རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་བཛྲ་ཌཱ་ཀ་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 78 · folio 89a
དག་ནི་སོ་སོ་ཞིང་། །རེ་རེའང་སྦྱོར་བ་བཞི་བཞི་སྟེ། །གཅིག་ཀྱང་བཞི་རུ་སྦྱོར་བ་བཞིན། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཆེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཤེས་རབ་ཐབས་ནི་མ་གཏོགས་པར། །གོ་འཕང་མཆོག་ནི་འཐོབ་མི་འགྱུར། །སྒྱུ་མ་ཆེ་
དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ཨཱ་ལི་ཀཱ་ལིའི་སྔགས་ཀྱི་སྒྲུབ་ཐབས་འབྱུང་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་
བཞི་བཅུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ཏེ། སླར་གསོལ་པ། ཁྱོད་ཀྱིས་སྔར་བཤད་གསང་བ་དང་། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཡི་གེ་བཅུ་དྲུག་རིག་པ་ཆེ། །བདེ་མཆོག་
བླ་མར་བཤད་པ་དང་། །ཁམས་རྣམས་དང་ནི་དེ་བཞིན་རྩ། །འབྱུང་གནས་སྒྲ་ཚུལ་ངེས་འབྱུང་དང་། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་དབྱེ་བ་ད་ག །ཇི་ལྟར་ནང་དུ་ཡང་དག་གནས། །དེ་རྣམས་དབྱེ་བ་དེ་བཞིན་གསུངས། །བཀའ་སྩལ་པ།
སྒྱུ་མ་ཀུན་གྱི་རྣམ་རོལ་པའི། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སངས་རྒྱས་ཀུན་ལའང་གསང་བ་སྟེ། །གཞན་རྣམས་ལ་ལྟ་སྨོས་ཅི་དགོས། །སྒྱུ་མ་ཆེན་པོ་བཅུ་དྲུག་ནི། །མ་མོ་ཉིད་དུ་རབ་ཏུ་བཤད། །དེ་ཡིས་ནང་གི་དཀྱིལ་འཁོར་དུ། །གྱུར་པ་ཉིད་དུ་ཐེ་ཚོམ་མེད། །རྣལ་
འབྱོར་པ་ཡི་བདུད་རྩི་སྦྱོར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སླར་ཡང་བདུད་རྩི་རྫས་རྣམས་ནི། །ད་ནི་བཤད་ཀྱིས་མཉན་པར་གྱིས། །ར་ནི་དམར་ཆེན་པོ་ཡི་ཁམས། །ཧ་ཞེས་བྱ་བ་རི་ལས་སྐྱེས། །སེ་ནི་གནད་པ་ཏྲ་སྟེ། །པ་ནི་པགས་པར་བསྟན་པ་ཡིན། །ར་ཞེས་
བྱ་བ་དྲི་རུ་གསུངས། །མེ་ཞེས་བྱ་བ་མེ་ཏོག་སྟེ། །དེ་བཞིན་ར་ནི་ཆུ་ཡིན་ནོ། །མེ་ཞེས་བྱ་བ་པི་སི་ཏ། །ས་ནི་ཀུན་དུ་རུ་ཉིད་ཡིན། །རེ་ནི་ས་རི་ཞེས་བྱ་སྟེ། །ཨཱཏྨ་ཞེས་བྱ་ན་ལ་ཛ། །ནི་ཞེས་བྱ་བ་དྲི་ཡི་མར། །ས་ནི་སོ་དང་ལག་སྐྱེས་ཡིན། །དཱ་ནི་རྒྱ་མཚོ་ལས་བྱུང་
Vol. 78 · folio 89b
བ། །སྠི་ནི་ཁ་བའི་སྙིང་པོ་ཡིན། །ཏ་ཞེས་བྱ་བ་ག་བུར་ཏེ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །རྟག་ཏུ་ཡེ་ཤེས་དམ་པ་མཆོག །རྩ་རྣམས་ཐམས་ཅད་ཡང་དག་འདུས། །དེ་དག་ལྷ་མོ་ཁྱོད་ལ་བསྟན། །གསང་སོགས་རྣལ་འབྱོར་པ་ཡི་རྫས། །བཤང་དང་གཅི་སོགས་
ལྔ་ལ་བྱ། །ཁམས་རྣམས་བསྡུས་པའི་སྡེ་ཚན་ནི། །དེ་ལྟར་བཅུད་ལེན་བསྟན་པ་ཡིན། །མཁའ་འགྲོ་ཀུན་དངོས་ཆགས་པ་ཡི། །སེམས་དཔའ་རྡོ་རྗེ་ལས་བྱུང་བ། །པདྨ་འབྱེད་པའི་སྦྱོར་བ་ཡིས། །པདྨ་གར་དབང་ཞེས་བྱ་སྟེ། །སྟེང་དུ་གསལ་བར་འཕྲོ་བས་ན། །རྡོ་རྗེ་ཉི་
མ་ཞེས་བྱ་ལ། །འདི་ནི་གསལ་ཞིང་འབར་བས་ན། །རྣམ་སྣང་མཛད་ཆེན་ཐུབ་པའང་ཡིན། །རླུང་ནི་སྣ་ཚོགས་ལས་བྱུང་བ། །ཁྱད་པར་སྤྱོད་པས་རྟ་མཆོག་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཕན་ཚུན་གཉིས་མེད་རང་བཞིན་ནོ། །གནས་དེར་ཉི་མ་ནུབ་པ་ཡི། །སྤྲུལ་བའི་
