འདུལ་བ་རྣམ་པར་འབྱེད་པ

Sanskrit title (Tibetan script, as in the text) བི་ན་ཡ་བི་བྷང་ག

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 8 · folio 173a

པ་བུད་མེད་བླང་མཛད་དེ། །བཅོམ་ལྡན་དེ་ནི་བདག་ལ་སྩལ་དུ་གསོལ། །དཔའ་བོ་བདག་གིས་དྲེགས་པས་བརྒྱན་པ་འདི། །ཅི་ནས་རྗེས་སུ་མཐུན་པ་སྤྱད་པར་བགྱི། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒན་ཞུགས་དེ་ལ་འདི་སྐད་

ཅེས་བཀའ་སྩལ་ཏོ། །མི་གཏི་མུག་ཅན་ངའི་མདུན་ན་མ་འདུག་པར་ཕར་སོང་ཤིག །དེ་ཁྲོས་ཏེ་ཚིགས་སུ་བཅད་པ་སྨྲས་པ། ཁྱོད་ཀྱི་ལྷུང་བཟེད་འདི་དང་ཆོས་གོས་འདི། །ཁར་བ་རིལ་བ་འདི་ཡང་ཟད་གྱུར་ཅིག །བསླབ་པ་འདི་ཡང་ཇི་ལྟར་མ་མ་ཡི། །པང་པར་

གཞོན་ནུ་འཛིན་ལྟར་རང་སྲེལ་ཅིག །རྒན་ཞུགས་དེས་དེ་སྐད་ཅེས་སྨྲས་ནས་བསླབ་པ་ཕུལ་ཏེ་ཉམས་པའི་ཕྱིར་ཞུགས་ནས་ཀུན་དུ་རྒྱུ་མ་དུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀུན་དུ་རྒྱུ་མ་དུ་ལ་འདི་སྐད་ཅེས་སྨྲས་སོ། །མ་དུ་དཔེ་མེད་མ་ཁོ་བོ་ལ་བྱིན་ཅིག །དེས་ཁྲོས་ཏེ་སྨྲས་པ།

རྒན་ཞུགས་ཁྱོད་ལ་བལྟ་བ་ཡང་མི་སྦྱིན་ན་རེག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་སྐད་ཅེས་སྨྲས་པ་དང་། རྒན་ཞུགས་དེས་ཀུན་དུ་རྒྱུ་མ་དུ་ལ་འདི་ལྟ་བུའི་ཀུན་ནས་དཀྲིས་པ་སྐྱེས་ཏེ་དེས་ཁྲག་ཚ་བ་སྐྱུགས་ནས་དུས་ལ་བབ་སྟེ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ།། །།འདུལ་

བ་རྣམ་པར་འབྱེད་པ། བམ་པོ་བདུན་བཅུ་རྩ་དྲུག་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དཔེ་མེད་མ་བརྙེས་པ་ནམ་བཞེས་པ་ལ་གཟིགས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་ངས་འདི་རྙེད་པ་ན་མ་བླངས་ཏེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་ལྕགས་མགར་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་

རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་བུ་མོ་གཟུགས་

Vol. 8 · folio 173b

བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །ལྕགས་མགར་དེས་བསམས་པ། བདག་གིས་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། གཟུགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་ཡང་མི་སྦྱིན་གྱི།

འདི་ལྟར་གང་བདག་དང་བཟོས་མཉམ་པའམ་ལྷག་པ་དེ་ལ་བདག་གིས་འདི་སྦྱིན་པར་བྱའོ་སྙམ་མོ། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་ཞིག་སློང་མོའི་དོན་དུ་དེའི་ཁྱིམ་དུ་ཞུགས་པ་དང་། བུ་མོ་དེས་ཟས་ཁྱེར་ཏེ་ཕྱིར་བྱུང་བ་ན་བྲམ་ཟེའི་ཁྱེའུ་དེས་མཐོང་ནས་སྨྲས་པ། བུ་མོ་ཁྱོད་འགའ་

ཞིག་ལ་བྱིན་ནམ། འོན་ཏེ་མ་བྱིན། དེས་སྨྲས་པ། བདག་གི་ཕ་ཇི་སྐད་ཟེར་བ་དང་སྦྱར་ན་དེས་བདག་སུ་ལ་ཡང་སྦྱིན་པར་དཀའོ། །ཁྱོད་ཀྱི་ཕ་ཇི་སྐད་ཟེར། བདག་གིས་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། གཟུགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་

ཡང་མི་སྦྱིན་གྱི། འདི་ལྟར་གང་བདག་དང་བཟོས་མཉམ་པའམ་ལྷག་པ་དེ་ལ་བདག་གིས་འདི་སྦྱིན་པར་བྱའོ་ཞེས་ཟེར་རོ། །ཁྱོད་ཀྱི་ཕ་བཟོ་ཇི་ལྟ་བུ་ཤེས། ཁབ་གང་ཆུའི་སྟེང་ན་འཕྱོ་བ་དེ་ལྟ་བུ་ཤེས་སོ། །བྲམ་ཟེའི་ཁྱེའུ་དེས་བསམས་པ། འདི་ལྟར་བདག་འདི་དོན་དུ་

མི་གཉེར་མོད་ཀྱི་འདིའི་ང་རྒྱལ་བཅག་པར་བྱའོ་སྙམ་ནས། དེ་མཁས་པ་ཡིན་པས་དེས་བཟོའི་གནས་དང་། ལས་ཀྱི་གནས་དེ་དང་དེ་དག་ནས་ལྕགས་མགར་གྱི་མགར་སྤྱད་དག་བརྙས་ཏེ་ཁབ་གང་དག་ཆུའི་སྟེང་ན་འཕྱོ་བ་དེ་ལྟ་བུ་དག་བརྡུངས་ཤིང་ཁབ་སྦོམ་པོ་གཅིག་བརྡུངས་

ནས་དེའི་མིག་ཏུ་ཁབ་ཕྲ་མོ་བདུན་བཅུག་ན་དེ་དང་ལྷན་ཅིག་ཆུའི་སྟེང་ན་འཕྱོ་བ་བརྡུངས་སོ། །དེས་དེ་དག་བརྡུངས་ནས་ལྕགས་མགར་དེའི་ཁྱིམ་དུ་འོངས་ཏེ་སྨྲས་པ། ཁབ་སུ་ཉོ་ཁབ་སུ་ཉོ་ཞེས་བྱས་པ་དང་། བུ་མོ་དེས་མཐོང་ནས་ཚིགས་སུ་བཅད་པ་སྨྲས་པ། གྲོགས་པོ་

ཁྱོད་ནི་སྨྱོས་པ་འམ། །འོན་ཏེ་སེམས་མེད་གྱུར་པ་ཡིན། །གང་ཕྱིར་ལྕགས་མགར་ཁྱིམ་དུ་ཁྱོད། །ཁབ་དག་འཚོང་དུ་འོངས་པར་གྱུར། །དེས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། བཟང་མོ་ཁོ་བོ་སྨྱོས་པ་མིན། །སེམས་མེད་གྱུར་པའང་མ་ཡིན་ཏེ། །ང་རྒྱལ་

Vol. 8 · folio 174a

བཅག་པར་བྱ་བའི་ཕྱིར། །ཁོ་བོས་བཟོ་དག་ཉེ་བར་བསྒྲུབས། །གལ་ཏེ་ཁོ་བོའི་བཟོ་འདྲ་བ། །ཁྱོད་ཀྱི་ཕ་ཡིས་ཤེས་གྱུར་ན། །ཁྱོད་དང་ནོར་གྱི་རྣམ་པ་ནི། །མང་པོ་གཞན་ཡང་སྦྱིན་པར་གྱིས། །དེས་སྨྲས་པ། ཁྱོད་ཀྱིས་བཟོ་ཇི་ལྟ་བུ་ཤེས། ཁབ་

གང་དག་ཆུའི་སྟེང་ན་འཕྱོ་བ་དེ་ལྟ་བུ་དག་ཤེས་སོ། །དེས་མ་ལ་སྦྲན་པ། ཡུམ་བཟོ་བོའི་བུ་ཞིག་མཆིས་སོ། །དེས་སྨྲས་པ། འཇུག་ཏུ་ཆུག་ཤིག །དེས་འཇུག་ཏུ་བཅུག་པ་དང་། ལྕགས་མགར་གྱི་ཆུང་མས་སྨྲས་པ། ཁྱོད་བཟོ་ཇི་ལྟ་བུ་ཤེས། དེས་སྨྲས་པ་དང་། དེས་

ཁྱིམ་ཐབ་ལ་སྦྲན་པ། རྗེའི་སྲས་བཟོ་བོའི་ཁྱེའུ་འདིས་བཟོ་འདི་ལྟ་བུ་འཚལ་ཏོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཆུ་འོན་ཅིག་དང་བལྟའོ། །དེས་ཆུས་སྣོད་བཀང་སྟེ་ཕུལ་བ་དང་། དེས་ཁབ་གཅིག་བཅུག་ན་དེ་འཕྱོ་བར་བརྩམས་སོ། །དེ་བཞིན་དུ་ཁབ་གཉིས་པ་དང་། གསུམ་

པ་ནས་བདུན་པའི་བར་དུ་བཅུག་ན་དེ་ཡང་འཕྱོ་བར་བརྩམས་སོ། །དེས་ཁབ་སྦོམ་པོ་དེ་བཅུག་ན་དེ་ཡང་འཕྱོ་བར་བརྩམས་སོ། །ཡང་དེར་ཁབ་གཅིག་བཅུག་སྟེ་བཅུག་ན་དེ་ལྟ་ན་ཡང་འཕྱོ་བར་བརྩམས་སོ། །དེ་བཞིན་དུ་ཁབ་གཉིས་པ་དང་། གསུམ་པ་ནས་བདུན་པའི་

བར་དག་བཅུག་སྟེ་བཅུག་ན་དེ་ལྟ་ན་ཡང་འཕྱོ་བར་བརྩམས་སོ། །ལྕགས་མགར་གྱིས་བསམས་པ། འདི་བདག་པས་བཟོ་ཆེས་ལྷག་པ་ཡིན་གྱིས་འདི་ལ་བུ་མོ་སྦྱིན་ནོ་སྙམ་དུ་རིག་ནས། བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་ལག་པ་གཡོན་པས་བཟུང་ནས་ལག་པ་གཡས་པས་

རིལ་བ་བྷྲིང་གར་ཐོགས་ཏེ་བྲམ་ཟེའི་ཁྱེའུ་དེའི་མདུན་དུ་འདུག་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་ལ་ཁོ་བོས་བུ་མོ་འདི་ཆུང་མར་སྦྱིན་ནོ། །དེས་སྨྲས་པ། ཁོ་བོ་འདི་དོན་དུ་མི་གཉེར་ཏེ། འདི་ལྟར་ཁོ་བོས་ཁྱོད་ཀྱི་ང་རྒྱལ་བཅག་པར་བྱ་བའི་ཕྱིར་བཟོ་ཉེ་བར་བསྟན་ཏོ། །དགེ་

སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་ལྕགས་མགར་གང་ཡིན་པ་དེ་ནི་ཀུན་དུ་རྒྱུ་མ་དུ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་ལྕགས་མགར་གྱི་ཆུང་མ་གང་ཡིན་པ་དེ་ནི་བུར་མ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་ལྕགས་

Vol. 8 · folio 174b

མགར་གྱི་བུ་མོ་གང་ཡིན་པ་དེ་ནི་དཔེ་མེད་མ་འདི་ཡིན་ཏེ། དེའི་དུས་ན་ཡང་ངས་དཔེ་མེད་མ་འདི་རྙེད་པ་ན་མ་བླངས་ལ་ད་ལྟར་ཡང་ངས་འདི་རྙེད་པ་ན་མ་བླངས་སོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ།

བཙུན་པ་རྒན་ཞུགས་འདི་དཔེ་མེད་མ་ལ་བརྟེན་ནས་ཚུལ་མ་ལགས་པས་སྡུག་བསྔལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་འདི་དཔེ་མེད་མ་ལ་བརྟེན་ནས་བཙུན་མོའི་འཁོར་

དང་བཅས་པ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུ་ན་རྒྱལ་པོ་སེང་གེ་རལ་པ་ཅན་གྱིས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་འཐབ་པ་

དང་། ཕྱི་དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ། །

དེའི་ཚེ་ན་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུ་ན་དེད་དཔོན་སེང་གེ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་

མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་

པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་

Vol. 8 · folio 175a

ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་མཁྱེན་པར་མཛོད་ཅིག །བདག་

ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེའུར་འགྱུར་རོ། །དེ་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་འདི་སྐད་ཅེས་ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་པ་བུའི་ངོ་མཐོང་བ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་

མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་ངུའམ་མང་པོ་ཡང་རུང་བའི་སྦྱིན་པ་

དག་བྱིན་ཞིང་བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ། མངལ་

ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པར་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་

མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་། རྒྱན་གྱིས་བཀླུབས་པའི་ལུས་ལྷའི་བུ་མོ་

དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་དང་། ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཇུག་གོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་

Vol. 8 · folio 175b

བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ་ཞིག་བྱུང་ངོ་། །དེའི་

ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེའི་ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་ཁྱེའུ་འདི་དེད་དཔོན་སེང་གེའི་བུ་ཡིན་པ་དེའི་ཕྱིར་

ཁྱེའུ་འདིའི་མིང་སིང་ག་ལ་ཞེས་བྱའོ། །ཞེས་དེའི་མིང་སིང་ག་ལ་ཞེས་བྱ་བར་བཏགས་སོ། །ཁྱེའུ་སིང་ག་ལ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་

རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །

དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་ལ་ཉེ་བར་ཞུགས་ནས། དེའི་ཡི་གེ་མཐར་ཕྱིན་ཅིང་འབྱེད་པ་དང་། ཀློག་པ་དང་། མཁས་པ་དང་། སྤྱོད་པ་གསལ་བ་དང་།

བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། ཤིང་རྟ་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །ཕས་དེའི་ཆུང་མའི་

འཁོར་གསུམ་པོ་རབ་དང་། འབྲིང་དང་། ཐ་མ་དག་རྣམ་པར་བཞག་གོ། །འདུག་པའི་གནས་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་དག་བྱེད་དུ་བཅུག་གོ། །སྐྱེད་མོས་ཚལ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་དག་བྱེད་དུ་བཅུག་གོ། །

Vol. 8 · folio 176a

དེ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་སྐྱེས་པ་མེད་པར་སིལ་སྙན་གྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་ཕ་ལ་སྨྲས་པ། ཡབ་བདག་རྒྱ་མཚོ་ཆེན་པོར་འཇུག་པར་ཅི་གནང་། དེས་སྨྲས་པ།

བུ་རེ་ཞིག་ཁོ་བོ་ལ་ནོར་གྱི་རྣམ་པ་མང་དུ་ཡོད་དེ། གལ་ཏེ་ཁྱོད་ཏིལ་དང་། འབྲས་དང་རྒྱ་ཤུག་དང་། རྒྱ་སྲན་ལ་སོགས་པ་ལ་སྤྱོད་པ་བཞིན་དུ་རིན་པོ་ཆེ་དག་ལ་སྤྱོད་པར་བྱེད་ཀྱང་དེ་ལྟ་ན་ཡང་ཁོ་བོའི་ལོངས་སྤྱོད་སྲབས་པ་ཉིད་དང་། ཡོངས་སུ་ཟད་པ་དང་། ཡོངས་

སུ་གཏུགས་པར་མི་འགྱུར་གྱིས། དེའི་ཕྱིར་ཇི་སྲིད་དུ་ཁོ་བོ་གསོན་པ་དེ་སྲིད་དུ་ཁྱོད་རྩེ་བར་གྱིས། དགའ་བར་གྱིས། དགའ་མགུར་སྤྱོད་པར་གྱིས་ལ་ཁོ་བོ་འདས་པ་དང་ནོར་བསྒྲུབ་པར་གྱིས་ཤིག །དེས་ཡང་དང་ཡང་དུ་སྨྲས་པ། ཡབ་བདག་རྒྱ་མཚོ་ཆེན་པོར་འཇུག་

པར་ཅི་གནང་། དེས་གདོན་མི་ཟ་བར་དུས་ཀྱིས་འཆུ་བར་ཤེས་ནས་སྨྲས་པ། བུ་དེ་ལྟར་གྱིས་ཤིག །འདི་ལྟར་ཁྱོད་ཀྱིས་འཇིགས་པ་དང་། འཇིགས་སུ་རུང་བ་དག་བཟོད་པར་བྱའོ། །དེས་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུར་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ། རྒྱལ་པོའི་

ཕོ་བྲང་སེང་གེ་ལྟ་བུ་ན་གནས་པ་དང་། ཡུལ་ཐ་དད་པ་ནས་ལྷགས་པའི་ཚོང་པ་ཤེས་ལྡན་དག་ཉོན་ཅིག །དེད་དཔོན་སིང་ག་ལ་རྒྱ་མཚོ་ཆེན་པོར་འཇུག་པར་འགྱུར་གྱིས། ཁྱེད་ཅག་ལས་གང་དེད་དཔོན་སིང་ག་ལ་དང་ལྷན་ཅིག་ཤོ་གམ་མེད་པ་དང་། ལ་གཅན་མེད་པ་

དང་། གྲུ་བཙས་མེད་པར་རྒྱ་མཚོ་ཆེན་པོར་འཇུག་པར་འདོད་པ་དེས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་གྱིས་ཤིག་ཅེས་བསྒོའོ། །ཚོང་པ་ལྔ་བརྒྱས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་དེད་དཔོན་སིང་ག་ལས་ཕ་མ་དང་། གཞན་ཡང་སྙིང་དུ་

སྡུག་ཅིང་འབྲེལ་བའི་རྩ་ལག་དག་ལ་བལྟས་ནས་ཉི་མ་དང་། ཚེས་གྲངས་དང་། ཡུད་ཙམ་དང་། སྦྱོར་བས་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་བྱས་ནས། ཤིང་རྟ་དག་དང་། ཁུར་དག་དང་། གླེ་བ་དག་དང་། སྤྱད་དག་དང་། རྔ་

Vol. 8 · folio 176b

མོ་དག་དང་། བ་ལང་དག་དང་། བོང་བུ་མང་པོ་དག་གིས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་ཁྱེར་ཏེ་ཚོང་པ་ལྔ་བརྒྱའི་འཁོར་དང་ལྷན་ཅིག་འཕགས་སོ། །དེ་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་ཚོང་

རྡལ་དག་ལ་རྣམ་པར་ལྟ་ཞིང་འགྲོ་བ་ན་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ཏོ། །དེས་རྙིང་པ་ལྔ་བརྒྱས་གྲུ་སྦྱར་ནས་ཞོ་ཤས་འཚོ་བ་ལྔ་པོ་སྟོབས་པར་བྱེད་པ་དང་། སེལ་བར་བྱེད་པ་དང་། གྲུ་པ་དང་། རྐྱལ་ཆེན་པ་དང་། རླུང་ཡོར་ཐོགས་པ་དག་ཁྲིད་དེ་ལན་གསུམ་དྲིལ་

བསྒྲགས་པ་བྱས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བརྩམས་སོ། །དེ་ནས་ཚོང་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་རྣམས་ལ་འདི་ལྟ་སྟེ། ཕན་ཚུན་བདེ་བ་ཉིད་ཀྱིས་ངེས་པར་རྒལ་བ་ཤེས་པར་དཀས། བདག་

ཅག་ནོར་སྒྲུབ་པ་དག་གིས་སོ་སོ། སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་པ་དག་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བྱས། བདག་ཅག་ལས་ཁ་ཅིག་གིས་ནི་ཤལ་མ་ལའི་སྤང་ལེབ་དག་བཀུར། ཁ་ཅིག་གིས་ནི་སྔས་ཤིང་བལ་ཅན་དག་བཀུར། ཁ་ཅིག་གིས་ནི་

ཀུ་བའི་གཟིངས་དག་བཀུར། ཁ་ཅིག་གིས་ནི་ར་རྐྱལ་དག་བཀུར་རོ་སྙམ་ནས། དེ་ནས་ནོར་སྒྲུབ་པ་དེ་དག་གིས་དེ་ལྟར་སོ་སོར་བརྟགས་ནས་སོ་སོ་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་བ། ཁ་ཅིག་གིས་ནི་ཤལ་མ་ལའི་སྤང་ལེབ་དག །ཁ་ཅིག་གིས་ནི་སྔས་ཤིང་

བལ་ཅན་དག །ཁ་ཅིག་གིས་ནི་ཀུ་བའི་གཟིངས་དག །ཁ་ཅིག་གིས་ནི་ར་རྐྱལ་དག་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་དག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་གོ། །དེ་དག་རྒྱ་མཚོའི་གྲུ་བཅག་པ་ན་སོ་སོ་སོ་སོ་དག་ནས་

ཕོངས་པའི་དོན་དུ་ཆུར་རྐྱལ་བ་ཁྱེར་ཏེ་འོངས་པ་དག་ལ་ཞོན་ཏེ་འདི་ལྟ་སྟེ། ཁ་ཅིག་གིས་ནི་ཤལ་མ་ལའི་སྤང་ལེབ་དག་ལ་ཞོན། ཁ་ཅིག་གིས་ནི་སྔས་ཤིང་བལ་ཅན་དག་ལ་ཞོན། ཁ་ཅིག་གིས་ནི་ཀུ་བའི་གཟིངས་དག་ལ་ཞོན། ཁ་ཅིག་གིས་ནི་ར་རྐྱལ་དག་ལ་ཞོན་ཏེ་

