འདུལ་བ་རྣམ་པར་འབྱེད་པ
Sanskrit title (Tibetan script, as in the text) བི་ན་ཡ་བི་བྷང་ག
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 8 · folio 230b
དེ་ལ་གལ་ཏེ་དགེ་སློང་མ་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་དེ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་
ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་བསྒོ་བར་བྱ་བའོ། །སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་ཁ་རོག་པར་སྡོད་ཅིག་ཅེས་བརྗོད་པར་བྱ་
བའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་སྨྲ་མ་སྤོབས་ན་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་མ་སྨྲས་ནའོ། །དགེ་སློང་དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་སོ། །ཕྱི་
རོལ་ཀུན་དགའ་ར་བར་དོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་གཙུག་ལག་ཁང་དུ་དོང་སྟེའོ། །དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་ཞེས་བྱ་བ་ནི་སྨད་པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི་
མཐོལ་བར་བྱ་བའོ། །བྱུང་གིས་ཞེས་བྱ་བ་ནི་ལྟུང་བ་བྱུང་གིས་སོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ་ཞེས་བྱ་བ་ནི་མཐོལ་ལོ་ཞེས་བྱ་བའོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་བྱ་བ་ནི་མཐོལ་བར་བྱ་སྟེའོ། །ཆོས་འདི་ཡང་སོ་
སོར་བཤགས་པར་བྱ་བའོ་ཞེས་བྱ་བ་ནི་ཆོས་འདི་ཡང་མཐོལ་བར་བྱ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་རྣམས་ཁང་ཏོག་ན་ཟན་ཟ་ཞིང་གཞན་དག་བར་ཁང་ན་ཟན་ཟ་བའི་ཚེ་དེ་ན་གལ་ཏེ་དགེ་སློང་མ་ཞིག་སྒོ་
ཞིང་འདུག་ན་དགེ་སློང་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །གང་དག་བར་ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྣམས་
Vol. 8 · folio 231a
འོག་ཁང་ན་ཟན་ཟ་ཞིང་གཞན་དག་སྒོ་ཁང་ན་ཟན་ཟ་བའི་ཚེ་དེ་ན་གལ་ཏེ་དགེ་སློང་མ་ཞིག་བསྒོ་ཞིང་འདུག་ན་དགེ་སློང་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །གང་དག་སྒོ་ཁང་ན་ཟ་བ་དེ་དག་གིས་
དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟོས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཁ་ཅིག་ཟོས་ཏེ་ཕྱིར་འབྱུང་ཞིང་གཞན་དག་ནང་དུ་འཇུག་ན་དེ་ན་གང་དག་ནང་དུ་འཇུག་པ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཉེས་བྱས་
སུ་འགྱུར་རོ། །དེའི་ངོར་མགྲོན་དུ་བོས་པ་དང་། ཡང་དག་པར་འཛིན་དུ་འཇུག་པ་ལ་ལྟུང་བ་མེད་དོ། །བྱུག་རིས་སྟོན་པ་དང་། མ་བྱིན་པ་ལ་སྦྱིན་དུ་འཇུག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུག་པ་དང་། ཚོར་བ་དག་གིས་ཉེན་
པ་ལ་ལྟུང་བ་མེད་དོ། །གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་
བཞུགས་སོ། །གང་གི་ཚེ་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་དེས་ཆ་གཅིག་བཟུང་ནས་འདི་ལྟར་ཁྱུ་མཆོག་རླབས་པོ་ཆེའི་ཚིག་སྨྲས་ཤིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་ཏེ། དེང་ཕྱིན་ཅད་གཅེར་བུ་པ་
དག་དང་། གཅེར་བུ་མ་དག་དང་། གཅེར་བུ་པའི་ཉན་ཐོས་དག་དང་། གཅེར་བུ་པའི་ཉན་ཐོས་མ་དག་གི་སྒོ་ནི་བཅད། བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དག་དང་། དགེ་སློང་མ་དག་དང་། དགེ་བསྙེན་དག་དང་། དགེ་བསྙེན་མ་དག་གི་སྒོ་ནི་ཕྱེའོ་ཞེས་
བསྒྲགས་ཤིང་ཞིང་ལས་ཀྱི་མཐའ་དག་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ཡོངས་སུ་བཏང་ངོ་། །དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་
Vol. 8 · folio 231b
ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་སྲབས་ཤིང་ཡོངས་སུ་ཟད་དེ། ཡོངས་སུ་མཐར་ཐུག་པར་གྱུར་ཏོ། །དེའི་སྐབས་སུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལྗོངས་
རྒྱུ་ཞིང་འདོང་བ་ན་ཡངས་པ་ཅན་དུ་ཕྱིན་ནས་དམག་དཔོན་སེང་གེས་དེ་གཉིས་ཁྱིམ་གཞན་དུ་ཟན་ལ་མགྲོན་དུ་བོས་ནས་དེ་དེ་གཉིས་ཀྱི་ཟན་སྦྱར་བའི་ཕྱིར་བདག་ཉིད་སྲང་དུ་སོང་བ་དང་གཅེར་བུ་པ་དག་གིས་མཐོང་ནས། དེ་དག་ཤེས་ལྡན་དག་གང་གི་ཚེ་དམག་དཔོན་སེང་གེ་བདག་ཅག་ལ་
མངོན་པར་དད་པ་དེའི་ཚེ་ན་འདིའི་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ན། ད་ལྟར་ཤཱཀྱའི་བུའི་དགེ་སྦྱོང་དག་ལ་མངོན་པར་དད་པས་འདི་ལ་བཅར་ཡང་མེད་བཟར་ཡང་མེད་དེ་བདག་ཉིད་ཁྱིམ་གྱི་ལས་བྱེད་དོ་ཞེས་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དམག་དཔོན་སེང་གེ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བསླབ་པའི་སྡོམ་པ་བྱིན་ཅིག །འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་
གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེང་གེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་
ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་སྲབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ན།
གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་བྱིན་པ་དེར་དགེ་སློང་གིས་ཁྱིམ་དུ་འགྲོ་བར་
Vol. 8 · folio 232a
མི་བྱ། སྟན་ལ་ལོངས་སྤྱད་པར་མི་བྱ། བསོད་སྙོམས་བཟའ་བར་མི་བྱ། ཆོས་བསྟན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གང་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པ་དེར་དགེ་སློང་གིས་ཁྱིམ་དུ་འགྲོ་བར་མི་བྱ། སྟན་ལ་ལོངས་སྤྱད་པར་མི་བྱ། བསོད་སྙོམས་
བཟའ་བར་མི་བྱ། ཆོས་བསྟན་པར་མི་བྱའོ་ཞེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་སྔར་མགྲོན་དུ་བོས་པ་ཡང་དེའི་ཁྱིམ་དུ་མ་དོང་ངོ་། །དེ་ནས་དམག་དཔོན་སེང་གེས་ཁ་ཟས་སྟ་གོན་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་
ཆེན་པོ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གཉིས་གདུགས་ཚོད་གཡར་དགོངས་འཚལ་ན་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་གཉིས་ཀྱིས་
སྨྲས་པ། ཁྱིམ་བདག་ཁྱོད་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་གྱིས་མི་འགྲོའོ། །དེས་སྨྲས་པ། འཕགས་པ་གཉིས་བདག་གིས་ཁྱེད་གཉིས་སྔར་སྤྱན་དྲངས་ཀྱིས་གཤེགས་སུ་གསོལ། དེ་གཉིས་ཀྱིས་སྨྲས་པ། ཁྱིམ་བདག་འོ་ན་བཅོམ་ལྡན་འདས་ལ་ཞུའོ་
ཞེས་དེ་གཉིས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔར་མགྲོན་དུ་བོས་པ་གང་ཡིན་པ་དེས་བཟའ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །དེ་གཉིས་དམག་དཔོན་སེང་གེའི་ཁྱིམ་དུ་འཕགས་པ་དང་། དྲུག་
སྡེ་དག་གིས་དེ་གཉིས་མཐོང་ནས། དེ་དག་གིས་སྨྲས་པ། ཁྱོད་གཉིས་གར་བཞུད། དམག་དཔོན་སེང་གེའི་ཁྱིམ་དུའོ། །དེ་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་མ་བྱིན་ནམ། གང་ལ་བྱིན་པ་དེ་ལ་བྱིན་གྱིས་ཁོ་བོ་ཅག་གཉིས་སྔར་མགྲོན་དུ་བོས་སོ། །གལ་ཏེ་དེ་ལྟ་
ན་ཁོ་བོ་ཅག་ཆེས་སྔར་མགྲོན་དུ་བོས་ཏེ། གང་གི་ཚེ་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་ན། དེས་ཆ་གཅིག་བཟུང་ནས། འདི་ལྟར་ཁྱུ་མཆོག་རླབས་པོ་ཆེའི་ཚིག་སྨྲས་ཤིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་
Vol. 8 · folio 232b
ཏེ། དེང་ཕྱིན་ཅད་གཅེར་བུ་པ་དག་དང་། གཅེར་བུ་མ་དག་དང་། གཅེར་བུ་པའི་ཉན་ཐོས་དག་དང་། གཅེར་བུ་མའི་ཉན་ཐོས་མ་དག་གི་སྒོ་ནི་བཅད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དག་དང་། དགེ་སློང་མ་དག་དང་། དགེ་བསྙེན་དག་དང་། དགེ་བསྙེན་མ་དག་གི་
སྒོ་ནི་ཕྱེའོ་ཞེས་བསྒྲགས་པས་དེའི་ཕྱིར་ཁོ་བོ་ཅག་ཆེས་སྔར་མགྲོན་དུ་བོས་སོ། །དེ་གཉིས་ཅང་མི་སྨྲ་བར་དོང་བ་དང་དེ་དག་ཀྱང་དེ་གཉིས་ཀྱི་ཕྱི་བཞིན་ཕྱི་བཞིན་དུ་རྗེས་སུ་འབྲང་བ་ན་དམག་དཔོན་སེང་གེས་དགེ་སློང་རབ་ཏུ་མང་པོ་དག་འོང་བ་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་
དེ་ཁྱིམ་མི་ལ་དགོས་པ་གང་དག་ཡིན་པ་དེ་དག་ཀྱང་དགེ་སློང་རྣམས་ལ་བྲིམས་སོ། །དེ་དག་གིས་ཟོས་ཏེ་དོང་བ་དང་དེའི་བུ་དག་གིས་ཟས་བསླང་བར་བརྩམས་པ་ན་དེས་སྨྲས་པ། བུ་དག་ཁྱིམ་མི་ལ་དགོས་པ་གང་ཡིན་པ་དེ་དག་ཀྱང་དགེ་སློང་རྣམས་ལ་བྲིམས་ཀྱིས་གཞན་སྒྲུབ་ཀྱི་བར་
དུ་རེ་ཞིག་སྡོད་ཅིག །དེ་དག་གིས་ངུ་བར་བརྩམས་པ་ཐོས་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དག་ཏུ་སྔར་མགྲོན་དུ་མ་བོས་པར་དོང་སྟེ་རང་གི་ལག་གིས་བཅའ་བ་དང་། བཟའ་བ་བླངས་
ནས་འཆའ་བར་བྱེད། ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་
འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་སློབ་པ་དག་
གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་དག་ཏུ་སྔར་མགྲོན་དུ་མ་བོས་པར་དོང་སྟེ། རང་གི་ལག་གིས་བཅའ་བ་དང་། བཟའ་བ་བླངས་ནས་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་
Vol. 8 · folio 233a
ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་
སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སློབ་པ་དག་
གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ། ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ་རང་གི་ལག་གིས་བཅའ་བ་དང་། བཟའ་བ་བླངས་ནས་
འཆའ་འམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའི་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་
བའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པ་དེའི་ཚེ་ན་དགེ་སློང་འགའ་ཡང་དམག་དཔོན་སེང་གེའི་ཁྱིམ་དུ་མི་འགྲོའོ། །དེ་ནས་དམག་དཔོན་སེང་གེའི་ཆུང་མས་དམག་དཔོན་སེང་གེ་ལ་འདི་སྐད་ཅེས་
སྨྲས་སོ། །རྗེའི་སྲས་མཁྱེན་པར་མཛོད་ཅིག །དགེ་འདུན་གྱིས་སྐོལ་ཅག་ལ་བསླབ་པའི་སྡོམ་པ་སྩལ་ནས། དགེ་སློང་འགའ་ཡང་མི་མཆི་བས་དོན་གྱིས་ན་དགེ་འདུན་གྱིས་ཚུལ་ཤིང་གིས་སྐོལ་གྱི་དགེ་སློང་རྣམས་ཀྱི་བཤོས་ཤིན་ཏུ་བཀག་ཀྱང་གདན་གྱི་ལོངས་སྤྱོད་དང་། ཆོས་
སྟོན་པ་ལ་ནོངས་པ་ཅི་མཆིས་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་དམག་དཔོན་སེང་གེའི་ཁྱིམ་དུ་འགྲོ་བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། ཆོས་བསྟན་
Vol. 8 · folio 233b
