རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་བཛྲ་ཌཱ་ཀ་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 78 · folio 30b
ཚོད་དོ། །དེ་ཡི་མཚན་མ་ལྡན་པ་ཡིས། །ཉིན་མཚན་གྱི་ནི་དབུགས་སུ་བརྩི། །ངག་གི་དབང་ཕྱུག་ཀུན་བཟུང་ནས། །དབྱངས་ཀྱི་མཚན་མར་མངོན་པར་བཞག །མ་ནིང་གཉིས་ནི་སྤངས་ནས་སུ། །ས་ཡི་དབང་ཕྱུག་ཀུན་དུ་བཞག །ཨ་ཡི་རིམ་པ་ལ་བབ་ན། །དཔལ་དང་མངོན་
པར་མཉམ་འགྲོགས་ཤིང་། །ནོར་རྙེད་པར་ནི་སྣང་བ་སྟེ། །སྐལ་བ་བཟང་པོར་གདོན་མི་ཟ། །ཨ་ཡི་རེའུ་མིག་ལ་བབ་ན། །རིམས་དང་ནད་ཀྱིས་གཟིར་བ་དང་། །འཇིགས་ཤིང་སྐྲག་པར་སྣང་འགྱུར་བས། །ཨ་ཞེས་བྱ་བས་ངེས་པར་སྟོན། །ཡི་གེ་ཨི་ལ་བབ་གྱུར་ན། །རྒྱལ་པོའི་དཔལ་
ནི་སྟེར་འགྱུར་ཏེ། །ཀུན་ནས་ནོར་ནི་རྙེད་པ་དང་། །གང་ཞིག་བསམས་པ་དེ་འགྲུབ་འགྱུར། །ཡི་གེ་ཨི་ལ་བབ་གྱུར་ན། །ཟླ་བ་དྲུག་ན་འཆི་བ་དང་། །དེ་བཞིན་དགྲས་ནི་གཟིར་བ་དང་། །མེ་ཡིས་འཇིགས་པར་ཤེས་པར་བྱ། །ཡི་གེ་ཨུ་ལ་བབ་གྱུར་ན། །དཔལ་ལྡན་གྲོགས་མོ་རྙེད་པ་དང་། །
ནོར་དང་འབྲུ་ནི་འཕེལ་བ་དང་། །དཔལ་རྣམས་ཀྱང་ནི་རྙེད་པར་འགྱུར། །ཨུ་ལ་གལ་ཏེ་བབ་གྱུར་ན། །དེ་ནི་དགྲ་ཡིས་འཚེ་བར་སྣང་། །བྲན་བཟའ་དང་ནི་གཉེན་ཚན་རྣམས། །འཇིགས་ཤིང་སྐྲག་པར་སྣང་བར་འགྱུར། །ཡི་གེ་ཨེ་ལ་བབ་གྱུར་ན། །འཕྲལ་དུ་སྐྱེ་བོ་སྐལ་ཅན་
འགྱུར། །སྐྱེས་པ་བུད་མེད་དག་གི་ནི། །མཆོད་པའི་གནས་ནི་འཐོབ་པར་འགྱུར། །ཨ་ཡི་མཚན་མ་ལ་ལྷུང་ན། །དགྲ་དང་རྒྱལ་པོའི་འཇིགས་པ་དང་། །ལུས་ཅན་རྐུན་པོས་གཟིར་འགྱུར་ཞིང་། །ནད་དང་རིམས་ཀྱིས་ཐེབས་པར་འགྱུར། །ཨོ་ཡི་མཚན་མ་ལ་བབ་བ་ན། །གནས་ཀྱི་
དབང་པོར་འགྱུར་བ་དང་། །ནོར་དང་འབྲུ་ནི་རྙེད་འགྱུར་ཞིང་། །ཡིད་འོང་རིམ་པ་དེ་བཞིན་ནོ། །ཨཽ་ཡི་མཚན་མ་ལ་བབ་ན། །འཐབ་མོ་དང་ནི་དགྲས་འཚེ་ཞིང་། །གནས་ལས་ཉམས་དང་བརྡེག་བཙོག་དང་། །བྱས་པ་ཆུད་ནི་ཟོས་པར་འགྱུར། །ཡི་གེ་ཨྃ་ལ་བབ་གྱུར་ན། །བྲན་
བཟའ་དག་ནི་རྙེད་འགྱུར་ཞིང་། །བུ་དང་རིག་པའང་རྙེད་འགྱུར་ཏེ། །དེ་བཞིན་གྲོགས་པོ་རྙེད་པར་འགྱུར། །ཇི་ལྟར་སྔོན་གྱི་ཨ་ཞེས་པ། །དེ་བཞིན་མཐའ་མའང་གཟུང་བར་བྱ། །དྲུག་འགྱུར་དུ་ནི་བཞག་ནས་སུ། །སྔ་མ་དེ་བཞིན་སུམ་འགྱུར་བྱ། །སུམ་བརྒྱ་དྲུག་ཅུར་བསྲེས་
Vol. 78 · folio 31a
ནས་སུ། །ས་བཞི་རུ་ནི་བཅད་ནས་སུ། །ཡི་གེ་ལྷག་མ་གཟུང་བྱས་ཏེ། །དགེ་དང་མི་དགེ་མཚོན་པར་བྱ། །ཡང་ན་རི་མོ་ཀྱག་ཀྱོག་བྲི། །དབྱངས་ཀྱི་དང་པོ་ལ་སོགས་བགྲང་། །ཡང་ན་མེ་ཏོག་གཏོར་ནས་ནི། །དེ་བཞིན་ས་ནི་མཚོན་པར་བྱ། །ཡང་ན་སྔ་དྲོ་རོ་ཧི་ཏཱའི། །
དུས་སུ་རྩིབ་པོ་ཡིས་བལྟ། །རྣལ་འབྱོར་བསྟན་བཅོས་རབ་རྒྱས་པའོ། །བཅུ་གཉིས་ཀྱི་ནི་གནས་དག་ཏུ། །སེམས་ནི་བསྐྱེད་པའི་ཆོ་ག་བཤད། །རོ་ཧི་ཏཱའི་དུས་བདག་ཉིད་བསམ། །ས་དབང་ཕྱུག་ལ་དེ་བཞིན་ཁྱིམ། །རྨི་ལམ་ལ་ནི་སྤུན་གྱི་བསམ། །བྱཱ་ཀུ་ལི་ལ་ཉེ་དུ་སྟེ། །བྷི་དྲི་ཀཱ་ལ་
བུ་ཡི་བསམ། །སྨེ་བ་ལ་ནི་དགྲ་ཡིར་བསྟན། །རཎྜཱ་ལ་ནི་སྦྱོར་བ་བསམ། །མ་ཀར་ལ་གསོ་དཔྱད་དོན། །རུས་སྦལ་ལ་ནི་ཆོས་ཀྱི་དོན། །ཁྱུ་མཆོག་ལ་ནི་དྲག་པོའི་ལས། །བཟང་པོ་ལ་ནི་ནོར་ཤེས་བྱ། །གཏི་མུག་ལ་ནི་ཀུན་ཏུ་འཁྲུག །འཕེལ་བ་ལ་ནི་རེག་བྱེད་ན། །དོན་རྣམས་འགྲུབ་
པར་འགྱུར་བ་དང་། །ནོར་དང་འབྲུ་དང་ཕྲད་པ་དང་། །གྲོགས་པོ་སྡུག་དང་འཕྲད་པར་འགྱུར། །དུས་ནི་རིང་པོར་མི་སྡོད་ཅིང་། །མྱུར་དུ་འཕྲད་འགྱུར་གདོན་མི་ཟ། །ས་དབང་ཕྱུག་ལ་རེག་ཙམ་གྱིས། །ལམ་དུ་འགྲོ་བ་ཉིད་དང་ནི། །ཁ་ཟས་སེམས་དང་བུ་དང་ནོར། །ལས་ཀྱི་བསམ་
པ་སྟོན་པར་བྱེད། །རྨི་ལམ་ལ་ནི་ནོར་རྙེད་ཅིང་། །མཆོད་པ་འཐོབ་ཅིང་གྲོགས་དང་འཕྲད། །གཉེན་བཤེས་ཡིད་ནི་དགའ་བ་དང་། །ཞི་ཞིང་དགོས་པའང་འགྲུབ་པར་སྟོན། །བྱ་ཀུ་ལ་ལ་མྱ་ངན་དང་། །ཁྱད་པར་ཅན་གྱི་དོན་ཉམས་ཤིང་། །གཉེན་འདུན་དང་ནི་འབྲེལ་བར་འགྱུར། །
བྷི་དྲི་སྐྱེས་ནི་སྟེར་བ་དང་། །བྱམས་པར་སྨྲ་བ་རྙེད་འགྱུར་ཏེ། །བུ་ནི་སྐྱེ་བ་མཐོང་བར་འགྱུར། །མི་ཀི་རཱ་ལ་རྩོད་པ་དང་། །ཅ་ཅོས་ཀུན་ཏུ་ཉོན་མོངས་ཤིང་། །ཆོམ་པོ་བཀྲ་ནི་མི་ཤིས་དང་། །གཉེན་འདུན་ནད་ཀྱིས་ཐེབས་པར་འགྱུར། །རཎྜཱ་ལ་ནི་བཏུང་དང་བཟའ། །གོས་དང་
རྒྱན་ལ་སོགས་རྙེད་ཅིང་། །སྟོར་བ་སླར་ཡང་རྙེད་པ་དང་། །བུད་མེད་སྡུག་དང་ཕྲད་པར་འགྱུར། །མ་ཀ་ར་ལ་སེམས་ཁྲལ་དང་། །དོན་གཉེར་འབྲས་བུ་མེད་པར་འགྱུར། །ཡིད་འོང་ནོར་དང་འབྲལ་འགྱུར་ཞིང་། །འདོད་པ་རྣམས་དང་འཕྲད་མི་འགྱུར། །རུས་སྦལ་ལ་ནི་སྐལ་
Vol. 78 · folio 31b
བཟང་ཞིང་། །ཞི་དང་སྲུང་དང་བཀྲ་ཤིས་འགྱུར། །སྟན་དང་ནོར་དང་བཏུང་བ་རྙེད། །ཁྱུ་མཆོག་ལ་ནི་ལས་རྣམས་ལ། །རྒྱལ་པོའི་ཆད་པས་ངེས་པར་འཇིགས། །མྱ་ངན་དང་ནི་གནས་སུ་འགྲོ། །བྱེ་བྲལ་དག་ནི་མཐོང་བར་འགྱུར། །བཟང་པོ་ལ་ནི་ལོངས་སྤྱོད་དང་། །དོན་རྣམས་
ཐམས་ཅད་ངེས་པར་འགྲུབ། །མཆོད་པའི་གནས་འགྱུར་གྲོགས་དང་ནི། །བཀྲ་ཤིས་དག་ནི་འབྱུང་བར་འགྱུར། །གཏི་མུག་ལ་ནི་དོན་རྣམས་ཀུན། །སྙིང་པོ་མེད་པའི་རྩྭ་དང་མཚུངས། །གནས་ནི་བཅིངས་དང་ལམ་གྱི་ནི། །འདུ་ཤེས་དག་ནི་མཐོང་བར་འགྱུར། །ཉོན་ཅིག་ལྷ་
མོ་སྐལ་ཆེན་མོ། །ཡན་ལག་གི་ནི་མཚན་རྣམས་ནི་འཕེལ་བའི་ཉི་མ་ལ་མིག་གཡོན་པ་འགུལ་ན་ཕ་དང་མ་སྐྲག་པར་འགྱུར་རོ། །སའི་དབང་ཕྱུག་ལ་ནི་མཛེས་པར་སྣང་ངོ་། །རྨི་ལམ་ལ་ནི་གོས་རྙེད་དོ། །འཕྱོ་བ་ལ་ནི་ནོར་རྙེད་དོམ། །འབུགས་བ་ལ་ནི་མ་དང་ཕ་ལ་ཉེས་དོན་འབྱུང་ངོ་། །
སྨེ་བ་ལ་ནི་ཅིར་ཡང་མི་འགྱུར་རོ། །ཡུགས་ས་མོ་ལ་ནི་གཉེན་འདུན་འོང་ངོ་། །ཆུ་སྲིན་ལ་ནི་བགོ་བ་རྙེད་དོ། །རུས་སྦལ་ལ་ནི་འཐབ་རྩོད་དོ། །ཁྱུ་མཆོག་ལ་ནི་བྱང་ཕྱོགས་ནས་མགྲོན་པོ་འོང་ངོ་། །བཟང་པོ་དང་། གཏི་མུག་ལ་དེ་བཞིན་དུ་བགོ་བའོ། །འཕེལ་བའི་ཉི་མ་ལ་
མིག་གཡས་པ་འགུལ་བའི་འབྲས་བུ་ཡང་སྔ་མ་བཞིན་ནོ། །སའི་དབང་ཕྱུག་ལ་ནི་ཅིའི་མཚན་མར་ཡང་མི་འགྱུར་རོ། །རྨི་ལམ་ལ་ནི་འཐབ་རྩོད་དོ། །བྱཱ་བུའི་ལ་ནི་ལམ་རིངས་ཀྱི་གཏམ་ཐོས་པར་འགྱུར་རོ། །འབུགས་པ་ལ་ནི་ནོར་ཉམས་པར་འགྱུར་རོ། །སྨེ་བ་ལ་ནི་ནོར་རྙེད་
པར་འགྱུར་རོ། །ཡུགས་ས་མོ་ལ་ནི་ངུ་བར་སྟོན་ནོ། །ཆུ་སྲིན་ལ་ནི་ཅིར་ཡང་མི་འགྱུར་རོ། །རུས་སྦལ་ལ་ནི་བགོ་བ་རྙེད་དོ། །ཁྱུ་མཆོག་ལ་ནི་སྟོར་བརྙེད་པར་འགྱུར་རོ། །བཟང་པོ་ལ་ནི་འགྲོན་པོ་འོང་བར་འགྱུར་རོ། །གཏི་མུག་ལ་ནི་ཕོ་ཉ་དང་ཕྲད་དོ། །ཡང་རོ་ཧི་ཏཱཥི་ཉི་མ་ལ། །
རྣ་བ་གཡས་པ་ངུ་ན་བུད་མེད་དང་འཕྲད་དོ། །སའི་དབང་ཕྱུག་གིས་ནི་མཛེས་པར་འགྱུར་རོ། །རྨི་ལམ་གྱིས་ནི་མགུ་བར་འགྱུར་རོ། །བྱཱ་ཀུ་ལིས་ནི་བཏུང་བ་རྙེད་དོ། །བྷི་དྲི་ཀཱས་ནི་ཅུང་ཟད་སྐྲག་པར་འགྱུར་རོ། །མི་ཀི་རཱས་ཀྱང་དེ་བཞིན་ནོ། །རཎྜཱ་ས་ནི་མྱ་ངན་གྱིས་འཛིན་ནོ། །མ་ཀ་
Vol. 78 · folio 32a
རས་ནི་མཛེས་པར་འགྱུར་རོ། །རུས་སྦལ་ནི་འགྲོན་པོ་འོང་ངོ་། །བྲྀཥ་བྷས་ནི་བྱམས་སྡུག་ཏུ་འགྱུར་རོ། །བཟང་པོས་ནི་མཉེས་པར་འགྱུར་རོ། །གཏི་མུག་གིས་ནི་ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏཱའི་ཉི་མ་ལ་རྣ་བ་གཡོན་པ་ངུ་ན། བཟའ་བ་དང་བཏུང་བ་འོང་བར་འགྱུར་རོ། །
སའི་དབང་ཕྱུག་གིས་ནི་དགེ་བར་འགྱུར་རོ། །རྨི་ལམ་གྱིས་ནི་སྔོན་མ་མཐོང་བ་ཅུང་ཟད་མཐོང་བར་འགྱུར་རོ། །བྱཱ་ཀུ་ལི་ལ་བཅིང་བར་འགྱུར་རོ། །བྷི་དྲི་ཀཱ་ལ་འཐབ་རྩོད་འབྱུང་ངོ་། །མི་ཀི་རཱ་ལ་གཞན་དག་འོང་ངོ་། །རཎྜཱ་ལ་སྟོར་བརླག་ཐོས་པར་འགྱུར་རོ། །མ་ཀ་རལ་ཤི་ཆད་ཐོས་པར་
འགྱུར་རོ། །ཀཱུརྨ་ལ་མྱ་ངན་གྱིས་འཛིན་ཏོ། །བྲྀཥ་བྷ་ལ་དགེ་བར་སྟོན་ནོ། །བཟང་པོས་ནི་གཏམ་ངན་ཐོས་པར་འགྱུར་རོ། །གཏི་མུག་གིས་ནི་ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏཱའི་ཉི་མ་ལ་རྐན་གཡའ་ན། མི་ཆེན་པོ་འོང་ངོ་། །སའི་དབང་ཕྱུག་གིས་ནི་ཁྱིམ་དགེ་བར་འགྱུར་རོ། །རྨི་ལམ་
གྱིས་ནི་སུ་ཞིག་འོང་བར་སྟོན་ནོ། །བྱཱ་ཀུ་ལིས་ནི་བགོ་བརྙེད་དོ། །བྷི་དྲི་ཀཱས་ནི་སེམས་ཁྲལ་སྐྱེའོ། །མི་ཀི་རཱས་ནི་བདེ་བར་སྟོན་ནོ། །རཎྜཱ་ས་ནི་སྐྲག་གོ། །མ་ཀ་རས་ནི་ཁྱིམ་འཕེལ་ལོ། །ཀུརྨ་ནི་སུ་ཞིག་འཆི་བར་སྟོན་ཏོ། །ཁྱུ་མཆོག་གིས་ནི་འགྲོན་པོ་འོང་བར་སྟོན་ཏོ། །བཟང་པོས་ནི་
ཆོམ་པོ་འོང་བར་སྟོན་ཏོ། །གཏི་མུག་གིས་ནི་ཁྱིམ་མཛེས་པར་སྟོན་ཏོ། །རོ་ཧི་ཏའི་ཉི་མ་ལ་ལུས་ཐམས་ཅད་གཡོན། འཐབ་རྩོད་དང་སྐྱོ་སྔོགས་འབྱུང་ངོ་། །སའི་དབང་ཕྱུག་གིས་ནི་ནོར་རྙེད་དོ། །རྨི་ལམ་གྱིས་ནི་འཇིགས་པར་འགྱུར་རོ། །བྱཱ་ཀུ་ལིས་ནི་མ་དང་ཕ་ལ་ཉེས་དོན་འབྱུང་ངོ་། །
བྷི་དྲི་ཀཱས་ནི་ལས་ཉེ་བར་གནས་པར་སྟོན་ཏོ། །མི་ཀི་རཱས་ནི་ཕ་མ་སྐྲག་པ་སྐྱེ་བར་འགྱུར་རོ། །རཎྜས་ནི་ལྷོ་ཕྱོགས་ནས་འགྲོན་པོ་འོང་བར་སྟོན་ཏོ། །མ་ཀ་རས་ནི་སྐྱ་བསེང་འོང་བར་སྟོན་ཏོ། །ཀྴུརྨས་ནི་འགྲོན་པོ་བློ་བུར་དུ་འོང་ངོ་། །བྲྀཥ་བྷས་ནི་མྱ་ངན་སྐྱེའོ། །བྷ་དྲས་ནི་འཇིགས་པ་
ཆེན་པོ་འབྱུང་ངོ་། །གཏི་མུག་གིས་ནི་སངས་རྒྱས་རྗེས་སུ་དྲན་ནོ། །རོ་ཧི་ཏཱའི་ཉི་མ་ལ་རྐང་པའི་ཤ་འགུལ་ན་དགེའོ། །སའི་དབང་ཕྱུག་ཀྱང་དེ་བཞིན་ནོ། །རྨི་ལམ་གྱིས་ནི་གཏམ་འདྲི་པ་དག་འོང་ངོ་། །བྱཱ་ཀུ་ལིས་ནི་འཐབ་རྩོད་དོ། །བྷི་དྲི་ཀཱས་ནི་བདག་པོ་མཛེས་པར་འགྱུར་རོ། །
Vol. 78 · folio 32b
མི་ཀི་རཱས་ཀྱང་འཐབ་རྩོད་དོ། །རཎྜཱས་ནི་འཐབ་རྩོད་དང་སྐྱོ་སྔོགས་སུ་འགྱུར་རོ། །མ་ཀ་རས་ཀྱང་དེ་བཞིན་ནོ། །ཀཱུརྨས་ནི་དེ་ཉིད་དུ་སུ་ཞིག་འཆི་བར་སྟོན་ཏོ། །བྲྀཥ་བྷས་ནི་གོས་རྙེད་དོ། །བྷ་དྲས་ནི་ནང་དང་ཕྲད་པར་འགྱུར་རོ། །མོ་ཧི་ཏཱས་ནི་མྱ་ངན་དང་ཕྲད་པར་འགྱུར་རོ། །འཕེལ་
བ་ནོར་རྒྱས་བུ་ཡིན་ཏེ། །གཏི་མུག་དེ་བཞིན་འཇོག་པོ་ཡིན། །བཟང་པོ་སྟོབས་ཀྱིས་རྒྱུ་བ་སྟེ། །ཁྱུ་མཆོག་པདྨར་ཤེས་བྱ་སྟེ། །རུས་སྦལ་དེ་བཞིན་པདྨ་ཆེ། །ཆུ་སྲིན་དུ་ནི་དུང་སྐྱོང་གསུངས། །ཡུ་གོམས་མོ་ནི་མཐའ་ཡས་བཞེད། །རིག་ལྡན་སྨེ་བར་ཤེས་པར་བྱ། །འབུགས་པ་མགོ་
བརྒྱ་བ་ཞེས་བྱ། །འཕྱོ་བ་ཡིད་ཀྱིས་འགྲོ་བ་སྟེ། །རྨི་ལམ་གཙིགས་པ་ཞེས་བྱ་ཡིན། །ས་ཡི་དབང་ཕྱུག་ཆར་འབེབས་སོ། །ལྷ་མོ་བཅུ་གཉིས་འདི་དག་ནི། །ལོ་གནས་རྟེན་འབྲེལ་བཅུ་གཉིས་དངོས། །དེ་ལྟར་ས་རྣམས་ཤེས་བྱས་ནས། །དགེ་དང་མི་དགེ་བརྟག་པར་བྱ། །དེ་ནས་དུས་སུ་
བགྲོད་པ་ནི། །བཤད་ཀྱིས་སྒྲུབ་པ་པོ་རྣམས་ཉོན། །དགའ་བ་སྐད་ཅིག་ཉིད་དང་ནི། །འབྲས་བུའི་ཡན་ལག་བྱེ་བྲག་རྣམས། །སུམ་འགྱུར་དུ་ནི་བསྒྱུར་བྱས་ཏེ། །ཀུན་ལ་རྐང་པ་བཞི་ཡིས་དགང་། །མདུད་པ་བཅད་ཅིང་འཆར་བ་ཡིས། །དུས་ནི་དེ་ལྟར་བརྗོད་པ་ཡིན། །ཆད་པ་བགེགས་
དང་གཟའ་རྣམས་དང་། །མདུང་དང་དགྲ་རྣམས་ལྟུང་བ་དང་། །ཁྱིམ་ས་ཡི་ནི་དཔྱད་དག་ལ། །ལྟོ་འཕྱེའི་ལྟོར་ནི་བརྐོ་བ་དང་། །འགྲོ་འོང་སྦྱོར་བའི་བྱེ་བྲག་དང་། །ཚེ་དང་ནད་མེད་སྤེལ་བ་དང་། །དེ་བཞིན་ས་བོན་གདབ་པ་དང་། །ཕྱུགས་རྣམས་ཇི་ལྟར་གདུལ་བ་དང་། །བྲལ་དང་འདུ་དང་
རྒྱལ་སྲིད་དང་། །རྙེད་པ་དག་ནི་སྤང་བྱ་ཞིང་། །ཡིད་ལས་བྱུང་དང་གཡུལ་འགྱེད་དང་། །སྡོང་བུའི་ཕུང་པོ་དེ་བཞིན་ཏེ། །བྱིས་པ་གསོ་བའི་སྒྲུབ་པ་དང་། །མིག་སྨན་ཁྱབ་པར་དེ་བཞིན་ཏེ། །དུས་དང་ཚོད་ལ་སོགས་པ་ཉིད། །ཉིན་དང་ཉིན་གྱིས་དབྱེ་བར་བྱ། །བཅུད་ཀྱིས་ལེན་དང་རྩི་རྣམ་
གཉིས། །ལས་ནི་ཡོངས་སུ་སྨིན་པར་བྱ། །སེམས་འཕེལ་མཉམ་པར་འཇུག་པ་ཡིས། །སྲིད་དང་ཞི་བའི་རང་བཞིན་ཏེ། །དེ་ལྟར་རྩི་དང་བཅུད་ལེན་སོགས། །བློ་ལྡན་འབད་པས་ཤེས་བྱ་ཞེས། །དམ་ཚིག་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་
Vol. 78 · folio 33a
སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དབུགས་བརྩི་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དངོས་གྲུབ་མཆོག་གི་རིག་བ་ལ། །
སྒྱུ་མ་ཆེན་མོ་ཞེས་བྱ་བ། །གསང་བ་ཆེན་པོའི་དབང་ཕྱུག་སྟེ། །སེམས་ཅན་ཐམས་ཅད་འདུལ་མཛད་གཉེན། །དབང་ཕྱུག་ཐམས་ཅད་བྱེད་པ་པོ། །འདི་ནི་རིག་པ་དམ་པ་མཆོག །མིང་ཙམ་མཆོག་ཏུ་རྙེད་དཀའ་བ། །དང་པོ་ཆོས་ཀྱི་འབྱུང་གནས་བསམ། །དེ་ནས་ཡི་གེ་དགོད་པར་
བྱ། །དབྱངས་ཡིག་དང་པོ་ཐིག་ལེར་བཅས། །པདྨའི་སྟེང་དུ་ཡང་དག་གནས། །རྟག་ཏུ་དབུགས་ཀྱི་ངོ་བོ་སྟེ། །འབྱུང་བ་རུ་ནི་བྱེད་པ་ཡིན། །འབར་བའི་ཕྲེང་བས་མཛེས་པའི་མདོག །ཕྱོགས་ཀུན་ཏུ་ནི་རྣམ་པར་འཕྲོ། །སྣ་ཚོགས་མདུད་པའི་འཆར་བ་ཆེ། །ཟླ་བའི་དབུས་གནས་
བསྒོམ་པར་བྱ། །ཀུན་ཏུ་འགྲོ་བ་འཐོབ་འགྱུར་ཞིང་། །འདི་ནི་རྙེད་དཀའི་སངས་རྒྱས་འགྱུར། །དེ་ཉིད་སྤངས་པས་ཡི་གེ་མེད། །འགྱུར་མེད་རྙོག་པ་མེད་པ་སྟེ། །དུང་དང་ཟླ་འདྲ་དྲི་མེད་པའི། །བྱང་ཆུབ་སེམས་ཞེས་དེ་བྱའོ། །རང་གི་སྙིང་གི་དབུས་གྱུར་པར། །འདབ་བརྒྱད་པངྨས་
ཤིན་ཏུ་བརྒྱན། །དེ་ཡི་དབུས་གྱུར་ས་བོན་ནི། །གངས་དང་འདྲ་བར་འཛག་པ་སྟེ། །མཆོག་ཏུ་ཞི་བའི་ཧ་ལ་ནི། །དབྱངས་ཡིག་དྲུག་པ་དང་སྦྱར་ནས། །ཐིག་ལེས་སྟེང་དུ་བརྒྱན་པ་ཡི། །ཡི་གེ་དགོད་པས་དགོད་པར་བྱ། །རྣལ་འབྱོར་པ་ཡི་དབུགས་རྔུབ་བྱེད། །དངོས་དང་དངོས་མེད་
རྣམ་སྤངས་པའོ། །རང་གི་མགྲིན་དབུས་གནས་པར་ཡང་། །པདྨ་དམར་པོ་ཀུན་འོད་མཛེས། །དེར་ནི་ཐིག་ལེ་ཟླ་བ་ཡིས། །བརྒྱན་པའི་དབྱངས་ཡིག་བཅུ་གསུམ་པ། །པུ་ལུ་ཏ་ཞེས་བྱ་བར་གྲགས། །མགོ་ཡི་ཀླད་པའི་དབུས་གནས་པར། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །
ཨ་ཏ་ས་ཡི་མེ་ཏོག་བཞིན། །འོག་ཏུ་བལྟས་ཤིང་འཕྱང་བ་སྟེ། །ཉིན་དང་མཚན་དུ་བདུད་རྩི་ཡི། །ཚུལ་གྱིས་འབབ་པས་ཡང་དག་གནས། །དང་པོ་འཁོར་ལོ་བསྒོམས་ནས་ནི། །དབྱངས་ཡིག་གིས་ནི་ཁྱད་པར་སྦྱར། །རང་གི་ཕྱག་རྒྱར་མངོན་ལྡན་པས། །སངས་རྒྱས་བྱང་ཆུབ་
Vol. 78 · folio 33b
རབ་ཏུ་སྟེར། །དེ་ཡི་བརྟུལ་ཞུགས་མ་བཤད་དེ། །སྦྱིན་སྲེག་ལས་དང་སྔགས་རྣམས་དང་། །གཟུང་བ་དང་ནི་བགྲང་ཕྲེང་དང་། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །སྔགས་ཀྱི་དཀྱིལ་འཁོར་དབྱིབས་ཆོས་དག །སྦྱོར་བ་རྣམ་གསུམ་ཞེས་བྱ་སྟེ། །དུག་མེད་བྱས་ནས་ནན་ཏན་
དུ། །བསྟེན་བྱ་འདི་ནི་བསྟེན་བྱས་ནས། །སྲིད་པའི་ལོངས་སྤྱོད་དག་འགྱུར་ཞིང་། །སྲིད་པས་སྲིད་པ་མཆོག་གི་བདག །ཡེ་ཤེས་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་གོས་མི་འགྱུར། །རྣལ་འབྱོར་པ་ཡིས་སྦྱོར་བ་འདི། །རྟག་ཏུ་རྒྱུན་དུ་གོམས་བྱས་ན། །ཟླ་དྲུག་
ཙམ་གྱིས་ངེས་པར་ནི། །རྡོ་རྗེ་སེམས་དཔའ་མཉམ་འགྱུར་ཞེས། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་པ། །བྷ་གའི་དབུས་སུ་བསྒོམ་པར་བྱ། །དེ་ཡི་དབུས་གྱུར་ས་བོན་ནི། །སྔོ་ཞིང་ཅུང་ཟད་དམར་བའི་འོད། །
འོད་ཟེར་སྔོན་པོའི་ཕྲེང་འཁྲུགས་ལས། །འདམ་སྐྱེས་སྔོན་པོ་ལྟ་བུ་ཡི། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །མགོ་སྐྱེས་ཁམ་པ་གྱེན་བསྒྲེང་ཞིང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །རྐེད་པ་སྟག་གི་པགས་པས་དཀྲིས། །ཕྱག་ན་ལྕགས་ཀྱུ་ཞགས་པ་དག །མདའ་
དང་གཞུ་ནི་མཆོག་ཏུ་འགེངས། །ཨིནྡྲ་ནཱི་ལ་ལྟ་བུ་སྟེ། །དང་པོའི་ཡི་གེ་ལས་བྱུང་བསྒོམ། །གང་གི་རིག་པ་རབ་སྦྱོར་བས། །ཀུན་ནས་དེ་མ་ཐག་ཏུ་འགྲུབ། །དམར་པོ་རུ་ནི་བསྒོམས་ནས་སུ། །དེ་ནས་ཆོ་ག་བཞིན་དུ་བྱ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །སྲིད་པ་གསུམ་
པོ་བསྒོམ་པར་བྱ། །འབད་པས་བསྒྲུབ་བྱ་སྣང་བྱས་ཏེ། །སླར་ཡང་དེ་ཉིད་དུ་ནི་གཞུག །དེས་ནི་ས་གསུམ་མ་ལུས་པ། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །ཚངས་དང་ཁྱབ་འཇུག་དྲག་པོ་དང་། །དབང་པོ་དང་ནི་འདོད་ལྷ་སོགས། །ཡི་གེ་ཕན་ཚུན་བསྐུལ་བ་ཡི། །ཆུང་མ་དང་ནི་
བཅས་ཏེ་འགུགས། །བཅོམ་ལྡན་དེ་ཉིད་ཤེས་བྱ་བ། །སྤྱོད་པའི་གར་གྱིས་གཙོ་བོ་ཡིན། །དེ་ནས་དབུས་མའི་མཐའ་དང་ལྡན། །ཐིག་ལེ་སྒྲ་ཡིས་ཡང་དག་མཚན། །སྐུ་གསུང་ཐུགས་ལ་ལེགས་གནས་པར། །དངོས་པོ་སྒོམ་པས་བསྒོམ་བྱས་ན། །གོང་བུ་དགུག་པའི་དམ་པ་
