གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ

Sanskrit title (Tibetan script, as in the text) པཱུརྞ་པྲ་མུ་ཁ་ཨ་བ་དཱ་ན་ཤ་ཏི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 75 · folio 172b

དང་ལྡན་ཞིང་ཆེ་བར་གྲགས་སོ། །ཕྱིས་རེ་ཞིག་ན་དེ་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་

འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་

ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་

ཏེ། དེ་ཐོས་ནས་ཁྱེའུ་བྱད་བཟང་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་

ངོ་། །དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་

ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་

སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་

Vol. 75 · folio 173a

དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྱད་བཟང་གིས་ལས་གང་

དག་བགྱིས་ན། དེས་འདིའི་ལུས་འདི་ལྟ་བུར་གྱུར་ལ་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱད་བཟང་ཉིད་ཀྱིས། སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་

རྒལ་བཞིན་དུ་བྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་བྱད་བཟང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་

རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་

མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་

པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་

རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་

Vol. 75 · folio 173b

ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ། སྐུ་གདུང་གི་མཆོད་པ་བྱས་ནས།

རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་རྒྱལ་པོ་གཉེན་ཡོད་གཉེན་གྱི་ཚོགས་དང་བཅས་པ་དང་། བློན་པོའི་ཚོགས་ཀྱིས་ཞབས་འབྲིང་

བྱས་པས་མཆོད་རྟེན་གྱི་དུས་སྟོན་བྱས་སོ། །ཕྱིས་རེ་ཞིག་ན་ཉི་མ་གཅིག་ཅིག །མི་དབུལ་པོ་ཞིག་མཆོད་རྟེན་གྱི་འཁོར་སའི་ནང་དུ་སོང་ནས་དེས་དེ་ལ་མེ་ཏོག་རྙིས་པ་དག་དང་། མཆོད་རྟེན་རྡུལ་གྱིས་ཡོག་པ་དག་མཐོང་ངོ་། །དེ་ནས་དེས་སངས་

རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་སྐྱེས་ཏེ། ཕྱགས་མ་བླངས་ནས་མཆོད་རྟེན་ཡང་ཕྱགས་མེ་ཏོག་རྙིས་པ་ཡང་བསལ་ཏོ། །དེ་ནས་མཆོད་རྟེན་ལ་རྡུལ་མེད་ཅིང་དྲི་མ་མེད་པ་མཐོང་ནས། དགའ་བ་སྐྱེས་ཏེ་ཞབས་ལ་ཕྱག་འཚལ་ནས།

སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་འདིས་ན་བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མི་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི། བྱད་བཟང་འདི་ཡིན་ཏེ། དེས་མཆོད་རྟེན་ལ་ཕྱག་དར་བྱས་པས་ན་བྱད་གཟུགས་བཟང་པོར་གྱུར་ཏོ། །སྨོན་ལམ་བཏབ་པ་

དེས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་

Vol. 75 · folio 174a

ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་

དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྟོབས་

ལྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་

རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་།

གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་།

གདོན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་

ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་

Vol. 75 · folio 174b

ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྟོབས་ཀྱི་ཤུགས་གཞན་ལས་འཕགས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་

ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་ཁྱེའུ་འདི་སྟོབས་ཀྱི་ཤུགས་དང་ལྡན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་སྟོབས་ལྡན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་སྟོབས་ལྡན་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་།

དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་

ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་ལ། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ་སྙིང་རྗེ་ཅན་བདག་ཉིད་ཆེ་བ་ཆོས་འདོད་པ་ཞིག་གོ། །དེ་ནས་ཕྱིས་རེ་ཞིག་ན། དེ་ཤིང་ནྱ་གྲོ་དྷཱའི་ཀུན་

དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་

བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་

ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་སྟོབས་ལྡན་

Vol. 75 · folio 175a

གྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་དེས་བདེན་པ་མཐོང་ནས། ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་

ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་

བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་

སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང་། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དང་། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་

བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྟོབས་ལྡན་ཀྱིས་ལས་གང་དག་བགྱིས་ན། དེས་འདིའི་ལུས་སྟོབས་དང་ལྡན་པར་གྱུར་ལ་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྟོབས་ལྡན་ཉིད་ཀྱིས། སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་

ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྟོབས་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་

ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལུས་ཅན་དག་གི་

Vol. 75 · folio 175b

ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་

པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་

རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་

བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། མཆོད་རྟེན་གྱི་དུས་སྟོན་བྱེད་པ་དེར་སྐྱེ་བོ་ཕལ་པོ་ཆེས་གླུ་བླངས་གར་བྱས་པས་མཆོད་རྟེན་རྡུལ་གྱིས་ཡོག་པར་གྱུར་ཏོ། །ཕྱིས་རེ་ཞིག་ན་ཁྱིམ་

བདག་ཅིག་མཆོད་རྟེན་གྱི་འཁོར་སའི་ནང་དུ་སོང་བ་དང་དེས་མཆོད་རྟེན་གྱི་འཁོར་ས་རྡུལ་གྱིས་ཡོག་པ་མཐོང་ངོ་། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་སྐྱེས་ཏེ། སྤོས་ཀྱི་ལྡེ་གུ་ཏིལ་མར་དང་སྦྱར་བ་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་

དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ལྟ་བུ་དག་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྟོབས་ལྡན་འདི་ཡིན་ཏེ། དེས་བཅོམ་ལྡན་

འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བཀུར་སྟི་བྱས་པ་དེས་ན་སྟོབས་དང་ལྡན་པར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །

Vol. 75 · folio 176a

ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་

ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྡུ་གུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་

ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་

རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་

དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་

ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་

གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཆེ་བར་གྲགས་པ་མཐོང་ན་དགའ་བ་ཞིག་བཙས་ཏེ་དེ་བཙས་པ་ན། གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་གྲགས་པས་རྒྱས་པར་གྱུར་ཏོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ཉེ་དུ་རྣམས་ན་རེ་ཁྱེའུ་འདི་བཙས་མ་

Vol. 75 · folio 176b

ཐག་ཏུ་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་སྡུ་གུ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་སྡུ་གུ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་།

མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ་སྙིང་རྗེ་ཅན་བདག་ཉིད་ཆེ་བ།

ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེས་དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་ཕོངས་པ་རྣམས་ལ་སྦྱིན་པ་རྣམ་པ་སྣ་ཚོགས་གཏོང་བས་སྡུད་པར་བྱེད་དོ། །དེ་ནས་ཕྱིས་རེ་ཞིག་ན་ཁྱེའུ་སྡུ་གུ་ཤིང་ནྱ་གྲོ་དྷཱའི་

ཀུན་དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་

ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་།

ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་སྡུ་གུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་

ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་། །དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་

Vol. 75 · folio 177a

ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་

པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་

སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྡུ་གུས་ལས་གང་དག་བགྱིས་ན། དེས་འདི་གྲགས་པ་ཆེན་པོ་དང་ལྡན་པ་དང་སྡུག་ཅིང་ཡིད་དུ་འོང་བར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དགེ་སློང་དག་སྡུ་གུ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྡུ་གུ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་

བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་རོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་

སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་

པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་

Vol. 75 · folio 177b

ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་

གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་སོ། །དེ་ནས་ཕྱིས་རེ་ཞིག་ན་དཔྱིད་ཀྱི་དུས་སུ་ཤིང་རྣམས་མེ་ཏོག་རྒྱས་ཏེ་མེ་ཏོག་རྣམ་པ་སྣ་ཚོགས་བྱུང་བ་ན། ཁྱིམ་བདག་

གཅིག་གིས་རྒྱལ་པོ་ལ་གསོལ་པ། བདག་ནི་ལྷ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་མེ་ཏོག་གདགས་པར་འཚལ་ལོ། །རྒྱལ་པོས་སྨྲས་པ། དེ་ལྟར་གྱིས་ཤིག །དེ་ནས་ཁྱིམ་བདག་དེ་དང་། རྒྱལ་པོ་དང་། བློན་པོ་དང་། ཞབས་འབྲིང་བ་རྣམས་ཀྱིས་དྲིལ་བསྒྲགས་ཏེ།

མེ་ཏོག་རྣམ་པ་སྣ་ཚོགས་སྟ་གོན་བྱས་ནས། བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་མེ་ཏོག་བཏགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་སེམས་དགའ་བ་སྐྱེས་ནས། དགེ་བའི་རྩ་བ་རྣམས་ཡང་དག་པར་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་

སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྡུ་གུ་འདི་ཡིན་ཏེ། དེས་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་རྣམས་བསྐྱེད་པ་དེས་ན། སྐྱེ་བོ་ཕལ་པོ་ཆེའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བའི་རྒྱུར་གྱུར་ལ། རྒྱུ་དེ་ཉིད་ཀྱིས་ན་བལྟ་ན་སྡུག་ཅིང་མཛེས་པར་གྱུར་ཏེ། དགྲ་བཅོམ་པ་ཉིད་མངོན་

སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་

འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ་ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ།

Vol. 75 · folio 178a

བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པད་མའི་མིག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་།

དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་

སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་

བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་

ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་

ལ་མཛེས་པ་མིག་པད་མ་སྔོན་པོ་འདྲ་བ། མགོ་བོ་ལ་ལྷའི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཐོགས་པ་ཞིག་བཙས་ཏེ། དེས་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ནོར་བུ་མཐོན་ཀའི་ཁ་དོག་ཅན་དུ་བྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་

སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་ཁྱེའུ་འདི་མིག་པད་མ་དང་འདྲ་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་པད་མའི་མིག་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་པད་མའི་མིག་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་དྲི་མ་འཁྲུ་

Vol. 75 · folio 178b

བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། དེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་

སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ།

གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་རྗེད་དོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་པད་མའི་མིག་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་

ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་

བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་

ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་པད་མའི་མིག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཏེ་དེས་བདེན་པ་མཐོང་ནས་སྦྱིན་པ་དང་

རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སློང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་

Vol. 75 · folio 179a

འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་

ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ།

རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་རེ་ཞིག་ན་དེ་བསོད་སྙོམས་

ལ་སོང་བ་དང་། སྐྱེ་བོ་ཕལ་པོ་ཆེས་དེ་ལ་བལྟས་ནས་ངོ་མཚར་བར་གྱུར་ཏོ། །དེ་ནས་པད་མའི་མིག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅི་ནས་བདག་གི་ནོར་བུ་རིན་པོ་ཆེ་མ་མཆིས་པར་མཛད་དུ་གསོལ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། བུ་འདི་ནི་ལས་ལས་སྐྱེས་པ་ཡིན་པས་ན་ནོར་བུ་རིན་པོ་ཆེ་མེད་པར་བྱ་མི་ནུས་སོ། །དེ་ལྟ་མོད་ཀྱིས་ཅི་ནས་དད་པ་དང་ལྡན་པ་རྣམས་ཀྱིས་ནི་མཐོང་ལ། མ་དད་པ་རྣམས་ཀྱིས་ནི་མི་མཐོང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་མཛད་དོ། །

དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་པད་མའི་མིག་གིས་ལས་གང་དག་བགྱིས་ན། དེས་འདི་ཆེ་བར་གྲགས་པ་དང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

པད་མའི་མིག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་དུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་བྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། པད་མའི་མིག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་

Vol. 75 · folio 179b

འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་

ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་

དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་

པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་

བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་

གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས་མཐོ་རིས་དང་ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་རེ་ཞིག་ན། དེད་དཔོན་ཞིག་རྒྱ་མཚོ་ཆེན་པོའི་གྲུའི་དོན་གྲུབ་སྟེ། ཕྱིར་འོངས་ནས་དེས་དེའི་ནང་ནས་

ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ཞིག་ཁྱེར་ཏེ་འོངས་ཏེ། དེས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་མཐོང་ནས་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་ཏེ། ནོར་བུ་རིན་པོ་ཆེ་དེ་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་གྱི་ཆར་ཁབ་ལ་བཏགས་ནས། དེའི་མཐུས་ཕྱོགས་དང་

Vol. 75 · folio 180a

ཕྱོགས་མཚམས་ཐམས་ཅད་མཐོན་ཀའི་མདོག་ལྟ་བུར་འདུག་པར་བྱས་སོ། །མེ་ཏོག་པད་མ་དག་གིས་ཀྱང་མཆོད་པ་བྱས་ནས། སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་

མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་པད་མའི་མིག་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་ནོར་བུ་

རིན་པོ་ཆེ་བཏགས་པའི་ལས་དེའི་རྣམ་པར་སྨིན་པས་འདིའི་མགོ་བོ་ལས་ནོར་བུ་རིན་པོ་ཆེ་བྱུང་ངོ་། །པད་མ་སྔོན་པོ་དག་གིས་མཆོད་པ་བྱས་པ་དེས་ནི། མིག་པད་མ་སྔོན་པོ་ལྟ་བུར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་

དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི། རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་

མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་

དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྔ་སྒྲ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་

འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས།

Vol. 75 · folio 180b

མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་

ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ། ཡངས་ཤིང་

རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས།

དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཆེ་བར་གྲགས་པ། བྱ་ཀ་ལ་པིང་ཀ་ལྟར་སྐད་སྙན་པ། རྔ་སྒྲ་ལྟར་གདངས་སྙན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་

འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་ཁྱེའུ་འདི་རྔ་སྒྲ་ལྟ་བུའི་གདངས་དང་ལྡན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་རྔ་སྒྲ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་རྔ་སྒྲ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་

གཉིས་ཏེ། དེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་

བསམ་པ་བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་རྔ་སྒྲ་ཤིང་ནྱ་གྲོ་དྷཱའི་ཀུན་

Vol. 75 · folio 181a

དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་འོད་འདོམ་གང་གིས་བརྒྱན་པ་ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་

འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་

དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཁྱེའུ་རྔ་སྒྲས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་

སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སློང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་

ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་

ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་

པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་

Vol. 75 · folio 181b

སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྔ་སྒྲས་ལས་གང་དག་བགྱིས་ན། དེས་འདི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྔ་སྒྲ་ཉིད་ཀྱིས་སྔོན་ཚེ་རབས་གཞན་

དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་རྔ་སྒྲ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་

ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་

འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་

རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་

གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་

Vol. 75 · folio 182a

བྱས་ནས་མཐོ་རིས་དང་ཐར་པར་འགྲོ་བར་འགྱུར་རོ། དེ་ནས་རེ་ཞིག་ན་ཁྱིམ་བདག་ཅིག་གིས་རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་དང་མི་ལས་རོལ་མོ་བསླབས་ཏེ། མཆོད་རྟེན་དེ་ལ་ཕུལ་ནས་དེ་དག་མཆོད་རྟེན་དེ་ལ་ཉིན་གཅིག་བཞིན་དུ་རོལ་མོའི་སྒྲའི་ཁྱད་པར་དག་གིས་བཀུར་སྟི་

བྱེད་དོ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་རྔ་སྒྲ་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་རོལ་མོའི་སྒྲའི་ཆ་བྱད་རྣམ་པ་སྣ་ཚོགས་ཕུལ་བ་དེས་ན་རྔ་སྒྲ་ལྟ་བུའི་གདངས་ཅན་དུ་གྱུར་ལ། རྒྱུ་དེ་ཉིད་ཀྱིས་ན་

ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་

མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། བཅོམ་ལྡན་

འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་

རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ།

ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་

Vol. 75 · folio 182b

དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་

བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་ཏེ་བུ་བཙས་ན་ཤ་སྣག་བུ་ཆེན་པོ་ཞིག་བྱུང་སྟེ། ཕ་མ་

དང་ཁྱིམ་དེ་ན་གནས་པ་གཞན་དག་དང་གཡོག་འཁོར་དང་ཉེ་དུ་རྣམས་ཀྱིས་དེ་མཐོང་ནས་འདི་ལྟ་བུ་བཙས་པ་ཅི་ཡིན་ཞེས་མི་དགའ་བར་གྱུར་ཏོ། དེ་ནས་རེ་ཞིག་ན་ཁྱིམ་བདག་དེ་མྱ་ངན་གྱི་ཁང་བུར་ཞུགས་ཏེ། ལག་པ་ལ་རྐོམ་ཚུགས་བཅས་ནས་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ་འདི་ཅི་ཡིན། སུ་ལ་བསྙད་

པར་བྱ། ཤེས་པ་སུ་ཡོད་སྙམ་མོ་དེ་ནས་དེའི་བློ་སྐྱེས་པ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་ཏེ། དེས་མཁྱེན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བསྙད་པར་བྱའོ་སྙམ་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་