སྐུ་ཡི་གཟུགས་ཀྱི་བདག །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྙོག་པ་མེད་པ་སྟེ། །འཁོར་བའི་ལམ་ནི་གཅོད་པ་པོ། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ། །མཁའ་འགྲོ་མ་ཀུན་སྒྲ་རུ་བཤད། །ཡང་ན་མཁའ་འགྲོ་མ་ཀུན་གྱི་སྒྲས་ནི་རབ་ཏུ་
གཏུམ་མོ་ལ་སོགས་པ་ལ་བྱ་ལ་དངོས་པོ་ནི་རང་བཞིན་ཏེ། །དེ་རྣམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའོ། །དེ་ཉིད་སེམས་ཅན་གྱི་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་སེམས་དཔའི་སྒྲར་བརྗོད་དེ། །མི་ཤེས་པའི་རི་བོ་འཇོམས་པས་ན་ཡེ་ཤེས་ཉིད་ནི་རྡོ་རྗེའོ། །སེམས་དཔའ་རྣམ་པ་
གཉིས་གསུངས་ཏེ། །སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །བཅུད་ནི་རྒྱུ་བ་ཞེས་བཤད་ལ། །དེ་བཞིན་སྣོད་ནི་བརྟན་པའོ། །རེ་རེ་ཞིང་ཡང་གཉིས་གཉིས་ཏེ། །སྐལ་བ་བཟང་དང་སྐལ་ངན་ནོ། །ས་དང་ཆུ་དང་མེ་རླུང་གི། །གཟུགས་ནི་རྣམ་པ་བཞི་རུ་གནས། །འདི་ནི་ཞེས་བྱ་བ་
ནི་བཅོམ་ལྡན་འདས་དེ་ཉིད་དེ་རང་བྱུང་བས་ན་རང་བྱུང་བཅོམ་ལྡན་འདས་སོ། །རང་བྱུང་བ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་རྗེས་སུ་དཔག་པའི་རང་བཞིན་གྱི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སོ། །ཡང་ན་ཉོན་མོངས་པ་
Vol. 78 · folio 90a
ལ་སོགས་པའི་བདུད་བཅོམ་པས་ན་བཅོམ་ལྡན་འདས་ཏེ། རང་བྱུང་བཅོམ་ལྡན་འདས་དེ་ཉིད་ལྷག་པའི་ལྷ་ནི་གཅིག་ཉིད་དེ་ལྷ་ཉིད་ཡིན་ཞིང་ལྷག་པ་ཉིད་ཀྱི་ཕྱིར་ལྷག་པའི་ལྷ་སྟེ། ལྷག་པའི་ལྷ་ཡི་སྒྲར་གང་སྔར་བསྟན་པའི་ཁམས་རྣམས་ཀྱི་ནང་ན་གཙོ་བོ་དང་དམ་པར་
གྱུར་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡང་དག་པར་སྐྱེད་པར་བྱེད་པའི་ཁུ་བ་དང་ཁྲག་གོ། །མཆོག་ཏུ་བདེ་བ་དེ་ལས་སྐྱེས་ཤིང་བྱུང་བས་ན་འབྱུང་གནས་ཏེ། ངེས་འབྱུང་ནི་སེམས་སྐྱེད་པའི་བཞེད་གཞུང་གསུངས་པའོ། །སྒྲ་ནི་དབྱངས་ཏེ། ཤེས་རབ་ཀྱི་དབྱངས་
ཀྱི་རྗེས་སུ་འཇུག་པའོ། །ཚུལ་ནི་སྒྲར་བཏགས་པ་སྟེ། དེ་ལས་བྱུང་བའོ། །བསྟེན་ཅིང་བསྙེན་པར་བྱས་པས་ན་དམ་ཚིག་སྟེ། ཡུལ་ཅན་གྱིས་ཡང་དག་པར་བཞག་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་དང་། དོན་དམ་པར་དབྱེར་མེད་པས་ཉེ་བར་བརྟགས་ནས་
ཡུལ་ཅན་དབང་པོ་ལ་ཡང་ཡུལ་ཞེས་བྱའོ། །སྤྱོད་པ་ནི་དབང་པོ་བཅུ་གཉིས་པོ་དེ་རྣམས་ཀྱི་ཉེ་བར་རྒྱུ་བ་སྟེ། དེ་རྣམས་ཀྱི་རྣམ་པར་ཤེས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཐོབ་པ་ནི་སྤྱོད་ཡུལ་ལོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་
པའི་དངོས་པོ་གསུམ་ལས་རྙེད་པར་མི་འགྱུར་བའི་མཚན་ཉིད་དེ་ཐོག་མ་དབུས་མཐར་ཡང་དག་གནས་པའོ། །དེ་ལ་ཐོག་མ་ནི་གསང་བ་སྟེ། འདི་སྐད་ཅེས་བྱ་བ་སྔར་འབྱུང་གནས་སུ་གྱུར་པའི་རིག་པའོ། །མཐའ་ཞེས་བྱ་བ་ནི་དགེས་བ་སྟེ་ཐོས་བ་ཞེས་བྱ་བ་བསྟེན་པར་བྱའོ། །
དབུས་ཞེས་བྱ་བ་ནི་མཆོག་སྟེ། བདག་གི་ཞེས་བྱ་བ་ཤིན་ཏུ་དམ་པར་གྱུར་པའོ། །ཡང་དག་གནས་ནི་ཐམས་ཅད་བདག་ཉིད་དེ། དུས་གཅིག་ན་ཞེས་བྱ་བའོ། །བཅོམ་ལྡན་འདས་མ་སྒྱུ་མ་ཆེན་མོ་དེ་ཉིད་ངན་པར་སྤྱོད་པ་སྟེ། ལོ་བརྒྱད་པ་དང་རྡོ་རྗེ་པདྨོ་སྦྱོར་བས་བྱུང་བའི་ཁྲག་
དང་བཅས་པའོ། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་རྡུལ་གྱི་ནི། །བཅུ་དྲུག་ཆར་ཡང་མི་ཕོད་པ་སྟེ། དེ་ལ་བཅུ་དྲུག་ཆ་ནི་བུད་མེད་ཀྱི་སྐུད་པ་ལས་བྱུང་བའི་ཁམས་རྣམས་སྐུད་པ་བཅུ་དྲུག་དང་ལྷན་ཅིག་ཏུ་བསྒྲིལ་བ་སྟེ་ཆགས་པ་ཆེན་པོ་ཞེས་བྱ་བ་གང་ཡིན་པའོ། །དེ་ལྟར་