པར་བྱ་ཞིང་བསོད་སྙོམས་བླང་བར་ནི་མི་བྱའོ། །དགེ་སློང་དག་ལྷུང་བཟེད་སྟོང་པ་ཁོ་ནས་དང་པོར་དེའི་ཁྱིམ་དུ་འཇུག་ཅིང་འབྱུང་ནས། དམག་དཔོན་སེང་གེའི་ཆུང་མས་དེ་མཐོང་བ་དང་། སྔོན་ནི་འཕགས་པ་འདི་དག་ལྷུང་བཟེད་སྟོང་པ་ཁོ་ནས་དང་པོར་བདག་གི་ཁྱིམ་དུ་ཞུགས་ནས་ལྷུང་
བཟེད་གང་བ་དང་ལག་པ་གང་བ་དག་གིས་འབྱུང་ན། ད་ནི་ལྷུང་བཟེད་སྟོང་པ་དང་ལག་པ་སྟོང་པ་དག་གིས་འབྱུང་ངོ་ཞེས་ངུ་བར་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་
གིས་ལྷུང་བཟེད་སྟོང་པ་ཁོ་ནས་དང་པོར་དེའི་ཁྱིམ་དུ་འཇུག་པར་མི་བྱའོ། །དགེ་སློང་དག་གིས་བསོད་སྙོམས་བརྒྱུས་ནས་ལྷུང་བཟེད་གང་བས་དེའི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། དེའི་བུ་བྱིས་པ་ཁྱེའུ་དག་བཅའ་བ་དག་སློང་བ་ན་དགེ་སློང་རྣམས་ཀྱིས་མ་བྱིན་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །དགེ་སློང་དག་གིས་རིལ་པོར་སྦྱིན་པར་བརྩམས་པ་དང་། བྱིས་པ་ཁྱེའུ་དག་གིས་བླངས་ནས་འཆའ་ཞིང་ཕྱིར་བྱུང་བ་གཅེར་བུ་པ་དག་གིས་མཐོང་ནས། དྲིས་པ་ཁྱེའུ་དག་ཁྱེད་ཅག་གིས་བཅའ་བ་ག་ལས་རྙེད། འཕགས་པ་དག་
གིས་བྱིན་ནོ། །མ་ཉེས་སོ་བུམ་པས་བུམ་པ་འགེངས་ཏེ། ཁྱེད་ཀྱང་དེ་དག་ལ་སྦྱིན་ལ། དེ་དག་ཀྱང་ཁྱེད་ལ་སྦྱིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་
བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་ཏེ་སྦྱིན་པར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་དམག་དཔོན་སེང་གེའི་ཆུང་མས་དགེ་སློང་འོངས་པ་རྣམས་ལ་ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་། རྩ་བ་དག་དང་། ལྡམ་ལྡུམ་ལ་སོགས་པ་ཚོད་མ་དག་ཕུལ་བ་དང་། དགེ་
སློང་དག་མི་ལེན་ནས་དེས་སྨྲས་པ། འཕགས་པ་དག་འདི་དག་གིས་བདག་ཅག་གི་མཛོད་དང་། བང་བ་དག་བས་པར་འགྱུར་རམ་ཅི་བཞེས་ཤིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Vol. 8 · folio 234a
དེ་ལྟ་བས་ན་དགེ་སློང་དག་གིས་ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་། རྩ་བ་དག་དང་། ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་འབྱུང་བ་བླང་བར་བྱའོ། །དེའི་ཚེ་ན་ཡངས་པ་ཅན་གྱི་ལིཙྪ་བཱི་དག་དཔོང་སའི་ཁང་པ་ན་གཏམ་འདྲེ་ཞིང་འཁོད་པ་དེ་དག་གིས་
དགེ་སློང་དེ་དག་དམག་དཔོན་སེང་གེའི་ཁྱིམ་ནས་བྱུང་བ་མཐོང་ནས་དེ་ན་གང་དག་མ་དད་པ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་གང་གི་ཚེ་དམག་དཔོན་སེང་གེ་དགེ་སྦྱོང་གཽ་ཏ་མ་ལ་མངོན་པར་དད་པར་གྱུར་པ་དེ་ཚུན་ཆད་ནས་དེའི་ལོངས་སྤྱོད་དག་སྲབས་པ་དང་། ཡོངས་སུ་ཟད་པ་དང་།
ཡོངས་སུ་གཏུགས་པར་གྱུར་ཏོ། །དད་པ་ཅན་དག་གིས་སྨྲས་པ། ཤེས་ལྡན་དག་གང་བཅོམ་ལྡན་འདས་ལ་མངོན་པར་དད་པ་དེའི་ལོངས་སྤྱོད་དག་སྲབས་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་ག་ལ་འགྱུར། འདི་ལྟར་དམག་དཔོན་སེང་གེས་ནི་བཅོམ་ལྡན་
འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་ནས་དེའི་ཞིང་ལས་ཀྱི་མཐའ་དག་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་རྒྱུན་བཅད་པས་དེས་ན་དེའི་ལོངས་སྤྱོད་དག་སྲབས་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་ཏོ། །ཡངས་པ་ཅན་གྱི་ལིཙྪ་བཱི་དག་གིས་གྲོས་བྱས་
ནས། དམག་དཔོན་སེང་གེའི་ཞིང་པ་དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅིའི་ཕྱིར་དམག་དཔོན་སེང་གེའི་ཞིང་ལས་ཀྱི་མཐའ་དག་མི་བྱེད། གླ་མ་ཐོབ་བམ་ཅི། དེ་དག་གིས་སྨྲས་པ། ཤེས་ལྡན་དག་གླ་མ་ཐོབ་པ་མ་ཡིན་ཏེ། དམག་དཔོན་གྱིས་བདག་ཅག་བཀག་ན་ཇི་ལྟར་
བྱ། ཁྱེད་ཅག་ལ་ཚོགས་ཀྱིས་བསྒོས། དེང་ལ་དམག་དཔོན་གྱི་ཞིང་ལས་ཀྱི་མཐའ་དག་གྱིས་ཤིག །དེ་དག་གིས་ཡངས་པ་ཅན་གྱི་ལིཙྪ་བཱི་དག་གི་ཚིག་གིས་དམག་དཔོན་སེང་གེའི་ཞིང་ལས་ཀྱི་མཐའ་དག་བྱ་བར་བརྩམས་པ་དང་། ལྷས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་ནས་
ལོ་ཏོག་གི་འབྱོར་པ་ཆེན་པོ་སྐྱེས་པར་གྱུར་ཏོ། །དམག་དཔོན་སེང་གེ་ཡང་ལོངས་སྤྱོད་དག་གིས་མཐོ་བར་གྱུར་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་
Vol. 8 · folio 234b
གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དམག་དཔོན་སེང་གེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་བདག་གི་ལོངས་སྤྱོད་དག་སྲབས་པ་དང་། ཡོངས་སུ་བས་པ་དང་། ཡོངས་སུ་གཏུགས་པར་གྱུར་ནས་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པ་བདག་ལ་བསླབ་
པའི་སྡོམ་པ་སྩལ་ན། ད་ནི་ཡངས་པ་ཅན་གྱི་ལིཙྪ་བཱིའི་ཚོགས་ཀྱིས་བདག་གི་ལོངས་སྤྱོད་བསྒྲུབས་ནས་ལོངས་སྤྱོད་དག་འཕེལ་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་པ་མཛད་ན་ལེགས་སོ། །བཅོམ་ལྡན་འདས་
ཀྱིས་དམག་དཔོན་སེང་གེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་
ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དམག་དཔོན་སེང་གེ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པའི་བསླབ་པའི་སྡོམ་པ་གཞིག་པར་བྱའོ་འདི་ལྟར་གཞིག་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་
དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དམག་དཔོན་སེང་གེས་ཕྱག་བྱས་ཏེ་རྒན་པའི་མཐའ་ལོགས་སུ་ཙོག་ཙོག་པོར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་
གསོལ། བདག་དམག་དཔོན་སེང་གེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། བདག་གིས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་
ཡང་མ་མཆིས་ཏེ། བདག་གིས་དེ་ལྟར་ཕུལ་ཞིང་དེ་ལྟར་ཡོངས་སུ་བཏང་བས་ལོངས་སྤྱོད་སྲབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ནས་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བདག་ལ་བསླབ་པའི་སྡོམ་པ་སྩལ་བ་ལས་བདག་དམག་དཔོན་སེང་གེ་ཡང་
Vol. 8 · folio 235a
ལོངས་སྤྱོད་འཕེལ་ནས། བདག་དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ། བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་པ་སྩལ་དུ་
གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་སོ། །དེ་ནས་དམག་དཔོན་སེང་གེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ནས་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་
སེང་གེ་དེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་
ལོངས་སྤྱོད་སྲབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ནས་དེ་ལ་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བསླབ་པའི་སྡོམ་པ་སྩལ་བ་ལས་དམག་དཔོན་སེང་གེ་དེ་ཡང་ལོངས་སྤྱོད་འཕེལ་ཏེ། དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་དགེ་འདུན་ལས་སྡོམ་པ་གཞིག་
པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་གཞིག་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་བཤིག་པ་དེར་
དགེ་སློང་རྣམས་ཀྱིས་འགྲོ་བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། བསོད་སྙོམས་བླང་བར་བྱ། ཆོས་བསྟན་པར་བྱའོ། །སློབ་པ་དག་གི་ཞེས་བྱ་བ་ལ། སློབ་པ་དག་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དག་དང་། ལན་གཅིག་ཕྱིར་འོང་བ་དག་དང་། ཕྱིར་མི་འོང་བ་དག་གོ། །ཁྱིམ་གང་
དག་ཅེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་གོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ་ཞེས་བྱ་བ་ནི་གསོལ་བའི་ལས་ཀྱིས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་
Vol. 8 · folio 235b
སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་ལྟ་བུ་དག་ཏུའོ། །སྔར་མགྲོན་དུ་མ་བོས་པར་ཞེས་བྱ་བ་ནི་སྔར་མ་བསྟབས་པར་རོ། །སོང་སྟེ་ཞེས་བྱ་བ་ནི་
སོང་ནས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླངས་ན་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་ནས་སོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་
ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཞེས་བྱ་བ་
ནི་སྨད་པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི་མཐོལ་བར་བྱ་བའོ། །བྱུང་གིས་ཞེས་བྱ་བ་ནི་ལྟུང་བ་བྱུང་གིས་སོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ་ཞེས་
བྱ་བ་ནི་མཐོལ་ལོ་ཞེས་སོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་བྱ་བ་ནི་མཐོལ་བར་བྱ་སྟེའོ། །ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ་ཞེས་བྱ་བ་ནི་ཆོས་འདི་ཡང་མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་
ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་སློབ་པ་དག་གིས་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ་རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་འཆའ་འམ་ཟ་ན་ཐམས་ཅད་དུ་སོ་སོར་བཤགས་པར་བྱ་བར་
འགྱུར་རོ། །སྔར་མགྲོན་དུ་བོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པ་རྫོགས་སྷོ།། །།སངས་
Vol. 8 · folio 236a
རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་སེར་སྐྱའི་གནས་ཀྱི་ནགས་སུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་འབྱུང་བར་འགྱུར་བ་ན་སྤྱོད་ཡུལ་གྱི་གྲོང་དུ་ཞག་འདི་སྙེད་ན་དགག་
དབྱེ་འབྱུང་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་རྣམས་དོང་སྟེ་བརྗོད་དོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་དག་དེ་གཉིས་ཀྱི་དགག་དབྱེ་བཅྭ་ལྔ་པ་ལ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་
ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་
དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་
ནས་ཅང་མི་གསུང་ངོ་། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་
དང་བཅས་པས་སང་འདི་ཉིད་དུ་བདག་ཅག་གི་གདུགས་ཚོད་གསོལ་བར་ཅི་གནང་། སང་དགེ་སློང་འགས་ཀྱང་བསོད་སྙོམས་ལ་འཇུག་པར་མི་བགྱི་སྟེ། བདག་ཅག་བསོད་སྙོམས་འཚལ་ཏེ་མཆི་ཞིང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རང་གི་སུག་པ་
ནས་ཚིམ་ཞིང་སྟོབས་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་
Vol. 8 · folio 236b
ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེ་དག་གིས་སེར་སྐྱའི་གནས་སུ་དོང་སྟེ། དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས་དེ་ནས་ནང་པར་སྔར་ལངས་ཏེ་