Vol. 78 · folio 34a
ཡིན། །བྷ་ག་ཡི་ནི་དབུས་གྱུར་པ། །ཡེ་ཤེས་རྒྱ་མཚོ་བསྒོམ་བྱས་ལ། །ཡི་གེ་མི་འགྱུར་རྫོགས་པ་ལས། །སྐུ་མདོག་དཀར་པོ་ཞལ་བཞི་པ། །རྡོ་རྗེ་དང་ནི་ཁ་ཊྭཱཾ་བསྣམས། །དཔའ་བོ་སྦྱི་གཙུག་ཟླ་ཕྱེད་བརྒྱན། །གཤོར་དང་ཐོད་པའང་བསྣམས་པ་སྟེ། །དབུགས་
མི་གཡོ་བར་བསྒོམ་པར་བྱ། །རླུང་དང་མེ་ནི་ཡང་དག་ལྡན། །ཆུ་དང་དབང་ཆེན་མནན་པ་སྟེ། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །འབད་དེ་བསྒྲུབ་བྱ་དམིགས་ན་ནི། །ཁུ་བ་དགུག་པའི་དམ་པ་ཡིན། །ཙི་ཡི་ཡེ་ཤེས་ལས་བྱུང་བ། །སྐུ་མདོག་སེར་པོ་ཀུན་ཏུ་འབར། །ཞལ་བཞི་
པ་ལ་ཕྱག་བཞི་པ། །མགོ་སྐྱེས་ཐོད་པའི་ཕྲེང་བས་བརྒྱན། །སྡིགས་མཛུབ་རྡོ་རྗེ་ཞགས་པ་དང་། །ཀ་བཱ་ལ་ནི་ཕྱག་གཡོན་ན། །གཡས་ན་རྡོ་རྗེ་འབར་བ་དང་། །དེ་བཞིན་དུ་ནི་ལྕགས་ཀྱུའི་མཆོག །རྟ་ཞལ་ཚུལ་དུ་བྱས་ནས་ནི། །ཆང་འགུགས་པ་ཡི་དམ་པ་ཡིན། །ར་ཡི་ཡེ་ཤེས་
ལས་བྱུང་བ། །འོད་ཟེར་དམར་པོ་དྲག་ཆེན་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །རྒྱན་ཀུན་གྱིས་ནི་རྣམ་པར་བཀླུབས། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཅེ་སྤྱང་གི་ནི་གདོང་ཅན་ཏེ། །ཁ་ཊྭཱཾ་ག་དང་ཐོད་པ་དང་། །རྡོ་རྗེ་དེ་བཞིན་རལ་གྲི་བསྣམས། །ཁྲག་གིས་གང་བའི་ལུས་ཅན་
སྒོམ། །འབད་དེ་བསྒྲུབ་བྱ་དམིགས་ནས་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །རྡོ་རྗེ་ཕྲ་མོས་ཕུག་ནས་སུ། །འཇིབ་པ་ཉིད་དུ་རབ་བསྒོམས་ན། །ཁྲག་དགུག་པ་ཡི་དམ་པ་ཞེས། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་ཞེས་གྲགས་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་
གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །སྒྱུ་མ་ཀུན་ཏུ་རྣམ་པར་འཕྲུལ་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། །།རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ནི། །བཤད་པར་བྱ་ཡིས་ལྷ་མོ་ཉོན། །དང་པོར་རོ་ནི་བསྒོམས་
བྱས་ཏེ། །མཁས་པས་ཆོས་དབྱིངས་རང་བཞིན་བསམ། །རྣལ་འབྱོར་པ་ནི་དེར་གནས་ནས། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །རང་སྙིང་ཟླ་བའི་དབུས་སུ་ནི། །དེ་ཉིད་ཐམས་ཅད་བཀོད་ནས་སུ། །དེ་ཡི་འོད་ཟེར་ལས་བྱུང་བ། །མཁའ་འགྲོ་མ་སོགས་མཆོད་ནས་ནི། །ཕྱག་
Vol. 78 · folio 34b
བྱས་ནས་ནི་འདི་སྐད་བརྗོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ནས་བདག་ལ་དགོངས་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་
པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྐྱེད་སྡོམ་པ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང་། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་བསྡུ་
བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཐོ་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བགྱི་ཞིང་། །སློབ་དཔོན་དག་ཀྱང་བདག་གིས་གཟུང་། །རིན་ཆེན་རིགས་ཆེན་རྣལ་འབྱོར་གྱི། །
དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྩལ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཡང་དག་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །
མཆོད་པ་ཅི་ནུས་བགྱི་བ་དང་། །སྡོམ་པ་ཐམས་ཅད་ལྡན་པར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་དེ་ནི་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་
གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་དགོད། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་བ་ཤུ་དྷོ྅ཧཾ། དེ་ནས་ཚིག་འདི་བརྗོད་ནས་ཆོས་ཐམས་ཅད་བདག་མེད་པར་བལྟ་སྟེ། དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་
དཔའ་དེ་བཞིན་གཤེགས། །སྐུ་མདོག་སྔོན་པོ་འཇིགས་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བཀླུབས། །ཞལ་བཞི་པ་ལ་ཕྱག་བཞི་པ། །སྤྱན་གསུམ་གྱིས་ནི་མཛེས་པ་སྟེ། །ཡི་དགས་ཆེན་པོ་གདན་དུ་བྱས། །ཉི་མ་ལ་བཞུགས་གར་དང་ལྡན། །ཕྱག་ན་ཐོད་
Vol. 78 · folio 35a
པ་ཁ་ཊྭཱཾ་དང་། །དེ་བཞིན་གཞན་ཡང་གཞུ་དང་མདའ། །ཆོ་གའི་བྱ་བ་དེ་ཉིད་ཀྱིས། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །ཤར་ནི་དཀར་ཞིང་འོད་སྔོ་སྟེ། །གཡོན་ན་ཁ་ཊྭཱཾ་དྲིལ་བུ་དང་། །གཞན་ན་རྡོ་རྗེ་ཐོད་པའོ། །བྱང་ཕྱོགས་མར་གད་སེར་སྐྱའི་འོད། །གཡོན་ན་ཁ་ཊཱཾ་ཞགས་པ་
དང་། །གཡས་ན་རྡེའུ་ཆུང་ཐོད་པ་བསྣམས། །ནུབ་ཕྱོགས་དམར་ཞིང་སེར་སྐྱའི་འོད། །གཞུ་དང་མདའ་ཡི་མཆོག་དང་ནི། །སྣ་ཚོགས་པདྨ་ཐོད་པ་དག །གཡོན་དང་གཡས་ཀྱི་ཕྱག་ཏུ་དགོད། །ལྷོ་ནི་དཀར་ཞིང་སེར་བའི་འོད། །གཡོན་ན་དུང་དང་རིན་ཆེན་ཏེ། །གཡས་ན་བ་དན་ཐོད་པ་
བསྣམས། །གླང་ཆེན་ཅེ་སྤྱང་མི་དང་ནི། །གླང་གི་ཐོད་པར་རིམ་བཞིན་གཞུག །དང་པོ་ལྟུང་བྱེད་མ་ཡིན་ཏེ། །གཉིས་པ་དེ་བཞིན་གསོད་མ་ཡིན། །གསུམ་པ་འགུགས་མ་ཞེས་བྱ་སྟེ། །བཞི་པ་གར་གྱི་དབང་ཕྱུག་མ། །རིག་མ་དེ་དག་གྱེན་སྐྲ་འབར། །རྒྱན་རྣམས་ཐམས་ཅད་རྣམ་པར་
བཀླུབས། །གར་དང་ལྡན་པས་ཡང་དག་བཞུགས། །ཕྱོགས་མཚམས་དག་ནི་བཞི་པོ་རུ། །ཐོད་པ་རྣམ་པ་བཞི་པོ་དགོད། །སངས་རྒྱས་གཟུགས་ཀྱིས་རྣམ་བརྒྱན་པ། །སྤྱི་གཙུག་གསལ་བར་ཡང་དག་ལྡན། །དང་པོའི་ཡི་གེ་ལྡན་པ་རུ། །བསྒོམས་ན་སྐད་ཅིག་དེ་ལ་འབར། །
རྫས་ཀྱི་དངོས་གྲུབ་འབྲས་རབ་སྟེར། །ལྷ་མོ་དེ་ལྟར་བསྒོམས་ན་ནི། །སྦྱོར་བའི་དངོས་གྲུབ་རིག་པ་ཆེ། །ཡིད་ཆེས་ཡང་དག་འཇུག་པར་འགྱུར། །མི་སྣང་བ་དང་ཐམས་ཅད་དང་། །སྒྲུབ་པོས་སྐད་ཅིག་གིས་མཐོང་འགྱུར། །ལྷ་མཆོག་ལས་སྐྱེས་ཕྲོགས་ནས་སུ། །སངས་རྒྱས་
ཀུན་གྱི་བུ་མོ་སྤྱོད། །གདྷཱའི་བྱེ་སྙེད་སངས་རྒྱས་རྣམས། །ཉིད་ཀྱི་རྡོ་རྗེ་གནས་བཞུགས་པ། །ལག་ཏུ་ཤིང་ཐོག་བཞག་པ་བཞིན། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །གདྒཱའི་བྱེ་སྙེད་ཞིང་དག་ན། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་རྣམས། །ཐམས་ཅད་རང་གི་སེམས་ཉིད་
ཀྱི། །རི་མོ་ལས་བྱུང་མཐོང་བར་འགྱུར། །སྔགས་ཀྱི་ཡི་གེ་གོ་ཟློག་པས། །རྒྱུད་དང་སྔགས་ནི་བསྒོམ་པར་བྱ། །གསང་ཆེན་དམ་པ་དེ་དག་ནི། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །ཐོ་རངས་རང་གི་སྙིང་གར་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་སྟེང་ཡི་གེ་
Vol. 78 · folio 35b
ཧཱུྃ་བསྒོམས་ལ། །བྱམས་པའི་སེམས་ནི་བསྐྱེད་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཁ་ཁྱེར་དེ་བཞིན་རྡོ་རྗེས་མཚན། །སྐུད་པ་བཞི་དང་ཡང་དག་ལྡན། །དར་གྱི་ཕྲེང་བས་མཛེས་པར་བྱས། །དཀྱིལ་འཁོར་གྲྭ་རྣམས་ཐམས་ཅད་དང་། །སྒོ་དང་
སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམ་སྤྲས་པར། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །ཤེས་རབ་ཅན་གྱིས་དེའི་ནང་དུ། །འཁོར་ལོའི་ཕྲེང་བས་རྣམ་བརྒྱན་ཏེ། །དེ་ཡི་དབུས་སུ་པདྨ་ནི། །དཀར་པོས་ཤིན་ཏུ་མཛེས་པར་བྱ། །སླར་ཡང་དེ་ཡི་དབུས་གྱུར་པར། །
འོད་ལྡན་པདྨ་དམར་པོ་བྲི། །དེ་ནས་སྔགས་པས་དེའི་ནང་དུ། །རྡོ་རྗེའི་ཕྲེང་བ་ཀུན་འཁྲུགས་བྲི། །སླར་ཡང་པད་ཆེན་འདབ་བརྒྱད་པ། །ཨིནྡྲ་ནཱི་ལའི་འོད་འབར་བྲི། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །དཀྱིལ་འཁོར་ལྔས་ནི་རྣམ་བརྒྱན་པ། །རི་རབ་ལྷུན་པོའི་སྟེང་དུ་ནི། །སྣ་ཚོགས་
པདྨ་ཡིད་འོང་བསམ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྡོ་རྗེ་མཁའ་འགྲོ་འབྱུང་བའི་རིམ་པར་ཕྱེ་བ་སྟེ་
བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བའོ། །ཨ་ནི་སྣ་རྩེར་བསམས་ནས་སུ། །པ་ནི་ལིང་གའི་ལྟེ་བར་བསམ། །དེ་ནས་མཉམ་པར་སྦྱར་བྱས་ཏེ། །རྣལ་
འབྱོར་མ་ཡི་འཁོར་ལོ་ཀུན། །པདྨའི་ལྟེ་བ་རྣམས་སུ་སྦྱར། །ཨ་བ་ངྷཱུ་ཏཱིའི་གནས་དེ་བཞིན། །སྨིན་མའི་བར་དུ་གཞག་པར་བྱ། །དབྱངས་ཡིག་དང་པོར་ཡང་དག་ལྡན། །བསྒོམས་ན་སྐད་ཅིག་དེ་ལ་འབར། །དེ་ནས་འབར་ཕྲེང་རྒྱ་མཚོར་ནི། །ཀུན་ནས་སྒོ་ཡི་འཁོར་ལོ་བསམ། །
ལྟེ་བ་སྙིང་ག་ཁ་དང་ནི། །དཔྲལ་སྟེང་སྤྱི་གཙུག་འཁོར་ལོ་ནི། །དང་པོ་སྔགས་ཚོགས་བྱིན་གྱིས་བརླབ། །ལྟེ་བ་སྙིང་གར་རྣལ་འབྱོར་མ། །ལྕེ་གཉིས་དཔའ་བོས་བྱིན་གྱིས་བརླབ། །དཔའ་བོ་དང་ནི་རྣལ་འབྱོར་མ། །གཉིས་མེད་ཆོ་ག་ཇི་བཞིན་དུ། །མགལ་མེའི་འཁོར་ལོ་ལ་གནས་
Vol. 78 · folio 36a
པ། །མཁའ་འགྲོ་མ་ནི་དེ་བཞིན་འཁོར། །གློག་ལྟ་བུར་ནི་གསལ་བའི་འོད། །ཡིད་ཤུགས་ཆེན་པོས་རིག་པ་ཆེ། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཤིན་ཏུ་ཕྲ་བའི་རྡུལ་ཚོགས་ནི། །ཤིན་ཏུ་ཕྲ་བའི་དངོས་པོར་བསྒོམ། །འགྱུར་
བ་མེད་ཅིང་སྣང་བ་མེད། །ཀུན་མཁྱེན་འབྲས་བུ་སྟེར་བའོ། །མེ་ཏོག་ལ་ནི་གནས་བསམས་ཏེ། །གང་ལ་བྱིན་ཏེ་རྒྱས་འདེབས་འགྱུར། །དུང་དང་ཟླ་འདྲའི་འོད་མཛད་པ། །ལྟུང་བྱེད་མ་ཡི་སྦྱོར་བ་བསམ། །བསྒྲུབ་བྱ་ཁ་རུ་བཅུག་ནས་ནི། །ལྡང་ཅིང་བཟླས་ན་ལྟུང་བར་འགྱུར། །དེ་ནས་ཉི་
མ་ལ་གནས་པའི། །མདུང་ཚུལ་ཉི་མའི་འོད་ཅན་ནི། །བསྐལ་པའི་མེ་ལྟར་རབ་འཇིགས་པའི། །གསོད་མ་བསམས་ཏེ་ཡིད་ཀྱིས་སུ། །བསྒྲུབ་བྱར་ལྷན་ཅིག་གཅིག་གྱུར་ནས། །སྟེང་དུ་བལྟས་ན་འཆི་བར་འགྱུར། །དེ་ནས་རླུང་དང་མེ་ཡི་ནི། །དཀྱིལ་འཁོར་ལ་གནས་མེ་སྟག་གི། །ཕུང་
བོ་འཕྲོ་བའི་འགུགས་མ་བསམ། །ཡིད་ཀྱིས་བསྒྲུབ་བྱའི་སྙིང་ཞུགས་ཏེ། །དེ་ཡི་སྙིང་ནི་རྩ་ནས་དབྱུང་། །འགུགས་མའི་སྔགས་བཟླས་འགུགས་པར་འགྱུར། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །རླུང་གི་དཀྱིལ་འཁོར་ལ་གནས་ཏེ། །རླུང་མདོག་བསྒྲུབ་བྱ་རླུང་ནང་བསམ། །
སླར་ཡང་བདག་དང་བསྒྲུབ་བྱ་ནི། །གཅིག་ཏུ་གྱུར་ཏེ་གར་མཛད་མའི། །སྔགས་ཟློས་ཤིང་ནི་གར་བྱས་ན། །གར་བྱེད་བྱེད་དུ་འཇུག་པར་འགྱུར། །མཆོད་པ་རྡོ་རྗེ་རབ་སྦྱོར་གྱིས། །དེ་ནས་ལས་རྣམས་ཀུན་བསྒྲུབ་བྱ། །སྙིང་ག་ཉིད་དང་དེ་བཞིན་ཁ། །མགོ་དང་སྤྱི་གཙུག་མཚོན་ཆ་
སྟེ། །ལྟེ་བ་སྙིང་ག་རྣམས་སུ་ནི། །དབུགས་མི་གཡོ་བས་བསྒོམ་པར་བྱ། །དང་པོ་རྡོ་རྗེ་སེམས་དཔའ་སྟེ། །གཉིས་པ་པདྨ་གར་དབང་རྒྱལ། །གསུམ་པ་རྣམ་པར་སྣང་མཛད་དེ། །དེ་བཞིན་བཞི་བ་རྟ་མཆོག་རྒྱལ། །ལྔ་པ་རྡོ་རྗེ་ཉི་མ་སྟེ། །དྲུག་པ་ཧེ་རུ་ཀར་ནི་བརྗོད། །སླར་
ཡང་ལྟེ་བ་སྙིང་ག་དང་། །དེ་བཞིན་ཁ་དང་མགོ་དང་ནི། །སྤྱི་གཙུག་མཚོན་ཆ་ཉིད་དག་སྟེ། །རྡོ་རྗེ་ཕག་མོ་གཤིན་རྗེ་མ། །དེ་བཞིན་རྨོངས་མ་སྐྱོང་མ་སྟེ། །སྐྲག་མ་དང་ནི་གཏུམ་མོ་རྣམས། །དྲུག་པོ་འདི་དག་རིག་པ་ཆེ། །ཕ་རོལ་ཕྱིན་པ་རྣམ་པ་དྲུག །དེ་ནས་དབང་བསྐུར་
Vol. 78 · folio 36b
བསྒོམས་ནས་ནི། །ཕྱི་ནས་མཆོད་པ་བརྩམ་པར་བྱ། །བདག་ཉིད་ཧེ་རུ་ཀར་བྱས་ནས། །དཔལ་ལྡན་ཧེ་རུ་ཀར་དྲན་བྱ། །དམ་ཚིག་ཡེ་ཤེས་གཅིག་གྱུར་ལས། །དེས་འདི་རྡོ་རྗེ་ཅན་དུ་བརྗོད། །རྣལ་འབྱོར་འདི་ནི་མཆོད་ཆེན་དང་། །དེ་བཞིན་སྔགས་ཀྱི་དགོད་པ་སྟེ། །དེ་ནས་དཔའ་
བོ་མཆོད་ཤེས་ནས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །སྔགས་པས་རང་དགར་དབྱེ་བྱ་སྟེ། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཚར་གཅོད་པ་དང་ཕན་འདོགས་པའི། །ལས་ཀྱི་མདོག་ཏུ་རྣམ་པར་སྒོམ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ། །སྦྱོར་བ་ཡི་ནི་དོན་
རྣམས་ལ། །དགའ་བ་ཆེན་པོས་འདིས་བསྒྲུབ་བྱ། །ཆོ་ག་འདི་ཡིས་བསྒྲུབས་ན་ནི། །ལྷ་དང་ལྷ་མིན་མིར་བཅས་འགྲུབ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་
གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དཔའ་བོའི་གཉིས་སུ་མེད་པའི་མཆོད་པ་དང་། །ལས་ཀྱི་ཚོགས་རྣམས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་སྐུ་གསུང་ཐུགས་ཀྱི་ནི། །འཁོར་ལོར་གནས་པའི་བྱེ་བྲག་དང་། །གནས་ཀྱི་
རབ་ཏུ་དབྱེ་བ་དང་། །ཡུལ་གྱི་དབྱེ་བ་བཤད་པར་བྱ། །གོ་ནི་མ་ལ་ཡ་ཡུལ་ཏེ། །སྤྱི་གཙུག་ཛཱ་ལཾ་དྷ་ར་ཡིན། །ཨཽ་ཌྱན་རྣ་བ་གཡས་པ་སྟེ། །ཨར་བུ་ད་ནི་རྒྱབ་ཕྱོགས་ཡིན། །གནས་ཀྱི་མིང་ཅན་རྣམ་བཞིའོ། །གོ་ད་བ་རི་རྣ་གཡོན་ཏེ། །རཱ་མེ་ཤྭ་རི་སྨིན་དབུས་གསུངས། །མིག་
ནི་དེ་བཱི་ཀོ་ཊི་སྟེ། །དཔུང་བ་མ་ལ་བ་ཞེས་བརྗོད། །འདི་དག་ཉེ་བའི་གནས་ཡིན་ཏེ། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཀཱ་མ་རུ་མཆན་ཁུང་དེ་བཞིན་དུ། །ནུ་མ་ཨོ་ཊེར་རབ་ཏུ་གྲགས། །དེ་དག་ཞིང་སྟེ་ལྟེ་བ་ནི། །ཏྲི་ཤ་ཀུ་ནི་
ཞེས་བྱ་ཡིན། །སྣ་ཡི་རྩེ་མོ་ཀོ་ས་ལ། །དེ་དག་ཉེ་བའི་ཞིང་དུ་བརྗོད། །ཁ་ནི་ཀ་ལིང་ག་ཡིན་ཏེ། །མགྲིན་པ་ལམ་བཱ་ཀ་རུ་བརྗོད། །ཚན་དྷོ་ཧ་ཞེས་བྱ་བར་གྲགས། །སྙིང་ག་ཀཱན་ཙི་ཞེས་བྱ་སྟེ། །ཆུ་སོ་ཧི་མ་ལ་ཞེས་བྱ། །ཉེ་བའི་རོལ་སར་བརྗོད་པ་ཡིན། །གནས་ཀྱི་
Vol. 78 · folio 37a
ཁྱད་པར་ཚུལ་གྱིས་ནི། །ས་སྤྱོད་གསུང་གི་འཁོར་ལོར་གནས། །མཚན་ནི་ཡི་དགས་གནས་པ་སྟེ། །གྲྀ་ཧ་དེ་བ་བཤང་བའི་ལམ། །དེ་དག་འདུན་སར་བརྗོད་པ་སྟེ། །བརླ་ནི་སཽ་རཱཥྚ་ཞེས་བྱ། །བྱིན་པ་གཉིས་ནི་གསེར་གླིང་སྟེ། །ཉེ་བའི་འདུན་ས་ཉིད་ཡིན་
ནོ། །སོར་མོ་རྣམས་ནི་ནཱ་གར། །རྐང་བའི་བོལ་ནི་སིན་དྷཱུ་སྟེ། །དུར་ཁྲོད་ཅེས་ནི་བྱ་བར་བརྗོད། །མཐེ་བོ་མ་རུ་ཞེས་བྱ་སྟེ། བུས་མོ་ཀུ་ལུ་ཏཱ་ཞེས་བརྗོད། །ཉེ་བའི་དུར་ཁྲོད་ས་འོག་ནི། །སྐུ་ཡི་འཁོར་ལོར་ཡང་དག་གནས། །རང་ལུས་སྐྱེས་པའི་ཡུལ་འདི་དག །མཁའ་སྤྱོད་མ་ཡི་
གནས་སུ་བརྗོད། །ཕྱི་དང་ནང་དང་ཡང་དག་གནས། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཤད། །ཡུལ་འདི་རྣམས་ནི་བུ་མོས་གང་། །རྩ་ཡི་གཟུགས་ཀྱིས་གནས་སོ་ཞེས། །
དཔའ་བོ་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སླར་ཡང་བསྡུས་ཏེ་བཤད་བྱ་བ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །པུལླཱི་ར་དང་མ་ལ་ཡར་ཐོད་པའི་དུམ་བུ་ཅན་
དང་རབ་ཏུ་གཏུམ་མོ་སྟེ། སོ་དང་སེན་མོ་འབབ་པའོ། །ཛཱ་ལཾ་དྷ་ར་ར་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ། །སྐྲ་དང་བ་སྤུ་འབབ་པའོ། །ཨཽ་ཌི་ཡ་ནེ་ར་ཀེང་རུས་དང་འོད་ལྡན་མ་སྟེ། །པགས་པ་དང་དྲི་མ་འབབ་པའོ། །ཨར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ།
ཤ་འབབ་པ་སྟེ་གནས་སོ། །གོ་དཱ་བ་རི་ར་ལྷའི་སྒྲ་དང་དཔའ་བོའི་བློ་མ་སྟེ། །ཐམས་ཅད་དུ་ནི་རྒྱུས་པ་འབབ་པའོ། །རཱ་མེ་ཤྭ་རི་ར་འོད་པག་མེད་པ་དང་མི་ཐུང་མ་སྟེ། །རུས་པའི་ཕྲེང་བ་འབབ་པའོ། །དེ་བཱི་ཀོ་ཊར་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ་སྟེ། །རྟག་ཏུ་མཆིན་པ་
འབབ་པའོ། །མཱ་ལ་པར་རྡོ་རྗེའི་ལུས་དང་ལྗོན་གྲིབ་མ་སྟེ། །སྙིང་ཕྲུག་འབབ་པ་སྟེ་ཉེ་བའི་གནས་སོ། །དེ་ལྟར་བསྟན་པ་འདི་དག་ནི། །ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་དེ། །སྙོམས་པར་ཞུགས་པས་ཡང་དག་གནས། །ཀཱ་མ་རཱུ་པ་ར་ནི་མྱུ་གུ་ཅན་དང་ས་སྲུང་མ་སྟེ། །རྟག་ཏུ་
Vol. 78 · folio 37b
མིག་འབབ་པའོ། །ཨོ་ཊེར་ནི་རྡོ་རྗེ་རལ་བ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ། །མཁྲིས་པ་འབབ་པར་གྲགས་པ་སྟེ་ཞིང་ངོ་། །ཏྲི་ཤ་ཀུ་ནི་ར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་མ་སྟེ། གློ་བ་འབབ་པའོ། །ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ། རྒྱུ་མའི་ཕྲེང་བ་འབབ་པའོ། །ཉེ་
བའི་ཞིང་ངོ་། །ཀ་ལིང་གར་ནི་ཤིན་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ་སྟེ། །རྩིབ་ལོགས་ཀྱི་སྣལ་མ་འབབ་པའོ། །ལམ་པཱ་ཀར་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ། བོང་བུ་རྣམས་ལྟར་ལྟོ་འབབ་པའོ། །རོལ་སའོ། །ཀཱན་ཙིར་ནི་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་སྟེ། བཤང་བ་འབབ་