Vol. 78 · folio 90b
སྐུད་པ་བཅུ་དྲུག་དང་བསྒྲིལ་བའི་ཆ་ཤས་བཅུ་དྲུག་གོ། །བསྡུས་བྱས་ཞེས་བྱ་བ་བདུད་རྩི་ལྔའི་སྙིང་པོའི་གོང་བུར་བྱས་པ་སྟེ། བདུད་རྩི་ལྔ་ཡི་སྦྱོར་བར་གྱུར་པའོ། །དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏེ་སྡེ་ཚན་རྣམས་ཀྱིས་བསྡུས་ཤིང་བསྟན་པའི་ཁམས་གང་དང་གང་ཡིན་པའི་
རླན་དེ་དང་དེས་བོན་དང་བསྒྲིལ་ཏེ་བརྟག་པར་བྱའོ། །ལྷའི་བདེ་བ་ཞེས་བྱ་བ་ནི་དེ་བདུད་རྩི་ལྟར་ཡོངས་སུ་སྨིན་པས་རང་གིས་སྐུ་རྡོ་རྗེར་གྱུར་པའི་སྐད་ཅིག་གོ། །མིའི་ཡིན་པས་ན་མི་ཡིས་སྟེ་ངེས་པར་གསལ་བའི་བདེ་བའོ། །དེ་ཡང་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་རྟག་ཏུ་བདེ་
བའི་གསལ་བས་མཚན་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་བའི་སེམས་ཀྱི་རྡོ་རྗེ་མངོན་དུ་བྱ་ཞིང་བདེ་བ་བསྟེན་པ་ལས་བདེ་བ་ཉིད་དུ་སྐྱེ་བར་འགྱུར་ཏེ། ཐེར་ཟུག་ཏུ་བདེ་བ་སྟེར་བས་སོ། །དེ་ཡང་དཔེར་ན་མངར་པོས་བསྒོས་པའི་ས་བོན་ནི། །མངར་པོ་ཉིད་ནི་བསྟེན་པ་
དང་། །གང་ཕྱིར་མངར་པོས་བསྐྱེད་བྱས་ན། །དེ་ཡི་རོ་ནི་མངར་པོར་འགྱུར། །དེ་བཞིན་དུ་ཆོས་ཀྱི་བདུད་རྩི་ལས་བྱུང་བའི་བདེ་བ་བསྟེན་ན་བདེ་བ་འཕེལ་བར་འགྱུར་རོ། །དེ་དང་མཉམ་པ་དངོས་པོ་གསུམ་པོ་གང་ན་ཡང་ཡོད་པ་མ་ཡིན་ཏེ་ཆ་ཤས་ཀུན་དང་མཚུངས་པ་ལྟ་ཞོག །དེའི་རྡུལ་
ཕྲ་རབ་ཀྱི་ཆ་དང་མཚུངས་པ་ཡང་ཡོད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་ནི་རྡོ་རྗེ་ཕྲ་མོའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་སྤྲོས་པའོ། །མཐུ་དང་ངོ་བོ་ཉིད་དག་དང་། །རང་བཞིན་གྱིས་ནི་གྲུབ་པ་སྟེ། །དེ་ཡི་རང་བཞིན་གཏམ་དག་ནི། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །
གང་ཞིག་ཕྱི་རོལ་སྦྱོར་ལ་དགའ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྦྱོར་བའི་མཆོག་ནི་འདི་མཐོང་ན། །གཞན་དག་འབུས་ཟོས་རྩྭ་དང་འདྲ། །ད་ནི་ཆུ་སྐྱེས་ཆེན་པོའི་ཡོན་ཏན་དང་ལྡན་པའི་གནས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། མི་གསལ་བརྡ་ཡི་ཚུལ་གྱིས་ནི། །གནས་
ནི་གསང་བ་ཞེས་བྱར་བཤད། །མི་གསལ་བ་ཡི་དངོས་པོར་ནི། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །འདི་ནི་རྟོག་པ་ལ་བརྟེན་ནས། །གནས་ནི་གསང་བ་བཤད་པར་བྱ། །དགོན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །གཞན་ཡང་དགོན་ཆེན་ཞེས་བྱ་བ་ནི་ཤེས་རབ་སྟེ།
Vol. 78 · folio 91a
སྔགས་ཀྱི་ཡོན་ཏན་གྱི་ཤིང་གི་ཚོགས་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་རང་བཞིན་གྱིས་ལྷའི་བདག་ཉིད་པས་ནས་ཕྱོགས་སོ། །རིགས་མཐའ་ཡས་པའི་རང་བཞིན་གྱི་ཕྱིར་མང་པོའི་ཚིག་གོ། །བདག་དང་སེམས་ཅན་ལ་སོགས་པར་རྟོག་པ་དང་བྲལ་བས་
རྣམ་པར་དབེན་པ་སྟེ། །ལྟ་བ་ངན་པར་རྣམས་ཀྱིས་གཞིག་པར་མི་ནུས་པའི་ཕྱིར་རི་བོའོ། །འཇུག་པར་དཀའ་བའི་ཕྱིར་རི་འོར་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཆུ་བོའི་གནས་སུ་གྱུར་པས་རྒྱ་མཚོ་ཆེན་པོའི་འགྲམ་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་དང་སྦྱིན་པ་ལ་