Vol. 8 · folio 177a

ཆུའི་སྟེང་ན་འཕྱོའོ། །དེ་དག་གི་ལས་ཀྱི་རྣམ་པར་སྨིན་པས་བྱང་ཕྱོགས་ནས་རླུང་ལངས་ནས་དེས་དེ་དག་ལྷོ་ཕྱོགས་ཀྱི་འགྲམ་དུ་བདས་པ་དང་། ཟངས་གླིང་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་དག་འཁོད་པ་དེ་དག་ཚོང་པ་གྲུ་ཆག་པ་རྣམས་ལ་གཏམ་སྙན་པ་དང་

དགའ་བའི་ཚུལ་གྱིས་སླུ་བར་བྱེད་དོ། །དེ་དག་ལ་རྒྱལ་མཚན་དགའ་བའི་གནས་དང་མཐུན་པ་དང་། ཕོངས་པའི་གནས་དང་མཐུན་པ་གཉིས་ཡོད་དེ། ཇི་ཙམ་ན་དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་པ་དང་། དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་དགའ་

བའི་གནས་དང་མཐུན་པའི་རྒྱལ་མཚན་གཡོས་པས་འཛམ་བུའི་གླིང་པའི་ཚོང་པ་དག་གི་རྒྱ་མཚོའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་སྟེ་འོང་གོར་མ་ཆག་གིས་བཙལ་ལོ་ཞེས་དེ་དག་གིས་རྒྱ་མཚོའི་འགྲམ་དུ་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཆུར་

རྐྱལ་བ་སྣ་ཚོགས་དག་གིས་རྐྱལ་ཞིང་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་བདག་ཉིད་གཟུགས་བཟང་མོར་མངོན་པར་སྤྲུལ་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། ལྷའི་གོས་དང་། ཕྲེང་བ་རྒྱུས་བཀླུབས་ནས་རྒྱ་མཚོའི་འགྲམ་ནས་བོད་པར་བརྩམས་པ། ཇོ་བོ་དག་ཚུར་སྤྱོན།

བཞིན་བཟངས་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག །བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག །གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་ཅིག །གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག །སྐྱོབ་པ་མ་

མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅིག །སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་མཛོད་ཅིག །དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག །འདི་དག་ནི་ཁྱེད་ཀྱི་ཟས་ཀྱི་གནས་དག་དང་། སྐོམ་གྱི་གནས་དག་དང་། གོས་ཀྱི་གནས་དག་དང་། གནས་མལ་

གྱི་གནས་དག་དང་། ཀུན་དགའི་ར་བ་དགའ་བར་འགྱུར་བ་དག་དང་། ནགས་ཚལ་དགའ་བར་འགྱུར་བ་དག་དང་། རྫིང་བུ་དགའ་བར་འགྱུར་བ་དག་དང་། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་།

Vol. 8 · folio 177b

མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ལགས་ཀྱིས། ཁྱེད་ཅག་ཚུར་སྤྱོན་བདག་ཅག་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་།

དགའ་མགུར་སྤྱོད་པར་མཛོད་ཅིག །ཁྱེད་ཅག་ལས་འགའ་ཡང་ཤིན་ཏུ་མྱོས་པར་གྱུར་ཀྱང་ལྷོ་ལམ་དུ་འགྲོ་བར་མི་བྱའོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངས་འདི་ལྟ་སྟེ། སྐྱེས་པ་ལ་བུད་མེད་ཀྱི་གཟུགས་ཇི་ལྟར་ཆགས་པར་འགྱུར་བ་དང་། རྒྱགས་

པར་འགྱུར་བ་དང་། འདོད་པར་འགྱུར་བ་དང་། སྡུག་པར་འགྱུར་བ་དང་། བྱམས་པར་འགྱུར་བ་དང་། རྔོད་པར་འགྱུར་བ་དང་། བརྒྱལ་བར་འགྱུར་བ་དང་། འཆིང་བར་འགྱུར་བ་དང་། སྒྲུབ་པར་འགྱུར་བ་དང་། ཀུན་དུ་སྦྱར་བར་འགྱུར་བ་དེ་ལྟ་བུའི་གཟུགས་

གཞན་ཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པས། དེ་དག་སྲིན་མོ་དེ་དག་གིས་བརྔོད་པ་ན་རྒྱ་མཚོ་ཆེན་པོ་ལས་རྒལ་ཏེ་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དག་དེ་དག་དང་ལྷན་ཅིག་རྩེ་བར་བྱེད།

དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དག་ལ་བསྟེན་པའི་རྒྱུ་ལས་བུ་དང་བུ་མོ་དག་ཀྱང་བྱུང་ངོ་། །དེ་ནས་དེད་དཔོན་སིང་ག་ལ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བུད་མེད་འདི་དག་ལྷོ་ལམ་ཤིན་ཏུ་སྲུང་བར་སེམས། བདག་བུད་མེད་འདི་དང་ལྷན་ཅིག་ཉལ་ཞིང་དེ་གཉིད་

ལོག་པ་དང་མལ་དུ་ཞུགས་པར་རིག་ནས་ཁད་ཀྱིས་དལ་བུ་དལ་བུས་མལ་ཆེན་པོ་ལས་བབས་ཏེ། རལ་གྲི་རྣོན་པོ་མཆན་དུ་བཅུག་ནས་ལྷོ་ལམ་དུ་འགྲོའོ་སྙམ་མོ། །དེ་ནས་དེད་དཔོན་སིང་ག་ལ་བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་གཉིད་ལོག་ཅིང་མལ་དུ་ཞུགས་པར་

རིག་ནས། ཁད་ཀྱིས་དལ་བུ་དལ་བུས་མལ་ཆེན་པོ་ནས་བབས་ཏེ། རལ་གྲི་རྣོན་པོ་མཆན་དུ་བཅུག་ནས་ལྷོ་ལམ་དུ་སོང་བ་དང་། དེས་དེ་ན་སྐྱེ་བོ་ཕལ་པོ་ཆེ་སྨྲེ་སྔགས་འདོན་པའི་སྒྲ་ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་ཕུ་ནུ། ཀྱི་ཧུད་བུ་སྲིང་། ཀྱི་ཧུད་འཛམ་བུའི་གླིང་

Vol. 8 · folio 178a

དགའ་བར་འགྱུར་བ་སྣ་ཚོགས། འཛམ་བུའི་གླིང་དགའ་བར་འགྱུར་བ་ཁྱོད་ཀྱིས་བདག་ཅག་སྤངས་སམ་ཞེས་ཟེར་བ་ཐོས་སོ། །ཐོས་ནས་ཀྱང་དེ་འཇིགས་པ་དང་། སྐྲག་པ་དང་། སྔངས་པ་དང་། སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། །དེ་ནས་དེད་དཔོན་

སིང་ག་ལ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་སྟེ། འཇིགས་པ་དང་། སྐྲག་པ་དང་། སྔངས་པ་དང་། སྤུ་ཟིང་ཞེས་བྱེད་པ་དེ་དག་བསལ་ནས་ལྷོ་ལམ་དེ་ཉིད་དུ་སོང་བ་དང་། དེས་དེ་ན་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་འཕང་མཐོ་བ། ཐག་གྲུ་ཆེ་བ་ཞིག་མཐོང་ནས་དེས་གྲོང་

ཁྱེར་དེ་ལ་སྒེའུ་ཆུང་འགའ་ཞིག་ཡོད་དམ་སྙམ་ནས་ཁོ་ར་ཁོར་ཡུག་ཏུ་བྱུལ་ན། དེས་གྲོང་ཁྱེར་དེའི་ཁོ་ར་ཁོར་ཡུག་ཏུ་བྱུལ་བ་ན་གྲོང་ཁྱེར་དེ་ལ་ཐ་ན་བྱི་ལ་འཛུལ་བ་ཙམ་གྱི་སྒེའུ་ཆུང་ཡང་མ་རྙེད་དོ། །དེའི་བྱང་ཕྱོགས་ཀྱི་ངོས་ན་ཤིང་ལྗོན་པ་ཤི་རི་ཤ་ཆེན་པོ་འཕང་མཐོ་བ། ཐག་

གྲུ་ཆེ་བ་དག་ཡོད་ནས། དེ་ཤིང་ལྗོན་པ་ཤི་རི་ཤ་ཆེན་པོ་འཕང་མཐོ་བ། ཐག་གྲུ་ཆེ་བ་དེ་ལ་འཛེགས་ཏེ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཁྱེད་ཅིའི་ཕྱིར་ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་ཕུ་ནུ། ཀྱི་ཧུད་བུ་སྲིང་། ཀྱི་ཧུད་འཛམ་བུའི་

གླིང་དགའ་བར་འགྱུར་བ་སྣ་ཚོགས། འཛམ་བུའི་གླིང་དགའ་བར་འགྱུར་བ་ཁྱོད་ཀྱིས་བདག་ཅག་སྤངས་སམ་ཞེས་ཤིན་ཏུ་སྨྲེ་སྔགས་འདོན་པར་བྱེད། དེ་དག་གིས་སྨྲས་པ། བཟོད་ལྡན་ཁོ་བོ་ཅག་ནི་འཛམ་བུའི་གླིང་པའི་ཚོང་པ་ནོར་སྒྲུབ་པ་རྒྱ་མཚོའི་གྲུ་བསྒྲུབས་ཏེ་རྒྱ་མཚོ་

ཆེན་པོར་འཇུག་འདོད་ནས་ཁོ་བོ་ཅག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་རྣམས་ལ་འདི་ལྟ་སྟེ། ཕན་ཚུན་བདེ་བ་ཉིད་ཀྱིས་ངེས་པར་རྒལ་བར་ཤེས་པར་དཀས་བདག་ཅག་ནོར་སྒྲུབ་པ་དག་གིས་སོ་སོ་སོ་སོ་དག་ནས་ཕོངས་པའི་

དོན་དུ་ཆུར་རྐྱལ་བ་དག་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བྱས། བདག་ཅག་ལས་ཁ་ཅིག་གིས་ནི་ཤལ་མ་ལའི་སྤང་ལེབ་དག་བཀུར། ཁ་ཅིག་གིས་ནི་སྔས་ཤིང་བལ་ཅན་དག་བཀུར། ཁ་ཅིག་གིས་ནི་ཀུ་བའི་གཟིངས་དག་བཀུར། ཁ་ཅིག་གིས་ནི་ར་རྐྱལ་

Vol. 8 · folio 178b

དག་བཀུར་རོ་སྙམ་ནས། དེ་ནས་ནོར་སྒྲུབ་པ་བདག་ཅག་གིས་དེ་ལྟར་སོ་སོར་བརྟགས་ནས། སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་བ་ཁ་ཅིག་གིས་ཤལ་མ་ལའི་སྤང་ལེབ་དག །ཁ་ཅིག་གིས་ནི་སྔས་ཤིང་བལ་ཅན་དག །ཁ་ཅིག་གིས་ནི་ཀུ་བའི་གཟིངས་དག །

ཁ་ཅིག་གིས་ནི་ར་རྐྱལ་དག་ཁྱེར་ནས་རྒྱ་མཚོ་ཆེན་པོར་ཞུགས་སོ། །བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་ན་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་གོ། །བདག་ཅག་རྒྱ་མཚོའི་གྲུ་བཅག་པ་ན་སོ་སོ་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་བ་ཁྱེར་ཏེ་འོངས་

པ་དག་ལ་ཞོན་ཏེ་འདི་ལྟ་སྟེ། ཁ་ཅིག་ནི་ཤལ་མ་ལའི་སྤང་ལེབ་དག་ལ་ཞོན། ཁ་ཅིག་ནི་སྔས་ཤིང་བལ་ཅན་དག་ལ་ཞོན། ཁ་ཅིག་ནི་ཀུ་བའི་གཟིངས་དག་ལ་ཞོན། ཁ་ཅིག་ནི་ར་རྐྱལ་དག་ལ་ཞོན་ཏེ་ཆུའི་སྟེང་ན་འཕྱོའོ། །བདག་ཅག་གི་ལས་ཀྱི་རྣམ་པར་སྨིན་པས་

བྱང་ཕྱོགས་ནས་རླུང་ལངས་ནས་དེས་བདག་ཅག་ལྷོ་ཕྱོགས་ཀྱི་འགྲམ་དུ་བདས་པ་དང་། ཟངས་གླིང་འདི་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་འཁོད་པ་དེ་དག་བདག་ཅག་ཚོང་པ་གྲུ་ཆག་པ་རྣམས་ལ་གཏམ་སྙན་པ་དང་དགའ་བའི་ཚུལ་གྱིས་སླུ་བར་བྱེད་དོ། །དེ་དག་ལ་

རྒྱལ་མཚན་དགའ་བའི་གནས་དང་མཐུན་པ་དང་། ཕོངས་པའི་གནས་དང་མཐུན་པ་གཉིས་ཡོད་དེ། ཇི་ཙམ་ན་དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་པ་དང་། དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་

གཡོས་པས་འཛམ་བུའི་གླིང་པའི་ཚོང་པ་དག་གི་རྒྱ་མཚོའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་སྟེ། འོང་གོར་མ་ཆག་གིས་བཙལ་ལོ་ཞེས་དེ་དག་གིས་རྒྱ་མཚོའི་འགྲམ་དུ་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་བདག་ཅག་ཚོང་པ་ཕལ་པོ་ཆེའི་ཚོགས་ཆུར་རྐྱལ་བ་སྣ་

ཚོགས་དག་གིས་རྐྱལ་ཞིང་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་བདག་ཉིད་གཟུགས་བཟང་མོར་མངོན་པར་སྤྲུལ་ནས། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། ལྷའི་གོས་དང་། ཕྲེང་བ་རྒྱུས་བཀླུབས་ནས་རྒྱ་མཚོའི་འགྲམ་ནས་བོད་པར་བརྩམས་པ། ཇོ་བོ་དག་ཚུར་སྤྱོན། བཞིན་

Vol. 8 · folio 179a

བཟངས་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག །བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག །གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་ཅིག །གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག །སྐྱོབ་པ་མ་

མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅིག །སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་མཛོད་ཅིག །དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག །འདི་དག་ནི་ཁྱེད་ཀྱི་ཟས་ཀྱི་གནས་དག་དང་། སྐོམ་གྱི་གནས་དག་དང་། གོས་ཀྱི་གནས་དག་དང་། གནས་མལ་གྱི་

གནས་དག་དང་། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང་། ནགས་ཚལ་དགའ་བར་འགྱུར་བ་དག་དང་། རྫིང་བུ་དགའ་བར་འགྱུར་བ་དག་དང་། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་

དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ལགས་ཀྱིས་ཁྱེད་ཅག་ཚུར་སྤྱོན་བདག་ཅག་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་། དགའ་མགུར་

སྤྱོད་པ་མཛོད་ཅིག །ཁྱེད་ཅག་ལས་འགའ་ཡང་ཤིན་ཏུ་མྱོས་པར་གྱུར་ཀྱང་ལྷོ་ལམ་དུ་འགྲོ་བར་མི་བྱའོ་ཞེས་ཟེར་རོ། །བདག་ཅག་སྲིན་མོ་དེ་དག་གིས་བརྔོད་པ་ན་རྒྱ་མཚོ་ཆེན་པོ་ལས་རྒལ་ཏེ། དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་

བྱེད་དོ། །བདག་ཅག་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དག་ལ་བསྟེན་པའི་རྒྱུ་ལས་བུ་དང་བུ་མོ་དག་ཀྱང་བྱུང་ངོ་། །བུད་མེད་དེ་དག་བདག་ཅག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་

ན་ཇི་སྲིད་དུ་འཛམ་བུའི་གླིང་པའི་ཚོང་པ་མང་པོ་གཞན་དག་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་སྟེ་འོང་བར་མ་ཐོས་ཀྱི་བར་དུ་དེ་དག་བདག་ཅག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །གང་གི་ཚེ་དེ་དག་གིས་འཛམ་བུའི་གླིང་

Vol. 8 · folio 179b

པའི་ཚོང་པ་རབ་ཏུ་མང་པོ་གཞན་དག་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་སྟེ་འོང་བར་ཐོས་པ་དེའི་ཚེ་ན་དེ་དག་བདག་ཅག་གི་གན་དུ་འོངས་ཤིང་བདག་ཅག་ལས་གཞན་དག་ཟོས་ནས། འདི་ལྟར་སྐྱེས་བུ་ཟ་བ་ན་སྐྲ་དང་། སྤུ་དང་། སེན་མོ་དང་། སོའི་ལྷག་མ་གང་དག་

ཡིན་པ་དེ་དག་ཀྱང་མ་ལུས་པར་ཟ་བར་བྱེད་ཅིང་། དེ་དག་སྐྱེས་བུ་ཟ་བ་ན་ཁྲག་དྲོན་མོའི་ཐིགས་པ་ས་ལ་ལྷུང་བ་གང་དག་ཡིན་པ་དེ་དག་ཀྱང་སོར་མོའི་རྩེ་མོས་བྱོགས་ཤིང་བྱོགས་ཤིང་ས་དང་བཅས་བཞིན་དུ་ཁར་འཇུག་པར་བྱེད་དོ། །མ་ཟོས་པ་དེ་དག་གི་ལྷག་མ་ནི་ཁོ་བོ་ཅག་ཡིན་

ཏེ། ལྕགས་ཀྱི་མཁར་ཆེན་པོ་འདིར་བཅུག་སྟེ། བཟོད་ལྡན་བུད་མེད་དེ་དག་ནི་སྲིན་མོ་ཡིན་གྱིས་བཟོད་ལྡན་ཁྱོད་ཀྱང་བདག་ཉིད་སྲུངས་ཤིག །སིང་ག་ལས་སྨྲས་པ། ཤེས་ལྡན་དག་གང་གིས་ཁྱེད་ཅག་དང་ཁོ་བོ་ཅག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་

དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཡོད་དམ། དེ་དག་གིས་སྨྲས་པ། བཟོད་ལྡན་ཁོ་བོ་ཅག་ལ་ནི་གང་གིས་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་གལ་ཏེ་འདི་

སྙམ་དུ་ཀྱེ་མ་བདག་ཅག་ལྕགས་ཀྱི་གྲོང་ཁྱེར་འདིའི་འོག་བརྟོལ་ཏེ་འབྲོས་སོ་སྙམ་ན། དེ་འོག་ཉིས་འགྱུར་སུམ་འགྱུར་དུ་སྐྱེལ། གལ་ཏེ་འདི་སྙམ་དུ་ཀྱེ་མ་བདག་ཅག་ལྕགས་ཀྱི་གྲོང་ཁྱེར་འདིའི་སྟེང་ནས་རྒལ་ཏེ་འབྲོས་སོ་སྙམ་ན། དེའི་སྟེང་ཉིས་འགྱུར་སུམ་འགྱུར་དུ་སྐྱེ་

བའི་ཕྱིར་ཏེ། བཟོད་ལྡན་དེའི་ཕྱིར་ཁོ་བོ་ཅག་ལ་ནི་གང་གིས་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཡང་མེད་དོ། །ཁྱེད་ཅག་ལ་ནི་གང་གིས་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་

ཡོད་དོ། །ཤེས་ལྡན་དག་གང་གིས་ཁོ་བོ་ཅག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་དེ་གང་ཡིན། བཟོད་ལྡན་འདི་ན་བདག་ཅག་གིས་སྟེང་ན་ལྷ་དག་རྣམ་པར་རྒྱུ་བའི་སྒྲ་ཐོས་པ། ཀྱེ་འཛམ་བུའི་གླིང་པའི་ཚོང་པ་བྱིས་པ་དག་

Vol. 8 · folio 180a

འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པ་ལ་བྱང་ལམ་དུ་དེང་ཤིག་དང་། དེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པ་དང་། དབང་པོ་ཚིམ་པས་རོ་སྟོད་བསྲང་

སྟེ་ཕ་རོལ་དུ་སུ་འགྲོ །ཕ་རོལ་དུ་སུ་འགྲོ །སུ་ཞིག་ཕ་རོལ་དུ་བཀུར་བར་བྱ། སུ་ཞིག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་བྱ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་ཀྱིས། ཁྱེད་ཅག་དེའི་གན་དུ་སོང་ལ་འདི་སྐད་ཅེས་བདག་

ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་ཁྱེར་ཅིག །བདག་ཅག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ་ཞེས་ཟེར་བ་ཐོས་ཀྱིས། བཟོད་ལྡན་གང་གིས་ཁྱེད་ཅག་བདེ་ལེགས་

དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་ནི་དེ་ཡིན་ནོ། །དེ་ནས་དེད་དཔོན་སིང་ག་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པའི་ཚིག་དེ་ལེགས་པར་ཤིན་ཏུ་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་ཁད་ཀྱིས་དལ་བུ་དལ་བུས་ཤིང་ལྗོན་པ་ཤི་རི་ཤ་ཆེན་

པོ་དེ་ལས་བབས་ནས་ཡང་མལ་དེ་ཉིད་དུ་སོང་ངོ་། །དེ་ནས་དེད་དཔོན་སིང་ག་ལས་བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་གཉིད་ལོག་ཅིང་མལ་དུ་ཞུགས་པར་རིག་ནས་ཁད་ཀྱིས་དལ་བུ་དལ་བུས་ཉལ་ལོ། །དེ་ནས་དེད་དཔོན་སིང་ག་ལ་ནང་པར་སྔར་ལངས་ཏེ་འཛམ་

བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཚུར་ཤེག །སྐྱེད་མོས་ཚལ་དབེན་པ་ཞིག་ཡོད་པ་དེར་ཁོ་བོ་ཁྱེད་ཅག་དང་ཕག་ཏུ་གསང་སྟེ་སྨྲ་བ་ཅུང་ཞིག་ཡོད་

