ་གླང་པོ་

ཆེའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་པ་ན་ཚེ་དང་ལྡན་པ་ཆོས་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དབྱར་གནས་པ་རྣམས་ཀྱི་ཆོས་

གོས་ཀྱི་རྙེད་པ་མ་གྲུབ་བམ། བཅོམ་ལྡན་འདས་གྲུབ་བོ། །འོ་ན་ཅིའི་ཕྱིར་དགེ་སློང་ཆོས་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ། །དེས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་ལ་གོས་བྱིན་ནས་འཕྲོག་པར་བྱེད་དམ། བཙུན་པ་འཕྲོག་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་

Vol. 6 · folio 182a

ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་རྨས་པ། དགའ་བོ་ཁྱོད་ཀྱིས་དགེ་

སློང་ལ་གོས་བྱིན་ནས་ཡང་ཕྱིར་ཕྲོགས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་

པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་

སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་འཕྲོག་གམ་འཕྲོག་ཏུ་འཇུད་

ཅིང་། དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན་དགེ་སློང་དེས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །

དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པའོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བྱིན་ནས་

ཞེས་བྱ་བ་ནི་ཕྱིར་སྦྱིན་མི་དགོས་པར་རོ་དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོ་བ་མ་སངས་པར་རོ། །འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འཕྲོག་ཏུ་འཇུད་ཅིང་ཞེས་བྱ་བ་ནི་གཞན་ནོ། །

Vol. 6 · folio 182b

དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ལྷག་མ་ཡོད་པ་ཞེས་བྱ་བ་ནི་དེའི་ལྷག་མ་གང་ཡོད་པའོ། །ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གཏང་བར་བྱ་ཞིང་ངོ་། །བཏང་ན་ཞེས་བྱ་བ་ནི་ལུས་དང་བྲལ་བར་བྱས་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་

དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར་བྱེད་པ་དང་། ཚིག་རྗོད་པར་བྱེད་པ་དང་། དེ་གཉིས་ཀ་དང་ལྡན་པ་དང་། གཞན་དག་གིས་སོ། །

དེ་ལ་ཇི་ལྟར་ལུས་གཡོ་བར་བྱེད་པས་ཞེ་ན། དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ལུས་ཀྱིས་རྟུལ་བར་བྱེད་ཅིང་འདྲེན་པར་བྱེད་ཁྲིད་པར་བྱེད་ལ། ཚིག་གིས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་

ཅིག་ཅེས་ནི་མི་ཟེར་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་གྲྭ་ལུས་ལ་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་ལུས་གཡོ་བར་བྱེད་པས་སོ། །ཇི་ལྟར་ཚིག་རྗོད་པར་བྱེད་པས་ཞེ་ན། དགེ་སློང་གིས་དགེ་

སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཚིག་རྗོད་པར་བྱེད་ལ་ལུས་ཀྱིས་རྟུལ་བར་མི་བྱེད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་

གྲྭ་ལུས་ལས་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་ཚིག་རྗོད་པར་བྱེད་པས་སོ། །ཇི་ལྟར་དེ་གཉིས་ཀ་དང་ལྡན་པས་ཞེ་ན་དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ལུས་ཀྱིས་ཀྱང་རྟུལ་བར་བྱེད་ཅིང་ཚིག་གིས་

ཀྱང་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་གཉིས་ཀ་དང་ལྡན་པས་སོ། །ཇི་ལྟར་གཞན་

Vol. 6 · folio 183a

དག་གིས་ཞེ་ན་དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་

བྲལ་བར་བྱེད་ན་གཉི་ག་ལ་སྤང་བའི་ལྟུང་བྱེད་རེ་རེར་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་མ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་

འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་སློང་མ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློབ་མ་འཕྲོག་ཏུ་འཇུད་ན་ཇི་

སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་སློབ་མ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་

ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་ཚུལ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་རོ། །གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་ཚུལ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་སློང་ལ་སྤང་

བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་ཚུལ་མ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་

བྲལ་བར་བྱེད་ན་དགེ་ཚུལ་མ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཁྱིམ་པ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་

Vol. 6 · folio 183b

བྱེད་པ་དེ་སྲིད་དུ་ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་

གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཁྱིམ་པ་མོ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཁྱིམ་པ་མོ་ལ་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་ཉེས་བྱས་སུ་འགྱུར་

ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་ཁྱིམ་པ་མོ་ལ་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་གཞན་དག་གིས་སོ། །དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ། །ཇི་ལྟར་དོན་གཞན་གྱིས་

ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང་། མཁན་པོའི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་འཇིགས་པ་དང་བཅས་པའི་ཕྱོགས་སུ་དུས་མ་ཡིན་པ་དང་། ཆུ་ཀླུང་གི་ཁའམ། ཡུར་པོ་ཆེའི་ཁར་འགྲོ་བ་དེ་དག་ལ་སློབ་དཔོན་དང་། མཁན་པོས་ཆོམ་རྐུན་པ་དང་། གཡོན་

ཅན་དག་གིས་གོས་དག་ཕྲོགས་པར་གྱུར་ན་མི་རུང་ངོ་སྙམ་པས་འཕྲོག་གམ། འཕྲོག་ཏུ་འཇུད་པ་སྟེ། དེ་ལྟར་དོན་གཞན་གྱིས་སོ། །ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཞེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་སྡིག་པའི་གྲོགས་པོ་དང་།

སྡིག་པའི་ཟླ་བོ་དང་། སྡིག་པའི་སྟེན་གྲོགས་དག་དང་ལྷན་ཅིག་སྡིག་པ་སྟེན་ཅིང་ལམ་དུ་འགྲོ་བར་གྱུར་ན་དེ་དག་ལ་མཁན་པོ་དང་། སློབ་དཔོན་གྱིས་འདི་དག་སྡིག་པའི་གྲོགས་པོ་དང་། སྡིག་པའི་ཟླ་བོ་དང་། སྡིག་པའི་སྟེན་གྲོགས་ལ་སྟེན་པར་གྱུར་ན་མི་རུང་ངོ་སྙམ་པས་

གོས་དག་འཕྲོག་གམ་འཕྲོག་ཏུ་འཇུད་པ་སྟེ། དེ་ལྟར་འདུལ་བའི་ཡོ་བྱད་ཀྱིས་སོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཕྲོག་པའི་སྤང་བ་སྟེ་ཉི་ཤུ་ལྔ་པ་རྫོགས་སྷོ།། །།

Vol. 6 · folio 184a

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲག་ཞིག་ན་ཁྱིམ་བདག་དད་པ་དང་ལྡན་པ་བཟང་བ་དགེ་བའི་བསམ་པ་ཅན་ཞིག་འདུག་པ་དེས་དགོན་པར་དགེ་འདུན་གྱི་གཙུག་

ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ་མཐོངས་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང་། ཁྲིའུ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱེད་དུ་བཅུག་སྟེ། དེ་ན་དགེ་

སློང་དྲུག་བཅུ་གནས་པ་དེ་དག་ལ་ཁྱིམ་བདག་དེས་ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་མཁོ་བ་སྟོབས་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས་ཁྱིམ་བདག་དེ་ལ་བུ་ཞིག་ཡོད་པ་དེའི་གན་དུ་དགེ་སློང་དེ་དག་དོང་སྟེ་སྨྲས་པ།

བཞིན་བཟངས་ཁྱོད་ཀྱི་ཕས་དགེ་སློང་དྲུག་བཅུ་ལ་ཆོས་གོས་དང་། བསོད་སྙོམས་ལ་སོགས་པས་མཁོ་བ་བསྟབས་པ་བྱས་པར་གྱུར་ན་ཁྱོད་ཀྱིས་ཀྱང་ཁོ་བོ་ཅག་དགེ་སློང་དྲུག་བཅུ་ལ་ཆོས་གོས་དང་། བསོད་སྙོམས་ལ་སོགས་པས་མཁོ་བ་སྟོབས་པར་བྱེད་ནུས་སམ། དེས་སྨྲས་པ།

འཕགས་པ་དག་ལ་ལ་ནི་བརྒྱ་ལ་བསྙེན་བཀུར་བྱེད། ལ་ལ་ནི་སྟོང་ལ། ལ་ལ་ནི་འབུམ་ལ་བསྙེན་བཀུར་བྱེད་པ་ཡང་ཡོད། ལ་ལས་ནི་བདག་ཉིད་ཀྱང་གསོ་བར་དཀའ་བས་བདག་གིས་རྔོ་མི་ཐོག་གོ། །དེ་ནས་དགེ་སློང་དེ་དག་གཙུག་ལག་ཁང་དེ་ནས་དོང་ངོ་། །རྒན་ཞུགས་རི་

བྲག་དེ་ཉིད་ནས་རབ་ཏུ་བྱུང་བ་གཉིས་ཞིག་བསོད་སྙོམས་བརྒྱུས་ནས་གཙུག་ལག་ཁང་དེ་ཉིད་ན་འཁོད་དོ། །བྱང་ལམ་ནས་དོན་མཐུན་དག་ལྷགས་ནས་དེ་དག་གིས་གཙུག་ལག་ཁང་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེ་དག་དེར་དོང་སྟེ་ཚིགས་སུ་བཅད་པའི་སྐད་ཀྱིས་མཆོད་རྟེན་ལ་

ཕྱག་འཚལ་ནས་གཙུག་ལག་ཁང་དུ་ཞུགས་པ་དང་། ཇི་ཙམ་ན་གཙུག་ལག་ཁང་སྟོང་པར་འདུག་ནས་དེ་དག་གིས་བསམས་པ། དགེ་སློང་དག་ནང་དུ་ཡང་དག་འཇོག་ལ་ཞུགས་སམ། ཡང་ན་ཉིན་མོ་སྤྱོད་དུ་དོང་གོར་མ་ཆག་སྙམ་ནས་དེ་དག་དེ་ན་ཡོངས་སུ་བསྐོར་བ་ན་རྒན་ཞུགས་

Vol. 6 · folio 184b

དེ་གཉིས་མཐོང་ནས་དེ་དག་གིས་དེ་གཉིས་ལ་སྨྲས་པ། འཕགས་པ་གཉིས་དགེ་སློང་དག་གར་དོང་། དེ་གཉིས་ཀྱིས་སྨྲས་པ། བཞིན་བཟངས་དག་འདི་ན་དགེ་སློང་དག་མི་འཁོད་དོ་ཇིའི་སླད་དུ། ཁྱིམ་བདག་གང་གིས་གཙུག་ལག་ཁང་འདི་བྱེད་དུ་བཅུག་པ་དེས་དགེ་

སློང་དྲུག་བཅུ་ལ་ཆོས་གོས་དང་། བསོད་སྙོམས་ལ་སོགས་པས་མཁོ་བ་བསྟབས་པར་བྱས་པར་གྱུར་ཏེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས་དགེ་སློང་རྣམས་ཀྱིས་དེ་ལ་བུ་ཞིག་ཡོད་པ་དེའི་གན་དུ་སོང་སྟེ་བཞིན་བཟངས་ཁྱོད་ཀྱི་ཕས་དགེ་སློང་དྲུག་བཅུ་ལ་ཆོས་གོས་དང་། བསོད་སྙོམས་

ལ་སོགས་པ་མཁོ་བ་བསྟབས་པར་བྱས་པར་གྱུར་ན་ཁྱོད་ཀྱིས་ཀྱང་ཁོ་བོ་ཅག་དགེ་སློང་དྲུག་བཅུ་ལ་ཆོས་གོས་དང་། བསོད་སྙོམས་ལ་སོགས་པས་མཁོ་བ་སྟོབས་པར་བྱེད་ནུས་སམ་ཞེས་སྨྲས་ན། དེ་ན་རེ་འཕགས་པ་དག་ལ་ལ་ནི་བརྒྱ་ལ་བསྙེན་བཀུར་བྱེད། ལ་ལ་ནི་སྟོང་ལ།

ལ་ལ་ནི་འབུམ་ལ་བསྙེན་བཀུར་བྱེད་པ་ཡང་ཡོད། ལ་ལས་ནི་བདག་ཉིད་གསོ་བར་དཀའ་བས་བདག་གིས་རྔོ་མི་ཐོག་གོ་ཞེས་ཟེར་ནས་དགེ་སློང་དེ་དག་དོང་ངོ་། །ཁོ་བོ་ཅག་གཉིས་ནི་བསོད་སྙོམས་བརྒྱུས་ནས་གཙུག་ལག་ཁང་འདི་ཉིད་ན་འཁོད་དོ། །དེད་དཔོན་གྱིས་སྨྲས་པ།

ཤེས་ལྡན་དག་བདག་ཅག་ཡུན་རིང་པོ་ནས་སྨོན་པ། ཀྱེ་མ་བདག་ཅག་གིས་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་གཞུག་ཅིང་གཙུག་ལག་ཁང་བྱེད་དུ་བཅུག་ནས་དགེ་སློང་རྣམས་ལ་མཁོ་བ་བསྟབས་པར་བྱའོ་སྙམ་ན། གཙུག་ལག་ཁང་འདི་ནི་བྱས་ཟིན་པ་ཡིན་པས་གཙུག་ལག་

ཁང་འདི་ཉིད་དུ་དགེ་སློང་རྣམས་ལ་མཁོ་བ་བསྟབས་པར་བྱའོ་ཞེས་དེས་རས་ཡུག་ཆེན་བཏིང་སྟེ། ཤེས་ལྡན་དག་ཁྱེད་ཅག་ལས་གང་གིས་ཇི་ཡོངས་སུ་བཏང་བ་དེ་འདིར་ཕུལ་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་ཀྱང་ཇི་འབྱོར་པ་དེར་ཕུལ་ནས་དེར་རྙེད་པ་མང་པོ་འདུས་པར་

གྱུར་པ་དང་དེད་དཔོན་གྱིས་རྒན་ཞུགས་དེ་གཉིས་ལ་སྨྲས་པ། འཕགས་པ་གཉིས་འདི་ནི་དགེ་སློང་དྲུག་བཅུའི་ཟླ་བ་གསུམ་གྱི་བསོད་སྙོམས་ལགས་སོ། །འདི་ནི་བརྒྱད་སྟོན་དང་། བཅུ་བཞི་སྟོན་དང་། ཉ་སྟོན་གྱི་བསོད་སྙོམས་ལགས་སོ། །འདི་ནི་ན་བའི་རྐྱེན་དང་།

Vol. 6 · folio 185a

སྨན་གྱི་ཡོ་བྱད་ལགས་སོ། །འདི་ནི་རྙེད་པ་ལགས་སོ། །འདི་ནི་ཆོས་གོས་ཀྱི་ཟོང་ལགས་ཀྱིས་དགེ་སློང་བཟང་པོ་དག་སྤྱན་དྲོངས་ཤིག །བདག་ཅག་དབྱར་འདས་ནས་འདིར་མཆིས་ཏེ་དགེ་སློང་བརྒྱ་ལ་མཁོ་བ་བསྟབས་པར་བགྱིའོ་ཞེས་སྨྲས་ཏེ་དོང་

ངོ་། །རྒན་ཞུགས་གཅིག་གིས་སྨྲས་པ། རྒན་ཞུགས་དགེ་འདུན་གྱི་རྙེད་པ་སུས་སྦ་བར་བྱ། ཅིག་ཤོས་ཀྱིས་སྨྲས་པ། གང་གཞོན་པས་སོ། །དེ་གཉིས་ལས་གང་གཞོན་པས་རྙེད་པ་དེ་སྦས་ནས་དེས་སྨྲས་པ། རྒན་ཞུགས་མཉན་ཡོད་ནས་དགེ་སློང་དག་