སོགས་པའི་རང་བཞིན་རྣམ་པར་དག་པ་གྲུབ་པས་གདོད་ནས་གྲུབ་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་འདོད་ཆགས་ཀྱི་མེས་བསྲེགས་པས་དུར་ཁྲོད་དོ། །དེ་ལྟར་ན་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་རྣམ་པར་དག་པས་གནས་རྣམ་པ་ལྔར་བསྒྲགས་སོ། །ཆུང་ངུ་ནི་དང་པོར་ལོ་
བཅུ་གཅིག་མའི་པདྨ་དང་རོལ་པས་བཅུད་ཀྱིས་ལེན་བསྒྲུབ་པར་བྱའོ། །གཉིས་པར་ལོ་བཅུ་གཉིས་མ་དང་རོལ་པས་ནི་དམ་ཚིག་དོན་དུ་གཉེར་བར་བྱའོ། །གསུམ་པར་ལོ་བཅུ་དྲུག་མ་དང་ལྷན་ཅིག་ཏུ་དགའ་བས་ནི་སྔགས་རྣམས་གོམས་པར་བྱའོ། །བཞི་པར་ལོ་ཉི་ཤུ་མ་
དང་ནམ་མཁར་འཕུར་བ་བསྒྲུབ་པར་བྱའོ། །ལྔ་པར་ལོ་ཉི་ཤུ་རྩ་ལྔ་མ་དང་དབང་བསྐུར་བར་བྱའོ། །ཞེས་བྱ་བའི་བར་དུའོ། །དེ་ལྟར་ན་དབུགས་འབྱུང་མཆོག་དང་བར་མ་དང་། ཞེས་བྱ་བ་གནས་ལྔ་པོ་དེ་དག་དང་རིམ་པ་བཞིན་དུ་སྦྱར་རོ། །དེ་ལ་རིགས་ལྡན་རྣམས་ནི་
རྡོ་རྗེ་རིགས་ཀྱི་བུ་མོ་ལ་སོགས་པ་རྣམས་དྲི་ཡི་ཆུས་མཆོད་པར་བྱ་སྟེ། བཅས་པ་ཞེས་བྱ་བ་ནི་རིགས་ཀྱི་བུ་མོ་དེའི་མེ་ཏོག་བཟུང་ལ་མཁས་པས་རང་གི་ཁུ་བ་དང་བཅས་པས་མཆོད་དོ། །རྟག་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུ་རྒྱུན་མི་འཆད་པར་ཏེ། །དུས་ཀྱི་ཁྱད་པར་ཞེས་བྱ་བ་སྔ་དྲོའི་
དུས་སུའོ། །གཞན་ཡང་ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བ་ཐུན་མོང་གི་དངོས་གྲུབ་དང་ལྡན་ཞིང་སྒྲུབ་པ་པོ་ལ་བརྩེ་བ་སྟེ། །ཐིག་ལེ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱའོ། །གཞན་ཡང་དགོན་པ་ཆེན་པོ་ཞེས་བྱ་བ་ནི་བུད་མེད་ཀྱི་ཕྱག་རྒྱ་སྟེ། འདོད་ཆགས་
Vol. 78 · folio 91b
ལ་སོགས་པའི་ཉོན་མོངས་པའི་ནགས་ཚལ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཐབས་ཀྱིས་ཡོངས་སུ་སྦྱངས་ན་བྱང་ཆུབ་ཀྱི་ལམ་སྟེ། ཡོངས་སུ་སྦྱངས་པ་ནི་མཐར་ཐུག་པར་མོན་པའོ། །དེའི་དྷར་མོ་ད་ཡ་ནི་ས་ཕྱོགས་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་
པའི་རྡོ་རྗེ་རིགས་ལ་སོགས་པའི་བུ་མོ་བས་ན་རྣམ་པར་དབེན་པའོ། །དེ་ཉིད་བདེ་བ་ཆེན་པོས་མི་གཡོ་བས་ན་རི་བོའོ། །སེམས་ཅན་དམན་པས་འཇུག་པར་དཀའ་བས་ན་རི་འོར་ཏེ་ཕུག་དང་ལྡན་པས་ན་ཚང་ཚིང་ངོ་། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་རྒྱ་མཚོའི་གནས་
པས་རྒྱ་མཚོའི་འགྲམ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཉམ་པར་གནས་པས་ན་དུར་ཁྲོད་དོ། །གདོད་ནས་གྲུབ་པ་ནི་རྟག་ཏུ་གྲུབ་པ་སྟེ། འཆར་བ་དང་ནུབ་པ་སྤངས་ཤིང་ནམ་མཁའ་ལྟར་ཡོངས་སུ་གྲུབ་པས་རྟག་ཏུ་བདེ་བ་ཆེན་པོའི་ཚུལ་གྱིས་དམིགས་པས་དེའི་རང་
བཞིན་དུ་བྱས་པའོ། །ནི་ཞེས་བྱ་བ་ནི་འདུས་པ་སྟེ་དེ་དང་ལྡན་པའི་ཕྱིར་རོ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས་ཞེས་བྱ་བ་ལ་སྣ་ཚོགས་ནི་རྣམ་པ་དུ་མ་སྟེ། པདྨ་ནི་གཟུགས་ཀྱི་ཚིག་བླ་དགས་སོ། །རས་ནི་གསལ་བར་མ་བྱས་པ་སྟེ། གཡོགས་པ་ནི་ཤིན་ཏུ་མི་མངོན་པར་བྱས་
བའོ། །སྟན་ནི་རིག་པ་ཉིད་གདན་དུ་བྱས་པ་སྟེ་དག་པ་ནི་འཇམ་པའོ། །ལྷ་མོ་རྣམས་ཀྱི་པདྨ་རང་གི་མཚན་མའི་གོས་རྒྱན་གྱིས་བརྒྱན་པའོ། །གཞག་པ་ནི་མཆོད་པར་བྱ་བ་སྟེ། ཡང་དང་ཡང་དུ་འདོད་པས་མཉེས་པར་བྱ་བའོ། །སྡོམ་པ་ནི་བདེ་བའི་མཆོག་གོ། །པདྨའི་
ཁྲག་དང་ཞེས་བྱ་བ་ནི་དེ་བཞིན་དུ་ཁྲག་ནི་བཅུད་ཀྱིས་ལེན་པ་སྟེ། ཁྲག་ནི་པདྨ་ཡིན་ལ་བཤང་བ་ལ་སོགས་པ་ནི་བཅུད་ཀྱིས་ལེན་ཏོ། །དེས་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁྲག་ཆེན་ག་བུར་བཅས་པ་དང་། །ཙནྡན་དམར་པོར་སྦྱར་བ་དག །ཚོགས་ཀྱི་ནང་དུ་ཞུགས་པ་ན། །