ཀྱིས་ཁྱེད་ཅག་ལས་གང་གིས་ཀྱང་ཤིན་ཏུ་མྱོས་པར་གྱུར་ན་ཡང་ཁྱེའུ་དང་བུ་མོ་དག་ཁྲིད་དེ་མ་འོང་ཤིག །དེ་ནས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ནང་པར་སྔར་ལངས་ནས་སྐྱེད་མོས་ཚལ་དབེན་པ་ག་ལ་བ་དེར་སོང་ངོ་། །དེ་ནས་དེད་དཔོན་སིང་ག་ལས་

Vol. 8 · folio 180b

འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེ་དང་བར་སྐབས་སུ་གཏམ་ཅི་བྱས་པ་དེ་དག་ཐམས་ཅད་རྒྱས་པར་བརྗོད་ནས་སྨྲས་པ། ཤེས་ལྡན་དག་འདི་དག་གི་ནི་བུད་མེད་མ་ཡིན་གྱི། འདི་དག་ནི་སྲིན་མོ་ཡིན་གྱིས་བདག་ཉིད་སྲུངས་ཤིག །དེ་

ནས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་དག །དེ་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པ་ལ་བྱང་ལམ་དུ་དོང་ངོ་། །དེའི་ཚེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟ་ཞིང་འདུག་གོ། །ཚོང་པ་རྟག་པའི་རང་བཞིན་ཅན་ཞིག་གིས་རྟའི་རྒྱལ་

པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་འདི་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་

འབྲུ་ཟ་ཞིང་འདུག་གིས་འདིའི་གན་དུ་སོང་ལ་འདི་སྐད་ཅེས་བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་ཁྱེར་ཅིག །བདག་ཅག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་གྱིས་ཤིག །ཅེས་བརྗོད་པར་

བྱའོ། །དེ་ནས་དེད་དཔོན་སིང་ག་ལས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཁོ་བོས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེའི་སྨྲས་པའི་དོན་ཤེས་པས་ད་དུང་བདག་ཅག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་གན་དུ་སོང་སྟེ། འདི་སྐད་

ཅེས་བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་ཁྱེར་ཅིག །བདག་ཅག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་གྱིས་ཤིག་ཅེས་བརྗོད་པར་བྱ་བའི་དུས་ལ་མ་བབ་བོ། །འདི་ལྟར་ཁོ་བོས་སྐྱེ་བོ་ཕལ་པོ་

ཆེའི་ཚོགས་དེའི་སྨྲས་པའི་དོན་ཤེས་ཏེ། གང་གི་ཚེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པ་དང་། དབང་པོ་ཚིམ་པས་རོ་སྟོད་བསྲང་སྟེ། ཕ་རོལ་དུ་སུ་འགྲོ །ཕ་རོལ་དུ་སུ་

Vol. 8 · folio 181a

འགྲོ །སུ་ཞིག་ཕ་རོལ་དུ་བཀུར་བར་བྱ། སུ་ཞིག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་བྱ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་པ་དེའི་ཚེ་ན་བདག་ཅག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་གན་དུ་སོང་སྟེ། འདི་སྐད་

ཅེས་བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་ཁྱེར་ཤིག །བདག་ཅག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་མ་རྨོས་མ་

བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པ་དང་། དབང་པོ་ཚིམ་པས་རོ་སྟོད་བསྲང་སྟེ། ཕ་རོལ་དུ་སུ་འགྲོ །ཕ་རོལ་དུ་སུ་འགྲོ །སུ་ཞིག་ཕ་རོལ་དུ་བཀུར་བར་བྱ། སུ་ཞིག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་

ཕྱིན་པར་བྱའོ། །ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ནས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་

ཏེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་དུ་ཁྱེར་ཅིག །བདག་ཅག་བདེ་ལེགས་

དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་གྱིས་ཤིག །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་ཤེས་ལྡན་དག་བུད་མེད་དེ་དག་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པར་བསྒྱུར་

ནས་ཁྱེའུ་དང་བུ་མོ་དག་ཐོགས་ཏེ་འདི་སྐད་ཅེས་ཇོ་བོ་དག་ཚུར་སྤྱོན། བཞིན་བཟངས་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག །བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག །གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་

Vol. 8 · folio 181b

ཅིག །གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག །སྐྱོབ་པ་མ་མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅིག །སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་མཛོད་ཅིག །དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག །འདི་དག་ནི་ཁྱེད་ཀྱི་ཟས་ཀྱི་གནས་དག་དང་།

སྐོམ་གྱི་གནས་དག་དང་། གོས་ཀྱི་གནས་དག་དང་། གནས་མལ་གྱི་གནས་དག་དང་། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང་། ནགས་ཚལ་དགའ་བར་འགྱུར་བ་དག་དང་། རྫིང་བུ་དགའ་བར་འགྱུར་བ་དག་དང་། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་

ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ལགས་ཀྱིས་ཚུར་སྤྱོན། ཁྱེད་

ཅག་བདག་ཅག་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱད་པ་མཛོད་ཅིག །གལ་ཏེ་ཁྱེད་ཅག་ལས་སུ་ཡང་བདག་ཅག་དོན་དུ་མི་གཉེར་ན་རེ་ཞིག་རང་རང་གི་ཁྱེའུ་དང་བུ་མོ་འདི་དག་སྣོམས་ཏེ་བཞུད་ཅིག་ཅེས་ཟེར་བར་འགྱུར་གྱིས། དེ་ལ་ཁྱེད་ཅག་ལས་གང་

དག་འདི་སྙམ་དུ་བདག་གི་ཆུང་མའམ། བུའམ་བུ་མོའམ། ཟས་ཀྱི་གནས་དག་གམ། སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་དགའ་བར་འགྱུར་བ་

དག་གམ། རྫིང་བུ་དགའ་བར་འགྱུར་བ་དག་གམ། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ་ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་

དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ཡིན་ནོ་སྙམ་དུ་སེམས་པ་དེ་དག་ནི་ངའི་གཤུལ་ལམ་རྒྱབ་ཏུ་ཞོན་པར་གྱུར་དུ་ཟིན་ཀྱང་དེ་དག་ཤིང་ཏོག་སྨིན་པ་རྩེ་དག་ལས་འབྲུལ་བ་བཞིན་དུ་ལྟུང་བར་འགྱུར་ཞིང་བུད་མེད་དེ་དག་འོངས་ཤིང་འོངས་

Vol. 8 · folio 182a

ཤིང་ཟ་བར་འགྱུར་ཏེ། འདི་ལྟར་སྐྱེས་བུ་ཟ་བ་ན་སྐྲ་དང་། སྤུ་དང་སེན་མོ་དང་། སོའི་ལྷག་མ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་ཟ་བར་འགྱུར་ལ། དེ་དག་སྐྱེས་བུ་ཟ་བ་ན་ཁྲག་དྲོན་མོའི་ཐིགས་པ་ས་ལ་ལྷུང་བ་གང་དག་ཡིན་པ་དེ་དག་ཀྱང་སོར་མོའི་

རྩེ་མོས་བྱོགས་ཤིང་བྱོགས་ཤིང་ས་དང་བཅས་པར་ཁར་འཇུག་པར་འགྱུར་རོ། །དེ་ལ་ཁྱེད་ཅག་ལས་གང་དག་འདི་སྙམ་དུ་བདག་གི་ཆུང་མའམ། བུའམ་བུ་མོའམ། ཟས་ཀྱི་གནས་དག་གམ། སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་

གྱི་གནས་དག་གམ། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་དགའ་བར་འགྱུར་བ་དག་གམ། རྫིང་བུ་དགའ་བར་འགྱུར་བ་དག་གམ། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་།

མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ཡིན་ནོ་སྙམ་དུ་མི་སེམས་པ་དེ་དག་ནི་ངའི་སྤུ་དག་ལ་འཇུས་པར་གྱུར་དུ་ཟིན་ཀྱང་དེ་དག་བདེ་

ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་རོ་ཞེས་ལེགས་པར་ཤིན་ཏུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ཏོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་ལེགས་པར་ཤིན་ཏུ་ཡང་དག་པར་བསྒོ།

ཡང་དག་པར་བསྟན་ནས་རྒྱབ་བཟེད་པ་དང་། དེ་ནས་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་དེ་དག་ལས་ཁ་ཅིག་ནི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་རྒྱབ་ཏུ་ཞོན། ཁ་ཅིག་ནི་གཤུལ་དུ་ཞོན། ཁ་ཅིག་ནི་སྤུ་དག་ལ་འཇུས་སོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་

མཐར་གྱིས་ལུས་ཀྱི་མཐུ་དང་སྟོབས་བསྐྱེད་ནས། དེའི་འོག་ཏུ་སྟེང་གི་ནམ་མཁའ་ལ་སོང་ངོ་། །སྲིན་མོ་དེ་དག་གི་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་པ་དང་། དེ་དག་གིས་བསམས་པ། འདི་ལྟར་བདག་ཅག་གི་ཕོངས་པའི་གནས་དང་

Vol. 8 · folio 182b

མཐུན་པའི་རྒྱལ་མཚན་གཡོས་པ་ལས་ན་འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་དག་བྱེར་བར་གྱུར་གོར་མ་ཆག་སྙམ་ནས། དེ་དག་དེ་ནས་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པར་བསྒྱུར་ནས། ཁྱེའུ་དང་བུ་མོ་དག་ཐོགས་ཏེ་འདི་སྐད་ཅེས་

ཇོ་བོ་དག་ཚུར་སྤྱོན། བཞིན་བཟངས་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག །བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག །གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་ཅིག །གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག །སྐྱོབ་

པ་མ་མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅིག །སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་མཛོད་ཅིག །དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག །འདི་དག་ནི་ཁྱོད་ཀྱི་ཟས་ཀྱི་གནས་དག་དང་། སྐོམ་གྱི་གནས་དག་དང་། གོས་ཀྱི་གནས་དག་དང་། གནས་མལ་གྱི་

གནས་དག་དང་། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང་། ནགས་ཚལ་དགའ་བར་འགྱུར་བ་དག་དང་། རྫིང་བུ་དགའ་བར་འགྱུར་བ་དག་དང་། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ་ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་

དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ལགས་ཀྱིས་ཚུར་སྤྱོན། ཁྱེད་ཅག་བདག་ཅག་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་། དགའ་མགུར་

སྤྱད་པ་མཛོད་ཅིག །གལ་ཏེ་ཁྱེད་ཅག་ལས་སུ་ཡང་བདག་ཅག་དོན་དུ་མི་གཉེར་ན་རེ་ཞིག་རང་རང་གི་ཁྱེའུ་དང་བུ་མོ་འདི་དག་སྣོམས་ཏེ་བཞུད་ཅིག་ཅེས་ཟེར་རོ། །དེ་ལ་དེ་དག་ལས་གང་དག་འདི་སྙམ་དུ་བདག་གི་ཆུང་མའམ། བུའམ་བུ་མོའམ། ཟས་ཀྱི་གནས་དག་གམ།

སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་དགའ་བར་འགྱུར་བ་དག་གམ། རྫིང་བུ་དགའ་བར་འགྱུར་བ་དག་གམ། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་

Vol. 8 · folio 183a

འདི་ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་། རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་

ཡིན་ནོ་སྙམ་དུ་སེམས་པ་དེ་དག་ནི་དེའི་གཤུལ་ལམ་རྒྱབ་ཏུ་ཞོན་པར་གྱུར་དུ་ཟིན་ཀྱང་དེ་དག་ཤིང་ཏོག་སྨིན་པ་རྩེ་དག་ལས་འབྲུལ་བ་བཞིན་དུ་ལྷུང་བར་གྱུར་ཅིང་བུད་མེད་དེ་དག་འོངས་ཤིང་འོངས་ཤིང་ཟོས་པར་གྱུར་ཏེ། འདི་ལྟར་སྐྱེས་བུ་ཟ་བ་ན་སྐྲ་དང་། སྤུ་དང་། སེན་མོ་

དང་། སོའི་ལྷག་མ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་ཟོས་པར་གྱུར་ལ། དེ་དག་སྐྱེས་བུ་ཟ་བ་ན་ཁྲག་དྲོན་མོའི་ཐིགས་པ་ས་ལ་ལྷུང་བ་གང་དག་ཡིན་པ་དེ་དག་ཀྱང་སོར་མོའི་རྩེ་མོས་བྱོགས་ཤིང་བྱོགས་ཤིང་ས་དང་བཅས་པར་ཁར་བཅུག་པར་གྱུར་ཏོ། །དེ་ལ་

དེ་དག་ལས་གང་དག་འདི་སྙམ་དུ་བདག་གི་ཆུང་མའམ། བུའམ་བུ་མོའམ། ཟས་ཀྱི་གནས་དག་གམ། སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་

དགའ་བར་འགྱུར་བ་དག་གམ། རྫིང་བུ་དགའ་བར་འགྱུར་བ་དག་གམ། འཛམ་བུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། དངུལ་དག་དང་། གསེར་དག་དང་།

རྡོའི་སྙིང་པོ་དག་དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་པ་དག་ཡིན་ནོ་སྙམ་དུ་མི་སེམས་པ་དེ་དག་ནི་དེའི་སྤུ་དག་ལ་འཇུས་པར་གྱུར་དུ་ཟིན་ཀྱང་དེ་དག་བདེ་ལེགས་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་ཁྱེད་

ཅག་ལས་གང་དག་བདག་མིག་གོ། །བདག་གི་མིག་གོ། །བདག་རྣ་བའོ། །སྣའོ། །ལྕེའོ། །ལུས་སོ། །ཡིད་དོ། །བདག་གི་ཡིད་དོ། །བདག་གཟུགས་སོ། །བདག་གི་གཟུགས་སོ། །བདག་སྒྲའོ། །དྲིའོ། །རོའོ། །རེག་བྱའོ། །ཆོས་སོ། །བདག་གི་ཆོས་སོ། །བདག་

Vol. 8 · folio 183b

སའི་ཁམས་སོ། །བདག་གི་སའི་ཁམས་སོ། །བདག་ཆུའི་ཁམས་སོ། །མེའི་ཁམས་སོ། །རླུང་གི་ཁམས་སོ། །ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་སོ། །བདག་གི་རྣམ་པར་ཤེས་པའི་ཁམས་སོ། །བདག་གཟུགས་ཀྱི་ཕུང་པོའོ། །བདག་གི་གཟུགས་

ཀྱི་ཕུང་པོའོ། །བདག་ཚོར་བའི་ཕུང་པོའོ། །འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པའི་ཕུང་པོའོ། །བདག་གི་རྣམ་པར་ཤེས་པའི་ཕུང་པོའོ་སྙམ་དུ་སེམས་པ་དེ་དག་ནི་སྲིན་མོ་རྣམས་ཀྱིས་ཚོང་པ་དག་སྡུག་བསྔལ་བར་འགྱུར་བ་ཇི་བཞིན་ནོ། །དགེ་

སློང་དག་ཁྱེད་ཅག་ལས་གང་དག་བདག་མིག་གོ། །བདག་གི་མིག་གོ། །བདག་རྣ་བའོ། །སྣའོ། །ལྕེའོ། །ལུས་སོ། །ཡིད་དོ། །བདག་གི་ཡིད་དོ། །བདག་གཟུགས་སོ། །བདག་གི་གཟུགས་སོ། །བདག་སྒྲའོ། །དྲིའོ། །རོའོ། །རེག་བྱའོ། །ཆོས་སོ། །བདག་གི་ཆོས་

སོ། །བདག་སའི་ཁམས་སོ། །བདག་གི་སའི་ཁམས་སོ། །བདག་ཆུའི་ཁམས་སོ། །མེའི་ཁམས་སོ། །རླུང་གི་ཁམས་སོ། །ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་སོ། །བདག་གི་རྣམ་པར་ཤེས་པའི་ཁམས་སོ། །བདག་གཟུགས་ཀྱི་ཕུང་པོའོ། །བདག་

གི་གཟུགས་ཀྱི་ཕུང་པོའོ། །བདག་ཚོར་བའི་ཕུང་པོའོ། །འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པའི་ཕུང་པོའོ། །བདག་གི་རྣམ་པར་ཤེས་པའི་ཕུང་པོའོ་སྙམ་དུ་མི་སེམས་པ་དེ་དག་ནི། སྤྲིན་ཤུགས་ཅན་གྱི་ཚོང་པ་དག །བདེ་ལེགས་ཕ་རོལ་འགྲོ་

བ་བཞིན། །མི་གང་བྱིས་པ་འདྲ་བ་དག །སངས་རྒྱས་བསྟན་ལ་མ་དད་པ། །སྲིན་མོ་རྣམས་ཀྱིས་ཚོང་པ་དག །སྡུག་བསྔལ་འགྱུར་བ་ཇི་བཞིན་ནོ། །མི་གང་ཤེས་རབ་ལྡན་པ་དག །སངས་རྒྱས་བསྟན་ལ་དད་བྱེད་པ། །སྤྲིན་ཤུགས་ཅན་གྱི་ཚོང་པ་དག །བདེ་ལེགས་ཕ་རོལ་

འགྲོ་བ་བཞིན། །ཚོང་པ་དེ་དག་ཐམས་ཅད་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལས་ལྷུང་ནས་སྲིན་མོ་དེ་དག་གིས་ཟོས་སོ། །དེད་དཔོན་སིང་ག་ལ་འབའ་ཞིག་བདེ་ལེགས་པ་དང་། བདེ་བ་དག་ཏུ་འཛམ་བུའི་གླིང་དུ་ཕྱིན་ཏོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་

Vol. 8 · folio 184a

བདུན་བཅུ་རྩ་བདུན་པ། དེད་དཔོན་སིང་ག་ལའི་ཆུང་མ་སྲིན་མོ་དེ་ལ་སྲིན་མོ་གཞན་དག་གིས་སྨྲས་པ། ཁོ་མོ་ཅག་གིས་ནི་རང་རང་གི་ཁྱིམ་ཐབ་དག་ཟོས་ན་ཁྱོད་ཀྱིས་རང་གི་ཁྱིམ་ཐབ་བཏང་གིས་གལ་ཏེ་ཇེ་ཁྲིད་དེ་འོངས་ན་དེ་ལྟ་ན་ལེགས། གལ་ཏེ་མི་འོང་ན་ཁྱོད་

ཉིད་བཟའ་བར་བྱའོ། །དེ་སྐྲག་ནས་སྨྲས་པ། གལ་ཏེ་ཁྱོད་ཅག་དེ་ལྟར་དང་ན་དུས་བྱེད་ན་མི་རིངས་པར་སྡོད་ཅིག་དང་ཁྲིད་དེ་འོང་ངོ་། །དེ་དག་གིས་སྨྲས་པ། མ་ཉེས་ཀྱིས་དེ་བཞིན་གྱིས་ཤིག །དེ་མཆོག་ཏུ་འཇིགས་སུ་རུང་བའི་གཟུགས་སུ་སྤྲུལ་ནས་མྱུར་བ་མྱུར་བ་ཁོ་ནར་སོང་

སྟེ་དེད་དཔོན་སིང་ག་ལའི་མདུན་དུ་འདུག་པ་དང་། དེད་དཔོན་སིང་ག་ལས་རལ་གྲི་ཤུབས་ནས་ཕྱུང་སྟེ་བསྡིགས་པ་དང་དེ་སྐྲག་སྟེ་བྲོས་སོ། །ཇི་ཙམ་ན་ཡུལ་དབུས་ནས་དོན་མཐུན་འོངས་པ་དང་། སྲིན་མོ་དེས་དེད་དཔོན་གྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དེད་དཔོན་བདག་ནི་

ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་སིང་ག་ལའི་མཆིས་འབྲང་དུ་སྩལ་བ་ལགས་ན་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ནས་དེས་བདག་བཀྲ་མི་ཤིས་སོ་ཞེས་བོར་ན། དེའི་སླད་དུ་བདག་ལ་ཐུགས་བརྩེ་བས་བཟོད་པ་བགྱིད་དུ་སྩལ་བར་ཅི་གནང་། དེས་

བཟོད་པ་བྱེད་དུ་གཞུག་གོ་ཞེས་དང་དུ་བླངས་སོ། །དེ་དེའི་གན་དུ་སོང་ནས་བག་དབབ་པའི་གཏམ་བརྗོད་པས་ཡུད་ཙམ་ཞིག་བསྡད་དེ་སྨྲས་པ། ཤེད་མཐུན་ཁྱོད་ཀྱིས་ཟངས་གླིང་གི་རྒྱལ་པོའི་བུ་མོ་བླངས་པ་དེ་གནས་མ་ཡིན་པར་ཡོངས་སུ་མ་དོར་བར་བཟོད་པ་གྱིས་ཤིག །དེས་སྨྲས་

པ། ཤེད་མཐུན་དེ་ནི་དེའི་རྒྱལ་པོའི་བུ་མོ་མ་ཡིན་ཏེ། ཟངས་གླིང་ནས་འོངས་པའི་སྲིན་མོ་ཡིན་ནོ། །འོ་ན་འདིར་ཇི་ལྟར་འོངས། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་དེ་ཅང་མི་སྨྲ་བར་འདུག་གོ། །དེད་དཔོན་སིང་ག་ལ་མཐར་གྱིས་རང་གི་ཁྱིམ་དུ་ཕྱིན་པ་དང་། སྲིན་མོ་དེ་ཡང་བུ་ཐོགས་