བོད་ན་དེར་གང་འགྲོ་བར་བྱ། རྒན་པས་སྨྲས་པ། གང་གཞོན་པ་འགྲོ་བར་བྱའོ། །གཞོན་པས་སྨྲས་པ། ཁོ་བོས་རྙེད་པ་སྦས་ཀྱིས་ཁྱོད་དེར་སོང་ཤིག །རྒན་པ་ཤོས་མཉན་ཡོད་དུ་དགེ་སློང་སྦྲོན་དུ་སོང་ངོ་། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་

ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཚེ་དང་ལྡན་པ་ཉེ་དགའ་

རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་ཐག་རིང་པོ་ཁོ་ན་ནས་རྒན་ཞུགས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་སྨིན་མ་འཕྱང་བ་ཞིག་འོང་བ་དེ་མཐོང་ནས་དེས་བསམས་པ། དགེ་སློང་གནས་བརྟན་ཞིག་འོང་བ་འདི་གང་ཡིན་བསུའོ་སྙམ་ནས་དེས་དེ་ལ་གནས་བརྟན་

བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། དེ་ན་རེ་སློབ་དཔོན་ཕྱག་འཚལ་ལོ་ཞེས་ཟེར་ནས་ཉེ་དགའས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་ཞིག་སྟེ་སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་སོ་སྙམ་ནས་དེས་དེ་ལ་སྨྲས་

པ། རྒན་ཞུགས་ག་ལས་འོངས། རི་བྲག་གི་གཙུག་ལག་ཁང་ག་གེ་མོ་ཞིག་ནས་མཆིས་སོ། །རྒན་ཞུགས་ཅི་དེ་གཙུག་ལག་ཁང་ཡིན་ནམ། འོན་ཏེ་ཕོངས་པ་ཡིན་གཙུག་ལག་ཁང་ནི་ཅི་འདྲ། ཕོངས་པ་ནི་ཅི་འདྲ། གང་ན་ཡོ་བྱད་ཐམས་ཅད་དང་ལྡན་པ་ནི་གཙུག་

Vol. 6 · folio 185b

ལག་ཁང་ཡིན་ལ། གང་ན་ཡོ་བྱད་ཐམས་ཅད་དང་བྲལ་བ་ནི་ཕོངས་པ་ཡིན་ནོ། །དེ་སྔོན་ནི་ཕོངས་པར་གྱུར་ལ། ད་ནི་གཙུག་ལག་ཁང་དུ་གྱུར་ཏོ། །ཇི་ལྟར་གྱུར་བྱང་ལམ་ནས་དོན་མཐུན་དག་ལྷགས་ནས་དེ་དག་གིས་དེར་དགེ་སློང་དྲུག་བཅུའི་ཟླ་བ་གསུམ་གྱི་བསོད་སྙོམས་

དང་། བརྒྱད་སྟོན་དང་། བཅུ་བཞི་སྟོན་དང་། ཉ་སྟོན་དང་། ན་བའི་རྐྱེན་སྨན་གྱི་ཡོ་བྱད་དང་། རྙེད་པ་དང་། ཆོས་གོས་ཀྱི་ཟོང་དག་ཕུལ་ནས་འདི་སྐད་ཅེས་འཕགས་པ་དགེ་སློང་བཟང་པོ་དག་བོས་ཤིག །བདག་ཅག་ཀྱང་དབྱར་འདས་ནས་འདིར་མཆིས་ཏེ་དགེ་སློང་

བརྒྱ་ལ་མཁོ་བ་བསྟབས་པར་བགྱིའོ་ཞེས་མཆིའོ། །ཉེ་དགའས་སྨྲས་པ། འོན་ཏང་ཁྱོད་དགེ་སློང་རྐུར་འོངས་མོད། ལགས་སོ། །རྒན་ཞུགས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་དང་། བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་ཚུལ་མ་དང་། ཁྱིམ་

བདག་མགོན་མེད་ཟས་སྦྱིན་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། ཁྱིམ་བདག་གི་ཆུང་མ་རི་དགས་འཛིན་གྱི་མ་ས་ག་དང་། ལེགས་སྐྱེས་དང་། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་མང་པོ་གཞན་དག་གིས་ཀྱང་དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་

ཀྱིས་བསྙེན་བཀུར་བྱས་ཤིང་། དགེ་འདུན་གྱི་གནས་བརྟན་ཉི་མ་རེ་རེ་ཞིང་ཡོན་བཤད་པ་བྱེད་པ་ན་ཡང་གནས་འདིར་དགེ་སློང་གང་དག་མ་འོངས་པ་དེ་དག་ཀྱང་འོང་བར་འགྱུར་ཞིང་འོངས་པ་དག་ཀྱང་མངོན་པར་དགའ་བར་གྱུར་ཅིག་ཅེས་ཟེར་ལ། དེ་དག་ཀྱང་འདི་ལྟ་སྟེ།

ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་བྲེལ་བ་མེད་ཅིང་བཅོམ་ལྡན་འདས་ཀྱང་མངོན་སུམ་དུ་ཆོས་སྟོན་པར་མཛད་པས་འདི་ན་ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡིན་

པས་གལ་ཏེ་དགེ་སློང་རྣམས་ཀྱིས་ཁྱོད་དགེ་སློང་རྐུར་འདིར་འོངས་པར་ཤེས་པར་གྱུར་ན་ཁྱོད་གནས་ནས་དབྱུང་བའི་ལས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས། དགེ་སློང་གཞན་ལ་དེ་སྐད་མ་ཟེར་ཅིག །འདི་ལྟར་ཁོ་བོ་ཅག་མི་དྲུག་རེ་རེ་ལ་

Vol. 6 · folio 186a

ཡང་འཁོར་བཅུ་བཅུ་ཡོད་པས་ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འོང་ངོ་། །སློབ་དཔོན་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཆིས་ཏེ་སླད་ཀྱིས་མཆིའོ། །ཉེ་དགའས་བསམས་པ། ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་འདི་མཐོང་ཞིང་

དེ་ཐོས་ནས་དང་པོ་ཁོ་ནར་འགྲོ་བར་གྱུར་ན་མི་རུང་ངོ་སྙམ་ནས་སྨྲས་པ། རྒན་ཞུགས་ཁྱོད་ཀྱིས་ལྷ་ནི་ཡིད་ཀྱིས་བསྐོར་བ་ཡིན་གྱི་ལུས་ཀྱིས་བསྐོར་བ་མ་ཡིན་ནོ་ཞེས་བྱ་བ་མ་ཐོས་སམ། བཅོམ་ལྡན་འདས་ཀྱིས་ཀྱང་། ཆོས་རྣམས་ཡིད་ཀྱིས་འདྲེན་བྱེད་ཅིང་། །ཡིད་གཙོ་ཡིད་

ཀྱི་འགྲོས་ཅན་ཡིན། །ཞེས་གསུངས་ཀྱིས། འདི་ཉིད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚོལ་ཅིག་ཅེས་དེས་དེའི་གཉའ་བ་ནས་བཟུང་སྟེ་རྒན་ཞུགས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་གྱིས་ཤིག་

ཅེས་འདུད་དུ་བཅུག་གོ། །སློབ་དཔོན་སྐོམ་གྱིས་ཇི་སྐོམ་འཐུང་དུ་མཆིའོ། །འདི་ཉིད་དུ་སྡོད་ཅིག་དང་ཁོ་བོས་སྐོམ་གྱིས་ཕོར་བུ་བཀང་སྟེ་ཁྱེར་ཏེ་འོང་ངོ་ཞེས་དེས་སྐོམ་གྱིས་ཕོར་བུ་བཀང་སྟེ་བླུད་ནས་སྨྲས་པ། རྒན་ཞུགས་ད་སོང་ཤིག་ཅེས་དེས་དེ་ཐག་རིང་པོར་བསྐྱལ་ནས་ད་ཕྱིར་

མ་ལྡོག་ཅིག་ཅེས་བསྒོ་སྟེ་བདག་ཉིད་ཕྱིར་ལོག་གོ། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི་གང་ཆུང་ཟད་ཅི་ཐོས་པ་དེ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་གཅིག་ཏུ་འདུས་ནས་ཕན་ཚུན་རྗོད་པར་བྱེད་པ་ཡིན་པས་ཉེ་དགའ་གཙུག་ལག་ཁང་དུ་སོང་སྟེ་དྲུག་སྡེ་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་

དག་བདག་ཅག་གིས་ཡུན་ཇི་སྲིད་ཀྱིས་བྲེལ་བ་སྤང་བར་བྱ། ཁྱོད་ཀྱིས་ཐོས་པ་ཆུང་ཞིག་ཡོད་དམ། ཡོད་དེ། རི་བྲག་གི་གཙུག་ལག་ཁང་ག་གེ་མོ་ཞིག་ཏུ་བྱང་ལམ་ནས་དོན་མཐུན་དག་ལྷགས་ནས་དེ་དག་གིས་དེར་དགེ་སློང་དྲུག་བཅུའི་དབྱར་ཟླ་བ་གསུམ་གྱི་བསོད་སྙོམས་

དང་། བརྒྱད་སྟོན་དང་། བཅུ་བཞི་སྟོན་དང་། ཉ་སྟོན་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་རྙེད་པ་དང་ཆོས་གོས་ཀྱི་ཟོང་དག་ཕུལ་གྱིས་དེར་དོང་ངོ་། །ཅི་དེ་ཉིད་དུ་དབྱར་གནས་པར་བྱའམ། མི་བྱ་སྟེ། འདི་ལྟར་དབྱར་གྱི་ནང་ཉིད་དུ་དེ་དག་ཟོས་ཏེ་འདི་ཉིད་དུ་

Vol. 6 · folio 186b

འོངས་ལ་དབྱར་ཕྱི་མ་ཉེ་བར་སྒྲུབ་པའི་དུས་སུ་གནས་པར་ཁས་བླང་བར་བྱའོ། །དེ་དག་དེར་འོང་བ་དང་རྒན་ཞུགས་གཉིས་ཀྱིས་དེ་དག་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ་ཞེས་དེ་གཉིས་ཀྱིས་དེ་དག་གི་

གནས་ཁང་དག་བསྐོས་ཤིང་གནས་མལ་དང་། ཁྲི་དང་། ཁྲིའུ་དང་། ཆུ་ར་དང་། ཕོར་བུ་དང་། ཆུ་ཚགས་དང་། ལྡེ་མིག་ཀྱོག་པོ་དག་ཕོག་གོ། །དེ་དག་གིས་བསམས་པ། བདག་ཅག་དོན་གང་གི་ཕྱིར་ལྷགས་པ་དེ་ཇེ་བརྟག་པར་བྱའོ་སྙམ་ནས་དེ་དག་གིས་སྨྲས་པ།

རྒན་ཞུགས་གཉིས་འདིར་རྙེད་པ་ཅི་གྲུབ་པ་དག་ཇི་བལྟས་འོན་ཅིག །རྒན་ཞུགས་དེ་གཉིས་དྲང་པོའི་རང་བཞིན་ཅན་ཡིན་པས་དེ་གཉིས་ཀྱིས་འདི་ནི་དགེ་སློང་དྲུག་བཅུའི་ཟླ་བ་གསུམ་གྱི་བསོད་སྙོམས་སོ། །འདི་ནི་བརྒྱད་སྟོན་ནོ། །འདི་ནི་བཅུ་བཞི་སྟོན་ནོ། །འདི་ནི་ཉ་སྟོན་

ནོ། །འདི་ནི་ན་བའི་རྐྱེན་ཏོ། །འདི་ནི་སྨན་གྱི་ཡོ་བྱད་དོ། །འདི་ནི་འདིའི་རྙེད་པའོ། །འདི་ནི་ཆོས་གོས་ཀྱི་ཟོང་ངོ་ཞེས་རྙེད་པ་དེ་དག་ཐམས་ཅད་བསྟན་ནོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རྒན་ཞུགས་སེར་སྣ་ཅན་ཡིན་པས་ཟས་བསོད་པ་སྦྱིན་པར་མི་ནུས་ལ་འདི་

ལྟར་རྒན་ཞུགས་འདི་གཉིས་ཀྱིས་དགེ་འདུན་ལ་བསྙེན་བཀུར་བྱས་པས་ཡོངས་སུ་སྤང་བ་སྦྱིན་ནོ་ཞེས་དེ་དག་གིས་དེ་གཉིས་ལ་ཡོངས་སུ་སྤང་བ་སྦྱིན་ནས་དེ་གཉིས་ཀྱང་བདག་ཅག་གཉིས་ཀྱིས་ཡོངས་སུ་སྤང་བ་ཐོབ་བོ་ཞེས་དགའ་བར་གྱུར་ཏོ། །དེ་དག་གིས་སྨྲས་པ། ཚེ་དང་

ལྡན་པ་དག་དགེ་སློང་ལྟོ་མདུན་ཅན་འགའ་ཞིག་ལ་བཅོལ་ན་དེས་དགེ་འདུན་ལ་ཉི་མ་རེ་རེ་ཞིང་བཅའ་བ་རྣམ་པ་བཅྭ་བརྒྱད་དང་། ཚོད་མ་སྣུམ་བག་ཅན་མང་པོ་སྣ་ཚོགས་དག་དང་། ལེགས་པར་སྦྱར་བའི་བཏུང་བ་ཡང་འབྲིམ་པར་འགྱུར་རོ་ཞེས་དེ་དག་གིས་དགེ་སློང་ལྟོ་མདུན་ཅན་

ཞིག་ལ་བཅོལ་བ་དང་། དེས་དེ་དག་ལ་ཉི་མ་རེ་རེ་ཞིང་བཅའ་བ་རྣམ་པ་བཅྭ་བརྒྱད་དང་། ཚོད་མ་སྣུམ་བག་ཅན་མང་པོ་སྣ་ཚོགས་དག་དང་། ལེགས་པར་སྦྱར་བའི་བཏུང་བ་ཡང་འབྲིམ་པར་བྱེད་པས་དུས་ཅུང་ཟད་ཅིག་གིས་བསོད་སྙོམས་ཐམས་ཅད་སྤྱད་པ་དང་། དགེ་

Vol. 6 · folio 187a

བསྐོས་ཀྱིས་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་དགེ་འདུན་གྱི་གདུགས་གཅིག་ཁོ་ནའི་སྤྱི་བུངས་ཞིག་མཆིས་སོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་གང་དག་བསླབ་པ་ཡང་དག་པར་མ་བླངས་པ་དེ་དག་ནི་

བརྒྱད་སྟོན་དང་། བཅུ་བཞི་སྟོན་དང་། ཉ་སྟོན་བྱེད་ལ། བདག་ཅག་བསླབ་པ་ཡང་དག་པར་བླངས་པ་དག་དེ་མི་བྱེད་ཀྱིས་དེ་ཡང་བཟའོ་ཞེས་དེ་དག་གིས་དེ་ཡང་ཟོས་པ་དང་། དགེ་བསྐོས་ཀྱིས་ཡང་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ད་ནི་

དགེ་འདུན་གྱི་ན་བའི་རྐྱེན་དང་ཡོ་བྱད་དག་གཅིག་མཆིས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་སྲིད་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་འཚོ་བ་དེ་སྲིད་དུ་བདག་ཅག་རྟག་ཏུ་ནད་པ་ཡིན་པས་ན་བའི་སྨན་དེ་ཡང་བཟའོ་ཞེས་དེ་དག་གིས་དེ་ཡང་ཟོས་ནས་དེ་དག་གིས་སྨྲས་པ།

ཚེ་དང་ལྡན་པ་དག་ཁུར་ཡ་གཅིག་ན་འདུག་པར་དཀའ་བ་ཡིན་གྱིས་གོས་ཀྱི་རྙེད་པ་འདི་ཡང་བགོས་ལ། ཁུར་དོ་མཉམ་པས་བདེ་བར་འདོང་བར་བྱའོ་ཞེས་དེ་དག་གིས་དེ་ཡང་བགོས་པ་དང་། དགེ་བསྐོས་ཀྱིས་ཡང་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། ད་ནི་དགེ་འདུན་