པར་གྲགས་སོ། །ཧི་མ་ལ་ཡར་ནི་མིག་མི་བཟང་དང་ཁྭ་གདོང་མ་སྟེ། མཚོ་ག་མའི་སྲུབས་འབབ་པའོ། །ཉེ་བའི་རོལ་སའོ། །གསུང་གི་འཁོར་ལོ་ས་སྤྱོད་དེ། །སྙོམས་པར་ཞུགས་པས་ཡང་དག་གནས། །པྲེ་ཏ་པུ་རི་ར་ནི་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ། །ཐམས་ཅད་དུ་
བད་ཀན་འབབ་པའོ། །གྲྀ་ཧ་དེ་བ་ཏཱར་ནི་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ། རྟག་ཏུ་རྣག་འབབ་པའོ། །འདུན་སའོ། །སཽ་རཱཥྚར་ནི། རྟ་མགྲིན་དང་གླང་སྣ་མ་སྟེ། རྟག་ཏུ་ཁྲག་འབབ་པར་གྲགས་སོ། །སུ་བརྣ་དྭཱི་བ་ར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། །དེ་བཞིན་དུ་
རྡུལ་འབབ་པའོ། །ཉེ་བའི་འདུན་སའོ། །ནཱ་ག་རར་ནི་ལྷའི་དགྲ་དང་ཤིན་ཏུ་དཔའ་མོ་སྟེ། །ཚིལ་འབབ་པའོ། །སིནྡྷུའི་ཡུལ་དུ་ནི་པདྨ་གར་གྱི་དབང་ཕྱུག་མ་དང་། སྟོབས་ཆེན་མ་སྟེ། །རྟག་ཏུ་མཆི་མ་འབབ་པའོ། །དུར་ཁྲོད་དོ། །མ་རུར་ནི་རྣམ་པར་སྣང་མཛད་དང་འཁོར་ལོས་
སྒྱུར་མ་སྟེ། །མཆིལ་མ་འབབ་པར་གྲགས་སོ། །ཀུ་ལུ་ཏཱར་ནི་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། །སྣབས་གཞོན་ནུ་འབབ་པའོ། །ཉེ་བའི་དུར་ཁྲོད་དོ། །སྐུ་ཡི་འཁོར་ལོ་ས་འོག་སྤྱོད། །སྙོམས་པར་ཞུགས་བས་ཞུགས་ཡིན་ཞེས། །མཁའ་འགྲོ་ཀུན་དང་མཉམ་
སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། དཔའ་བོ་གཉིས་སུ་མེད་པའི་གནས་བསྟན་པ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་
Vol. 78 · folio 38a
པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །སྦྱོར་བ་ཀུན་གྱི་དམ་པ་སྟེ། །གང་ཡང་གྲུབ་པར་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་བཞིན་བཤད། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་
ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །གཞན་ཡང་ཅི་ཡང་རུང་བ་སྐྱེ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ལུས་ཅན་རྣམས་ཀྱིས་སྙིང་དགའ་བྱེད། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ཡ་ར་ལ་ཝས་རྣམ་པར་བཀླུབས། །ལོངས་
སྤྱོད་འཁོར་ལོ་ཞེས་བྱ་བ། །རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་ཆུབ་སུམ་ཅུ་གཉིས་དང་ལྡན། །ཟླ་བ་ཉི་མ་ཞེས་བྱ་བ། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དཔའ་བོ་
མཁའ་འགྲོ་མ་རྣམས་ཀྱི། །འགྲོ་དང་འོང་བར་ངེས་པར་བརྗོད། །གནས་གཉིས་ལ་ནི་མཉམ་པར་ཞོན། །འོག་དང་སྟེང་དུ་ཡང་དག་བརྟེན། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དབྱངས་ཡིག་བཅུ་གཉིས་སྟེང་བལྟས་བྲིས། །ཀ་སོགས་འོག་ཏུ་བལྟས་པ་ནི། །ངོས་
གཉིས་དག་ཏུ་སྤེལ་བ་སྟེ། །དབུས་སུ་དེས་ནི་སྦྱར་བར་བྱ། །དེ་ལྟར་བསྟན་པ་འདི་དག་ནི། །རྩ་དང་སྒྲ་ཡི་རང་བཞིན་ནོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནོ། །ངེས་འབྱུང་སངས་རྒྱས་ཐམས་ཅད་དེ། །གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཤིན་
ཏུ་རྣམ་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་གང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །མཆོག་ཏུ་བདེ་བར་བརྗོད་པ་ཡིན། །རང་བྱུང་གི་ནི་གཟུགས་འདི་ཉིད། །སྤྲོ་དང་སྡུད་པར་བྱེད་པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །དེར་ནི་ཆ་དང་བྲལ་བ་གང་། །བྷ་གའི་དབུས་སུ་
གཟུགས་མེད་པ། །དེ་ནི་རྟག་ཏུ་གནས་པ་ཡིན། །སྨིན་དབུས་པདྨའི་ཟླ་བ་རུ། །བཅུ་དྲུག་སྐུད་པས་བསྐོར་བ་ཡིན། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་གྱིས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །ལག་གཉིས་ཀུན་ཏུ་འཁྱུད་པ་ཡིན། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །སླར་
Vol. 78 · folio 38b
ཡང་རྣམ་པར་གྲོལ་བའི་ལམ། །འབབ་པའི་ཚོགས་ནི་མཆོག་ཏུ་དགའ། །སྦྱོར་བ་ཁ་སྦྱར་ཉིད་དང་ནི། །རྡོ་རྗེ་ལུ་གུ་རྒྱུད་དུ་བཞེད། །རྡོ་རྗེ་པདྨ་དབྱེ་བ་དང་། །སྒྲོ་ཆུན་སྦྲང་རྩི་བྱེད་པར་བཤད། །སྐོར་བ་གང་ཕྱིར་བསྐྱོད་པ་སྟེ། །བདེ་དེའི་ཐབས་ཀྱིས་ཀུན་རིག་པའོ། །དགའ་དང་བདེ་བའི་
རང་བཞིན་གྱིས། །ཞགས་པ་པདྨོར་བཅུག་པ་ཡིན། །ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག །མི་འཁྲུག་རྡོ་རྗེས་དཀྲུག་པར་བྱ། །དེ་ནི་གསལ་ཤིང་ཞེས་བྱར་བརྗོད། །དེ་ནས་ཆགས་སོགས་ཉོན་མོངས་ཀྱི། །བག་ཆགས་དུམ་བུ་ཉིད་དུ་བྱ། །
ཤིན་ཏུ་རྒྱ་ཆེར་དམིགས་པ་ཡིས། །ཀུན་རྫོབ་དེ་བཞིན་བརྡུང་བ་དང་། །དངོས་ཀུན་རྡོ་རྗེས་མིད་པར་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །ཇི་ལྟར་བསྟན་ཀྱང་དེ་དབུས་སུ། །རྟག་སྟོང་འབྱིན་དང་སྡུད་པ་པོ། །དེ་ནི་དེ་ཉིད་ཅེས་བྱ་སྟེ། །རང་འབྱུང་གཅིག་གིས་ཁྱབ་པའོ། །གང་
མིང་སངས་རྒྱས་ཐམས་ཅད་ཀྱི། །སྒྱུ་མ་ཞེས་བྱར་གྲགས་པ་སྟེ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གང་གནས་པའོ། །འདི་ནི་ཀུན་མཁྱེན་ཞེས་བྱ་སྟེ། །ཀུནཏུ་འགྲོ་བ་མི་ཤིགས་པའོ། །པདྨ་ཡི་ནི་སྣ་རྩེ་རུ། །རྒྱུ་དང་མི་རྒྱུ་ཀུན་བསྒོམ་བྱ། །ཕྱི་རོལ་ཡི་
གེ་སྤངས་ནས་སུ། །ཡིད་ཀྱི་བཟླས་དང་ལྡན་པར་བྱ། །ངེས་པའི་གོ་འཕང་རྟག་ཏུ་གནས། །བསྟན་པ་ཆོས་དབྱིངས་རང་བཞིན་ནོ། །རྟག་ཏུ་ཕྲ་བ་རྡུལ་དང་བྲལ། །ཡེ་ཤེས་སྐུ་སྟེ་དྲི་མ་མེད། །གསལ་བ་ཆོས་ཀྱི་རང་བཞིན་ཤེས། །མྱ་ངན་འདས་པ་འབའ་ཞིག་ཡུལ། །ཕན་ཚུན་
མདུད་པའི་གསང་སྔགས་ནི། །བྱེ་བྲག་ཏུ་ནི་ཕྱེ་ནས་སུ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུྃ་གི་སྐུད་པས་བརྒྱུ་བར་བྱ། །བསྒྲུབ་བྱ་འགོག་པར་གྱུར་ན་ནི། །གོམ་པ་གཉིས་ཀྱང་མི་འགྲོའོ། །འདི་ཡི་ཤེས་རབ་ལྷན་སྐྱེས་ཏེ། །དེ་ཡི་གཟུགས་སུ་གྱུར་པས་གནས། །ལས་ཀྱི་རླུང་
གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་འདི་ནས་འབར། །སྒྱུ་མ་ཆེན་པོ་ཞེས་བྱར་བཤད། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་བ་ཡི་ཆ། །སྐད་ཅིག་གློག་གི་འོད་ཟེར་ཅན། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་
Vol. 78 · folio 39a
བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་མིན་ཀུན་བསྡིགས་ཏེ། །སྙིང་གའི་ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་སོང་། །སྣ་བུག་གཡས་ནས་བྱུང་ནས་ནི། །སླར་ཡང་ཞུགས་ཏེ་སྨིན་མཚམས་ཀྱི། །མཛོད་སྤུའི་ཁུང་ནས་བྱུང་
ནས་སུ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྣ་སྒོ་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོ་བསྲེགས་ནས་སུ། །སྔོན་གྱི་ལམ་ནས་སླར་བྱུང་སྟེ། །སླར་ཡང་སྤྱི་གཙུག་ཏུ་ནི་ཞུགས། །བསྲེགས་པར་གྱུར་པའི་
སངས་རྒྱས་རྣམས། །དགའ་བ་བསྐྱེད་ནས་ལྟེ་བ་ཡི། །དཀྱིལ་འཁོར་དུ་ནི་སོང་གྱུར་ནས། །སྔོན་བཞིན་དུ་ནི་གནས་པར་གྱུར། །དུས་མིན་འཆི་བ་ལས་རྒྱལ་ཉིད། །ཡན་ལག་ཁ་ཊྭཱི་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་སྦྱར་ཞེས། །མཁའ་
འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་སྐུ་གསུམ་དང་སྔགས་དང་རྒྱུད་ཀྱི་འབྱུང་བ་དང་། །འཆི་བ་བླུ་བ་ཞེས་བྱ་
བའི་རིམ་པར་ཕྱེ་བ་སྟེ་བཅྭ་ལྔ་བའོ།། །།དེ་ནས་དངོས་གྲུབ་ཀུན་གྱི་གནས། །གསང་བ་མཆོག་གི་དགྱེས་པ་སྟེ། །ཡིད་འོང་བཅུད་ནི་ཀུན་གྱི་རྟེན། །སེམས་ཅན་ཀུན་ལ་བདེ་སྟེར་བ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །བླ་རེ་དམ་པ་བྲེས་པས་འབར། །འདབ་སྟོང་ལྡན་པའི་པདྨ་
ཆེ། །སྦྱོར་བའི་གདན་ལ་བཞུགས་པ་ལ། །དེར་ནི་ལྷ་མོས་ཞུས་གྱུར་པ། །འཁོར་ལོ་ཀུན་གྱི་ངེས་པ་དང་། །དབྱངས་རྣམས་ཀྱི་ནི་བྱེ་བྲག་དང་། །ཡི་གེའི་དབྱེ་བ་མི་འཚལ་ཏེ། །འཁོར་ལོའི་གྲངས་ནི་ཇི་ལྟ་བུ། །དེ་རྣམས་ལས་ནི་ཅི་ཞིག་ལགས། །སྣ་ཚོགས་གླུ་ཡི་སྔགས་དང་ནི། །
འཁྲུལ་འཁོར་དག་ནི་མདོར་བསྡུས་དང་། །འཁོར་ལོའི་དབང་ཕྱུག་དུས་དང་ནི། །དེ་བཞིན་དཔའ་བོ་རྣམས་ཀྱི་སྟན། །འདི་དག་ལ་ནི་ཐེ་ཚོམ་མཆིས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱུད་རྣམས་ཀུན་ཏུ་སྦས་པ་གང་། །དེ་དག་
Vol. 78 · folio 39b
ཐམས་ཅད་ཞུ་འདོད་པ། །ལེགས་སོ་ལེགས་སོ་ལྷ་མོ་ཆེ། །བློ་གྲོས་ཆེན་མོ་ལགས་སོ་ལེགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱང་། །ཐེ་ཙོམ་སྐྱེ་ན་གཞན་ཅི་སྨོས། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །གང་ཞིག་བྲིས་པ་ཙམ་གྱིས་ནི། །སྒྲུབ་པོས་
དངོས་གྲུབ་འཐོབ་འགྱུར་བ། །མདོར་བསྡུས་ནས་ནི་བརྗོད་བྱ་སྟེ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །གནག་དང་དམར་བར་རྟག་གྱུར་ནས། །ཁྱད་པར་དུ་ནི་གཏོར་མ་སྦྱིན། །ཙ་རུའི་བཟའ་བ་ལྷན་ཅིག་བྱ། །སྒྲུབ་པ་པོ་ཡིས་གཡོན་ནས་བསྐོར། །འདི་ཡིས་སྒྲུབ་པོ་ཀུན་ལ་ནི། །མ་
མོ་དགའ་འགྱུར་ཐེ་ཙོམ་མེད། །དེ་ནས་མཁའ་འགྲོ་མ་རྣམས་ནི། །ས་རྣམས་ལ་ནི་རྣམ་རོལ་བ། །བརྩོན་ཆེན་འཁོར་ལོ་སྒྱུར་མ་དང་། །སྟོབས་ཆེན་མ་དང་རབ་དཔའ་མོ། །འཁོར་ལོའི་གོ་ཆ་གླང་སྣ་མ། །ཁཎྜ་རོ་ཧ་འཁོར་ལོའི་ཤུགས། །བྱ་གདོང་མ་དང་རྟ་རྣ་མོ། །ཤིན་ཏུ་བཟང་
མོ་སྔོ་བསངས་མོ། །ཆང་འཐུང་མ་དང་རླུང་ཤུགས་མ། །དེ་བཞིན་འཇིགས་བྱེད་ཆེན་མོ་དང་། །ས་སྲུང་མ་དང་ལྗོན་གྲིབ་མ། །ལང་ཀའི་བདག་མོ་མིའུ་ཐུང་མོ། །དཔའ་བོའི་བློ་མ་སྣ་ཆེན་མོ། །འོད་ལྡན་མ་དང་གཏུམ་མིག་མ། །རབ་གཏུམ་མ་སྟེ་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །
འདི་དག་སྔོན་ཉིད་གྲུབ་པ་ཡིན། །རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར། །ཨོཾ་ནི་ཐམས་ཅད་གསལ་བྱེད་དོ། །གྲུབ་གསོལ་འདོད་པ་ཐམས་ཅད་ལ། །རྣལ་འབྱོར་དམ་མཆོག་འདི་མཐོང་ན། །གཞན་དག་སྙིང་པོ་མེད་རྩྭར་མཚུངས། །དཔའ་བོ་ཉིད་གྱུར་གྲུབ་
པ་ནི། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །དཀྱིལ་འཁོར་དམ་པ་མཐོང་བས་ཡིན། །དེ་ནས་དེ་ཤེས་རྟག་སྒོམ་པ། །དངོས་གྲུབ་དེ་བཞིན་གཤེགས་པས་གསུངས། །ཉོན་ཅིག་ལྷ་མོ་ཤེས་རབ་ཅན། །རིག་པའི་རྒྱལ་པོ་སྒྲུབ་པའི་ཐབས། །འཁོར་ལོ་ཆེན་པོ་རྨད་གྱུར་པ། །གདེངས་ཀའི་
དབང་ཕྱུག་ཅེས་བྱ་སྟེ། །ཐོས་པ་ཙམ་གྱིས་སྲེག་བྱེད་ན། །མིང་དང་ལྡན་པར་བྲིས་པ་ཡིས། །གདེངས་ཀ་ཐམས་ཅད་སྨོས་ཅི་དགོས། །དབང་ལྡན་ནས་ནི་བརྩམས་ནས་སུ། །ཀླུ་རྣམས་ས་བོན་ལས་བྱུང་བ། །རིན་ཆེན་དང་ལྡན་གདེངས་གསུམ་མཐོ། །གཞན་ཡང་ཕྱོགས་
Vol. 78 · folio 40a
ནི་ཀུན་ཏུ་བསམ། །དེ་ནས་མགུར་ནི་འདི་བཞེས་ཏེ། །ཤར་དུ་ཀྵ་མཾ་བར་དུ་བྲི། །ནུབ་ཏུ་ཧི་སྟེ་བྱང་དུ་ཧཾ། །གཤིན་རྫེར་ཧཱུྃ་ཞེས་བྱ་བ་བྲི། །ཀི་ལི་ཀི་ལི་ཡི་དགས་སུ། །སྲིན་པོར་ཙི་ལི་ཇི་སྙེད་པ། །རླུང་ནི་སི་ལི་སི་ལི་བྲི། །མེ་ཡི་ཕྱོགས་སུ་དྷི་ལི་ཉིད། །དང་པོར་རབ་གཏུམ་མ་
ནས་ནི། །བརྩོན་ཆེན་མ་ཡི་མཐར་ཐུག་པ། །སྔགས་འདི་དག་ནི་བྱིན་གྱིས་བརླབ། །འཁོར་ལོ་འདི་ནི་སྐལ་ཆེན་ལྡན། །དགྲ་རྣམས་ཀྱི་ནི་གནད་གཅོད་པ། །ཧཱུྃ་ཕཊ་ཅེས་བྱ་སྤེལ་བ་ཡི། །བསྒྲུབ་བྱ་དེ་ཡི་དབུས་སུ་བྲི། །ལན་ཅིག་བཟླས་པའི་གུ་གུལ་གྱིས། །བདུག་པ་ཉིད་དུ་སྦྱར་
བྱས་ལ། །ཀླུ་རྣམས་ཐམས་ཅད་འབེབས་པར་འགྱུར། །ལག་པ་གཡོན་པ་ལ་འཁོར་ལོ་འདི་དངོས་སུའམ་ཡིད་ཀྱིས་བྲིས་ལ་སྔགས་ལན་ཅིག་བཟླས་པས་བྱ་བས་ན་འཆི་བས་དུས་སུ་ཟིན་པ་སློང་བར་བྱེད་དོ། །ཀ་ར་བཱི་རའི་འདབ་མའི་ཁུ་བས་ཀ་ར་བཱི་རའི་སྨྱུག་གུས་བྲིས་ཏེ། ལན་ཅིག་
བཟླས་པས་རེག་ན་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །དུག་དང་ལན་ཚྭ་དང་སྐྱེ་ཚེས་བྲིས་ཏེ། །ཁྲོས་ན་གསོད་པར་འགྱུར་རོ། །རོ་བསྲེགས་པའི་མགལ་པ་ད་དུ་རའི་ཁུ་བས་མེ་བསད་དེ་འབྱུང་པོའི་ཉི་མ་ལ་དེ་ཉིད་ཀྱིས་འཁོར་ལོ་བྲིས་ལ་ལན་ཅིག་བཟླས་པ་དེས་གང་ལ་བསྣུན་པ་
ལྟུང་བར་འགྱུར་རོ། །སང་ཀོ་ཏའི་སྨྱུག་གུས་སྔགས་ཆོ་ག་སྔ་མ་བཞིན་བྲིས་ལ། །ཐལ་བ་ལ་མངོན་པར་བསྔགས་ཏེ། །གང་ལ་བསྣུན་པ་དེ་ཤ་ཟས་གཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བས་ཤིང་ལེབ་བམ་རྩིག་ངོས་ལ་འབྱུང་པོའི་མཚན་མོ་གང་གི་སྙིང་གར་མིང་བྲིས་པ་དེ་
གདོན་ཆེན་པོས་གཟུང་བར་འགྱུར་རོ། །བསྒྲུབ་བྱའི་གཟུགས་བྱས་ལ། །དེའི་སྙིང་ཀར་འཁྲུལ་འཁོར་བཅུག་སྟེ། །ཞག་བདུན་གྱི་བར་དུ་དྲིའི་ཆུའི་ནང་དུ་བཞག་ནས། །ཨ་ཏི་མུག་ཏའི་ལྕུག་མ་ལ་ལན་བདུན་བསྔགས་ཏེ་དེ་ལ་བསྣུན་ན། །ཞག་བདུན་གྱི་མཐར་རླུང་གི་ཤུགས་
ཀྱིས་འོང་བར་འགྱུར་རོ། །འཁོར་ལོ་དེ་ཉིད་བྱེ་བྲག་དུ་དུར་ཁྲོད་ཀྱི་རས་ལ་ཕོ་ཉའི་ཁ་དོག་གིས་བྱེ་བྲག་ཏུ་གྱུར་བ་བྲིས་ལ་ལས་ཀྱི་ཕོ་ཉ་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ། །ཀ་ར་བཱི་རའི་ལྕུག་མ་ཁྲུ་ཕྱེད་དང་གཉིས་ཀྱི་ཚད་དང་ལྡན་པ་ལ་གང་ལ་མངོན་པར་ཕྱོགས་ཏེ་སྔགས་བྲིས་ནས་
Vol. 78 · folio 40b
རོ་བསྲེགས་པའི་མེ་འབར་བ་ལ་དོར་ཏེ། ཇི་སྲིད་མ་ཚིག་པ་དང་མྱུར་དུ་བླངས་ལ་རིག་པའི་རྒྱལ་པོ་ལན་བདུན་བཟླས་ནས་གང་ཞིག་དྲན་ཏེ་ཀླད་ལ་བསྐོར་ན། དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །སྐྱེས་པའི་རོའི་ཁམ་ཕོར་ལ་བ་བླ་དང་ཡུང་བའི་ཁུ་བས་གང་གི་མིང་བྲིས་
བདེ་དེའི་མོད་ལ་བཅིངས་པར་འགྱུར་རོ། །དུར་ཁྲོད་ཀྱི་རས་སམ། ཟླ་མཚན་གྱི་རས་ལ་ཤིང་ཨ་ཤོ་ཀའི་སྨྱུག་གུས་ཀླུ་རྣམས་སྤངས་པའི་འཁོར་ལོ་འདི་བྲིས་ལ། དེའི་དབུས་སུ་སྔགས་པས་ཆོ་ག་བཞིན་ཡི་གེ་ཨེ་དང་སྤེལ་བ་བྲིས་ན། མཁའ་འགྲོ་མའི་ཁྱད་པར་ཐམས་ཅད་
དང་། ལུས་སྲུལ་པོ་ཐམས་ཅད་བཅིངས་པར་འགྱུར་རོ། །ཐོད་པ་ལ་སྐྱེས་པའི་ཁྲག་གིས་གང་གི་མིང་བྲིས་ལ་སྔགས་པ་ཁྲོ་བ་དང་བཅས་པས་སྔགས་བཟླས་ན། དེའི་ཁྲག་འགགས་པར་བྱེད་ལ་ཡིད་ཞི་བ་དང་ལྡན་པས་ཞི་བས་སྔགས་བཟླས་ན་སླར་གཏོང་བར་འགྱུར་རོ། །
འཁོར་ལོ་དེ་ཉིད་ཟླ་བས་བརྒྱན་ཅིང་གསལ་བར་གོ་རོ་ཙ་ནས་གྲོ་ག་ལ་སྐར་མ་རྒྱལ་གྱི་ཉིན་པར་བྲིས་ཏེ། བུད་མེད་གང་གིས་རྟག་ཏུ་བཅངས་ན་རིག་པའི་རྒྱལ་པོ་ཉིད་དེའི་ལྷུམས་སུ་ཞུགས་པར་འགྱུར་རོ། །བུད་མེད་དང་ཞི་བའི་འདུས་པས་ཀུན་ཏུ་སྤྱོད་པའི་མིའི་མཆོག་དེའི་ལག་མཐིལ་
ན་ཡོད་པའི་དཔལ་གང་གིས་ཀྱང་དཔྲོག་བར་མི་ནུས་ལ། རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པས་ནི་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟེར་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལ་ནི་བརྟུལ་ཞུགས་དང་སྤྱོད་པ་དང་སྨྱུང་བ་དང་། ཆོ་ག་མེད་པར་ཡང་ཆོ་ག་ཞིབ་མོའི་སྦྱོར་བའི་
ཚུལ་འདི་ཉིད་ཀྱིས་ལས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་བྱེད་དོ། །ནམ་མཁའི་དབྱིངས་ཀྱི་དབུས་བསམ་པ། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །འོད་ཟེར་ཚོགས་ནི་གསལ་བའི་མདངས། །འཁོར་ལོའི་ཕྲེང་བ་རྣམ་པར་བཀླུབས། །དེ་དབུས་འཁོར་ལོ་རྩིབས་བརྒྱད་
དང་། །པདྨའི་ཕྲེང་བས་ཤིན་ཏུ་མཛེས། །སླར་ཡང་འཁོར་ལོ་བྲི་བར་བྱ། །རྡོ་རྗེ་ཕྲེང་བ་རྣམ་པར་འཕྲོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་དཀྱིལ་འཁོར་ལྟ་བུ་ཡིན། །ནམ་མཁའ་ཐམས་ཅད་གཡོག་བྱེད་པ། །རང་གི་ལུས་ལས་སྤྲོ་བར་བྱ། །དཀར་དང་
Vol. 78 · folio 41a
དམར་དང་སྔོན་པོ་སྟེ། །ཁ་དོག་མཆོག་གི་བྱེ་བྲག་བྱ། །བྱ་བའི་ཆོ་ག་འདི་ཡིས་ནི། །དཔའ་བོའི་དབང་ཕྱུག་དེ་བཞིན་བྲི། །དབུས་སུ་བསྒྲུབ་པར་བྱ་བའི་མིང་། །ཇི་ལྟར་འདོད་བཞིན་སྦྱར་བར་བྱ། །ཕྱི་རོལ་རྡོ་རྗེའི་ཕྲེང་བ་ནི། །འོད་ཟེར་འབར་བའི་ཕྲེང་