བཅའ་བ་དང་བཟའ་བ་དག་གིས་ཤིང་རྟ་དག་བཀང་ནས་ཤཱཀྱ་མོ་རྣམས་ལ་སྨྲས་པ། ཁྱེད་ཅག་ཇེ་ཤིང་རྟ་དག་ཞོན་ལ་དེངས་ཤིག་དང་ཁོ་བོ་ཅག་ཀྱང་ཕྱི་བཞིན་འོང་ངོ་། །དེ་ནས་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཤིང་རྟ་དག་ལ་ཞོན་ནས་འཕགས་སོ། །སེར་སྐྱའི་གནས་ཀྱི་
ཉེན་ཀོར་ཐིབས་པོ་ཡིན་པས་དེ་དག་ལམ་ཀར་ཆོམ་རྐུན་པ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་དག་འདོང་གིས་ཚུར་ཤེག་གཞོམ་མོ། །ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། ཤེས་ལྡན་དག་འདོང་དུ་
ཟད་མོད་ཁྱེད་ཅག་ལ་འདི་དག་བཅོམ་པས་ཅི་བྱ། ཤཱཀྱ་གདུག་པ་ཕ་རོལ་གནོན་པ་དག་གནོན་པ་བྱེད་པར་འགྱུར་གྱིས་ཐོང་ཤིག །དེ་དག་གིས་སྨྲས་པ། དམག་དཔོན་ཟླ་བའི་རྒྱབ་སུས་མཐོང་། གཞོམ་མོ་ཞེས་དེ་དག་གིས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དག་བཅོམ་
ནས། གོས་དང་རྒྱན་ཐམས་ཅད་ཕྲོགས་ཏེ་དོང་ངོ་། །ཤཱཀྱ་མོ་དེ་དག་ཀྱང་འཇིགས་ཤིང་སྐྲག་ནས་སྒྲེན་མོར་ཚང་ཚིང་དང་ནགས་མ་དག་གི་ནང་དུ་ཡིབ་སྟེ་འཁོད་དོ། །ཤིང་རྟ་དེད་པ་དག་ཀྱང་སྐྲག་ནས་བྱེར་རོ། །གླང་དག་ཀྱང་ཆུ་དག་བཅད་ནས་ཅི་དགར་ཡན་ཅིང་འཁོད་དོ། །
ཤིང་རྟ་དག་ཀྱང་ཤིང་རྟའི་མདའ་དང་བྲལ་ཏེ་འདུག་གོ། །དྲུག་སྡེ་དག་གིས་ཕན་ཚུན་གྲོས་བྱ་བར་བརྩམས་པ། དགའ་བོ་ཉེ་དགའ་ཤཱཀྱ་བག་མེད་པ་དག་ཡུན་རིང་དུ་ཐོགས་པས་བདག་ཅག་གིས་ཟན་གཅད་པར་བྱའམ་ཅི། བསོད་སྙོམས་ལ་འདོང་ངོ་། །དེ་ལྟར་བྱའོ་ཞེས་
དེ་དག་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་འཕགས་པ་དང་། ཇི་ཙམ་ན་ལམ་ཀ་ན་ཤིང་རྟ་བཅའ་བ་དང་། བཟའ་བས་གང་བ་ཤིང་རྟའི་མདའ་དང་བྲལ་བ་དག་འདུག་པ་དང་། གླང་དག་ཆུ་དག་བཅད་དེ་ཅི་དགར་ཡན་ཅིང་འཁོད་པ་དག་མཐོང་ནས་དེ་དག་གིས་ཕན་ཚུན་རྣམ་པར་
Vol. 8 · folio 237a
བལྟས་ནས་བོད་པར་བརྩམས་པ། ཤེས་ལྡན་དག་འདི་ན་སུ་འཁོད། དེ་དག་གིས་སྐད་ཕྱུང་བ་དང་། དྲུག་སྡེ་དག་གིས་སྨྲས་པ་ཁྱེད་ཅག་སུ་ཡིན། འཕགས་པ་དག་བདག་ཅག་ཤཱཀྱ་མོ་དག་གོ་ཚུར་ཤེག་ཁོ་བོ་ཅག་ལ་བྲིམས་ཤིག །འཕགས་པ་དག་བདག་ཅག་
ཆོམ་རྐུན་པ་དག་གིས་བཅོམ་སྟེ་སྒྲེན་མོར་མཆིས་སོ། །ཁོ་བོ་ཅག་གདུགས་ཚོད་ཡོལ་གྱིས་ཚུར་ཤེག་ཁྱེད་ཅག་གི་ཡན་ལག་དང་ཉིང་ལག་དག་ལས་ཁོ་བོ་ཅག་གིས་སྔོན་མ་མཐོང་བ་གང་ཡོད་ཚུར་ཤེག་དེ་དག་ལོ་མ་དག་གིས་གཡོགས་ཏེ་བྱུང་ནས་བྲིམ་པར་བརྩམས་པ་དང་། དྲུག་
སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྟོས་ཤིག་ཤཱཀྱ་མོ་འདི་དག་གི་མིག་ཅི་འདྲ། སྣ་ཅི་འདྲ་མཆུ་ཅི་འདྲ་ནུ་མ་ཅི་འདྲ་ལག་པ་ཅི་འདྲ་རྐེད་པ་ཅི་འདྲ། རྐང་པ་ཅི་འདྲ་ལྟོས་ཤིག །དེ་དག་དེ་ལྟར་གཙེས་པ་ན་ངོ་ཚ་ནས་ཚང་ཚིང་དང་ནགས་མ་དེ་དག་ཉིད་ཀྱི་ནང་དུ་ཡིབ་སྟེ་འཁོད་
དོ། །བསེལ་བ་དག་གིས་ཤཱཀྱ་རྣམས་ལ་ཤཱཀྱ་མོ་རྣམས་བཅོམ་མོ་ཞེས་སྦྲན་པ་དང་། དེ་ནས་ཤཱཀྱ་དག་མདའ་གཞུ་ལག་ན་ཐོགས་ཤིང་མཚོན་གཟས་པ་དག་གིས་ལམ་ཀར་དོང་སྟེ། ལམ་བགགས་ནས་དེ་དག་གིས་ཆོམ་རྐུན་པ་དེ་དག་བཟུང་ངོ་། །དེ་ན་ཁ་ཅིག་གིས་སྨྲས་པ།
འདི་དག་ལ་བཏང་སྙོམས་བྱར་ཅི་ཡོད་གསད་དོ་ཁ་ཅིག་གིས་སྨྲས་པ། རེ་ཞིག་དེར་ཁྲིད་ལ་ཤཱཀྱ་མོ་རྣམས་ལ་དྲིས་ཏེ། གང་ལ་ཡན་ལག་གང་གིས་ཉེས་པ་བྱས་པ་དེའི་དེ་གཅད་པར་བྱའོ། །དེ་དག་གིས་དེ་དག་ཁྲིད་ནས་ཤཱཀྱ་མོ་རྣམས་ཀྱི་གན་དུ་དོང་སྟེ་སྨྲས་པ། ཚུར་ཤེག་ཆོམ་
རྐུན་པ་འདི་དག་ལས་གང་གིས་ཁྱེད་ཅག་ལ་ཡན་ལག་གང་གིས་ཉེས་པ་བྱས་པ་སྨྲོས་ཤིག །དེ་དག་གིས་སྨྲས་པ། ཆོམ་རྐུན་པའི་དམག་དཔོན་འདི་ནི་ཉེས་པ་མེད་པ་གནོད་པ་མི་བྱེད་པ་ཡིན་ཏེ། འདིས་དེ་དག་བཟློག་ན་དེ་དག་མ་བཏུབ་པས་འདི་ནི་ཐོང་ཤིག །དེ་དག་
གིས་དེ་བཏང་ངོ་དེ་སྲོག་དེའུ་ཆད་པ་ལས་ཕྱིར་ཐོབ་ནས་དེས་དེ་དག་གི་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་དད་པ་སྐྱེས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་དུ་འགྲོ་བ་ཡིན་ན་འདི་དག་བསད་པས་ཁྱེད་ལ་ཅི་བྱ།
Vol. 8 · folio 237b
ཉེས་པ་བྱེད་པ་འདི་དག་ཀྱང་བཏང་བར་གསོལ། དེ་དག་གིས་དེ་དག་ལས་བཅོམ་པའི་རྫས་དག་ཕྱིར་བཀུག་སྟེ་བཏང་ངོ་། །དེ་ནས་ཤཱཀྱ་དེ་དག་གིས་ཤཱཀྱ་མོ་དེ་དག་གོས་བསྐོན་ཅིང་རྒྱན་ཐོགས་སུ་བཅུག་ནས་ཤིང་རྟ་དག་ཀྱང་ཆུ་དག་བཏགས་ཏེ་ཤིང་རྟ་ལ་ཞོན་ནས་བཅོམ་ལྡན་འདས་ཀྱི་
སྤྱན་སྔར་དོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་པ་དང་། ཤཱཀྱ་དང་ཤཱཀྱ་མོ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་སོ། །ཤཱཀྱ་མོ་རྣམས་དྲུག་སྡེ་དག་ལ་ཟས་མི་སྦྱིན་ནས་
ཤཱཀྱ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་འཕགས་པ་དག་ལ་ཞལ་ཟས་མི་གསོལ། དེ་དག་གིས་སྨྲས་པ། འདི་དག་གིས་ཟོས་ཟིན་ཏོ། །གང་དུ་གསོལ། དེ་ཉིད་དུའོ་སུས་བྲིམས། ཁོ་མོ་ཅག་གིས་སོ། །ཁྱེད་ཅག་སྒྲེན་མོ་དག་གིས་ཇི་ལྟར་བྲིམས། དེའི་ཕྱིར་འདི་དག་གིས་
ཁོ་མོ་ཅག་ཐོ་བཙམས་ཏེ་ཇི་ལྟར་ཁོ་མོ་ཅག་ལོ་མ་དག་གིས་གཡོགས་ཏེ་ཚང་ཚིང་དང་ནགས་མ་དག་གི་ནང་ནས་བྱུང་སྟེ་བྲིམ་པར་བརྩམས་པ་དང་། འདི་དག་གིས་ཐོ་བཙམས་ཏེ་འདི་ལྟར་བརྗོད་པར་བྱ་བ་མང་དུ་ཡོད་དོ། །དེ་ནི་མཇལ་གྱིས་འདི་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་
པ་ཡིན་གྱིས་འདི་དག་ལ་ཟས་མི་སྦྱིན་ནོ། །དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་དེ་དག་གིས་དགེ་སློང་གི་དགེ་འདུན་ལ་བྲིམས་ནས་སྨྲས་པ། འཕགས་པ་དག་ཀྱེ་མ་ཁྱེད་ཀྱིས་ལམ་འདི་འཇིགས་པ་དང་བཅས་པ་ཡིན་ནོ་ཞེས་བཀའ་སྩལ་ན་བདག་ཅག་བག་བགྱིད་ཅིང་
མཆིའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་ནགས་ཉུལ་བ་བསྐོ་བར་བྱ་སྟེ། དགེ་སློང་ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་
བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན་འདུན་པས་འགྲོ་བ་དང་ཞེ་སྡང་གིས་འགྲོ་བ་དང་གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ནགས་བྱུལ་བ་དང་མ་བྱུལ་བ་མི་ཤེས་པའོ། །ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་
Vol. 8 · folio 238a
བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན་འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། ནགས་བྱུལ་བ་དང་མ་བྱུལ་བ་ཤེས་པའོ། །འདི་ལྟར་བསྐོ་
བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་ནགས་ཉུལ་བར་སྤྲོའམ།
གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་
ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནགས་ཉུལ་བར་བསྐོ་སྟེ། དགེ་སློང་ནགས་ཉུལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་ལོ། །འདི་ནི་གསོལ་བའོ་ལས་ནི་འདི་ལྟར་བྱ་སྟེ། དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ཏེ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་ན། ཚེ་དང་ལྡན་པ་གང་དག་
མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ལགས་སོ། །མིང་འདི་ཞེས་བགྱི་བ་འདི་
དགེ་འདུན་གྱི་ནགས་ཉུལ་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་དགེ་སློང་ནགས་ཉུལ་བའི་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ་ཁོ་ར་ཁོར་ཡུག་ཏུ་ནགས་བྱུལ་བར་བྱའོ། །བཅོམ་ལྡན་
Vol. 8 · folio 238b
འདས་ཀྱིས་དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ་ཁོ་ར་ཁོར་ཡུག་ཏུ་ནགས་བྱུལ་བར་བྱའོ། །ཞེས་བཀའ་སྩལ་ནས་དེ་ལམ་གྱིས་དུབ་ཅིང་གཅིག་པུ་འཇིགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གལ་ཏེ་འདོད་ན་ཁྱེའུ་སུས་སྦྱིན་པར་བྱ་
ཞིང་གྲོགས་ཀྱང་སྦྱིན་པར་བྱའོ། །གལ་ཏེ་ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དེས་དུད་བརྡ་གཏུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་དག་ལམ་ཀར་གཞག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་མེད་པ་ཉིད་ཡིན་ན་བ་དན་དཀར་པོ་བསྒྲེང་
བར་བྱའོ། །དགེ་སློང་ནགས་ཉུལ་བས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་ནགས་སྔར་མ་བྱུལ་བར་ཀུན་དགའི་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་
ཏེ་འཆའ་ཞིང་ཟ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་
མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་སྔར་ནགས་མ་བྱུལ་
བར་ཀུན་དགའི་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་
བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་
Vol. 8 · folio 239a
ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་
པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ། ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་
པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་བྱུལ་བར་ཀུན་དགའི་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་
རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གནས་མལ་དགོན་པ་གང་དག་ཅེས་
བྱ་བ་ལ་དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ་རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ། །ལྕགས་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ། །རི་བོང་གི་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་རྡུལ་དྲུག་ལ་
གླང་རྡུལ་གཅིག་གོ། །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། །སྲོ་མ་དྲུག་ལ་ཤིག་གཅིག་གོ། །ཤིག་དྲུག་ལ་ནས་གཅིག་གོ། །ནས་དྲུག་ལ་སོར་གཅིག་གོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་
མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ། གྲོང་ནས་རྒྱང་གྲགས་གཅིག་ནི་དགོན་པ་སྟེ། དེ་ན་གཙུག་ལག་ཁང་གང་ཡོད་པ་དེ་ནི་གནས་མལ་དགོན་པ་ཡིན་ནོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་གཡོན་ཅན་
Vol. 8 · folio 239b
གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་། སྟག་དང་གུང་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ་ཞེས་བྱ་བ་ནི་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་དང་། རླུང་
དང་ཉི་མ་དང་སྡིག་སྦྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་
དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་ལྟ་བུ་དག་ཏུའོ། །སྔར་མ་བྱུལ་བར་ཞེས་བྱ་བ་ནི་ནགས་ཉུལ་བས་སྔར་མ་བྱུལ་བར་རོ། །ཀུན་དགའ་ར་བའི་ཕྱི་རོལ་དུ་ཞེས་བྱ་བ་ནི་གཙུག་ལག་