ར་ས་ཡ་ན་བླ་ན་མེད། །ཅེས་བྱ་བ་ལ་ཁྲག་ཆེན་ནི་དུས་སུ་འབབ་པའི་ཟླ་མཚན་དུ་གྱུར་པའོ། །ཙནྡན་དམར་པོ་ནི་ཤ་སྟེ་དེ་དང་བཅས་པའོ། །ཚོགས་ཀྱི་ནང་དུ་ཞུགས་པ་ནི་དབང་པོ་ཐམས་ཅད་ལས་བྱུང་བ་སྟེ། །དེ་དག་ཐམས་ཅད་ཀྱི་བཅུད་ནི་ར་ས་ཡ་ནའོ། །བཟའ་བར་བྱ་ཞེས་
Vol. 78 · folio 92a
བྱ་བ་ལ། ཆོ་ག་གང་གིས་བཟའ་བར་བྱ་ཞེ་ན། སྦོམ་པོའམ་མཐའ་ལྟག་ཅེས་བྱ་བ་ལ་སྦོམ་པོ་ནི་རྡོ་རྗེའོ། །མཐའ་ལྟག་ནི་བྷ་ག་སྟེ། ཨ་ནཱ་མ་ཞེས་བྱ་བ་མིང་གིས་བསྙད་པའི་ཕྱིར་རོ། །ཁར་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཁས་རང་གི་ལྷ་ཡི་ཁར་རོ། །དེ་ཡང་དང་པོར་བླ་
མར་དབུལ་བྱས་ཏེ། །དེ་ནས་སངས་རྒྱས་རྣམས་ལ་དབུལ། །ཕྱག་རྒྱ་ལ་ནི་བྱིན་ནས་སུ། །ཞི་བའི་བཏུང་བ་བཞིན་དུ་མྱང་། །མཆོད་པ་བཞི་ཞེས་བྱ་བ་ལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་སྒོམ་པ་པོས་ནི། །དུས་བཞིར་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་དང་།
རྣམ་པར་ཐར་པའི་སྒོ་བཞིའི་བདག་ཉིད་ཅན་ཇི་སྲིད་སྟོང་པ་ཉིད་ཀྱི་ང་རྒྱལ་ནས་བཟུང་སྟེ། གཟུགས་ཡོངས་སུ་རྫོགས་པའི་བར་དུ་ངེས་པར་བྱས་པས་མཆོད་པར་བྱའོ། །དཔའ་བོ་དང་ནི་སྙོམས་འཇུག་པ་ཞེས་བྱ་བ་ནི། གཞན་ཡོངས་སུ་རྫོགས་པའི་རིམ་པ་ལ་གནས་པའི་
སྒོམ་པ་པོའི་སྟེ། དུས་ཀྱི་ངེས་པ་མེད་ཅིང་ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་གྱིས་རྟག་ཏུ་གནས་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། ཡིད་ནི་ནང་དུ་ཆུད་པའི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་མ་མོའི་ཤེས་རབ་དང་ཇི་ལྟ་བ་བཞིན་དུ་མཉམ་པར་སྦྱོར་བ་དང་ལྡན་པས་
མཆོག་ཏུ་དགའ་བ་རྣམ་པར་སྤྲོ་སྟེ། གནས་པས་ཚིམ་པར་བྱ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མཆོད་པས་ཐ་མ་མཆོག་དང་བར་མ་སྟེ། ཐ་མ་ནི་ཆགས་པ་ཆེན་པོའི་ཚུལ་ལོ། །དེ་ཡང་རྡོ་རྗེ་ཅན་གྱིས་ཐམས་ཅད་བསྡུས་ནས་བཙུན་མོའི་བྷ་ག་བདེ་བ་ཅན་དུ་སྤྲོས་ལ། དེར་
ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་དང་སྦྱར་བ་སྟེ། གཞན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པའོ། །བར་མ་ནི་བདག་གི་དེ་ཁོ་ན་ཉིད་དེ། རྡོ་རྗེ་འཛིན་པས་འཁོར་ལོ་ཐམས་ཅད་རང་གི་དབུས་སུ་བསྡུས་ལ། རྡོ་རྗེ་ཀུན་གྱི་རང་བཞིན་དུ་བྱས་པ་ཆོ་ག་དེས་བསྒོམས་པ་ནི་མཆོག་
གོ། །བུད་མེད་ཀུན་གྱི་སྒྱུ་མ་ཞེས་བྱ་བ་ལ་བུད་མེད་ཀུན་ནི་གཟུགས་ལ་སོགས་པའོ། །སྒྱུ་མ་ནི་ཡོན་ཏན་ཏེ་རང་བཞིན་གྱིས་སྐུ་ལ་སོགས་པས་གནས་པའོ། །སྒྱུ་མ་སྟེ་ཡོན་ཏན་གྱི་སྒྱུས་མ་ལུས་པ། སྒྱུ་མའི་དོན་དུ་གསུངས་སོ། །མ་ལུས་པ་ནི་ཆ་ཤས་ཏེ་ཆ་དང་བཅས་པའོ། །
Vol. 78 · folio 92b
ཆ་ནི་དངོས་པོར་བསྟན་པ་སྟེ། །ཆ་མེད་ཡོན་ཏན་ཞེས་བྱ་ཡིན། །ཡོན་ཏན་ཡོན་ཏན་ཅན་སྦྱར་བ། །ཡུལ་དང་དབང་པོ་རབ་ཏུ་དགེ། །ཨཱ་ལི་ཀཱ་ལི་ཡོན་ཏན་གསུངས། །མཉམ་པ་དམ་ཚིག་སྤྱོད་ཡུལ་ཡིན། །དེ་ཉིད་ནི་མཚན་མ་ཡིན་པས་ན་ཕྱག་རྒྱ་སྟེ། །འདི་ནི་ཞེས་བྱ་བ་ནི་
འཛིན་པ་པོའི་བློས་མངོན་དུ་བྱས་པའོ། །ཡོན་ཏན་དེས་རྟག་ཏུ་ཡོན་ཏན་དང་ལྡན་པར་གྱུར་པའི་རིང་པོ་ལ་སོགས་པ་གཉིས་སུ་མེད་པའི་ཚུལ་ཉིད་མཆོག་སྟེ། བླ་ན་མེད་ཅིང་དམ་པར་གྱུར་པའོ། །དེ་ཡང་ལུགས་མ་ལ་སོགས་པ་གཞན་དག་ལས་ཕུལ་དུ་བྱུང་བར་རང་བཞིན་