འཁྲུགས་བྲི། །འདི་ནི་སྲུང་བ་ཆེན་པོ་སྟེ། །ཐམས་ཅད་སྲུང་བ་བླ་ན་མེད། །རིམས་དང་ནད་དང་དུག་དང་ནི། །མཁའ་འགྲོ་མ་ཡིས་འཚེ་བ་དང་། །གདོན་དང་བདུད་དང་ལོག་འདྲེན་དང་། །གང་ཡང་ལུས་སྲུལ་ལ་སོགས་པ། །གྲིབ་མ་ཡང་ནི་མི་འགོམ་ན། །དེ་ཡི་
ལུས་ལྟ་སྨོས་ཅི་དགོས། །ཟླ་གཟུགས་ལྟ་བུའི་ཡི་གེ་ལྟ། །ཕྱོགས་བཅུར་རྣམ་པར་འབྱེར་བར་བྱེད། །དཀར་པོ་ཡིས་ནི་ཞི་འགྱུར་ཏེ། །ནག་པོས་སྐད་ཅིག་དག་གིས་གསོད། །དམར་པོ་ཡིས་ནི་དབང་བྱེད་དེ། །དེ་ཉིད་ཀྱིས་ནི་ངེས་པར་འགུགས། །སེར་པོས་ངེས་པར་
འཆིང་འགྱུར་ཏེ། །དམག་གི་དཔུང་ནི་འཆིང་བར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། །ལས་ཐམས་ཅད་འབྱུང་བ་ཞེས་བྱ་བའི་སྲུང་བའི་འཁོར་ལོའོ། །བཀའ་ཡི་འཁོར་ལོའི་ཁྱད་པར་ནི། །དེ་ནས་ཡང་དག་བཤད་པར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །
སེམས་ཅན་ཀུན་གྱི་དོན་བྱེད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །དཀྱིལ་འཁོར་འཁོར་ལོ་ལྟ་བུར་བསམ། །དེ་དབུས་པདྨ་བྲི་བྱ་བ། །བཅུ་དྲུག་འདབ་མས་རྣམ་པར་བརྒྱན། །དེ་དབུས་པད་ཆེན་འདབ་བརྒྱད་པ། །རྡོ་རྗེ་
རྩེ་ལྔ་པ་ཡི་མཆོག །འོད་ཟེར་དཀར་པོས་ཤིན་ཏུ་མཛེས། །སྒྲུབ་པོས་འཁོར་ལོའི་ཕྱི་རོལ་བྲི། །པདྨའི་ལྟེ་བར་སྭཱ་ཧཱ་བྲི། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །མ་མོའི་ཁྱིམ་ནི་ཉམས་དགའ་བར། །ཙནྡན་དམར་པོས་བྱུགས་ནས་ནི། །འབོལ་ཞིང་ཤིན་ཏུ་
འཇམ་པ་ཡི། །སྟན་ལ་སྐྱེ་གནས་ཕྱག་རྒྱ་བཅིང་། །སྔགས་པས་བསྒྲུབ་བྱ་མངོན་ཕྱོགས་ཏེ། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཡན་ལག་རུས་པས་བརྒྱན་བསམ་ཞིང་། །གཅེར་བུར་གྱུར་པས་རང་གིས་བྲི། །ཡི་དགས་གོས་སམ་རོ་ཡི་ནི། །བུམ་པ་སྐམ་
Vol. 78 · folio 41b
པོ་དག་ལ་ཡང་། །ཡི་དགས་སེན་རྩི་ཁྲག་དང་ནི། །དེ་བཞིན་ཙནྡན་དམར་པོས་བྲི། །འཁོར་ལོ་དེ་ཡི་སྟེང་གནས་ཏེ། །ཇི་ལྟར་འདོད་བཞིན་ཐུན་གསུམ་དུ། །བློ་ལྡན་མཐེའུ་ཆུང་བསྐྱོད་ནས་ནི། །བྲམ་ཟེ་གསོད་པའང་ཉིན་བདུན་འགྲུབ། །ཙནྡན་དམར་པོའི་རྡུལ་ལས་
ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །ཚ་བ་གསུམ་གྱིས་ལུས་བྱུགས་ནས། །སྦྲ་ཚིལ་གྱིས་ཀྱང་བྱུག་པར་བྱ། །ཟངས་མའི་ཁབ་ཀྱིས་སྐྱེ་གནས་དབུག །སེང་ལྡེང་མདག་མ་དུ་མེད་ལ། །བློ་དང་ལྡན་པས་ཉིན་བདུན་བསྲོ། །སྒྲུབ་པ་པོ་ཡིས་བརྒྱ་བཟླས་ན། །
རྒྱལ་པོ་བློན་བཅས་མདུན་ན་འདོན། །བཙུན་མོའི་འཁོར་དང་བཅས་པར་ནི། །མྱུར་དུ་འགུགས་པར་བྱེད་པ་ཡིན། །གྲོ་ག་ཡི་ནི་འདབ་མ་ལ། །རོ་ཡི་སེན་རྩི་རོ་ཙ་ནས། །མི་ཡི་བདག་པོ་འཁོར་བཅས་པ། །མིང་དང་སྤེལ་ཏེ་བྲི་བར་བྱ། །མངོན་པར་ཕྱོགས་ཏེ་བཟླས་བཞིན་
དུ། །སེང་ལྡེང་དང་ནི་དུར་ཁྲོད་མེར། །ཇི་སྲིད་སྤྲ་ཚིལ་མ་ཞུ་བར། །མེ་ཡི་སྟེང་དུ་གདུང་བར་བྱ། །བསྒྲུབ་བྱ་མངོན་པར་གདུངས་ཙམ་གྱིས། །ལྷ་དང་ལྷ་མིན་འོང་འགྱུར་ན། །ས་སྟེང་སྐྱེ་བོ་སྨོས་ཅི་དགོས། །ཡི་དགས་སེན་རྩི་སྐྱེས་པ་ཡི། །ཁྲག་དང་གི་ཝང་བཅས་
བ་ཡིས། །བསྒྲུབ་བྱའི་མིང་སྤེལ་གྲོ་གར་བྲི། །བསྒྲུབ་པར་བྱ་བའི་རྐང་རྗེས་ས། །ཙནྡན་དམར་པོ་ཉིད་དང་ནི། །དུར་ཁྲོད་ཟས་ལྷག་ཐལ་བ་རྣམས། །སྒྲུབ་པ་པོ་ཡིས་གཅིག་བསྡུས་ནས། །སེང་ལྡེང་མེ་ནི་དུ་མེད་ལ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་
ནས་སྦྱིན་སྲེག་བྱས་པ་ཡིས། །ཐལ་བ་དེ་ནི་བཟུང་ནས་སུ། །བསྒྲུབ་པར་བྱ་བའི་གཟུགས་བྱས་ཏེ། །སྙིང་གར་འཁྲུལ་འཁོར་བཅུག་ནས་ནི། །ཟློས་བཞིན་དུ་ནི་མེར་གདུངས་ན། །བརྒྱལ་ཞིང་སེམས་དང་བྲལ་འགྱུར་ལ། །རྨོངས་ཤིང་རབ་ཏུ་མྱོས་ནས་ནི། །རླུང་
གི་ཤུགས་ཀྱིས་འོང་བར་འགྱུར། །ཆོ་གའི་བྱ་བ་འདི་ཡིས་ནི། །ཡི་གེ་ཉི་ཤུ་རྩ་གཉིས་བཞེད། །ལྷ་མོ་སྔགས་ཆེན་འདི་དག་ནི། །མཁའ་འགྲོ་མ་ཡི་སྙིང་འཇོམས་ཡིན། །དེ་ནས་དེ་བཞིན་གཤེགས་ཀུན་གྱི། །ཡིད་འོང་ཞི་བ་བསྐྱེད་པ་མོ། །བཀའ་ཡི་འཁོར་ལོ་
Vol. 78 · folio 42a
བཤད་པར་བྱ། །མཁའ་དབྱིངས་དབུས་གྱུར་བསམ་པ་ནི། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་རྩེ་གསུམ་ཁ་བཞི་པ། །དེས་ནི་དེ་ནས་བྲི་བར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། །ཤིན་ཏུ་མཛེས་པ་བྲིས་ནས་སུ། །བཻ་རོ་ཙ་ནའི་རིག་པ་ཆེ། །
སེམས་ཅན་ཀུན་སྐྱེད་སྡུད་པ་མོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ནད་ཐམས་ཅད་མེད་པར་བྱེད་པ་ཞེས་བྱ་བའི་སྲུང་བའི་འཁོར་ལོའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་ཀུན་མཁྱེན་པས། །ཡེ་ཤེས་མངོན་པར་ཤེས་པ་ཡི་
འཁོར་ལོ་ཞེས་བྱ་བཀའ་སྩལ་པ། །གེ་སར་ལྟེ་བར་ལྡན་པ་ཡི། །པདྨ་འདབ་མ་དྲུག་པར་བྲི། །ཟླ་བ་བཟང་པོས་ཉེ་བར་བརྒྱན། །རྡོ་རྗེའི་ཕྲེང་བས་རྣམ་པར་བཀླུབས། །དེ་ཡི་ཕྱི་རོལ་འཁོར་ལོ་སྟེ། །སྟོན་ཀའི་ཟླ་ལྟར་དྲི་མེད་པ། །ཡི་གེའི་མཆོག་ནི་རྣམ་པ་བདུན། །ལྷ་མོ་ཆེན་
མོ་ཕན་པ་གཅིག །བདུད་ཐམས་ཅད་ཀྱི་ལས་འཇོམས་པར་བྱེད་པ་འཁོར་ལོའི་རྒྱལ་པོ་ཞེས་བྱའོ། །ཙནྡན་དཀར་པོ་རོ་ཙ་ནས། །གྲོ་ག་ལ་ནི་བྲིས་ནས་སུ། །འཁོར་ལོ་ལག་པ་གཡོན་པར་བཅང་། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །ལས་ཀྱི་འོད་ཀྱིས་བརྒྱན་པ་ཡིན། །དེ་ནས་
བསྒྲུབ་བྱ་ཉི་དབུས་སུ། །བསམས་ཏེ་སྟོང་དུ་བཟླས་ནས་ནི། །ཡི་གེ་ཤེལ་གྱི་རྣམ་པ་ལྟར། །བསམས་ཏེ་ནད་ཀྱིས་གདུངས་ལ་བསྟན། །མཐོང་བ་ཙམ་གྱི་མོད་ལ་ནི། །ནད་རྣམས་ཀུན་ལས་རྣམ་གྲོལ་བར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །ལག་པ་གཡོན་པར་འཁོར་
ལོ་འདི། །ཟླ་བའི་དབུས་སུ་རྣམ་བཀོད་ན། །སྟོན་ཀ་ཡི་ནི་ཟླ་འདྲར་འགྱུར། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །ལས་ཀྱི་འོད་ཀྱིས་རབ་བརྒྱན་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །དུར་ཁྲོད་རས་སམ་ཐོད་པ་འམ། །ཨ་རྐ་ཡི་ནི་འདབ་མ་ལ། །
སྔར་བསྟན་པ་ཡི་སོལ་བ་དང་། །སྐྱེས་པའི་ཁྲག་གི་སྣག་ཚ་ཡིས། །སྒྲུབ་པོས་མི་རུས་སྨྱུག་གུས་བྲི། །ཉི་མའི་དབུས་གྱུར་ཁྲོ་སེམས་ཀྱིས། །གཟུགས་བརྙན་བྱས་ལ་བསྒྲུབ་བྱ་ཡི། །དབུས་སུ་དེ་ནི་བཅུག་ནས་སུ། །སྐེ་ཚེ་ཡིས་ནི་བྱུགས་ནས་ནི། །ཡང་དང་
Vol. 78 · folio 42b
ཡང་དུ་བསྲོ་བར་བྱ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །འདི་ཡི་ནད་རྣམས་ཐམས་ཅད་ནི། །འཕེལ་དང་དེ་བཞིན་སྦྱོར་བྱེད་པའོ། །རིམས་ལ་ཡི་དགས་སྙིང་གར་བྲི། །འགའ་རེ་ཡི་དགས་ཀླད་པ་སྟེ། །བརྗེད་བྱེད་རླུང་དང་སྤྲིན་ལ་བྲི། །
གཟེར་བར་བྱ་བ་མདུང་ལ་སྟེ། །དུག་དང་མཛེ་ནད་ལྟོ་འཕྱེ་ལ། །གཟའ་ལ་གཟའ་ཡི་མཚན་མར་བྲི། །མདོར་བསྡུས་ནས་ནི་འཁོར་ལོར་དགོད། །ཤེལ་དང་ཟླ་བའི་འོད་འདྲ་བའི། །ཡི་གེ་བདུད་རྩི་རྒྱུན་འབབ་པས། །སྟོན་ཀའི་ཟླ་ཟེར་ལྟ་བུར་ནི། །བསམ་གཏན་བསམས་པ་
ཙམ་གྱིས་ནི། །འཆི་བའང་ངེས་པར་སློང་བར་འགྱུར། །སྦྲུལ་ཆེན་བརྒྱ་ཡིས་ཟིན་ནས་ནི། །འཆི་བའང་མྱུར་དུ་སློང་བར་བྱེད། །དུག་གིས་བརྒྱལ་བར་གྱུར་པ་དག །བསྟན་པ་ཙམ་གྱིས་སློང་བར་འགྱུར། །རིམས་དང་གདོན་དང་བརྗེད་བྱེད་དང་། །ལག་པ་མཐོང་བས་རླག་
པར་བྱེད། །གྲིབ་མ་ཡང་ནི་མི་འགོམ་ན། །དེ་ཡི་ལུས་ལྟ་སྨོས་ཅི་དགོས། །ཟངས་མ་ཡི་ནི་འདབ་མའམ། །ལག་པ་གཡོན་པར་འཁོར་ལོ་འདི། །བ་བླ་དང་ནི་ཡུང་བས་བྲི། །དེ་ནས་ཆུ་ཡི་ནང་བཞག་ལ། །ཇི་ལྟར་འབྱུང་བཞིན་འབད་དེ་མཆོད། །མཚམས་ཀྱི་དུས་སུ་
མཉམ་བཞག་པས། །དེ་བཞིན་དུ་ནི་སྔགས་བཟླས་བྱ། །ཆུ་ཡི་ནང་ནས་བཏོན་ནས་སུ། །འོ་མས་བཀྲུས་ལ་རྒྱ་མཚོར་གཞུག །གཡུལ་དུ་ཁུ་ཚུར་བཅངས་ནས་ནི། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ཏེ། །ཡིད་ལ་རྟག་ཏུ་ཟློས་བྱེད་ན། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །
མྱུར་དུ་ཐམས་ཅད་རེངས་འགྱུར་ཏེ། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་ཕྱར་ཏེ་ཐོགས་པ་ཡང་། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །མཚོན་ཆ་གཏོང་བར་མི་ནུས་སོ། །ཡི་གེ་བདུན་དང་རྣལ་འབྱོར་མ། །དྲུག་གི་ཡི་གེ་འདི་དག་ནི། །འཁོར་ལོ་དྲུག་ལ་གནས་པར་
ནི། །ལག་པའི་དབུས་སུ་བཀོད་ནས་སུ། །ཆོ་ག་རིམ་པས་བཅང་བར་བྱ། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །དེ་ཡི་གཟུགས་གྱུར་བཟུང་ནས་ནི། །དེ་ནི་འགུགས་འགྱུར་ཐེ་ཚོམ་མ་མེད། །ཙནྡན་དམར་པོའི་རྡུལ་དང་ནི། །ལན་ཚྭ་སྐེ་ཚེ་དེ་བཞིན་ཏེ། །བསྒྲུབ་
Vol. 78 · folio 43a
བྱའི་རྐང་རྗེས་རྡུལ་དང་ནི། །གཅིག་ཏུ་བྱས་ནས་བཏག་པར་བྱ། །ལན་བརྒྱར་བཟླས་ཏེ་རབ་བསྒོམས་ན། །ས་བདག་སྐྱེ་བོའི་ནོར་དང་ནི། །བཅས་ཏེ་དབང་དུ་འགྱུར་བའམ། །དེ་ནི་འགུགས་འགྱུར་ཐེ་ཚོམ་མེད། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དག་ཏུ་ནི་
ང་མི་སྨྲ། །རྡུལ་དེ་ཉིད་ནི་བཟུང་ནས་སུ། །ལྕགས་ཕྱེ་དང་ནི་བསྲེ་བར་བྱ། །དུར་ཁྲོད་རས་ལ་གཏུམས་ནས་སུ། །ལན་བདུན་དུ་ནི་བཟླས་པར་བྱ། །ལམ་གྱི་བཞི་མདོར་སོར་བརྒྱད་ཙམ། །བརྐོས་ཏེ་དགྲ་ཡི་མིང་ནས་ནི། །བཟུང་ནས་ས་ཡིས་དགབ་པར་བྱ། །གང་གི་མིང་
བཟུང་དེ་བཅིངས་འགྱུར། །ཕྱེ་མ་དེ་ཉིད་བཟུང་ནས་སུ། །འོ་མ་ཡིས་ནི་འབད་དེ་བཀྲུ། །སླར་ཡང་གྲོལ་འགྱུར་ཐེ་ཚོམ་མེད། །ཕྱེ་མ་དེ་ཉིད་བཟུང་ནས་སུ། །སྨྱོ་བྱེད་ལྔ་དང་ལྡན་པར་བྱ། །རོ་ཡི་གོས་ལ་བསྒྲུབ་བྱ་ཡི། །མིང་བྲིས་ནས་ནི་གཏུམ་པར་བྱ། །ལན་བརྒྱ་བཟླས་ཏེ་
དུར་ཁྲོད་དུ། །སྦས་ན་སྐྱེས་བུ་འཕྲལ་དུ་ནི། །སྨྱོ་འགྱུར་འདི་ལ་ཐེ་ཚོམ་མེད། །ཕྱུང་ནས་བ་ཡི་འོ་མ་ཡིས། །འབད་དེ་སླར་ཡང་བཀྲུས་ན་ནི། །འགྲོལ་འགྱུར་འདིར་ནི་ཐེ་ཚོམ་མེད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་ནས་བཅོམ་
ལྡན་དེ་བཞིན་གཤེགས། །རྡོ་རྗེ་དཔའ་བོའི་འཁོར་ལོ་གསུངས། །ཟླ་བའི་དབུས་འགྱུར་རྡོ་རྗེ་ནི། །རྩེ་གསུམ་དེ་བཞིན་ཁ་དྲུག་པ། །སླར་ཡང་ཟླ་བར་པདྨ་ནི། །འདབ་དྲུག་ལེགས་པར་གནས་པ་བྲི། །དེ་ཡི་དབུས་གྱུར་ས་བོན་ནི། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །
སྔགས་པས་ལྟེ་བར་བྲི་བར་བྱ། །བསྒྲུབ་བྱའི་མིང་དང་སྤེལ་བར་བྱ། །རྡོ་རྗེ་སེམས་སོགས་ལྷ་རྣམས་ནི། །ཐམས་ཅད་སྣ་ཚོགས་བླ་ན་མེད། །སངས་རྒྱས་ཀུན་གྱི་གོ་ཆ་ཆེ། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །དབུས་སུ་སྔ་མའི་གསང་སྔགས་བྲི། །པདྨའི་འདབ་
མར་དེ་བཞིན་གཞན། །རིང་པོ་དྲུག་ནི་ཡོངས་སྤངས་པ། །རྡོ་རྗེ་ཡི་ནི་ལྟེ་བར་བྲི། །གུར་ཀུམ་སེན་རྩི་རང་ཁྲག་དང་། །རོ་ཙ་ན་ཡིས་གྲོ་ག་ལ། །ཆོ་ག་བཞིན་དུ་བྲིས་ནས་ནི། །དུས་གསུམ་དུ་ནི་བཟླས་བྱས་ལ། །མཆོད་ཆེན་བྱས་ནས་གཟུང་བར་བྱ། །ལན་བདུན་དུ་ནི་
Vol. 78 · folio 43b
མངོན་བཟླས་ཏེ། །གོས་ཀྱི་མཐའ་མར་བཅིང་བར་བྱ། །ལམ་དུ་འགྲོ་ན་རྐུན་པོ་དང་། །སྟག་སོགས་འཇིགས་པར་མི་འགྱུར་རོ། །ཐམས་ཅད་དུ་ནི་བསྲུང་འགྱུར་བ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལྟེ་བ་དེར་ནི་ཐིག་ལེ་ཡིས། །བསྐོར་བའི་ཐིག་ལེ་དག་ཀྱང་བྱ། །ཨ་རི་ཙ་ཏ་
ཀ་བཅུད་དང་། །ཡུང་བདག་གིས་ཁྱད་པར་དུ། །ཨ་ཤོ་ཀ་ཡི་སྨྱུག་གུ་ཡིས། །དཔའ་བོ་ཡི་ནི་རས་མར་བྲི། །བསྒྲུབ་བྱའི་མིང་དང་སྤེལ་བ་ཡིས། །སྔགས་འདི་སྟོང་དུ་དེ་ནས་བཟླ། །བསྒྲུབ་བྱའི་རྐང་རྗེས་ས་དང་ནི། །གླང་པོ་ཆེ་ཡི་རྐང་རྗེས་རྡུལ། །དུར་ཁྲོད་ཐལ་བར་བཅས་པ་ལས། །
སྒྲུབ་པོས་གཟུགས་བརྙན་བྱས་ནས་སུ། །བཅིང་བས་བཅིངས་ཏེ་དེ་ཡི་ནི། །སྙིང་ག་རུ་ནི་གཞུག་པར་བྱ། །མེ་ཏོག་སེར་པོས་མཆོད་ནས་ནི། །གསང་བའི་གནས་སུ་སྦས་གྱུར་ན། །དགྲ་རྣམས་ཐམས་ཅད་འཆིང་འགྱུར་ཞིང་། །རླག་པར་བྱེད་པ་མི་བཟད་པར། །རྡོ་རྗེ་སེམས་དཔའ་དེ་
བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །མཁའ་འགྲོ་མ་ཡི་སྙིང་པོའི་སྔགས། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས། །ནམ་མཁའི་དབྱིངས་གྱུར་ས་བོན་ནི། །ཀུན་ཏུ་འོད་ཟེར་རབ་འཕྲོ་བ། །སྟོན་ཀའི་ཟླ་ལྟར་དྲི་མེད་པའི། །འཁོར་ལོ་རྩིབས་ནི་བཅུ་
གཉིས་བྱ། །རྩིབས་དེ་རྣམས་ལ་ས་བོན་གྱི། །ཡི་གེ་མཆོག་ཏུ་ཕན་པ་དགོད། །དེ་ཡི་ལྟེ་བར་དགོད་བྱ་བ། །རིག་པ་ཆེན་མོའི་ཡི་གེ་ཆེ། །བསྲུང་བ་རྡོ་རྗེའི་ཆོ་ག་རིག་པས། །མཁའ་འགྲོ་མ་ཀུན་གོ་ཆ་བྱ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡི། །དབུས་སུ་བསྒྲུབ་བྱའི་མིང་བྲི་བྱ། །
རྣམ་པའི་མཆོག་ཀུན་ལྡན་པ་རུ། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །གུར་ཀུམ་དང་ནི་རོ་ཙ་ནས། །གྲོ་ག་འམ་ནི་རས་དཀར་ལ། །སྙིང་སྟོབས་ཅན་གྱིས་བྲི་བར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡི། །ཐམས་ཅད་དུ་ནི་བསྲུང་བ་དང་། །སྒྲུབ་པ་པོ་ཡིས་སྔར་བསྟན་བཞིན། །
གདུག་པ་རྣམས་ནི་ཚར་གཅོད་བྱེད། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །ལས་མཆོག་དེ་ནས་བཤད་པར་བྱ། །གང་ཞིག་བསྒྲུབས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་བྱེད་པའོ། །སྐྱེ་གཉིས་རྡོ་རྗེའི་རིགས་དང་ནི། །གཟུགས་བཟང་བུ་མོ་གཞན་ཡང་རུང་། །ཀ་
Vol. 78 · folio 44a
ར་བཱི་རའི་མེ་ཏོག་དམར། །རྒྱལ་གྱི་སྦྱོར་བས་བསྒྲུབ་པར་བྱ། །གོ་རོ་ཙ་ནས་བསྒྲུབས་ནས་སུ། །མེ་ཏོག་དེར་ནི་ཆུར་གནས་ལ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ལན་བརྒྱ་རུ་ནི་བཟླས་པར་བྱ། །ཆུ་བོ་ཆེན་པོར་ཞུགས་ནས་སུ། །ལྟེ་བ་མན་ཆད་ཆུར་བཅུག་སྟེ། །
ལག་པ་ཐལ་སྦྱར་དབུས་བཟུང་ནས། །རིག་པ་སྟོང་དུ་བཟླས་པར་བྱ། །སྙིམ་པ་ཆུ་ཡིས་བཀང་བ་དང་། །བཅས་པས་སྒྲུབ་པོས་བཏུང་བར་བྱ། །དེ་ནས་དེ་ནི་འགྲུབ་འགྱུར་ཏེ། །སྒྲུབ་པོས་ངག་ནི་གྲུབ་པ་ཡིས། །རྒྱལ་པོ་ཆུང་མར་བཅས་པ་དག །ཡིད་ཀྱིས་འགུགས་འགྱུར་
གདོན་མི་ཟ། །ཀ་ར་བཱི་རའི་མེ་ཏོག་ནི། །དམར་པོ་ཡང་དག་བཟུང་ནས་ནི། །རིག་པ་ལན་བདུན་བཟླས་བྱས་ལ། །སྐྱེ་གནས་དབུས་སུ་གཞུག་བྱ་སྟེ། །མེ་ཏོག་དེ་ནི་ཁ་སྦྱར་ནས། །གསང་བའི་གནས་སུ་གཞག་པར་བྱ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་པས། །བརྒྱ་ཕྲག་
གཅིག་ཏུ་བཟླས་པར་བྱ། །སྒྲུབ་པོ་རྩེ་གཅིག་ཡིད་ཀྱིས་ནི། །མེ་ཏོག་དེ་ནི་བླངས་ནས་སུ། །མེ་ཏོག་གིས་ནི་གང་བསྣུན་པ། །དེ་ཡི་མོད་ལ་དབང་དུ་འགྱུར། །བརྒྱལ་ཞིང་སེམས་དང་བྲལ་བ་དང་། །ཡན་ལག་ཚིགས་ཀུན་གཞན་དབང་སྟེ། །མངོན་འགྱུར་སེམས་ནི་ལྡོག་
པ་རུ། །སྐད་ཅིག་གིས་ནི་དབང་བྱེད་འགྱུར། །འདི་ནི་མངོན་སུམ་གྲུབ་པ་ཡི། །དོན་ཡོད་དབང་དུ་བྱེད་པ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྣལ་འབྱོར་མ་རྣམས་འགུགས་པའི་ཆོ་ག་འཁོར་ལོའི་རྒྱལ་པོ་ཞེས་བྱ་བའོ། །གང་ཞིག་བྲིས་པ་ཙམ་གྱིས་སུ། །
རྡོ་རྗེ་སེམས་དཔའ་བརླག་འགྱུར་ཞིང་། །དངོས་གྲུབ་མྱུར་དུ་སྟེར་འགྱུར་བ། །དེ་ནས་ཡང་དག་བཤད་པར་བྱ། །ཟླ་བའི་དབུས་གྱུར་རྡོ་རྗེ་སྟེ། །དེ་བཞིན་གཞན་ཡང་པདྨའོ། །ཀུན་ནས་རྣམ་པར་འཕྲོ་བ་ཡི། །མཁའ་འགྲོ་མ་ཡི་ས་བོན་དགོད། །དབུས་སུ་རྡོ་རྗེ་ཕག་མོ་
ནི། །ཤིན་ཏུ་དྲག་ཅིང་གསལ་བའི་གཟུགས། །ཡི་གེའི་དགོད་པས་དགོད་པར་བྱ། །རིམ་པ་དེ་ལྟར་བརྗོད་པ་ལ། །ཞི་ལ་ཞི་བའི་ཡིད་ཀྱིས་སུ། །རོ་ཙ་ན་ཡིས་གྲོ་གར་བྲི། །མ་མོའི་གནས་དང་དུར་ཁྲོད་དུ། །གོས་ཆེན་དེ་བཞིན་ཁྲོ་དང་བཅས། །ཆགས་པ་ལ་ནི་དམར་
Vol. 78 · folio 44b
པོའི་གོས། །རྒྱས་ལ་གོས་སེར་དེ་བཞིན་ཏེ། །དེ་དང་དེར་ནི་བསྒོམ་བྱས་ནས། །ཅི་རིགས་པར་ནི་སྤྲུལ་པར་བྱ། །བུ་མོ་གཞོན་ནུའི་རོ་ཡི་ནི། །གོས་ནི་འབད་དེ་བླངས་ནས་སུ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །དེ་ཉིད་ལས་བྱུང་སོལ་བ་ཡིས། །སྣ་ཚོགས་རྡོ་རྗེ་ཁ་བཞི་
ལ། །སྔགས་དང་སྤེལ་བར་བྲིས་ནས་ནི། །ལན་བདུན་དུ་ནི་བཟླས་ནས་སུ། །གང་གི་ཁྱིམ་དུ་སྦས་གྱུར་པ། །དེ་ནི་གཤིན་རྗེའི་གྲོང་ཁྱེར་དུ། །ཉི་མ་བདུན་གྱིས་འགྲོ་བར་འགྱུར། །དེ་ཡི་རྐང་པའི་རྐང་སྦུབས་དང་། །བུམ་པ་ལ་སོགས་དག་ཀྱང་རུང་། །རུས་པའི་ཕུར་བུའི་སྦུ་