ཏེ་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུར་ཕྱིན་ནས་དེད་དཔོན་སིང་ག་ལའི་ཁྱིམ་གྱི་སྒོ་དྲུང་ན་སྡོད་དོ། །སྐྱེ་བོའི་ཚོགས་ཀྱིས་ཁྱེའུ་དེ་མཐོང་ནས་བཞིན་གཟུགས་ལས་ངོ་ཤེས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེའུ་འདི་ནི་དེད་དཔོན་སིང་ག་ལའི་བུ་ཡིན་པར་ཤེས་སོ། །སྲིན་

Vol. 8 · folio 184b

མོས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཤེས་ཏེ་འདི་ནི་དེའི་བུ་ཡིན་ནོ། །དེ་དག་གིས་སྨྲས་པ། སྲིན་མོ་ཁྱོད་ག་ལས་འོངས། ཁྱོད་སུའི་ཡིན། དེས་སྨྲས་པ། ཤེས་ལྡན་དག་བདག་ནི་ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་སིང་ག་ལའི་ཆུང་མར་བྱིན་པ་ཡིན་ན། དེ་རྒྱ་

མཚོ་ཆེན་པོར་སོང་བའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ནས་དེས་བདག་བཀྲ་མི་ཤིས་སོ་ཞེས་གནས་མ་ཡིན་པར་བོར་ནས་འདིར་ཇི་ལྟ་ཞིག་ཏུ་ཕྱིན་ཏེ། བུ་ཆུང་ངུ་དང་བདག་ལ་དེད་དཔོན་སིང་ག་ལ་བཟོད་པ་བགྱིད་དུ་སྩལ་བའི་རིགས་སོ། །དེ་དག་གིས་དེའི་ཕ་མ་གཉིས་ལ་སྦྲན་པ་

དང་། དེ་གཉིས་ཀྱིས་དེ་ལ་སྨྲས་པ། བུ་རྒྱལ་པོའི་བུ་མོ་དེ་མ་དོར་བར་བུ་ཆུང་ངུ་དང་ཉོན་མོངས་པ་འདི་ལ་བཟོད་པ་གྱིས་ཤིག །ཡབ་ཡུམ་གཉིས་འདི་ནི་རྒྱལ་པོའི་བུ་མོ་མ་ལགས་ཏེ། འདི་ནི་ཟངས་གླིང་ནས་མཆིས་པའི་སྲིན་མོ་ལགས་སོ། །དེ་གཉིས་ཀྱིས་སྨྲས་པ། བུ་

བུད་མེད་ལྟ་ཞིག་ཐམས་ཅད་ཀྱང་སྲིན་མོ་ཡིན་གྱིས་བཟོད་པ་གྱིས་ཤིག །དེས་སྨྲས་པ། ཡབ་ཡུམ་གཉིས་གལ་ཏེ་ཁྱེད་ཅག་འདི་ལ་དགྱེས་ན་འདི་ཁྱིམ་དུ་སྲེལ་ཅིག །བདག་ནི་གཞན་དུ་མཆིའོ། །དེ་གཉིས་ཀྱིས་སྨྲས་པ། བུ་ངེད་ཀྱིས་ཁྱེད་ཀྱི་དོན་དུ་འདི་ཤིན་ཏུ་སྲེལ་བ་ཡིན་ན།

གལ་ཏེ་ཁྱོད་འདི་མི་འདོད་ན་ངེད་ཀྱིས་འདི་ཅིའི་ཕྱིར་མི་བསྐྲད་ཅེས་དེ་གཉིས་ཀྱིས་དེ་བསྐྲད་དོ། །དེ་ནས་སྲིན་མོ་དེ་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་གན་དུ་སོང་བ་དང་། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྦྲན་པ། ལྷ་བུད་མེད་གཟུགས་འདི་ལྟ་བུ་ལང་ཚོ་ལ་བབ་པ་ཞིག་རྒྱལ་པོའི་ཆབ་

སྒོ་ན་སྡོད་དོ། །རྒྱལ་པོས་སྨྲས་པ། བལྟས་འཇུག་ཏུ་ཆུག་ཤིག །དེ་དག་གིས་དེ་འཇུག་ཏུ་བཅུག་གོ། །བུད་མེད་ཀྱི་གཟུགས་ནི་དབང་པོ་རྣམས་འཕྲོག་པ་ཡིན་པས་རྒྱལ་པོས་དེ་མཐོང་ནས་འདོད་ཆགས་ཀྱིས་གཟིར་བས་འོངས་པ་ལེགས་སོ་ཞེས་བྱ་བའི་ཀུན་དུ་སྤྱད་པས་དེ་

ལ་ཀུན་དུ་སྤྱད་ནས་སྨྲས་པ། བཟང་མོ་ཁྱོད་ག་ལས་འདིར་འོངས། ཁྱོད་སུའི་ཡིན། དེས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་བདག་ནི་ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་སིང་ག་ལའི་མཆིས་འབྲང་དུ་སྩལ་བ་ལགས་ན། དེ་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་

Vol. 8 · folio 185a

པའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ནས། དེས་བདག་བཀྲ་མི་ཤིས་སོ་ཞེས་གནས་མ་ལགས་པར་བོར་ཏེ། ཇི་ལྟ་ཞིག་ཏུ་འདིར་མཆིས་ན། ལྷས་བུ་ཆུང་ངུ་དང་བདག་ལ་དེད་དཔོན་སིང་ག་ལ་བཟོད་པ་བགྱིད་དུ་སྩལ་བར་ཅི་གནང་། རྒྱལ་པོས་དེའི་བག་

ཕབ་ནས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་དེད་དཔོན་སིང་ག་ལ་བོས་ཤིག །དེ་དག་གིས་དེ་བོས་པ་དང་། རྒྱལ་པོས་དེ་ལ་སྨྲས་པ་དང་། སིང་ག་ལ་རྒྱལ་པོའི་བུ་མོ་འདི་མ་དོར་བར་བུ་ཆུང་ངུ་དང་། འདི་ལ་བཟོད་པ་གྱིས་ཤིག །དེས་སྨྲས་པ། ལྷ་འདི་

ནི་རྒྱལ་པོའི་བུ་མོ་མ་ལགས་ཏེ། འདི་ནི་ཟངས་གླིང་ནས་མཆིས་པའི་སྲིན་མོ་ལགས་སོ། །རྒྱལ་པོས་སྨྲས་པ། དེད་དཔོན་བུད་མེད་ལྟ་ཞིག་ཐམས་ཅད་ཀྱང་སྲིན་མོ་ཡིན་གྱིས་འདི་ལ་བཟོད་པ་གྱིས་ཤིག །འོན་ཏེ་ཁྱོད་མི་འདོད་ན་ནི་ང་ལ་བྱིན་ཅིག །དེས་སྨྲས་པ། ལྷ་འདི་

ནི་སྲིན་མོ་ལགས་པས་བདག་མི་དབུལ་མི་ཟློག་གོ། །རྒྱལ་པོས་དེ་བཙུན་མོའི་འཁོར་གྱི་ནང་དུ་བཅུག་ནས་དེས་རྒྱལ་པོ་དབང་དུ་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་དེས་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་གཉིད་ལོག་པར་བྱས་ནས་ཟངས་གླིང་དུ་སྲིན་མོ་དེ་དག་

གི་ནང་དུ་སོང་སྟེ་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ལ་དེད་དཔོན་སིང་ག་ལས་ཅི་བྱ། ཁོ་མོས་རྒྱལ་པོ་སེང་གེ་རལ་པ་ཅན་བཙུན་མོའི་འཁོར་དང་བཅས་པ་གཉིད་ལོག་པར་བྱས་ཀྱིས་ཚུར་ཤེག་དེ་བཟའ་བར་བྱའོ། །དེ་དག་གིས་རྐང་ལག་དང་མིག་བསྒྱུར་ཏེ་བདག་ཉིད་འཇིགས་པ་

དང་། འཇིགས་སུ་རུང་བ་ཆེན་མོར་མངོན་པར་སྤྲུལ་ནས་མཚན་མོ་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུར་ལྷགས་ཏེ། དེ་དག་གིས་རྒྱལ་པོ་སེང་གེ་རལ་པ་ཅན་འཁོར་དང་བཅས་པ་ཟོས་སོ། །མཚན་མོ་ནམ་ནངས་པ་ན་རྒྱལ་པོའི་ཕོ་བྲང་གི་སྒོ་འབྱེད་པ་མེད་དེ། མ་ཕྱེད་པ་ན་རྒྱལ་

པོའི་ཕོ་བྲང་གི་སྟེང་ནས་མི་རོ་ཟ་བའི་བྱ་མང་པོ་དག་རྒྱུ་བར་བརྩམས་སོ། །བློན་པོ་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དག་ཀྱང་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྡོད་དོ། །རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུ་ཀུན་དུ་སྒྲ་འདི་སྐད་ཅེས་རྒྱལ་པོའི་ཕོ་བྲང་གི་སྒོ་

Vol. 8 · folio 185b

འབྱེད་པ་མེད་དེ། མ་ཕྱེད་པ་ན་རྒྱལ་པོའི་ཕོ་བྲང་གི་སྟེང་ནས་མི་རོ་ཟ་བའི་བྱ་མང་པོ་དག་རྒྱུ་ཞིང་བློན་པོ་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དག་ཀྱང་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྡོད་ཅིང་འཁོད་དོ་ཞེས་བྱ་བ་དེ་ལྟ་བུ་གྲགས་པར་གྱུར་ཏོ། །དེད་དཔོན་

སིང་ག་ལས་དེ་ཐོས་ནས་དེ་མྱུར་བ་མྱུར་བ་ཁོ་ནར་རལ་གྲི་མཆན་དུ་བཅུག་སྟེ་སོང་ནས་སྨྲས་པ། ཤེས་ལྡན་དག་སྲིན་མོ་དེས་རྒྱལ་པོ་ཟོས་ཀྱིས་ཐབས་སོམས་ཤིག །བློན་པོ་རྣམས་ཀྱིས་སྨྲས་པ། འདི་ལ་ཇི་ལྟར་བསྒྲུབ་པར་བྱ། ཡ་གད་འོན་ཅིག་དང་འཛེགས་ཏེ་བལྟ་བར་

བྱའོ། །དེ་དག་གིས་ཁྱེར་ཏེ་འོངས་པ་དང་། དེད་དཔོན་སིང་ག་ལ་རལ་གྲི་ཐོགས་ཏེ་འཛེགས་ནས་དེས་དེ་དག་བསྡིགས་པ་དང་། སྲིན་མོ་དེ་དག་ཁ་ཅིག་ནི་མིའི་རྐང་ལག་དག་ཐོགས་ཏེ་བྱེར། ཁ་ཅིག་ནི་མགོ་དག་ཐོགས་ཏེ་བྱེར་རོ། །དེ་ནས་དེད་དཔོན་སིང་ག་ལས་རྒྱལ་པོའི་

ཕོ་བྲང་གི་སྒོ་དག་ཕྱེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་ཕོ་བྲང་བྱི་དོར་བྱས་ནས། ཕོ་བྲང་འཁོར་གྱི་མི་དང་། བློན་པོ་དང་། ཡུལ་མི་དག་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་སྲིན་མོས་ཟོས་ཏེ་གཞོན་ནུ་ཡང་མེད་ན་སུ་ཞིག་རྒྱལ་པོར་

དབང་བསྐུར་བར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། གང་སྙིང་སྟོབས་ཅན་ཤེས་རབ་དང་ལྡན་པའོ། །ཁ་ཅིག་གིས་སྨྲས་པ། དེད་དཔོན་སིང་ག་ལ་ལས་སྙིང་སྟོབས་ཅན་ཤེས་རབ་དང་ལྡན་པ་སུ་ཞིག་ཡོད་ཀྱི་དེད་དཔོན་སིང་ག་ལ་རྒྱལ་པོར་དབང་བསྐུར་བར་བྱའོ། །དེ་ལྟར་བྱའོ། །

ཞེས་དེ་དག་གིས་དེད་དཔོན་སིང་ག་ལ་ལ་སྨྲས་པ། དེད་དཔོན་རྒྱལ་སྲིད་ལོང་ཤིག །དེས་སྨྲས་པ། ཁོ་བོ་ནི་ཚོང་པའི་ཐ་སྙད་ཀྱིས་འཚོ་བ་ཡིན་པས་ཁོ་བོ་ལ་རྒྱལ་སྲིད་ཀྱིས་ཅི་བྱ། དེ་དག་གིས་སྨྲས་པ། དེད་དཔོན་གཞན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་མི་ནུས་ཀྱིས་ལོང་ཤིག །

དེས་སྨྲས་པ། དམ་ཚིག་གིས་བླང་བར་བྱ་སྟེ། གལ་ཏེ་ཁྱེད་ཅག་ཁོ་བོའི་ཚིག་བཞིན་བྱེད་ནའོ། །དེ་དག་གིས་སྨྲས་པ། བྱེད་ཀྱིས་ལོང་ཤིག །མ་ཉེས་སོ། །དེ་དག་གིས་གྲོང་ཁྱེར་མཛེས་པར་བྱས་ནས་དེད་དཔོན་སིང་ག་ལ་བཀུར་སྟི་ཆེན་པོས་རྒྱལ་སྲིད་ལ་

Vol. 8 · folio 186a

དབང་བསྐུར་ཏོ། །རྒྱལ་པོ་སིང་ག་ལས་ཡུལ་ཐ་དད་པ་ན་གནས་པའི་རིག་སྔགས་སྨྲ་བ་དག་བོས་ཏེ་རིག་སྔགས་རྒྱ་ཆེར་སློབ་ཏུ་བཅུག་གོ། །དེ་བཞིན་དུ་ཡུལ་ཐ་དད་པ་ན་གནས་པའི་འཕོང་གི་སློབ་དཔོན་དག་ཀྱང་བོས་ཏེ་རྒྱ་ཆེར་འཕོང་སློབ་ཏུ་བཅུག་

ནས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག །སྲིན་མོ་དེ་དག་ཟངས་གླིང་ནས་སྐྲོད་དུ་འདོང་ངོ་། །བློན་པོ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་རྒྱལ་པོ་སིང་ག་ལས་དཔུང་གི་ཚོགས་ཡན་ལག་

བཞི་པ་གླང་པོ་ཆེ་བའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གྲུར་བཙུད་དེ་ཟངས་གླིང་དུ་འཕགས་སོ། །མཐར་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། སྲིན་མོ་དེ་དག་གི་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་

བར་བརྩམས་ནས་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཕུ་ནུ་མོ་དག་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོས་པ་ལས་ན་འཛམ་བུའི་གླིང་པའི་མི་གཡུལ་འགྱེད་པར་འདོད་པ་དག་ལྷགས་གོར་མ་ཆག་གིས་བལྟའོ་ཞེས་དེ་དག་རྒྱ་མཚོའི་འགྲམ་དུ་དོང་བ་དང་།

ཇི་ཙམ་ན་གྲུ་བོ་ཆེ་བ་དུ་མ་དག་རྒྱ་མཚོའི་འགྲམ་དུ་ཕྱིན་པ་མཐོང་ངོ་། །མཐོང་ནས་སྲིན་མོ་དེ་དག་གིས་ཀྱང་གཡུལ་བཤམས་པ་དང་། དེ་ནས་རིག་སྔགས་སྨྲ་བ་དག་གིས་རིག་སྔགས་དག་གིས་ཕབ་ནས་འཕོང་གི་སློབ་དཔོན་དག་གིས་ཕལ་ཆེར་བསད་དོ། །ལྷག་མ་རྣམས་

ཀྱིས་རྒྱལ་པོ་སིང་ག་ལའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་བཟོད་པར་གསོལ། དེས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ཁྱེད་ཅག་གི་གྲོང་ཁྱེར་འདི་ཕྱུང་སྟེ། གཞན་དུ་འདོང་ཞིང་ངའི་ཡུལ་དུ་གནོད་པ་འགའ་ཡང་མི་བྱེད་ན་བཟོད་དོ། །དེ་

དག་གིས་སྨྲས་པ། དེ་ལྟར་བགྱིའོ། །མ་ཉེས་སོ། །དེ་དག་གིས་གྲོང་ཁྱེར་དེ་དག་ཕྱུང་ནས་གཞན་དུ་དོང་སྟེ་འཁོད་དོ། །རྒྱལ་པོ་སིང་ག་ལས་ཀྱང་དེར་གྲོང་ཁྱེར་བརྩིགས་ནས་རྒྱལ་པོ་སིང་ག་ལས་གནས་བཅས་པས་སིང་ག་ལའི་གླིང་སིང་ག་ལའི་གླིང་ཞེས་བྱ་བའི་མིང་དུ་

Vol. 8 · folio 186b

གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་དེད་དཔོན་སིང་ག་ལ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་སེང་གེ་རལ་པ་ཅན་གང་ཡིན་པ་དེ་ནི་རྒན་ཞུགས་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་སྲིན་མོ་གང་ཡིན་པ་དེ་ནི་དཔེ་མེད་མ་འདི་ཡིན་ཏེ། དེའི་ཚེ་ཡང་དཔེ་མེད་

མ་འདིས་འདི་བཙུན་མོའི་འཁོར་དང་བཅས་པ་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་ལ། ད་ལྟར་ཡང་འདིས་འདི་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་སོ། །ཀུན་དུ་རྒྱུ་མ་དུས་དཔེ་མེད་མ་ཁྲིད་དེ་ཀཽ་ཤཱམྦཱིར་འོངས་ནས་སྐྱེད་མོས་ཚལ་ཞིག་ན་འདུག་གོ། །སྐྱེད་མོས་ཚལ་

སྲུང་བའི་མིས་རྒྱལ་པོ་ཤར་པ་ལ་སྦྲན་པ། ལྷ་བུད་མེད་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་སྐྱེད་མོས་ཚལ་ན་མཆིས་ཏེ། དེ་ནི་ལྷ་ལ་འོས་པ་ལགས་སོ། །རྒྱལ་པོས་ཐོས་ནས་སྐྱེད་མོས་ཚལ་དུ་སོང་བ་དང་དེས་མཐོང་ངོ་། །བུད་མེད་ཀྱི་ཡུལ་ནི་དབང་

པོ་རྣམས་འཕྲོག་པ་ཡིན་པས་མཐོང་མ་ཐག་ཏུ་ཆགས་པར་གྱུར་ནས། དེས་ཀུན་དུ་རྒྱུ་མ་དུ་ལ་སྨྲས་པ། མ་དུ་འདི་སུའི་བུ་མོ་ཡིན། ལྷ་བདག་གི་བུ་མོ་ལགས་སོ། །སུ་ལ་བྱིན། ལྷ་སུ་ཡང་མ་སྩལ་ཏོ། །ང་ལ་ཅིའི་ཕྱིར་མི་སྦྱིན། ལྷ་གསོལ་ལོ། །རྒྱལ་པོས་བག་

མར་བླངས་ཏེ། བཙུན་མོའི་འཁོར་གྱི་ནང་དུ་བཅུག་ནས་དེ་ལ་ཁང་བཟངས་མེ་ཏོག་གི་སོའི་ཕྱེད་ཀྱང་བྱིན། བསྙེན་བཀུར་མ་ལྔ་བརྒྱ་ཡང་བྱིན། ཉི་མ་རེ་རེ་ཞིང་དྲི་དང་། ཕྲེང་བ་རྒྱུའི་རིན་ཀཱརྵཱ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་ཡང་བྱིན་ནོ། །ཀུན་དུ་རྒྱུ་མ་དུ་ཡང་བློན་པོའི་མཆོག་ཏུ་བཅུག་གོ། །

དེའི་ཚེ་ན་བད་སའི་རྒྱལ་པོ་ཤར་པ་ལ་བློན་པོའི་མཆོག་གསུམ་ཡོད་དེ། སྦྱོར་བ་འཛིན་དང་། གདངས་ཅན་དང་། མ་དུའོ། །ཇི་ཙམ་དུས་གཞན་ཞིག་ན་བད་སའི་རྒྱལ་པོ་ཤར་པའི་གན་དུ་མི་ཞིག་འོངས་ནས་རྒྱལ་པོས་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ལྷ་བདག་སྙན་

སྨྲ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སྙན་སྨྲ་ལ་འཚོ་བ་བྱིན་ཅིག །དེ་དག་གིས་དེ་ལ་འཚོ་བ་བྱིན་ནོ། །ཇི་ཙམ་ན་ཡང་རྒྱལ་པོའི་གན་དུ་མི་ཞིག་འོངས་ནས་རྒྱལ་པོས་དེ་ལ་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ལྷ་བདག་མི་སྙན་

Vol. 8 · folio 187a

སྨྲ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་མི་སྙན་སྨྲ་ལ་འཚོ་བ་བྱིན་ཅིག །དེ་དག་གིས་སྨྲས་པ། ལྷ་གལ་ཏེ་ན་ལྷས་མི་སྙན་པ་གསན་པར་འགྱུར་ཡང་གདའ་བས་འདི་ལ་འཚོ་བ་མི་སྩལ་ཏོ། །རྒྱལ་པོས་སྨྲས་པ།

ཤེས་ལྡན་དག་རྒྱལ་པོའི་བྱ་བ་དག་ནི་རྒྱ་ཆེས་བྱིན་ཅིག །དེ་དག་གིས་དེ་ལ་ཡང་འཚོ་བ་བྱིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་བད་སའི་རྒྱལ་པོ་ཤར་པ་བཙུན་མོ་སྔོ་བསངས་ཅན་དང་། དཔེ་མེད་མ་དང་ལྷན་ཅིག་འདུག་པ་ན་དེ་ན་རྒྱལ་པོ་སྦྲིད་པ་བྱུང་བ་དང་། སྔོ་བསངས་ཅན་

གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། དཔེ་མེད་མས་ལྷ་ལ་ཕྱག་འཚལ་ལོ་ཞེས་བྱས་ཏེ་སྨྲས་པ། ལྷ་སྔོ་བསངས་ཅན་ལྷའི་འཚལ་མ་འཚལ་ཞིང་དགེ་སྦྱོང་གཽ་ཏ་མ་ལ་ཕྱག་འཚལ་བ་ལ་གཟིགས། རྒྱལ་པོས་སྨྲས་པ། དཔེ་མེད་མ་འདི་ལ་ཉེས་པ་

མེད་དེ། སྔོ་བསངས་ཅན་དགེ་བསྙེན་མ་ཡིན་པས་ལོས་ཀྱང་དགེ་སྦྱོང་གཽ་ཏ་མ་ལ་ཕྱག་འཚལ་མོད། དེ་ཅང་མི་སྨྲ་བར་འདུག་གོ། །དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་གང་གི་ཚེ་ལྷ་སྔོ་བསངས་ཅན་དང་། ཁོ་མོ་དང་ལྷན་ཅིག་དབེན་པ་ན་བཞུགས་པ་དེའི་ཚེ་

ན་ཁྱོད་ཀྱིས་ཐེམ་སྐས་ནས་ཁར་ཕོར་རྦབ་ཏུ་ཐོང་ཤིག །དེས་ཇོ་མོ་བཀའ་བཞིན་འཚལ་ཞེས་གང་གི་ཚེ་དེ་དག་ལྷན་ཅིག་འདུག་པ་དེའི་ཚེ་ན་ཐེམ་སྐས་ནས་ཁར་ཕོར་རྦབ་ཏུ་བཏང་བ་ན། སྔོ་བསངས་ཅན་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། དཔེ་མེད་མས་

ལྷ་ལ་ཕྱག་འཚལ་ལོ་ཞེས་བྱས་ཏེ་སྨྲས་པ། ལྷ་སྔོ་བསངས་ཅན་ལྷའི་འཚལ་མ་འཚལ་ཞིང་དགེ་སྦྱོང་གཽ་ཏ་མ་ལ་ཕྱག་འཚལ་བ་ལ་གཟིགས། རྒྱལ་པོས་སྨྲས་པ། དཔེ་མེད་མ་ཐོང་ཤིག །ཉེས་རྩོམ་མ་བྱེད་ཅིག །འདི་ལ་ཉེས་པ་མེད་དེ། སྔོ་བསངས་ཅན་དགེ་བསྙེན་

མ་ཡིན་པས་ལོས་ཀྱང་དགེ་སྦྱོང་གཽ་ཏ་མ་ལ་ཕྱག་འཚལ། དེ་ཅང་མི་སྨྲ་བར་འདུག་གོ། །རྒྱལ་པོ་ཤར་པ་ཉི་མ་གཅིག་ནི་སྔོ་བསངས་ཅན་གྱི་གན་དུ་ཟན་ཟ་ལ། ཉི་མ་གཉིས་པ་ལ་ནི་དཔེ་མེད་མའི་གན་དུ་ཟན་ཟའོ། །དཔེ་མེད་མས་བྱ་པ་ལ་བསྒོ་བ། གང་གི་ཉིན་མོ་ལྷ་སྔོ་

Vol. 8 · folio 187b

བསངས་ཅན་གྱི་གན་དུ་བཤོས་གསོལ་བའི་རེས་བབ་པ་དེའི་ཉིན་མོ་གོང་མ་སྲེག་གསོན་པོ་དབུལ་བར་བྱའོ། །བྱ་པས་གང་གི་ཉིན་མོ་རྒྱལ་པོ་སྔོ་བསངས་ཅན་གྱི་གན་དུ་ཟན་ཟ་བ་དེའི་ཉིན་མོ་རྒྱལ་པོ་ལ་གོང་མ་སྲེག་གསོན་པོ་ཕུལ་བ་དང་། རྒྱལ་པོས་སྨྲས་པ། དཔེ་མེད་མ་ལ་

གཏོད་ཅིག །དཔེ་མེད་མས་ཐོས་ནས་དེས་སྨྲས་པ། ལྷ་བདག་གི་རེས་མ་ལགས་ཏེ། སྔོ་བསངས་ཅན་གྱི་རེས་ལགས་སོ། །རྒྱལ་པོས་སྨྲས་པ། ཀྭའི་བྱ་པ་སོང་ལ་སྔོ་བསངས་ཅན་ལ་གཏོད་ཅིག །དེས་སྔོ་བསངས་ཅན་ལ་ཕུལ་ཏེ་སྨྲས་པ། ལྷའི་དོན་དུ་གཡོས་མཛོད་

ཅིག །དེས་སྨྲས་པ། ཅི་ཁོ་མོ་བྱ་པ་མོའམ། ཁོ་མོ་སྲོག་གཅོད་པར་མི་བྱེད་ཀྱིས་སོང་ཤིག །དེས་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷ་སྔོ་བསངས་ཅན་གྱི་མཆིད་ནས། ཅི་ཁོ་མོ་བྱ་པ་མོའམ། ཁོ་མོ་སྲོག་གཅོད་པར་མི་བྱེད་ཀྱིས་སོང་ཞིག་ཅེས་མཆིའོ། །དཔེ་མེད་མས་ཐོས་

ནས་སྨྲས་པ། ལྷ་གལ་ཏེ་དེ་ལ་དགེ་སྦྱོང་གཽ་ཏ་མའི་སླད་དུ་གཡོས་གྱིས་ཤིག་ཅེས་བགྱིས་ན་ནི་ད་ཙམ་འཁོར་དང་བཅས་ཏེ་གཡོས་བགྱིད་པར་འགྱུར་རོ། །རྒྱལ་པོས་བསམས་པ། དེ་ལྟར་འགྱུར་བ་སྙམ་ཞེས་དེས་མི་དེ་ལ་སྨྲས་པ། ཀྭའི་བྱ་པ་སོང་ལ་འདི་སྐད་ཅེས་བཅོམ་ལྡན་

འདས་ཀྱི་ཕྱིར་གཡོས་གྱིས་ཤིག་ཅེས་བྱོས་ཤིག །དེ་འཕགས་པ་དང་། དཔེ་མེད་མས་ལྐོག་ཏུ་སོད་ལ་ཕུལ་ཅིག་ཅེས་བསྒོ་ནས། དེས་བསད་དེ་སྔོ་བསངས་ཅན་ལ་ཕུལ་ནས་སྨྲས་པ། ལྷའི་ཞལ་ནས་བཅོམ་ལྡན་འདས་ཀྱི་ཕྱིར་གཡོས་གྱིས་ཤིག་ཅེས་བྱུང་ངོ་། །སྔོ་བསངས་

ཅན་འཁོར་དང་བཅས་པས་གཡོས་བྱ་བར་བརྩམས་སོ། །བྱ་པས་སོང་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ་སྔོ་བསངས་ཅན་འཁོར་དང་བཅས་པས་གཡོས་བགྱི་བར་བརྩམས་སོ། །དཔེ་མེད་མས་སྨྲས་པ། ལྷས་གསན་ཏམ། གལ་ཏེ་སྲོག་གཅོད་པར་མི་བགྱིད་ན་ནི་དགེ་སྦྱོང་གཽ་ཏ་

མའི་སླད་དུ་ཡང་མི་བགྱིད་ལ། ལྷའི་སླད་དུ་ཡང་མི་བགྱིད་པའི་རིགས་ན། དགེ་སྦྱོང་གཽ་ཏ་མའི་སླད་དུ་ནི་བགྱིད་ལ། ལྷའི་སླད་དུ་ནི་མི་བགྱིད་པ་དེ་ཇི་ལྟ་བུ་ཞིག །རྒྱལ་པོ་ཁྲོས་པར་གྱུར་ནས་གཞུ་བཀང་སྟེ་འཕགས་སོ། །འཇིག་རྟེན་ནི་མཛའ་བཤེས་དང་། དགྲ་བོ་དང་ཐ་

Vol. 8 · folio 188a

མལ་པ་ཡིན་པས་ཁ་ཅིག་གིས་ནི་སྔོ་བསངས་ཅན་ལ་སྨྲས་པ། ལྷ་ཤིན་ཏུ་ཁྲོས་ནས་གཞུ་བཀང་སྟེ་འོང་གིས་ཐབས་སོམས་ཤིག །དེས་རང་གི་འཁོར་ལ་སྨྲས་པ། ནུ་མོ་དག་ཁྱེད་ཅག་ཐམས་ཅད་བྱམས་པ་ལ་སྙོམས་པར་ཞུགས་ཤིག །དེ་དག་ཐམས་ཅད་

བྱམས་པ་ལ་སྙོམས་པར་ཞུགས་སོ། །རྒྱལ་པོས་གཞུ་རྣ་དྲུང་དུ་ཐུག་པར་བཀང་སྟེ་མདའ་འཕངས་པ་དང་། དེ་ལམ་ཕྱེད་དུ་ལྟུང་ངོ་། །མདའ་གཉིས་པ་འཕངས་པ་དང་། དེ་ཕྱིར་ལོག་སྟེ་རྒྱལ་པོའི་དྲུང་དུ་ལྟུང་ངོ་། །མདའ་གསུམ་པ་འཕང་བར་བརྩམས་པ་དང་། སྔོ་བསངས་

ཅན་གྱིས་སྨྲས་པ། ལྷ་མ་འཕེན་ཅིག །ཁྱོད་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པར་འགྱུར་བ་མ་མཛད་ཅིག །རྒྱལ་པོ་སྐྲག་སྟེ་སྨྲས་པ། ཁྱོད་ལྷ་མོའམ། ཀླུ་མོའམ། གནོད་སྦྱིན་མོའམ། དྲི་ཟ་མོའམ། ནམ་མཁའ་ལྡིང་མོའམ། མིའམ་ཅི་མོའམ།

ལྟོ་འཕྱེ་ཆེན་མོའམ་སུ་ཡིན། དེས་སྨྲས་པ། ལྷ་བདག་ནི་ལྷ་མོ་ཡང་མ་ལགས། ཀླུ་མོ་ཡང་མ་ལགས། གནོད་སྦྱིན་མོ་ཡང་མ་ལགས། དྲི་ཟ་མོ་ཡང་མ་ལགས། མིའམ་ཅི་ཡང་མ་ལགས། ལྟོ་འཕྱེ་ཆེན་མོ་ཡང་མ་ལགས་སོ། །འོ་ན་ཁྱོད་སུ་ཡིན། ལྷ་

བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་ཕྱིར་མི་འོང་བ་སྟེ། བདག་གིས་བཅོམ་ལྡན་འདས་ཀྱི་དྲུང་ནས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བགྱིས་སོ། །བུད་མེད་ལྔ་བརྒྱ་པོ་འདི་དག་གིས་ཀྱང་བདེན་པ་དག་མཐོང་ངོ་། །རྒྱལ་པོ་མངོན་པར་དད་པར་གྱུར་ནས་སྨྲས་པ། ཁྱོད་

ལ་དམ་པ་ཅི་ཞིག་སྦྱིན་པར་བྱ་བ་སྨྲོས་ཤིག །དེས་སྨྲས་པ། གལ་ཏེ་ལྷ་བདག་ལ་མངོན་པར་དད་ན་གང་གི་ཚེ་ལྷ་བཙུན་མོའི་འཁོར་གྱི་ནང་དུ་གཤེགས་པ་དེའི་ཚེ་ན་བདག་ལ་སྲིང་མོའི་འདུ་ཤེས་ཉེ་བར་ཞོག་ཤིག །རྒྱལ་པོས་སྨྲས་པ། མ་ཉེས་ཀྱིས་དེ་བཞིན་བྱའོ། །རྒྱལ་པོ་དེ་

དཔེ་མེད་མ་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་བྱེད་པ་ཉམས་སུ་མྱོང་བར་བྱེད་དོ། །སྔོ་བསངས་ཅན་ལ་ཆོས་ཀྱི་རྒྱུ་ལས་བྱུང་བའི་དད་པ་སྐྱེད་པར་བྱེད་ཅིང་། དེ་ལ་ལོ་ཏོག་སར་པ་དང་། འབྲས་བུ་སར་པ་དང་། དུས་ཚིགས་སར་པ་པ་གང་དག་

Vol. 8 · folio 188b

འགྲུབ་པ་དེ་དག་ཀྱང་དང་པོ་ཁོ་ནར་སྔོ་བསངས་ཅན་ལ་འབུལ་བར་བྱེད་དོ། །བུད་མེད་ཀྱི་ཡུལ་ནི་ཕྲག་དོག་གི་རང་བཞིན་ཅན་ཡིན་པས་དཔེ་མེད་མས་བསམས་པ། རྒྱལ་པོ་འདི་བདག་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་བྱེད་པ་ཉམས་སུ་མྱོང་བར་

བྱེད་ལ། འདི་ལ་ལོ་ཏོག་སར་པ་དང་། འབྲས་བུ་སར་པ་དང་། དུས་ཚིགས་སར་པ་པ་གང་དག་འགྲུབ་པ་དེ་དག་ནི་དང་པོ་ཁོ་ནར་སྔོ་བསངས་ཅན་ལ་འབུལ་བར་བྱེད་པས་གང་གིས་སྔོ་བསངས་ཅན་འདི་གསད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས། དེ་གསད་

པའི་ཕྱིར་ཀླན་ཀ་ཚོལ་ཞིང་དེ་ལྷུར་ལེན་ཅིང་འདུག་གོ། །ཇི་ཙམ་དུས་གཞན་ཞིག་ན་བད་སའི་རྒྱལ་པོ་ཤར་པའི་རི་བྲགས་པ་ཞིག་ལོག་ནས། དེས་དེར་རུ་གཅིག་བཏང་ན་དེ་བཅོམ་ཞིང་རབ་ཏུ་བཅོམ་སྟེ་འོངས་སོ། །དེ་བཞིན་དུ་རུ་གཉིས་པ་དང་། གསུམ་པ་བཏང་ན་དེ་ཡང་བཅོམ་ཞིང་

རབ་ཏུ་བཅོམ་སྟེ་འོངས་ནས། བློན་པོ་རྣམས་ཀྱིས་སྨྲས་པ། ལྷའི་དཔུང་ནི་ཉམས་ཤིང་རི་བྲགས་པའི་དཔུང་ནི་སྐྱེས་ཏེ། གལ་ཏེ་ལྷ་རང་ཉིད་མ་གཤེགས་ན་དེ་ཕེབས་དཀའ་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ། །དེས་ཀཽ་ཤཱམྦཱིར་དྲིལ་བསྒྲག་པ་

བྱེད་དུ་བཅུག་སྟེ། ངའི་ཡུལ་ན་གང་དག་མཚོན་ཆས་འཚོ་བ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས་འདོང་བར་བྱའོ་ཞེས་བསྒོ་སྟེ་དེ་ནས་འཕགས་སོ། །རྒྱལ་པོས་སྦྱོར་བ་འཛིན་ལ་སྨྲས་པ། ཁྱོད་སྔོ་བསངས་ཅན་ལ་མཁོ་བ་སྟོབས་ཤིང་འདི་ཉིད་ན་འདུག་ཤིག །དེས་སྨྲས་པ།

ལྷ་དེ་ལྟར་མི་རུང་སྟེ། བདག་ཀྱང་ལྷ་ཉིད་དང་ཐབས་ཅིག་མཆིའོ། །རྒྱལ་པོས་གདངས་ཅན་ལ་སྨྲས་པ། ཁྱོད་སྔོ་བསངས་ཅན་ལ་མཁོ་བ་སྟོབས་ཤིང་འདི་ཉིད་ན་འདུག་ཤིག །དེས་ཀྱང་སྨྲས་པ། ལྷ་དེ་ལྟར་མི་རུང་སྟེ། བདག་ཀྱང་ལྷ་ཉིད་དང་ཐབས་ཅིག་མཆིའོ། །རྒྱལ་

པོས་མ་དུ་བཞག་སྟེ་སྨྲས་པ། ཁྱོད་སྔོ་བསངས་ཅན་ལ་མཁོ་བ་སྟོབས་ཤིང་འདི་ཉིད་ན་འདུག་ཤིག་ཅེས་བསྒོ་སྟེ་འཕགས་པ་དང་། དེས་ཀྱང་ཕྱི་བཞིན་སྐྱེལ་བཞིན་དུ་ལྷ་དེ་ལྟར་མི་རུང་སྟེ། བདག་ཀྱང་ལྷ་ཉིད་དང་ཐབས་ཅིག་མཆིའོ་ཞེས་ལན་གསུམ་གྱི་བར་དུ་གསོལ་ཀྱང་

Vol. 8 · folio 189a

རྒྱལ་པོས་མ་གནང་ནས་དེས་ཁས་བླངས་སོ། །མ་དུ་དཔེ་མེད་མའི་གན་དུ་སོང་བ་དང་། དེས་དྲིས་པ། ཡབ་ལྷས་འདིར་སུ་བཞག །བདག་བཞག་གོ། །དེས་བསམས་པ། མ་ཉེས་ཀྱིས་གྲོགས་འདིས་ཁོན་གྱི་ཤ་གླན་པར་ནུས་སོ་སྙམ་དུ་རིག་ནས་སྨྲས་པ།

ཡབ་སྔོ་བསངས་ཅན་བདག་གི་ཅིར་འོང་མཁྱེན་ཏམ། བུ་མོ་འཚལ་ཏེ་ཆེན་མའོ། །ཡབ་བུད་མེད་ཀྱི་ཡུལ་ལ་ཆོས་གང་ཤིན་ཏུ་གནོད་པ་མཁྱེན་ཏམ། བུ་མོ་འཚལ་ཏེ། ཕྲག་དོག་དང་སེར་སྣའོ། །ཡབ་གལ་ཏེ་དེ་ལྟ་ན་སྔོ་བསངས་ཅན་ཁུམ་ཤིག །བུ་མོ་ཅི་བདག་ལ་མགོ་

གཉིས་མཆིས་སམ། རྒྱལ་པོས་ལན་གསུམ་གྱི་བར་དུ་སྔོ་བསངས་ཅན་ལ་མཁོ་བ་སྟོབས་ཤིག་ཅེས་བཀའ་སྩལ་གྱི། ཁྱོད་ཀྱི་མིང་ཡང་མ་སྨོས་སོ། །དེས་སྨྲས་པ། ཡབ་ཁྱོད་འདི་ལྟར་གླེན་ནམ། བུ་མོའི་དོན་དུ་ཕ་ལ་ཅུང་ཟད་འཚོལ་བ་སུ་ཡོད་དེ། རྒྱུ་མེད་པར་ཡང་

དེ་ལ་བྱམས་པར་བྱེད་དོ། །དེའི་ཕྱིར་གལ་ཏེ་ཇེ་དེ་གསོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན་ཁོ་མོས་ཁྱོད་སྔོན་གྱི་གནས་ཉིད་དུ་གཞག་པར་བྱའོ། །དེ་སྐྲག་སྟེ་བསམས་པ། རྒྱལ་པོ་དེ་བུད་མེད་ཀྱི་དབང་དུ་སོང་བ་ཡིན་པས་དེ་ལྟར་འགྱུར་རོ་སྙམ་དུ་རིག་ནས། སྨྲས་པ། བུ་

མོ་གྱི་ན་དེ་བཞིན་དུ་གསད་པར་མི་ནུས་ཏེ། འདི་ལྟར་ཐབས་ཀྱི་རྣམ་པ་ཞིག་བྱའོ། །དེས་སྨྲས་པ། མ་ཉེས་ཀྱིས་དེ་བཞིན་གྱིས་ཤིག །དེས་སྔོ་བསངས་ཅན་ལ་སྨྲས་པ། ལྷ་མོ་ཅི་བགྱི་བཀའ་སྩོལ་ཅིག །དེས་སྨྲས་པ། མ་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། འདི་ལྟར་བུ་མོ་འདི་

དག་མཚན་མོ་མེ་མར་ལ་སངས་རྒྱས་ཀྱི་བཀའ་ཀློག་པས་དེར་གྲོ་བ་དང་། འབྲུ་མར་དང་། སྣག་ཚ་དང་། སྨྱུ་གུ་དང་ཤིང་བལ་དགོས་སོ། །དེས་སྨྲས་པ། ལྷ་མོ་མ་ནོངས་ཀྱིས་སྦྱོར་དུ་སྩལ་ཏོ་ཞེས་དེས་མང་པོ་སྦྱོར་དུ་བཅུག་སྟེ་ནང་དུ་བསྐྱས་ནས་སྒོ་ཁང་དུ་ཕུང་པོར་བཅེར་ཏེ་བཞག་

གོ། །སྔོ་བསངས་ཅན་གྱིས་སྨྲས་པ་མ་དུ་ཆོག་གིས་ཐོང་ཤིག་མ་དུས་སྨྲས་པ། ལྷ་མོ་འཇུག་སྩལ་ཏེ་སླན་ཆད་ཡང་དང་ཡང་དུ་འཇུག་ཏུ་མི་སྩལ་བར་བགྱིའོ་ཞེས་དེའི་འཇུག་ཏུ་བཅུག་ནས་གྲོ་བའི་ཁུར་ཕྱི་མར་མེ་བཅུག་སྟེ་འཇུག་ཏུ་བཅུག་པ་དང་། མེ་འབར་བ་དེས་སྒོ་ཁང་ལ་