ཁང་གི་ཕྱི་རོལ་དུའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླངས་ཏེ་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་སྟེའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་ར་བར་
སོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཞེས་བྱ་བ་ནི་སྨད་པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་པའོ། །སོ་སོར་
བཤགས་པར་བྱ་བ་ཞེས་བྱ་བ་ནི་མཐོལ་བར་བྱ་བའོ། །བྱུང་གིས་ཞེས་བྱ་བ་ནི་ལྟུང་བ་བྱུང་གིས་སོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ་ཞེས་བྱ་བ་ནི་མཐོལ་ལོ་ཞེས་པའོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་བྱ་བ་ནི་མཐོལ་
བར་བྱ་སྟེའོ། །ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ་ཞེས་བྱ་བ་ནི་ཆོས་འདི་ཡང་མཐོལ་བར་བྱ་བ་སྟེ་དེས་ན་སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ནགས་མ་བྱུལ་བ་ལ་མ་བྱུལ་བར་འདུ་ཤེས་པས་ཀུན་དགའ་ར་
Vol. 8 · folio 240a
བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །ནགས་མ་བྱུལ་བ་ལ་ཡིད་གཉིས་ཟ་བས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །
དགེ་སློང་གིས་ནགས་བྱུལ་བ་ལ་མ་བྱུལ་བར་འདུ་ཤེས་པས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །ནགས་བྱུལ་བ་ལ་ཡིད་གཉིས་ཟ་བས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན་ཉེས་བྱས་
སུ་འགྱུར་རོ། །ནགས་ཉུལ་བ་ཤི་འམ་བྲོས་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་པ་དང་། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པ་རྫོགས་སྷོ། །སོ་སོར་བཤགས་པར་བྱ་
བ་རྣམས་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བརྒྱད་བཅུ་རྩ་གཉིས་པ། སྤྱི་སྡོམ་ལ། ཤམ་ཐབས་ཟླུམ་དང་ཆོས་གོས་ཟླུམ། །མགོ་མི་གཡོག་དང་མི་མཆོད་དང་། །མིག་མི་བསྒྱུར་དང་མ་བསྒོ་དང་། །ལེགས་བླང་ལེགས་བཟའ་ཙུག་ཙུག་དང་། །
འབྲུ་ནས་ཐ་དད་ལག་མི་བལྡག །འཕྱ་དང་ལྷུང་བཟེད་འདུག་པ་དང་། །མགོ་གཡོགས་དོ་ཀེར་གླང་ཆེན་ཞོན། །ཁར་བ་དང་ནི་འགྲེང་བ་དང་། །ཤིང་ལ་འཛེག་པར་མི་བྱ་བ། །བསླབ་པ་བརྒྱ་པོ་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་
ནགས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་པ་དག་སྐྱོན་མེད་པ་ལ་འཇུག་པས་དགེ་སློང་ཉིད་ལ་བཀོད་པ་དེའི་ཚེ་ན་དེ་དག་སྔོན་གོམས་པའི་སྦྱོར་བས་ཤམ་ཐབས་ཁྱིམ་པ་བཞིན་དུ་གྱོན་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་
སྨྲས་པ། འཕགས་པ་དག་ཇི་ལྟར་ཁྱེད་ཤམ་ཐབས་གསོལ་བ་འདི་ལྟར་ནོར་ཅན་དག་དང་ཚོང་དཔོན་དག་དང་། དེད་དཔོན་དག་འཚལ་བར་བགྱིད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ།
Vol. 8 · folio 240b
ཁྱིམ་པ་དག་ཟེར་བ་བདེན་གྱིས་ངས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་དག་ཤམ་ཐབས་ཇི་ལྟར་གྱོན་པར་གྱུར་པ་བསམ་མོ་སྙམ་དུ་དགོངས་པ་དང་། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འདི་ལྟ་སྟེ། གནས་གཙང་མའི་རིས་
ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་ཉིད་ལ་ཡང་འདི་ལྟ་སྟེ། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ལྟ་བུར་མཁྱེན་པ་དང་གཟིགས་པ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ལྔ་པ་དག་གིས་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །དེ་བཞིན་དུ་ཉེ་ལྔ་དག་
དང་མངོན་པར་མཐོ་བ་ལྔ་བཅུ་དང་། བཟང་སྡེའི་ཚོགས་དྲུག་བཅུ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས་བརྒྱུད་པས་དགེ་སློང་དག་གིས་རབ་ཏུ་ཕྱུང་བ་གང་དག་ཡིན་པ་དེ་དག་གིས་ཀྱང་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །གང་གི་ཚེ་དྲུག་སྡེ་དག་རབ་ཏུ་ཕྱུང་བ་དེའི་ཚེ་ན་དེ་དག་གིས་ཤམ་
ཐབས་ཧ་ཅང་རྩེངས་པར་བགོ་བར་བརྩམས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་ནལ་གྱི་བུ་དག་ཤམ་ཐབས་འདི་ལྟར་འཆོལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་
ཧ་ཅང་རྩེངས་པར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་
དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།
Vol. 8 · folio 241a
ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་གིས་ཧ་ཅང་འཇོལ་བར་བགོ་བར་བརྩམས་པ་དང་།
བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཏག་ཀའི་ཡུལ་ན་གནས་པའི་བུད་མེད་དག་དང་རིགས་ཀྱི་མནའ་མ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཤམ་ཐབས་ཧ་ཅང་
འཇོལ་བར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ཤམ་ཐབས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་མདུན་འཕྱང་བར་བྱེད་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་ཆང་གིས་ར་རོ་བ་དག་དང་། འབྱུང་
པོ་དང་ཤ་ཟས་བརླམས་པ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་
ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་
Vol. 8 · folio 241b
བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་གློ་དག་ཏུ་ལྟེབ་པར་བྱེད་ནས།
བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གར་མཁན་དག་ཚོགས་ཀྱི་ནང་དུ་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་
ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པར་བགོ་བར་
བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་གློར་བལྟབ་སྟེ་ཕུར་མ་ལྟར་འཇོག་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ཅན་དག་དང་ཚོང་དཔོན་དག་དང་དེད་དཔོན་དག་དང་། བུད་མེད་དག་ཤམ་ཐབས་
འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་
དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་
Vol. 8 · folio 242a
བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་འབྲུའི་ཕུར་མ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་བྱེད་ནས། བྲམ་
ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་རྒྱན་པོ་བགྱིད་པ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །
འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པར་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ།
ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་
ནི་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་
མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་
དང་། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཆོས་གོས་གྱོན་པ་ན་ཇི་ལྟར་བགོ་བ་མི་ཤེས་ནས་བཅོམ་ལྡན་འདས་
Vol. 8 · folio 242b
ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་ཆོས་གོས་ཧ་ཅང་རྩེངས་པར་གྱོན་པར་བྱེད་ནས། བྲམ་ཟེ་
དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་སྟོད་གཡོགས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་
འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་
འདས་ཀྱིས་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་ཧ་ཅང་འཇོལ་བར་གྱོན་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ཏ་ག་ཀའི་ཡུལ་ན་གནས་པའི་མི་དག་དང་། རིགས་
ཀྱི་མནའ་མ་དག་སྟོད་གཡོགས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་
ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ།
Vol. 8 · folio 243a
དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་དང་རྐང་པ་རྐྱོང་བར་བྱེད་ཅིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་།
ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། ཆང་གིས་ར་རོ་བ་དག་དང་འབྱུང་པོ་དང་ཤ་ཟས་བརླམས་པ་དག་ལག་པ་དང་རྐང་པ་འདི་ལྟར་རྐྱོང་བར་བགྱིད་ཅིང་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག་
དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཤིན་ཏུ་བསྡམས་ཤིང་ཁྱིམ་
གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཆོས་གོས་བསྡུས་ཤིང་ཕྲག་པ་ལ་གཟར་ཏེ་ཁྱིམ་གཞན་དུ་འགྲོ་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གྱད་འགྱེད་སར་མཆི་བ་དག་སྟོད་གཡོགས་འདི་ལྟར་འཚལ་བས་
འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་
ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
Vol. 8 · folio 243b
པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་བྱུང་རྒྱལ་སྨྲ་བས་སྒྲ་འབྱིན་ཅིང་ཁྱིམ་གཞན་དུ་འདོང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་
དང་། ཆང་གིས་ར་རོ་བ་དག་དང་། འབྱུང་པོ་དང་། ཤ་ཟས་བརླམས་པ་དག་འདི་ལྟར་བྱུང་རྒྱལ་སྨྲ་བས་སྒྲ་འབྱིན་ཅིང་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་སྒྲ་འབྱིན་ཅིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་
པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སྒྲ་བསྐྱུང་ཞིང་ཚིག་ཉུང་ངུས་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་
སྡེ་དག་མིག་ཡེངས་ཤིང་ཁྱིམ་གཞན་དུ་འགྲོ་བ་ན་དེ་དག་གླང་པོ་ཆེ་འཁྲུལ་པ་དང་ལྷན་ཅིག་འདོམ་པ་དང་། རྟ་འཁྲུལ་པ་དང་། ཤིང་རྟ་འཁྲུལ་པ་དང་། རྐང་ཏང་འཁྲུལ་པ་དང་འདོམ་ཞིང་དེ་དག་གིས་བརྔོས་ཤིང་ཕུལ་བ་ན་མི་གཙང་བ་དང་། རྫབ་ཀྱི་ཁུང་དང་། ཕྱག་དར་གྱི་
ཁྲོད་དུ་སྒྱེལ་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་སྐར་མ་ལ་རྟོག་པ་དག་དང་། མིག་བཙུམས་པ་དག་བཞིན་ཅིའི་ཕྱིར་གཟིགས། ས་ལ་གཟིགས་ན་ཅི་ནོངས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་
ཡེངས་ཤིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་
Vol. 8 · folio 244a
ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་
ལྟར་གདོན་པར་བྱ་སྟེ། མིག་གཡེང་བར་མི་བྱ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་མིག་རྒྱང་རིང་པོར་ལྟ་ཞིང་ཁྱིམ་གཞན་དུ་འདོང་བ་ན། དེ་དག་སྤྱོད་ལམ་ཉམས་ཤིང་ལམ་ཤོར་བ་ལ་སོགས་པར་གྱུར་ནས། བྲམ་ཟེ་དང་། ཁྱིམ་བདག་དད་
པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་སྐར་མ་ལ་རྟོག་པ་དག་དང་། བྱ་ར་བ་དག་འདི་ལྟར་ལྟ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་གཟིགས་ཤིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་
པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་
པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ཆོས་
གོས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། སྒྲ་བསྐྱུང་བ་དང་། མིག་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་
ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་མགོ་གཡོགས་ཤིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་རིགས་ཀྱི་མནའ་མ་དག་དང་། མིག་ན་བ་དག་དང་། སྦྲང་རྩིའི་སྦྲང་
Vol. 8 · folio 244b
བུས་འཇིགས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གཡོགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་
དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་
ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མགོ་མི་གཡོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་
དེ། འཕགས་པ་དག་བཤང་བ་དང་གཅི་བ་བགྱིད་པའི་མི་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བརྫེ་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་
ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་
ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་བརྫེ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཆོས་གོས་ཕྲག་པ་ལ་གཟར་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་
བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གཟར་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས།
Vol. 8 · folio 245a
ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་
སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་གཟར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་
དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་གཉའ་གོང་དུ་མ་བསྣོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་
པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་ལྟག་
པར་བསྣོལ་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གཡོག་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་ལྟག་པར་མ་བསྣོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་
འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
Vol. 8 · folio 245b
འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་
མདོ་ནི་མགོ་མི་གཡོག་པ་དང་། མི་བརྫེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང་། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་རིབ་མ་ལ་མཆོང་ཞིང་ཁྱིམ་གཞན་དུ་འདོང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་
དག་སྨོད་པར་བྱེད་དེ། འཕགས་པ་དག་འཇིགས་པས་སྐྲག་ཅིང་འབྲོས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཆོང་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་
དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་
སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་མཆོང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་གོམ་པ་ཧ་ཅང་ཆེན་པོ་དག་གིས་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་
པར་བྱེད་དེ། འཕགས་པ་དག་ཆང་གིས་ར་རོ་བ་དག་དང་། འབྱུང་པོ་དང་། ཤ་ཟས་བརླམས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་
པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་
Vol. 8 · folio 246a
བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་བརྐྱང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཙོག་པུས་ཁྱིམ་གཞན་དུ་འདོང་ནས། བྲམ་ཟེ་དང་ཁྱིམ་བདག་
དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་འགྲོས་ཉམས་པ་དག་དང་། རྐང་བམ་ཅན་དག་དང་། བྱིས་པ་ཁྱེའུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །
འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་
ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཙོག་པུས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་རྐང་པའི་བྲང་བ་དག་གིས་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་
དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་སྨིག་མ་བཞིན་དུ་རྩེ་བ་དག་དང་། རྐང་མཐིལ་སྨས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་
དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བྲང་བས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་
Vol. 8 · folio 246b
གཉིས་དཀུར་བརྟེན་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ཅན་དག་དང་། ཚོང་དཔོན་དག་དང་དེད་དཔོན་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་
ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་
བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་མི་མཆོང་བ་དང་། མི་བརྐྱང་བ་དང་། ཙོག་པུས་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལུས་བསྒྱུར་ཞིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་།
ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གཟུགས་འཚོང་མ་དག་དང་། གླང་པོ་ཆེ་དག་དང་། བལ་གླང་མོ་དག་འདི་ལྟར་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་དེ་ལ་དགོས་པ་ཡོད་དོ། །
འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་
དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལུས་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་དཀྱོག་ཅིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་
Vol. 8 · folio 247a
དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་
ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ།
ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་དཀྱོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་མགོ་སྒྱུར་ཞིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་
ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གླང་པོ་ཆེ་དག་དང་། སྲོག་ཆགས་རྩངས་པ་དག་འདི་ལྟར་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་
པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་
ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མགོ་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཕྲག་པ་སྤྲད་ཅིང་ཁྱིམ་གཞན་དུ་འདོང་བ་ན། ཇི་ཙམ་ན་མི་ཞིག་སྤོས་དང་མེ་ཏོག་
གིས་བརྒྱན་ཏེ། འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན། ཅི་འདིའི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང་མེ་ཏོག་ཐོགས་མ་མྱོང་སྙམ་པ་འདྲས་
Vol. 8 · folio 247b
ཚུར་ཤེག་འདི་མི་དགའ་བར་བྱའོ། །དེ་ལྟར་བྱའོ་ཞེས་དེ་ན་དེ་དག་གཅིག་དང་གཅིག་ཕྲག་པ་སྤྲད་ཅིང་གཞན་དང་གཞན་ཡང་ཕྲག་པ་སྤྲད་དེ། དེ་ཕུལ་བ་དང་ས་ལ་འགྱེལ་ནས་དེས་སྨྲས་པ། བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་བགྱིས། བཀྲེན་པ་ཁྱོད་ཀྱི་སྙིང་ལམ་ན་དྲུག་སྡེ་དག་
གིས་སྔོན་ལན་འགའ་ཡང་སྤོས་དང་མེ་ཏོག་ཐོགས་མ་མྱོང་སྙམ་པས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་
བདག་དེ་གནས་སུ་སྨོད་པར་བྱེད་དོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཕྲག་པ་མི་སྤྲད་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་སྦྲེལ་ཅིང་ཁྱིམ་གཞན་དུ་འདོང་བ་ན། ཇི་ཙམ་
ན་མི་ཞིག་སྤོས་དང་མེ་ཏོག་གིས་བརྒྱན་ཏེ། འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན། ཅི་འདིའི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང་མེ་ཏོག་ཐོགས་
མ་མྱོང་སྙམ་པ་འདྲས། ཚུར་ཤེག་འདི་མི་དགའ་བར་བྱའོ། །དེ་ལྟར་བྱའོ་ཞེས་དེ་ན་དེ་དག་གཅིག་དང་གཅིག་ལག་པ་སྦྲེལ་ཅིང་གཞན་དང་གཞན་ཡང་ལག་པ་སྦྲེལ་ཏེ་ཕུལ་བ་དང་ས་ལ་འགྱེལ་ནས། དེས་སྨྲས་པ། བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་བགྱིས། བཀྲེན་པ་ཁྱོད་ཀྱི་
སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་སྤོས་དང་མེ་ཏོག་ཐོགས་མ་མྱོང་སྙམ་པས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་དགོངས་པ། ཁྱིམ་བདག་དེ་གནས་སུ་སྨོད་པར་བྱེད་དོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་
Vol. 8 · folio 248a
མདོ་ནི་ལུས་མི་བསྒྱུར་བ་དང་། ལག་པ་མི་དཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་
གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་གཙང་སྦྲ་འདོད་པ་ཞིག་འདུག་པ་དེས་སྒོ་ཁང་དུ་མལ་བཤམས་ནས། དེ་ན་བུ་མོ་ཞིག་བསིལ་ཡབ་ཐོགས་ཏེ་སྦྲང་མ་སྐྱོབ་ཅིང་འདུག་གོ། །ཚེ་དང་ལྡན་པ་ཉེ་དགའ་དེའི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས་དེས་སྨྲས་པ། བུ་མོ་
བྲམ་ཟེའི་གན་དུ་སོང་ལ་ཉེ་དགའ་སྒོ་ན་སྡོད་དོ་ཞེས་གྱིས་ཤིག །དེས་སྨྲས་པ། འཕགས་པ་བདག་འདི་ན་སྦྲང་མ་སྐྱོབ་ཅིང་མཆིས་པས་མི་མཆིའོ། །དེས་སྨྲས་པ། བུ་མོ་གལ་ཏེ་དེ་ལྟ་ན་ཁོ་བོས་རེ་ཞིག་བསྲུང་གིས་ཁྱོད་སོང་ལ་སྨྲོས་ཤིག །དེ་སོང་བ་དང་ཉེ་དགའ་རྐང་པ་དང་བཅས་པར་
འཛེགས་ཏེ། མལ་དེའི་སྟེང་དུ་འདུག་གོ། །བྲམ་ཟེ་དེ་ཕྱིར་བྱུང་བ་དང་ཉེ་དགའ་རྐང་པ་དང་བཅས་པའི་མལ་གྱི་སྟེང་དུ་འཛེགས་ཏེ་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། འཇིག་རྟེན་གྱི་གཙང་སྦྲ་ནི་ཐ་དད་པ་ཡིན་ན། ཅིའི་ཕྱིར་ཁྱོད་འདིར་རྐང་པ་དང་བཅས་པར་འཛེགས་ཏེ་འདུག་
དེས་སྨྲས་པ། བྲམ་ཟེ་དགེ་སློང་གིས་མལ་ལ་ལོངས་སྤྱད་པ་གང་ཡིན་པ་ནི་ཁྱོད་ཀྱི་ཁྱིམ་བདུན་པ་ཚུན་ཆད་ལ་ཕན་བཏགས་པ་ཡིན་ནོ། །དེ་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དེ་གནས་སུ་སྨོད་དོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་