ལ་ཞུས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་མ་འཇིགས་ཤིག་མ་འཇིགས་ཤིག །ཤ་སྣག་བུ་དེ་རས་བལ་ལེགས་པར་རྨེལ་བའི་ནང་དུ་ཆུག་ལ་ཞག་བདུན་གྱི་བར་དུ་ཉིན་གཅིག་ཀྱང་དུས་གསུམ་གསུམ་དུ་ལག་པས་བྲིམས་ཏེ། འོ་མས་ཀྱང་ཡང་དང་ཡང་དུ་གཏོར་ཅིག་དང་

དེའི་འོག་ཏུ་རྡོལ་ཏེ། བུ་བརྒྱ་འབྱུང་བར་འགྱུར་ལ་དེ་དག་ཐམས་ཅད་ཚན་པོ་ཆེའི་སྟོབས་དང་ལྡན་པར་འགྱུར་རོ། དེ་ནས་ཁྱིམ་བདག་དེས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། བསམས་པ་བདག་གི་བུ་དེ་ལྟ་བུ་དག་འབྱུང་བར་འགྱུར་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དེས་དེ་

བཞིན་དུ་བྱས་པ་དང་། ཞག་བདུན་ལོན་པ་དང་ཤ་སྣག་བུ་དེ་རྡོལ་ནས་བུ་བརྒྱ་བྱུང་སྟེ། ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་གོ། །དེ་ནས་རེ་ཞིག་ན་མཐར་གྱིས་བསྐྱེད་བསྲིངས་

Vol. 75 · folio 183a

ནས་ཆེར་སྐྱེས་པ་དང་། དེ་དག་ཐམས་ཅད་བྱད་གཟུགས་དང་ལང་ཚོའི་རྒྱགས་པས་དྲེགས་ཏེ། ཕན་ཚུན་འཁྱམ་པ་ལས་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་བ་དང་། དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་

བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ་རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་དག་གིས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། དགའ་བ་བསྐྱེད་

ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་

དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཐམས་ཅད་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་།

དེ་དག་ཐམས་ཅད་ཀྱིས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་

སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་

བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་ས་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ།

Vol. 75 · folio 183b

ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གཞོན་ནུ་བརྒྱ་པོ་འདི་དག་གིས་ལས་གང་དག་བགྱིས་ན། དེས་སྤུན་དུ་གྱུར་ལ་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་རྣམས་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་

ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འདི་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་

རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །

ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་

པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས།

རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་

འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས་མཐོ་རིས་དང་ཐར་པར་འགྲོ་བར་འགྱུར་རོ། །

Vol. 75 · folio 184a

དེ་ནས་རེ་ཞིག་ན་མཛའ་སྡེ་བོ་བརྒྱ་ཕྱི་རོལ་ཏུ་བྱུང་བ་དང་དེ་དག་གིས་མཆོད་རྟེན་དེ་མཐོང་ནས། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་ཏེ། དེ་དག་གིས་ལྷན་ཅིག་ཏུ་ཏིལ་མར་སྤོས་ཅན་གྱིས་བྱུགས་ནས། མེ་ཏོག་དང་མེ་ཏོག་ཕྲེང་དང་མར་མེ་དབུལ་བ་དག་གིས་ཀྱང་

བསྙེན་བཀུར་བྱས་ནས་ལྷན་ཅིག་ཏུ་སྨོན་ལམ་བཏབ་པ། བདག་ཅག་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྤུན་དུ་གྱུར་ཏེ། ལྷན་ཅིག་ཏུ་ལྟོ་གཅིག་ཁོ་ན་ནས་འབྱུང་བར་གྱུར་ཅིག །ཚན་པོ་ཆེའི་སྟོབས་ཀྱི་ཤུགས་ཐོབ་པ་དང་བྱད་གཟུགས་དང་ལྡན་པར་གྱུར་ཅིག །མ་འོངས་པའི་དུས་ན་ཡང་ཡང་དག་པར་

རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་སྡེ་བོར་གྱུར་པ་གང་ཡིན་པ་དེ་དག་ནི་ཚན་པོ་ཆེ་འདི་དག་ཡིན་ཏེ། དེ་དག་གིས་ལྷན་ཅིག་ཏུ་མཆོད་རྟེན་དེ་ལ་བཀུར་སྟི་

བྱས་པ་དེས་ན་འདི་ལྟར་ལྷན་ཅིག་ཏུ་སྐྱེས་ཏེ། ཚན་པོ་ཆེའི་སྟོབས་ཀྱི་ཤུགས་ཐོབ་པར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་གཅིག་ཏུ་འཐུན་པར་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་

ངེས་པར་གནག་པར་འགྱུར་རོ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་

མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་

བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་བཅུ་དྲུག་པ། ཉི་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་

Vol. 75 · folio 184b

དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་།

གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་

རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཡུལ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན། ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ།

རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། དེ་རྩ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་

གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ནོར་བུ་རིན་པོ་ཆེ་མགོ་བོ་ལ་ཐོགས་པ་ཞིག་བཙས་ནས། དེ་ལས་ཁོ་ར་ཁོར་ཡུག་ཏུ་ཉི་མའི་འོད་ཟེར་ལྟ་བུ་འཕྲོ་སྟེ། དེའི་སྣང་བས་མཚན་མོ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཁྱབ་པར་གྱུར་པས་ཉིན་མོ་བཞིན་དུ་སྣང་བར་བྱས་སོ། །དེ་ནས་ཕ་

མ་དང་ཁྱིམ་དེ་ན་གནས་པའི་གཡོག་འཁོར་རྣམས་དང་ཉེ་དུ་རྣམས་དང་སེར་སྐྱའི་གནས་ན་འཁོད་པའི་ཤཱཀྱ་རྣམས་ཀྱིས་དེ་མཐོང་ནས། ཡ་མཚན་དུ་གྱུར་ཏེ་དགའ་བས་རྒྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་

བྱེད་དེ། ཉེ་དུ་རྣམས་ན་རེ་ཁྱེའུ་འདི་བཙས་མ་ཐག་ཏུ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཉི་མ་བཞིན་དུ་སྣང་བར་བྱས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ཉི་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ཉི་མ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་།

Vol. 75 · folio 185a

དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་

བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ་སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་

དགའ་བ་གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ། །དེ་ནས་ཕྱིས་རེ་ཞིག་ན། ཁྱེའུ་ཉི་མ་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་

པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་

ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས། ཁྱེའུ་ཉི་མས་འཇིག་

ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས་ཕ་

མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་

Vol. 75 · folio 185b

པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་

སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་

པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་ཚེ་དང་ལྡན་པ་ཉི་མ་བསོད་སྙོམས་ལ་འགྲོ་བ་དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་མ་དད་པ་རྣམས་འཕྱ་ཞིང་སྨོད་ལ་ལྐོག་འཕྱས་བྱེད་དེ། དེ་འདི་ལྟར་ནོར་བུ་རིན་པོ་ཆེ་མགོ་བོ་ལ་ཐོགས་ནས། ལམ་པོ་ཆེ་དང་སྲང་དང་བཞི་མདོ་དང་། སུམ་མདོ་དག་

ཏུ་འཁྱམ་པ་ལས་ན། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པའོ། །བྲམ་ཟེའི་ཚུལ་ནི་ཚིག་པའོ་ཞེས་འཛེར་ཏོ། །དེ་ནས་དེ་ཤིན་ཏུ་ངོ་ཚ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་

ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་ནས་བདག་གི་ནོར་བུ་རིན་པོ་ཆེ་མ་མཆིས་པར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་འདི་ནི་ལས་ལས་སྐྱེས་པ་ཡིན་པས་ན་མེད་པར་བྱར་མི་ནུས་སོ། །དེ་ལྟ་མོད་ཀྱི་ཅི་ནས་དད་པ་དང་ལྡན་པ་རྣམས་ཀྱིས་ནི་

མཐོང་ལ། མ་དད་པ་རྣམས་ཀྱིས་ནི་མི་མཐོང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་མཛད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཉི་མས་ལས་གང་དག་བགྱིས་ན། དེས་འདི་ཆེ་བར་

གྲགས་པ་དང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཉི་མ་ཉིད་ཀྱིས་ལས་བྱས་