Vol. 8 · folio 189b

མཆེད་ནས་ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་གསོད་དུ་བརྒྱུགས་པ་དང་། མ་དུས་རལ་གྲི་ཤུབས་ནས་ཕྱུང་སྟེ། ཁྱེད་ཅག་ཅིའི་ཕྱིར་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་དུ་འཇུག་པར་འདོད། སྡོད་ཅིག་ཅེས་སྐྱེ་བོའི་ཚོགས་ཕྱིར་བཟློག་པར་བརྩམས་སོ། །འཁྲུལ་

འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་གྱིས་སྨྲས་པ། ཁོ་བོས་སྒོ་ཁང་མེ་མཆེད་པ་འདི་འཁྲུལ་འཁོར་གྱིས་གནས་གཞན་དུ་སྤོ་བར་བྱའོ། །མ་དུས་དེ་ཡང་དེ་བཞིན་དུ་ཕྱིར་བཟློག་གོ། །སྔོ་བསངས་ཅན་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གྱེན་དུ་འཕགས་ཏེ་སྨྲས་པ། ནུ་མོ་དག་བདག་

ཅག་གིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་བདག་ཅག་གིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། བཅོམ་ལྡན་

འདས་ཀྱིས་ཀྱང་། བར་སྣང་རྒྱ་མཚོའི་ནང་དང་ནི། །རི་ཡི་སུལ་དུ་ཞུགས་གྱུར་ཏམ། །གང་དུ་གནས་ན་ལས་རྣམས་ཀྱིས། །མི་ཚུགས་འགྱུར་བའི་ས་ཕྱོགས་མེད། །ཅེས་གསུངས་པས་བདག་ཅག་ལ་ལས་དེ་གཞོལ་བར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་པ་སྨྲས་

པ། བདག་གིས་རྩིག་ངོས་སྐར་ཁུང་ནས། །བཅོམ་ལྡན་འདས་ནི་མཐོང་འགྱུར་ཏེ། །སངས་རྒྱས་ཀྱི་ནི་བསྟན་པ་ལ། །བདེན་པ་དག་ནི་ཀུན་ཤེས་བྱས། །དེ་དག་ཕྱེ་མ་ལེབ་བཞིན་དུ་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྷུང་བར་གྱུར་ཏོ། །དེ་ན་སྔོ་བསངས་ཅན་ལ་སོགས་

པ་བུད་མེད་ལྔ་བརྒྱ་ནི་ཚིག་གོ། །སྒུར་མཆོག་ནི་ཆུའི་སྟོར་ཁུང་ནས་བྲོས་སོ། །མ་དུས་བུད་མེད་ལྔ་བརྒྱ་པོ་དེ་དག་གི་རོ་དུར་ཁྲོད་དུ་བོར་ནས་རྒྱལ་པོའི་ཕོ་བྲང་ནང་དང་ཕྱི་རོལ་དང་བཅས་པའི་བྱི་དོར་བྱས་ཏེ། ཀཽ་ཤཱམྦཱི་ན་གནས་པ་དང་། ཡུལ་ཐ་དད་པ་ནས་ལྷགས་པའི་སྐྱེ་བོའི་

ཚོགས་དུ་བ་དག་བཟློག་གོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཀཽ་ཤཱམྦཱིར་བསོད་སྙོམས་ལ་ཞུགས་པ་དང་། དགེ་སློང་རབ་ཏུ་མང་པོ་དག་ཀཽ་ཤཱམྦཱིར་བསོད་སྙོམས་ལ་རྒྱུ་བས། བད་སའི་རྒྱལ་པོ་

Vol. 8 · folio 190a

ཤར་པ་ལྗོངས་སུ་སོང་བའི་བཙུན་མོའི་འཁོར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཙམ་མེས་ཚིག་ཅེས་ཐོས་སོ། །ཐོས་ནས་ཀྱང་ཀཽ་ཤཱམྦཱིར་བསོད་སྙོམས་བརྒྱུས་ནས། ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་

ལོངས་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་

དགེ་སློང་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་འཚལ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཀཽ་ཤཱམྦཱིར་བསོད་སྙོམས་ལ་ཞུགས་པ་ན། བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་ཀཽ་ཤཱམྦཱིར་བསོད་

སྙོམས་ལ་རྒྱུ་བ་དག་གིས་བད་སའི་རྒྱལ་པོ་ཤར་པ་ལྗོངས་སུ་མཆིས་པའི་མཆིས་འབྲང་གི་འཁོར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཙམ་ཞུགས་ཀྱིས་དྲལ་ཅེས་ཐོས་སོ། །དགེ་སློང་དག་གང་གིས་བད་སའི་རྒྱལ་པོ་ཤར་པ་ལྗོངས་སུ་སོང་བའི་བཙུན་མོའི་འཁོར་སྔོ་བསངས་

ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཙམ་མེས་བསྲེགས་པའི་མི་གཏི་མུག་ཅན་དེས་བསོད་ནམས་མ་ཡིན་པ་མང་པོ་བསྐྱེད་དོ། །དགེ་སློང་དག་འདི་ལྟར་མི་གཏི་མུག་ཅན་དེས་བསོད་ནམས་མ་ཡིན་པ་མང་པོ་བསྐྱེད་མོད་ཀྱི། བུད་མེད་དེ་དག་ནི་འབྲས་བུ་མེད་པར་དུས་ལ་བབ་པ་མ་ཡིན་

ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་གིས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་རྫུས་ཏེ་སྐྱེ་ཞིང་། དེར་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་ཡང་འཇིག་རྟེན་འདིར་ཕྱིར་མི་ལྡོག་པའི་ཆོས་ཅན་དེ་ལྟ་བུའི་བུད་མེད་དག་བཙུན་མོའི་

འཁོར་དེ་ན་ཡོད་པ་དང་། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་གིས་ཀུན་དུ་སྦྱོར་བ་གསུམ་སྤངས་པས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་སྲབས་པའི་ཕྱིར་ལན་གཅིག་ཕྱིར་འོང་བ་ལན་གཅིག་འཇིག་རྟེན་འདིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེ་ལྟ་བུའི་བུད་

Vol. 8 · folio 190b

མེད་དག་ཀྱང་བཙུན་མོའི་འཁོར་དེ་ན་ཡོད་པ་དང་། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་གིས་ཀུན་དུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པ་ལོག་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་བ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ལན་བདུན་ལྷ་

དང་མི་རྣམས་སུ་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེ་ལྟ་བུའི་བུད་མེད་དག་ཀྱང་བཙུན་མོའི་འཁོར་དེ་ན་ཡོད་པ་དང་། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་རང་གི་སྲོག་གི་ཕྱིར་ཡང་བསླབ་པ་དག་ལས་འདའ་བར་མི་བྱེད་པ་དེ་ལྟ་བུའི་བུད་མེད་དག་ཀྱང་

བཙུན་མོའི་འཁོར་དེ་ན་ཡོད་པ་དང་། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་ང་ལ་སེམས་དད་པས་དུས་བྱས་ཤིང་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དེ་ལྟ་བུའི་བུད་མེད་དག་ཀྱང་བཙུན་མོའི་འཁོར་དེ་ན་ཡོད་པའི་ཕྱིར་རོ། །དགེ་སློང་དག་ཚུར་ཤེག་

སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་པོ་དག་གི་རོ་ག་ལ་བ་དེར་འདོང་ངོ་། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་རབ་ཏུ་མང་པོ་དག་དང་ཐབས་ཅིག་བུད་མེད་ལྔ་བརྒྱ་པོ་དེ་

དག་གི་རོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་ལྔ་བརྒྱའི་རོ་འདི་དག་ནི་གང་ལ་བད་སའི་རྒྱལ་པོ་ཤར་པ་ཆགས་པ་དང་། ཞེན་པ་དང་། འཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་

ཆགས་པ་དང་། ལྷག་པར་ཆགས་ཤིང་འདུག་པ་དག་ཡིན་ན། ད་ནི་འདི་དག་ལ་རྐང་པ་དག་གིས་རེག་པར་ཡང་སུ་ཞིག་བྱེད། ཚིགས་སུ་བཅད་པ་ཡང་བཀའ་སྩལ་པ། འཇིག་རྟེན་སྙིང་པོ་མེད་བྲེལ་ལ། །སྐལ་ལྡན་སུ་ཞིག་ལྟ་བར་བྱེད། །བྱིས་པ་ཉོན་མོངས་

བཅིངས་གྱུར་ཅིང་། །མུན་པ་ཡོངས་སུ་བསྐོར་བ་དག །དམ་པ་མིན་ལ་དམ་པར་ལྟ། །མཐོང་བ་རྣམས་ལ་ཅི་ཡང་མེད། །དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། ཀ་བ་ཚིག་པ་གང་ཡིན་པ་ལ་ཡང་སེམས་རབ་ཏུ་སྡང་བར་མི་བྱ་ན། རྣམ་

Vol. 8 · folio 191a

པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཀཽ་ཤཱམྦཱི་ན་གནས་པ་དང་། ཕོ་བྲང་འཁོར་གྱི་མི་དག་འདུས་ཏེ་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་རྒྱལ་པོ་ལ་གནོད་པ་འདི་ལྟ་བུ་བྱུང་

ན་དེ་བདག་ཅག་ལས་གང་གིས་རྒྱལ་པོ་ལ་བརྗོད་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། མི་སྙན་སྨྲ་གང་ཡིན་པ་དེ་རྗོད་དུ་གཞུག་གིས་དེ་བོད་དོ། །གཞན་དག་གིས་སྨྲས་པ། མ་ཉེས་ཀྱིས་དེ་ལྟར་བྱའོ་ཞེས་དེ་དག་གིས་དེ་བོས་ཏེ་སྨྲས་པ། ལྷ་ལ་མི་སྙན་པ་འདི་གོ་རིམས་

བཞིན་དུ་གསོལ་ཅིག །དེས་སྨྲས་པ། དེའི་ཚེ་ཁྱེད་ཅག་ན་རེ་ཅིའི་ཕྱིར་མི་སྙན་སྨྲ་ལ་འཚོ་བ་སྦྱིན་པར་བྱ་ཞེས་ཟེར་ན། ད་དེའི་དུས་འདི་ཡིན་གྱིས་ཁྱེད་ཅག་ཉིད་ཀྱིས་གསོལ་ཅིག །དེ་དག་གིས་སྨྲས་པ། དེའི་དོན་ཉིད་དུ་ཁྱོད་ལ་འཚོ་བ་བྱིན་པ་ཡིན་ན་གཞན་སུ་ཞིག་གསོལ་བར་བྱེད།

ཁྱོད་ཀྱིས་གསོལ་ཅིག །དེས་སྨྲས་པ། དམ་ཚིག་གིས་གསོལ་བར་བྱ་སྟེ། ཁོ་བོ་ཅི་ཟེར་བ་དེ་བཞིན་གྱིས་ཤིག་དང་གསོལ་བར་བྱའོ། །སྨྲོས་ཤིག་དང་། དེ་བཞིན་བྱའོ། །གོ་རིམས་འདི་ལྟར་གསོལ་བར་བྱ་སྟེ། ཁོ་བོ་ལ་གླང་པོ་ཆེ་ལྔ་བརྒྱ་དང་། བལ་གླང་མོ་ལྔ་

བརྒྱ་དང་། རྟ་ལྔ་བརྒྱ་དང་། རྒོད་མ་ལྔ་བརྒྱ་དང་། གཞོན་ནུ་ལྔ་བརྒྱ་དང་། གཞོན་ནུ་མ་ལྔ་བརྒྱ་དང་། གསེར་འབུམ་དང་། རས་ལ་ཀཽ་ཤཱམྦཱིའི་གནས་དང་། ཁང་བཟངས་མེ་ཏོག་གི་སོ་དང་། ཇི་ལྟར་མ་དུས་གྲོ་བ་དང་། འབྲུ་མར་དང་། སྣག་ཚ་དང་། སྨྱུ་གུ་དང་། ཤིང་བལ་

བསྐྱས་ཤིང་གྲོ་བའི་ཁུར་ཕྱི་མའི་ནང་དུ་མེ་བཅུག་པ་དང་། ཇི་ལྟར་སྒོ་ཁང་ལ་མེ་མཆེད་པ་དང་། ཇི་ལྟར་ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་གསོད་དུ་བརྒྱུགས་པ་ན་མ་དུས་རལ་གྲི་ཤུབས་ནས་ཕྱུང་སྟེ། ཕྱིར་བཟློག་པ་དང་། ཇི་ལྟར་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་

གྱིས་སྒོ་ཁང་ལ་མེ་མཆེད་པ་འཁྲུལ་འཁོར་གྱིས་གནས་གཞན་དུ་སྤོའོ་ཞེས་ཟེར་བ་ན་མ་དུས་དེ་བཞིན་དུ་ཕྱིར་བཟློག་པ་དང་། ཇི་ལྟར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཕྱེ་མ་ལེབ་བཞིན་དུ་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྷུང་བ་དག་རི་མོར་བྲིས་ཏེ་བྱིན་ཅིག །དེ་དག་

Vol. 8 · folio 191b

གིས་སྨྲས་པ། དེ་ལྟར་བྱའོ་ཞེས་དེ་དག་གིས་དེ་ལ་གླང་པོ་ཆེ་ལྔ་བརྒྱ་དང་། བལ་གླང་མོ་ལྔ་བརྒྱ་དང་། རྟ་ལྔ་བརྒྱ་དང་། རྒོད་མ་ལྔ་བརྒྱ་དང་། གཞོན་ནུ་ལྔ་བརྒྱ་དང་། གཞོན་ནུ་མ་ལྔ་བརྒྱ་དང་། གསེར་འབུམ་དང་། རས་ལ་ཀཽ་ཤཱམྦཱིའི་གནས་དང་། ཁང་བཟངས་མེ་ཏོག་གི་

སོ་དང་། ཇི་ལྟར་མ་དུས་གྲོ་བ་དང་། འབྲུ་མར་དང་། སྣག་ཚ་དང་། སྨྱུ་གུ་དང་། ཤིང་བལ་བསྐྱས་ཤིང་གྲོ་བའི་ཁུར་ཕྱི་མའི་ནང་དུ་མེ་བཅུག་པ་དང་། ཇི་ལྟར་སྒོ་ཁང་ལ་མེ་མཆེད་པ་དང་། ཇི་ལྟར་ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་གསོད་དུ་བརྒྱུགས་པ་ན་མ་དུས་རལ་

གྲི་ཤུབས་ནས་ཕྱུང་སྟེ་ཕྱིར་བཟློག་པ་དང་། ཇི་ལྟར་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་གྱིས་སྒོ་ཁང་ལ་མེ་མཆེད་པ་འཁྲུལ་འཁོར་གྱིས་གནས་གཞན་དུ་སྤོའོ་ཞེས་ཟེར་བ་ན་མ་དུས་དེ་བཞིན་དུ་ཕྱིར་བཟློག་པ་དང་། ཇི་ལྟར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཕྱེ་མ་ལེབ་

བཞིན་དུ་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྷུང་བ་དག་རི་མོར་བྲིས་ཏེ་བྱིན་ནོ། །དེ་ནས་མི་སྙན་སྨྲས་བློན་པོ་རྣམས་ལ་ཡི་གེ་སྤྲིང་སྟེ། རྒྱལ་པོ་ལ་གནོད་པ་འདི་ལྟ་བུ་བྱུང་བ་ཁོ་བོས་ཐབས་འདིས་བརྗོད་པར་བྱས། ཁྱེད་ཀྱིས་གྲོགས་གྱིས་ཤིག་ཅེས་བྱས་སོ། །དེས་དེ་དག་ལ་

ཡི་གེ་སྤྲིང་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ་ཕྱོགས་གཞན་ཞིག་ཏུ་སོང་ནས་དེར་བསྡད་དེ། རྒྱལ་པོ་ཤར་པ་ལ་ཕྲིན་ཡིག་འདི་སྐད་ཅེས་ལྷ་བདག་ནི་ཡུལ་ག་གེ་མོ་ཞིག་གི་རྒྱལ་པོ་སྟེ། བདག་གི་བུ་འཆི་བདག་གིས་ཕྲོགས་ནས་དེའི་ཕྱིར་བདག་དེ་དང་ལྷན་ཅིག་གཡུལ་

སྤྲོད་པར་བྱེད་དེ། གལ་ཏེ་རེ་ཞིག་གཡུལ་སྤྲད་པས་དེ་ཕམ་པར་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མ་ནུས་ན་གླང་པོ་ཆེ་ལྔ་བརྒྱ་དང་། བལ་གླང་མོ་ལྔ་བརྒྱ་དང་། རྟ་ལྔ་བརྒྱ་དང་། རྒོད་མ་ལྔ་བརྒྱ་དང་། གཞོན་ནུ་ལྔ་བརྒྱ་དང་། གཞོན་ནུ་མ་ལྔ་བརྒྱ་དང་། གསེར་འབུམ་ཕུལ་ནས་

བུ་བླངས་ཏེ་འོང་ངོ་ཞེས་བྲིས་ཏེ་བསྐུར་རོ། །རྒྱལ་པོ་ཤར་པའི་རི་བྲགས་པ་དེ་དཔུང་དང་ལྡན་པས་མ་ཕེབས་ནས། དེས་བློན་པོ་རྣམས་ལ་སྨྲས་པ་ཤེས་ལྡན་དག་རྒྱལ་པོ་དེ་འདི་ལྟར་བླུན་པ་ལ་ལྟོས། འཆི་བདག་གིས་བུ་ཕྲོགས་པ་ཕྱིར་འཁྲུག་པར་ནུས་པ་འགའ་ཡང་ཡོད་རེ་སྐན།

Vol. 8 · folio 192a

དེ་ནི་མཇལ་གྱིས་དེ་ལ་ཕྲིན་ཡིག་འདི་སྐད་ཅེས་ཁོ་བོའི་རི་བྲགས་པ་ཞིག་ལོག་པ་མ་ཕེབས་ཀྱིས་ཇེ་ཁོ་བོའི་གྲོགས་གྱིས་ཤིག་དང་། ཁོ་བོས་ཀྱང་ཕྱིས་ཁྱོད་ཀྱི་གྲོགས་བྱའོ་ཞེས་བྲིས་ཏེ་སྐུར་ཅིག །བློན་པོ་རྣམས་ཀྱིས་དེ་ལ་ཕྲིན་ཡིག་དེ་སྐད་ཅེས་བྲིས་ཏེ་བསྐུར་བ་

དང་། དེས་ཕྲིན་ཡིག་བཀླགས་ནས་བཀླགས་མ་ཐག་ཏུ་རི་བྲགས་དེར་འོངས་ནས་དེ་ཧ་ཅང་ཐག་མི་རིང་བ་ཞིག་ན་འདུག་པ་དང་། རི་བྲགས་པ་དག་གིས་ཐོས་ནས་བསམས་པ། བདག་ཅག་རྒྱལ་པོ་དག་གིས་ཕྱོགས་བཅུ་དག་ནས་བསྐོར་བར་ཆད་དེ། རྒྱལ་པོ་གཉིས་པ་འདི་

ཡང་ཉེ་བར་འོངས་ཀྱིས་ཡུལ་ནི་རྣམ་པ་ཐམས་ཅད་དུ་ཕྱིར་འཐོབ་པར་ཡང་རུང་གི །སྲོག་ནི་ཕྱིར་འཐོབ་པར་མི་རུང་གིས་ཕྱིར་འབྱུང་ངོ་སྙམ་ནས། དེ་དག་རལ་གྲི་མགུལ་ནས་ཕོག་སྟེ་ཕྱིར་བྱུང་ནས། རྒྱལ་པོ་ཤར་པའི་རྐང་པ་གཉིས་ལ་གཏུགས་པ་དང་། རྒྱལ་པོ་ཤར་

པས་དེ་དག་ལོ་ཐང་དང་། དཔྱ་འཇལ་དུ་བཅུག་གོ། །དེ་ནས་མི་སྙན་སྨྲ་རྒྱལ་པོའི་ཡོ་ལང་གིས་རྒྱལ་པོ་ཤར་པའི་གན་དུ་སོང་སྟེ་སྨྲས་པ། ལྷ་བདག་གི་བུ་འཆི་བདག་གིས་ཕྲོགས་ཏེ་ལྷས་བདག་གི་གྲོགས་གྱིས་ཤིག་དང་། བདག་དེ་དང་ལྷན་ཅིག་གཡུལ་སྤྲོད་པར་བྱེད་

དོ། །གལ་ཏེ་རེ་ཞིག་གཡུལ་སྤྲད་པས་དེ་ཕམ་པར་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མ་ནུས་ན་དེ་ལ་གླང་པོ་ཆེ་ལྔ་བརྒྱ་དང་། བལ་གླང་མོ་ལྔ་བརྒྱ་དང་། རྟ་ལྔ་བརྒྱ་དང་། རྒོད་མ་ལྔ་བརྒྱ་དང་། གཞོན་ནུ་ལྔ་བརྒྱ་དང་། གཞོན་ནུ་མ་ལྔ་བརྒྱ་དང་། གསེར་འབུམ་ཕུལ་ཏེ་

བླང་བར་བྱའོ། །རྒྱལ་པོ་ཤར་པས་སྨྲས་པ། ཤེད་མཐུན་ཁྱོད་གླེན་པ་ཞིག་སྟེ། འཆི་བདག་ལས་ཕྱིར་ལེན་པར་ནུས་པ་འགའ་ཡང་ཡོད་རེ་སྐན། དེས་སྨྲས་པ། ལྷ་མི་ནུས་སམ། མི་ནུས་སོ། །གལ་ཏེ་དེ་ལྟ་ན་རི་མོ་འདི་ལྟོས་ཤིག །དེས་རི་མོ་བརྐྱང་སྟེ། རྒྱལ་པོས་