གུར་ནི། །འཁྲུལ་འཁོར་འདི་ནི་བཅུག་བྱ་སྟེ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །འཆི་འགྱུར་འདིར་ནི་གདོན་མི་ཟ། །ལས་རྣམས་ཀུན་ལ་སྒྲུབ་པ་པོས། །ཆོ་ག་དང་ནི་ལྡན་པར་བྱ། །རང་གིས་བཟུང་བའི་སྔགས་ཀྱིས་ནི། །བསྐལ་པ་བྱེ་བ་བརྒྱས་མི་འགྲུབ། །ལས་འདི་མཆོག་ཏུ་
ཤེས་བྱ་སྟེ། །སྔགས་གཞན་རྒྱས་པས་ཅི་ཞིག་བྱ། །དེ་དག་ཐམས་ཅད་སྤངས་ནས་སུ། །འདི་ཉིད་འབད་དེ་གཟུང་བར་བྱ། །གང་དང་གང་གི་བསམ་གཏན་གྱིས། །སྒྲུབ་པོས་བཟླས་པ་བརྩམ་པར་བྱ། །སྦྱོར་བ་དེ་དང་དེ་དག་གིས། །འདོད་པའི་འབྲས་བུ་འཐོབ་པར་
འགྱུར། །ཇི་ལྟར་ནོར་བུ་དག་པ་ནི། །རྫས་གང་ལ་བརྟེན་དེ་གཟུགས་འཛིན། །དེ་བཞིན་རྡོ་རྗེ་མཁའ་འགྲོ་ཡང་། །ཡང་དག་བསམ་གཏན་མཆོག་འཛིན་འགྱུར། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་དངོས་འགྱུར་ཏེ། །སྣ་
ཚོགས་གཟུགས་ཅན་ནོར་བུ་བཞིན། །དེ་ཉིད་བསྡུས་དང་འདུས་པ་སྟེ། །གཞན་ཡང་སྔོན་དང་ཐ་མ་ཡི། །དེ་ཉིད་སྦྱོར་བའི་ཆོ་ག་ཅན། །བྱ་བའི་རྒྱུད་རྣམས་ཐམས་ཅད་དུ། །ཇི་སྲིད་མེ་ཡིས་འཇིག་གི་བར། །དེ་དེར་འགྲོ་བ་ཉོན་མོངས་འགྱུར། །ཐམས་ཅད་དུ་ནི་སྦས་པ་སྟེ། །
བརྩོན་འགྲུས་ཕ་རོལ་འཇོམས་པའོ། །རྡོ་རྗེ་སེམས་དཔའ་མཉམ་ལྡན་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །མྱུར་དུ་དངོས་གྲུབ་སྐྱེ་འགྱུར་བ། །འཕྲལ་དུ་ཡང་དག་ཡིད་ཆེས་བྱེད། །སྒྲུབ་པོས་ཕྱག་རྒྱའི་སྦྱོར་བ་ཡིས། །ཉོན་མི་མོངས་པར་འགྲུབ་པར་འགྱུར། །དམ་ཚིག་
Vol. 78 · folio 45a
མི་ལྡན་མི་དག་ལ། །ཀློག་གམ་གལ་ཏེ་བྱིན་གྱུར་ན། །ངན་པའི་བདག་ཉིད་བཅོམ་ནས་ནི། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། །གཡོན་གྱི་རྒྱུད་ནི་དམིགས་ནས་སུ། །སྐྱེ་བོ་གཡོན་གྱི་སྤྱོད་པ་བྱ། །ཐམས་ཅད་གཡོན་པས་བྱས་ན་ནི། །མྱུར་དུ་དངོས་གྲུབ་
འགྲུབ་འགྱུར་ཞེས། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་
འཁོར་ལོ་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །སྒྲུབ་པོའི་བདུད་རྩི་སྦྱོར་བའི་མཆོག །ག་བུར་དང་ནི་གུར་ཀུམ་དང་། །གནྡྷ་གནྡྷ་པ་ཏྲ་སྟེ། །
ཤིང་ཚ་དང་ནི་སུག་སྨེལ་བཅས། །ཀུ་སུམ་དང་ནི་དེ་བཞིན་ཆུ། །པི་སི་ཏ་དང་ཀུན་དུ་རུ། །དེ་བཞིན་རི་ཡི་ཞག་དང་ནི། །རི་སྐྱེས་དང་ནི་སྦུ་གུའི་ཞག །དྲི་ཡི་མར་ཁུ་སོ་དང་ནི། །དེ་བཞིན་ལག་སྐྱེས་ཀྱི་ནི་རྡུལ། །གངས་ཀྱི་ཆུ་དང་སྙིང་པོ་དང་། །རྒྱ་མཚོ་ལས་སྐྱེས་དེ་དག་ནི། །
ལུས་ཅན་རྣམས་ལ་ཕན་བྱེད་པ། །གང་གང་ལ་ནི་གངས་ཆུ་བཞིན། །དེ་ལྟར་བཅྭ་བརྒྱད་རྫས་རྣམས་ནི། །བཅུད་ཀྱིས་ལེན་མཆོག་ཕན་བྱེད་ཡིན། །དེ་ནས་བརྟག་པའི་ལས་དང་ནི། །ཡོན་ཏན་ཡན་ལག་ཆོ་ག་བཤད། །ཙམ་པ་ཀ་དང་བ་ཀུ་ལ། །ནཱ་ག་གེ་སར་ཀུ་མུ་ཏ། །
ཨུཏྤལ་ཤི་ཕཱ་ལི་ཀ་དང་། །སྦྲང་རྩི་འཛག་དང་པྲི་ཡང་ཀུ། །ཀུ་སུ་མ་ནི་ཉིད་དག་གོ། །ཤྲཱི་བ་ལ་དང་པོ་སོ་འཆའ། །ཀ་པི་ཏ་དང་ལ་ཀུ་ཚ། །ཀུ་བ་དང་ནི་བརྟ་ཀི། །ཨ་རུ་ར་དང་བ་རུ་ར། །བ་ལ་ཏ་ཀ་སྐྱུ་རུ་ར། །ཨེ་ལ་རྩི་དང་པུ་ན་ཀ། །ཨེ་རཎྜ་དང་མ་རི་ཙི། །དེ་བཞིན་
དུ་ནི་པི་པི་ལིང་། །བཅའ་བ་དང་ནི་ཤུ་དག་དང་། །ཡུང་བ་དང་ནི་རུ་རྟ་དང་། །བཅའ་སྒ་དང་ནི་སྒོག་སྐྱ་དང་། །རླན་ཅན་གྱི་ནི་དོ་བ་དང་། །ནཱ་ག་ཕ་ལ་དཀར་པོ་དང་། །དེ་བཞིན་རྒན་པོ་གཞོན་ནུར་བྱེད། །གླང་ཆེན་དགྲ་དང་རི་མཛེས་དང་། །འཛག་དང་བྱིས་པ་སྟུག་པོ་དང་། །
Vol. 78 · folio 45b
རལ་པ་དམར་པོ་སྨྱོ་བྱེད་དང་། །མཚན་མོའི་ཤིང་དང་མྱུར་འགྲོ་དང་། །ཀ་དམྦ་དང་གསེར་ཤིང་སྟེ། །དེ་བཞིན་དུ་ནི་ཤི་རི་ཤ། །ཀ་རན་ཛ་དང་ཤྲི་ཀྲུ་དང་། །ནིམ་པ་དང་ནི་པཾ་ལ་སི། །དེ་བཞིན་ག་དུ་མ་ཛ་རི། །པ་ལ་ཤ་དང་ཙནྡན་གཉིས། །དེ་བཞིན་ཨ་གར་ནག་པོ་
དང་། །གུར་ཀུམ་གུར་ཤིང་བྱེ་ཀ་ར། །སྦྲང་རྩི་མོ་ཀྵ་པུཥ་ཀ་ར། །མེ་ཏོག་འབྲས་བུ་རྩ་བ་དང་། །ཤུན་པ་ཤིང་དང་རོ་ཉིད་དོ། །ཁུ་བྱུག་ཟངས་ཀྱི་གཙུག་ཕུད་ཅན།།བྱ་རོག་དང་ནི་གར་ར་དང་། །རྨ་བྱ་ཐི་བྱ་ཕུག་རོན་དང་། །དྲང་སྲོང་བུ་སྟོབས་འཕེལ་བར་བྱེད། །ར་དང་
རི་བོང་རི་དགས་དང་། །ས་ལི་ག་དང་ཕག་དང་ནི། །ཁྱད་པར་དུ་ནི་བྱི་བ་རྣམས། །ནད་རྣམས་ཐམས་ཅད་འཇོམས་པར་བྱེད། །མེ་ཏོག་འབྲས་བུ་ཤུན་པའི་ཆང་། །དེ་བཞིན་དུ་ནི་འབྲུ་ཡི་ཆང་། །གཞན་ཡང་ཆང་གི་བྱེ་བྲག་དག །མདོར་བསྡུས་ནས་ནི་བཏུང་བའི་མཆོག །འདི་
དག་སྐྱེས་པ་བུད་མེད་ཀྱི། །སྟོབས་རྣམས་སྐྱེད་པའི་སྨན་ཡིན་ཏེ། །ནད་རྣམས་ཐམས་ཅད་འཇོམས་པར་བྱེད། །བཟའ་དང་བཏུང་དང་བཞིབ་པ་དང་། །ལྡག་པ་དང་ནི་མུར་བ་དང་། །སྣ་སྨན་མགོ་བོར་བསྐུ་བ་དང་། །བཀྲུ་བ་དང་ནི་དྲིལ་ཕྱི་དང་། །བཟའ་དང་བཏུང་སོགས་
དེ་དག་ནི། །རྣལ་འབྱོར་པ་ཡི་སྦྱོར་བ་མཆོག །དེ་ལྟར་དྲུག་ཅུ་རྩ་བཞི་ཡི། །རྫས་དང་བཅྭ་བརྒྱད་དག་ཏུ་སྦྱར། །སྦོམ་པོ་ཕྲ་མོའི་སྦྱོར་བ་རྣམས། །སྐྱེས་པ་དང་ནི་བུད་མེད་ཀྱང་། །ཆུང་ངུ་ལ་སོགས་དབྱེ་བ་སྟེ། །རླུང་དང་མཁྲིས་པ་བད་ཀན་སོགས། །རེ་རེ་ཞིང་ཡང་
གསུམ་གསུམ་འདོད། །ནག་པོ་དཀར་པོ་སྔོ་བསངས་ཏེ། །འཛག་དང་དེ་བཞིན་འཕོ་བ་ལའོ། །དགྲ་དང་མཛའ་བཤེས་བར་མ་སྟེ། །ཁམས་ཀྱི་སྡེ་ཚན་བསྡུས་པ་ཡིན། །དཔའ་བོ་གཅིག་དང་སྐྱེ་གཉིས་རྩ། །འབྲས་བུ་ཆེན་པོ་བསྐ་བ་གསུམ། །ལྷང་ཚེར་དང་ནི་དངུལ་
ཆུ་བཞི། །བདུད་རྩི་ཡི་ནི་སྙིང་པོ་ལྔ། །དུས་དྲུག་དེ་བཞིན་དྲུག་ཅུ་སྟེ། །བདུན་པོ་ཡལ་ག་འདབ་སོགས་བཅས། །སྐམ་ས་དང་ནི་རླན་ཅན་ཡུལ། །མར་དང་མར་ནག་བཀྲུ་སྨན་ནི། །རྣོ་དང་དངུལ་ཆུའི་ཟས་སུ་སྦྱིན། །རང་སྐྱུར་དང་ནི་ཡུང་བ་དག །ཆ་མཉམ་དངུལ་
Vol. 78 · folio 46a
ཆུའི་འབྲས་བུ་སྟེ། །ཉི་མའི་འོད་ཟེར་བསྲོས་ནས་ནི། །སྦྲང་རྩི་ཡི་ནི་ཐིགས་པ་བླུགས། །ཐལ་སྨན་ལན་ཚྭས་བུ་གར་བསྒྲུབ། །རོ་ནི་བསྐ་བ་རྣམས་དང་ཡང་། །ལྷང་ཚེར་དཀར་པོའི་སྐྱོ་མོ་སྦྱིན། །དངུལ་ཆུ་དྲུག་ཆར་བྱ་བ་མཆོག །སྐྱེད་བྱེད་དོན་ནི་རྒ་
བ་འཇོམས། །ཆ་ནི་ཚད་ལྡན་འཆིང་བྱེད་དེ། །འབྲས་བུས་བྱ་བ་བྱེད་པར་འགྱུར། །སྔོན་དུ་གསེར་ཤོག་བླུགས་པ་ཡིས། །རང་སྐྱོན་འཇོམས་པའི་ཆོ་ག་ཡིན། །དེ་ནས་ཆུ་དང་ལན་ཚྭ་དང་། །ཐལ་བའམ་རྡུལ་ནི་བླུག་པར་བྱ། །དྲོན་མོ་བླུགས་ན་སྐྲ་དཀར་སྐྱེ། །གླང་
ཆེན་མགོ་ཡི་བཅུད་བླངས་ལ། །སེང་གེའི་ཚད་དུ་བཙོ་བར་བྱ། །དེ་ནས་སླར་ནི་ཕྱུང་ནས་སུ། །ཨར་ཀའི་ཤིང་གི་ཁུ་བ་བླུགས། །ཆོས་པའི་འོད་ཀྱིས་སྙིང་མིག་འཇོམས། །ཙནྡྲ་དང་ནི་ར་ས་ན། །སྒོག་སྐྱ་དང་ནི་ཀེར་ས་དང་། །ཨ་ཏྲ་པ་ཏིའི་རུས་པ་དང་། །དེ་བཞིན་
དུ་ནི་མེ་ཏོག་གཟུང་། །བྱ་གྷཱི་དང་ནི་ཀུན་དུ་རུ། །ས་རི་བ་དང་སེན་མོ་དང་། །ནོར་བུ་ཟླ་འོད་ན་གེ་སར། །ཐིགས་པའི་རྒྱུན་དང་ཀ་དམྤ། །ཙམ་པ་ཀ་རི་སོ་བ་དང་། །ཤི་ཤུ་བིལ་བ་ཨུཏྤ་ལ། །རང་སྐྱུར་དང་ནི་བཅས་པ་རུ། །འཛག་དང་དངུལ་ཆུ་ཁ་ཚོས་བྱ། །ཕྱུང་ན་
སྦྲུལ་གྱི་གཟུགས་ལྟར་འགྱུར། །ཁྲག་དང་སྨྱོ་བྱེད་མཚན་ཤིང་བླུགས། །སྐྲ་དཀར་གྱི་ནི་ཉེས་པ་འཇོམས། །རྒས་དང་མཛེ་ནད་སེལ་བར་བྱེད། །རྣོན་པོ་ཐལ་སྨན་བཅས་པ་ཡིས། །བཀྲུས་ཤིང་བསྐུས་ན་གཞང་འབྲུམ་འཇོམས། །ལྟོ་སྐྱེས་མ་རྙིངས་རྫས་ཀྱི་ལས། །
བཅུད་དང་བཅུད་ལེན་མར་ཞག་སྔགས། །ཤི་རི་ཤ་ཡི་རྩྭས་ཀྱང་གཟག །མགོར་གནས་ལ་སྐྱེས་ལྡན་པར་བྱ། །མདོག་དམར་དངུལ་ཆུ་རྨོངས་པ་གསོ། །གསོས་ཏེ་འཁྲུས་ན་འབྲས་བུའི་ལམ། །ཚད་ལས་འདས་ན་དུག་ཏུ་འགྱུར། །དེ་ནས་པགས་པ་ཤུན་པ་
དང་། །མེ་ཏོག་དང་ནི་འབྲས་བུ་སོགས། །ཁ་དང་བསྐ་དང་མངར་བ་དང་། །ཚྭ་དང་སྐྱུར་པོ་ལ་སོགས་པས། །ཁྱད་པར་དུ་ནི་བཙོ་བྱ་བ། །ཁ་མེད་རྫར་ནི་བཙོ་བར་བྱ། །ཁ་དང་བཅས་པར་སྲེག་པ་སྟེ། །ཚར་གཅད་པ་དང་གནོད་པ་ཡིན། །ཁ་མེད་པ་དང་ཐོད་པའི་
Vol. 78 · folio 46b
དབྱིབས། །འོད་མ་དང་ནི་བྱ་རོག་མཆུ། །དེ་དག་བཙོ་བའི་ཞི་ག་རྫ། །བཙོ་བ་ཡི་ནི་ཚད་བཞི་ནི། །ཡིབ་དང་ཁྲོས་དང་འཐོར་བ་དང་། །བཞི་བ་ཆུ་རུ་འབྲོས་པའོ། །ཤིན་ཏུ་ཚོས་པར་གྱུར་ན་ནི། །འདར་དང་རྨོངས་དང་དུ་བ་དང་། །ཁྲོལ་ཁྲོལ་སྒྲ་ནི་སྒྲོགས་པ་ཡིན། །བཙིར་
དང་མཉེ་དང་དཀྲུག་པ་དང་། །དེ་བཞིན་དུ་ནི་བརྡུང་བའོ། །སྦྲང་རྩིར་བཙོ་དང་བུ་རམ་བཙོ། །གླང་ཆེན་བཙོ་དང་སེང་གེར་བཙོ། །རྣོན་པོར་བྱས་ཏེ་བཙོ་བར་བྱ། །མཉེས་པས་དྲི་མའི་རྡུལ་འཐོར་འགྱུར། །བློ་གྲོས་འཁྲུལ་བ་མེད་པ་ཡིས། །རིམ་གྱིས་རིམ་གྱིས་མཉེ་བར་བྱ། །
ཆ་ཡི་ཚད་བྱས་གསོ་བ་ནི། །སྦྱངས་ནས་འགྱུར་གྱི་གཞན་དུ་མིན། །དེ་ནས་ཆ་གཞན་བཅས་པ་ལ། །གི་རི་ཀར་ཎིའི་ཕྱེ་མ་ནི། །ལུགས་ལས་ཟློག་པའི་ལམ་བཙུགས་ལ། །ཚད་ལྡན་ཆོ་ག་བཞིན་དུ་བཙོ། །དུ་རུ་སྐ་དང་བ་ལི་ཀ། །ཙག་ཀྲ་མར་དེའི་ས་བོན་དང་། །བ་ལ་ཏ་ཀ་ཤི་
ཀྲུའི་འབྲས། །པ་རི་ཙ་ཏ་ཀུ་སུ་མ། །ཨུཏྤལ་མ་ལི་ཀ་ས་བོན། །བར་དར་རུས་པ་ཀ་སི་དང་། །སི་རི་ས་སྐུ་ས་བོན་དང་། །སྦྲང་རྩི་པོ་སོན་པ་ལ་ཤ། །ཞི་ག་རྗེའུ་ནི་ཚོས་པ་དང་། །དེ་དག་སྐྱོ་མ་བསྐྱེད་ཕྱིར་བླུགས། །དེ་དག་གི་ནི་རྟོགས་བྱས་ལ། །ཡིད་ལ་སེམས་པའི་
འཁྲུལ་འཁོར་གྱིས། །བུ་མོའི་བཅུད་ནི་དྲངས་ཏེ་བླུགས། །འདི་ཡིས་རབ་ཏུ་བསྒྲུབ་པར་བྱ། །གཞན་དུ་ནམ་ཡང་མ་ཡིན་ནོ། །བུ་མོ་གཅིག་དང་གཉིས་དང་ནི། །མང་པོའི་བར་དུ་བརྟག་པར་བྱ། །ལྷང་ཚེར་དངུལ་ཆུ་ཤིང་ཆེན་ནི། །དེ་ཚེ་འབྲས་བུ་སྨིན་པར་འགྱུར། །བྱ་
བ་ཀུན་གྱི་ལམ་གྱིས་ནི། །བྱེད་པ་པོ་དང་ཟ་བོར་འགྱུར། །ལྷ་ཡིས་རྒྱ་མཚོ་བསྲུབས་པ་བཞིན། །ཉི་ཤུ་རྩ་ལྔའི་ཆ་ཡི་བར། །སྟོབས་ལྡན་བཟུང་བ་གནས་སུ་འགྱུར། །རྫུ་འཕྲུལ་གྱི་ནི་ཚད་དང་ལྡན། །དངུལ་ཆུ་རྨ་བྱའི་མགྲིན་འདྲ་དང་། །སྦྲུལ་གྱི་གཟུགས་དང་སྦལ་བའི་
གཟུགས། །ཆུ་འཛིན་དབྱིབས་དང་རྣམ་པ་བཞི། །ས་ལའི་དྲི་དང་དྲི་ཞིམ་དང་། །དེ་བཞིན་ཆང་དང་ཆང་མིན་དྲི། །ཆ་གཉིས་དང་ནི་ཆ་གསུམ་དང་། །བུད་མེད་མདོག་ཉམས་སྣང་འགྱུར་ཞིང་། །བོང་ཚོད་རན་དང་རིང་བ་དང་། །ཡན་ལག་རྩུབ་འདོད་མགྲིན་པ་རིང་། །མིག་
Vol. 78 · folio 47a
ནི་ཟངས་ལྟར་དམར་བ་སྟེ། །སྟོབས་ལྡན་སྔོ་བསངས་ནུ་མ་མེད། །རྐང་པའི་ཁྱད་པར་སྔར་བཤད་དང་། །སྦྲང་རྩི་ལྟ་བུའི་དྲི་དང་ལྡན། །སྒྲུབ་པོ་དབང་པོའི་ཡོན་ཏན་བྱེད། །དེ་རྣམས་ཐབས་ཀྱིས་སྦྱངས་ཡིན་ཏེ། །རྩུབ་དང་མཉེན་དང་ཡན་ལག་མཁྲང་། །
སྟོབས་ལྡན་ཞེས་ནི་བྱ་བ་ཡིན། །དེ་དག་འཁྱུད་ལས་འབྱུང་བ་ནི། །རྫས་ནི་ཡོངས་སུ་སྦྱོར་བྱེད་དེ། །རྣོན་པོ་དང་ནི་ལྷང་ཚེར་ལ། །ཐུན་མོང་དུ་ནི་བརྟེན་ནས་སུ། །ཞ་ཉེ་བླུགས་པས་འཇོམས་པར་འགྱུར། །རོ་ནི་ཁ་དང་བསྐ་བར་འགྱུར། །དེ་ནས་རང་སྐྱུར་ནང་དུ་ནི། །གཅི་བས་
བཙོས་ན་ཉེས་པ་འབྱང་། །དེ་ནས་གཅི་བའི་ལན་ཚྭ་དང་། །ཕག་གི་ཞག་དང་ཚིལ་དང་ཁྲག །བཅས་པར་མཉེས་ནའང་ཉེས་པ་འབྱང་། །སླར་ཡང་ཙུ་ཏ་ཛ་ཏི་ན། །ཚྭ་དང་དམར་པོ་ཉིད་དང་ནི། །པིན་ཛ་ར་དང་ཙམ་པ་ཀ །སྨྱོ་བྱེད་ཆ་མཉམ་དངུལ་ཆུ་གཅིག །དེ་དང་
མཉམ་པའི་སྦྲང་རྩི་ཆུ། །མཉེས་ན་ཉེས་པ་ཟད་པར་འགྱུར། །དེ་ནས་མ་ཧེའི་རྨིག་པར་ནི། །ཆར་པའི་ཆུ་དང་བཅས་པ་ལ། །ཟངས་ཀྱི་ཕྱེ་མ་འཁར་ཕྱེ་དང་། །མིག་སྨན་ཕྱེ་མ་བླུགས་ཤིང་བཙོ། །ཚོས་ནས་སྦྲང་རྩིའི་ནང་དུ་གཞུག །དེ་ཡིས་བཅིངས་པར་
འགྱུར་བ་ཡིན། །དེ་ནས་ཁྲག་ནི་ཆ་བདུན་གྱིས། །སྦྱངས་ན་སྣུམ་ཞིང་སྟོབས་ལྡན་ལ། །སླར་ཡང་ཆ་མཉམ་ཁྲག་དང་ནི། །མཉེས་པས་སྣུམ་ཞིང་རྩུབ་པར་འགྱུར། །ར་གན་ཙུ་ཏའི་ཤིང་དང་ནི། །ཟངས་དང་ཡུང་བ་ལ་སོགས་དྲུག །བྱིན་པས་ཉེས་པ་ཚར་གཅོད་
འགྱུར། །དེ་ནས་ཙན་ཏྲའི་ཤིང་དང་ནི། །སྦྲང་རྩི་འཛག་དང་སེན་མོ་དང་། །ཐལ་སྨན་འབུས་ཟོས་ཤིང་ཕྱེ་དང་། །མ་ཧཱ་ཧ་ཏ་མོ་ཀྵ་དང་། །བུཥྐ་ར་དང་བར་ཏ་ཀི། །ཀུ་བ་སིན་དུ་བ་རི་ཕྱེ། །བཅས་པར་མི་ཡི་རྐང་དུ་གཞུག །ཅུང་ཟད་བཞག་སྟེ་ཕྱུང་ནས་སུ། །རྡོ་
ཡི་གཏུན་དུ་མཉེ་བར་བྱ། །འོད་མའི་ནང་དུ་བླུགས་ནས་ནི། །བཙོ་རྫ་རྒོད་མའི་ཁ་འདྲ་དང་། །ཀ་ར་ན་ད་ཡི་མཆུ་ཡི་དབྱིབས། །བོང་བུའི་གདོང་དང་རྔ་མོའི་གདོང་། །ཁ་ཆེན་འདི་དག་བཅིང་བ་དང་། །ཚར་བཅད་པ་ལ་བསྔགས་པ་ཡིན། །གང་ཡང་འཁྲུལ་འཁོར་
Vol. 78 · folio 47b
ཁ་ཆེ་བ། །རྫ་རྔ་ཡི་ནི་དབྱིབས་འདྲ་དང་། །འོད་མའི་དབྱིབས་འདྲ་ལ་སོགས་དང་། །མཚོན་ཆ་རལ་གྲིའི་ཤུབས་འདྲ་བ། །ཀང་ཀ་ཡི་ནི་མགྲིན་པ་འདྲ། །ཉེས་པ་ཚར་གཅོད་པ་ལ་བསྔགས། །གཞན་ཡང་དངུལ་ཆུ་བཅིངས་པ་ལ། །བཤད་པ་དེ་དག་རྗེས་སུ་གཟུང་། །
བཞི་ཆ་ལུས་པ་བཙོ་ཆེན་ཏེ། །ཕྱེད་ལུས་སྟོབས་ཆེན་བཙོ་བ་ཡིན། །དངུལ་ཆུར་བརྟེན་པའི་དྲི་མ་ནི། །དེ་བཞིན་དུ་ནི་སྦྱར་བར་བྱ། །སྦྱང་བ་དང་ནི་རྟོགས་པ་དང་། །རྨོངས་པ་དེ་བཞིན་གསོད་པའོ། །དེ་ནས་ལྷང་ཚེར་རྡུལ་ཕྱེ་དང་། །བཅས་པར་རྩི་ཡི་ནང་དུ་བླུགས། །བན་
དུ་ཞེས་བྱའི་ཕྱེ་མ་ནི། །སྐྱོ་མར་བཅས་པའི་ནང་དུ་བཏུང་། །ལྷང་ཚེར་དངུལ་ཆུ་རྣོན་པོ་ཡི། །ཆོ་ག་ཡིས་ནི་སོ་སོར་བཅིང་། །དེ་ནས་ཅུང་ཞིག་ངལ་བསོ་བྱ། །གཞག་པ་མེ་ཡི་གནས་སམ་ནི། །ཆུ་ཁ་ཡི་ཤིང་ལ་བརྟེན་པར་བྱ། །ལྕི་བའམ་འབྲས་ཀྱི་ཕུང་པོའང་རུང་། །རྡོ་བ་ཡི་ནི་
ནང་དག་དང་། །བ་ལང་མ་ཧེ་སོགས་པའི་ལྷས། །བྱེ་མ་ཡི་ནི་ཕུང་པོར་སྦ། །དེ་ནས་ངལ་བསོ་ཕྱུང་ནས་ནི། །གཟུགས་དང་སྒྲ་དང་དྲི་རོ་སོགས། །ཚད་དང་མཚན་མ་ཇི་བཞིན་བརྟག །ལ་བའི་འབྲས་བུ་ལ་ལའི་རྩ། །ཁ་ཅིག་མེ་ཏོག་འདབ་མ་དང་། །ཤུན་པ་དང་
ནི་རུས་པའང་རུང་། །རྣལ་འབྱོར་བ་ཡིས་ལོངས་སྤྱོད་ནི། །རྣམ་པ་སྣ་ཚོགས་ལྟ་བར་བྱ། །བཅོས་པའམ་བཅོས་མིན་ཡོ་བྱད་ནི། །རྙེད་ན་རྡོ་རྗེ་འཛིན་འདྲར་འགྱུར། །དེ་ཡང་སྟོབས་ཅན་བཅུད་བྲལ་ནི། །སྔོན་བཞིན་ཉེས་པ་སྣ་ཚོགས་འགྱུར། །དངུལ་ཆུ་ལྷང་ཚེར་ཁ་དོག་
ནི། །སྣ་ཚོགས་དང་ལྡན་སྐྱོན་ཡིན་ཏེ། །ཁྲག་དང་མཁྲིས་པ་སྐྱེད་བྱེད་ཡིན། །དམར་པོས་ཁྲག་ཀྱང་སྐྱེད་པར་བྱེད། །དཀར་པོས་ཟུག་གཟེར་སྐྱེད་འགྱུར་ཞིང་། །སྲོག་ནི་འཇོམས་པར་བྱེད་པ་ཡིན། །ལྗང་སེར་དག་ནི་མ་སྨིན་དང་། །སེར་སྐྱ་ལམ་ནི་འགག་འགྱུར་ཞིང་། །
ཉིས་འགྱུར་ཆ་ནི་ཤིན་ཏུ་འཆིང་། །ཉེས་པ་དག་ནི་བརྒྱར་ལྡན་པས། །བློ་དང་ལྡན་པས་དཔྱད་དེ་བཟའ། །སྔོ་དང་ནག་པོ་བཅུད་ཆེན་ཡིན། །དེ་ལྟར་བཅུད་ལེན་རྣམ་དཔྱད་ན། །ཆུ་སྐྱེས་ཆེན་པོའི་ཡོན་ཏན་ལྡན། །དངུལ་ཆུའི་འོལ་སེ་གཅིག་དང་ནི། །རྒྱ་མཚོ་ལས་
Vol. 78 · folio 48a
བྱུང་ཉིས་འགྱུར་ལྡན། །བཞི་འགྱུར་གྱི་ནི་མེ་ཏོག་བཅས། །སྣ་སྨན་ལྡག་པའི་མཆོག་ཡིན་ཏེ། །ཁྲག་དང་དངུལ་ཆུ་བཅུ་འགྱུར་དུ། །རིམ་གྱིས་སྤེལ་ཏེ་བཟའ་བར་བྱ། །དེ་ཕན་ཆད་ནི་འབྲས་བུ་མེད། །དངུལ་ཆུ་བསོ་བས་རྨོངས་པ་དང་། །ཁྱད་པར་
དུ་ནི་བསད་ཀྱང་རུང་། །སྔར་བསྟན་པ་ཡི་མེ་ཏོག་དང་། །བྱང་ཆུབ་སེམས་དང་བཅས་ཏེ་བཟའ། །ཐམས་ཅད་དུ་ནི་སྔ་དྲོ་བཟའ། །ཆོ་གའི་རིམ་པ་འདི་ཡིན་ནོ། །ལྷང་ཚེར་ཆུ་དང་དངུལ་ཆུ་ནི། །དགོངས་མོའི་དུས་སུ་བལྡག་པར་བྱ། །ཟླ་བ་ལ་ནི་ཟླ་བའི་ལམ། །ཉི་མ་ལ་ནི་ཉི་མ་
སྟེ། །དེ་དང་དེ་ནས་སྦྱིན་པར་བྱ། །དེ་ལྟར་ཡུལ་དང་དུས་དང་ནི། །རྫས་རྣམས་རྒྱ་ཆེར་བསྟན་པ་དག །ཡིད་གཞུངས་ལ་སོགས་འཕེལ་བྱེད་ཡིན། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །
བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །བཅུད་ཀྱིས་ལེན་གྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་དུ་སྦས་པ་ངེས་པར་བྱ། །ཡང་དག་བསྡུས་པའི་ཆོ་ག་ནི། །བཤད་
ཀྱིས་སྒྲུབ་པ་པོ་རྣམས་ཉོན། །བདེ་མཆོག་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཡེ་ཤེས་ལྡན་པའི་རང་སྐྱེ་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །དེ་ནི་མཁའ་འགྲོ་མ་ཞེས་བྱ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཡིན། །རྣལ་འབྱོར་མ་
དྲུག་སྒྲུབ་པོ་ལ། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །ཀུ་ལུ་ཏཱ་དང་མ་རུ་ཡི། །ཡུལ་དུ་གནས་པ་མ་མོ་སྟེ། །སིནྡྷུ་དང་ནི་ནཱ་ག་རར། །རིགས་ཀྱི་གཙོ་མོ་རྣམས་ཡིན་ནོ། །ལམ་བཱ་ཀ་དང་སཽ་རཱཥྚར། །གང་གནས་རིགས་ཀྱི་ལྷ་མོ་ཡིན། །ཁ་བའི་རི་དང་ཀཱན་ཙི་ན། །གང་