Vol. 75 · folio 186a

ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ།

ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་

སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་

ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་

ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་འཕང་དུ་རྒྱང་གྲགས་

གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས་མཐོ་རིས་དང་ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་མཆོད་རྟེན་དེའི་མཆོད་པ་ལ་བབ་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་དང་ལྡན་པ་རྣམས་ཀྱིས་སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམ་པ་སྣ་

ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་རྣམས་ཀྱིས་མཆོད་པ་བྱེད་དོ། །དེ་ནས་རེ་ཞིག་ན་མི་ཞིག་རྒྱལ་པོ་དང་རྒྱན་པོས་རྩེས་ནས་སྐུགས་སུ་ནོར་བུ་རིན་པོ་ཆེ་མེ་ཤེལ་ཞིག་ཐོབ་བོ། །དེ་ནས་དེ་དད་པ་བསྐྱེད་ནས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་གྱི་

Vol. 75 · folio 186b

ཚར་ཁབ་ལ་བཏགས་ཏེ། ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གིས་ཀྱང་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་

པར་མ་གྱུར་ཅིག །ནོར་བུ་རིན་པོ་ཆེ་འདི་ལྟ་བུ་ཡང་སྤྱི་བོ་ལ་ཐོགས་བཞིན་དུ་མའི་ལྟོ་ནས་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཆོ་ལོ་ལ་དོར་སྒྱུ་བྱེད་པ་གང་ཡིན་པ་དེ་ནི་ཉི་མ་འདི་ཉིད་ཡིན་ཏེ། དེས་བཅོམ་ལྡན་འདས་

རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བཀུར་སྟི་བྱས་པ་དང་། ནོར་བུ་རིན་པོ་ཆེ་བཏགས་པ་དེས་ན། འདིའི་མགོ་བོ་ལས་ནོར་བུ་རིན་པོ་ཆེ་བྱུང་ལ་རྒྱུ་དེ་ཉིད་ཀྱིས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་

པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་

གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་

འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གྱད་ཀྱི་བ་དན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་

དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་

Vol. 75 · folio 187a

ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་

དགེ་འདུན་དང་བཅས་པ་ཡུལ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་

གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་

མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། གང་གི་ཚེ་ཁྱེའུ་དེ་བཙས་པ་དེའི་ཚེ་ལྷ་རྣམས་ཀྱིས་ཁོ་ར་ཁོར་ཡུག་ནས་ལྷའི་བ་དན་དག་བསྒྲེངས་སོ། །ལྷའི་རོལ་མོའི་ཆ་བྱད་དག་ཀྱང་བརྡུངས་སོ། །ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་

དཀར་པོ་རྣམས་ཀྱིས་ཀྱང་གཏོར་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཐམས་ཅད་དུ་གྲགས་པས་རྒྱས་པར་གྱུར་ཏོ། །ཁྱིམ་ཐམས་ཅད་དུ་ཡང་དེའི་ཕྱིར་བ་དན་བསྒྲེངས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་

ཁྱེའུ་འདི་བཙས་པ་ན་འཇིག་རྟེན་ཐམས་ཅད་ན་གྲགས་པས་རྒྱས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་སྙན་གྲགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་སྙན་གྲགས་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་

ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏེ། དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་

Vol. 75 · folio 187b

བ་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ་ཞིག་གོ། །དེ་ནས་ཕྱིས་རེ་ཞིག་ན་ཁྱེའུ་སྙན་གྲགས་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་སོང་བ་དང་། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་

ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་

བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་

ལྟ་བུའི་ཆོས་བསྟན་ཏོ། །དེ་ཐོས་ནས་ཁྱེའུ་སྙན་གྲགས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་དེས་བདེན་པ་མཐོང་ནས། སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་

ཕོངས་པ་རྣམས་ཚིམ་པར་བྱས་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་།

རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་

དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་

Vol. 75 · folio 188a

ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཡང་གསོལ་བ་བཏབ་སྟེ་ཕུལ་བའི་གོས་སྤྱོད་དེ། གསོལ་བ་བཏབ་སྟེ་ཕུལ་བ་མ་ཡིན་པ་ནི་ཉུང་དུ་སྤྱོད་དོ། །གསོལ་བ་བཏབ་སྟེ་ཕུལ་བའི་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་སྤྱོད་དེ།

གསོལ་བ་བཏབ་སྟེ་ཕུལ་བ་མ་ཡིན་པ་ནི་ཉུང་དུ་སྤྱོད་དོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྙན་གྲགས་ཀྱིས་ལས་གང་དག་བགྱིས་ན། དེས་བཙས་མ་ཐག་ཏུ་ལྷ་རྣམས་ཀྱིས་བ་དན་བསྒྲེངས་ནས།

འཇིག་རྟེན་དུ་གྲགས་པས་རྒྱས་པར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྙན་གྲགས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་

ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྙན་གྲགས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་

མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་

ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་

Vol. 75 · folio 188b

བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་

ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས་

མཐོ་རིས་དང་ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཉེན་ཡོད་ཀྱིས་མཆོད་རྟེན་དེ་ལ་དུས་སྟོན་བྱས་ནས། མཆོད་རྟེན་གྱི་དུས་སྟོན་བྱེད་པ་དེར་གྱད་འགྱེད་པ་རྣམས་ཀྱིས་བ་དན་དག་སྒྲེང་ངོ་། །དེ་ནས་རེ་ཞིག་ན་རྒྱལ་པོའི་གྱད་གཅིག་གིས་གྱད་གཅིག་ནོན་པ་དང་།

དེས་གྱད་ཀྱི་བ་དན་ཐོབ་ནས་དེས་དེ་བླངས་ཏེ། སྲོག་ཆགས་འབུམ་ཕྲག་དུ་མའི་འཁོར་དང་བཅས་པས་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ལེན་ཅིང་། བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་དྲན་པར་བྱས་ཏེ། བ་དན་དེ་

མཆོད་རྟེན་གྱི་སྟེང་གི་སྲོག་ཤིང་ལ་བཏགས་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ལྟ་བུ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས།

དེའི་ཚེ་དེའི་དུས་ན་གྱད་དུ་གྱུར་པ་གང་ཡིན་པ་དེ་ནི་སྙན་གྲགས་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བསྙེན་བཀུར་བྱས་པ་དེས་ན་འཁོར་བ་ན་བདེ་བ་མཐའ་ཡས་པ་མྱོང་བར་གྱུར་ལ། རྒྱུ་དེ་ཉིད་ཀྱིས་ད་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་

སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །

Vol. 75 · folio 189a

དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་

ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། རྟོགས་པ་བརྗོད་པ་སྣ་ཚོགས་ཞེས་བྱ་བ་སྟེ། སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་རྫོགས་སོ།། །།སྡོམ་ནི། འོད་

བཟང་མ་དང་རབ་སྡུག་མ། །དཀར་མོ་ཟླ་བ་ཨུད་པ་ལ། །མཛེས་ལྡན་མ་དང་མུ་ཏིག་དང་། །ཀ་ཙང་ག་ལ་བ་དེ་བྱེད་མ། །མི་སྡུག་སྡེ་ཚན་བཅད་དེ་བསྟན། །འོད་བཟང་མ་ཞེས་བྱ་བ་ནི། །སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་།

ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་

བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་

དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་ཕྱུག་ཅིང་ནོར་མང་

ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་

Vol. 75 · folio 189b

སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ལྷའི་རྒྱན་གྱིས་བཀླུབས་པ་ནོར་བུ་རིན་པོ་ཆེ་མགུལ་ན་ཐོགས་པ་ཞིག་བཙས་ཏེ། དེ་ལས་འོད་བྱུང་བ་དེས་མཉན་དུ་ཡོད་པ་ཐམས་ཅད་སྣང་བར་བྱས་སོ། །དེ་

ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་བུ་མོ་འདི་བཙས་མ་ཐག་ཏུ་ནོར་བུ་རིན་པོ་ཆེའི་འོད་ཀྱིས་མཉན་དུ་ཡོད་པ་ཐམས་ཅད་སྣང་བར་བྱས་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་འོད་བཟང་མ་ཞེས་གདགས་སོ་ཞེས་

ཟེར་རོ། །དེ་ནས་བུ་མོ་འོད་བཟང་མ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་

ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །བུ་མོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་ལ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ་ཞིག་སྟེ། དེ་ལ་སློང་བ་སུ་དང་སུ་འོངས་