གྱིས་གྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པ་ནི་འགྱུར་བ་མེད་པའི་མཚན་ཉིད་དང་ངོ་བོ་ཉིད་རྣམ་པར་དག་པ་སྟེ། ཇི་ལྟར་འོ་མ་ལ་ཞོ་ལ་སོགས་པ་བཞིན་ནོ། །དེ་བས་ན་བཅོས་མ་ལས་བྱེ་བྲག་ཏུ་གྱུར་པའོ། །གཞན་ཡང་ངན་པར་སྤྱོད་པའང་འགྲུབ་པར་འགྱུར། རྙེད་དང་
བདེ་དང་དགའ་ཀུན་གྱིས། །ཞེས་བྱ་བ་ལ་རྙེད་པ་ནི་བྱང་ཆུབ་ཀྱི་སེམས་རྙེད་པ་སྟེ། དེ་ཉིད་དགའ་བ་ཀུན་གྱིས་ཁྱད་པར་དུ་འཕེལ་བས་ཡིན་གྱི། སློངས་མོས་འཚོ་བ་ལ་སོགས་པ་དང་། དཀའ་ཐུབ་ཀྱི་སྦྱོར་བ་ལ་སོགས་པ་རྣམས་ནི་མི་མཐུན་པའི་ཕྱོགས་ཡིན་པས་ནམ་
ཡང་འགྲུབ་པར་མི་འགྱུར་ཏེ་སྤང་བར་བྱའོ། །དེས་ཞེས་བྱ་བ་ནི་གྲུབ་པའི་རྫས་ཀྱིས་ཏེ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། རང་བཞིན་དང་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ། རང་བཞིན་གྱི་སྔགས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་སུ་ཡོངས་སུ་བརྗེ་བ་སྟེ། སྔགས་
བཟླས་པ་དང་། རང་གི་ས་བོན་ཡོངས་སུ་གྱུར་པ་ལས་རང་བཞིན་ཡོངས་སུ་བརྗེ་བའོ། །སྣ་ཚོགས་ཞེས་བྱ་བ་ནི་ཁམས་ཀྱི་རང་བཞིན་ཏེ། མཁའ་འགྲོ་མ་རྣམ་པ་བཅྭ་བརྒྱད་དུ་ཕྱེ་བ་ཡིན་གྱི། བྷུ་བ་ལ་སོགས་པའི་ཁམས་ནི་མ་ཡིན་ནོ། །ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པ། །
ཞེས་བྱ་བ་ལ་ནམ་མཁའི་སྒྲས་ནི་སེམས་ལ་བྱ་སྟེ། ཇི་ལྟར་ནམ་མཁའི་ཁམས་ལ་སོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་བཞིན་དུ་ཐམས་ཅད་ཀྱི་གོ་སྐབས་སྟེར་བའི་ཕྱིར་རོ། །ཡང་ན་ཉན་ཐོས་ལ་སོགས་པའི་གནས་བསྲེགས་པས་ནམ་མཁའ་སྟེ། ནམ་མཁའ་དེར་བདུད་རྩིའི་
Vol. 78 · folio 93a
རང་བཞིན་གྱིས་རྒྱུ་ཞིང་སྤྱོད་པས་ན། དེ་ནི་ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་སོ། །སྣ་ཚོགས་ཀུན་ཏུ་ཕྱག་རྒྱ་སྟེ་ཞེས་བྱ་བ་ལ། །ཀུན་ཏུ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་དོ། །སྣ་ཚོགས་ནི་རྡོ་རྗེ་
འཛིན་ཆེན་པོ་སྟེ། དེའི་ཕྱག་རྒྱ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱག་རྒྱ་ཐམས་ཅད་དོ། །དེས་ན་སྣ་ཚོགས་ཕྱག་རྒྱ་སྟེ། སེམས་ཀྱི་རང་བཞིན་གྱིས་ཟླ་བ་དང་དམར་པོ་འགྲུབ་པའི་རྫས་དེ་དག་ཉི་ཤུ་རྩ་ལྔའི་བར་དུ་རྟག་ཏུ་གོམས་པར་བྱ་བས་སྟོབས་སུ་གྱུར་པའོ། །སྣ་ཚོགས་སྡོམ་
པ་ནི་རྣམ་པ་སྣ་ཚོགས་པའི་བདེ་བ་གྲུབ་པ་སྟེ། མཁའ་འགྲོ་ཀུན་ཞེས་བྱ་བ་ཁྲག་དང་མཉམ་པར་སྦྱོར་བའི་ཆོ་གས་སྔགས་པ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བར་གྲགས་པ་སྟེ། རང་ཉིད་སྐྱེས་པར་གྱུར་པའོ། །དེ་ཉིད་མེད་སེམས་ནི་དེ་ཁོ་ན་ཉིད་ཀྱི་སེམས་མེད་པ་སྟེ། ཕྱིན་ཅི་
ལོག་གི་སེམས་ཀྱིས་སྦྱོར་བའོ། །ལྷ་ལ་དམིགས་པ་ནི་འདོད་པའི་ལྷར་སྒོམ་པའོ། །ཤིན་ཏུ་དེ་ཉིད་སེམས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་བརྒྱན་པ་སྟེ། ཕྱིན་ཅི་མ་ལོག་པའི་མཚན་ཉིད་དོ། །དེ་ཡང་ཁྲག་ལ་སོགས་པའི་ཁམས་སངས་རྒྱས་རྣམས་ཀྱི་རང་
བཞིན་གྱི་དེ་ཁོ་ན་ཉིད་དེ་དངོས་གྲུབ་ཐམས་ཅད་ཀྱི་གནས་སོ། །ལུགས་མ་ལ་སོགས་པའི་རྣལ་འབྱོར་ནི་དེ་སྤངས་ནས་བཅོས་མ་སྒོམ་པར་བྱེད་པ་སྟེ། གང་གི་ཕྱིར་གཟུགས་བརྙན་མ་ཡིན་པས་སོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཇི་ལྟར་སྨིན་པའི་འབྲས་