ཡོད་བྱིས་བཅས་མོ་ཞེས་བྱ། །བཱན་ཙ་ལ་ཡི་ཡུལ་དག་དང་། །གྲྀ་ཏ་དེ་བ་ཏཱ་དག་ན། །ལྷན་ཅིག་སྐྱེས་པའི་བུ་མོ་གནས། །ཀ་ལིང་ཀ་དང་ཀོ་ས་ལར། །བརྟུལ་ཞུགས་འཛིན་མ་ཤ་ཆེན་ཟ། །པྲེ་ཏ་པུ་རི་ཞེས་བྱ་དང་། །ཏྲི་ཤ་ཀུ་ནིར་སྦོམ་དབང་ཕྱུག །ཁཎྜ་རོ་ཧ་ཞེས་བྱ་
Vol. 78 · folio 48b
གནས། །པུལླཱི་ར་དང་ཛཱ་ལཾ་དྷར། །ཙན་ཌ་ལི་ཡི་བུད་མེད་གནས། །ཨོ་ཊེ་དང་ནི་ཀཱམ་རཱུ་ཡི། །ཡུལ་དུ་བུ་མོ་ཆེན་མོ་སྟེ། །དེ་བཱི་ཀོ་ཊི་ཞེས་བྱ་དང་། །རཱ་མེ་ཤྭ་རིའི་བུ་མོའང་འདོད། །གོ་དཱ་བ་རི་ཨར་བུ་དར། །མཁའ་འགྲོ་མ་ཡི་དབང་ཕྱུག་མཆོག །གསེར་
གླིང་ཇི་ལྟར་བསྟན་པ་བཞིན། །ཨཽ་ཌྱན་ཡང་ནི་དེ་བཞིན་ནོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་གཉིས་མེད་ཁྱབ་པ་སྟེ། །ཀུན་ཀྱང་འདོད་པའི་གཟུགས་ཅན་མ། །ཡིད་ཀྱི་ཤུགས་ཀྱིས་འཇུག་མ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་སླར་ཡང་
མཆོད་ཅིང་ཕྱག་བྱས་ཏེ། །འདི་སྐད་ཅེས་གསོལ་ཏོ། །མཁའ་འགྲོ་མ་ཡི་ཁྱད་པར་དང་། །ཞིང་སྐྱོང་འཇིགས་པ་ཆེན་པོ་ཡི། །མིང་དང་ཞིང་གི་མིང་དང་ནི། །གནས་རྣམས་ཀྱི་ནི་ཁྱད་པར་དང་། །གང་དུ་སྒྲུབ་པ་པོས་ཐོས་ན། །ཐེ་ཚོམ་མེད་པར་འགྲུབ་འགྱུར་བ། །དེ་
དག་ཐམས་ཅད་མདོར་བསྡུས་ཏེ། །གཙོ་བོས་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ང་ཡིས་གང་ལའང་མ་བཤད་པའི། །གསང་ཆེན་ཤིན་ཏུ་རྙེད་དཀའ་བ། །གང་ཡིན་ཁྱོད་ནི་ཞུ་འདོད་པ། །ལེགས་
སོ་ལེགས་སོ་ལྷ་མོ་ཆེ། །སྒྱུ་མ་ཆེན་མོར་རང་འགྲོ་བ། །བཤད་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན། །ཨཊྚ་ཧ་སེའི་ཡུལ་གནས་པ། །ཞི་བའི་གདོང་ཞེས་གྲགས་པ་སྟེ། །རྒྱལ་པོ་ལྷ་མོའི་སྐྱེ་གནས་འབྱུང་། །རྡོ་རྗེ་ཡི་ནི་མཚོན་ཆ་བསྣམས། །ཡུལ་དེར་གནས་པའི་ལྷ་མོ་
དེ། །ཀ་དམྤ་ཡི་ཤིང་ལ་བརྟེན། །དྲིལ་བུ་ཆེན་པོ་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །ཀོ་ལ་ཀི་ར་ནི་དཔལ་ཆེན་མོ། །གཙིགས་པའི་སྐྱེ་གནས་ལས་བྱུང་བ། །གཙིགས་པའི་གཟུགས་ཅན་ལྷ་མོ་སྟེ། །རྣམ་པར་འགྱུར་ཞིང་འཇིགས་སུ་རུང་། །གྲོང་ཁྱེར་
དེར་གནས་དྲག་ཤུལ་ཅན། །རི་ཡི་རྩེ་མོར་བརྟེན་ཏེ་གནས། །མེ་ཡི་གདོང་པ་ཞེས་བྱ་བ། །ཀྵེ་ཏྲ་པཱ་ལ་མཛེས་པའི་གདོང་། །ད་ར་ནར་ནི་བདེ་བྱེད་མ། །སྨེ་བརྩེགས་ཆེན་པོའི་སྐྱེ་གནས་བྱུང་། །ལྷ་མོ་ག་ཡའི་མཚོན་ཆ་བསྣམས། །ཆོས་ཀྱི་དབང་ཕྱུག་གསོལ་བ་མོ། །
Vol. 78 · folio 49a
ཞིང་དེར་གནས་པར་གྲགས་པ་དེ། །ཏ་ལའི་ཤིང་ལ་བརྟེན་ཏེ་གནས། །གྱེན་དུ་འབར་སྐྲ་ཞེས་བྱ་བ། །ཀྵེ་ཏྲ་པཱ་ལ་གཙིགས་པ་ཆེ། །དེ་བཱི་ཀོ་ཊར་རྣ་མོ་ཆེ། །སྟོབས་པོ་ཆེ་ཡི་སྐྱེ་གནས་འབྱུང་། །ལྷ་མོ་ལག་ན་མདུང་ཅན་ཏེ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་མཆོག །
གནས་དེར་ལྷ་མོ་དྲག་ཆེན་མོ། །བྷ་དྲའི་ཤིང་ལ་བརྟེན་ཏེ་གནས། །ཀྵེ་ཏྲ་པཱ་ལ་ལུས་ཆེན་པོ། །མཆོག་གི་དབང་ཕྱུག་རྒྱུ་ཞེས་བྱ། །བི་ར་ཛར་ནི་ཕྱི་མོ་སྟེ། །བ་དན་གྱི་ནི་ཕྱག་རྒྱ་བསྣམས། །ཞི་བའི་གཟུགས་ཅན་ལྷ་མོ་ཆེ། །འདོད་པའི་དབང་ཕྱུག་རབ་སྩོལ་བ། །ཞིང་དེར་
གནས་པ་མེ་འབར་མ། །ཨ་མྲའི་ཤིང་ལ་བརྟེན་ཏེ་གནས། །ཧ་ཧར་དགོད་པ་སྒྲ་ཆེན་པོ། །སེམས་ཅན་ཐམས་ཅད་འཇིགས་པར་བྱེད། །ཨེ་རུ་དར་ནི་མེ་ལྕེའི་ཁ། །ཐོད་པ་དགེ་བའི་སྐྱེ་གནས་བྱུང་། །ལྷ་མོ་རྡོ་རྗེ་ཤཀྟི་བསྣམས། །ཞིང་དེར་ཤིན་ཏུ་མྱོས་པས་གནས། །
གྲོང་ཁྱེར་དེར་གནས་ལྷ་མོ་དེ། །གསེར་ཤིང་ལ་ནི་བརྟེན་ཏེ་གནས། །དྲིལ་བུ་སྒྲ་ཞེས་བྱ་བ་ཡི། །ཀྵེ་ཏྲ་པཱ་ལ་དཔའ་བོ་ཆེ། །པྲེ་ཏ་པུ་རིར་དམར་སེར་ཏེ། །འཇིགས་པ་ཆེན་པོའི་སྤྱན་དང་ལྡན། །ལྷ་མོ་གཏུན་ཤིང་མཚོན་ཆ་བསྣམས། །གཅིག་པའི་སྐྱེ་གནས་ལས་བྱུང་བའོ། །ཞིང་
དེར་གནས་པའི་ལྷ་མོ་དེ། །ཛཱ་ཏིའི་ཤིང་ལ་བརྟེན་ཏེ་གནས། །བྱིན་ཆེན་ཞེས་བྱའི་ཞིང་སྐྱོང་ནི། །ཤིན་ཏུ་གཙིགས་ཤིང་འཇིགས་སུ་རུང་། །ཨེ་ལ་པུ་རིར་བོང་ཞོན་མ། །རབ་ཏུ་གཏུམ་པའི་སྐྱེ་གནས་བྱུང་། །ཕྱག་ན་ཞགས་པས་འཇིགས་ཆེན་མོ། །ཞིང་དེར་མྱོས་པས་ཡང་
དག་གནས། །ཕྱོགས་དེར་གནས་པའི་ལྷ་མོ་དེ། །སྟོབས་ཆེན་ཕ་རོལ་གནོན་པ་མོ། །གླང་ཆེན་རྣ་བ་ཞེས་བྱ་བའི། །ཞིང་སྐྱེས་མཆོག་ཆེན་ལས་སྐྱེས་པའོ། །ཁ་ཆེའི་ཡུལ་དུ་བ་ལང་རྣ། །གཏུམ་པའི་སྐྱེ་གནས་ལས་བྱུང་མ། །རྡོ་རྗེ་ལྕགས་སྒྲོག་ཐོགས་ནས་ནི། །དགྲ་རྣམས་
འཇོམས་ལ་མཆོག་ཏུ་བརྩོན། །གནས་དེར་གནས་པའི་ལྷ་མོ་དེ། །རི་ཡི་རྩེ་ལ་བརྟེན་ཏེ་གནས། །སྦུ་གུའི་བྱིན་པ་ཅན་ཞེས་བྱ། །ཀྵེ་ཏྲ་པཱ་ལ་འཇིགས་ཆེན་པོ། །མ་རུའི་ཡུལ་དུ་རིམ་པ་མོ། །འཇིགས་གདོང་དཔའ་བོའི་སྐྱེ་གནས་འབྱུང་། །ལྕགས་ཀྱུ་ཞགས་ཐོགས་ལྷ་
Vol. 78 · folio 49b
མོ་དེ། །ཞིང་དེར་ཤིན་ཏུ་མྱོས་པར་གནས། །ཡུལ་དེར་གནས་པའི་ལྷ་མོ་དེ། །དབྱེ་ཆེན་ལ་ནི་བརྟེན་ཏེ་གནས། །གཙིགས་པ་ཞེས་བྱའི་ཞིང་སྐྱོང་ནི། །རྨོངས་པར་བྱེད་པ་བཞིན་ཡངས་པའོ། །ནཱ་ག་རར་ནི་ཐོང་གཤོལ་མ། །སྨེ་བརྩེགས་ཡན་ལག་སྐྱེ་གནས་བྱུང་། །
རོ་ལངས་ཅན་ནི་འོད་ཆེན་མ། །དཔའ་བོ་ཀུན་ལ་དངོས་གྲུབ་སྩོལ། །གནས་དེར་གནས་པའི་བཟང་མོ་དེ། །སྤ་ཡི་ཤིང་གི་ལྡུམ་རར་གནས། །སྤུ་ཡི་བྱིན་པ་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་གཙིགས་པ་ཆེ། །པཱུ་ཎྜ་བར་ཏའི་ཡུལ་དུ་ནི། །ཙ་མུཎྜཱི་ཞེས་བྱ་བ་སྟེ། །སྟོབས་པོ་ཆེ་
ཡི་སྐྱེ་གནས་བྱུང་། །ཁ་ཊྭཱཾ་ག་ཡིས་ལག་པ་བརྒྱན། །ལྷ་མོ་སྤྱོད་དང་གྲོལ་བར་བྱེད། །སྡིག་པ་མ་ལུས་ཟད་བྱེད་པ། །བུམ་པ་ཞེས་བྱའི་ཞིང་སྐྱོང་ནི། །ཞིང་དེ་ན་ནི་ཡང་དག་གནས། །ཛཱ་ལནྡྷར་ནི་བཞིན་དངས་མ། །ཆགས་པའི་རིགས་ཀྱི་སྐྱེ་གནས་འབྱུང་། །རྡོ་རྗེ་ལྕགས་
སྒྲོག་ཐོགས་ནས་ནི། །བདེ་བའི་མཆོག་ནི་ཀུན་ལ་སྟེར། །གྲོང་ཁྱེར་མཆོག་དེར་གནས་ལྷ་མོ། །ཁང་པ་རྩེག་མར་བརྟེན་ཏེ་གནས། །རལ་བ་གསུམ་ཞེས་བྱ་བ་ཡི། །ཞིང་སྐྱོང་ཤིན་ཏུ་གཙིགས་པ་ཆེ། །པྲེ་ཏ་པུ་རིར་གློག་གི་གདོང་། །གཙིགས་པའི་སྐྱེ་གནས་ཡང་
དག་བྱུང་། །ལྷ་མོ་དབྱིག་པ་ཤཀྟི་ཐོགས། །བསམ་པ་ཐམས་ཅད་རྫོགས་བྱེད་མ། །ཞིང་དེར་གནས་པའི་ལྷ་མོ་དེ། །དྲག་པའི་གཟུགས་ཅན་འཇིགས་པར་བྱེད། །དྲིལ་བུའི་སྒྲ་ཞེས་བྱ་བ་ཡི། །ཀྵེ་ཏྲ་པཱ་ལ་སྨད་པ་མིན། །འུག་པའི་གདོང་ཅན་འཇིགས་སུ་རུང་། །
སོ་བ་དེར་ནི་མེ་ལྕེའི་གདོང་། །ཟངས་གྲི་ལིས་ནི་ལག་པ་བརྒྱན། །ཤ་ཆེན་གྱི་ནི་སྟན་ལ་གནས། །བདེ་བའི་དབང་ཕྱུག་རབ་སྟེར་བ། །ཞིང་དེར་གནས་པའི་ལྷ་མོ་ཆེ། །ཤལ་མ་ལི་ཡི་ཤིང་ལ་གནས། །བྱ་བ་ཀུན་མཛེས་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་འཇིགས་ཆེན་པོ། །
ཙ་རི་ཊ་ཡི་ཡུལ་དུ་ནི། །ཀ་རན་ཛ་གནས་ཞེས་བྱ་བ། །ཤཀྟི་གཅིགས་པའི་སྐྱེ་གནས་བྱུང་། །ཤཀྟི་ཡི་ནི་ཕྱག་རྒྱ་ཐོགས། །དྲིལ་བུ་ཆེན་པོ་ཞེས་བྱ་བ། །ཀྵེ་ཏྲ་བཱ་ལ་སྟོབས་པོ་ཆེ། །སྦྲུལ་དང་ལྡན་པའི་གྱེན་སྐྲ་ཅན། །གདུག་པ་ཐམས་ཅད་འཇིགས་པར་མཛད། །
Vol. 78 · folio 50a
ཨཽ་ཊྱན་དུ་ནི་ལྷ་མོ་ཆེ། །གསང་བ་ཞེས་བྱའི་སྐྱེ་གནས་བྱུང་། །ལྷ་མོ་རྡོ་རྗེ་ལྕགས་སྒྲོག་ཐོགས། །ཤིན་ཏུ་དྲག་ཅིང་གསལ་བའི་གཟུགས། །སྒྲ་ཆེན་ཞེས་བྱ་དྲག་པོའི་གཟུགས། །ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །གནས་མཆོག་དེར་གནས་ལྷ་མོ་དེ། །ཨ་ཤོ་
ཀ་ཡི་ཤིང་བརྟེན་གནས། །ཛཱ་ལནྡྷ་རར་གཏུམ་མོ་ནི། །ཞི་བ་ཡི་ནི་སྐྱེ་གནས་བྱུང་། །ལག་ན་ཟངས་གྲི་ཕྱར་ཏེ་ཐོགས། །དབང་ཕྱུག་ཐམས་ཅད་སྟེར་བ་མོ། །གནས་དེར་གནས་པ་དྲག་ཆེན་མོ། །གསེར་ཤིང་ལ་ནི་བརྟེན་ཏེ་གནས། །སྐྱེད་པ་ཞེས་བྱའི་དཔའ་བོ་ཆེ། །བདུད་
རྣམས་ཐམས་ཅད་འཇིགས་པར་བྱེད། །ཀྵེ་རེ་ཀེར་ནི་སྐྱེ་བོའི་མ། །དྲག་ཅིང་སྔོ་ལ་སྟོབས་ཆེན་མ། །རལ་གྲི་ལག་ཐོགས་ལྷ་མོ་ཆེ། །དངོས་གྲུབ་ཐམས་ཅད་སྟེར་བ་མོ། །ལྷ་མོ་ཆེན་མོ་གྱེན་སྐྲ་འབར། །སཱ་ལའི་ཤིང་ལ་བརྟེན་ཏེ་གནས། །ལྷུན་པོ་ཆེན་པོ་ཞེས་བྱ་བའི། །ཀྵེ་
ཏྲ་པཱ་ལ་ཞིང་དེར་གནས། །མ་ཡ་པཱུ་རིར་འདོད་མ་སྟེ། །འཇིགས་པའི་གདོང་གི་སྐྱེ་གནས་བྱུང་། །རྡོ་རྗེ་ཤཀྟི་དགེ་བ་ཐོགས། །སྒྲུབ་པོ་རྣམས་ལ་སྟོབས་སྟེར་བ། །གཟུགས་སྔོན་འཇིགས་པ་ཆེན་མོ་སྟེ། །འབྱུང་པོའི་ཤིང་ལ་བརྟེན་ཏེ་གནས། །དེར་གནས་འཇིགས་པ་ཞེས་བྱ་བའི།།
ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །པུ་ཏན་ར་ནི་ཨ་མྲ་ཀེ། །དགྲ་རྣམས་ཐམས་ཅད་འཇིགས་བྱེད་པ། །ཐང་གཤོལ་དང་ནི་ག་ཡ་ཐོགས། །སེམས་ཅན་ཐམས་ཅད་དབང་བྱེད་མ། །ད་རུའི་ཤིང་ལ་བརྟེན་ཏེ་གནས། །སེམས་ཅན་ཐམས་ཅད་འཇིགས་པར་བྱེད། །བརྟུལ་ཞུགས་ཆེན་པོ་ཞེས་
བྱ་བའི། །ཀྵེ་ཏྲ་པཱ་ལ་ཞིང་དེར་གནས། །རྒྱལ་པོའི་ཁབ་ཏུ་ཛ་ན་ས། །ཁྲག་ཆེན་གྱི་ནི་སྐྱེ་གནས་བྱུང་། །རྡོ་རྗེ་ལྕགས་ཀྱུར་ཡང་དག་ལྡན། །ཕ་རོལ་གཡུལ་ལས་རྒྱལ་བར་མཛད། །ཞིང་དེར་གནས་པའི་ལྷ་མོ་དེ། །ཛི་ལའི་སྒྲ་འབྱིན་འཇིགས་པར་བྱེད། །རྣ་ཆེན་ཞེས་
བྱའི་ཞིང་སྐྱོང་ནི། །རྟག་ཏུ་དེ་དང་ཉེ་བར་གནས། །བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །རང་བྱུང་གི་ནི་སྐྱེ་གནས་བྱུང་། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །ཞི་ཞིང་གསལ་བའི་གཟུགས་ཅན་ཏེ། །ཡུལ་དེར་གནས་པའི་ལྷ་མོ་དེ། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །
Vol. 78 · folio 50b
ལོངས་སྤྱོད་ཞེས་བྱའི་དཔའ་བོ་ཆེ། །ཀྵེ་ཏྲ་པཱ་ལ་ཐུབ་དཀའ་བའོ། །མཱ་ལ་བར་ནི་དབང་བསྐུར་མ། །ཐོ་བ་ཡི་ནི་ཕྱག་རྒྱ་ཐོགས། །སྒྲུབ་པ་པོ་ལ་རྟག་ཏུ་བརྩེ། །གྲགས་དང་དཔལ་དང་བཀྲ་ཤིས་སྟེར། །ཞིང་དེར་གནས་པའི་ལྷ་མོ་དེ། །མངར་བའི་ཤིང་ལ་བརྟེན་ཏེ་གནས། །
སྐྱེས་བུའི་དབང་ཕྱུག་ཞེས་བྱ་བའི། །ཞིང་སྐྱོང་སྣ་ཚོགས་དབང་ཕྱུག་ཡོད། །ཞིང་འདི་རྣམས་ཀྱི་བུ་མོ་དང་། །དཔའ་བོ་རྣམས་ནི་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོ་འཕྱན་པ་དང་། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་ལ་སྤྱོད་པ་རྙེད་དཀའ་བའི། །དངོས་གྲུབ་
ཡངས་པ་སྟེར་འགྱུར་ཏེ། །སྒྲུབ་པ་པོ་ཡི་ལས་རྣམས་ནི། །ཐམས་ཅད་འགྲུབ་འགྱུར་ཐེ་ཚོམ་མེད། །དེ་ནས་དངོས་གྲུབ་ཀུན་སྟེར་བའི། །མཆོད་པའི་ཆོ་ག་བཤད་པར་བྱ། །མེ་ཏོག་བདུག་པ་དེ་བཞིན་དུ། །མར་མེ་དྲི་ཡི་ཁྱད་པར་དང་། །གཏོར་མའི་སྣོད་ཀྱིས་ཉེ་བར་
མཆོད། །ཤ་རློན་དང་ནི་ཉ་ལ་སོགས། །བཟའ་བའི་རྫས་ནི་ཐམས་ཅད་དང་། །དེ་བཞིན་བདུད་རྩི་ལྔ་ཡི་མཆོག །གཡོན་གྱི་ཆར་ནི་སྣོད་ཡིན་ཏེ། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་བཞི་
མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང་། །སེམས་ཅན་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཙིགས་པ་འཇིགས་བྱེད་དང་། །རྒ་ལས་འདས་དང་ལོག་འདྲེན་རྣམས། །རྒན་
བྱད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །
འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཕྲེང་དང་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད་ཆེན་
Vol. 78 · folio 51a
མོའི་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཐམས་ཅད་
ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀཀྐ་དྷྱ་ན་བ་པ་བན་དྷ་ན་ཁ་ཁ་ཁཱ་ད་ནསརྦྦ་དུཥྚཱན་ཧ་ན་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་མུ་ཀ་སྱ་ཀཱ་ཪྻཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿསྭཱ་ཧཱ། བདུད་རྩི་ཡིས་ནི་ཁ་བཀང་སྟེ། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་ཡིས་ནི། །ལས་རྣམས་
ཐམས་ཅད་སྒྲུབ་པར་བསྒོམ། །ཨོཾ་བཀྵ་བཀྵ་སརྦ་ཡོ་གེ་ཤྭ་རི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ལ་སོགས་སྦྱོར་བ་ཇི་བཞིན་དུ། །གཏོར་མའི་ལས་ནི་སྦྱར་བྱ་སྟེ། །ཞི་དང་རྒྱས་དང་དབང་དང་དགུག །གསད་དང་སྡང་དང་བཅིང་བ་ལ། །སྒྲུབ་པོས་གཏོར་མའི་དེ་ཉིད་ཀྱིས། །ལས་རྣམས་
ཐམས་ཅད་བསྒྲུབ་བྱ་ཞིང་། །ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །ཞིང་དང་གནས་དང་དེ་བཞིན་གྲོང་། །གྲོང་ཁྱེར་རི་ཡི་རྩེ་མོ་རུ། །འབྱུང་པོ་ཐམས་ཅད་ཚོགས་གྱུར་པར། །འདུས་ན་སྒྲུབ་པོ་ལ་མཆོག་སྟེར། །གནས་ལ་སོགས་
པར་རྟག་གནས་ཤིང་། །སྒྲུབ་པ་པོ་ནི་གུས་ལྡན་ལ། །ལྷ་མོ་རྣམས་ཀྱིས་མཆོག་སྟེར་བར། །སྒྲུབ་པ་པོ་ལ་ཐེ་ཚོམ་མེད། །གང་གིས་སྒྲུབ་པ་པོ་འགྲུབ་པའི། །རོ་ཡི་བསྒྲུབ་པ་བཤད་པར་བྱ། །རྒན་པོ་མ་ཡིན་རྨ་མེད་ཅིང་། །མཛེ་དང་ཤུ་བ་ལ་སོགས་སྤངས། །ཤིན་
ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང་། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱ། །མར་ཁུ་ཆེན་པོས་བྱུག་པ་དང་། །བདུག་པ་ཆེན་པོས་དེ་བདུག་བྱ། །མཎྜལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ། །
སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་བྱ་ལ་སོགས་སྔོན་བཞིན་བརྗོད། །ཧ་ཧཱ་ཧི་ཧཱི་ཧཱུྃ་ཧཱུྃ་ཧེ་ཧེ། །ཞེས་བྱའི་དགོད་པ་རྣམ་པ་བརྒྱད། །སྒྲུབ་པ་པོ་ཡིས་ཆོག་བཞིན་བྱ། །མེ་ལ་གནས་པའི་ས་བོན་ནི། །རླུང་གི་ས་བོན་གྱིས་ཕྱེ་བ། །སྤྱི་གཙུག་ཏུ་ནི་སྦྱར་བྱས་ལ། །ས་
Vol. 78 · folio 51b
ཡི་སྟེང་དུ་མཆོད་པར་བྱ། །རྣལ་འབྱོར་མ་ཡི་དབུས་གནས་པར། །འབད་པ་ཡིས་ནི་མྱུར་དུ་བལྟ། །སྒྲུབ་པོས་བདག་ཉིད་བསམ་བྱ་བ། །སྐྱེ་གནས་དབུས་སུ་རིམ་བཞིན་བལྟ། །འབར་ཕྲེང་གི་ནི་རྒྱ་མཚོ་སྟེ། །ཕོ་ཉ་འོད་དང་བཅས་བལྟ་ཞེས། །མཁའ་འགྲོ་ཀུན་དང་མཉམ་
སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འདུ་བའི་གནས་ངེས་པ་དང་། སྒྲུབ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཅྭ་
བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་མོའི་དཀྱིལ་འཁོར་དགེ་བ་དང་། །ལྷ་རྣམས་ཐམས་ཅད་བསྒྲུབ་པ་དང་། །དེ་བཞིན་ཕོ་ཉའི་ཁྱད་པར་དང་། །འབྱུང་པོ་གདོན་གྱི་རིག་པ་ཆེ། །གང་གཞན་ལུས་སྲུལ་ལ་སོགས་པ། །དེ་བཞིན་སྔགས་
ཀྱི་ཕྲེང་བ་རྣམས། །ད་ནི་ཁྱོད་ལ་བཤད་ཀྱིས་ཉོན། །གྲུ་བཞི་པ་ལ་སྒོ་བཞི་བ། །སྒོ་ཁྱུད་དང་ནི་ལྡན་པ་ཡི། །དཀྱིལ་འཁོར་ཉམས་དགའ་བྲི་བར་བྱ། །དངོས་གྲུབ་ཀུན་གྱི་ཡོན་ཏན་གནས། །འདོད་ཡོན་ལྔ་ཡིས་རབ་བརྒྱན་པ། །མཆོད་པ་ལྔ་དང་ཡང་དག་ལྡན། །རོ་ལ་
གཡོགས་པའི་རས་སམ་ནི། །མཚོན་གྱིས་བརྒྱབ་པའི་རས་དག་དང་། །བུ་བཙས་པ་ཡི་རས་དང་ནི། །བ་ལང་ཀོ་བ་ལ་སོགས་ལ། །དམ་ཚིག་ཅན་གྱི་འདྲི་མཁན་གྱིས། །སྒྲུབ་པོ་མཆོག་གིས་འདྲི་རུ་གཞུག །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །འབྱུང་པོའི་དཀྱིལ་འཁོར་
བསྒྲུབ་པར་བྱ། །དེ་ནས་འབུམ་ཕྲག་གཅིག་བཟླས་པས། །མངོན་སུམ་དུ་ནི་མདུན་གནས་འགྱུར། །ཚངས་པ་མོ་དང་ཞི་བ་མོ། །གཞོན་ནུ་མོ་དང་ཕག་མོ་དང་། །དབང་མོ་དང་ནི་ཙ་མུཎྚཱི། །ཚོགས་ཀྱི་དབང་མོ་སྲེག་བྱེད་མ། །རིམ་པ་གཉིས་པའི་འོ། །དབང་པོ་གཤིན་
རྗེ་ཆུ་ལྷ་དང་། །ལུས་ངན་དང་ནི་ཡི་དགས་གཙོ། །སྲེག་བྱེད་བདེན་བྲལ་རླུང་གི་ལྷ། །རིམ་པ་གསུམ་པའིའོ། །ཉི་མ་དང་ནི་ཟླ་བ་དང་། །མིག་དམར་དང་ནི་གཟའ་ལག་དང་། །ཕུར་བུ་དང་ནི་པ་བ་སངས། །སྤེན་པ་དང་ནི་རཱ་ཧུ་ལ། །རིམ་པ་བཞི་པའིའོ། །ཚངས་པ་
Vol. 78 · folio 52a
ཁྱབ་འཇུག་དེ་བཞིན་དུ། །རུ་དྲ་སྐེམ་བྱེད་སྒོ་བཞིར་རོ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་པོ་ཆེན་པོའི་ཁམས་རྣམས་དང་། །མཁའ་འགྲོ་མ་དང་མར་མེ་མ། །འཇིབ་བྱེད་འཕྲོག་བྱེད་བཅས་པའི་གཙོ། །འབྱུང་བོ་ལས་ཀྱང་འབྱུང་བའི་གཟུགས། །སྒྲུབ་
པོས་ཆོ་ག་བཞིན་དུ་བསྒྲུབ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་ཀུན་ནས་ཟླུམ་པོར་ནི། །རི་མོ་མཛེས་པས་བསྐོར་བར་བྱ། །པད་མ་འདབ་བརྒྱད་བྲིས་ནས་ནི། །གེ་སར་གསང་བའི་སྤྱོད་ཡུལ་གྱི། །དབུས་སུ་ཁྲོ་བོ་ཆེན་