ཀྱང་རུང་བ་དེ་དང་དེ་དག་ལ་མགུལ་ནས་རྒྱན་བཀྲོལ་ཏེ་སྦྱིན་པར་བྱེད་དོ། །བྱིན་ནས་ཀྱང་ཡང་རྒྱན་འབྱུང་བར་འགྱུར་རོ། །དེ་ནས་གང་གི་ཚེ་བུ་མོ་དེ་མཐར་གྱིས་ཆེན་མོར་གྱུར་པ་དེའི་ཚེ་རྒྱལ་པོའི་བུ་རྣམས་དང་། བློན་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་མང་པོ་དག་དེ་སློང་དུ་འོང་ངོ་། །དེ་ནས་

དེ་དག་གིས་གནོད་པར་གྱུར་ནས། དེའི་ཕ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས། སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་རེ་ཞིག་ན་བུ་མོ་དེས་ཕ་སེམས་ཁོང་དུ་ཆུད་པ་མཐོང་ནས། སྨྲས་པ།

ཡབ་ཅི་ཞིག་གིས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེ་ནས་དེས་དེའི་དོན་རྒྱས་པར་བསྙད་དོ། །དེ་ནས་བུ་མོ་དེ་ན་རེ་ཡབ་ཐུགས་ངན་མ་མཛད་ཅིག་དང་། ད་སྟེ་ཞག་བདུན་ན་བདག་ཉིད་ཀྱིས་ཁྱིམ་ཐབ་འདམ་པར་འཚལ་ལོ་ཞེས་ཟེར་རོ། །དེ་ནས་ཚོང་དཔོན་དེས་རྒྱལ་པོ་གསལ་རྒྱལ་

Vol. 75 · folio 190a

ལ་གསོལ་ནས་མཉན་དུ་ཡོད་པར་དྲིལ་བསྒྲགས་ཏེ། དེ་སྟེ་ཞག་བདུན་ན་བུ་མོ་འོད་བཟང་མ་རང་ཉིད་ཁྱིམ་ཐབ་འདམ་པར་ཆད་ཀྱིས་ཁྱེད་ཀྱིས་བྱ་བ་གང་ཡིན་པ་དེ་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང་བུ་མོ་འོད་བཟང་མ་ཤིང་རྟ་ལ་ཞོན་ཏ་ཆོས་གོས་ཚོན་

ཅན་གྱི་རྒྱལ་མཚན་བསྒྲེང་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་རི་མོར་བྲིས་ཏེ་བསྟོད་པ་འདོན་ཅིང་སྲང་དུ་ཞུགས་སོ། །དེ་ནས་དེར་རྒྱལ་པོའི་བུ་རྣམས་དང་། བློན་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་རྣམས་དེ་ལ་ཡིད་སྨོན་བྱེད་ཅིང་ལྟ་བ་དེ་དག་ལ་གཏམ་རྣམ་པ་སྣ་

ཚོགས་ཀྱིས་ཤད་ཀྱིས་བྱང་བར་བཤད་དེ། བདག་གིས་ཁྱེད་ལ་གང་གི་སྒོ་ནས་ཀྱང་སྐུ་བརྙས་ནི་མི་འཚལ་ན་ཡོང་ཡེ་བདག་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་པ་ཁོ་ནར་བས་སོ། །བདག་ནི་སངས་རྒྱས་ལ་སྐྱབས་སུ་སོང་སྟེ། དེའི་ཐད་དུ་རབ་ཏུ་འབྱུང་ངོ་ཞེས་བྱས་ནས་དེ་དག་

ཕྱིར་ལོག་གོ། །བུ་མོ་འོད་བཟང་མ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་

བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་འོད་བཟང་མས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་མངོན་

པར་ཤེས་པ་ཡང་བསྒྲུབས་སོ། །དེ་ནས་བུ་མོ་འོད་བཟང་མ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་

བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་ལ་གདུལ་བར་བྱ་བ་

Vol. 75 · folio 190b

མང་པོ་དག་དེས་འདྲེན་པར་འགྱུར་བར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་སོང་ལ་འཁོར་རྣམས་ཀྱང་ལྟོས་ཤིག །དེ་ནས་བུ་མོ་འོད་བཟང་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་བྱུང་སྟེ་མང་པོ་འདུས་པའི་ནང་དུ་སོང་བ་དང་། དེར་སོ་སོ་ནས་བསམས་པ།

འདི་མཐུས་དབྲོག་པར་བྱའོ་སྙམ་སྟེ། དེ་དག་གིས་དེ་བཟུང་བར་བྱས་སོ། །དེ་ནས་བུ་མོ་འོད་བཟང་མ་དེ་དག་གིས་བསྙགས་པ་དང་། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་

འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ་དེ་ནས་དེ་དག་གིས་ལྷ་དང་མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་དེ་མཐོང་ངོ་། །མཐོང་ནས་ཀྱང་སྤུ་ཟིང་ཞེས་བྱས་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས་གསོལ་བ་བཏབ་པ། སྲུ་མར་སྤྱོན་མར་སྤྱོན་ཁྱོད་ཀྱིས་ཆོས་འདི་ལྟ་བུ་དག་

མངོན་སུམ་དུ་བྱས་པ་ལས་ན། ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་དོ་ཞེས་བྱས་སོ། །དེ་ནས་བུ་མོ་འོད་བཟང་མ་ནམ་མཁའ་ལས་བབས་ནས་སྐྱེ་བོ་ཕལ་པོ་ཆེའི་གུང་ལ་འདུག་སྟེ། གང་ཐོས་པས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་

བཅོམ་ལྡན་འདས་ཀྱིས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་དེས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་

བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ།

ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་

Vol. 75 · folio 191a

དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འོད་བཟང་གིས་ལས་གང་དག་བགྱིས་ན། དེས་

གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མགུལ་པ་ནས་ཀྱང་ནོར་བུ་རིན་པོ་ཆེ་བྱུང་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འོད་བཟང་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་

རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འོད་བཟང་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི།

ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་

འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་

ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་

Vol. 75 · folio 191b

རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་

གཉེན་ཡོད་ཀྱི་བཙུན་མོ་དམ་པ་རྒས་ནས་རྒྱན་རྣམ་པ་སྣ་ཚོགས་ལུས་ལས་བཀྲོལ་ཏེ་མཆོད་རྟེན་དེ་ལ་ཕུལ་ལོ། །དེ་ནས་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གིས་ཀྱང་དགྲ་བཅོམ་

པ་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ཡོད་ཀྱི་བཙུན་མོ་དམ་པར་གྱུར་པ་གང་ཡིན་པ་དེ་ནི་འོད་བཟང་མ་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་

ལ་རྒྱན་རྣམ་པ་སྣ་ཚོགས་བཏགས་པ་དེས་ན་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་གྱུར་ཏེ། །སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་

པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་

ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་

ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རབ་སྡུག་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་

Vol. 75 · folio 192a

རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་།

གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་

ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་། བུ་བྱུང་

སྟེ་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་སྙིང་དུ་རབ་ཏུ་སྡུག་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་

འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་བུ་མོ་འདི་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པས་ན་དེའི་ཕྱིར་བུ་མོ་འདིའི་མིང་རབ་སྡུག་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ཡང་ཚེ་རབས་དྲན་ཏེ། བཙས་མ་ཐག་ཏུ་ཚིགས་སུ་བཅད་པ་སྨྲས་པ། སྦྱིན་པ་བྱིན་པ་མང་ཉུང་ཅི་ཡང་རུང་། །ཞིང་གི་ཁྱད་

པར་གཞི་ལས་འཕེལ་བར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་འཇིག་རྟེན་དུ། དད་པས་ལྷ་མི་དབང་ཕྱུག་སངས་རྒྱས་སྦྱིན། །དེ་ནས་དེའི་ཕ་མ་དང་གཞན་ཡང་ཁྱིམ་དེ་ན་གནས་པ་རྣམས་ཀྱིས་ཚིག་བརྗོད་པ་དེ་ཐོས་ནས་སྐྲག་ཅིང་དངངས་ཏེ་མི་དགའ་བར་གྱུར་ལ། སྐྱི་བུང་ཞེས་བྱས་