བུ་བོར་ནས། ཤིང་གི་རྩ་བ་ལེན་པར་བྱེད་པ་བཞིན་དུ། རྣལ་མ་བོར་ཏེ་བཅོས་མ་ལ་ཆགས་པ་ཡང་བློ་གྲོས་དམན་ཞིང་ཤིན་ཏུ་བླུན་པར་སྟོན་ཏོ། །དེས་ན་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་ཕུན་སུམ་ཚོགས་པས་བདག་ཉིད་སྦྱོར་ཞིང་རྫོགས་པའི་རིམ་པས་སངས་རྒྱས་ཀྱི་སྐུ་
ལ་དམིགས་པ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དེ་ཉིད་ནི་མཆོག་ཏུ་མི་འགྱུར་བ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། དེས་ན་གཞན་ཡང་གཟུགས་བརྙན་དང་ལུགས་མ་ལ་སོགས་པ་སྤངས་ཏེ། ཁམས་སྣ་ཚོགས་ཀྱི་ཤེས་པ་ཉིད་
Vol. 78 · folio 93b
སངས་རྒྱས་ཐམས་ཅད་འདུས་པར་བརྟག་པར་བྱའོ། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས་ཞེས་བྱ་བ་ལ་བ་སྤུ་ནི་ལྟེ་བའི་དཀྱིལ་འཁོར་ཏེ་བུ་ག་ནི་ནམ་མཁའོ། །རྩེ་མོའི་བར་ཞེས་བྱ་བ་ནི་ཡི་གེ་བཅུ་དྲུག་ཡོངས་སུ་གྱུར་པའི་ཁམས་རྣམས་ཏེ། སྤྲོ་བ་དམ་ཚིག་
དཀྱིལ་འཁོར་ཏེ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ། །རང་གི་པདྨའི་ལྟེ་དབུས་སུ། །ཟླ་བར་གནས་པའི་ཧཱུྃ་ཡིན་ཏེ། །སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །ཕྱོགས་བཅུ་དག་ཏུ་སྤྲོ་བར་བྱེད། །ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱི། །སྔགས་
པས་ཐིག་གིས་བཏབ་པ་ཡི། །ལྟེ་བའི་དཀྱིལ་འཁོར་བཅུ་དྲུག་པར། །ཨ་སོགས་ཀྵ་ཡི་མཐར་ཐུག་པ། །ཐ་མ་ལས་ནི་སྔགས་བཏུ་བྱ། །ཕྱི་ནས་ཐིག་ལེར་ཆ་དང་བྲལ། །བཤང་དང་གཅི་བའི་རང་བཞིན་པས། །འདི་རུ་ཀྵ་ནི་སྤང་བར་བྱ། །ཡི་གེ་ཧ་ནི་ཡོངས་གྱུར་
པས། །ཡི་གེ་ཐམས་ཅད་ཡལ་ག་འདྲ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སངས་རྒྱས་ཀུན་དངོས་སྟོང་པ་ཡི། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །ཞེས་བྱ་བ་ནི་སྔགས་ཀྱི་མན་ངག་གོ། །ཀ་སོགས་ཡང་དག་གནས་པ་ཡི། །ཡི་
གེ་ལྷ་ཡི་གཟུགས་ཡིན་ཏེ། །ཨ་སོགས་དབྱངས་རྣམས་ཐམས་ཅད་ཀྱི། །སྔགས་ཀྱིས་སྒེག་ཅིང་བརྒྱན་པ་ཡི། །ལྷག་པའི་ལྷ་ནི་ཡི་གེ་ཧཱུྃ། །ལྟེ་བའི་དབུས་སུ་བསམ་པར་བྱ། །ལྟེ་བ་པདྨ་ཞེས་བྱ་སྟེ། །བསམ་པ་བསྒོམ་པར་བྱ་བ་ཡིན། །སངས་རྒྱས་ཀུན་དངོས་
སྟོང་པ་ནི། །རྣམ་ཤེས་ཧཱུྃ་གི་གཟུགས་ཉིད་དོ། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །སྒྲ་ཡི་གཟུགས་ཀྱིས་གནས་པའོ། །གང་ཕྱིར་གཞན་ཡང་འདི་དག་ནི། །ཇི་ལྟར་སངས་རྒྱས་ཀུན་དེ་བཞིན། །འདི་ནི་རྟག་ཏུ་འདོན་པ་དང་། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །
མགོ་དང་ཐིག་ལེ་རྣམ་སྤངས་པ། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །རང་གི་དབུས་གནས་རྡོ་རྗེ་ཅན། །ཡི་གེ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཞེས་བྱ་བ་ལ་ཡེ་ཤེས་ནི་སྤྱོད་ཡུལ་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཀུན་
Vol. 78 · folio 94a
ནས་ཤེས་པའི་ཡེ་ཤེས་ཏེ། དེ་ཉིད་ཀྱིས་ནི་བདག་ཉིད་སངས་རྒྱས་ཐམས་ཅད་དོ། །བདག་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་སྟེ། ཀུན་རྫོབ་ཡོངས་སུ་ཤེས་པ་ནི་སངས་རྒྱས་ཉིད་དོ། །དེ་ཉིད་ཀྱིས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་བོ། །ཐབས་གང་གིས་ཞེ་ན་དེ་ཁོ་