པོ་བྲི། །ཞལ་གཅིག་ཕྱག་ནི་བཞི་བ་སྟེ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཁྲོ་དང་བཅས་ཤིང་བཞད་པའི་ཞལ། །སྐུ་མདོག་སྔོན་པོ་དྲག་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བཀླུབས། །ཡི་དགས་ལ་ཞོན་ཉི་མར་བཞུགས། །སུམ་ཅུ་གསུམ་པ་འཇིགས་པར་
མཛད། །གར་དང་ལྡན་ཞིང་སྟག་ལྤགས་མནབས། །སྤྱན་གསུམ་ཤིན་ཏུ་གསལ་བའི་གཟུགས། །རྡོ་རྗེ་འབར་བ་བ་དན་གསུམ། །ཁྲག་གང་བ་ཡི་གཤོལ་དང་བཅས། །མདའ་དང་གཞུ་ནི་དེ་བཞིན་ཏེ། །གཡས་དང་གཡོན་གྱི་ཕྱག་གིས་འཕྱར། །ཤར་དུ་མཁའ་
འགྲོ་མ་བྲི་སྟེ། །ལྷོ་ཡི་ཕྱོགས་སུ་འཕྲོག་བྱེད་མ། །འཇིབ་བྱེད་ལྷ་མོ་ནུབ་ཏུ་བྲི། །བྱང་དུ་ལྷ་མོ་འབར་མའོ། །ལྷ་མོ་ཕག་མོ་ཞེས་བྱ་བ། །ཕྱག་བཞི་ཡི་གེ་ཧྲཱིཿལས་བྱུང་། །སྐུ་མདོག་སྔོན་མོ་དྲག་ཆེན་མོ། །ཕག་གི་གདོང་ཅན་འཇིགས་པར་བྱེད། །མདའ་དང་དེ་བཞིན་
གཞུ་དང་ནི། །རྒྱལ་མཚན་ཐོད་པ་ཐོགས་པའོ། །ཞི་བ་མོ་ནི་ཕེཾ་ལས་བྱུང་། །མདོག་དམར་གཟི་བརྗིད་ཆེན་མོ་སྟེ། །ཐོད་པ་དང་ནི་ལྕགས་ཀྱུ་དང་། །ཁ་ཊྭཱཾ་ཊམ་རུ་དེ་བཞིན་ནོ། །གཞོན་ནུ་མ་ནི་ཧྃ་ལས་བྱུང་། །ཁ་དོག་སེར་མོ་ཕྱག་བཞི་པ། །མདུང་རྩེ་གསུམ་དང་བ་དན་གསུམ། །
མདའ་དང་གཞུ་ནི་དེ་བཞིན་ནོ། །ཙ་མུཎྜི་ནི་ཧོ་ལས་བྱུང་། །མདོག་སྔོ་ལག་པ་བཞི་པ་སྟེ། །ཁ་ཊྭཱཾ་དང་ནི་ཐོད་པ་དང་། །གཤོལ་དང་དེ་བཞིན་ཌ་མ་རུ། །བྃ་ལས་བྱུང་བའི་ཚངས་པ་མོ། །མདོག་དཀར་ལག་པ་བཞི་པ་སྟེ། །པད་མ་དང་ནི་ཐོད་པ་དང་། །དེ་བཞིན་གཞན་
Vol. 78 · folio 52b
ན་མདའ་གཞུའོ། །ཚོགས་ཀྱི་དབང་མོ་གྃ་ལས་བྱུང་། །སྔོ་བསངས་མདོག་སྟེ་ལག་བཞི་མ། །མདུང་རྩེ་གསུམ་དང་ཐོད་པ་དང་། །བགྲང་ཕྲེང་གཡོན་གྱི་ལག་ཏུ་ཐོགས། །ཁྱབ་འཇུག་མ་ནི་བམ་ལས་བྱུང་། །མདོག་སྔོ་ལག་པ་བཞི་པ་སྟེ། །ཆང་དང་ཆུ་ཡི་ཐོད་པ་
དང་། །ཞགས་པ་ཁ་ཊྭཱི་དེ་བཞིན་གཞན། །དབང་མོ་ཨིཾ་ལས་བྱུང་བ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན། །རྡོ་རྗེ་ཤཀྟི་ཐོད་པ་དང་། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །ཐམས་ཅད་གྱེན་སྐྲ་འབར་བ་དང་། །སྣ་ཚོགས་ཀྱིས་ནི་བརྒྱན་པ་སྟེ། །རོ་ཡི་སྟན་
བཞུགས་སྤྱན་གསུམ་དང་། །སྟག་གི་པགས་པས་རྐེད་དཀྲིས་པའོ། །ཤར་སྒོར་ཚངས་པ་བྲི་བྱ་སྟེ། །མདོག་དཀར་ལག་པ་བཞི་དང་ལྡན། །ཐོད་པ་དང་ནི་བགྲང་ཕྲེང་དང་། །རིལ་བ་སྤྱི་བླུགས་པདྨ་ཐོགས། །བྱང་དུ་དེ་བཞིན་ཁྱབ་འཇུག་སྟེ། །མདོག་སྔོན་ལག་པ་བཞི་
དང་ལྡན། །མདུང་དང་དེ་བཞིན་འཁོར་ལོ་དང་། །ཐོད་པ་དང་ནི་དབྱུག་པ་མཆོག །ལྷོ་རུ་རུ་དྲ་བྲི་བྱ་སྟེ། །དུ་བའི་མདོག་ཅན་ལག་པ་བཞི། །རྩེ་གསུམ་མདུང་དང་ཐོད་པ་དང་། །ཞགས་པ་དང་ནི་བགྲང་ཕྲེང་ཐོགས། །ནུབ་ཏུ་སྐེམ་བྱེད་བྲི་བྱ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན་
ཤཀྟི་དང་ནི་དབྱུག་པ་དང་། །དཔའ་བོའི་ཐོད་པ་བགྲང་ཕྲེང་ཐོགས། །དབང་ལྡན་ཁྱུ་མཆོག་སྟན་ལ་ཞོན། །ཁ་དོག་དཀར་པོ་ལག་བཞི་པ། །ཐོད་པ་དང་ནི་རྩེ་གསུམ་ཐོགས། །གཞན་གཉིས་ཐལ་མོ་སྦྱར་བའོ། །དབང་པོ་གླང་ཆེན་ཞོན་པ་སྟེ། །མདོག་སེར་ལག་པ་བཞི་དང་
ལྡན། །རྡོ་རྗེ་དང་ནི་ཐོད་པ་ཐོགས། །གཞན་གཉིས་ཐལ་མོ་སྦྱར་བའོ། །མེ་ནི་ལུག་གི་སྟན་ལ་ཞོན། །ཁ་དོག་དམར་པོ་ལག་བཞི་པ། །མེ་ཐབ་ཉིད་དང་ཐོད་པ་དང་། །གཞན་གཉིས་ཐལ་མོ་སྦྱར་བའོ། །གཤིན་རྗེ་མ་ཧེའི་སྟན་ལ་ཞོན། །ཁ་དོག་སྔོན་པོ་ལག་བཞི་པ། །དབྱུག་
པ་དང་ནི་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །བདེན་བྲལ་མི་རོའི་སྟན་བཞུགས་པ། །ཁ་དོག་ལྗང་ཁུ་ལག་བཞི་པ། །ཁ་ཊྭཱཾ་ག་དང་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །ཆུ་ལྷ་ཆུ་སྲིན་སྟན་ལ་བཞུགས། །ཁ་དོག་དཀར་པོ་ལག་
Vol. 78 · folio 53a
བཞི་པ། །ཞགས་པ་དང་ནི་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །རླུང་ནི་ཤ་བའི་སྟན་ལ་བཞུགས། །དུ་བའི་མདོག་ཅན་ལག་བཞི་པ། །བ་དན་དང་ནི་ཐོད་པ་ཐོགས། །གཞན་གཉིས་དེ་བཞིན་ཐལ་སྦྱར་བའོ། །ལུས་ངན་གཏེར་གྱི་
སྟན་ལ་གནས། །ཁ་དོག་སེར་པོ་ལག་བཞི་བ། །རིན་ཆེན་དང་ནི་ཐོ་བ་ཐོགས། །གཞན་གཉིས་དེ་བཞིན་ཐལ་སྦྱར་བའོ། །གཟའ་དང་སྐར་མ་ཐམས་ཅད་ཀྱང་། །རང་རང་དམ་ཚིག་ལས་བྱུང་ཞིང་། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཆེན་པོ། །རང་རང་སྟན་ལ་གནས་པར་བསམ། །
མ་མོ་རྣམས་ཀྱང་ཀུན་གྱི་མ། །འབྱུང་པོའི་རིག་པ་གཞན་དེ་བཞིན། །ལས་རྣམས་ཐམས་ཅད་སྒྲུབ་པ་ཡི། །ཕོ་ཉའི་སྒྲུབ་ཐབས་དེ་ནས་བཤད། །སོ་སོར་སྟོབས་ཀྱིས་ཚར་གཅད་པ། །ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །ལོངས་སྤྱོད་ལ་དགའི་སྒྲུབ་པ་པོས། །ཕོ་ཉའི་ལས་ནི་
བརྩམ་པར་བྱ། །ཟླ་བ་རྡོ་རྗེའི་ཆོ་ག་ཡིས། །རྡོ་རྗེ་སེམས་དཔའ་བསྒོམས་བྱས་ཏེ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡིས། །ཐམས་ཅད་བྲན་བཞིན་བྱེད་པར་འགྱུར། །དུར་ཁྲོད་དང་ནི་ཤིང་གཅིག་ཏུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཤར་དང་བྱང་དང་ནུབ་དང་ནི། །
དེ་བཞིན་དུ་ནི་ལྷོ་ཕྱོགས་སུ། །དྲུག་དྲུག་ཏུ་ནི་བྱས་ནས་སུ། །དེ་ནས་མཆོད་པ་བརྩམ་པར་བྱ། །གནས་ལ་སོགས་པ་ཉི་ཤུ་བཞི། །རིམ་པ་བཞིན་དུ་ཡོངས་སུ་བསྐོར། །དྲི་དང་མེ་ཏོག་དེ་བཞིན་དུ། །མར་མེ་དང་ནི་དྲི་ཡི་ཆུ། །དེ་ཡི་ཆུ་ཡིས་བཀང་བ་ཡི། །བུམ་པའི་
གོས་ཀྱིས་མཛེས་པར་བྱ། །ཉིན་མཚན་ཕྲུགས་གཅིག་གནས་གྱུར་ཅིང་། །དེ་ནས་མཚན་གཅིག་གནས་པར་བྱ། །གནས་སོགས་ཡང་དག་ཕྱག་བྱས་ནས། །དེ་ནས་བཟོད་པ་གསོལ་བར་བྱ། །དཔའ་བོ་ཡི་ནི་སྟོན་མོ་ཡིས། །དང་པོར་སློབ་དཔོན་མཉེས་པར་བྱ། །དེ་ལྟར་
བྱས་པའི་སྔགས་པ་ཡིས། །ཕྱི་ནས་ལས་ནི་བརྩམ་པར་བྱ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་བསྲེག་འགྱུར་ཏེ། །བགེགས་ཀྱིས་ཉེ་བར་གཙེས་ནས་ནི། །ངེས་པར་དམྱལ་བར་ལྟུང་བར་འགྱུར། །དམ་ཚིག་ལྡན་པའི་འདྲི་མཁན་གྱིས། །འབྱུང་
Vol. 78 · folio 53b
པོའི་ཉི་མ་ལ་རྙེད་པའི། །བུ་བཙས་ལ་སོགས་རས་ལ་ནི། །ཚོན་རྩི་ཁྲག་དང་བསྲེས་ནས་སུ། །སྟེང་དུ་སྐྱེས་པའི་ནང་བཞག་ནས། །སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ། །ཡི་དགས་སེན་རྩི་མར་ཆེན་དང་། །ཤ་ཆེན་གྱིས་ནི་བདུག་པར་བྱ། །དེ་ལ་དྲི་ཡིས་བསྒོས་ནས་སུ། །
དེ་བཞིན་ཡི་དགས་མེ་ཏོག་མཆོད། །ལྷ་མོ་ཆེན་མོ་མཆོད་པ་འདིས། །མེ་འབར་མ་ནི་མཆོག་ཏུ་མཉེས། །ཤིང་གཅིག་གི་ནི་དྲུང་དུ་ནི། །ཆོ་ག་བཞིན་དུ་འབུམ་བཟླས་བྱ། །རྒྱལ་ལ་སོགས་པའི་དུས་སུ་ནི། །སློབ་དཔོན་གྱིས་ནི་འདྲི་རུ་གཞུག །སོར་ནི་བཅུ་གཉིས་ཚད་དུ་བྱ། །
གཟུགས་བཟང་བཞོན་པ་ཕུན་སུམ་ཚོགས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །གོས་ནི་སེར་པོ་བགོས་པར་བྲི། །ལག་གཉིས་གྱེན་དུ་ཐལ་མོ་སྦྱར། །མེ་འབར་བ་ནི་ཀུན་ཏུ་འོད། །སྒྲུབ་པོའི་མདུན་དུ་བཀྲམ་ནས་ནི། །འབད་དེ་ཆོ་ག་བཞིན་མཆོད་བྱ། །མེ་ཏོག་དམར་དང་
དྲི་ལ་སོགས། །ཤ་སྐམ་གྱིས་ནི་བདུག་པར་བྱ། །ཤ་དང་ཉ་ཤ་བཙོང་ལ་སོགས། །ཉེ་བར་སྤྱོད་པའི་གཏོར་མ་སྦྱིན། །རྫས་ལྔ་དག་གི་དངོས་པོ་ཡིས། །མཆོད་ནས་འབུམ་དུ་བཟླས་ན་ནི། །དང་པོ་ལ་ནི་སྒྲ་འབྱུང་སྟེ། །གཉིས་པ་ལ་ནི་ཉ་དྲི་བྲོ། །གསུམ་པར་ཤིང་ནི་གཡོ་
འགྱུར་ཏེ། །བཞི་པ་ལ་ནི་མདུན་དུ་གནས། །དམ་ཚིག་ཕྱག་རྒྱ་བསྟན་ནས་ནི། །སྔགས་ནི་དེ་ལ་བརྗོད་པར་བྱ། །ལག་གཉིས་ཐལ་མོ་སྦྱར་ནས་ནི། །སྤྱི་བོར་བཞག་སྟེ་བརྗོད་བྱ་བ། །ཨོཾ་དེ་བེ་ཤྭ་རི་ཧཱུྃ། ཕུཿཕུཿཕུཿ། དམ་ཚིག་གི་སྔགས་དང་ཕྱག་རྒྱའོ། །བདུད་རྩི་ལྔ་ཡིས་བཀང་
བ་ཡི། །དམ་ཚིག་ཆུ་ནི་སྦྱིན་པར་བྱ། །འབད་དེ་དམ་ཚིག་བྱིན་ནས་ནི། །ལག་པ་གཡོན་པས་གཟུང་བར་བྱ། །རྣལ་འབྱོར་མ་དང་གཉིས་མེད་པ། །བྱིན་གྱིས་རློབས་ལ་ང་སྒྲུབས་ཤིག །དེ་ནས་ཤིན་ཏུ་མཛེས་མ་ཡིས། །བཟའ་དང་བཏུང་སོགས་སྟོན་མོ་དང་། །
གསེར་ཞོ་གཉིས་ནི་སྟེར་འགྱུར་ཏེ། །ཟད་པ་ཉིད་དུ་ལོངས་སྤྱོད་བྱ། །འདོད་ལ་དགའ་བའི་འབར་བྱེད་མ། །གལ་ཏེ་གྲུབ་པར་མ་གྱུར་ན། །དྲག་མོ་ཡི་ནི་ས་བོན་གྱིས། །གཟིར་ཏེ་འབུམ་དུ་བཟླས་པར་བྱ། །ས་བོན་གྱིས་ནི་གཟིར་ཙམ་གྱིས། །མར་མེ་མ་ཡི་སྤྱི་བོ་འགེམས། །
Vol. 78 · folio 54a
རྟག་ཏུ་སེམས་ཅན་དོན་བརྩོན་པས། །འབར་མ་ཆུང་མར་བསྒྲུབ་པར་བྱ། །ཉོན་ཅིག་ལྷ་མོ་ཤེས་རབ་ཆེ། །གཞན་ཡང་མཁའ་འགྲོ་སྒྲུབ་པའི་ཐབས། །ཐང་ཀ་ཁྲུ་གཉིས་བྱས་ནས་སུ། །ལྷག་པར་གནས་ཏེ་མཆོད་གཏོར་ནས། །དེ་ནས་རི་མོ་འདྲི་རུ་གཞུག །
དཀར་ཞིང་དམར་ལ་ཤིན་དུ་མཛེས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ལག་ནི་སྡིགས་མཛུབ་ལྕགས་ཀྱུ་ཐོགས། །སྐྲ་གྲོལ་བས་ནི་རྣམ་པར་མཛེས། །མེ་འབར་འོད་ཟེར་ཤིན་ཏུ་གསལ། །ཧ་ཧར་རྒོད་ཅིང་མིག་ཡོན་མ། །ས་ལ་
ཁྲག་གིས་བྱུགས་ནས་སུ། །གནས་དེར་བྲིས་སྐུ་དགྲམ་པར་བྱ། །མེ་ཏོག་དམར་པོ་ལ་སོགས་དང་། །དྲི་དང་བདུག་པའི་ཁྱད་པར་གྱིས། །ཉེ་བར་མཆོད་པའི་གཏོར་མ་དགོད། །ཤ་དང་ཉ་དང་བཙོང་ལ་སོགས། །བདུད་རྩི་ལྔ་ཡིས་དགང་བར་བྱ། །རྣལ་འབྱོར་མ་ནི་སྒོམ་ཞིང་
ཟློས། །འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །ཁར་བཅུག་ནས་ནི་བགད་པར་བྱ། །ཨོཾ་ཌཱ་ཀི་ནཱི་ཧཱུྃ་ཕུཿཕུཿ། བསྒྲུབ་པའི་སྔགས་དང་ཕྱག་རྒྱའོ། །དང་པོ་ས་ནི་གཡོ་འགྱུར་ཏེ། །གཉིས་པ་ལ་ནི་མདུན་དུ་དགོད། །གསུམ་
པ་མདུན་དུ་སྣང་འགྱུར་ཏེ། །བཞི་པ་ལ་ནི་བཀའ་ནོད་དོ། །བདུད་རྩི་ལྔ་ཡི་ཁྱད་པར་གྱི། །དམ་ཚིག་འབད་དེ་བྱིན་ནས་ནི། །གཡོག་མོ་རུ་ནི་བསྒྲུབས་པ་ཡིས། །ཅི་འདོད་བཀའ་ནི་བསྒོ་བར་བྱ། །དགྲ་རྣམས་བསད་ཅིང་སྨད་པ་དང་། །ཡན་ལག་གཟིར་བ་གང་འདོད་པའི། །
ལས་ལ་སོགས་པ་ཐམས་ཅད་ནི། །གཡོག་མོའི་ལས་ཀྱིས་བསྒྲུབ་པར་འགྱུར། །གལ་ཏེ་འབུམ་གྱིས་གདོན་ཟ་ན། །རྡོ་རྗེ་མ་ཡི་ས་བོན་གྱིས། །སྔོན་དུ་བསྟན་པའི་ཆོ་ག་བཞིན། །མཁས་པས་གཟིར་བར་བྱས་ཏེ་བཟླ། །ར་དག་གི་ནི་པགས་པ་ལ། །འབད་དེ་ཐང་ཀ་བརྐྱང་
བར་བྱ། །འཇིབ་བྱེད་མ་ནི་འདྲི་རུ་གཞུག །ཁ་དོག་དམར་པོ་ཤིན་ཏུ་མཛེས། །ལུས་ལ་རྒྱན་གྱིས་བརྒྱན་པ་དང་། །མཛེས་པའི་གོས་ནི་གྱོན་པར་བྲི། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཡས་སུ་དགྲ་སྟ་དགོད་པར་བྱ། །ལམ་གྱི་བཞི་མདོ་ཡིད་འོང་བར། །མཁས་
Vol. 78 · folio 54b
པ་ཡིས་ནི་བསྒྲུབ་བྱ་སྟེ། །ལྕི་བ་ཡིས་ནི་བྱུགས་བྱས་ལ། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །མེ་ཏོག་བདུག་པ་མར་མེ་སོགས། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །ཁྲག་དང་ཉ་དང་ཤ་དང་བཙོང་། །བཟའ་བ་དག་ནི་སྣ་ཚོགས་དང་། །བདུད་རྩི་ལྔ་ཡིས་བཀང་ལ་སྦྱིན། །འབད་
དེ་བསམ་གཏན་གནས་པས་བཟླ། །ཨོཾ་ཨཱ་ཀརྵ་ཡ་ཕུཿཕཊ། ལག་གཉིས་མཉམ་པར་བྱས་ནས་སུ། །ཞགས་པའི་ཚུལ་གྱིས་གར་བསྐྱོད་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་པ་ཡིས་འབུམ་བཟླས་པས། །འཇིབ་བྱེད་མ་ནི་འགྲུབ་འགྱུར་ཏེ། །དང་པོ་ཁྱི་
ནི་ངུ་བའི་སྒྲ། །གཉིས་པ་ལ་ནི་གསལ་བར་དགོད། །གསུམ་པ་ལ་ནི་མཚོན་ཐོགས་ནས། །བསྡིགས་པའི་ཕྱིར་ནི་འོང་བར་བྱེད། །བཞི་པར་མདུན་དུ་གནས་ནས་ནི། །བདག་གིས་ཅི་བགྱི་བཀའ་སྩོལ་སྨྲ། །བདུད་རྩི་ལྔ་ཡི་ཁྱད་པར་གྱི། །དམ་ཚིག་དག་ནི་བྱིན་ནས་སུ། །
སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དབུལ་པོ་བདག་གིས་ཁྱོད་བསྒྲུབས་སོ། །དེ་ནས་ཉི་མ་རེ་རེ་ཞིང་། །གསེར་སྲང་ཕྱེད་ཕྱེད་སྟེར་བར་འགྱུར། །གལ་ཏེ་འབུམ་གྱིས་མ་གྲུབ་ན། །རོ་ལངས་སྙིང་པོས་གཟིར་ཏེ་བཟླ། །ས་བོན་འདི་ཡིས་གཟིར་ཙམ་གྱིས། །འཇིབ་
བྱེད་མ་ཡི་མགོ་འགེམས་སོ། །ཆུ་འགྲམ་གྱི་ནི་ས་ཕྱོགས་སུ། །ཀམ་པོ་ཛི་ནི་བསྒྲུབ་པར་བྱ། །བ་གླང་ལ་སོགས་ཀོ་བ་ནི། །བརྒྱང་སྟེ་འཕྲོག་བྱེད་མ་འདྲིར་གཞུག །ལུས་ནི་སྦྲུལ་གྱིས་བརྒྱན་པ་སྟེ། །ཁ་དོག་སྔོན་པོ་འབར་བའི་འོད། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །
གོས་དམར་བགོས་ཤིང་ཕྱག་གཉིས་མཛེས། །རལ་གྲི་དང་ནི་ཞགས་པ་ཐོགས། །ཧ་ཧར་དགོད་ཅིང་རྣམ་པར་གཙིགས། །ཁྲག་གིས་མཎྜལ་བྱུགས་ནས་ནི། །དྲི་དང་མེ་ཏོག་བདུག་པས་བདུག །ཤ་དང་ཉ་དང་བཙོང་ལ་སོགས། །ཉེ་བར་མཆོད་པའི་གཏོར་མ་སྦྱིན། །
བདུད་རྩི་ལྔ་དང་ལྡན་པ་ཡི། །སྔོན་བཞིན་ལྷ་ཡི་གཏོར་མ་སྦྱིན། །རྣལ་འབྱོར་པ་ནི་སྒོམ་ཞིང་ཟློས། །འབུམ་གཅིག་གིས་ནི་འགྲུབ་འགྱུར་ཏེ། །དང་པོ་ཆུ་ནི་གཡོ་བར་འགྱུར། །གཉིས་པ་ལ་ནི་ཆར་ཆེན་འབེབ། །གསུམ་པར་ཐོག་ནི་འབབ་འགྱུར་ཏེ། །བཞི་པ་ལ་ནི་མདུན་
Vol. 78 · folio 55a
དུ་གནས། །བདུད་རྩི་ལྔ་ཡི་ཁྱད་པར་གྱིས། །དམ་ཚིག་དེ་ནས་འབད་དེ་སྦྱིན། །ཨོཾ་ཀྲིཾ་ཀྲུཾ་ཕུཾ་ཕུཿཕཊ། །ལག་གཉིས་ཁུ་ཚུར་བཅིངས་ནས་སུ། །དེ་ཡི་སྔགས་ནི་བརྗོད་པར་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །མདུན་ན་ཐལ་མོ་སྦྱར་ནས་ནི། །ཅི་ཞིག་བགྱི་
ཞེས་བརྗོད་པར་འགྱུར། །ཏི་སེའི་གངས་ཀྱི་རྩེ་རུ་ནི། །བརྩེ་ཕྱིར་ཁྱོད་ཀྱིས་ང་ཁྲིད་ལ། །སླར་ཡང་འདིར་ནི་འོང་བ་དང་། །རྒྱལ་པོའི་བུ་མོའམ་གཞན་ཡང་རུང་། །ང་འདོད་པ་ནི་ཁྲིད་དེ་ཤོག །གསེར་དང་དངུལ་དང་ཟངས་ལ་སོགས། །བཟའ་དང་བགོ་དང་བཏུང་བ་དང་། །ཇི་ལྟར་
འདོད་བཞིན་ཁྱེར་ཏེ་འོང་། །ལྷ་ཡི་བུ་མོའམ་མི་མོའང་རུང་། །ཏི་སེའི་གངས་ཀྱི་རྩེ་རུ་ནི། །ཇི་ལྟར་འདོད་བཞིན་ཁྲིད་པར་བྱེད། །བསྟན་པའི་ལས་ཀྱིས་མ་གྲུབ་ན། །ལས་གཞན་གྱིས་ནི་བསྒྲུབ་པར་བྱ། །བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ། །མཁས་པ་ཡིས་ནི་
བསྒོམས་ནས་སུ། །དེ་ནི་རྐང་པ་གཡོན་པ་ཡིས། །མནན་ཏེ་ལྔ་བརྒྱར་བཟླས་ན་ནི། །གདོན་མི་ཟ་བར་འགྲུབ་པར་འགྱུར། །གལ་ཏེ་དེས་ཀྱང་མ་གྲུབ་ན། །དཔའ་བོའི་དབུས་སུ་བཀུག་ནས་ནི། །དུམ་བུ་དུམ་བུར་གཏུབ་པར་བྱ། །ཀྲྀ་ཞེས་བྱ་དང་གསོད་པ་དང་། །ཧཱུྃ་གི་
ས་བོན་བསྒོམས་པ་ཡིས། །ཐམས་ཅད་དུ་ནི་བཟའ་བར་བསམ། །དེས་ནི་བསྒྲུབ་བྱའི་རྣལ་འབྱོར་མ། །ཐམས་ཅད་ཀྱི་ནི་དབང་ཕྱུག་མའང་། །གལ་ཏེ་མ་གྲུབ་འཆི་བར་འགྱུར། །བསྟན་པའི་ལས་ཀྱིས་མ་གྲུབ་ན། །བ་ལ་ཏ་ཀ་ནག་པོའི་ཤིང་། །མེ་སྦར་བ་ཡི་དབུས་སུ་ནི། །
ཁྲག་དང་བཅས་པའི་ཡུངས་ཀར་ནི། །ཉི་མ་ཕྱེད་ན་ཧཱུྃ་ཞེས་པ། །བརྗོད་ཅིང་སྦྱིན་སྲེག་བྱས་ནས་ནི། །མཁའ་འགྲོ་མ་རྣམས་འཆི་འགྱུར་བས། །གདོན་མི་ཟ་བར་འགྲུབ་པར་འགྱུར། །དེ་ནས་ཤང་ཀར་སྒྲུབ་པའི་ཐབས། །ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །དུར་ཁྲོད་དང་ནི་ཤིང་
གཅིག་དང་། །ཆུ་འགྲམ་ལམ་གྱི་བཞི་མདོར་བསྒྲུབ། །དམ་ཚིག་ཅན་གྱི་འདྲི་མཁན་གྱིས། །ཚོན་གྱི་དཀྱིལ་འཁོར་བྲི་བར་བྱ། །སོར་ནི་བཅུ་བཞིའི་ཚད་དག་ཏུ། །དཔའ་བོ་ཡི་ནི་རས་ལ་བྲི། །གྲུ་གསུམ་དཀྱིལ་འཁོར་དགེ་བ་སྟེ། །དཀྱིལ་འཁོར་ཟླུམ་པོའི་ཚུལ་དུ་བྱ། །
Vol. 78 · folio 55b
སྐུ་མདོག་སྔོན་པོ་གླང་ལ་ཞོན། །ལུས་ལ་ཐལ་བའི་རྡུལ་གྱིས་བྱུགས། །ཕོ་མཚན་གྱེན་འགྲེང་ཞི་བའི་གཟུགས། །རལ་བའི་ཅོད་པན་མདུང་དང་ལྡན། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཐོབ་པའི་ཕྲེང་བས་རྣམ་པར་བཀླུབས། །ཁ་ཊྭཱཾ་ག་དང་ཐོད་པ་ཉིད། །དེ་བཞིན་གཞན་
ན་གཤོར་དང་ལྡན། །བཤང་གཅིར་ལྡན་པས་མཆོད་བྱ་སྟེ། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །སྔགས་འདི་ཡིས་ནི་བཀུག་ནས་སུ། །འབུམ་དུ་བཟླས་པས་བསྒྲུབ་པར་བྱ། །ཨོཾ་ཀ་པཱ་ལ་མཱ་ལ་ཨ་ལྃ་ཀྲྀ་ཏ་ཤིར་སེ་ཧཱུྃ་ཧཱུྃ། །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་རུ་དྲཱ་ཡ་སཱ་ཧཱ། །སྤྱན་
དྲང་བའི་སྔགས་སོ། །ཨོཾ་ཨཱཿརུ་དྲ་ཧཱུྃ་ཧཱུྃ་སྭཱ་ཧཱ། །འབུམ་དུ་བཟླས་པས་འགྲུབ་པར་འགྱུར། །གལ་ཏེ་གྲུབ་པར་མ་གྱུར་ན། །དེ་ནས་དེ་ནི་བསྲེག་པར་བྱ། །གྲུབ་ནས་བྱ་བ་ཐམས་ཅད་ནི། །བྱེད་པར་འགྱུར་ཏེ་གཞན་དུ་མིན། །དེ་ནས་ཡང་དག་བཤད་བྱ་བ། །ནོར་ལྷ་ཡི་