ནས་སྨྲས་པ་ཀྱེ་མ་བུ་མོ་འདི་ནི་ཤ་ཟ་མོ་ཞིག་གོ། །དེས་སྨྲས་པ། ཡུམ་བདག་ནི་ཤ་ཟ་མོ་ཡང་མ་ལགས། སྲིན་མོ་ཡང་མ་ལགས་ཀྱི། བདག་ནི་བུ་མོ་ལགས་ཏེ་སྦྱིན་པ་དག་སྦྱིན་པར་འཚལ་ལོ། །དེ་ནས་དེའི་མས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བུ་མོ་དེ་འདི་སྐད་མཆིའོ། །

Vol. 75 · folio 192b

ཞེས་བསྙད་དོ། །དེ་ནས་ཁྱིམ་བདག་དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ཏེ། དེའི་ཕྱིར་སྦྱིན་པའི་རབས་གདོན་དུ་བཅུག་གོ། །དེ་ནས་གང་གི་ཚེ་བུ་མོ་དེ་མཐར་གྱིས་ལོ་བདུན་ལོན་པ་

དེའི་ཚེ་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེ་དགེ་སློང་མ་ཐམས་ཅད་ལ་སྡུག་པ་དང་། ཕོངས་པ་དང་། སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བར་གྱུར་ཏོ། །རེ་ཞིག་ན་དེའི་ཚེ་མུ་གེའི་བར་གྱི་བསྐལ་པ་དང་འདྲ་བའི་མུ་གེ་ཆེན་པོ་བྱུང་ནས། དེར་

སྲོག་ཆགས་འབུམ་ཕྲག་དུ་མ་བཟའ་བ་དང་བཏུང་བ་མེད་པས་ཤིའོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་རབ་སྡུག་མ་ལ་ང་ན་རེ་འཁོར་བཞི་པོ་རྣམས་ལ་ཁྱོད་ཀྱིས་ཟླ་བ་གསུམ་གྱི་བར་དུ་གོས་དང་། ཟས་དང་།

མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་ཕུལ་ཅིག་ཅེས་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རབ་སྡུག་མའི་ཐད་དུ་སོང་ནས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་ཀྱིས་འཁོར་བཞི་པོ་རྣམས་ཟླ་བ་གསུམ་གྱི་བར་དུ་གོས་དང་། ཟས་དང་། མལ་ཆ་དང་།

སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་ཕུལ་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་རབ་སྡུག་མས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་སྤྱི་བོས་མནོས་ནས་བཀའ་བཞིན་འཚལ་ཞེས་སྨྲས་སོ། །དེ་ནས་རབ་སྡུག་མ་སྤྱོད་ཡུལ་གྱི་གྲོང་བལྟ་བའི་ཕྱིར་མཉན་དུ་ཡོད་པར་ཆས་སོ། །དེ་ནས་རེ་ཞིག་

ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཏམ་དེ་ཐོས་ནས་ཤིན་ཏུ་རིངས་པར་རབ་སྡུག་མའི་མདུན་དུ་སོང་སྟེ་སྨྲས་པ། རབ་སྡུག་མ་གར་འགྲོ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཟླ་བ་གསུམ་གྱི་བར་དུ་ཞལ་ཏ་བའི་ལས་བྱེད་པར་བསྐོས་སོ། །མགོན་མེད་ཟས་སྦྱིན་

གྱིས་སྨྲས་པ། ཁྱོད་ཀྱི་དེ་དག་ཐམས་ཅད་བདག་གིས་སྦྱར་གྱིས་ཁྱོད་ཀྱིས་བྱ་མི་དགོས་སོ། །རབ་སྡུག་མས་སྨྲས་པ། གལ་ཏེ་ཡབ་བདེན་པ་མཐོང་བ་ལགས་ལ་སའི་འོག་ཐོག་དག་ཏུ་སྦས་པའི་གཏེར་རྣམས་ཀྱང་མངོན་དུ་གཟིགས་ན། སྦྱར་བ་འདི་ལ་ངོ་མཚར་ཆེ་བ་ཅི་མཆིས།

Vol. 75 · folio 193a

འོན་ཀྱང་བདག་ནི་སྐྱེ་བོ་དབུལ་པོ་ལ་ཕན་གདགས་པའི་སླད་དུ་ཞལ་ཏ་བགྱིད་དོ། །དེ་བཞིན་དུ་དགེ་བསྙེན་ལྔ་བརྒྱ་དང་། བཙུན་མོ་ཕྲེང་རྒྱུད་མ་དང་། རྒྱལ་རིགས་ཀྱི་བུ་མོ་དབྱར་ཚུལ་མ་དང་། བཙུན་མོ་འཁོར་གྱི་བླ་དྲང་སྲོང་སྦྱིན་དང་། གནའ་མི་དང་རི་དགས་འཛིན་

གྱི་མ་ས་ག་དང་། རྒྱལ་པོ་གསལ་རྒྱལ་རྣམས་ཀྱིས་ཀྱང་སྐབས་ཕྱེ་སྟེ། ཁྱོད་ཀྱིས་བྱ་མི་དགོས་སོ་ཞེས་བྱས་སོ། །དེ་ནས་ནགས་ཁུང་དུ་སོང་ནས་དེར་མི་མ་ཡིན་པ་མིའི་ཆ་ལུགས་ཅན་དག་གིས་ཀྱང་སྐབས་ཕྱེའོ། །དེ་ལྟར་སྐབས་ཕྱེ་ནས་ཀྱང་། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་

དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །དེས་ཟླ་བ་གསུམ་པོ་དེ་ཉིད་ཀྱི་སྐབས་སུ་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་

འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ།

དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་

སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཟླ་བ་གསུམ་འདས་པ་དང་། ཆོས་

གོས་མཛད་དེ་ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་ཆས་ཏེ་གཤེགས་སོ། །དེ་ནས་རབ་སྡུག་མས་བཅོམ་ལྡན་འདས་དང་ལམ་དུ་ཕྲད་ནས་འོ་བརྒྱལ་མི་འཚལ་ཞེས་གསོལ་ཏོ། །

Vol. 75 · folio 193b

དེ་ནས་རེ་ཞིག་ན་ནགས་ཁུང་ཆུ་དང་ལྡན་པ་ཞིག་ཏུ་ཕྱིན་ནས་དྲོ་ལ་བབ་ན་རྒྱགས་ཀྱང་མེད་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པར་གསོལ་ཏོ། །དེ་ནས་ལྷུང་བཟེད་ལག་པ་གཡོན་པ་ལ་བཞག་སྟེ། ཚིག་ཏུ་སྨྲས་པ། གལ་ཏེ་བསོད་ནམས་དག་

གི་རྣམ་པར་སྨིན་པ་ཡོད་ཅེ་ན། བདག་གི་ལྷུང་བཟེད་བཟའ་བ་དང་བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ལྷས་ལྷའི་བདུད་རྩིས་བཀང་ངོ་། །དེ་ནས་རབ་སྡུག་གིས་གྲལ་རིམས་བཞིན་དུ་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ལྷུང་

བཟེད་རྣམས་ཞལ་ཟས་ཀྱིས་བཀང་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་བསོད་ནམས་བྱས་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ་དགེ་སློང་མ་རབ་སྡུག་མ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ།

ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རབ་སྡུག་མས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། སྐྱེ་བོ་ཐམས་ཅད་ཀྱིས་བཀུར་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་

སུམ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རབ་སྡུག་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རབ་

སྡུག་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་

པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་

Vol. 75 · folio 194a

པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་

པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་སྲུང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། མདུན་དུ་བདར་ནས་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་གཤེགས་པ་དང་། རེ་ཞིག་ན་ཚོང་དཔོན་ཞིག་གཡོག་འཁོར་དང་བཅས་ཏེ་སྐྱེད་མོས་

ཚལ་དུ་སོང་ནས་བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་ཁྱེར་རོ། །དེ་ནས་རེ་ཞིག་ན་དེའི་མངག་གཞུག་མ་བུ་མོ་ཞིག་འབྲས་ཆན་གྱི་གཟེབ་ཁྱེར་ཏེ་ཇོ་བོའི་ཕྱི་བཞིན་དུ་འགྲོ་བ་ལས་བུ་མོ་མངག་གཞུག་མ་དེས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལམ་ཁར་མཐོང་ནས་