གྱི་གདུགས་གཅིག་ཁོ་ནའི་སྤྱི་བུ་ངས་ལས་མ་མཆིས་སོ། །དེ་དག་གིས་སྨྲས་པ། རྒན་ཞུགས་གཉིས་ཁྱེད་གཉིས་ན་རེ་དགེ་སློང་དྲུག་བཅུའི་ཟླ་བ་གསུམ་གྱི་བསོད་སྙོམས་ཡོད་དོ་ཞེས་ཟེར་ན་དབྱར་གྱི་ནང་དུ་ཟད་པར་གྱུར་ཏོ། །དེ་གཉིས་ཀྱིས་སྨྲས་པ། ཅི་དེ་དག་གིས་བཅའ་བ་

རྣམ་པ་བཅྭ་བརྒྱད་དང་། ཚོད་མ་སྣུམ་བག་ཅན་མང་པོ་སྣ་ཚོགས་དག་དང་། ལེགས་པར་སྦྱར་བའི་བཏུང་བ་ཤ་སྟག་རིམས་ཤིག་ཅེས་སྨྲས་སམ། དེ་དག་གིས་སྨྲས་པ། རྒན་ཞུགས་གཉིས་གཉའ་བ་སྨད་དེ་སྤྱོད་སྤྱོད་ལ་ད་སྨོད་པར་བྱེད་ཀྱིས་ཚེ་དང་ལྡན་པ་དག་འདི་གཉིས་

གནས་ནས་དབྱུང་བའི་ལས་གྱིས་ཤིག །ཁ་ཅིག་གིས་སྨྲས་པ། རྒན་ཞུགས་གཉིས་མྱུར་དུ་བཟོད་པ་གསོལ་ཅིག །ཕྱིས་བཟོད་པ་གསོལ་ན་ལྟག་པའི་སྤུ་བྱི་བར་འགྱུར་རོ། །དེ་གཉིས་ཀྱིས་བཟོད་པ་གསོལ་བར་བརྩམས་པ་དང་། ཁ་ཅིག་གིས་སྨྲས་པ། ཚེ་དང་ལྡན་

Vol. 6 · folio 187b

པ་དག་རྒན་ཞུགས་འདི་གཉིས་དྲང་པོའི་རང་བཞིན་ཅན་ཡིན་གྱིས་འདི་གཉིས་ལ་བཟོད་པ་གྱིས་ཤིག །དེ་དག་གིས་སྨྲས་པ། རྒན་ཞུགས་གཉིས་བཟོད་པར་བྱའོ། །རི་བྲག་འདི་ནི་མ་དད་པ་མང་བས་འདིར་བསོད་སྙོམས་ཀྱང་མི་རྙེད་ཀྱིས་གལ་ཏེ་ལྷག་རོལ་ཅུང་ཟད་

ཡོད་ན་དེ་ཡང་བྱིན་ཅིག །འོན་ཏེ་མེད་ན་ནི་ཁོ་བོ་ཅག་འདོང་ངོ་། །ཚེ་དང་ལྡན་པ་དག་ཅི་ཡང་མེད་ཀྱིས་དེང་ཤིག །དེ་དག་དེ་ནས་དོང་སྟེ་མཉན་ཡོད་དུ་སོང་ནས་དེ་དག་དེར་ཕྱིན་པ་དང་དབྱར་ཕྱི་མར་གནས་པར་ཁས་བླངས་སོ། །དབྱར་འདས་པ་དང་དོན་མཐུན་དེ་དག་ཡང་

ལྷགས་ནས་དེ་དག་གིས་དེ་བཞིན་དུ་ཚིགས་སུ་བཅད་པའི་སྐད་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ། གཙུག་ལག་ཁང་དུ་ཞུགས་པ་དང་། ཇི་ཙམ་ན་གཙུག་ལག་ཁང་སྟོང་པར་མཐོང་ནས་དེ་དག་གིས་བསམས་པ། དགེ་སློང་དག་ནང་དུ་ཡང་དག་འཇོག་ལ་ཞུགས་སམ།

ཉིན་མོ་སྤྱོད་དུ་དོང་གོར་མ་ཆག་སྙམ་ནས། དེ་དག་དེ་ན་ཡོངས་སུ་བསྐོར་བ་ན་རྒན་ཞུགས་དེ་གཉིས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་གཉིས་དགེ་སློང་དག་གར་དོང་། བཞིན་བཟངས་དག་འདི་ན་དགེ་སློང་དག་མི་འཁོད་དོ། །འཕགས་པ་གཉིས་བདག་ཅག་

གིས་དགེ་སློང་དྲུག་བཅུའི་ཟླ་བ་གསུམ་གྱི་བསོད་སྙོམས་མ་ཕུལ་ལམ། དེ་གཉིས་ཀྱིས་སྨྲས་པ། དགེ་སློང་དག་ལྷགས་པར་གྱུར་ནས་དེ་དག་གིས་དབྱར་གྱི་ནང་ཉིད་དུ་ཐམས་ཅད་ཟོས་ཏེ་དོང་ངོ་། །ཁྱེད་གཉིས་ཀྱིས་དགེ་སློང་གང་དག་ཁྲིད་དེ་འོངས། དྲུག་སྡེ་དག་གོ། །

འཕགས་པ་གཉིས་ཁྱེད་གཉིས་རྒྱ་མཚོ་ཆེན་པོར་དོང་ནས་ནོར་བུ་མཆིང་བུ་དག་ཁྱེར་ཏེ་འོངས་སོ། །དེ་ན་དགེ་སློང་གཞན་དག་མེད་དམ་ཅི་ན་དྲུག་སྡེ་དག་ཁྲིད་དེ་འོངས། དེ་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་

བདག་ཅག་གི་དད་པའི་མྱུ་གུ་སྐྱེས་མ་ཐག་ཏུ་བཅོམ་མོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་

Vol. 6 · folio 188a

འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་

དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཀྱིས་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བགོས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་

པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་

ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བགོ་བར་མི་བྱའོ། །དགེ་སློང་རྣམས་ཀྱིས་དབྱར་

གྱི་རྙེད་པ་དབྱར་གྱི་ནང་དུ་བགོ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་

དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། ཆོས་བྱིན་གཉིས་ལས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ནི་སྤོང་བ་མ་འཁོར་ཡང་སྤོང་བ་མ་དང་ལྡན་པ་ཡིན་ལ། ཆོས་བྱིན་ནི་མདོ་སྡེའི་མཐའ་པ་འཁོར་ཡང་མདོ་སྡེའི་མཐའ་པ་དང་

ལྡན་པ་ཡིན་ཏེ། དེ་གཉིས་དབྱར་ཁང་ཅིག་ཏུ་གནས་པར་ཁས་བླངས་ནས་གང་གི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་རྣམ་པར་ལངས་པར་གྱུར་པ་དེའི་ཚེ་ན་ཆོས་བྱིན་གྱིས་རང་གི་འཁོར་ལ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རབ་ཏུ་འབྱུང་བ་དང་རྫོགས་

Vol. 6 · folio 188b

པར་བསྙེན་པ་དགེ་སློང་མའི་དངོས་པོ་རྗེས་སུ་གནང་བ་གང་ཡིན་པ་དེ་ཐམས་ཅད་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལས་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་གཞན་གྱི་སེམས་སྲུང་བའི་གང་ཟག་ནི་བསོད་ནམས་མང་དུ་སྐྱེད་པར་བྱེད་དོ། །ཞེས་གསུངས་ཀྱིས། ཁྱེད་ཅག་

ཀྱང་རེ་ཞིག་མི་རྟག་པ་ཉིད་ཡིད་ལ་བྱ་བ་སྒོམས་ཤིག་ཅེས་འདོམས་པར་བྱེད་ཅིང་། དེ་དག་ཀྱང་མི་རྟག་པ་ཉིད་ཡིད་ལ་བྱ་བ་སྒོམ་པར་རྩོམ་མོ། །གང་གི་ཚེ་ཆོས་བྱིན་གྱི་འཁོར་རྣམ་པར་ལངས་པར་གྱུར་པ་དེའི་ཚེ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཡང་རང་གི་འཁོར་ལ་ནུ་མོ་དག་

བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱོད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་དེ་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ཐམས་ཅད་སེམས་ཅན་ལ་ཕན་པའི་རྒྱུ་ཡིན་ལ། བཅོམ་ལྡན་

འདས་ཀྱིས་ཀྱང་གཞན་གྱི་སེམས་སྲུང་བའི་གང་ཟག་ནི་བསོད་ནམས་མང་པོ་སྐྱེད་པར་བྱེད་དོ་ཞེས་གསུངས་ཀྱིས། ཁྱེད་ཅག་ཀྱང་རེ་ཞིག་མི་རྟག་པ་ཉིད་དང་ལྡན་པའི་མདོ་སྡེའི་མཐའ་དག་ཁ་ཏོན་གྱིས་ཤིག་ཅེས་འདོམས་པར་བྱེད་ཅིང་། དེ་དག་ཀྱང་མི་རྟག་པ་ཉིད་དང་ལྡན་པའི་

མདོ་སྡེའི་མཐའ་དག་ཁ་ཏོན་དུ་བྱེད་པར་རྩོམ་མོ། །དགེ་སློང་མ་དག་དེ་ལྟར་ཕན་ཚུན་སེམས་རྗེས་སུ་སྲུང་བས་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ཏེ། ཆུ་མེད་པ་ནས་ཨུཏྤ་ལ་བཞིན་ནོ། །ཆོས་བྱིན་ལ་དགེ་བསྙེན་ས་ག་ཞེས་བྱ་བ་མངོན་པར་དད་པས་དེས་ཡོ་བྱད་ཐམས་ཅད་

ཀྱིས་དེ་མགྲོན་དུ་བོས་སོ། །དུས་གཞན་ཞིག་ན་དགེ་བསྙེན་ས་ག་ཆོས་བྱིན་གྱི་རྐང་པ་ལ་ཕྱག་འཚལ་དུ་འོངས་པ་དང་། ཆོས་བྱིན་གྱིས་དེ་ལ་སྨྲས་པ། བཞིན་བཟངས་དགེ་སློང་མ་རབ་ཏུ་མང་པོ་དག་དབྱར་ཁང་གཅིག་ཏུ་གནས་པར་ཁས་བླངས་པས་དེ་དག་ཕན་ཚུན་

སེམས་རྗེས་སུ་སྲུང་བས་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ཏེ་ཆུ་མེད་པ་ནས་ཨུཏྤ་ལ་བཞིན་དུ་གྱུར་ན་ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་གྱི་ཕྱིར་དབྱར་ཁང་བྱེད་དུ་འཇུད་ནུས་སམ། དེས་སྨྲས་པ། འཕགས་མ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ནས་གཞི་རྒྱལ་པོ་དབང་

Vol. 6 · folio 189a

བས་ས་གཞིའི་སླད་དུ་རྒྱལ་པོ་ལ་གསོལ་བ་མཛོད་ཅིག་དང་དེར་བདག་གིས་དབྱར་ཁང་བགྱིད་དུ་སྩལ་ཏོ། །དགེ་སློང་མ་ཆོས་བྱིན་བཙུན་མོ་ཕྲེང་ལྡན་མའི་གན་དུ་སོང་བ་དང་། བཙུན་མོ་ཕྲེང་ལྡན་མས་སྨྲས་པ། འཕགས་མ་བྱོན་པ་ལེགས་སོ། །བྱོན་པ་ལེགས་

སོ། །འཕགས་མ་སྐུ་དོན་ཅི་ཞིག་གི་སླད་དུ་བྱོན། བདག་དགེ་སློང་མའི་དབྱར་ཁང་ཞིག་བགྱིད་དུ་སྩོལ་བར་འཚལ་ན། ས་གཞི་རྒྱལ་པོ་དབང་བས་ས་གཞིའི་སླད་དུ་རྒྱལ་པོ་ལ་གསོལ་བ་བགྱི་བར་འཚལ་ལོ། །འཕགས་མ་ཁྱོད་བཞུད་ཅིག་དང་། བདག་གིས་འཕགས་

མའི་སླད་དུ་ལྷ་ལ་གསོལ་བར་བགྱིའོ། །ཆོས་བྱིན་སོང་བ་དང་བཙུན་མོ་ཕྲེང་ལྡན་མ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་སོང་སྟེ་དེས་སྨྲས་པ། ལྷ་ཁྱོད་ཀྱི་ཕོ་བྲང་དུ་འཕགས་མ་ཆོས་བྱིན་བྱོན་པར་གྱུར་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །དེ་ཅིའི་སླད་དུ་བྱོན། དེ་དགེ་

སློང་མའི་དབྱར་ཁང་ཞིག་བགྱིད་དུ་སྩོལ་བར་བཞེད་ནས། དོག་ས་རྒྱལ་པོ་མངའ་བས་དོག་སའི་སླད་དུ་རྒྱལ་པོ་ལ་གསོལ་བ་བགྱིད་ཅེས་མཆིའོ། །རྒྱལ་པོས་སྨྲས་པ། གལ་ཏེ་འཕགས་མ་ཆོས་བྱིན་རེ་ཞིག་གནས་འདི་ཉིད་དུ་བཞེད་ན་ཡང་དེ་འདི་ཉིད་དུ་བཞུགས་ལ་རག་སྟེ། ངའི་

ཕོ་བྲང་གཞན་དུ་བྱེད་དུ་གཞུག་གོ། །གལ་ཏེ་མི་བཞེད་ན་གང་དུ་དགྱེས་པ་དེ་དབྱར་ཁང་བགྱིད་དུ་སྩོལ་ལ་རག་གོ། །བཙུན་མོ་ཕྲེང་ལྡན་མས་ཆོས་བྱིན་ལ་ལྷས་འཕགས་མ་ལ་དམ་པ་གསོལ་ཏེ། གལ་ཏེ་འཕགས་མ་ཆོས་བྱིན་གནས་འདི་ཉིད་དུ་བཞེད་ན་ཡང་དེ་འདི་ཉིད་དུ་བཞུགས་

ལ་རག་སྟེ་ངའི་ཕོ་བྲང་གཞན་དུ་བྱེད་དུ་གཞུག་གོ། །གལ་ཏེ་མི་བཞེད་ན་གང་དུ་དགྱེས་པ་དེར་དབྱར་ཁང་བགྱིད་དུ་སྩོལ་ལ་རག་ཅེས་བྱུང་ངོ་ཞེས་སྤྲིང་ངོ་། །ཆོས་སྦྱིན་གྱིས་དགེ་བསྙེན་ས་ག་ལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བདག་ལ་དམ་པ་བྱིན་ཏེ། གལ་ཏེ་

འཕགས་མ་ཆོས་བྱིན་རེ་ཞིག་གནས་འདི་ཉིད་དུ་བཞུགས་ལ་རག་སྟེ་ངའི་ཕོ་བྲང་གཞན་དུ་བྱེད་དུ་གཞུག་གོ། །གལ་ཏེ་མི་བཞེད་ན་གང་དུ་དགྱེས་པ་དེར་དབྱར་ཁང་བགྱིད་དུ་སྩོལ་ལ་རག་ཅེས་བྱུང་ངོ་ཞེས་སྤྲིང་ངོ་། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་རལ་གྲིའི་མཐུ་

Vol. 6 · folio 189b

ཅན་དང་། རྒྱལ་རིགས་བཟང་པོ་པ་ཞེས་བྱ་བའི་ཁྲོམ་གཉིས་ཡོད་པ་ལས། རལ་གྲིའི་མཐུ་ཅན་གྱི་ཁྲོམ་དམག་གི་གནས་སུ་སོང་བ་དང་། དེ་དག་གི་ཆུང་མ་རྣམས་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་པས་ཕྱོགས་དེ་གོ་སྐབས་དབེན་པར་གྱུར་ནས་