ནི་སྒྲུབ་པའི་ཐབས། །རི་བོ་དང་ནི་རྒྱ་མཚོའི་འགྲམ། །འབབ་ཆུ་འདུས་པའི་མདོ་དག་ཏུ། །སྔར་བསྟན་པ་ཡི་ཆོ་ག་ཡིས། །དཀྱིལ་འཁོར་མཆོག་ནི་བསྒྲུབ་པར་བྱ། །སོར་ནི་བཅུ་གཉིས་ཚད་དག་ཏུ། །ཁྱད་པར་དུ་ནི་བསྒྲུབ་པར་བྱ། །ཁ་དོག་ནག་པོ་ཤིན་ཏུ་མཛེས། །ཞལ་
གཅིག་ཕྱག་ནི་བཞི་པ་སྟེ། །འཁོར་ལོ་དང་ནི་དབྱིག་པ་བསྣམས། །ཐོད་པ་པདྨ་དེ་བཞིན་ནོ། །རིན་ཆེན་གྱི་ནི་ཅོད་པན་དང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །བཤང་གཅི་དང་ནི་ཁུ་བ་ཁྲག །མཆོད་པ་ཉིད་དུ་སྦྱིན་བྱ་ཞིང་། །མི་ཡི་ཤ་ཡིས་བདུག་བྱས་ན། །
དངོས་གྲུབ་ཉེ་བར་བྱེད་པར་འགྱུར། །ཨོཾ་ཨཱཿབཛྲ་ནཱ་རཱ་ཡ་ཎ་ཧཱུྃ་ཧཱུྃ་ཨཱཿསྭཱ་ཧཱ། །སྤྱན་དྲང་བའི་སྔགས་སོ། །ཨོཾ་མ་མ་ཙཀྲ་སཱ་དྷ་ཡ་སརྦྦ་ཨ་སུར་ད་མན་ཧཱུྃ་ཧཱུྃ་སྭཱ་ཧཱ། སྟོང་ཕྲག་བརྒྱར་ནི་བཟླས་པ་ཡིས། །ལྷ་མ་ཡིན་ནི་ཀུན་གྱི་སྒོར། །འཇུག་པའི་ནུས་དང་ལྡན་འགྱུར་ཞིང་། །
སྒྱུ་མ་ཐམས་ཅད་སྟོན་བྱེད་དེ། །དགྲ་རྣམས་ཐམས་ཅད་འདུལ་ནུས་ཤིང་། །རྒྱལ་སྲིད་དག་ཀྱང་ཐོབ་འགྱུར། །ཆོ་གའི་རིམ་པ་འདི་ཉིད་ཀྱིས། །དེ་ནས་ཚངས་པའང་བསྒྲུབ་བྱ་སྟེ། །ཆུ་ཡི་འགྲམ་ནི་དབེན་པ་དང་། །ཁྱད་པར་པད་མོའི་ཚལ་དུ་བསྒྲུབ། །ཁ་དོག་
Vol. 78 · folio 56a
སེར་པོ་ཕྱག་བཞི་པ། །གདོང་བཞི་ཡིས་ནི་མཛེས་པར་བྱས། །ཞི་བ་རལ་པའི་ཅོད་པན་འཆང་། །མཆོད་ཕྱིར་ཐོགས་ཀྱིས་རྣམ་པར་བརྒྱན། །པདྨ་དང་ནི་བགྲང་ཕྲེང་དང་། །དབྱུག་པ་དང་ནི་ཐོད་པ་བསྣམས། །སྒྲུབ་པ་པོ་ཡི་གཙོ་བོ་ཡིས། །བྲིས་
སྐུ་དག་ནི་དམིགས་ནས་སུ། །ཡིད་འོང་སྣ་ཚོགས་དྲི་ཞིམ་ནི། །གུར་ཀུམ་ཙནྡན་ལ་སོགས་པ། །དྲི་ཆུས་ཡང་ཡང་བསྒོ་བྱ་ཞིང་། །རྟག་ཏུ་སྒོམ་དང་ལྡན་པ་ཡིས། །མཆོད་པའི་ཆོ་གའི་རིམ་དེ་དག །བྷ་གའི་དབུས་སུ་སྦྱིན་པར་བྱ། །ཨོཾ་བྲ་ཧྨ་ཨཱ་གཙྪ་ཧཱུྃ་ཨཱཿསྭཱ་ཧཱ། སྤྱན་དྲང་
བའི་སྔགས་སོ། །ཨོཾ་བྷུརྦྷུ་བསྟ་ཏྭ་བི་དུ་རྦྦ་རེ་ཎུ། བྷ་རྒོ་དེ་བ་ས་དྷི་མ་ཧི། དྷི་ཡོ་ཡོན་པྲ་ཙོ་ད་ཡ་ཏ །འབུམ་དུ་བཟླས་པས་འགྲུབ་འགྱུར་ཏེ། །ཞི་བ་དང་ནི་རྒྱས་པ་དང་། །དགུག་དང་དབང་དུ་བྱ་བ་དང་། །ནོར་སྐྱེད་པ་དང་མངོན་སྤྱོད་སོགས། །ལས་རྣམས་ཐམས་ཅད་ནུས་
འགྱུར་ཏེ། །བཟླས་དང་སྦྱིན་སྲེག་ཀུན་གྱིས་འགྲུབ། །ཁྱོད་ལ་ཡང་དག་བཤད་པ་ཡིན། །ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །བགེགས་ཀྱི་རྒྱལ་པོ་སྒྲུབ་པའི་ཐབས། །མ་མོའི་ཁྱིམ་ནི་ཉམས་དགའ་བར། །སྒོམ་པ་དགེ་བ་བྱས་ནས་ནི། །བློ་ལྡན་མཆོད་པ་སྔོན་འགྲོ་བས། །
འབད་དེ་བྲིས་སྐུ་དམིགས་པར་བྱ། །ཁ་དོག་དམར་པོ་ཆེར་འབར་བ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །རལ་པའི་ཐོར་ཚུགས་དག་དང་ལྡན། །འོད་ཟེར་དམར་པོ་འབར་ཞིང་འཁྲུག །མཆེ་བ་གཙིགས་པ་འཇིགས་པར་
བྲི། །དགྲ་སྟ་དང་ནི་གཏུན་ཤིང་དང་། །མདའ་དང་གཞུ་ནི་དེ་བཞིན་ཏེ། །ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །དེ་བཞིན་རྡོ་རྗེ་རལ་གྲི་སྟེ། །གཞན་ཡང་ཤ་ཆེན་ཐོད་པ་བསྣམས། །མུ་སུན་དི་དང་བ་དན་གསུམ། །ཤཀྟི་དང་ནི་བཅུ་གཉིས་
སོ། །ཨོཾ་ཨ་མོ་ལྷ་སིདྡྷ་སརྦྦ་ཨརྠ་མེ་པྲ་སཱ་དྷ་ཡ་ཧཱུྃ་ཧཱུྃ་ཛཿཛཿསཱ་ཧཱ། །སྤྱན་དྲང་བའི་སྔགས་སོ། །ཨོཾ་ཨཱཿག་ཧཱུྃ་སྭཱ་ཧཱ། །བཟླས་པའི་སྔགས་སོ། །སྟོང་ཕྲག་བརྒྱས་ནི་འགྲུབ་འགྱུར་ཏེ། །དེ་ནས་ལས་ནི་བརྩམ་པར་བྱ། །ལན་ཅིག་བཟླས་ནས་ཐིག་ལེ་དག །སྔགས་
Vol. 78 · folio 56b
པས་བྱས་ན་སྐལ་བཟང་འགྱུར། །རྒྱལ་པོ་སྒོར་ཡང་མཆོད་འཐོབ་སྟེ། །དགྲ་རྣམས་ཐམས་ཅད་ཟད་བྱེད་འགྱུར། །བགེགས་རྣམས་མ་ལུས་བསྐྲད་པ་དང་། །འདོད་པ་ཀུན་གྱི་འབྲས་སྟེར་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཆོ་གའི་སྦྱོར་བ་དེ་ཉིད་ཀྱིས། །མ་མོ་རྣམས་ཀྱི་སྒྲུབ་
ཐབས་མཆོག །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །གཟའ་རྣམས་ཀྱང་ནི་བསྒྲུབ་པར་འདོད། །ཨོཾ་སརྦྦ་ཏི་ཐི་ནཱ་ཀྵ་ཏྲ་གྲ་ཧ་མངྒ་ལེ་བྷྱཿསྭཱ་ཧཱ། གཟའ་ཐམས་ཅད་ཀྱི་སྔགས་སོ། །ཨོཾ་ཞེས་བྱ་བ་དང་པོ་སྟེ། །སྭཱ་ཧཱའི་མཐའ་ཅན་བྱིན་བརླབ་ཅེས། །མཁའ་འགྲོ་ཀུན་དང་མཉམ་
སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འབྱུང་པོ་དང་གདོན་ཐམས་ཅད་ཀྱི་སྒྲུབ་ཐབས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཅུ་དགུ་
པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་དེ་ཉིད་ཁྱད་པར་དང་། །ལུས་ཀྱི་མཚན་མ་ཇི་ལྟར་ལགས། །རྩ་རྣམས་གང་ལ་བརྟེན་གྱུར་དང་། །དེ་རྣམས་དབྱེ་བ་མི་འཚལ་ཏེ། །
བཅོམ་ལྡན་འདས་ལ་ཉན་པར་འཚལ། །བདེ་བ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །རྩ་ཆེན་པོ་ནི་སུམ་ཅུ་གཉིས། །དེ་དག་གཞན་ལས་ཤིན་ཏུ་གཙོ། །བཅུ་དང་གཉིས་ནི་དེ་བཞིན་དུ། །དབྱངས་རྣམས་འཕོ་བའི་
མཚན་ཉིད་དེ། །ཡར་ངོ་མར་ངོའི་བྱེ་བྲག་གིས། །ཉི་ཤུ་རྩ་བཞིར་བརྗོད་པ་ཡིན། །དུས་ནི་མྱུར་དང་རིང་བ་དག །ཡན་ལག་མཚན་མའི་མཚན་ཉིད་ནི། །གང་ཞིག་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལ་བབ་པས་གནས། །དབུགས་ནི་རྣམ་པར་རྒོད་གྱུར་ན། །
ལུས་ཅན་དྲུག་དང་གཉིས་ཀྱིས་འཆི། །སྔ་དྲོ་རོ་ཧི་ཏའི་དུས་སུ། །དེ་ཡི་མཚན་མ་མཚོན་པར་བྱ། །སྣ་དང་མིག་གི་གནས་དང་ནི། །འགྲམ་པ་དང་ནི་རྣ་བའི་རྩ། །ལྕེ་དང་སོ་ཡི་མཚམས་དང་ནི། །དེ་བཞིན་མགྲིན་པའི་ཕྱི་རོལ་དང་། །སྙིང་གའི་དྲ་བ་ལྟེ་བ་དང་། །བཟླ་
Vol. 78 · folio 57a
དང་བྱིན་པ་དེ་བཞིན་གཞན། །ཆུ་སོ་དང་ནི་མཚན་དག་དང་། །མགོ་དང་སྤྱི་གཙུག་གི་ནི་ཕྱོགས། །དབུགས་ནི་ཆད་ཅིང་ཆད་གྱུར་པའི། །ལུས་ཀྱི་མཚན་མ་མྱུར་བ་རུ། །འཆི་བའི་དུས་ནི་སྟོན་པར་བྱེད། །ཉི་མའི་གྲངས་ཀྱི་ཚད་ཀྱིས་ནི། །འཁོར་ལོས་དུས་
ཀྱི་བདག་ཉིད་བརྩི། །སྒོ་གཅིག་ནས་ནི་ཉིན་དྲུག་ཏུ། །གང་ཚེ་དབུགས་ནི་རྒྱུ་གྱུར་པ། །ཡོན་ཏན་གསུམ་གྱི་ལོ་དག་ནི། །ཞག་ནི་སུམ་བརྒྱ་དྲུག་ཅུ་རུ། །བགོས་པ་ཡི་ནི་ཚད་དག་ནི། །མདོར་བསྡུས་ནས་ནི་བསྟན་པར་བྱ། །ལོ་གཉིས་དང་ནི་ཟླ་བ་དག །།དུས་ཀྱི་གྲངས་སུ་
བསྟན་པ་དང་། །ཉིན་ཞག་དག་ནི་བཅྭ་བརྒྱད་དུ། །དེ་ཡི་ཚད་ནི་ཡང་དག་བརྗོད། །ཉི་མ་དག་ནི་བདུན་དང་མཐའ། །གལ་ཏེ་རླུང་ནི་རྒྱུ་གྱུར་ན། །ལོ་གཉིས་དང་ནི་དེ་བཞིན་དུ། །ཟླ་བ་དྲུག་ཏུ་འཚོ་འགྱུར་ཞིང་། །ཉི་མ་བརྒྱད་དུ་རླུང་རྒྱུ་ན། །དེ་བཞིན་ལོ་གཉིས་ཟླ་བ་ནི། །རིག་
བྱེད་ཀྱི་ནི་གྲངས་དང་ནི། །ཉི་མ་ཉི་ཤུ་རྩ་བཞི་རུ། །འཚོ་འགྱུར་དུས་ཀྱི་གྲངས་ཡིན་ནོ། །གལ་ཏེ་ཉིན་དགུ་རྒྱུ་གྱུར་ན། །ལོ་གཉིས་ཟླ་བ་བཞི་དང་ནི། །ཉིན་ཞག་ཉི་མའི་གྲངས་སུ་ནི། །ལུས་ཅན་རྣམས་ཀྱི་སྦྱོར་བ་ཡིན། །གལ་ཏེ་ཉིན་བཅུར་རྒྱུ་གྱུར་ན། །ལོ་གཉིས་ལས་
ནི་མི་འཚོའོ། །གལ་ཏེ་ཉིན་ཞག་བཅུ་གཅིག་ཏུ། །སྒོ་གཅིག་ནས་ནི་རྒྱུ་བ་དག །ལོ་གཅིག་ཟླ་བ་དགུ་དང་ནི། །ཉིན་ཞག་བཅྭ་བརྒྱད་དག་ལས་ནི། །མི་འཚོ་མཛེས་མ་ཁྱོད་ལ་བཤད། །ཉིན་ཞག་བཅུ་གཉིས་རྒྱུ་ན་ནི། །ལོ་གཅིག་དང་ནི་ཟླ་བ་ནི། །དབྱངས་ཀྱི་གྲངས་དང་
ཉིན་ཞག་ནི། །དུས་ཀྱི་གྲངས་ལས་མི་འཚོའོ། །གལ་ཏེ་ཉི་མ་བཅུ་གསུམ་དུ། །གཡས་ཀྱི་ལམ་ནས་རྒྱུ་བ་ནི། །ལོ་གཅིག་དང་ནི་ཟླ་བ་དག །རིག་བྱེད་ཀྱི་ནི་གྲངས་དང་ནི། །ཉི་མ་དགུ་ལས་མི་འཚོ་ཞེས། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །གལ་ཏེ་བདུན་ཕྲག་
གཉིས་སུ་ནི། །གཡས་ཀྱི་ལམ་ནས་རླུང་རྒྱུ་དེ། །ལོ་གཅིག་ཟླ་བ་གཉིས་དང་ནི། །ཉི་མ་བཅུ་ཡི་ཕྱེད་དག་ལས། །འཚོ་བར་མི་འགྱུར་དེ་ཡི་ནི། །ཚེ་ཚད་ངེས་པར་བསྟན་པ་ཡིན། །གང་ཞིག་ཉི་མ་ལྔ་གསུམ་དུ། །གཡས་ཀྱི་སྒོ་ནས་རླུང་རྒྱུ་ན། །ལོ་གཅིག་ན་ནི་གདོན་མི་
Vol. 78 · folio 57b
ཟ། །གང་ཞིག་བརྒྱ་ཕྲག་གཉིས་སུ་ནི། །གཡས་ནས་རླུང་ནི་རྒྱུ་བ་དང་། །དེ་ཡི་ཚེ་ཚད་ངེས་པ་དག །ཟླ་བ་བཅུ་དང་ཉི་མ་ནི། །ཉི་ཤུ་རྩ་བཞི་དག་ལས་ནི། །མི་འཚོ་བར་ནི་ངས་བཤད་དོ། །གལ་ཏེ་ཉིན་ཞག་བཅུ་བདུན་དུ། །གཡས་ཀྱི་ལམ་ནས་རླུང་རྒྱུ་ན། །དེ་ནས་དེ་ཡི་
ཚེ་ཚད་ནི། །ཟླ་བ་དགུ་དང་ཉིན་ཞག་ནི། །བཅྭ་བརྒྱད་དག་ལས་མི་འཚོ་བར། །གདོན་མི་ཟ་བར་བཤད་པ་ཡིན། །ཉིན་ཞག་བཅྭ་བརྒྱད་རྒྱུ་ན་ནི། །ཟླ་བ་དག་ནི་བརྒྱད་དང་ནི། །ཉིན་ཞག་ཉི་མའི་གྲངས་སུ་ནི། །དེ་ཡི་དུས་ནི་བཤད་པ་ཡིན། །གལ་ཏེ་ཉིན་ཞག་བཅུ་དགུ་རུ། །
དྲི་ཡི་བཞོན་པ་རྒྱུ་བ་དག །ཇི་སྲིད་འཚོ་བ་བཤད་པར་བྱ། །ཟླ་བ་དག་ནི་བདུན་དང་ནི། །ཉིན་ཞག་དུས་ཀྱི་གྲངས་ལས་ནི། །འཚོ་བར་མི་འགྱུར་གདོན་མི་ཟ། །གལ་ཏེ་ཉིན་ཞག་ཉི་ཤུར་ནི། །རྒྱུ་བ་ཟླ་བ་དྲུག་ན་ནི། །དེ་ཡི་སྲོག་ནི་འགྲོ་བར་འགྱུར། །གལ་ཏེ་ཉིན་ཞག་ཉི་ཤུ་
གཅིག །ཉི་མའི་ལམ་ནས་རླུང་རྒྱུ་བ། །ཟླ་བ་ལྔ་དང་ཉི་མ་ནི། །ཉི་མའི་གྲངས་ལས་མི་འཚོའོ། །ཉིན་ཞག་ཉི་ཤུ་གཉིས་རྒྱུ་ན། །ཟླ་བ་རིག་བྱེད་གྲངས་དང་ནི། །ཉིན་ཞག་ཉི་ཤུ་རྩ་བཞི་ལས། །མི་འཚོ་བར་ནི་ཡང་དག་བརྗོད། །གལ་ཏེ་ཉིན་ཞག་ཉི་ཤུ་གསུམ། །སྒོ་གཅིག་
ནས་ནི་རླུང་རྒྱུ་ན། །ཟླ་བ་བཞི་དང་ཉི་མ་ནི། །དུས་ཀྱི་གྲངས་ལས་མི་འཚོ་བརྗོད། །ཉི་ཤུ་རྩ་བཞིར་རྒྱུ་བ་དང་། །ཟླ་བ་གསུམ་དང་ཉི་མ་ནི། །བཅུ་གཅིག་དག་ལས་མི་འཚོའོ། །ཉིན་ཞག་ཉི་ཤུ་ལྔ་རྒྱུ་ན། །ཟླ་བ་གསུམ་ལས་མི་འཚོའོ། །དེ་ལས་གོང་མ་སྔར་བསྟན་པའི། །
གྲངས་ལས་མདོར་བསྡུས་ཤེས་པར་བྱ། །བཅུ་དང་གཉིས་ཀྱི་རྩིས་ལས་ནི། །བར་བར་གྱི་ནི་བསྟན་པ་ཡིན། །ཆ་དང་ཆ་ཡིས་རིམ་བཞིན་དུ། །བར་བར་ཉི་མ་གསལ་བར་བྱས། །བློ་དམན་རྣམས་ཀྱིས་རྟོགས་བྱའི་ཕྱིར། །དུས་དེ་དག་ནི་བཤད་པ་ཡིན། །རྣལ་འབྱོར་
པ་རྣམས་ལ་ནི་དུས། །ཤིན་ཏུ་ཕྲ་བ་ངས་བཤད་པ། །ཁམས་རྣམས་སྙོམས་པའི་ལུས་ལས་ནི། །དེ་དག་བལྟ་ཞིང་ཡིད་ཆེས་བྱ། །སྒོ་ནི་སྟེང་དུ་ལྟས་འབབ་པ། །སྣ་ཡི་བར་ཤ་ཆད་གྱུར་ན། །ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད། །ཆ་ཤས་དགུ་ནི་ཡང་དག་གནས། །
Vol. 78 · folio 58a
དེ་བཞིན་སྒོ་ནི་སྟེང་བལྟས་ལས། །མིག་གི་ཆུ་ནི་ཆད་གྱུར། །ཉི་མ་ལྔ་ན་འཆི་བར་འགྱུར། །ཆ་ཤས་བཅུ་ནི་ཤེས་བྱ་བ། །སྟེང་དུ་ལྟས་ཏེ་འགྲོ་བ་ལས། །རྣ་བ་གཡོན་དང་འགྲམ་པ་ཡི། །ངོས་ཀྱི་མཚན་མ་དག་ལས་ནི། །ཉིན་ཞག་གཅིག་ལས་མི་
འཚོའོ། །ཆ་ཤས་བཅུ་གཅིག་གནས་པ་ཡི། །གསལ་བར་སྟེང་དུ་འགྲོ་བ་ལས། །རྣ་བ་གཡས་པར་བརྟེན་པ་ཡིས། །ཉིན་ཞག་བཅྭ་བརྒྱད་དག་ན་འཆད། །ཆ་ཤས་བཅུ་གཉིས་དེ་བཞིན་གནས། །ལྕེ་ཡི་སྐུད་པ་ནག་མཐོང་ན། །ལུས་ཅན་དུས་ཀྱི་ཉིན་ཞག་འཆི། །ཆ་
ཤས་བཅུ་གསུམ་བརྟེན་པ་ཡི། །དེ་བཞིན་སྟེང་དུ་འབར་བ་ཡི། །སྟེང་འོག་སོ་ནི་འཐམས་གྱུར་ན། །འབྱུང་བདག་ནི་མ་ལུས་འདྲེན། །སྲོག་ནི་དུས་གྲངས་ཉི་མས་འགྲོ། །དབྱངས་ཡིག་བཅུ་བཞི་བརྟེན་པ་ནི། །མགྲིན་པའི་བློ་ན་གནས་པའི་རྩ། །སྟེང་དུ་བལྟས་པ་ཞེས་
གྲགས་ཀྱིས། །ཉིན་ཞག་ལྔ་ལས་མི་འཚོའོ། །ཆ་ཤས་བཅོ་ལྔ་གནས་པ་ཡི། །སྟེང་དུ་བལྟས་པའི་མཆོག་དེ་ལ། །བྲང་གི་དྲ་བ་ཞོམ་གྱུར་ན། །ཟླ་ཕྱེད་ན་ནི་གདོན་མི་ཟ། །ཆ་ཤས་བཅུ་དྲུག་རྫོགས་པའི་བདག །ལྟེ་བའི་དབུས་གྱུར་སྟེང་བལྟས་པ། །སེན་མོའི་ཁྲག་
ནི་མེད་གྱུར་ན། །ཉིན་ཞག་བཅུ་ན་ཡང་དག་ཉལ། །སླར་ཡང་ཆ་ཤས་བཅུ་བདུན་ནི། །གནས་པའི་བརླ་ཡི་མཚན་མ་ལས། །ཉིན་ཞག་ཉི་ཤུ་རྩ་བཞི་ན། །འཆི་འགྱུར་འདིར་ནི་གདོན་མི་ཟ། །ཆ་ཤས་བཅྭ་བརྒྱད་གནས་པ་ཡི། །བྱིན་པ་ལ་ནི་གནས་པའི་རྩ། །དེ་བཞིན་
སྟེང་དུ་བལྟས་པ་ཡིས། །ཉིན་ཞག་ཉི་མའི་གྲངས་ཀྱིས་འཆི། །བཅུ་དགུ་ཡི་ནི་ཆ་ཤས་གནས། །ཆུ་སོ་དེ་བཞིན་སྟེང་བལྟས་པས། །དེ་དང་མཉམ་པའི་ཉིན་ཞག་གིས། །འཆི་འགྱུར་འདིར་ནི་ཐེ་ཚོམ་མེད། །ཆ་ཤས་ཉི་ཤུ་གནས་པ་ཡི། །ཕོ་མཚན་ལ་ནི་གནས་པའི་རྩ། །
སྟེང་དུ་བལྟས་པའི་མཆོག་དབང་ཕྱུག །མཚན་མས་ཉིན་ཞག་དུས་ཀྱི་ནི། །གྲངས་ཀྱིས་འཆི་འགྱུར་ཐེ་ཚོམ་མེད། །རེའུ་མིག་བཅུ་གཉིས་རྩིས་པ་ལ། །བར་བར་ཉི་མ་བསྟན་པ་དག །ལོ་ཡི་རིམ་གྱིས་དེ་སྦྱངས་ཏེ། །བདུན་ཅུ་རྩ་གཉིས་རིམ་པ་དང་། །སུམ་ཅུ་རྩ་དྲུག་
Vol. 78 · folio 58b
བཅྭ་བརྒྱད་ཀྱིས། །ཟླ་བ་ལ་སོགས་གོ་རིམས་བཞིན། །རིམ་གྱིས་རིམ་གྱིས་དབྲི་བར་བྱ། །ལྷག་མར་གང་ཞིག་གྱུར་པ་ནི། །བསྡུས་ཏེ་འཚོ་བའི་དུས་སུ་ནི། །ལྷ་མོ་ཆེན་མོ་ཤེས་བྱ་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་
སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་རྩ་དང་མཉམ་པར་སྦྱོར་བའི་དབུགས་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་བའོ།། །།སྒོ་དགུ་པོ་ཡི་མཚན་ཉིད་དང་། །རྩ་
ནི་གང་བར་གནས་པ་ཡི། །ཡོན་ཏན་སྐྱོན་སོགས་ཇི་ལྟར་བལྟ། །དེ་རྣམས་བྱེ་བྲག་མི་འཚལ་ཏེ། །ཡེ་ཤེས་དབང་ལ་ཉན་པར་འཚལ། །བདེ་བ་ཆེན་པོས་བཤད་དུ་གསོལ། །གོང་དུ་འཕོ་བའི་སྦྱོར་མཚན་ཉིད། །བཤད་ཀྱིས་ལྷ་མོ་མཉན་པར་གྱིས། །སྔོན་དུ་བདག་ཉིད་སྦྱང་
བྱས་ལ། །ཕྱི་ནས་ལས་ནི་བརྩམ་པར་བྱ། །གཟུགས་མེད་གནས་པ་མདོག་སྔོ་བའི། །པད་ཆེན་ཟླ་བ་ལྟ་བུ་འཛག །སླར་ཡང་གཟུགས་སུ་གནས་པ་སྟེ། །རྣམ་པ་ཀུན་གྱིས་བརྒྱན་པའོ། །ཆ་ཤས་བཞི་དང་ཡང་དག་ལྡན། །ཁ་ནི་ཐུར་དུ་བལྟས་ཏེ་འཕྱང་། །གོ་འཕང་
གནས་པའི་གནས་ནས་ནི། །ཀུན་ད་ཟླ་འདྲ་རྟག་ཏུ་དག །རྣམ་ཤེས་ཡེ་ཤེས་བདུད་རྩི་ནི། །ལྷ་མོ་ཆེན་མོ་འབབ་པའི་མཆོག །རྟེན་དུ་གྱུར་བའི་པདྨ་གང་། །ཟླ་བའི་འོད་ཀྱིས་རྣམ་པར་བརྒྱན། །དེ་ནི་ཆ་དང་ཆ་ཡི་གཟུགས། །གོང་བུ་གནས་བ་ཞེས་བྱར་བརྗོད། །དེ་ནས་
གཞན་ཡང་བཤད་བྱ་བ། །གནས་ཀྱི་མཐའ་ནི་དག་པར་བྱ། །དག་ནས་སྲིད་པ་འཕོ་བྱ་ཡི། །གཞན་དུ་ན་ནི་དོན་མེད་འགྱུར། །དགང་བ་ཡིས་ནི་ལུས་བཀང་ན། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་སྦུ་གུ་དག་པར་འགྱུར། །འཐོར་བས་
སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །རྣམ་ཤེས་དབྲོག་པའི་ཆོ་ག་དང་། །གཞན་དུ་འགྲོ་བའང་བཤད་པར་བྱ། །དེ་ནས་ཕྱི་རོལ་སྦྱོར་བ་ནི། །མཁས་པ་ཡིས་ནི་སྦྱང་བར་བྱ། །གནས་གཉིས་དག་ནི་བསམས་ནས་སུ། །རླུང་གི་དཀྱིལ་འཁོར་བསྒོམ་
Vol. 78 · folio 59a
པར་བྱ། །རླུང་གི་དབུས་སུ་མེ་ཡིས་ནི། །ཡང་དང་ཡང་དུ་དབྱེ་བར་བྱ།།ཨཱ་ལི་ཀཱ་ལིར་ལྡན་པ་ཡི། །ས་བོན་དེར་ནི་སྦྱར་བར་བྱ། །རྣལ་འབྱོར་བ་ཡིས་ཁྱད་པར་དུ། །འབྱུང་དང་འཇུག་པས་བཟླས་པར་བྱ། །འབྱུང་བ་ཡེ་ཤེས་ས་བོན་གྱིས། །བསྣུན་དང་ལྡན་
པར་བསམ་པར་བྱ། །འཇུག་པ་སྙིང་གི་རྣམ་ཤེས་ལ། །མེ་ཏོག་ལྟ་བུར་བསྣུན་པར་བྱ། །རྣལ་འབྱོར་པས་ནི་འབྱུང་བཟླས་ཏེ། །བདག་ཉིད་ལས་ནི་ཕྱི་རོལ་བྱ། །འཇུག་པ་འབྱུང་བར་མཚོན་བྱ་སྟེ། །དེ་ཁོ་ན་ཉིད་མཉམ་པར་བསྒོམ། །མཉམ་བཞག་དངོས་པོ་བསྒོམས་
ན་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཕྱི་རོལ་ལུས་ལ་ནི། །སྒྲུབ་པ་པོ་ཡིས་རྣམ་པར་སྤྲུལ། །ཉི་མའི་ལམ་ནས་ངང་ཕྱུང་སྟེ། །ལྷ་མོ་ཆ་ཤས་ལྡན་པར་བྱ། །བསྒྲུབ་བྱའི་སྙིང་གར་ཞུགས་ནས་ནི། །རླུང་དང་མེ་ཡིས་འབར་བ་དག །དེ་ཡི་རྣམ་ཤེས་
བཟུང་ནས་ནི། །ལུས་ཀྱི་དཀྱིལ་འཁོར་དུ་ནི་འཇུག །བསྒྲུབ་བྱའི་རྣམ་ཤེས་བསྡུས་ནས་སུ། །འོག་གི་འཁོར་ལོ་སྦྱར་བར་བྱ། །ཇི་སྲིད་ཟད་པར་བྱས་བར་དུ། །དེ་སྲིད་ལྐུགས་ཏེ་གནས་པར་འགྱུར། །འཆི་བའི་དུས་ལ་བབ་གྱུར་ན། །འཆི་བའི་མཚན་མ་སྟོན་པ་
དང་། །རིམས་ལ་སོགས་པས་མ་ཕོག་པར། །གོང་དུ་འཕོ་བ་མཆོག་ཡིན་ནོ། །དེ་ནས་གཞན་ལུས་ལ་འཇུག་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིས། །རྣལ་འབྱོར་བ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་
བྱ།།ཁྱོད་ཀྱི་གནས་སུ་སྦྱར་ནས་ནི། །རང་གི་ལུས་ནི་ཡོངས་བཏང་སྟེ། །རིམ་གྱིས་སྦྱོར་བས་ཕྱེ་ནས་སུ། །ཆོ་ག་འདི་ལྟར་བྱས་པ་ཡིས། །སྔགས་པ་གཞན་གྱི་ལུས་ལ་འཇུག །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །རང་གི་ལུས་ལ་སྦྱར་བར་འདོད། །འགྲོ་དང་
འོང་བའི་བྱེ་བྲག་གིས། །མཉམ་པར་བཞག་སྟེ་གང་བྱེད་པ། །དཔའ་བོའི་དབང་ཕྱུག་ཐམས་ཅད་དང་། །མཁའ་འགྲོ་མ་དང་སྦྱོར་བས་མཆོད། །གང་གི་རིང་ནས་ཐོས་གྱུར་བ། །དེ་ནི་ཡང་དག་བཤད་ཀྱིས་ཉོན། །དེ་བཞིན་མཁས་པས་གཞན་སེམས་ཀྱི། །བསམ་པ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words