དེ་དགའ་བར་གྱུར་ཏེ་བླ་སྐྱེས་པ། བདག་ལ་ཇོ་བོས་ལན་གཉིས་སུ་བྲན་མོར་བྱར་ཅི་ཡོད་ཀྱིས་བདག་གིས་བཅོམ་ལྡན་འདས་བཤོས་གསོལ་གོར་མ་ཆག་སྙམ་མོ། །དེ་ནས་དེས་གསད་པ་དང་། བཅིང་བ་དང་བརྡེག་པ་དང་བསྡོས་ནས་འབྲས་ཆན་གྱི་གཟེབ་ཕྱེ་སྟེ། བཅོམ་ལྡན་འདས་

ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞལ་ཟས་སྣ་ཚོགས་ཀྱིས་ཚིམ་པར་བྱས་སོ། །དེ་ནས་ཚོང་དཔོན་གྱི་ཐད་དུ་སོང་བ་དང་། རེ་ཞིག་ན་ཚོང་དཔོན་གྱིས་བུ་མོ་འབྲས་ཆན་གྱི་གཟེབ་དེ་ག་རེ་ཞེས་དྲིས་སོ། །དེས་སྨྲས་པ་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་ལ་ཞལ་ཟས་ཕུལ་ལོ་ཞེས་བྱས་པ་དང་། ཚོང་དཔོན་གྱིས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་སྨྲས་པ་བུ་མོ་ཁྱོད་དེང་ཕྱིན་ཅད་བྲན་མོ་ལས་ཕྱུང་གིས་སོང་ཤིག །ཁྱོད་ཀྱིས་བདག་གཉིད་ཀྱིས་ལོག་པ་ན་

Vol. 75 · folio 194b

མེལ་ཚེ་བྱས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དེས་ཐལ་མོ་སྦྱར་ཏེ་ཁྱིམ་བདག་ལ་གསོལ་པ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་ཅི་གནང་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་དེས་ལྷུང་བཟེད་དང་ཆོས་གོས་ཀྱང་བྱིན་ནས། དེ་ཇོ་བོས་བྱིན་པའི་ལྷུང་བཟེད་དང་ཆོས་

གོས་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་ལོ་དགུ་སྟོང་གི་བར་དུ་ཞལ་ཏ་བའི་ལས་བྱས་ཏེ། འབྲས་ཆན་དང་། སྐྱོ་མ་དང་། ཐུག་པ་བཏུང་བ་དང་། རྟག་རེས་འཁོར་དང་། མགྲོན་དུ་བོད་པ་དང་། མར་མེའི་ཕྲེང་

བ་དང་། ཆོས་གོས་སྲ་བརྐྱང་རྣམས་དང་། སྦྱིན་པ་དང་རབ་ཏུ་སྦྱིན་པ་རྣམས་ཀྱང་ཕུལ་ཏེ། སྨོན་ལམ་བཏབ་པ། བདག་གིས་དཀའ་བས་བསྒྲུབས་ཏེ། བཅོམ་ལྡན་འདས་འོད་སྲུང་ལ་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་ཕུལ་བའི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་

ཡོངས་སུ་གཏོང་བ་འདིས་ན། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསུང་རབ་ལ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་མངག་གཞུག་མར་གྱུར་པ་གང་ཡིན་པ་དེ་ནི་རབ་སྡུག་

མ་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་འོད་སྲུང་ལ་ཞལ་ཟས་ཕུལ་བ་དེས་ན་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་བར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་

དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་

རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་

Vol. 75 · folio 195a

ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དཀར་མོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་

མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་

མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་།

གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་སྣར་མ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ།

ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་

སྤྱད་ཀྱང་། བུ་ཡང་མེད་བུ་མོ་ཡང་མེད་དེ་ལག་པ་ལ་རྐོམ་ཚུགས་བཅས་ནས་བསམས་པ་བདག་གིས་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་། བདག་ལ་བུ་ཡང་མེད། བུ་མོ་ཡང་མེད་པས་བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་

འགྱུར་རོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། ལྟས་མཁན་དང་། མཛའ་བོ་དང་། གཉེན་དང་། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུ་མེད་དེ་བུ་འདོད་པས་གུ་ལང་དང་། ཆུ་ལྷ་

Vol. 75 · folio 195b

དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་

ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་འཐུན་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ།

གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་འདོད་ཆགས་

ལངས་ཏེ། ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་

འཕོས་ཏེ། དེའི་ཆུང་མའི་ལྟོར་ཞུགས་ནས་དེས་ཁྱིམ་ཐབ་ལ་སྦྲན་ཏོ། །དེ་ནས་ཁྱིམ་ཐབ་ཀྱིས་སྨྲས་པ། བཟང་མོ་གལ་ཏེ་བུ་ཁྱེའུ་ཞིག་བཙས་ན་ནི་ལེགས། དེ་མ་ཡིན་ཏེ་བུ་མོ་ཞིག་བཙས་ན་ནི་དེ་ཉིད་དང་བཅས་ཏེ་ཁྱོད་ཁྱིམ་ནས་བསྐྲད་དེ་གཏོང་ངོ་། །དེ་ནས་རེ་ཞིག་ན་དེ་ཟླ་བ་བརྒྱད་

དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་གོས་དཀར་པོ་གྱོན་པ་མངལ་གྱི་དྲི་མས་མ་གོས་པ་ཞིག་བཙས་སོ། །དེ་ནས་རེ་ཞིག་ན་ཤཱཀྱ་སྣར་མས་ཁྱོད་ཀྱི་ཆུང་མ་ལ་བུ་བྱུང་སྟེ་བུ་མོ་

ཞིག་བཙས་ས་ཞེས་ཐོས་པ་དང་དེ་ཁྲོས་ཏེ་ནང་དུ་སོང་ངོ་། །དེ་ནས་དེའི་ཆུང་མས་ལྷའི་གོས་གྱོན་པའི་བུ་མོ་ཕུལ་ལོ། །དེ་ནས་ཤཱཀྱ་སྣར་མས་བུ་མོ་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། དེ་བཙས་པའི་བཙས་སྟོན་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་

Vol. 75 · folio 196a

དེ། ཉེ་དུ་རྣམས་ན་རེ་འདི་གོས་དཀར་པོ་གྱོན་བཞིན་དུ་བཙས་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་དཀར་མོར་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་དཀར་མོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་

བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །བུ་མོ་དཀར་མོ་

ཇི་ཙམ་དུ་སྐྱེ་བ་དེ་ཙམ་དུ་གོས་དེ་དག་ཀྱང་སྐྱེ་སྟེ་དྲི་མ་ཅན་དུ་ཡང་མི་འགྱུར་ལ། དེའི་ལུས་ལ་ཡང་དྲི་མས་གོས་པར་མི་འགྱུར་རོ། །དེ་ནས་གང་གི་ཚེ་བུ་མོ་དཀར་མོ་མཐར་གྱིས་ཆེན་མོར་གྱུར་པ་དེའི་ཚེ། རྒྱལ་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་མང་པོ་དག་དེ་སློང་དུ་

འོང་ངོ་། །དེ་ནས་དེ་དག་གིས་གནོད་པར་གྱུར་ནས་དེའི་ཕ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་རེ་ཞིག་ན་བུ་མོ་དེས་ཕ་སེམས་ཁོང་དུ་ཆུད་ཅིང་འདུག་པ་

མཐོང་ནས། སྨྲས་པ། ཡབ་ཅི་ཞིག་གིས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེ་ནས་དེས་དེའི་དོན་རྒྱས་པར་བསྙད་དོ། །དེ་ནས་བུ་མོ་ན་རེ་ཡབ་ཐུགས་ངན་མ་མཛད་ཅིག །བདག་ནི་འདོད་པ་ལ་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གིས།

ཡབ་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། །དེ་ནས་རེ་ཞིག་ན་དེས་ཕ་མ་གཉིས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། གོས་གང་དག་གྱོན་ཏེ་བཙས་པ་དེ་དག་ཉིད་ཆོས་གོས་ལྔ་ཚང་བར་གྱུར་ཏོ། །དེ་ནས་དེས་བརྩོན་པ་དང་། སྦྱོར་བ་དང་། འབད་པས་

ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། །ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་

Vol. 75 · folio 196b

དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་

མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་

ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དཀར་མོས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་གོས་དཀར་པོ་གྱོན་པ་དང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དཀར་མོ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དཀར་མོ་ཉིད་ཀྱིས་ལས་བྱས་

ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་

དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །

དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་

Vol. 75 · folio 197a

མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་ཆུང་མ་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་ཞིག་