ཆོས་བྱིན་གྱིས་སྨྲས་པ། ཕྱོགས་འདིར་དབྱར་ཁང་བྱེད་དུ་ཆུག་ཤིག །དགེ་བསྙེན་ས་གས་ཕྱོགས་དེར་དབྱར་ཁང་བྱེད་དུ་བཅུག་ནས་དགེ་སློང་མ་རྣམས་ཀྱིས་དེར་གནས་པར་བརྩམས་སོ། །རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དམག་གི་གནས་ནས་ཕྱིར་འོངས་ཏེ། དེ་དག་གིས་

ཆུང་མ་དེ་དག་བཀུག་ཅིང་བཀུག་ཅིང་བརྡེག་པར་བརྩམས་པ་དང་། སྲང་དག་ན་དེ་དག་ངུ་བའི་སྒྲ་རྟའི་སྐད་དང་། གླང་པོ་ཆེའི་སྐད་ལྟ་བུའི་སྐད་མཐོན་པོ་དང་། སྐད་ཆེན་པོ་དག་བྱུང་ངོ་། །དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་བདག་ཅག་དགུང་ཆར་གྱིས་འཇིགས་

པས་དང་ལ་ཁའི་འོག་ཏུ་ཞུགས་སོ། །ཆོས་བྱིན་གྱིས་བསམས་པ། འདི་དག་ལས་ཁ་ཅིག་ལ་དགེ་བའི་རྩ་བ་ཡོད་དམ་སྙམ་དུ་བསམས་ན། ཡོད་པར་མཐོང་ངོ་། །སུ་ལ་རག་ལུས་སྙམ་དུ་བསམས་ན་བདག་ཉིད་ལ་རག་ལུས་པར་མཐོང་ནས་དེས་སྨྲས་པ། ནུ་མོ་དག་གདུལ་

བ་ལ་ལྟོས་པས་ཐམས་ཅད་བཟོད་པར་བྱའོ། །ཆོས་བྱིན་གྱིས་ཕྱོགས་གཅིག་ཏུ་གྱོ་མོ་སར་པ་བཞག་སྟེ་དགེ་སློང་མ་རྣམས་ལ་སྨྲས་པ། ནུ་མོ་དག་ཁྱེད་ཅག་གང་ལ་སྡེར་ལྷག་ཡོད་པ་དེ་ཐམས་ཅད་གྱོ་མོ་འདིར་ཆུག་ཤིག །དེ་དག་ལ་སྡེར་ལྷག་ཅི་ཡོད་པ་དེ་ཐམས་ཅད་

གྱོ་མོ་དེར་འཇུད་པར་བྱེད་དོ། །དེ་ན་བྱིས་པ་དག་དེར་འོང་བར་གྱུར་ནས་ཆོས་བྱིན་གྱིས་དེ་ནི་ཁྱེའུ་གང་དག་ཡིན་པ་དེ་དག་ལ་ནི་འབྲུ་མར་བྱིན་ནས་གཅིག་གིས་གཅིག་གི་མགོ་སྐུད་དུ་བཅུག་སྟེ་རང་གི་ལག་གིས་བཅའ་བ་དག་སྦྱིན་པར་བྱེད་དོ། །བུ་མོ་གང་དག་ཡིན་པ་དེ་དག་ལ་ནི་

བདག་ཉིད་ཀྱིས་འབྲུ་མར་གྱིས་མགོ་བསྐུས་ནས་རང་གི་ལག་གིས་བཅའ་བ་དག་སྦྱིན་པར་བྱེད་དོ། །བྱིས་པ་དེ་དག་གིས་དེ་དག་ཁྱེར་ཏེ་རང་རང་གི་ཁྱིམ་དག་ཏུ་དོང་བ་དང་དེ་དག་གི་མ་དག་གིས་དྲིས་པ། ཁྱེད་ཅག་ལ་འདི་དག་སུས་བྱིན། དེ་དག་གིས་སྨྲས་པ། འཕགས་མ་

Vol. 6 · folio 190a

ཆོས་བྱིན་གྱིས་སོ། །ཆུང་མ་དེ་དག་གིས་བསམས་པ། དོན་གྱིས་ན་འཕགས་མ་ཆོས་བྱིན་ནི་བདག་ཅག་ལ་མ་མའི་བྱ་བ་མཛད་དོ་སྙམ་དུ་རིག་ནས་དེ་ལ་མངོན་པར་དད་པར་གྱུར་ཏེ། དེ་དག་གིས་བསམས་པ། གང་གི་ཚེ་བདག་ཅག་གི་ཁྱིམ་ཐབ་དག་དམག་གི་

གནས་སུ་འདོང་བ་དེའི་ཚེ་ན་བདག་ཅག་གིས་ཁྱིམ་ཐབ་དག་བསྐྱལ་ནས་འཕགས་མ་ཆོས་བྱིན་ལ་བསྙེན་བཀུར་བྱའོ་སྙམ་མོ། །དུས་གཞན་ཞིག་ན་དེ་དག་གི་ཁྱིམ་ཐབ་དག་དམག་གི་གནས་སུ་འཕགས་པ་དང་། ཆོས་བྱིན་གྱིས་དེ་དག་འདུལ་བའི་དུས་ཤེས་ནས་གཙུག་ལག་

ཁང་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བསྐུས་ཏེ་འདག་རྫས་དང་། ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་བཞག་ནས་དགེ་སློང་མ་སྐད་སྙན་པ་དག་བསྐོས་ཏེ་བསྡད་པ་དང་། ཆུང་མ་དེ་དག་ཀྱང་ཁྱིམ་ཐབ་དག་

བསྐྱལ་ཏེ་ཆོས་བྱིན་གྱི་དྲུང་དུ་ལྷགས་ནས་ཆོས་བྱིན་གྱིས་དེ་དག་ལ་འདག་རྫས་དང་། ལག་པ་བསྙལ་བའི་ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་དག་བྱིན་ནས་ཚིགས་སུ་བཅད་པའི་སྐད་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ་དགེ་སློང་མའི་དགེ་འདུན་གྱི་གོང་

དུ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་དག་ཀྱང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །ཆོས་བྱིན་གྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་ཇི་ནས་ཀྱང་དེ་དག་གིས་འཇིག་ཚོགས་

ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། འཕགས་མ་བདག་ཅག་གིས་དགེ་བའི་བཤེས་གཉེན་འཕགས་མ་ལ་བརྟེན་ནས་

འཕགས་མས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས།

Vol. 6 · folio 190b

བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་

ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ།

འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། འཕགས་མ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་ཅག་དགེ་བསྙེན་མར་

གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་སྐྱབས་སུ་མཆིའོ། །དེ་དག་མངོན་པར་དད་པར་གྱུར་ནས་ཁྱིམ་ཁྱིམ་དུ་དོང་སྟེ་ཁྱིམ་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བསྐུས་ཏེ་སྤྱོད་ལམ་ཞི་བས་འཁོད་དོ་དེ་དག་གི་

ཁྱིམ་ཐབ་དག་དམག་གི་གནས་ནས་ཕྱིར་འོང་བ་ན་བསམས་པ། བདག་ཅག་གི་ཆུང་མ་གླང་པོ་ཆེ་འཚོ་བའམ། བ་ལང་རྫིའམ། སུ་ཞིག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་ཅིང་འདུག་སྙམ་མོ། །དེ་དག་གིས་བདག་ཅག་གི་ཁྱིམ་ཐབ་དག་འོངས་ཞེས་ཐོས་སོ། །

ཐོས་ནས་ཀྱང་བཤེས་པ་དང་བཅས་པའི་ཚིག་གིས་རྗེའི་སྲས་དག་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཞེས་བསུ་ནས་དེ་དག་རང་རང་གི་ཁྱིམ་དུ་དོང་བ་དང་། དེ་དག་རང་རང་གི་ཆུང་མ་དག་གིས་བསྐུ་མཉེ་དང་དྲིལ་ཕྱི་བྱས་ཏེ་ཁྲུས་བྱས་ནས་ལེགས་པར་བསྐུས་ཏེ་ཟས་

བྱིན་ནོ། །དེ་དག་གིས་བསམས་པ། འདི་དག་གི་སྤྱོད་ལམ་འདི་ལྟ་བུ་ནི་སྔོན་མ་བྱུང་ངོ་སྙམ་ནས་དེ་དག་ལ་དྲིས་པ། བཟང་མོ་དག་ཁྱེད་ཀྱི་སྤྱོད་ལམ་འདི་ལྟ་བུ་འདི་སྔོན་མ་བྱུང་བ་ཡིན་ན་ཇི་ལས་གྱུར། དེ་དག་གིས་སྨྲས་པ། རྗེའི་སྲས་དག་འཕགས་མ་ཆོས་བྱིན་

Vol. 6 · folio 191a

གྱིས་བདག་ཅག་ལ་ཇི་ནས་ཀྱང་བདག་ཅག་འཁོར་བ་ན་འཁོར་བ་རྣམས་ལ་སླན་ཆད་ཉོན་མོངས་པ་དེ་ལྟ་བུ་ཀུན་ཏུ་འབྱུང་བར་མི་འགྱུར་བ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་དག་གིས་བསམས་པ། འཕགས་མ་ཆོས་བྱིན་ནི་མ་དུལ་བ་འདུལ་བར་མཛད་པ་

ཡིན་ཏེ། དེས་འདི་དག་བཏུལ་བ་ལྟ་སྟེ། གང་གི་ཕྱིར་བདག་ཅག་གིས་འདི་དག་བསད་པ་དང་། བཅིང་བ་དང་། བརྡེག་པ་དང་། སྤྱོ་བས་གདུལ་བར་མ་ནུས་པ་དག་འཕགས་མ་ཆོས་བྱིན་གྱིས་ཆོས་བསྟན་པས་བཏུལ་བས་འཕགས་མ་ཆོས་བྱིན་གྱིས་བདག་

ཅག་ལ་ཕན་བཏགས་ཀྱིས། བདག་ཅག་གིས་ཀྱང་རྒྱལ་པོ་བལྟས་ཏེ་འཕགས་མ་ཆོས་བྱིན་ལ་བསྙེན་བཀུར་བྱའོ་སྙམ་མོ། །ཆོས་བྱིན་གྱིས་ཀྱང་དེ་དག་གདུལ་བའི་དུས་ཤེས་ནས་གཙུག་ལག་ཁང་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་

པས་བསྐུས་ཏེ་འདག་རྫས་དང་། ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་བཞག་ནས་དགེ་སློང་མ་སྐད་སྙན་པ་དག་བསྐོས་ཏེ་བསྡད་པ་དང་། དེ་དག་ཀྱང་རྒྱལ་པོ་བལྟས་ནས་ཆོས་བྱིན་གྱི་དྲུང་དུ་ལྷགས་པ་དང་། ཆོས་བྱིན་གྱིས་དེ་དག་ལ་འདག་

རྫས་དང་། ལག་པ་བསྙལ་བའི་ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་དག་བྱིན་ནས་ཚིགས་སུ་བཅད་པའི་སྐད་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ་དགེ་སློང་མའི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་དག་ཀྱང་དེའི་རྐང་

པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །ཆོས་བྱིན་གྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས་ཅི་ནས་ཀྱང་དེ་དག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་

དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། འཕགས་མ་བདག་ཅག་གིས་དགེ་བའི་བཤེས་གཉེན་འཕགས་མ་ལ་བརྟེན་ནས་འཕགས་མས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་

Vol. 6 · folio 191b

ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་

ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་། མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་

དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་

སོ། །འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། འཕགས་མ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་

སྐྱབས་སུ་མཆིའོ། །དེ་དག་མངོན་པར་དད་པར་གྱུར་ནས་ཡང་སྨྲས་པ། འཕགས་མ་བདག་ཅག་གིས་ད་ནི་སྲོག་ཆགས་གྲོག་སྦུར་ལ་ཡང་བསམས་བཞིན་དུ་སྲོག་འགུམས་པའི་རྔོ་མི་ཐོག་ལ། བདག་ཅག་ནི་མཚོན་ཆས་འཚོ་བ་ལགས་ན་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་

བགྱི། ཆོས་བྱིན་གྱིས་སྨྲས་པ། གཞུ་གཞུ་རྒྱུད་མེད་པ་དག་དང་། མདའ་མདེའུ་མེད་པ་དག་དང་། ཤིང་གི་རལ་གྲི་དག་ཐོགས་ཤིག །དེ་དག་གཞུ་གཞུ་རྒྱུད་མེད་པ་དག་དང་། མདའ་མདེའུ་མེད་པ་དག་དང་། ཤིང་གི་རལ་གྲི་དག་ཐོགས་སོ། །གང་གི་ཚེ་དེ་དག་གིས་

བདེན་པ་དག་མཐོང་བ་དེའི་ཚེ་ན་ཕྱིན་ཆད་བརྒྱན་པོས་རྩེ་བར་མི་བྱེད། ཆང་འཐུང་བར་མི་བྱེད། བུད་མེད་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་པས་དེ་དག་ལོངས་སྤྱོད་དག་གིས་ཕྱུགས་པ་དང་ཉེ་བར་བསགས་པར་གྱུར་ཏོ། །དེ་དག་གི་གླང་པོ་ཆེ་དག་དང་། རྟ་

Vol. 6 · folio 192a

དག་ཀྱང་ཡོངས་སུ་མ་སྤྱད་པས་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཏོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་རི་བྲགས་པ་ཞིག་ལོག་ནས་དེར་དམག་རུ་གཅིག་བཏང་ན་བཅོམ་པ་དང་། རབ་ཏུ་བཅོམ་པ་དང་། སོ་སོར་བཅོམ་

པར་གྱུར་ཏེ་ཕྱིར་འོངས་སོ། །དེ་བཞིན་དུ་རུ་གཉིས་པ་བཏང་ན་དེ་ཡང་བཅོམ་པ་དང་། རབ་ཏུ་བཅོམ་པ་དང་། སོ་སོར་བཅོམ་པར་གྱུར་ཏེ་ཕྱིར་འོངས་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རི་བྲགས་པའི་དཔུང་ནི་སྐྱེས་ཤིང་ལྷའི་དཔུང་ནི་ཉམས་ཏེ་གལ་ཏེ་ལྷ་ཉིད་དེར་མ་

གཤེགས་ན་རི་བྲགས་པ་བསྒྲུབ་དཀའ་བར་འགྱུར་རོ། །རྒྱལ་པོས་དྲིལ་བསྒྲགས་པ་བྱས་ཏེ་ངའི་ཡུལ་ན་མཚོན་ཆས་འཚོ་བ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་དེར་འགྲོ་བར་བྱའོ་ཞེས་བསྒོ་ནས། རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ་ཆས་སོ། །ཀོ་ས་ལར་

བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་རལ་གྲིའི་མཐུ་ཅན་དང་། རྒྱལ་རིགས་བཟང་པོ་པ་བྱ་བའི་ཁྲོམ་གཉིས་ཡོད་པ་ལས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་ནི་མདུན་དུ་འགྲོ་བའི་མི་ཡིན་ལ། རྒྱལ་རིགས་བཟང་པོའི་ཁྲོམ་ནི་ཕྱི་ནས་འོང་བའི་མི་ཡིན་པས་རྒྱལ་པོས་རལ་གྲིའི་མཐུ་ཅན་

གྱི་ཁྲོམ་མདུན་དུ་སོང་བའི་མི་དག་ཚོ་ཞིང་པགས་པ་དང་། ཤ་དང་། ཁྲག་རྒྱས་པ་དང་། དེ་དག་གི་གླང་པོ་ཆེ་དག་དང་། རྟ་དག་ཀྱང་ཚོ་ཞིང་པགས་པ་དང་། ཤ་དང་། ཁྲག་རྒྱས་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྲོམ་འདི་གང་གི་