རི་མོ་བརྟགས་ནས་གནད་དུ་བསྣུན་པ་དང་འདྲ་བར་གདུང་བཞིན་དུ་སྨྲས་པ། ཀྱེ་ཇི་སྐད་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་མེས་ཚིག་ཅེས་ཟེར་རམ། དེས་ཅོད་པན་དང་། ཐོར་ཚུགས་ཕོག་སྟེ་ཚིགས་སུ་བཅད་པ་སྨྲས་པ། བདག་ནི་རྒྱལ་པོ་མ་ལགས་རྒྱལ་སྲིད་མིན། །

Vol. 8 · folio 192b

ལྷ་ཁྱོད་ཞབས་འབྲིང་ཞབས་ཀྱིས་འཚོ་བ་སྟེ། །མི་སྙན་དོན་འདི་ཁྱོད་ལ་གསོལ་སླད་དུ། །བདག་འདིར་ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་མཆིས། །རྒྱལ་པོ་ཤིན་ཏུ་བརྟགས་ནས་འདི་ནི་གྲོང་ཁྱེར་ཀཽ་ཤཱམྦཱིའོ། །འདི་ནི་རྒྱལ་པོའི་ཕོ་བྲང་ངོ་། །འདི་ནི་ཁང་བཟངས་མེ་ཏོག་གི་སོའོ། །འདི་

ནི་མ་དུའོ། །འདི་ནི་གྲོ་བ་ལ་སོགས་པའི་སྦྱོར་བས་སྲེག་པའོ། །འདི་དག་ནི་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཕྱེ་མ་ལེབ་བཞིན་དུ་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྷུང་བ་དག་གོ་ཞེས་རྣམ་པར་དཔྱོད་པར་བྱེད་དོ། །རྣམ་པར་དཔྱད་ནས་སྨྲས་པ། ཀྭའི་ནང་རྗེ་ཇི་སྐད་

སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་མེས་ཚིག་ཅེས་ཟེར་རམ། ལྷ་བདག་དེ་སྐད་མི་མཆིའོ། །འདི་ལྟར་ལྷ་ཉིད་དེ་སྐད་གསུང་ངོ་། །ཀྭའི་ནང་རྗེ་ཁྱོད་ཀྱིས་ང་ལ་ཐབས་ཀྱིས་གསོལ་བར་ཟད་ཀྱི་གཞན་དུ་ན་ངས་ཁྱོད་ཀྱི་མགོ་དྲུངས་ནས་བཅད་དེ། ས་ལ་བསྒྱེལ་བར་

འགྱུར་རོ་ཞེས་སྨྲས་ནས། རྒྱལ་པོ་བརྒྱལ་ཏེ་ས་ལ་སྒྱེལ་ཏོ། །དེ་ནས་ཆུས་གདབ་པས་དབུགས་ཕྱིར་བྱུང་ནས་སྨྲས་པ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག །ཀཽ་ཤཱམྦཱིར་འདོང་ངོ་། །བློན་པོ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པོ་གོ་

བསྐོན་ནས་རྒྱལ་པོ་ཀཽ་ཤཱམྦཱིར་འཕགས་ཏེ་མཐར་གྱིས་ཀཽ་ཤཱམྦཱིར་ཕྱིན་པ་དང་། དེས་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་ནང་ན་ཆེས་རྒྱུས་མཁས་པ་ཐམས་ཅད་སྨྲས་སོ། །དེ་ནས་བློན་པོའི་མཆོག་སྦྱོར་བ་འཛིན་ལ་བསྒོ་བ། སྦྱོར་བ་འཛིན་སོང་ལ་མ་དུ་རྒྱ་སྐྱེགས་ཀྱི་ཁང་པར་ཆུག་

ལ་སྲེགས་ཤིག །དཔེ་མེད་མ་ཡང་རྟེའུ་མ་དུལ་བའི་རྐང་པ་ལ་ཐོགས་ལ་འོར་ཅིག །སྦྱོར་བ་འཛིན་གྱིས་མ་དུ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ། །དེ་ནས་བསམས་པ། དཔེ་མེད་མ་ནི་གལ་ཏེ་རྒྱལ་པོས་བསམས་ནས་དཔེ་མེད་མ་འོན་ཅིག་ཅེས་ཟེར་ན་བདག་

གིས་ཇི་ལྟར་བྱས། རེ་ཞིག་སྡོད་ཅིག་སྙམ་ནས་དེས་དཔེ་མེད་མ་ས་ཁང་དུ་བཅུག་སྟེ་བཞག་གོ། །རྒྱལ་པོ་ཉི་མ་བདུན་པ་ལ་མྱ་ངན་སངས་ནས་དེ་མྱ་ངན་སངས་པས་སྨྲས་པ། སྦྱོར་བ་འཛིན་དཔེ་མེད་མ་ག་རེ། དེས་ལྷ་བདག་གིས་རྟེའུ་མ་ཐུལ་བའི་རྐང་པ་ལ་བཏགས་ཏེ་

Vol. 8 · folio 193a

བོར་རོ། །རྒྱལ་པོས་སྨྲས་པ། མ་ཉེས་སོ། །མ་དུས་ནི་སྔོ་བསངས་ཅན་བསད་ལ། ཁྱོད་ཀྱིས་ཀྱང་དཔེ་མེད་མ་བསད་ཀྱིས་ད་ང་རབ་ཏུ་འབྱུང་བར་བྱའོ། །སྦྱོར་བ་འཛིན་གྱིས་སྨྲས་པ། ལྷ་དེ་ཉིད་ཀྱི་སླད་དུ་བདག་གིས་དཔེ་མེད་མ་ས་ཁང་དུ་སྩལ་ཏེ་བཞག་

གོ། །གལ་ཏེ་གསོན་ན་བལྟའོ། །དེས་དེ་ས་ཁང་ནས་ཕྱུང་བ་དང་། གནས་སྐབས་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པ་དང་། ལུས་མ་རྙིས་པར་འདུག་གོ། །རྒྱལ་པོས་མཐོང་ནས་བསམས་པ། ཇི་ལྟར་འདི་གནས་སྐབས་དེ་ཁོ་ན་བཞིན་དུ་ཉོན་མོངས་ཅན་མ་ཡིན་པ་

དང་། ལུས་མ་རྙིས་པར་འདུག་ལ། ན་ཡང་མི་ན། ཟས་ཀྱང་མི་ཟ་བ་ལས་ན་གོར་མ་ཆག་པར་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱད་དོ་སྙམ་དུ་རིག་ནས་སྨྲས་པ། དཔེ་མེད་མ་ཁྱོད་ཀྱིས་འཁྲུལ་པ་བྱས་སོ། །དེས་སྨྲས་པ། ལྷ་སྡིག་པ་ཅི་ཞིག །བདག་དེ་ལྟར་མི་

བགྱིད་དོ། །ཅི་མངོན། ལྷ་ཁྱོད་བཅོམ་ལྡན་འདས་ལ་མངོན་པར་དད་དམ། རྒྱལ་པོས་སྨྲས་པ། དེ་ནི་མཇལ་ཏེ། ཁྱོད་དེའི་ཚེ་ན་ནི་དགེ་སྦྱོང་གཽ་ཏ་མ་ཞེས་ཟེར་ལ། ད་ནི་བཅོམ་ལྡན་འདས་ཞེས་ཟེར་མོད། འདི་ལྟར་ང་རོ་དང་འདྲ་བ་ཁྱོད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་མི་

ཞུའི། སྔོ་བསངས་ཅན་གྱི་དོན་དུ་བཅོམ་ལྡན་འདས་ལ་ཞུའོ་ཞེས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་བད་

སའི་རྒྱལ་པོ་ཤར་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱས་ལས་ཅི་བགྱིས་ན། དེས་ཞུགས་ཀྱིས་དྲལ་ཅིང་། སྒུར་མཆོག་ནི་ཆབ་ཀྱི་སྟོར་ཁུང་ནས་བྲོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་

པོ་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་

Vol. 8 · folio 193b

པོ་ཆེན་པོ་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་

ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་

ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། ཕྱི་དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་

གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ་དང་། བས་

མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་ན་རང་སངས་རྒྱས་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་སྐྱེད་མོས་ཚལ་ཞིག་ན་སྤྱིལ་བུ་ན་གནས་སོ། །རྒྱལ་པོ་ཚངས་བྱིན་གྱི་བཙུན་

མོའི་འཁོར་ལྔ་བརྒྱ་སྐྱེད་མོས་ཚལ་དེར་བྱུང་ནས། བཙུན་མོའི་འཁོར་དེ་དག་རྩེད་མོའི་རྫིང་དུ་ཁྲུས་བྱས་ནས་གྲང་བས་སྦྲེབས་ནས། དེ་ན་བཙུན་མོ་དམ་པས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཤིན་ཏུ་གྲང་བས་སྦྲེབས་ཀྱིས་སོང་ལ། སྤྱིལ་བུ་འདི་ལ་མེ་ཐོང་ཤིག །དེས་

སྒྲོན་མེ་སྦར་ཏེ་སོང་བ་དང་། རང་སངས་རྒྱས་དེ་མཐོང་ནས་དེས་བཙུན་མོའི་མཆོག་ལ་སྨྲས་པ། ལྷ་མོ་འདི་ན་རབ་ཏུ་བྱུང་བ་ཞིག་མཆིས་སོ། །དེས་སྨྲས་པ་རབ་ཏུ་བྱུང་བ་འདུག་ཀྱང་རུང་། གཞན་འདུག་ཀྱང་རུང་གིས་མེ་ཐོང་ཤིག །དེས་མ་བཏང་བར་བྲོས་པ་དང་། དེ་ནས་

Vol. 8 · folio 194a

བཙུན་མོའི་མཆོག་དེ་འཁྲུགས་ནས་དེ་རང་གིས་མེ་བཏང་བ་དང་། རང་སངས་རྒྱས་དེ་ཕྱིར་བྱུང་ངོ་། །བཙུན་མོའི་འཁོར་གཞན་དག་གིས་ཀྱང་ལྷ་མོ་ཁྱོད་ཀྱིས་ཞུགས་བཏང་བ་ལེགས་པ་བགྱིས་ཏེ་བདག་ཅག་ཐམས་ཅད་ཞུགས་འདེའོ་ཞེས་རྗེས་སུ་ཡི་རངས་

པ་བྱས་སོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམས་པ། བཙུན་མོའི་འཁོར་ཉོན་མོངས་པ་འདི་དག་ཧ་ཅང་སྨས་པ་དང་། ཉམས་པར་གྱུར་ན་མི་རུང་གིས་འདི་དག་ལ་ལག་ནས་དྲང་བ་སྦྱིན་ནོ་སྙམ་ནས། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་

མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་བཙུན་མོའི་འཁོར་དེ་དག་ཤིང་ལྗོན་པ་རྩ་བ་ནས་བཅད་པ་

བཞིན་དུ་རང་སངས་རྒྱས་དེའི་རྐང་པའི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་ཅག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་བཙུན་མོའི་

འཁོར་དེ་དག་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་དག་གིས་དེ་ལ་མཆོད་པ་བྱས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས་བདག་ཅག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པར་བྱས་པ་གང་ཡིན་

པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཅག་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་། ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །

རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་བྱིན་གྱི་བཙུན་མོ་དམ་པ་གང་ཡིན་པ་དེ་ནི་སྔོ་བསངས་ཅན་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་བུད་མེད་གཞན་བཞི་བརྒྱ་དགུ་བཅུ་རྩ་དགུ་པོ་གང་དག་ཡིན་པ་དེ་དག་ནི་བུད་མེད་བཞི་བརྒྱ་དགུ་བཅུ་རྩ་དགུ་པོ་འདི་དག་ཡིན་ནོ། །དེའི་ཚེ་

Vol. 8 · folio 194b

དེའི་དུས་ན་བུ་མོ་མངག་གཞུག་མ་གང་ཡིན་པ་དེ་ནི་སྒུར་མཆོག་འདི་ཡིན་ནོ། །དེ་དག་གིས་རང་སངས་རྒྱས་ཀྱི་སྤྱིལ་བུ་བསྲེགས་ཤིང་རྗེས་སུ་ཡི་རངས་པ་བྱས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ལོ་མང་པོ་དག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་བསྲེགས་ནས་

ད་ལྟར་བདེན་པ་མཐོང་གི་བར་དུ་ཡང་མེས་ཚིག་པར་གྱུར་ཏོ། །སྒུར་མཆོག་མེ་གཏོང་དུ་མ་བཏུབས་པས་ནི་ད་ལྟར་ཆུའི་སྟོར་ཁུང་ནས་བྲོས་པར་གྱུར་ཏོ། །དེ་དག་གིས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི་ད་ལྟར་ངའི་དྲུང་དུ་བདེན་པ་མཐོང་

བར་བྱས་ཤིང་། དེ་དག་གིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་

གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་། འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་རྣམས་

ལ་བརྩལ་བར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བད་སའི་རྒྱལ་པོ་ཤར་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རངས་པ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་

ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་བཅུ་རྩ་བརྒྱད་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྒུར་མཆོག་གིས་ལས་

ཅི་བགྱིས་ན་དེས་ན་སྒུར་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒུར་མཆོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་དེ་

Vol. 8 · folio 195a

ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར།

རླུང་གི་ཁམས་ལ་མི་འགྱུར་གྱི། དེ་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་

ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། ཕྱི་

དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ། །ཇི་ཙམ་དུས་

གཞན་ཞིག་ན་ལྟས་པ་དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་ནས། རྒྱལ་པོ་ཚངས་བྱིན་གྱིས་བཱ་རཱ་ཎ་སཱིར་དྲིལ་བསྒྲག་པ་བྱེད་དུ་བཅུག་སྟེ། འདི་སྐད་ཅེས་གང་ལ་ལོ་བཅུ་གཉིས་ཀྱི་ཟན་ཡོད་པ་དེས་ནི་གནས་པར་བྱའོ། །གང་ལ་མེད་པ་དེས་ནི་གཞན་དུ་

འགྲོ་བར་བྱ་ཞིང་ལོ་བཅུ་གཉིས་འདས་ནས་ཕྱིར་ཡང་འོང་བར་བྱའོ་ཞེས་བསྒོའོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་གཟུངས་བྱེད་ཅེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་

ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་བཅས་པའི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་བཀྲེན་པ་

Vol. 8 · folio 195b

ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ་བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་ན་རང་སངས་རྒྱས་ལྔ་བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་དག་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་

ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབས་པར་ནུས་སམ། དེས་སྨྲས་པ། འཕགས་པ་དག་ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ལོ་ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་

བཅས་པ་དང་། རབ་ཏུ་བྱུང་བ་ལྔ་བརྒྱ་པོ་འདི་དག་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །ཁྱིམ་བདག་གཟུངས་བྱེད་ཀྱིས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱིས་བཞུགས་ཤིག་དང་གསོལ་ལོ། །དེ་དག་

དེ་ཉིད་དུ་འཁོད་དོ། །ཇི་ཙམ་ན་རང་སངས་རྒྱས་གཞན་ལྔ་བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་དག་ཀྱང་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབས་པར་ནུས་

སམ། དེས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ལ་གསོལ་ལགས་ན་ཅིའི་སླད་དུ་ཡང་སྒྲུབ་པར་མཛད། ཁྱིམ་བདག་དེ་དག་ཀྱང་གཞན་ལ་ཁོ་བོ་ཅག་ཀྱང་གཞན་ནོ། །འཕགས་པ་དག་ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ལོ་ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་

ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་བཅས་པ་དང་། རབ་ཏུ་བྱུང་བ་སྟོང་པོ་འདི་དག་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །དེས་རབ་ཏུ་བྱུང་བ་གཞན་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱིས་བཞུགས་ཤིག་དང་གསོལ་ལོ། །དེ་

དག་ཀྱང་དེར་འཁོད་དོ། །དེས་སྦྱིན་པའི་ཁང་པ་རྩིག་ཏུ་བཅུག་སྟེ། དེས་སྦྱིན་པའི་ཞལ་ཏ་པའི་མི་དང་སྤྱན་འདྲེན་ཡང་བསྐོས་སོ། །དེར་ཉི་མ་རེ་རེ་ཞིང་རང་སངས་རྒྱས་སྟོང་སྟོང་ཟན་ཟའོ། །དེ་ན་རང་སངས་རྒྱས་གཅིག་ན་བར་གྱུར་ནས་དེ་དེའི་ཉིན་མོ་མ་འོངས་པ་དང་། ཁྱིམ་བདག་

Vol. 8 · folio 196a

གཟུངས་བྱེད་ལ་བུ་མོས་སྨྲས་པ། ཡབ་དེང་རབ་ཏུ་བྱུང་བ་གཅིག་མ་མཆིས་སོ། །དེས་སྨྲས་པ། བུ་མོ་ཇི་ལྟ་བུ་ཞིག །དེས་རྒྱབ་བཏུད་དེ་སྨྲས་པ། ཡབ་འདི་ལྟ་བུ་ཞིག་གོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གཟུངས་བྱེད་ཀྱི་བུ་མོ་གང་

ཡིན་པ་དེ་ནི་སྒུར་མཆོག་འདི་ཡིན་ཏེ། འདིས་རང་སངས་རྒྱས་ལ་ཐོ་བཙམས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་སྒུར་པོར་གྱུར་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྒུར་

མཆོག་གིས་ལས་ཅི་བགྱིས་ན་དེས་ན་ཐོས་པ་འཛིན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒུར་མཆོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་

དག་བྱས་ཤིང་བསགས་པས་དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་

མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་

ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་ཁྱིམ་བདག་གཟུངས་བྱེད་ཀྱི་སྦྱིན་གནས་རང་སངས་རྒྱས་སྟོང་པོ་དེ་དག་ཉིད་ཀྱི་དགེ་འདུན་གྱི་གནས་བརྟན་གང་ཡིན་པ་དེ་རླུང་ནད་ཅན་ཡིན་པས་དེ་ལག་པ་འདར་བས་ཟན་ཟ་བ་ན་

ལྷུང་བཟེད་འགུལ་ནས་གཟུངས་བྱེད་ཀྱི་བུ་མོ་དེས་རང་གི་ལག་པ་ལས་གདུ་བུ་རྒྱན་ཅན་ཕུད་དེ་རང་སངས་རྒྱས་དེ་ལ་ཕུལ་ཏེ་སྨྲས་པ། འཕགས་པ་འདིའི་སྟེང་དུ་ལྷུང་བཟེད་བཞག་ཏུ་གསོལ། དེས་དེའི་སྟེང་དུ་ལྷུང་བཟེད་བཞག་པ་དང་། མི་གཡོ་བ་ཉིད་དུ་འདུག་ནས། དེས་དེའི་

Vol. 8 · folio 196b

རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ་ཇི་ལྟར་ལྷུང་བཟེད་འདི་མི་གཡོ་བར་འདུག་པ་དེ་བཞིན་དུ་བདག་གི་རྒྱུད་ལ་ཆོས་གང་དག་ཞུགས་པ་དེ་དག་ཀྱང་མི་གཡོ་བ་ཉིད་དུ་གྱུར་ཅིག་ཅེས་བཏབ་བོ། །ལས་དེའི་རྣམ་པར་སྨིན་པས་འདི་ད་ལྟར་ཐོས་པ་འཛིན་པར་གྱུར་ཏོ། །ཡང་

དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྒུར་མཆོག་གིས་ལས་ཅི་བགྱིས་ན་དེས་བྲན་མོར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒུར་མཆོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་

ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་

ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་

པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་དེ་ཉིད་ན་འདི་དབང་ཕྱུག་གི་དྲེགས་པས་རྒྱགས་པས་འཁོར་གྱི་མི་རྣམས་ལ་བྲན་གྱི་ཚིག་གིས་ཀུན་

དུ་སྤྱད་པས་ལས་དེའི་རྣམ་པར་སྨིན་པས་ད་ལྟར་བྲན་མོར་གྱུར་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དཔེ་མེད་མས་ལས་ཅི་བགྱིས་ན་དེས་གདུགས་བདུན་དུ་ཟན་མ་མཆིས་པར་ས་ཁང་དུ་སྩལ་ཅིང་

ཉོན་མོངས་པ་ཅན་མ་ལགས་པ་དང་། ལུས་མ་རྙིས་པར་ཕྱུང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དཔེ་མེད་མ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་

Vol. 8 · folio 197a

བྱས་ཤིང་བསགས་པས་དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར།

མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི་འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་

བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་རྒྱལ་རིགས་ཀྱི་བུ་མོ་ཞིག་དང་། བྲམ་ཟེའི་བུ་མོ་ཕན་ཚུན་བཤེས་པ་གཉིས་ཤིག་འཁོད་དོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་

སངས་རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་དུ་ན་རང་སངས་རྒྱས་ཤིག་ས་ཕྱོགས་ཞི་བ་ཞིག་ཏུ་མཚན་མོ་གནས་པར་

ཁས་བླངས་ནས་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རི་བྲགས་དེར་བསོད་སྙོམས་ལ་ཞུགས་པ་དང་། རྒྱལ་རིགས་ཀྱི་བུ་མོ་དེས་དེའི་ཉིན་མོ་དེ་ལ་བསོད་སྙོམས་བྱིན་ཏོ། །དེ་བཞིན་དུ་ཉི་མ་གཉིས་པ་དང་། གསུམ་པ་དང་། ཉིན་གཅིག་