འདུག་པ་དྲང་སྲོང་སྨྲ་བར་དོན་ཞིག་ལ་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ།

རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས་མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་འོད་སྲུང་གིས་དེ་ལ་ཆོས་བསྟན་ནས་དེས་དད་པ་རྙེད་དེ། བཅོམ་ལྡན་འདས་

ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ནས། དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་ལོ། །དེ་ནས་མཐར་གྱིས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་

ན་ཚོང་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་དཀར་མོ་འདི་ཡིན་ཏེ། དེས་དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་བ་དེས་ན་གོས་དཀར་པོ་གྱོན་བཞིན་དུ་བཙས་སོ། །ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །

དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་

མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་

Vol. 75 · folio 197b

བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་བདུན་པ། ཟླ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་

དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་།

ལྟ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་

པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་

པ་ན་བྲམ་ཟེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ཡང་རིག་བྱེད་གསུམ་གྱི་མཐར་ཕྱིན་ཏེ། མིང་གི་རྣམ་གྲངས་དང་། ཤེས་གསལ་དང་བཅས་པ་དང་

ཡི་གེའི་རབ་ཏུ་དབྱེ་བ་དང་ལྔ་པ་སྟེ་གཏམ་རྒྱུད་དང་བཅས་པ་རྣམས་ཚིག་རེ་རེ་ནས་བརྡ་སྤྲོད་ནུས་པ་ཞིག་གོ། །དེ་ནས་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེའི་སྔགས་འདོན་པའི་སློབ་དཔོན་བྱེད་དོ། །དེ་ནས་དེས་བུ་དགོས་པའི་ཕྱིར་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་

རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་། བུ་བྱུང་སྟེ་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་

Vol. 75 · folio 198a

དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། །ཉེ་དུ་རྣམས་ན་རེ་བདག་ཅག་གི་བུ་ཚ་ཕལ་ཆེར་ཟླ་བ་ཞེས་འདོགས་པས་ན་དེའི་ཕྱིར་བུ་མོ་འདིའི་མིང་ཟླ་བ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ཟླ་བ་པང་ན་འཚོ་བའི་མ་མ་

གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་

བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་བུ་མོ་ཟླ་བ་མཐར་གྱིས་ཆེན་མོར་གྱུར་པ་དང་། དེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། བྱ་བ་ལ་མཁས་པ་དང་། དྲན་པ་དང་ལྡན་པ་དང་། ཐོས་པ་འཛིན་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་དེའི་ཕ་བྲམ་

ཟེའི་ཁྱེའུ་རྣམས་ལ་སྔགས་སློབ་པ་ན་དེས་ཐོས་པ་ཙམ་གྱིས་ལོབས་སོ། །ཐོས་ནས་ཀྱང་བསྟན་བཅོས་དེ་དག་ལྟག་འོག་སྦྱོར་ཞིང་འཆད་ནུས་སོ། །དེ་ནས་དེའི་གྲགས་པས་མཉན་དུ་ཡོད་པ་ཐམས་ཅད་རྒྱས་པར་གྱུར་ཏོ། །མུ་སྟེགས་ཅན་དག་ཀྱང་ཉིན་གཅིག་བཞིན་དུ་དེ་ལ་བལྟ་བའི་ཕྱིར་འོངས་

ཏེ། དེ་དང་ལྷན་ཅིག་ཏུ་གཏན་ལ་འབེབས་པར་བྱེད་དོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་མཉན་དུ་ཡོད་པར་གཤེགས་ནས། མཁས་པ་རྣམས་དང་མཁས་པར་བགྲང་བ་དེ་དག་

ཕལ་ཆེར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དེར་འདོང་བར་བྱེད་དོ། །དེ་ནས་དེ་དག་མི་སྣང་ནས་ནང་མི་རྣམས་ལ་སྨྲས་པ་ཀྱེ་ཅིའི་ཕྱིར་དེ་བསྟན་བཅོས་ཤེས་པ་དག་མི་འོང་། འདི་ལ་རྒྱུ་ཅི་ཞིག་ཡོད། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཤཱཀྱ་ཐུབ་པ་འདིར་གཤེགས་

ཏེ། དེ་དག་ཐམས་ཅད་དེ་ལ་གཞོལ་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་བྱུང་བ་ཐོས་ནས། དེ་སྤུ་ཐམས་ཅད་ཟིང་ཞེས་བྱས་སོ། །དེ་ནས་བུ་མོ་ཟླ་བས་སངས་རྒྱས་ཞེས་བྱ་བའི་སྒྲ་ཐོས་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་

Vol. 75 · folio 198b

འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་

བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། །ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་ཟླ་བའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་

ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་ཟླ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྐྱེ་དགུའི་བདག་མོ་ཆེན་མོའི་ཐད་དུ་རབ་ཏུ་བྱུང་ངོ་། །དེ་ནས་དེས་བརྩོན་པ་དང་བསྒྲུབ་པ་དང་

འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་

པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་

དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་

རྣམས་ལ། དགེ་སློང་དག་ཁྱེད་ཅག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་གདོན་པར་གྱིས་ཤིག་ཅེས་བཀའ་སྩལ་པ། །དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོས་གསོལ་པ། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་མདོ་ལུང་དབོག་ཏུ་གསོལ། བདེ་བར་གཤེགས་པས་སོ་སོར་

Vol. 75 · folio 199a

ཐར་པའི་མདོ་ལུང་དབོག་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དགེ་སློང་མ་ལ་ཚིག་རེ་རེ་ནས་ཆོས་ཀྱི་ལུང་དབོག་པར་མི་མཛད་དེ། གལ་ཏེ་ཁྱེད་ལས་ལན་ཅིག་སྨྲས་པས་འཛིན་ནུས་པ་འགའ་

ཞིག་ཡོད་ན་ནི་ངས་ལུང་དབོག་གོ། །དེ་ནས་དེའི་ཚེ་དགེ་སློང་མ་ཟླ་བ་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་དགེ་སློང་མ་ཟླ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལན་ཅིག་

བཀའ་སྩལ་པས་བདག་གིས་གཟུང་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་མདོ་ལུང་དབོག་ཏུ་གསོལ། བདེ་བར་གཤེགས་པས་སོ་སོར་ཐར་པའི་མདོ་ལུང་དབོག་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱས་པར་ལུང་དབོག་པ་མཛད་ནས། ལན་ཅིག་བཀའ་སྩལ་པས་དགེ་

སློང་མ་ཟླ་བས་ལོབས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ངའི་ཉན་ཐོས་ཀྱི་དགེ་སློང་མ་མང་དུ་ཐོས་པ་རྣམས་དང་། ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཟླ་བ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་

གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་མ་ཟླ་བས་ལས་གང་དག་བགྱིས་ཤིང་བསགས་པ་དེས་ན་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་ཐོས་པ་འཛིན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དགེ་སློང་དག་ཟླ་བ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཟླ་བ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་

སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་

Vol. 75 · folio 199b

འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་

ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་

ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་བྲམ་ཟེའི་བུ་མོ་ཞིག་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེས་དེ་ལ་ལུང་མནོས་ཏེ་བསླབས་ནས་ཁ་ཏོན་ཏུ་བྱས་ཏེ་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་

མཁས་པ་དང་། རྟེན་ཅིང་འབྲེལ་པར་བྱུང་བ་ལ་མཁས་པ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་སོ། །མཐར་ཐུག་པའི་ཡེ་ཤེས་ནི་བསྐྱེད་མ་ནུས་སོ། །དེ་མཁན་མོ་གང་ལས་རབ་ཏུ་བྱུང་བ་དེ་ནི་བཅོམ་ལྡན་འདས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་

དགེ་སློང་མ་དེ་འཆི་བའི་ཚེ་སྨོན་ལམ་བཏབ་པ། ཇི་ལྟར་བདག་གིས་མཁན་མོ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་མ་འོངས་པའི་དུས་ན། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་གང་ཡིན་པའི་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་འབྱུང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདག་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་སྟོན་པར་གྱུར་ཅིག་ཅེས་བྱས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་ཟླ་བ་འདི་ཡིན་ཏེ་དེས་སྨོན་ལམ་བཏབ་པ་དེས་ན་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེས་དེར་ལུང་མནོས་ཏེ། བསླབས་ནས་ཁ་ཏོན་དུ་བྱས་པ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words