ཡིན། དེ་དག་གིས་སྨྲས་པ། ལྷའི་ཁྲོམ་རལ་གྲིའི་མཐུ་ཅན་ཞེས་བགྱི་བ་མདུན་དུ་མཆི་བ་ལགས་སོ། །རྒྱལ་པོས་རྒྱབ་ཏུ་བལྟས་པ་དང་ཇི་ཙམ་ན་རྒྱལ་རིགས་བཟང་པོ་པའི་ཁྲོམ་གྱི་མི་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་དང་། དེ་

དག་གི་གླང་པོ་ཆེ་དག་དང་། རྟ་དག་ཀྱང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་གང་གི་ཁྲོམ་ཡིན། དེ་དག་གིས་སྨྲས་པ། ལྷའི་ཁྲོམ་རྒྱལ་རིགས་

Vol. 6 · folio 192b

བཟང་པོ་པ་ཞེས་བགྱི་བ་སླད་བཞིན་མཆི་བ་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅི་འདི་དག་དབང་ཐང་མཉམ་པར་མི་སྦྱིན་ནམ། དེ་དག་གིས་སྨྲས་པ། ལྷ་དབང་ཐང་མཉམ་པར་སྩོལ་ཏོ། །དེ་དག་བོས་ཤིག །དེ་དག་བོས་པ་དང་རྒྱལ་པོས་དེ་དག་ལ་སྨྲས་པ།

ཤེས་ལྡན་དག་ཁྱེད་ཅག་དབང་ཐང་མཉམ་པར་མི་སྦྱིན་ནམ། ལྷ་མཉམ་པར་སྩོལ་ཏོ། །འོ་ན་ཅིའི་ཕྱིར་རལ་གྲིའི་མཐུ་ཅན་གྱི་ཁྲོམ་འདི་དག་ནི་འབྱོར་པ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ལ། རྒྱལ་རིགས་བཟང་པོའི་ཁྲོམ་ཁྱེད་ནི་རྒུད་པ་དང་། ཉམ་ཆུང་བ་

དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར། ལྷ་གལ་ཏེ་བདག་ཅག་ཀྱང་གཞུ་གཞུ་རྒྱུད་མ་མཆིས་པ་དང་། མདའ་མདེའུ་མ་མཆིས་པ་དང་། ཞུགས་ཤིང་གི་རལ་གྲི་དག་ཐོགས་ཤིང་མཚོན་ཆ་དག་བཙོངས་ཤིང་བཙོངས་ཤིང་འཚལ་བར་འགྱུར་ན། བདག་

ཅག་ཀྱང་འབྱོར་པ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་འགྱུར་རོ། །གཞན་ཡང་འདི་དག་གི་གླང་པོ་ཆེ་དག་དང་། རྟ་དག་ནི་ཡོངས་སུ་མ་སྤྱད་ལ། བདག་ཅག་གི་རྟ་དང་། གླང་པོ་ཆེ་དག་ནི་ཡོངས་སུ་སྤྱད་དོ། །རྒྱལ་པོས་དེ་དག་ལ་སྨྲས་པ། ཤེས་ལྡན་

དག་ཁྱེད་དེ་ལྟར་གྱུར་པ་བདེན་ནམ། ལྷ་མད་དོ། །ཅི་ཁྱེད་ཅག་ད་དེར་ཁྲིད་ལ་རི་བྲགས་སུ་བསད་པར་འདོད་དམ། དེ་དག་གིས་སྨྲས་པ། ལྷ་ཅི་ལགས་མཚོན་ཆས་གཡུལ་སྤྲོད་དམ། མིས་གཡུལ་སྤྲོད། རྒྱལ་པོས་སྤྱོས་ཏེ་སྨྲས་པ། །གལ་ཏེ་མཚོན་ཆས་གཡུལ་མི་སྤྲོད་

ན་ཁྱེད་ཅག་ཉིད་དེང་ལ་རི་བྲགས་པ་དེ་ཕོབ་ཤིག་ཅེས་སྨྲས་ཏེ་རྒྱལ་པོ་དེ་ཉིད་ནས་ཕྱིར་ལོག་གོ། །རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དག་ཆོས་བྱིན་གྱི་གན་དུ་སོང་སྟེ་སྨྲས་པ། འཕགས་མ་བདག་ཅག་རྒྱལ་པོས་དམག་གི་གནས་སུ་བསྐོས་ན་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི།

ཆོས་བྱིན་གྱིས་སྨྲས་པ། དེང་ཤིག་དང་། ཁྱེད་ཅག་དེར་དོང་བ་རྣམས་ལ་ཉེས་དམིགས་འགའ་ཡང་འབྱུང་བར་མི་འགྱུར་རོ། །འདི་ལྟར་གང་དང་གང་དུ་འབྲང་འདེབས་པ་དེ་དང་དེར་རྒྱུད་ཆགས་གསུམ་པ་ལྟོས་ཤིག །ཉི་མ་གང་ལ་རི་བྲགས་སྐོར་བར་བྱེད་པའི་ཉི་མ་དེ་

Vol. 6 · folio 193a

ལ་མཚན་ཐམས་ཅད་དུ་ཆོས་མཉན་པ་བྱིན་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་

དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའི་མིང་གིས་ཡོན་བཤད་པ་གྱིས་ཤིག །དེ་དག་གིས་འཕགས་མ་ཆོས་བྱིན་གྱིས་སྨྲས་པ་ལ་མངོན་པར་བསྟོད་པ་དང་། རྗེས་སུ་ཡི་རང་བ་བྱས་ཏེ། འཕགས་ནས་དེ་དག་གང་དང་གང་དུ་འབྲང་འདེབས་པ་དེ་དང་དེར་རྒྱུད་ཆགས་

གསུམ་པ་ཀློག་པར་བྱེད་ཅིང་། གང་གི་ཉིན་མོ་རི་བྲགས་སྐོར་བར་བྱེད་པ་དེའི་ཉིན་མོ་མཚན་ཐམས་ཅད་དུ་ཆོས་མཉན་པ་བྱིན་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་

དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའི་མིང་གིས་ཡོན་བཤད་པ་བྱས་པ་དང་། དེའི་ཚེ་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་རྣམས་གནོད་སྦྱིན་འདུ་བར་འཕགས་པ་དང་། དེས་ཡོན་བཤད་པ་བྱེད་པ་དེ་

ཐོས་ནས་དེས་བསམས་པ། བདག་གི་མིང་གིས་ཡོན་བཤད་པ་བྱེད་པ་འདི་སུ་ཞིག་སྙམ་ནས་ཇི་ཙམ་ན་ཆོས་ཀྱི་སྤུན་དག་གནས་མ་ཡིན་པར་བསྐོས་པ་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་ལ་སྨྲས་པ། ངའི་ཆོས་ཀྱི་སྤུན་འདི་དག་གནས་

མ་ཡིན་པར་བསྐོས་ཀྱིས་སོང་ལ་རི་བྲགས་དེ་ཕོབ་སྟེ་འདི་དག་ལ་བྱིན་ལ་སྲོག་ཆགས་འགའ་ལ་ཡང་མི་གནོད་པར་གྱིས་ཤིག །གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་གྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལས་མཉན་ནས། རིའི་རྩེ་མོ་ལྟ་བུའི་གླང་པོ་ཆེ་དག་དང་། རྔ་མོ་ལྟ་

བུའི་རྟ་དག་དང་། གཞལ་མེད་ཁང་ལྟ་བུའི་ཤིང་རྟ་དག་དང་། གནོད་སྦྱིན་གདུག་པ་ལྟ་བུའི་མི་དག་མངོན་པར་སྤྲུལ་ནས་རི་བྲག་པ་དག་གིས་དེ་དག་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་། །དེ་དག་གིས་དེ་དག་མཐོང་ནས་སྐྲག་སྟེ་བསམས་པ། །ཡུལ་དང་སྲོག་ལ་གནོད་

Vol. 6 · folio 193b

གྱུར་ན། །སྐྱེས་བུས་ཀུན་ཏུ་སྲོག་བསྲུང་བྱ། །བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །སྙམ་ནས་དེ་དག་གིས་རལ་གྲི་མགུལ་དུ་བཏགས་ཏེ་རི་བྲག་ནས་བྱུང་བ་དང་། དེ་དག་གིས་དེ་དག་བཟུང་ནས་སྒྱུ་དཔྱ་དང་བཅས་ཏེ་མཉན་ཡོད་དུ་

བདས་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་དོང་སྟེ་སྨྲས་པ། ལྷ་རི་བྲགས་པ་ནི་འདི་ལགས། སྒྱུ་དཔྱ་ནི་འདི་དག་ལགས་སོ། །རྒྱལ་པོ་དགའ་ནས་དེས་སྨྲས་པ། ཤེས་ལྡན་དག་སྒྱུ་དཔྱ་དག་ཁྱེད་ཅག་ཉིད་ཁྱེར་ཅིག །དེ་དག་གིས་བསམས་པ། བདག་

ཅག་གསོན་ཞིང་ལྷགས་པ་གང་ཡིན་པ་དེ་ཐམས་ཅད་འཕགས་མ་ཆོས་བྱིན་གྱི་མཐུ་ཡིན་པས་བདག་ཅག་དོང་ལ་སྒྱུ་དཔྱ་འདི་དག་འཕགས་མ་ཆོས་བྱིན་ལ་དབུལ་ལོ་སྙམ་ནས་དེ་དག་གིས་དེ་དག་ཁྱེར་ཏེ་ཆོས་བྱིན་གྱི་གན་དུ་དོང་ནས་སྨྲས་པ། འཕགས་མ་བདག་ཅག་གསོན་

ཞིང་ལྷགས་པ་དང་། བདག་ཅག་གི་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་གང་ལགས་པ་དེ་ཐམས་ཅད་འཕགས་མ་ཁོ་ནའི་མཐུ་ལགས་ཀྱིས། རྒྱལ་པོས་བདག་ཅག་ལ་སྒྱུ་དཔྱ་སྩལ་བ་འདི་དག་འཕགས་མས་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ།

དེས་སྨྲས་པ། བུ་དག་ལྷ་རྣམས་ཀྱི་ནང་དུ་ཡང་ལྷ་དབུལ་བ་ཡོད་ཀྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་གྱིས་ཤིག་དང་། དེས་ཁྱེད་ཅག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །དེ་དག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་

དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ནས་དེ་དག་སྔ་དྲོ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་དག་བྱེད། ཕྱི་དྲོ་ནི་ཆོས་ཉན་པར་བྱེད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་

བཅུ་རྩ་དྲུག་པ། དུས་གཞན་ཞིག་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་རི་བྲགས་པ་གཞན་ཞིག་ལོག་ནས་རྒྱལ་པོས་རྒྱལ་རིགས་བཟང་པོ་པའི་ཁྲོམ་ལ་བསྒོ་བ། དེང་ལ་རི་བྲགས་པ་དེ་ཕོབ་ཤིག །དེ་དག་གིས་སྨྲས་པ། ལྷ་བདག་ཅག་ནི་རྒུད་པ་ལགས་ལ།

Vol. 6 · folio 194a

རལ་གྲིའི་མཐུ་ཅན་གྱི་ཁྲོམ་ནི་འབྱོར་པ་ལགས་ན། འདིའི་ཚེ་དེ་དག་ལ་བཀའ་སྩལ་ཅིང་བདག་ཅག་རེས་གཞན་ལ་མཆི་བར་ཅི་གནང་། རྒྱལ་པོས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་ལ་བསྒོ་བ། དེང་ལ་རི་བྲགས་པ་ཆེ་གེ་མོ་ཞིག་ཕོབ་ཤིག །དེ་དག་གིས་སྨྲས་

པ། ལྷ་བདག་ཅག་གིས་རེས་འཁོར་ལགས་སོ། །དེང་ཤིག་དང་རེས་གཞན་ལ་མི་བཏང་ངོ་། །དེ་དག་གིས་བསམས་པ། དེའི་ཚེ་ནི་བདག་ཅག་གིས་གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་གྱི་མཐུས་རི་བྲགས་པ་དེ་ཕབ་ཀྱི། ད་ནི་བདག་ཅག་གིས་དེ་ཉིད་དུ་འཆི་

བར་བྱ་དགོས་པར་འགྱུར་བས་འདི་ལྟར་བདག་ཅག་གིས་འཕགས་པ་དག་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་པ་དེ་དག་ལ་ཆོས་གོས་དག་ཕུལ་ཏེ་འདོང་བར་བྱའོ་སྙམ་ནས། དེ་དག་ཆོས་གོས་དག་ཐོགས་ཏེ་གཙུག་ལག་ཁང་དུ་དོང་ནས་དགེ་སློང་རྣམས་ལ་སྨྲས་པ།

འཕགས་པ་དག་བདག་ཅག་རྒྱལ་པོས་དམག་གི་གནས་སུ་བཏང་སྟེ། གལ་ཏེ་ན་བདག་ཅག་དེ་ཉིད་དུ་འགུམ་པར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་ཀྱང་མཆི་བར་འགྱུར་བས་ཆོས་གོས་འདི་དག་བཞེས་སུ་གསོལ། དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་

བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བགོ་བར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པས་བདག་ཅག་མི་ལེན་ཏོ། །དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གིས་བཞེས་ཏེ་ཞོག་ལ་དགག་དབྱེ་བགྱིས་ནས་བགོ་བར་མཛོད་

ཅིག་ཅེས་དེ་དག་གིས་དེ་དག་གི་གནས་ཁང་དུ་བཅུག་སྟེ་དོང་ངོ་། །དེ་དག་འཕགས་པ་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས་སྨྲས་པ། ཤེས་ལྡན་དག་གར་འདོང་། ཁྱིམ་བདག་དམག་གི་གནས་གནས་སུ་མཆིའོ། །ཁྱེད་ཀྱིས་རེས་མ་འཁོར་རམ། ཁྱིམ་

བདག་རེས་འཁོར་རོ། །འོ་ན་ཅིའི་ཕྱིར་འདོང་། ལྷའི་ཞལ་ནས་དེང་ཤིག་དང་རེས་གཞན་དུ་མི་བཏང་ངོ་ཞེས་བྱུང་ངོ་། །ཁོ་བོས་ལྷ་ལ་ཞུས་དེའི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག །དེ་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་གང་དུ་བཀའ་སྩལ།

Vol. 6 · folio 194b

ཁྱིམ་བདག་རི་བྲགས་པ་ཆེ་གེ་མོ་ཞིག་ལོག་ནས་དེ་འབེབས་སུའོ། །ལྷ་དེ་དག་གིས་རེས་མ་འཁོར་རམ། ཁྱིམ་བདག་རེས་འཁོར་རོ། །འོ་ན་ཇིའི་སླད་དུ་བཀའ་སྩལ། རེས་གཞན་དུ་མི་བཏང་བར་བྱས་སོ། །ཅི་ལྷས་གཞུ་གཞུ་རྒྱུད་མ་མཆིས་པ་དང་། མདའ་མདེའུ་མ་

མཆིས་པ་དང་། ཞུགས་ཤིང་གི་རལ་གྲི་ཐོགས་པ་དེ་དག་གིས་རི་བྲགས་པ་དག་མི་ཕེབས་པར་མི་མཁྱེན་ཏམ། གཞན་ཡང་དེ་དག་ནི་སངས་རྒྱས་ཀྱི་སྲས་ཤ་སྟག་སྟེ། དེ་དག་གིས་སྲོག་ཆགས་གྲོག་སྦུར་ལ་ཡང་བསམས་བཞིན་དུ་སྲོག་འགུམས་པའི་རྔོ་མི་ཐོག་གོ། །