ཀས་གཏུམ་མོ་བཏུལ་བ་དེའི་ཚེ་ན་དེས་དྲང་སྲོང་གི་སྟན་བཤམས་ནས་ཚེ་དང་ལྡན་པ་འཆར་ཀས་ལོངས་སྤྱད་ཅིང་སྤྱད་ཅིང་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་དེས་གཏུམ་མོ་ལ་སྨྲས་པ། སྲིང་མོ་ཁྱོད་བལྟས་ཀྱིས་ལྗོངས་རྒྱུར་འགྲོའོ། །དེས་སྨྲས་པ། འཕགས་པ་མྱུར་དུ་སླར་སྤྱོན་
Vol. 8 · folio 248b
ཅིག །སྡོད་སྐྱོ་བ་སྐྱེད་པར་མ་མཛད་ཅིག །དེས་སྨྲས་པ། སྲིང་མོ་མ་ཉེས་ཀྱིས་དེ་བཞིན་དུ་བྱའོ། །དེས་དེ་བལྟས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་བཅོམ་
ལྡན་འདས་ཉི་མ་བདུན་པ་ལ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་
མཉན་ནས། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཉི་མ་བདུན་པ་ལ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོའོ། །ཚེ་དང་ལྡན་པ་འཆར་ཀས་བསམས་
པ། སངས་རྒྱས་ལྗོངས་རྒྱུར་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་ཀྱིས་བཅོམ་ལྡན་འདས་ཉིད་དང་ཐབས་ཅིག་འགྲོའོ་སྙམ་ནས་དེ་མ་འཕགས་སོ། །དེའི་ཚེ་ན་གཏུམ་མོའི་ཁྱིམ་ན་ཁྱེའུ་བཙས་ནས་རིང་པོ་མ་ལོན་པ་ཞིག་ཡོད་ནས། དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་དྲང་སྲོང་
གི་གདན་ལ་སྙོལ་ཅིག་དང་ཡུན་རིང་དུ་འཚོ་ཞིང་ཚེ་རིང་དུ་སྐྱོང་བར་འགྱུར་རོ། །དེས་དེ་གོས་དཀར་པོ་བསྐོན་ཏེ་བསྙལ་བ་དང་། ཚེ་དང་ལྡན་པ་འཆར་ཀ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེས་བསམས་པ། ཇེ་གཏུམ་མོའི་ཁྱིམ་དུ་སྟན་ལ་ལོངས་སྤྱོད་དུ་འགྲོ་ཞིང་ཕྱིས་བསོད་སྙོམས་
བརྒྱུས་ཏེ་འགྲོའོ་སྙམ་ནས་དེ་དེར་སོང་ངོ་། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས། དེ་སྟན་དེ་ཉིད་ལ་གྱ་ཚོམ་དུ་འདུག་པ་དང་། ནང་མི་བརྟད་པ་དང་བཅས་པས་འཕགས་པ་ཁྱེའུ་ཁྱེའུ་ཞེས་སྨྲས་པ་དང་། དེ་མྱུར་བ་མྱུར་བར་ལངས་ནས་ཇི་ཙམ་ནས་དེ་
དག་གིས་དུས་ལ་བབ་པར་མཐོང་ནས། དེ་དག་ངུ་བར་བརྩམས་པ་དང་། དེས་སྨྲས་པ། སྲིང་མོ་དག་འདི་ལ་ཅི་ངུ་། འདུ་བྱེད་ཐམས་ཅད་ཀྱི་ཆོས་ཉིད་འདི་ལྟ་བུ་ཡིན་ནོ། །འོན་ཀྱང་ཁོ་བོ་ལ་བརྟེན་ཏེ་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་
Vol. 8 · folio 249a
བར་འགྱུར་བས་འདི་ལ་ཁོ་བོས་མདུད་པར་བྱ་བ་ཡིན་ནོ། །འཁོར་བ་ན་སེམས་ཅན་རྣམས་ཉེ་དུ་ལ་བྱམས་པ་ནི་ཐོག་མ་མེད་པའི་དུས་ནས་གོམས་པ་ཡིན་པས་དེ་དག་དེ་བཞིན་དུ་ངུ་ཞིང་མི་སྡོད་པ་ཐོས་ནས་དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་
ལོན་ཞིང་། རྫོགས་པར་སངས་རྒྱས་ནས་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་ན་ཉི་མ་གཅིག་ནི་ཡབ་ཀྱི་གན་དུ་གདུགས་ཚོད་གསོལ། ཉི་མ་གཉིས་པ་ལ་ནི་རང་གི་བཙུན་མོའི་འཁོར་དུ་གདུགས་ཚོད་གསོལ་བ་ན་ཚེ་དང་ལྡན་པ་འཆར་ཀས་བཙུན་མོ་གྲགས་འཛིན་བཤོས་
འབྲིམ་པ་ལ་རྐང་པས་རྐང་པ་ལ་ཕུལ་བ་དང་། དེ་སྟོབས་དང་ལྡན་པས་མ་འགྱེལ་ནས། དེས་བཙུན་མོ་ས་འཚོ་མ་ལ་སྨྲས་པ་ས་འཚོ་མ། འཕགས་པ་འཆར་ཀས་བདག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་ཐོ་བཙམས་སོ། །ཅི་བྱས་དེས་ཇི་ལྟར་གྱུར་པ་བརྗོད་
པ་དང་། དེས་སྨྲས་པ། དེ་ཅི་ནས་ཀྱང་ཕྱིན་ཅད་དེ་ལྟར་བྱེད་པར་མི་འགྱུར་བ་དེ་ལྟར་མི་དགའ་བར་བྱའོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་བཙུན་མོ་གྲགས་འཛིན་གྱིས་ཁྲིའུ་མ་བརྒྱུས་པ་ཞིག་རས་ཀྱིས་གཡོགས་ནས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་སོང་ལ་རེ་ཞིག་རྒྱལ་པོའི་
ཕོ་བྲང་གི་སྒོར་སྡོད་ལ། གང་གི་ཚེ་འཕགས་པ་འཆར་ཀ་འོང་བ་དེའི་ཚེ་ན་ཁྱོད་ཀྱིས་འདི་སྐད་ཅེས་བྲམ་ཟེ་བྲམ་ཟེ་ཞེས་བརྗོད་པར་བྱའོ། །གལ་ཏེ་བྲམ་ཟེས་ཅི་བྱ་ཞེས་ཟེར་ན་དེ་ལ་བཙུན་མོའི་འཁོར་དུ་འབོད་དོ་ཞེས་བརྗོད་པར་བྱའོ། །བུ་མོ་དེ་བྱུང་བ་དང་། ཚེ་དང་ལྡན་པ་འཆར་ཀ་
ཡང་འོངས་ནས། དེར་བྲམ་ཟེ་བྲམ་ཟེ་ཞེས་བོད་པར་བརྩམས་པ་དང་། དེས་སྨྲས་པ། བུ་མོ་བྲམ་ཟེས་ཅི་བྱ། འཕགས་པ་བཙུན་མོའི་འཁོར་དུ་འབོད་དོ། །དེས་བསམས་པ། དེར་གོར་མ་ཆག་པར་སྦྱིན་པར་བྱེད་ཀྱིས་འགྲོའོ་སྙམ་ནས་དེ་མྱུར་བར་མྱུར་བར་སོང་བ་དང་།
Vol. 8 · folio 249b
བཙུན་མོ་གྲགས་འཛིན་གྱིས་བུ་མོ་ལ་སྨྲས་པ། བུ་མོ་ཁོ་མོས་ཁྱོད་ལ་བྲམ་ཟེ་བོས་ཤིག་ཅེས་བསྒོ་ན་ཁྱོད་ཀྱིས་ཅིའི་ཕྱིར་དགེ་སྦྱོང་མགོ་རེག་བོས་དེས་ཅང་མི་ཟེར་བར་འདུག་གོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། གལ་ཏེ་ཁོ་བོ་ཁྱོད་ཀྱི་ཁྱིམ་ཐབ་ཀྱི་གན་དུ་རབ་ཏུ་བྱུང་ཞེས་ཏེ་ཁོ་བོའི་
བྲམ་ཟེ་ཡང་ཉམས་སྙམ་མམ་ཅི། གལ་ཏེ་བྲམ་ཟེ་ན་ནི་ཨོཾ་བྷུར་བྷུ་བ་སྭཱ་ཞེས་ཟེར་ལ། འོན་ཏེ་རབ་ཏུ་བྱུང་ན་ནི། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཟེར་རོ། །དེས་
སྨྲས་པ། ཁྱོད་བྲམ་ཟེ་ཡང་རུང་། དགེ་སྦྱོང་ཡང་རུང་སྟེ། ཁོ་མོས་ནི་བཅོམ་ལྡན་འདས་དཀའ་བ་སྤྱོད་པ་ན། གལ་ཏེ་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་གཤེགས་ན་དེའི་ཕྱིར་བདག་གིས་བྲམ་ཟེ་ལ་འདི་དང་འདི་སྦྱིན་པར་བྱའོ་ཞེས་གསོལ་བ་བྱས་སོ། །དེས་སྨྲས་པ། བཅོམ་ལྡན་
འདས་ཀྱིས་སྲོག་ཆགས་འབུམ་ཕྲག་དུ་མ་དག་ལྟ་བའི་རྣམ་པ་དང་བྲལ་བར་མཛད་ན་ཁྱོད་ནི་ལྟ་བའི་རྣམ་པ་དང་བྲལ་བར་མ་མཛད་དོ། །དེས་སྨྲས་པ། འཕགས་པ་བུད་མེད་ཀྱི་ཡུལ་ནི་དབྲལ་དཀའ་བ་ལགས་པས་ཇི་ལྟར་བགྱི། དེས་སྨྲས་པ། དེ་ནི་མཇལ་གྱིས། ཇེ་སློང་མོ་པ་དག་
ལ་ཇི་ཞིག་སྦྱིན་པ་དེ་བལྟའོ། །འཕགས་པ་ཞོའི་ཁམ་ཕོར་འདི་དང་ཕྱེའི་ཁམ་ཕོར་འདི་འགྲེང་སྟེ་ལོང་ལ་ཁྲིའུ་འདི་ལ་བཞུགས་ཤིག །ཅི་ཁྲིའུ་འདི་ཡང་ཁོ་བོ་ལ་སྦྱིན་ནམ། འཕགས་པ་ཁྲིའུ་ནི་མི་གསོལ་ལོ། །དེས་བསམས་པ། གལ་ཏེ་ཁྲིའུ་མི་སྟེར་ན་ཁྲིའུ་འདི་བཅག་པར་བྱའོ་
སྙམ་དུ་རིག་ནས། དེ་ཁྲིའུ་དེ་ཉིད་ལ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པ་དང་། སྒྱེལ་ནས་ཞོའི་ཁམ་ཕོར་དང་ཕྱེའི་ཁམ་ཕོར་དེ་དེའི་མགོར་བོ་བ་དང་། དེ་དག་གིས་རྟ་གད་ཀྱིས་བཏབ་སྟེ། ལག་པ་དང་རྐང་པ་དག་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་རོལ་པའི་རྫིང་དུ་
འཕངས་སོ། །དེ་ལངས་ཏེ་གོས་དག་འཚིར་བ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདི་ཅི་ཉེས། དེས་སྨྲས་པ། ཁོ་བོས་ཀུ་རེ་ཅུང་ཞིག་བྱས་ན་ཉེས་དམིགས་འདི་ལྟ་བུ་འདི་བྱུང་ངོ་། །དེ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་
Vol. 8 · folio 250a
བྱེད་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། དེ་དག་གནས་སུ་སྨོད་དོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་རྐང་པ་བསྣོལ་ཏེ་འདུག་པར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་
དང་། ནལ་གྱི་བུ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་
དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་
ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐང་པ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་བརླ་བསྣོལ་ཏེ་འདུག་པར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་
བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་
ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་
Vol. 8 · folio 250b
བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བརླ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་ཁྱིམ་གཞན་དུ་འདུག་
པར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་མཆིས་པར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་
དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་རྐང་པ་བཀུག་
སྟེ་ཁྱིམ་གཞན་དུ་འདུག་པར་བྱེད་ནས། དགེ་བསྙེན་མ་དག་ལྷགས་ཏེ་ཕྱག་འཚལ་བ་ན་དེ་དག་ཨ་རོག་གྱ་མི་ཟེར་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཨ་རོག་གྱ་མི་གསུང་། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གི་རྐང་པ་ལ་ཕྱག་མ་བྱས་སོ། །དེ་དག་དེ་དག་
གི་རྐང་པ་ལ་ཕྱག་འཚལ་བ་ན་རྐུབ་ཙོས་འཇལ་བར་བྱེད་ཅིང་། དགའ་བོ་ཉེ་དགའ་འདི་དག་གི་རྐུབ་ཙོས་ཆེ་ཁྱད་ལ་ལྟོས་ཞེས་སྨྲས་པ་དང་། དེ་དག་ངོ་ཚ་ནས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐང་པ་མི་དགུག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་རྐང་པ་གདངས་ཏེ་ཁྱིམ་གཞན་དུ་འདུག་པར་བྱེད་ནས། དགེ་བསྙེན་མ་དག་ལྷགས་
Vol. 8 · folio 251a
ཏེ་ཕྱག་འཚལ་བ་ན་དེ་དག་ཨ་རོག་གྱ་ལྷག་མ་དང་བཅས་པར་ཟེར་ནས། དེ་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཨ་རོག་གྱ་ལྷག་མ་དང་བཅས་པར་གསུངས། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གི་རྐང་པ་ལ་ཕྱག་མ་བྱས་སོ། །དེ་དག་དེ་དག་
གི་རྐང་པ་ལ་ཕྱག་འཚལ་བ་ན་རྐུབ་ཙོས་འཇལ་བར་བྱེད་ཅིང་དགའ་བོ་ཉེ་དགའ་འདི་དག་གི་རྐུབ་ཙོས་ཆེ་ཁྱད་ལ་ལྟོས་ཞེས་སྨྲས་པ་དང་། དེ་དག་ངོ་ཚ་ནས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐང་པ་མི་གདང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་མདོམས་སྣང་བར་སྟན་ལ་འཁོད་ཅིང་སྒྲེན་མོར་སྣང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་
དག་སྨོད་པར་བྱེད་དེ་འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། ཆང་གིས་ར་རོ་བ་དག་དང་། འབྱུང་པོ་དང་། ཤ་ཟས་བརླམས་པ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་
ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་མ་བསྒོ་
བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ། སྟན་ལ་མ་བརྟགས་པ་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་
Vol. 8 · folio 251b
བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །རྒྱལ་བུ་རྟོགས་ལྡན་གྱིས་ཁང་བཟངས་པད་མ་ཅན་ཚོན་བརྒྱ་རྩ་གཅིག་
གིས་བྲིས་པ་དེར་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་བ་ན། རྒྱལ་བུ་རྟོགས་ལྡན་ནི་དད་པ་དང་ལྡན་པ་ཡིན་ལ། འཁོར་ནི་མ་དད་པས་འབྲིམ་མཁན་རྣམས་ཀྱིས་ལ་དུ་དག་གིས་དགེ་སློང་རྣམས་ཀྱི་ལྷུང་བཟེད་དག་གཅོག་པར་བྱེད་ནས། དྲུག་སྡེ་དག་གིས་གྲོས་
བྱས་པ། འདི་དག་མི་དགའ་བར་བྱའོ་ཞེས་དེ་དག་འབྲས་ཆན་དང་། ཚོད་མ་འབྲིམ་པ་ན་དྲུག་སྡེ་དག་གིས་ལྷུང་བཟེད་ཕྱིར་བཀྱེད་པ་དང་། དེ་དག་ས་ལ་བོ་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པད་མ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་
པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་ཁྱེད་ཅག་ས་གཞི་མ་རུང་བ་ན་མི་དགའ་བར་བྱེད་ན། དགེ་སློང་གང་དག་གི་ལྷུང་བཟེད་དག་ཆག་པ་དེ་དག་ཇི་ལྟར་བྱེད་ཅེས་ཟེར་བ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས།
དེ་དག་དང་པོར་འབྲས་ཆན་ཇི་ཙམ་གྱིས་ལྷུང་བཟེད་གང་བ་དེ་ཙམ་ལེན་པར་བྱེད་པ་ན། བསོད་སྙོམས་འབུལ་བ་དག་གིས་སྨྲས་པ། འཕགས་པ་དག་སྐྱུ་རུམ་གང་དུ་སྩལ། དེ་དག་གིས་སྨྲས་པ། འདི་ཉིད་དུ་ལུགས་ཤིག །དེ་དག་གིས་དེར་བླུགས་པ་དང་། དེ་སྟེང་དུ་ལུད་དེ་ས་
ལ་བོ་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པད་མ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་རེ་ཞིག་རྒྱལ་བུ་རྟོགས་ལྡན་གྱིས་འདི་ལ་ལྷག་པར་ཆགས་
Vol. 8 · folio 252a
པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱི། ཁྱེད་ཅག་ནི་འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས། དེ་དག་དང་པོར་
ཚོད་མ་ཇི་ཙམ་གྱིས་ལྷུང་བཟེད་གང་བ་དེ་ཙམ་ལེན་པར་བྱེད་པ་ན་བསོད་སྙོམས་འབུལ་བ་དག་གིས་སྨྲས་པ། འཕགས་པ་དག་འབྲས་ཆན་གང་དུ་སྩལ་དེ་དག་གིས་སྨྲས་པ། འདི་ཉིད་དུ་ལུགས་ཤིག །དེ་དག་གིས་དེར་བླུགས་པ་དང་། དེའི་སྟེང་དུ་ལུད་དེ་བོ་ནས་དེ་དག་གིས་སྨྲས་
པ། འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པད་མ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་རེ་ཞིག་རྒྱལ་བུ་རྟོགས་ལྡན་གྱིས་འདི་ལ་ལྷག་པར་ཆགས་པར་བྱས་ནས་གང་དུ་སྐྱེ་བར་
འགྱུར་བ་ནི་མ་ཤེས་ཀྱི། ཁྱེད་ཅག་ནི་འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་
ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཚོད་མ་དང་མཉམ་པ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཟན་ཟ་བ་ན་ཚོད་མ་མི་ལེན་པར་ཕྱིས་ཐག་རིང་དུ་སོང་བ་དང་འབོད་པར་བྱེད་ནས། འབྲིམ་མཁན་དག་བྲེལ་བར་
གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མཐར་ཆགས་སུ་ཟས་བླང་བར་བསླབ་པར་བྱའོ། །
Vol. 8 · folio 252b
མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཞལ་ཟས་བསོད་པ་སྟ་གོན་བྱས་ནས། དེས་དང་པོར་ཟན་བྲིམ་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་མང་དུ་བླང་བར་
བརྩམས་པ་ན་དེས་སྨྲས་པ། འཕགས་པ་དག་བདག་གིས་ཞལ་ཟས་བསོད་པ་དག་སྟ་གོན་བགྱིས་ཀྱིས་མང་དུ་མ་བཞེས་ཤིག །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཁྱིམ་བདག་བཀྲེན་པ་འདི་རྣམ་པ་འདིས་ཟན་ཡང་འགོག་པར་བྱེད་ཀྱིས་མང་དུ་བླང་ངོ་ཞེས་དེ་དག་གིས་མང་
དུ་བླངས་སོ། །ཇི་ཙམ་ན་རྒན་པའི་མཐའ་ལོགས་སུ་བཅའ་བ་བསོད་པ་དག་འབྲིམ་པ་དྲུག་སྡེ་དག་གིས་མཐོང་ནས། དེ་དག་གི་འོག་ན་དགེ་སློང་རྒན་ཞུགས་ཤིག་འདུག་པ་དེ་རྒན་པའི་མཐའ་ལོགས་སུ་རྣམ་པར་ལྟ་བའི་ཚེ་དྲུག་སྡེ་དག་གིས་དེའི་ལྷུང་བཟེད་ཟན་གྱི་ཆང་བུས་བཀང་ངོ་། །ཁྱིམ་
བདག་དེས་བཅའ་བ་བྲིམས་པ་ན་རྒན་ཞུགས་དེ་ལ་བཅའ་བ་བྱིན་པ་དང་། དེ་ལྷུང་བཟེད་ཀྱི་གཞིར་ལྷུང་ནས། དེས་ཁྱིམ་བདག་གི་གདོང་དུ་ལྟ་བར་བརྩམས་པ་དང་། དེས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཁྱོད་ཀྱིས་ཟན་མང་པོ་དག་བླངས། ཁྱིམ་བདག་བདག་གིས་མ་བླངས་སོ། །འོ་ན་
འདི་དག་ག་ལས་མཆིས། མ་ཤེས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཁྱིམ་བདག་རྒྱལ་པོ་ང་ལས་ནུ་ལ་ཉི་མ་བདུན་དུ་དབྱིག་གི་ཆར་བབ་ཅེས་གྲགས་པས་རྒན་ཞུགས་འདི་ལ་ཡང་དེ་དང་འདྲ་བར་ཟན་གྱི་ཆང་བུའི་ཆར་བབ་པོ། །དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྷུང་བཟེད་ལ་བལྟ་ཞིང་ཟས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་བསོད་སྙོམས་ལ་ཞུགས་པ་
ན་ཇི་སྲིད་དུ་བསོད་སྙོམས་མི་སྦྱིན་པ་དེ་སྲིད་དུ་ལྷུང་བཟེད་བཟེད་དེ་སྡོད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ཅིའི་སླད་དུ་བཅའ་བ་དང་བཟའ་བ་མ་མཆིས་པར་ལྷུང་བཟེད་བཟེད་དེ་གཞེས་པར་མཛད། འདི་ནི་ཚུལ་དང་མཐུན་པ་མ་ལགས་
Vol. 8 · folio 253a
ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་
པ་ལ་ཞུགས་པ་ཐོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་བདག་དེ་ལ་འབྲས་ཆན་མང་། ཚོད་མ་ནི་
ཉུང་ནས། དྲུག་སྡེ་དག་གིས་འབྲས་ཆན་གྱིས་ཚོད་མ་བཀབ་པ་དང་། ཁྱིམ་བདག་དེས་འབྲས་ཆན་མཐོང་ནས་སྨྲས་པ། འཕགས་པ་དག་སྐྱུ་རུམ་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག །དེས་ཚོད་མ་གཞན་ཡང་བྱིན་ནོ། །དགེ་སློང་རྣམས་
གཙུག་ལག་ཁང་དུ་དོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་བདག་དེས་འབྲས་ཆན་བཟང་པོ་བྱས་ན་འདི་ལྟར་ཚོད་མ་ཉུང་ངོ་། །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ནི་ཚོད་མ་མང་དུ་ཐོབ་བོ། །ཇི་ལྟར་དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་
སྨྲས་པ། ཁྱེད་ཅག་དེ་ལྟར་བྱར་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། ཁོ་བོ་ཅག་གིས་ནི་དེ་ལྟར་བྱས་སོ། །ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་
འབྲས་ཆན་གྱིས་ཚོད་མ་མི་དགབ་པར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་བདག་དེ་ལ་ཚོད་མ་ནི་མང་། འབྲས་ཆན་ནི་ཉུང་ནས། དྲུག་སྡེ་དག་
Vol. 8 · folio 253b
གིས་ཚོད་མས་འབྲས་ཆན་བཀབ་པ་དང་། ཁྱིམ་བདག་དེས་ཚོད་མ་མཐོང་ནས་སྨྲས་པ། འཕགས་པ་དག་འབྲས་ཆན་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག །དེས་འབྲས་ཆན་གཞན་ཡང་བྱིན་ནོ། །དགེ་སློང་རྣམས་གཙུག་ལག་ཁང་དུ་དོང་སྟེ་
སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་བདག་དེས་ཚོད་མ་བཟང་པོ་བྱས་ན་འདི་ལྟར་འབྲས་ཆན་ཉུང་ངོ་། །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ནི་འབྲས་ཆན་མང་དུ་ཐོབ་བོ། །ཇི་ལྟར་དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་དེ་
ལྟར་བྱར་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། ཁོ་བོ་ཅག་གིས་ནི་དེ་ལྟར་བྱས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཚོད་མས་འབྲས་ཆན་མི་དགབ་པར་
བསླབ་པར་བྱའོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་པ་ཞིག་བསོད་སྙོམས་ལ་རྒྱུ་བ་ན་དེས་འབྲས་ཆན་དང་ཚོད་མ་ཐོབ་ནས། ཡང་ཚོད་མ་དང་འབྲས་ཆན་ཐོབ་པ་དང་། དེ་བདག་གིས་འབྲས་ཅན་གྱིས་ཚོད་མ་བཀབ་ཅིང་། ཚོད་མས་འབྲས་ཅན་བཀབ་པར་མ་གྱུར་ཏམ་སྙམ་དུ་
འགྱོད་པ་སྐྱེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ལ་ནི་ཉེས་པ་མེད་དེ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་
འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ། །དྲུག་སྡེ་དག་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གཙང་སྦྲ་ནི་ཐ་དད་
པ་ལགས་ན། ཅིའི་སླད་དུ་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་མཛད། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་དགོས་
Vol. 8 · folio 254a
པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་
པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་ལེགས་པར་ཟས་བླང་
བར་བསླབ་པར་བྱ། མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པར་མ་ཡིན་པ་དང་། མཐར་ཆགས་སུ་དང་ལྷུང་བཟེད་ལ་བལྟ་བ་དང་། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་
མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བརྒྱད་བཅུ་རྩ་གསུམ་པ་སྟེ་ཐ་མ། དྲུག་སྡེ་དག་རྣམ་པར་འགྱུར་བ་དག་གིས་ཟས་ཟ་བར་བྱེད་ནས། བྲམ་ཟེ་
དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། གཟུགས་འཚོང་མ་དག་འདི་ལྟར་འཚལ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་
པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་
Vol. 8 · folio 254b
ཁམ་ཧ་ཅང་ཆུང་ངུར་ཟ་བར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། རིགས་ཀྱི་མནའ་མ་དག་དང་། གཟུགས་འཚོང་མ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་
ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་
སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁམ་ཧ་ཅང་ཆུང་བ་
མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ཁམ་ཧ་ཅང་ཆེན་པོར་ཟ་བར་བྱེད་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་མུ་ལྟོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་
ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་
པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ཁམ་རན་པ་མ་ཡིན་པར་ཟ་ན་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། མུ་ལྟོ་བ་དག་འདི་
Vol. 8 · folio 255a
ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །
དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ཁམ་རན་པར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། ཇི་ཙམ་ན་དྲུག་སྡེ་དག་གི་འོག་ན་དགེ་སློང་རྒན་ཞུགས་ཤིག་འདུག་པ་དེ་ཁ་གདངས་ཏེ་
རྒན་པའི་མཐའ་ལོགས་སུ་ལྟ་བར་བྱེད་པ་དང་། ཉེ་དགའས་དེའི་ཁར་བོང་བ་བཅུག་སྟེ། ཇེ་འདི་ཟོ་ཤིག་ཅེས་སྨྲས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་
བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁམ་མ་གཟས་པར་ཁ་མི་གདང་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁ་ཁམ་གྱིས་བཀང་སྟེ་སྨྲ་བར་བྱེད་པ་ན་སྐད་ཉམས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་
ཅང་ཆེན་པོ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་
Vol. 8 · folio 255b
ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཚོད་མ་ཏེ་པོར་མངར་བ་དག་སྟ་གོན་བྱས་པ་དང་། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་ཚོད་མ་དག་ཏེ་པོར་སྐྱུར་རོ། །ཁྱིམ་བདག་
དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཙུག་ཙུག་མི་བྱ་བར་
ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཚོད་མ་ཏེ་པོར་སྐྱུར་བ་དག་སྟ་གོན་བྱས་པ་དང་། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་