མི་ཆད་པར་ཡང་དེ་ལ་བསོད་སྙོམས་སྦྱིན་པར་བརྩམས་སོ། །རྒྱལ་རིགས་ཀྱི་བུ་མོ་དེ་དུས་གཞན་ཞིག་ན་བྲམ་ཟེའི་བུ་མོ་དེས་མགྲོན་དུ་བོས་ནས་དེའི་ཁྱིམ་དུ་སོང་བ་དང་། རང་སངས་རྒྱས་དེ་ཡང་བསོད་སྙོམས་ལ་རྒྱུ་ཞིང་རྒྱལ་རིགས་ཀྱི་བུ་མོ་དེའི་ཁྱིམ་དུ་ཞུགས་པ་ན་དེ་མེད་ནས།

མཐར་གྱིས་བྲམ་ཟེའི་བུ་མོ་དེའི་ཁྱིམ་དུ་ཞུགས་པ་དང་། རྒྱལ་རིགས་ཀྱི་བུ་མོ་དེས་མཐོང་ནས་དེས་བྲམ་ཟེའི་བུ་མོ་དེ་ལ་སྨྲས་པ། བུ་མོ་འཕགས་པ་འདི་ལ་བསོད་སྙོམས་ཕུལ་ཅིག །དེས་སྨྲས་པ། ཇི་སྲིད་དུ་ལྷ་དང་། བྲམ་ཟེ་དང་། སྙིང་དུ་སྡུག་ཅིང་འབྲེལ་བའི་རྩ་

Vol. 8 · folio 197b

ལག་དག་ལ་མ་ཕུལ་གྱི་བར་དུ་དགེ་སྦྱོང་མགོ་རེག་འདི་ལ་ག་ལ་སྦྱིན། དེས་སྨྲས་པ། ནུ་མོ་གལ་ཏེ་དེ་ལྟ་ན་ཁོ་མོ་རེ་ཞིག་འདི་ལ་བསོད་སྙོམས་འབུལ་དུ་འགྲོས་ཕུལ་ནས་ཕྱིར་འོང་ངོ་། །དེས་སྨྲས་པ། ཆེ་ཞེ་གལ་ཏེ་དེ་ལྟ་ན་འདུག་ཅིག་དང་། བདག་གིས་འདི་ལ་བསོད་སྙོམས་

དབུལ་ལོ། །དེས་དེ་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་ལོག་པ་བཏབ་སྟེ། བདག་གིས་དགེ་སྦྱོང་མགོ་རེག་འདི་ལ་བསོད་སྙོམས་ཕུལ་བ་གང་ཡིན་པ་འདི་དག་ལ་འཇིག་རྟེན་འདིར་ཡང་རྣམ་པར་སྨིན་པར་མ་གྱུར་ལ། འཇིག་རྟེན་ཕ་རོལ་དུ་ཡང་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་

བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་མོ་གང་ཡིན་པ་དེ་ནི་དཔེ་མེད་མ་འདི་ཡིན་ཏེ། འདིས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་ལོག་པ་འདི་སྐད་ཅེས་བདག་གིས་དགེ་སྦྱོང་མགོ་རེག་འདི་ལ་བསོད་སྙོམས་ཕུལ་བ་གང་ཡིན་པ་འདི་འཇིག་རྟེན་འདིར་ཡང་

རྣམ་པར་སྨིན་པར་མ་གྱུར་ལ། འཇིག་རྟེན་ཕ་རོལ་དུ་ཡང་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་འདི་ཉི་མ་བདུན་དུ་ཟན་མེད་པར་ས་ཁང་དུ་བཅུག་ཅིང་ཉོན་མོངས་པ་ཅན་མ་ཡིན་པ་དང་ལུས་མ་རྙིས་པར་ཕྱུང་ངོ་། །དུས་གཞན་ཞིག་ན་མགུ་བྱེད་

རྒས་པར་གྱུར་ནས་དེས་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། བདག་གིས་དགེ་སློང་གི་དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེ་ཞིང་སྔོ་བསངས་ཅན་གྱི་ཆུ་ཞེང་ཅི་

འདྲ་བ་དེ་ལྟ་བུར་བདག་ཀྱང་གྱུར་ཏེ། བད་སའི་རྒྱལ་པོ་ཤར་པ་བདག་གི་ཁྱིམ་ཐབ་ཏུ་གྱུར་ཅིག་ཅེས་བཏབ་བོ། །དེ་ཤི་ཞིང་དུས་ལ་བབ་ནས་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེས་སོ། །གང་གི་ཉིན་མོ་སྐྱེས་པ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་དེ་དཔལ་དག་གིས་སྣང་བར་

གྱུར་ཏོ། །དེ་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་ཞིག་བྱུང་ངོ་། །བྱུང་མ་ཐག་ཏུ་ཡང་དེས་ཕའི་ཁྱིམ་རྒྱ་ཆེར་དཔལ་དག་གིས་སྣང་བར་གྱུར་ཏོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་

Vol. 8 · folio 198a

གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། གང་གི་ཕྱིར་བུ་མོ་འདི་གང་གི་ཉིན་མོ་མའི་མངལ་དུ་ཞུགས་པ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་དེ་དཔལ་དག་གིས་སྣང་བར་གྱུར་ལ།

བཙས་པ་ན་ཡང་འདིས་ཕའི་ཁྱིམ་རྒྱ་ཆེར་དཔལ་དག་གིས་སྣང་བར་གྱུར་པ་དེའི་ཕྱིར་བུ་མོ་འདིའི་མིང་དཔལ་ལྡན་དུ་གདགས་སོ་ཞེས་དེའི་མིང་དཔལ་ལྡན་ཞེས་བྱ་བར་བཏགས་སོ། །གང་གི་ཚེ་དེ་སྨྲ་ཤེས་པར་གྱུར་པ་དེའི་ཚེ་ན་དགེ་སློང་གང་དག་ཁྱིམ་དེར་བསོད་སྙོམས་ལ་ཞུགས་པ་དེ་དག་

གི་གན་དུ་སོང་སྟེ། རྐང་པ་ལ་ཕྱག་འཚལ་ནས་སྙུན་གསོལ་བར་བྱེད་དོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དེར་བསོད་སྙོམས་ལ་ཞུགས་པ་དང་། དེ་དེའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཇི་ལྟར་བཅོམ་ལྡན་འདས་དང་། དགེ་

སློང་གནས་བརྟན་གནས་བརྟན་ཆེ་གེ་མོ་དག་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེའམ། ཁ་ན་མ་ཐོ་བ་མ་མཆིས་སམ། བདེ་བ་ལ་རེག་པར་གནས་སམ། དེས་སྨྲས་པ། སྲིང་མོ་བཅོམ་ལྡན་འདས་

དང་། དགེ་སློང་གནས་བརྟན་གནས་བརྟན་ཆེ་གེ་མོ་དག་གནོད་པ་ཆུང་། ཉམ་ང་བ་ཉུང་། བསྐྱོད་པ་ཡང་། འཚོ་བ་སྟོབས་དང་ལྡན། བདེ། ཁ་ན་མ་ཐོ་བ་མེད། བདེ་བ་ལ་རེག་པར་གནས་སོ། །དེ་སྨྲས་པའི་ཚིག་ཐོས་ནས་ཁྱིམ་བདག་གདངས་ཅན་གྱི་ནང་མི་དག་མཆོག་ཏུ་ངོ་མཚར་

བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཨ་རོག་གྱ་ཞེས་བྱས་ཏེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཁྱིམ་བདག་གདངས་ཅན་གྱི་བུ་མོ་བྱིས་པ་ཞིག་

བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་དག་ལ་སྙུན་གསོལ་ཞིང་། ཁྱིམ་བདག་གདངས་ཅན་གྱི་ནང་མི་དག་གིས་དེ་ཐོས་ནས་མཆོག་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་དེ་མི་ཤེས་

Vol. 8 · folio 198b

སམ། བཅོམ་ལྡན་འདས་མ་འཚལ་ཏོ། །ཀུན་དགའ་བོ་དེ་ནི་མགུ་བྱེད་ཡིན་ཏེ། སྨོན་ལམ་གྱི་དབང་གིས་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེས་ཏེ་ད་ལྟར་བུ་མོ་དཔལ་ལྡན་ཞེས་བྱའོ། །གང་གི་ཚེ་དཔལ་ལྡན་ཆེན་མོར་གྱུར་པ་དེའི་ཚེ་ན་དེ་སློང་བ་རྒྱལ་

པོ་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་དང་། ཀཽ་དྱ་དག་དང་། ཤཱཀྱ་དག་དང་། ལིཙྪ་བཱི་དག་དང་། གཞན་ཡང་མང་པོ་དག་འོང་བར་བརྩམས་སོ། །ཁྱིམ་བདག་གདངས་ཅན་འདི་སྙམ་དུ་དཔལ་ལྡན་སློང་བ་མང་པོ་དག་འོང་སྟེ། གང་དག་ལ་མ་བྱིན་པ་དེ་དག་

བདག་གི་དགྲར་འགྱུར་རོ་སྙམ་ནས། དེ་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དཔལ་ལྡན་གྱིས་དེ་མཐོང་ནས་སྨྲས་པ། ཡབ་ཁྱོད་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་མོ་ཁྱོད་སློང་བ་

རྒྱལ་པོ་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་དང་། ཀཽ་དྱ་དག་དང་། ཤཱཀྱ་དག་དང་། ལིཙྪ་བཱི་དག་དང་། གཞན་ཡང་མང་པོ་དག་འོང་སྟེ། གང་དག་ལ་མ་བྱིན་པ་དེ་དག་བདག་གི་དགྲར་འགྱུར་ན། ཇི་ལྟར་ལག་པ་ལ་འགྲམ་པ་གཏད་

དེ་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང་། དེས་སྨྲས་པ། ཡབ་ཐུགས་ངན་མ་མཛད་ཅིག །བདག་གིས་ཁྱིམ་ཐབ་འཚལ་ལགས་སོ། །བུ་མོ་གང་། ཡབ་བད་སའི་རྒྱལ་པོ་ཤར་པའོ། །བུ་མོ་གལ་ཏེ་དེ་ལྟ་ན་ཇེ་གོ་རིམས་བྱའོ། །ཡབ་གོ་རིམས་ཇི་ལྟ་བུ་ལགས།

བུ་མོ་ཁོ་བོས་བད་སའི་རྒྱལ་པོ་ཤར་པ་འདི་ཉིད་དུ་སྤྱན་དྲང་གིས། གང་གི་ཚེ་དེས་བཤོས་གསོལ་བ་དེའི་ཚེ་ན་ཁྱོད་སྟེང་གི་ཁང་བཟངས་ཀྱི་གཞི་ན་འདུག་པས་ཕོ་ལོང་འཕང་བར་བྱའོ། །ཡབ་མ་ནོངས་ཀྱིས་དེ་བཞིན་བགྱིའོ། །དེས་བད་སའི་རྒྱལ་པོ་ཤར་པ་ཁྱིམ་གཞན་དུ་མགྲོན་དུ་

བོས་ཏེ་ཟན་ཟོས་པ་དང་། དཔལ་ལྡན་སྟེང་གི་ཁང་བཟངས་ཀྱི་གཞི་ན་འདུག་པས་ཕོ་ལོང་འཕངས་སོ། །རྒྱལ་པོས་སྟེང་དུ་བརྟག་པར་བརྩམས་པ་དང་། རྒྱལ་པོས་དེ་མཐོང་ནས་སྨྲས་པ། གདངས་ཅན་ཁྱོད་ན་རེ་སྔོ་བསངས་ཅན་དུས་ལ་བབ་ཅེས་ཟེར་ན་འདི་ན་འདུག་པ་འདི་མ་ཡིན་

Vol. 8 · folio 199a

ནམ། ལྷ་འདི་ནི་སྔོ་བསངས་ཅན་མ་ལགས་སོ། །འོ་ན་འདི་ཅི་མིང་། ལྷ་འདི་ནི་སྔོ་བསངས་ཅན་གྱི་ནུ་མོ་དཔལ་ལྡན་ཞེས་བགྱིའོ། །ཅི་འགའ་ཞིག་ལ་བྱིན་ནམ། ལྷ་སུ་ལ་ཡང་མ་སྩལ་ཏོ། །གལ་ཏེ་དེ་ལྟ་ན་ང་ལ་ཅིའི་ཕྱིར་མི་སྦྱིན། ལྷ་གསོལ་ལོ། །ཁྱིམ་

བདག་གདངས་ཅན་གྱིས་བྱིན་ནས་བད་སའི་རྒྱལ་པོ་ཤར་པས་དཔལ་གྱི་འབྱོར་པས་བག་མར་བླངས་ཏེ་བཙུན་མོའི་འཁོར་གྱི་ནང་དུ་བཅུག་གོ། །དུས་གཞན་ཞིག་ན་དེས་རྒྱལ་པོ་ལ་སྨྲས་པ། ལྷ་བདག་དགེ་སློང་མཐོང་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ཁྱོད་འདོད་མོད་ཀྱི།

དགེ་སློང་དག་རྒྱལ་པོའི་ཕོ་བྲང་དུ་མི་འཇུག་གོ། །ལྷ་དེ་ལྟ་ན་བདག་རྣམ་པ་ཐམས་ཅད་དུ་བཙོན་རར་སྩལ་དུ་བས་མོད། གལ་ཏེ་དགེ་སློང་མཐོང་བར་མི་གནང་ན། དེང་སླན་ཅད་འཚལ་མ་ཡང་མི་འཚལ། ཕྱག་ཀྱང་མི་འཚལ་ལོ། །དེས་ཟན་གཅད་པ་ལ་ཞུགས་པ་དང་། རྒྱལ་པོས་

ཁྱིམ་བདག་གདངས་ཅན་ལ་སྨྲས་པ། ཁྱིམ་བདག་ཁྱོད་སོ་སོར་མི་རྟོག་གམ། ལྷ་ཅི་ལགས། དཔལ་ལྡན་ཟན་གཅད་པ་ལ་ཞུགས་སོ། །ལྷ་ཅིའི་སླད་དུ་དགེ་སློང་མཐོང་བར་འདོད་ན་དགེ་སློང་དག་རྒྱལ་པོའི་ཕོ་བྲང་དུ་མི་འཇུག་གོ། །ལྷ་འོ་ན་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། ཁྱིམ་

བདག་དེའི་ཕྱིར་ཁྱོད་ཀྱིས་བདག་ཉིད་ཀྱི་མིང་གིས་ར་བར་དགེ་སློང་གི་དགེ་འདུན་སྤྱན་དྲོངས་ཏེ། བར་དུ་སྒོ་ཐོད་ལ་བཤོས་གསོལ་ཅིག །ཁྱིམ་བདག་གདངས་ཅན་གྱི་ཁྱིམ་རྒྱལ་པོ་དང་འདབ་ཆགས་སུ་འདུག་པས་དེས་ར་བའི་བར་དུ་སྒོ་གཏོད་ནས་སའི་བྱི་དོར་བྱེད་དུ་བཅུག་གོ། །དེ་ནས་

དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་གདངས་ཅན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་

པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་

Vol. 8 · folio 199b

གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་

འདུན་དང་བཅས་པས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས།

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་། བཅའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་

ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །

བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་བཞེད་པ་དང་།

ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་ལ་ལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་

བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འཇུག་པ་ན་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་འདུག་ནས་དེའི་ཕྱིར་ལྡོག་པར་བརྩམས་པ་དང་། རྒྱལ་པོས་མཐོང་ནས་སྨྲས་པ། འཕགས་པ་ཤཱ་རིའི་

Vol. 8 · folio 200a

བུ་གཤེགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ་ཚེ་དང་ལྡན་པ་དག་བཞི་པོ་དག་གི་ཚིག་ནི་མི་གཅག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། དགེ་སློང་དགྲ་བཅོམ་

པ་ཟག་པ་ཟད་པའི་ཚིག་དང་། དགེ་སྐོས་ཀྱི་ཚིག་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་ཚིག་ཡིན་གྱིས། ཚེ་དང་ལྡན་པ་དག་དྲན་པ་ཉེ་བར་ཞོག་ཤིག་དང་འཇུག་པར་བྱའོ་ཞེས་དེ་ཞུགས་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་

ནས་བཙུན་མོ་དཔལ་ལྡན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་འཁོད་པར་རིག་ནས། རང་གི་ལག་ནས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་རང་གི་ལག་ནས་བཅའ་བ་

དང་། བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ། དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་ལྷུང་བཟེད་བཞག་པར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཆོས་མཉན་པའི་

ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཙུན་མོ་དཔལ་ལྡན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་

བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ན་དེས་བདེན་པ་དག་མ་མཐོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། ཅི་འདི་ལ་

དགེ་བའི་རྩ་བ་དག་ཡོད་དམ། འོན་ཏེ་མེད་སྙམ་ན། ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་ན། བདག་ཉིད་ལ་རག་ལས་པར་མཐོང་ནས། དེ་དེ་ལ་ཆོས་སྟོན་ཅིང་རྣམ་པར་དཔྱོད་པ་ན་ཉི་མ་ནུབ་པའི་དུས་ལ་བབ་ནས་དགེ་སློང་རྣམས་སྟན་ལས་ལངས་ཏེ་དོང་ངོ་། །ཚེ་དང་ལྡན་

Vol. 8 · folio 200b

པ་ཤཱ་རིའི་བུས་བསམས་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི། འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སྙམ་ནས། དེ་གདུལ་བ་ལ་ལྟོས་པས་དེ་ཉིད་དུ་འདུག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་མོ་

དཔལ་ལྡན་གྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། གང་ཐོས་ནས་བཙུན་མོ་དཔལ་ལྡན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་

སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེས་བདེན་པ་མཐོང་ནས་སྨྲས་པ། འཕགས་པ་བདག་གིས་དགེ་བའི་བཤེས་གཉེན་འཕགས་པ་ཤཱ་རིའི་བུ་ལ་བརྟེན་ནས་འཕགས་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་

ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་དག་གིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་

རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་

བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་།

ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་བདེན་པ་དག་ལ་བཞག་

Vol. 8 · folio 201a

སྟེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ། །བདུན་པོ་དག་གི་ཚིག་ནི་མི་གཅག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། དགེ་སློང་དགྲ་བཅོམ་པ་ཟག་

པ་ཟད་པའི་ཚིག་དང་། དགེ་འདུན་གྱི་གནས་བརྟན་གྱི་ཚིག་དང་། དགེ་སྐོས་ཀྱི་ཚིག་དང་། མཁན་པོའི་ཚིག་དང་། སློབ་དཔོན་གྱི་ཚིག་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་

པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་

སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ནམ་མ་ནངས། སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་

རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེན་ཀོར་ལས་འདའ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ནམ་མ་ནངས་ཞེས་བྱ་བ་ནི་ནམ་ནངས་པར་མ་གྱུར་པའོ། །

སྐྱ་རེངས་ཞེས་བྱ་བ་ནི་སྐྱ་རེངས་གསུམ་པོ། སྐྱ་རེངས་དང་པོ་དང་། སྐྱ་རེངས་བར་མ་དང་། སྐྱ་རེངས་ཐ་མའོ། །དེ་ལ་སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱ་རེངས་བར་མ་ནི་སེར་པོར་སྣང་བའོ། །སྐྱ་རེངས་ཐ་མ་ནི་དམར་པོར་སྣང་བ་སྟེ། འདིར་ནི་སྐྱ་རེངས་ཐ་མ་ཡིན་

Vol. 8 · folio 201b

པར་དགོངས་སོ། །མ་ཤར་ཅེས་བྱ་བ་ནི་མ་བྱུང་བའོ། །རིན་པོ་ཆེ་དག་ཅེས་བྱ་བ་ལ། རིན་པོ་ཆེ་དག་ཅེས་བྱ་བ་ནི་ནོར་བུ་དག་དང་། མུ་ཏིག་དག་དང་། བཻ་ཌཱུརྱ་དག་དང་། མན་ཤེལ་དཀར་པོ་དག་དང་། བྱི་རུ་དག་དང་། གསེར་དག་དང་། དངུལ་དག་དང་། རྡོའི་སྙིང་པོ་དག་

དང་། སྤུག་དག་དང་། དམར་པོ་དག་དང་། གཡས་སུ་འཁྱིལ་བ་དག་གོ། །རིན་པོ་ཆེར་སྨོས་པ་དག་ཅེས་བྱ་བ་ལ། རིན་པོ་ཆེར་སྨོས་པ་དག་ཅེས་བྱ་བ་ནི་གཡུལ་ངོར་སྤྱད་པའི་མཚོན་ཆ་ཐམས་ཅད་དང་། རོལ་མོར་སྤྱད་པའི་ཆ་སྤྱད་ཐམས་ཅད་དོ། །མ་བསྡུས་པ་ཞེས་

བྱ་བ་ནི་མ་བརྟུལ་བར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་།

དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །སྒོ་གཏན་ནམ་ཞེས་བྱ་བ་ནི་སྒོ་གཏན་རྣམ་པ་གསུམ་སྟེ། གྲོང་ཁྱེར་གྱི་སྒོ་གཏན་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང་། བཙུན་མོའི་འཁོར་

གྱི་སྒོ་གཏན་ནོ། །སྒོ་གཏན་གྱི་ཉེན་ཀོར་ལས་ཞེས་བྱ་བ་ནི་དེའི་དྲུང་ལས་སོ། །འདའ་ན་ཞེས་བྱ་བ་ནི་འགྲོ་ནའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་

ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་

སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ནམ་མ་ནངས་པ་ལ་ནམ་མ་ནངས་པར་འདུ་ཤེས་པས་གྲོང་ཁྱེར་གྱི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ། །ནམ་མ་ནངས་པ་ལ་ཡིད་གཉིས་ཟ་བས་གྲོང་ཁྱེར་གྱི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ། །

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words