འདི་ལྟར་དེའི་ཚེ་ཡང་དེ་དག་གིས་གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་གྱི་མཐུས་རི་བྲགས་པ་དེ་ཕབ་བོ། །འདི་ལྟར་དེ་དག་དེར་མཆིས་སུ་ལགས་ན་ནོངས་དམིགས་འགའ་ཞིག་ཀྱང་འབྱུང་བར་འགྱུར་ཞིང་། དེས་ལྷ་ལ་ཡང་མ་ལེགས་པར་འགྱུར་གོར་མ་བཀུམ་མོ། །

ཁྱིམ་བདག་ཇི་དེ་དག་སངས་རྒྱས་ཀྱི་སྲས་ཤ་སྟག་ཡིན་ནམ། ལྷ་དེ་ལགས་ཏེ་དེ་དག་གིས་དགེ་བའི་བཤེས་གཉེན་འཕགས་མ་ཆོས་བྱིན་ལ་བརྟེན་ནས་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་

རྒྱལ་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ཕྱིན་ཆད་ཁྱེད་ཀྱིས་དམག་དཔོན་འཕགས་སྐྱེས་པོ་ལ་བསྒོ་བར་བྱའི། རལ་གྲིའི་མཐུ་ཅན་གྱི་ཁྲོམ་ལ་བསྒོ་བར་མི་བྱའོ། །དེ་ནས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དག་ཕྱིར་མཁོས་སུ་ཕབ་ནས་དགེ་སློང་རྣམས་ཀྱིས་དགག་དབྱེ་

བྱས་པའི་ཚེ་དགེ་སློང་དེ་དག་དེ་དག་གི་གན་དུ་དོང་སྟེ་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་དགག་དབྱེ་བྱས་ཀྱིས་ཆོས་གོས་དག་བྱིན་ཅིག །འཕགས་པ་དག་བདག་ཅག་གིས་ཆོས་གོས་དག་ཕུལ་ལགས་ཀྱིས་དེ་དག་བཞེས་ཤིག །དགེ་སློང་དེ་དག་དོང་སྟེ་གནས་ཁང་སྒོ་ཕྱེ་བ་དང་།

ཕྱོགས་དེས་སྣུམ་ཞིང་མངར་བས་ཆོས་གོས་དེ་དག་སྲིལ་དག་གིས་རྨུགས་ཏེ་རྡུལ་དུ་བརླགས་ཏེ་འདུག་པར་སྣང་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གོས་སྦེད་པའི་དགེ་སློང་བསྐོ་

Vol. 6 · folio 195a

བར་བྱ་སྟེ། གོས་སྦེད་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ནི་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་

འགྲོ་བ་དང་། གོས་ཀྱི་རྙེད་པ་སྦས་པ་དང་མ་སྦས་པ་མི་ཤེས་པའོ། །གོས་སྦེད་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་།

གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གོས་སྦས་པ་དང་མ་སྦས་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱ་སྟེ། ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དབྱར་དགེ་འདུན་གྱི་རྙེད་པ་སྦེད་པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་

བརྗོད་པར་བྱའོ་དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ཏེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་

རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་

དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་

དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་བར་བཟོད་པ་

Vol. 6 · folio 195b

དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་

བཞིན་དུ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་དང་། བསླབ་པ་ལ་གུས་པ་རྣམས་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པ་རྣམས་དང་། ཕྲི་བ་རྣམས་དང་། སྦྱངས་པའི་ཡོན་ཏན་རྣམས་དང་། མཛེས་པ་རྣམས་དང་། དྲོད་རིག་པ་

རྣམས་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟོན་ཟླ་ཐ་ཆུངས་

ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཞིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་

བ་ནི་ཆོས་འདི་པས་སོ། །སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ཞེས་བྱ་བ་ནི་ཞག་བཅུ་ན་དགག་དབྱེ་འབྱུང་བ་ཚུན་ཆད་དུའོ། །བརྟད་པ་ལས་བྱུང་བའི་གོས་ཤིག་ཅེས་བྱ་བ་ནི་བརྟད་པ་ལས་བྱུང་བའི་གོས་ལྔ་པོ་དག་སྟེ། ལྔ་གང་ཞེ་ན། ནད་པ་ལ་སྦྱིན་པ་

དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། ཤི་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པའོ། །རྙེད་པ་ལ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་

ཡིན་པ་དེས་སོ། །གོས་དེ་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བླང་བར་བྱའོ་ཞེས་བྱ་བ་ནི་

Vol. 6 · folio 196a

བདག་གིར་བྱ་བའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་སྦ་བར་བྱའོ། །དགེ་སློང་གི་གོས་སྦྱིན་པའི་དུས་ནི་གང་ཡིན། དུས་མ་ཡིན་པ་ནི་གང་ཡིན་ཞེ་ན། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་

ཚུན་ཆད་ནི་གོས་སྦྱིན་པའི་དུས་མ་ཡིན་ལ། ལྷག་མ་ནི་དུས་ཡིན་ནོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཕན་ཆད་ནས་དཔྱིད་ཟླ་འབྲིང་པོ་ཉ་ཚུན་ཆད་ནི་དུས་མ་ཡིན་ལ། ལྷག་མ་ནི་དུས་ཡིན་ནོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་

ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་དུ་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བདག་གིར་བྱེད་

དམ། གོས་སྦྱིན་པའི་དུས་ལས་འདས་པར་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བརྟད་པ་ལས་བྱུང་བའི་གོས་ལྔ་པོ་དག་བདག་གིར་བྱེད་པ་དང་། སྦྱིན་བདག་གིས་རང་གི་ལག་ནས་སྦྱིན་པར་བྱེད་ན་ལྟུང་བ་མེད་དོ། །གོས་སྦེད་པའི་དགེ་སློང་

བསྐོས་པ་དང་། སྦྱིན་བདག་འོངས་ཏེ་འཕགས་པ་དག་བཞེས་ཤིག་དང་། གོས་འདི་བདག་མཆིས་ནས་རང་གི་སུག་པ་ཉིད་ནས་དབུལ་ལོ་ཞེས་ཟེར་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་

ལ་ལྟུང་བ་མེད་དོ། །བརྟད་པ་ལས་བྱུང་བའི་སྤང་བ་སྟེ་ཉི་ཤུ་དྲུག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ནས་ཧ་ཅང་མི་རིང་བ་ན་རི་

བྲགས་ཞིག་ཡོད་པ་དེ་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ་དེ་ཡང་དད་པ་ཅན་བཟང་བ་དགེ་བའི་བསམ་པ་ཅན་ཡིན་པས་དེས་དགེ་འདུན་ལ་བསྔོས་ཏེ་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་། སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་

Vol. 6 · folio 196b

ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པ་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་ཞིག་བྱེད་དུ་བཅུག་གོ། །གཙུག་ལག་ཁང་དེར་དགེ་སློང་དྲུག་བཅུས་དབྱར་དགག་དབྱེ་དག་བྱས་ཏེ་དོང་ནས་ཁྱིམ་བདག་དེས་དེར་མ་བྱིན་པར་ལེན་པ་དག་གིས་ཁྲིའམ་ཁྲིའུ་དག་མ་བརྐུས་པར་

གྱིས་ཤིག་ཅེས་སྲུང་མའི་མི་བཞག་གོ། །ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་གཞན་དྲུག་བཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་དེར་ཕྱིན་ནས། བསྟི་གནས་རྙེད་པར་བྱེད་པ་ན་མི་ཞིག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ཅིའི་སླད་དུ་གཙུག་ལག་ཁང་དུ་མི་

གནས། བཞིན་བཟངས་གཙུག་ལག་ཁང་ག་ལ་ཡོད། འཕགས་པ་དག་དགོན་པ་འདི་ནའོ། །དགེ་སློང་དེ་དག་དེར་དོང་བ་དང་། སྲུང་མའི་མིས་མཐོང་ནས། དེས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་བསྙེན་བཀུར་བྱས་ཏེ་གནས་ཁང་དག་བསྐོས་ནས་ཁྲི་དང་

ཁྲིའུ་དང་སྟན་ནང་ཚངས་ཅན་དང་། ལ་བ་ལ་སོགས་པ་དག་ཕུལ་ཏེ། སྤྱངས་ཚགས་གཡར་ནས་སྨྲས་པ། འཕགས་པ་དག་རེ་ཞིག་ཆབ་བཙག་པར་མཛོད་ཅིག་དང་དེའི་བར་དུ་བདག་གིས་ཁྱིམ་བདག་ལ་བརྗོད་པར་བགྱིའོ་ཞེས་མི་དེ་ཁྱིམ་བདག་གི་དྲུང་དུ་སོང་སྟེ་སྨྲས་

པ། ཁྱིམ་བདག་དགྱེས་པ་སྐྱེད་ཅིག །ཁྱོད་ཀྱི་གཙུག་ལག་ཁང་དུ་དགེ་སློང་བློ་བུར་དུ་ལྷགས་པ་དྲུག་བཅུ་མཆིས་སོ། །ཁྱིམ་བདག་གུས་པར་སྒྲིམ་པ་དང་བཅས་པས་ནང་མི་དག་ལ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་གཙུག་ལག་ཁང་དུ་དགེ་སློང་གི་དགེ་འདུན་བྱོན་པ་

དག་ལེགས་པར་སྦྱར་བའི་བཏུང་བས་ཚིམ་པར་བྱས། བུ་རམ་དང་། ཧྭགས་དང་། ལི་ཁ་ར་དང་། རྒུན་འབྲུམ་དང་། བལ་པོ་སེའུ་ལོང་ཤིག་ཅེས་ཁྱིམ་བདག་དེས་ལེགས་པར་སྦྱར་བའི་བཏུང་བ་སྦྱར་ནས་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་དག་ཀྱང་

ཆུ་བཙགས་ཏེ་རང་རང་གི་སྤྱོད་ལམ་གྱིས་འཁོད་དོ། །ཁྱིམ་བདག་དེས་དགེ་སློང་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། དེས་གཙུག་ལག་ཁང་དེ་མཚོ་པད་མས་གང་བ་བཞིན་དུ་མཐོང་ནས། རྒྱ་ཆེར་དད་པའི་ཤུགས་ཀྱིས་བསྒྱུར་བའི་རྒྱུད་ཀྱིས་ཚིགས་སུ་བཅད་

Vol. 6 · folio 197a

པ་སྨྲས་པ། གྲོང་ངམ་ཡང་ན་དགོན་པའང་རུང་། །གཤོང་ངམ་ཡང་ན་ཐང་ཡང་རུང་། །གང་ན་འོས་པ་གནས་པ་ཡི། །ས་གཞི་དེ་ན་དགའ་བྱེད་ཡིན། །དེ་ནས་ལེགས་པར་སྦྱར་བའི་བཏུང་བ་སྟ་གོན་བྱས་ཏེ། རང་གི་ལག་ནས་དགེ་སློང་

གི་དགེ་འདུན་དེ་དག་ཚིམ་པར་བྱས་ནས་རང་ཉིད་ཀྱིས་པོག་པོར་ཐོགས་ཏེ། དགེ་སློང་གི་དགེ་འདུན་དང་ལྷན་ཅིག་མཆོད་རྟེན་ལ་ཕྱག་འཚལ་ནས། གཙུག་ལག་ཁང་དུ་ཞུགས་ཏེ་རྒན་པའི་མཐའི་ལོགས་སུ་འདུག་གོ་དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་

ནས་ཁྱིམ་བདག་དེས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། སང་བདག་གི་སྡུམ་པར་འཕགས་པའི་དགེ་འདུན་གྱིས་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྨྲས་པ་དགེ་སློང་རྣམས་ཀྱིས་ཀྱང་དང་དུ་བླངས་ནས། ཁྱིམ་བདག་དེ་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སོང་

ངོ་། །ཁྱིམ་བདག་དེས་ཕྱི་དེ་ཉིན་པར་ཟས་བསོད་པས་དགེ་སློང་དག་ཚིམ་པར་བྱས་ཤིང་དུས་མ་ཡིན་པར་ཡང་བཏུང་བ་བླུད་ནས་དགེ་སློང་རྣམས་ཀྱིས་ཀྱང་ཆོས་བསྟན་ཏོ། །ཕྱིས་ཀྱང་དེ་ཁོ་ན་བཞིན་དུ་དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་པ་དང་།

ཁྱིམ་བདག་དེ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། འཕགས་པ་དག་བདག་གིས་གཙུག་ལག་ཁང་འདི་བདག་ཉིད་ཀྱི་སླད་དུ་ཡང་བགྱིད་དུ་མ་སྩལ། ཉེ་དུ་རྣམས་ཀྱི་སླད་དུ་ཡང་བགྱིད་དུ་མ་སྩལ་གྱི། འདི་ལྟར་འཕགས་པ་རྣམས་ཀྱི་སླད་དུ་སྩལ་པ་ལགས་

ཀྱིས། འདི་ཉིད་དུ་དབྱར་གནས་པར་ཞལ་གྱིས་བཞེས་ཤིག་དང་། བདག་གིས་འཕགས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་མཉན་ཡོད་ན་བཅོམ་ལྡན་འདས་ཆོས་ཀྱི་རྗེ་མངོན་སུམ་དུ་བཞུགས་ཤིང་།

དུས་དང་དུས་སུ་དགེ་སློང་ཆེ་གེ་མོ་ཞིག་གིས་ནི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆེ་གེ་མོ་ཞིག་གིས་ནི་མི་སྡུག་པའི་བར་གྲུབ་པོ་ཞེས་ཤེས་པ་བརྡ་སྤྲོད་པ་དག་ཀྱང་ཐོས་པར་འགྱུར། རྒྱལ་པོ་ཡང་བསྟན་པ་ལ་ཤིན་ཏུ་དད། བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་

Vol. 6 · folio 197b

རིགས་དབྱར་ཚུལ་མ་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། དགེ་བསྙེན་མ་ས་ག་དང་། རི་དགས་འཛིན་གྱི་མ་དང་། གཞན་ཡང་དད་པ་ཅན་མང་དུ་ཡོད་པས་དེར་ཟང་ཟིང་གི་ལོངས་སྤྱོད་དང་། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ཡང་འགྲུབ་པས་བདག་ཅག་དེ་ཉིད་དུ་འདོང་

ངོ་། །འཕགས་པ་དག་ཆོས་ཀྱི་ལོངས་སྤྱོད་ནི་འཕགས་པ་དག་ཉིད་ལ་རག་ལས་པ་ལགས་ཀྱི། ཟང་ཟིང་གི་ལོངས་སྤྱོད་ནི་བདག་ལ་རག་ལས་པ་ལགས་པས་དགྱེས་པ་བསྐྱེད་ཅིག་དང་ཅུང་ཟད་ཀྱང་ཉམས་པར་མི་འགྱུར་རོ། །དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་

པ་དག་བཅོམ་ལྡན་འདས་ཀྱིས་དད་པ་ཅན་གྱི་དད་པ་སྤེལ་བར་བྱ་ཞིང་སྦྱིན་བདག་ལ་རྗེས་སུ་སྙིང་བརྩེ་བར་བྱའོ་ཞེས་གསུངས་པས། འདི་ཉིད་དུ་འཁོད་པར་བྱའོ་ཞེས་དེ་དག་དེར་འཁོད་ནས། བློ་བརྟན་པས་གཙུག་ལག་ཁང་དེའི་ཕྱི་ནང་བཅས་པར་སོ་སོར་བརྟག་པར་བརྩམས་

པ་དང་། གཙུག་ལག་ཁང་དེ་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཤིན་ཏུ་དགའ་བར་མཐོང་ནས། དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་གཙུག་ལག་ཁང་འདི་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་