ཚོད་མ་ཏེ་པོར་མངར་རོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་
གདོན་པར་བྱ་སྟེ། བལྕག་བལྕག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་བདག་དེ་ལ་སྣོད་སྤྱད་མེད་པས་དེས་འབྲས་ཆན་བཙོས་
ཏེ་སྒྲོམ་དུ་བླུགས་པ་དང་། དེ་ཚ་ནས་དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་འབྲས་ཆན་འདི་ཏེ་པོར་གྲང་གིས་ཁའི་དབུགས་ཀྱིས་བསྲོས་ཏེ་བཟའོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་
Vol. 8 · folio 256a
གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་འབྲས་ཆན་བཙོས་ཏེ་རེ་ལྡེར་བདལ་བ་དང་དེ་གྲངས་པར་གྱུར་ནས། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་འབྲས་ཆན་འདི་ཏེ་པོར་
ཚ་བས་ཁའི་དབུགས་ཀྱིས་བསྒྲང་སྟེ་བཟའོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་
བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཕུ་ཕུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྕེ་ཕྱུང་སྟེ་ལྟ་ཞིང་མཆུ་གཉིས་ལ་ལྡག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་ལྕེ་ཕྱུང་སྟེ་ལྟ།
དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་མ་བཟས་པར་མིད་ན་མི་རུང་བས་དེ་བལྟའོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་
ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་ཙུག་ཙུག་མི་བྱ་བ་དང་། བལྕག་བལྕག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །དྲུག་
སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་འབྲས་ཆན་འབྲུ་རེ་རེ་ནས་ཐུ་ཞིང་ཟ་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་
པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་
Vol. 8 · folio 256b
ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།
འབྲུ་ནས་ཐ་དད་དུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དགའ་བོ་ཉེ་དགའ་ཚོད་མ་འདི་དག་ཧ་ཅང་ཁའོ། །ཧ་ཅང་སྐྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འཕྱས་མི་གདགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་མཁུར་བ་ནས་མཁུར་བར་ཁམ་སྤོ་ཞིང་ཟ་བར་བྱེད་ནས།
བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། མུ་ལྟོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་
དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་
དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མཁུར་བ་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་རྐན་སྒྲ་གཏོག་པར་བྱེད་ནས་བྲམ་ཟེ་
དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། མུ་ལྟོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་
Vol. 8 · folio 257a
པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ།
ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐན་མི་གཏོགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ཁམ་བླངས་ནས་ཕྱེད་ཁར་འཛུད་
ཅིང་ཕྱེད་ལྷུང་བཟེད་དུ་ལྷུང་བར་བྱེད་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། གཟུགས་འཚོང་མ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ།
ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་འབྲུ་
ནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར་བ་མི་སྤོ་བ་དང་། རྐན་མི་གཏོག་པ་དང་། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་ལྡག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་
ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་འདི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་དེ་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་
Vol. 8 · folio 257b
བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་བལྡག་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྷུང་བཟེད་བྱོག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་
འདི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་དག་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་
འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྷུང་བཟེད་མི་བྱོག་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་སྤྲུག་པར་བྱེད་པས་དགེ་སློང་རྣམས་ལ་ལག་པའི་ཆུས་ཕོག་ནས་དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་སྤྲུག་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་
གི་འོག་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདིའི་སྙིང་ལམ་ན་ཡུ་བུ་ཅག་གིས་སྔོན་ལན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་མ་མྱོང་སྙམ་གྱིས་འདི་མི་དགའ་བར་བྱའོ་ཞེས་དེ་དག་གིས་ལྷུང་བཟེད་བསྐྱོམས་
པ་དང་། དགེ་སློང་དེའི་སྣམ་སྦྱར་ལྷུང་བཟེད་ཀྱི་ཆུས་མ་རུང་བར་གྱུར་ནས། དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་
འདི་ལྟར་གདོན་པར་བྱ་སྟེ། ལྷུང་བཟེད་མི་བསྐྱམས་པར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་གཅེར་བུ་པ་དག་ལ་མངོན་པར་དད་དོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ནས་དེས་དགེ་སློང་གི་དགེ་འདུན་
Vol. 8 · folio 258a
ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེར་ཕྱེ་དག་བྲིམས་པ་དང་། དྲུག་སྡེ་དག་གིས་དེ་དག་སྦྲུས་ཏེ་མཆོད་རྟེན་འདྲ་བ་རྣམ་པར་བཞག་གོ། །ལ་ཕུག་གི་ཕྱེད་ཚལ་དག་བྲིམས་པ་དང་། དེ་ཡང་དེ་ཉིད་ལ་བཙུགས་ཏེ་སྲོག་ཤིང་འདྲ་བར་རྣམ་པར་བཞག་གོ། །ཁུར་
བ་དག་བྲིམས་པ་དང་། དེ་ཡང་ལ་ཕུག་དེ་ཉིད་ཀྱི་སྟེང་དུ་གདུགས་འདྲ་བར་རྣམ་པར་བཞག་གོ། །དེ་ནས་སྨྲས་པ། དགའ་བོ་ཉེ་དགའ་མཆོད་རྟེན་འདི་ནི་ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་ཡིན་ནོ་ཞེས་ཟེར་རོ། །ཡང་བཅོམ་སྟེ་ཟ་ཞིང་སྨྲས་པ། དགའ་བོ་ཉེ་དགའ་ངན་འགྲོ་རྫོགས་
པར་བྱེད་པ་རྫོགས་བྱེད་ཀྱི་མཆོད་རྟེན་རྡིབ་བོ་ཞེས་ཟེར་རོ། །ཁྱིམ་བདག་དེས་ཐོས་ནས་དེས་སྨྲས་པ། འཕགས་པ་དག་བདག་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་བྲལ་ལགས་ན་ཁྱེད་ཅག་ད་རུང་ཡང་ཞེ་སྡང་དང་མ་བྲལ་ལོ། །དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མཆོད་རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་
ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་བསྐྱམས་པ་དང་། མཆོད་རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་དྲུང་ན་འདུག་པའི་དགེ་སློང་མང་དུ་ཟ་བ་དང་།
དྲུག་སྡེ་དག་འཕྱས་འདོགས་ཤིང་དགའ་བོ་ཉེ་དགའ་རྒན་ཞུགས་འདི་མང་པོ་འདི་སྙེད་ཟ་བ་ལ་ལྟོས་ཤིག་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་ཟ་བ་ན་ལག་པ་ཟས་དང་འཕགས་པས་ཆུ་སྣོད་ལ་འཛིན་པར་བྱེད་ནས། མ་དད་པ་དག་ཤཱཀྱའི་བུའི་
Vol. 8 · folio 258b
དགེ་སྦྱོང་དག་ནི་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པས་གཙང་སྦྲ་མེད་པ་ཡིན་ནོ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་
བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་འོག་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདིའི་
སྙིང་ལམ་ན་ཡུ་བུ་ཅག་གིས་སྔོན་ལན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་མ་མྱོང་སྙམ་གྱིས་འདི་མི་དགའ་བར་བྱའོ་ཞེས་དེ་དག་གིས་ཟས་དང་འབགས་པའི་ཆུས་གཏོར་བ་དང་། དགེ་སློང་དེའི་སྣམ་སྦྱར་ཟས་དང་འབགས་པའི་ཆུས་མ་རུང་བར་གྱུར་ནས། དེ་སྨོད་པ་ལ་ཞུགས་པའི་སྐབས་
དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་
པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་འཇིགས་རུང་གི་ནགས་རི་དགས་ཀྱི་ཚལ་ན་བཞུགས་སོ། །རྒྱལ་བུ་རྟོགས་ལྡན་གྱིས་ཁང་བཟངས་པད་མ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པ་དེར་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་པ་ན། དྲུག་སྡེ་དག་
གིས་ལྷུང་བཟེད་ཀྱི་ཆུ་དེ་ཉིད་དུ་ཕོ་བ་དང་། འབྲིམ་མཁན་དག་འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པད་མ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །ཞེས་སྨོད་པར་བྱེད་པ་དང་། དྲུག་སྡེ་དག་གིས་སྨྲས་པ། རྒྱལ་བུ་རྟོགས་ལྡན་
གྱིས་རེ་ཞིག་འདི་ལ་ཆགས་པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱི། ཁྱེད་ཅག་ནི་འདི་ལ་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
Vol. 8 · folio 259a
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་ཁྱིམ་རྩིག་ཏུ་བཅུག་ནས་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་ཏེ་བཤོས་གསོལ་བ་ན། དགེ་སློང་རྣམས་ཆུ་
ཟས་དང་འབགས་པ་ཁྱིམ་གྱི་ཕྱི་རོལ་དུ་འབོ་བར་བྱེད་ནས་ཁྱིམ་བདག་དེས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་ཕོ་ཞིག་དང་བདག་གི་ཁྱིམ་གྱིས་སྤྱད་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། གལ་ཏེ་ཁྱིམ་པ་ན་རེ་ཕོ་ཞིག་ཅེས་ཟེར་ན་དབོ་བར་བྱའོ། །གཞན་དུ་ན་དབོ་བར་མི་བྱའོ། །དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་
པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་
བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་བུ་ན་བར་གྱུར་ནས་དེ་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁོ་བོའི་བུ་ན་བས་སྨན་སྟོན་ཅིག །སྨན་པ་དེ་དད་པ་
ཅན་ཞིག་ཡིན་པ་དེས་སྨྲས་པ། བྲམ་ཟེ་འཕགས་པ་རྣམས་ཀྱི་ལྷུང་བཟེད་ཀྱི་ཆུས་ཁྲུས་གྱིས་ཤིག །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཚེ་དང་ལྡན་པ་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་
ཅིང་འདུག་ནས། བྲམ་ཟེ་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་གི་བུ་བྲོ་འཚལ་ཏེ། དེ་ལ་འཕགས་པ་དག་གི་ལྷུང་བཟེད་ཀྱི་ཆབ་ཅིག་འཚལ་ན་སྩལ་དུ་གསོལ། དེས་སྨྲས་པ། བྲམ་ཟེ་འདི་ཉིད་དུ་རེ་ཞིག་སྡོད་ཅིག་དང་ལྷུང་བཟེད་ཀྱི་ཆུ་ཁྱེར་ཏེ་འོང་ངོ་། །
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words