ཕུན་སུམ་ཚོགས་པ། ཤིན་ཏུ་དགའ་བ་ཡིན་པས་གལ་ཏེ་བདག་ཅག་གིས་འདིར་དབྱར་སྔ་མར་གནས་པར་ཁས་བླངས་ན་མེ་ཏོག་དང་འབྲས་བུ་ཐམས་ཅད་ཡོངས་སུ་ལོངས་སྤྱོད་པར་མི་འགྱུར་གྱིས། བདག་ཅག་གིས་ངེས་པར་དབྱར་ཕྱི་མར་གནས་པར་ཁས་བླང་བར་བྱའོ་

ཞེས་དེ་དག་གིས་དེར་དབྱར་ཕྱི་མར་གནས་པར་ཁས་བླངས་སོ། །ཁྱིམ་བདག་དེ་ལ་གཙུག་ལག་ཁང་དེ་གཅིག་པུ་འབའ་ཞིག་ཡོད་པས་དེ་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་དེ་ན་ཡང་གཙུག་

ལག་ཁང་གཞན་མེད་པས་རི་བྲགས་པ་དེ་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་པར་བྱེད་དོ། །རི་བྲགས་དེའི་ཉེན་ཀོར་ན་ཡང་གཙུག་ལག་ཁང་གཞན་མེད་པས་རི་བྲགས་ཀྱི་ཉེན་ཀོར་པ་དེ་དག་ཀྱང་སྦྱིན་པ་དང་བྱ་

Vol. 6 · folio 198a

བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་པས་དེར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ་། །སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གི་ཀུན་ཏུ་སྤྱོད་པ་ནི་དགག་དབྱེ་བྱས་མ་ཐག་ཏུ་

འདུས་ཏེ་བདག་ཅག་གིས་ལས་ཅི་ཞིག་བྱས་ན་དེས་བརྩལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། ཤཱཀྱའི་སྲས་ཀྱི་དགེ་སློང་འདི་དག་གཞོམ་པར་བྱའོ་སྙམ་མོ། །གཞན་དག་གིས་

སྨྲས་པ། དེ་དག་ནི་སྒོ་འཕར་བརྒྱ་སྙེད་བཟླ་བ་བྱས་ཀྱང་ལྟོ་ཁེངས་པ་འགྲུབ་པར་དཀའ་བས། དེ་དག་ལ་ཅི་ཡང་མེད་ན་བདག་ཅག་ཅིའི་ཕྱིར་ཡུན་དེ་སྲིད་དུ་བསྡད་པར་བྱ། དེ་ན་དགེ་སློང་གི་རྒྱུས་ཤེས་པ་ཅིག་འདུག་པས་སྨྲས་པ། ཁྱོད་ཅི་ཤེས་དེ་དག་ལ་མང་དུ་ཡོད་དོ། །

ཇི་ལྟར་རེ་ཞིག་གཙུག་ལག་ཁང་འདི་གང་གི་ཡིན་པའི་ཁྱིམ་བདག་དེ་ནི་དད་པ་ཅན་བཟང་བ། དགེ་བའི་བསམ་པ་ཅན་ཡིན་ལ། ཁྱིམ་བདག་དེ་ལ་ཡང་གཙུག་ལག་ཁང་དེ་གཅིག་པུ་འབའ་ཞིག་ཡོད་པས་དེ་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་

ཁང་འདི་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་འདི་ན་ཡང་གཙུག་ལག་ཁང་གཞན་མེད་པས་རི་བྲགས་པ་འདི་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་འདི་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་འདིའི་ཉེ་འཁོར་ན་ཡང་གཙུག་ལག་ཁང་གཞན་

མེད་པས་རི་བྲགས་ཀྱི་ཉེ་འཁོར་བ་འདི་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་འདི་ཉིད་དུ་སྦྱིན་ཞིང་བྱེད་པས་འདིར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ་། །གལ་ཏེ་ཡིད་མི་ཆེས་ན་སོང་ལ་ལྟོས་

ཤིག་དང་རང་ཉིད་ཀྱི་མངོན་སུམ་དུ་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཁྱོད་ཉིད་ཇེ་སོང་ལ་མངོན་སུམ་དུ་གྱིས་ཤིག་དང་ཁོ་བོ་ཅག་ཕྱིས་འོང་ངོ་། །དེ་སྨྲས་པ། ལེགས་ཀྱིས་དེ་བཞིན་གྱིས་ཤིག་དང་། ཁོ་བོ་འགྲོའོ་ཞེས་དེ་གོས་ཚགས་བཅོས་ཏེ་འཕགས་ཤིང་། དེ་ནས་ཚིགས་

Vol. 6 · folio 198b

སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ་གཙུག་ལག་ཁང་དེར་ཞུགས་སོ། །ཇི་ཙམ་ན་སྒོ་ཁང་ན་རྒན་ཞུགས་ཤིག་འདུག་ནས་གཡོན་ཅན་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་དྲི་བར་བརྩམས་པ། འཕགས་པ་གཙུག་ལག་ཁང་སྙིང་དང་མིག་འཕྲོག་པ། མཐོ་

རིས་ཀྱི་ཐེམ་སྐས་སུ་གྱུར་པ་འདི་སུའི་ལགས། བཞིན་བཟངས་ཁྱིམ་བདག་ཆེ་གེ་མོ་ཞིག་གི་ཡིན་ནོ། །འཕགས་པ་ཅི་འདི་གཙུག་ལག་ཁང་ལགས་སམ། འོན་ཏེ་ཕོངས་པ་ལགས། བཞིན་བཟངས་གཙུག་ལག་ཁང་ནི་ཇི་ལྟ་བུ་ཡིན། ཕོངས་པ་ནི་ཇི་ལྟ་བུ་ཡིན། འཕགས་

པ་གང་ན་ཡོ་བྱད་ཕུན་སུམ་ཚོགས་པ་ནི་གཙུག་ལག་ཁང་ལགས་སོ། །གང་ན་ཡོ་བྱད་མ་མཆིས་པ་ནི་ཕོངས་པ་ལགས་སོ། །བཞིན་བཟངས་འོ་ན་འདི་ནི་གཙུག་ལག་ཁང་ཡིན་གྱི་ཕོངས་པ་མ་ཡིན་ཏེ་འདི་ན་ཡོ་བྱད་ཕུན་སུམ་ཚོགས་པ་ཡོད་ཀྱི། འདི་ན་ཡོ་བྱད་མེད་པ་མ་

ཡིན་ནོ། །འཕགས་པ་ཟས་ཟ་བ་ནི་འགའ་ཡང་ས་རྡུལ་མི་ཟ་ལ། གོས་དག་གྱོན་པ་ནི་འགའ་ཡང་ཤིང་ཤུན་དག་མི་གྱོན་པས་ཁྱེད་ཅག་ལ་གོས་ཅུང་ཟད་མ་མཆིས་སམ། རྒན་ཞུགས་དེ་དྲང་པོའི་རང་བཞིན་ཅན་ཡིན་པས་དེས་གཡོན་ཅན་དེའི་ལག་ནས་བཟུང་སྟེ་གནས་

ཁང་དུ་བཅུག་ནས་སྨྲས་པ། བཞིན་བཟངས་གོས་ཀྱི་གདང་གོས་དག་གིས་ཕུར་ཤོག་ཅིང་འདུག་པ་ལ་ལྟོས། འཕགས་པ་ཅི་འདི་ཁྱོད་ཀྱི་ལགས་སམ། འོན་ཏེ་དགེ་འདུན་གྱི་ལགས། བཞིན་བཟངས་འདི་ཁོ་བོ་གང་ཟག་གི་ཡིན་ནོ། །འཕགས་པ་འོ་ན་ཁྱོད་ནི་གོར་

མ་བཀུམ་པར་དགེ་འདུན་གྱི་གནས་བརྟན་ནམ། ཆོས་སྒྲོག་པ་ཞིག་ལགས་སོ། །བཞིན་བཟངས་ཁོ་བོ་ནི་དགེ་འདུན་གྱི་གནས་བརྟན་ཡང་མ་ཡིན་ལ། ཆོས་སྒྲོག་པ་ཡང་མ་ཡིན་ཏེ། འདི་ལྟར་ཁོ་བོ་ནི་དགེ་འདུན་གྱི་གསར་བུ་དགེ་ཚུལ་ཞིག་ཡིན་ནོ། །འཕགས་པ་དེ་ནི་

མངལ་ན་འདི་ན་དགེ་འདུན་གྱི་གནས་མལ་ཅུང་ཟད་མ་མཆིས་སམ། བཞིན་བཟངས་མང་དུ་ཡོད་དེ་རེ་ཞིག་ཁོ་བོའི་བྱུག་རིས་སུ་ཡང་དངོས་པོ་བདུན་པོ་དག་འཐོབ་བོ། །འཕགས་པ་དེ་ཡང་མཇལ་གྱིས་འདི་ཞུའོ། །གཙུག་ལག་ཁང་འདི་ན་གང་ལ་ལ་འཚལ་མ་བགྱིད་པ་དེ་

Vol. 6 · folio 199a

ཇི་རྫ་མཁན་གྱི་སྣོད་དུ་འཚེད་དམ། འོན་ཏེ་ཟངས་མའི་སྣོད་དུ་འཚེད་བཞིན་བཟངས་ཁྱོད་ཀྱིས་གནས་ཁང་འདི་དག་མཐོང་ངམ། འཕགས་པ་མཐོང་ངོ་། །བཞིན་བཟངས་གནས་ཁང་འདི་དག་ཟངས་མའི་སྣོད་ཀྱིས་གང་ཞིང་འདུག་གོ། །གཡོན་ཅན་

དེས་བསམས་པ། ལེགས་པར་བྲིད་ཟིན་གྱིས་ད་ནི་འགྲོའོ་སྙམ་ནས་གཡོན་ཅན་དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པ་ནི་བདག་གི་དོན་ཡོངས་སུ་ཉམས་པ་ལགས་པས་བདག་སླད་ཀྱིས་ཀྱང་མཆི་ཡིས་ད་ནི་མཆིའོ། །བཞིན་བཟངས་དེ་

བཞིན་གྱིས་ཤིག །གཡོན་ཅན་དེས་རྒན་ཞུགས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སོང་ནས་གཡོན་ཅན་དེ་ཆོམ་རྐུན་པ་དེ་དག་གི་དྲུང་དུ་སོང་སྟེ་སྨྲས་པ། པད་མའི་མིག་ཅན་དག་རྫས་ཐམས་ཅད་ཀྱིས་གང་བའི་གྲུ་བོ་ཆེ་སྐམ་ས་ན་འདུག་གིས་ཕྲོགས་ཤིག །ཕྲོགས་

ཤིག །དེ་ན་གཅིག་གིས་སྨྲས་པ། དེ་ན་འཁོད་པའི་རབ་ཏུ་བྱུང་བ་དྲུག་བཅུ་པོ་དག་ནི་འཕོང་གི་སློབ་དཔོན་ཤ་སྟག་ཡིན་ཞེས་གྲགས་པས་དེ་བཞིན་དུ་གཞོམ་པར་མི་ནུས་ཀྱིས། གང་གི་ཚེ་དེ་དག་མཚན་མོ་ཆོས་ཉན་པ་དེའི་ཚེ་གཞོམ་མོ། །གཞན་དག་གིས་སྨྲས་པ།

ཉི་མ་གང་ལ་དེ་དག་གི་ཆོས་ཉན་པ་འབྱུང་བར་འགྱུར། དེས་སྨྲས་པ། ཚེས་བརྒྱད་དང་། བཅུ་བཞི་ལ་འབྱུང་སྟེ། དེ་ལ་ཚེས་བརྒྱད་ནི་ཐལ་ཟིན་པས་ཚེས་བཅུ་བཞི་ལ་འབྱུང་བར་འགྱུར་རོ། །དེ་དག་སོར་མོ་དག་གིས་ཉི་མ་བགྲང་ཞིང་འཁོད་འཁོད་ནས། ཇི་ཙམ་ན་ཚེས་བཅུ་

བཞི་ལ་བབ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་སོ་སོར་ཐར་པའི་མདོ་བཏོན་ཏེ། དགེ་འདུན་གྱིས་གསོ་སྦྱོང་བྱས་ནས་ཆོས་སྒྲོག་པ་སེང་གེའི་ཁྲི་ལ་འཛེགས་ཏེ་འདི་སྐད་ཅེས། མི་མཆོག་གདུལ་བའི་ཁ་ལོ་སྒྱུར་མཛད་པ། །ཀུན་སྦྱོར་འཆིང་བ་གཅོད་པ་དེ་བཞིན་གཤེགས། །

དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་ཞུགས་པས་བཀའ་བཞིན་བྱེད་ལ་གསུངས། །ཞེས་སྨྲ་བར་བརྩམས་པ་དང་། གཡོན་ཅན་དེ་དག་གིས་སྒོ་བརྡུངས་སོ། །དགེ་སློང་དག་གིས་ཚོར་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སུ་ཡིན། འཕགས་པ་དག་

Vol. 6 · folio 199b

བདག་ཅག་རིགས་ཀྱི་བུ་དག་གོ། །དགེ་སློང་རྣམས་ཀྱིས་བསམས་པ། རི་བྲགས་ནས་སྐྱེ་བོའི་ཚོགས་དག་ཆོས་ཉན་དུ་ལྷགས་གོར་མ་ཆག་གིས་སྒོ་དབྱེའོ་སྙམ་ནས། དེ་དག་གིས་སྒོ་ཕྱེ་བ་དང་དེ་དག་ཞུགས་སོ། །ཇི་ཙམ་ན་གཞོམ་པར་བརྩམས་པ་དང་། དགེ་སློང་

རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ན་རེ་བདག་ཅག་རིགས་ཀྱི་བུ་དག་གོ་ཞེས་ཟེར་ན། ད་ངེད་ཅག་འཇོམས་པར་བྱེད་དམ། དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་ལ་མིང་གཉིས་མཆིས་ཏེ། སླད་རོལ་དུ་ནི་རིགས་ཀྱི་བུ་དག་ཅེས་བགྱི་ལ།

ནང་དུ་ནི་ཆོམ་རྐུན་པ་དག་ཅེས་བགྱིའོ། །ཁྱེད་ཅག་གི་མིང་འདོགས་པར་བྱེད་པ་ནི་ཉམས་སོ། །གཡོན་ཅན་དེ་དག་གིས་དགེ་སློང་དེ་དག་བཅོམ་སྟེ་དོང་ནས་དགེ་སློང་བཅོམ་པ་དེ་དག་གིས་གྲོས་བྱས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྷག་མ་དང་བཅས་

པར་གཞོམ་པར་བྱའོ་ཞེས་གསུངས་པས། རེ་ཞིག་ཁྱིམ་བདག་འདི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྦྱིན་དུ་བཅུག་སྟེ་ཡང་ཅི་བྱ། བདག་ཅག་ལ་སྦྱིན་དུ་བཅུག་སྟེ་ཡང་ཅི་བྱ། བདག་ཅག་མཉན་ཡོད་ཉིད་དུ་དོང་ན་དེར་བདག་ཅག་ལ་ཚངས་པ་མཚུངས་པར་སྤྱོད་

པ་དག་གིས་ཆོས་གོས་དག་གིས་མི་ཕོངས་པར་བྱེད་པར་འགྱུར་རོ་ཞེས་གྲོས་བྱས་སོ། །ཇི་ལྟར་འདོང་བར་བྱ། མཚན་མོ་འགེབས་པས་འདོང་ཞིང་ཉིན་མོ་ཐིབས་པོར་ཞུགས་ཏེ་འགྲོ་བར་བྱའོ་ཞེས་དེ་དག་གིས་ཁྱིམ་བདག་ལ་ཡང་མ་བལྟས་པར་དོང་ངོ་། །ཇི་ཙམ་

ན་མཐར་གྱིས་མཉན་ཡོད་དུ་ཕྱིན་པ་དང་དགེ་སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་གིས་དགེ་སློང་དེ་དག་སྒྲེན་མོར་སྒོའི་གམ་ཡོ་ན་རྒྱུ་བ་མཐོང་ནས་སྨྲས་པ། གཅེར་བུ་སྒྲེ་བྱི་དག་ཁྱེད་ཅག་འདིར་ཅི་འདོད་འདི་ཁྱེད་

ཀྱི་གཙུག་ལག་ཁང་ཡང་མ་ཡིན་ལ། འདུག་གནས་ཀྱང་མ་ཡིན་ནོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གཅེར་བུ་དག་མ་ཡིན་ནོ། །འོ་ན་ཁྱེད་སུ་ཡིན། དགེ་སློང་དག་གོ། །འདི་ལྟ་བུ་དག་དགེ་སློང་ཡིན་ནམ། གང་དག་ཆོམ་རྐུན་པ་དག་

Vol. 6 · folio 200a

གིས་བཅོམ་པ་དེ་དག་ཇི་ལྟ་བུ་ཡིན། ཁྱེད་ཅག་མིང་ཅི། སངས་རྒྱས་འཚོའོ། །ཆོས་འཚོའོ། །དགེ་འདུན་འཚོའོ། །ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ་ཞེས་དེ་དག་གིས་སྒོ་ཕྱེ་ནས་དགེ་སློང་དེ་དག་འཇུག་ཏུ་བཅུག་སྟེ།

དེ་དག་ལ་ལ་ལས་ནི་ཆོས་གོས་བྱིན། ལ་ལས་ནི་ཤམ་ཐབས་བྱིན། ལ་ལས་ནི་རྔུལ་ཟན་བྱིན། ལ་ལས་ནི་ལྷུང་བཟེད་བྱིན། ལ་ལས་ནི་ཆུ་ཚགས་བྱིན་ཏེ། བགོ་བཤའ་ཇི་ལྟ་བ་བཞིན་དུ་ཐམས་ཅད་དུ་ཐམས་ཅད་བགོ་བཤའ་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགོན་པ་པས་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་ལས་ཆོས་གོས་

གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་དེ་ཉིད་དུ་དོང་སྟེ་ཉལ་བར་བྱེད་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ཅིའི་སླད་དུ་འདིར་གཟིམས་པར་མཛད། ཁོ་བོ་ཅག་གིས་ཆོས་གོས་དག་

འདིར་གཞག་གོ། །འཕགས་པ་དག་ཅི་ཁྱོད་ཀྱི་ཆོས་གོས་དག་རྐུ་བར་བགྱིད་དམ། གལ་ཏེ་ཐུགས་མི་ཆེས་ན་སྣོམས་ཏེ་བཞུད་ཅིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཉལ་

བར་མི་བྱའོ། །དེ་དག་ཕྱིར་དོང་སྟེ་སྐྱ་རེངས་འཆར་བར་བྱེད་པ་དང་། བུད་མེད་ཀྱི་ཡུལ་སྒྲེན་མོར་ཉལ་བ་དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ཅིའི་སླད་དུ་མཚན་མོ་ཉིད་ལ་འདིར་བྱོན། ཁོ་བོ་ཅག་གིས་འདིར་ཆོས་གོས་དག་བཞག་གོ། །འཕགས་པ་

དག་ཅི་ཁྱེད་ཅག་གི་ཆོས་གོས་དག་རྐུ་བར་བགྱིད་དམ། གལ་ཏེ་ཐུགས་མི་ཆེས་ན་སྣོམས་ཏེ་བཞུད་ཅིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་སྐྱ་རེངས་འཆར་བར་མི་བྱའོ། །

Vol. 6 · folio 200b

དེ་དག་ཕྱིས་དེར་དོང་སྟེ་བང་རིམ་དུ་སྐྱ་རེངས་འཆར་བར་བྱེད་པ་དང་། དེ་དག་ཆོམ་རྐུན་པ་དག་དང་། གཡོན་ཅན་དག་དང་། སེང་གེ་དག་དང་། སྟག་དང་། གུང་དག་གི་དབང་དུ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་དུ་སྐྱ་རེངས་འཆར་བར་བྱའོ། །དགེ་སློང་རྣམས་ལ་དགེ་འདུན་གྱི་དང་། མཆོད་རྟེན་གྱི་དང་། གང་ཟག་གི་བྱ་བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པར་གྱུར་པ་དེ་དག་བདག་ཅག་གིས་ཁྱིམ་གཞན་དུ་ཆོས་གོས་དག་

གཞག་གོ་ཞེས་དེར་མི་འགྲོ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགོན་པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །དགེ་སློང་

དྲུག་སྡེ་དག་བསམས་བཞིན་དུ་ཞག་བདུན་དུ་འབྲལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་

བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ངས་དགེ་སློང་དགོན་

པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ་ཞེས་གསུངས་ན། ཁྱེད་ཅག་བསམས་བཞིན་དུ་ཞག་བདུན་དུ་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་

སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་

Vol. 6 · folio 201a

བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་

ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན་ཆོས་

གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་

བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ཡན་ཆད་རབ་ཏུ་མང་པོ་དག་ཡིན་ནོ། །གནས་མལ་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་། །དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་

དྲུག་ལ་རྡུལ་ཕྲ་མོ་གཅིག་གོ། །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ། །ལྕགས་རྡུལ་དྲུག་ལ་རི་བོང་རྡུལ་གཅིག་གོ། །རི་བོང་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། །གླང་རྡུལ་དྲུག་

ལ་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། །སྲོ་མ་དྲུག་ལ་ཤིག་གཅིག་གོ། །ཤིག་དྲུག་ལ་ནས་གཅིག་གོ། །ནས་དྲུག་ལ་སོར་གཅིག་གོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །

གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ་དེ་ཕན་ཅད་དགོན་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་། གཡོན་ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་། སྟག་དང་། གུང་གིས་

Vol. 6 · folio 201b

འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ནི་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་

ཏུའོ། །དབྱར་ཕྱི་མར་གྱུར་ལ་ཞེས་བྱ་བ་ནི་དབྱར་ཕྱི་མར་གནས་པར་ཁས་བླངས་པར་གྱུར་ལའོ། །དགེ་སློང་དགོན་པ་པས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་

རུང་བ་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་ལས་གང་འདོད་པའོ། །ཁྱིམ་གཞན་དུ་ཞེས་བྱ་བ་ནི་གང་ན་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཡོད་པར་རོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གཏམས་པར་བྱ་བའོ། །

དགེ་སློང་དགོན་པ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཞེས་བྱ་བ་ནི་དགེ་འདུན་གྱིའམ། མཆོད་རྟེན་གྱིའམ། གང་ཟག་གི་བྱ་བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ནའོ། །དགེ་སློང་དགོན་པ་པ་དེས་ཞེས་

བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཞག་དྲུག་གི་མཐའ་ཚུན་ཅད་དུ་ཞེས་བྱ་བ་ནི་ཉིན་མཚན་དྲུག་གི་མཐའ་ཚུན་ཅད་དུའོ། །ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ་ཞེས་བྱ་བ་ནི་ཆོས་གོས་བཞག་པ་གང་ཡིན་པ་དེ་དང་ངོ་། །དེ་ལས་འདས་པར་འབྲལ་ན་

ཞེས་བྱ་བ་ནི་དེ་ལས་ལྷག་པར་སྐྱ་རེངས་འཆར་བར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་དགེ་སློང་

དགོན་པ་པས་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འདིའམ་དེར་བར་ཆད་བརྒྱད་པོ་འདི་ལྟ་སྟེ། རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་པའི་འཇིགས་པ་དང་། མེའི་འཇིགས་

Vol. 6 · folio 202a

པ་དང་། ཆུའི་འཇིགས་པ་དང་། སེང་གེའི་འཇིགས་པ་དང་། སྟག་གི་འཇིགས་པ་དང་། མིའི་འཇིགས་པ་དང་། མི་མ་ཡིན་པའི་འཇིགས་པ་ལས་གང་ཡང་རུང་བ་ཉེ་བར་གནས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་།

སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཞག་བདུན་གྱིས་འབྲལ་བའི་སྤང་བ་སྟེ་ཉི་ཤུ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་བཀའ་སྩལ་ནས། དེ་ན་དགེ་སློང་གང་དག་སྔ་མས་དབྱར་གནས་པ་ཁས་ལེན་པ་དེ་དག་ནི་རང་གི་དུས་ཡིན་ནོ། །ཞེས་ཚོལ་བར་བྱེད་ཅིང་བདག་ཅག་གིས་ཅིའི་ཕྱིར་མི་བཅང་

ཞེས་འཆང་བར་བྱེད་དོ། །ཕྱི་མས་དབྱར་གནས་པར་ཁས་ལེན་པ་དེ་དག་ཀྱང་རང་གི་དུས་ཡིན་ནོ། །ཞེས་འཆང་བར་བྱེད་ཅིང་བདག་ཅག་གིས་ཅིའི་ཕྱིར་མི་བཙལ་ཞེས་ཚོལ་བར་བྱེད་དེ། དེ་དག་ཧ་ཅང་མྱུར་བར་ཚོལ་བ་དང་། ཧ་ཅང་ཡུན་རིང་དུ་འཆང་བར་བྱེད་པས་བྱ་བ་མང་བ་དང་།

བྱེད་པ་མང་བར་གྱུར་ཏེ། ལུང་མནོད་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་གསུངས་ན་

ཅིའི་ཕྱིར་དེ་དག་ཧ་ཅང་མྱུར་དུ་ཚོལ་བར་བྱེད་ཅིང་ཧ་ཅང་ཡུན་རིང་དུ་འཆང་བར་བྱེད་པས་བྱ་བ་དང་བྱེད་པ་མང་བར་གྱུར་ཏེ། ལུང་མནོད་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་

ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་

Vol. 6 · folio 202b

བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ངས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཅང་

བར་བྱའོ་ཞེས་གསུངས་ན། ཁྱེད་ཅག་ཧ་ཅང་མྱུར་དུ་ཚོལ་བ་དང་། ཧ་ཅང་ཡུན་རིང་དུ་འཆང་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་དཀའ་བ་དང་། དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་རྣམ་པར་

སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསོ་སླ་བ་དང་། དགང་སླ་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ཕྲི་བ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།

དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་

སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་ཟད་

ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སོ་ཀ་རྣམས་ཀྱི་ཟླ་བ་གཅིག་ལུས་ན་ཞེས་བྱ་བ་ནི་ཟླ་བ་གཅིག་ན་དབྱར་ཉེ་བར་སྒྲུབ་པ་འབྱུང་བར་འགྱུར་བ་ནའོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་

བ་ནི་ཆར་པ་བབ་པའི་གོས་སོ། །བཙལ་བར་བྱའོ་ཞེས་བྱ་བ་ནི་གཞན་ལས་སོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་

Vol. 6 · folio 203a

རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ་ཞེས་བྱ་བ་ནི་དེའི་མདུན་རོལ་དུའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་

བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྔ་མ་དང་། ཕྱི་མ་ལས་ཏེ། དེ་ལ་གང་དག་དབྱར་སྔ་མར་གནས་པར་ཁས་ལེན་པ་དེ་དག་ལ་ནི་ཧ་ཅང་ཡང་ཡུན་རིང་དུ་འཆང་ན་སྤང་བའི་ལྟུང་

བྱེད་དུ་འགྱུར་རོ། །གང་དག་དབྱར་ཕྱི་མར་གནས་པར་ཁས་ལེན་པ་དེ་དག་ལ་ཧ་ཅང་མྱུར་དུ་ཚོལ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟར་ན་དགེ་སློང་གིས་ཇི་ཙམ་དུ་ཧ་ཅང་མྱུར་དུ་ཚོལ་བར་བྱེད་པ་དང་། ཧ་ཅང་ཡུན་རིང་དུ་འཆང་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་

བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དབྱར་གྱི་རས་ཆེན་གྱི་སྤང་བ་སྟེ་ཉི་ཤུ་བརྒྱད་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་

ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་ཝ་ཚོངས་ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་ཅིག་གིས་རང་གི་དད་པ་དང་། རང་གི་གཅུགས་པ་དང་། རང་གི་དང་བས་གཙུག་ལག་ཁང་བྱེད་དུ་བཅུག་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་གང་ཟག་གིར་ཕུལ་ལོ། །

དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གཙུག་ལག་ཁང་དེར་ཇི་ཙམ་པ་དེ་ཙམ་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ངོ་། །ཁྱིམ་བདག་དེས་འཕགས་པ་སྒྲ་ཅན་ཟིན་གཙུག་ལག་ཁང་དེར་ཇི་ཙམ་པ་དེ་ཙམ་འདུག་ནས་ལྷུང་བཟེད་དར་ཆོས་གོས་ཐོགས་ཏེ་

ལྗོངས་རྒྱུར་སོང་ཞེས་ཐོས་སོ་ཐོས་ནས་ཀྱང་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཅི་དགར་ལྗོངས་སུ་འདུག་ནས་ཤཱཀྱ་རྣམས་ཀྱི་གྲོང་རྡལ་ཝ་ཚོངས་ཅན་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན་མཐར་གྱིས་རྒྱུ་ཞིང་འགྲོ་བའི་ཚེ་

Vol. 6 · folio 203b

ཝ་ཚོངས་ཅན་དུ་ཕྱིན་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་

གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་ཁྱིམ་བདག་ཅིག་གིས་རང་གི་དད་པ་དང་རང་གི་གཅུགས་པ་དང་། རང་གི་དང་བས་གཙུག་ལག་ཁང་བགྱིད་དུ་སྩལ་ནས་

བདག་ལ་གང་ཟག་གིར་སྩལ་ཏེ། བདག་གཙུག་ལག་ཁང་དེར་ཅི་ཙམ་པ་དེ་ཙམ་མཆིས་ནས་ལྷུང་བཟེད་དང་། ཆོས་གོས་འཚལ་ཏེ་ལྗོངས་རྒྱུར་མཆིས་པ་དང་ཁྱིམ་བདག་དེས་འཕགས་པ་སྒྲ་ཅན་ཟིན་གཙུག་ལག་ཁང་དེར་ཅི་ཙམ་པ་དེ་ཙམ་མཆིས་ནས་ལྷུང་བཟེད་དང་།

ཆོས་གོས་འཚལ་ཏེ། ལྗོངས་རྒྱུར་མཆིས་ཞེས་ཐོས་ཏེ་ཐོས་ནས་ཀྱང་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ན། བཙུན་པ་དེ་ལ་བདག་གིས་ད་ཇི་ལྟར་བགྱི། སྒྲ་ཅན་ཟིན་ཚུར་ཤོག །ཁྱོད་ཁྱིམ་བདག་དེ་ག་ལ་བ་དེར་སོང་ལ་ཕྱིན་ནས་ཁྱིམ་བདག་དེ་ལ་འདི་

སྐད་ཅེས་ཁྱིམ་བདག་ཁྱོད་ཁོ་བོའི་ལུས་སམ། ངག་ལ་ཅུང་ཟད་སྨོད་པར་མི་བྱེད་དམ་ཞེས་སྨྲོས་ཤིག །ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་བདག་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་དེ་ལ་འདི་

སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཁོ་བོའི་ལུས་སམ། ངག་ལ་ཅུང་ཟད་སྨོད་པར་མི་བྱེད་དམ། འཕགས་པ་སྒྲ་ཅན་ཟིན་བདག་ཁྱོད་ཀྱི་སྐུའམ། གསུང་ལ་ཅུང་ཟད་ཀྱང་སྨོད་པར་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་

སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཁྱིམ་བདག་ག་ལ་བ་དེར་མཆིས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words