ན་ཉིད་སྣང་བ་ཞེས་བྱ་བའི་བར་དུའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་གསང་བ་ཞེས་བྱ་བ་ལ་
སོགས་པ་དེ་ཁོ་ན་ཉིད་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།སྦྱིན་སྲེག་ལས་ཀྱི་ཆོ་ག་ནི། །ཇི་བཞིན་བཤད་ཀྱིས་ལྷ་མོ་ཉོན། །རྒྱལ་སྲིད་ཕྱིར་ནི་སྔགས་པ་ཡིས། །སྟོང་ཕྲག་བཅུར་ནི་བཟླ་བར་བྱ། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་
སྟོང་ཕྲག་ལྔ་ནི་བྱ། །ཤ་ཆེན་འོ་མ་ལ་བསྒྲེས་པ། །རིམ་པ་འདི་ཡིས་བསྲེགས་ན་ནི། །དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །ཚུན་ཆད་ཕོ་བྲང་རྙེད་པར་འགྱུར། །དཔལ་ལྡན་རྒྱལ་སྲིད་ཆེ་གྲུབ་པ། །སུས་ཀྱང་གཞིག་པར་མི་ནུས་སོ། །མི་དང་བ་ལང་ཅེ་སྤྱང་ཤས། །དེ་བཞིན་
ངོ་མཚར་མཆོག་འགྱུར་ཏེ། །ཆང་དང་འོ་མར་སྦགས་ནས་ནི། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །གླིང་བདུན་ལ་ནི་དབང་བ་ཡི། །རྒྱལ་སྲིད་ལོངས་སྤྱོད་དཔལ་ཆེན་འགྱུར། །དེ་ནས་མཚམས་མེད་ལྔ་བྱེད་པ། །གང་གིས་གཞོམ་པར་འདོད་པ་དེས། །དུག་དང་ཁྲག་
དང་མར་ནག་བཅས། །མི་ཡི་རུས་པ་བསྲེགས་བྱས་ཏེ། །ཚེར་མ་ཅན་གྱི་ཤིང་དང་ནི། །དེ་བཞིན་ཕུབ་མ་མི་སྐྲར་བཅས། །ཤན་པ་ཡི་ནི་མེ་སྦར་ལ། །གཅེར་བུ་སྐྲ་ནི་ལྷུག་པ་ཡིས། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཁྲོ་དང་བཅས་པས་ཉིན་ཕྱེད་ན། །སེམས་མི་
གཡེང་བས་བསྲེག་པའམ། །ཡང་ན་གོས་སྔོན་གྱོན་ནས་སུ། །མཚན་ཕྱེད་ན་ནི་བསྲེག་པར་བྱ། །སྔགས་ཀྱི་མཐར་ནི་མིང་དང་སྦྱར། །དགྲ་བོ་སྟོབས་དང་ལྡན་པ་ཡང་། །དཔུང་དང་བཅས་པར་བརླག་འགྱུར་ན། །ཕལ་པ་ལ་ལྟ་ཅི་ཞིག་སྨོས། །དེ་ནས་དགྲ་བོ་
Vol. 78 · folio 94b
སྟོབས་ཀྱིས་ནི། །དྲེགས་པ་བསྐྲད་པའི་ཆོ་ག་བཤད། །ཁྭ་ཡི་གཤོག་པ་ཞག་དང་ནི། །ནི་མ་པའི་ཁུ་བར་བསྲེས་པ་དག །ཤ་ཟའི་ཤིང་ལ་མེ་སྦར་ཏེ། །རླུང་དུ་བལྟས་ཏེ་བསྲེག་བྱས་ན། །མཚན་མོ་བདུན་ནི་ཚུན་ཆད་ཀྱིས། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་
དབྱེ་བ་བཤད་པར་བྱ། །སྨྱོ་བྱེད་མེ་ནི་འབར་བ་ལ། །ནི་མ་པ་ཡི་ནི་ལོ་མ་དང་། །སྦྲུལ་གྱི་པགས་པར་བསྲེ་བྱས་ལ། །བྱ་རོག་དང་ནི་འུག་པ་ཡི། །ཚང་གི་ཤིང་དང་བཅས་པ་དག །བརྒྱ་རྩ་བརྒྱད་དུ་བསྲེགས་ན་ནི། །མཛའ་བཤེས་གཉེན་འདུན་བཅས་པ་དང་། །
སྐྱེ་བོ་ཐམས་ཅད་སྡང་བར་འགྱུར། །དེ་ནས་དགུག་པ་བཤད་བྱ་སྟེ། །བསྒྲུབ་བྱ་ཤིང་གི་སྟན་ལ་ནི། །རོལ་པར་བཅས་ཤིང་གཡོ་དང་བཅས། །རླུང་གིས་གདོང་ནི་སྟེང་དུ་བལྟ། །ལི་ཁྲི་ལྟ་བུའི་མདོག་ཏུ་བསམ། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྔགས་ཀྱི་མཐར་
ནི་ཛ་བཟླས་ཏེ། །བསྒྲུབ་བྱའི་སྙིང་གི་པདྨ་དབུག །བུད་མེད་ཡིན་ན་སྐྱེ་གནས་དབུག །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །དེ་ནས་ཆོ་ག་གཞན་བཤད་པ། །དགུག་པ་ལ་སོགས་ཇི་བཞིན་འབྱུང་། །དུམ་བུ་གཅིག་པའི་ཐོད་པ་ནི། །གཟུགས་མཛེས་མ་ཆག་མ་
གསལ། །བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །འདབ་མ་རློན་པ་བརྒྱ་ལ་ནི། །ཁྲག་དང་གོ་རོ་ཙ་ནར་བཅས། །དྷ་དུ་ར་ཡི་སྨྱུག་གུ་ཡིས། །སྔགས་ནི་མིང་དང་བཅས་པར་བྲི། །ཐོད་པའི་ནང་དུ་བཞག་ནས་སུ། །བསྒྲུབ་བྱ་དམར་པོ་རས་ཀྱིས་གཡོགས། །སྔགས་ཀྱི་ང་རྒྱལ་
བསྒྱིངས་ནས་སུ། །འདབ་མ་རེ་རེ་བཟུང་ནས་ནི། །གོ་བཟློག་སྙིང་པོའི་གསང་སྔགས་ནི། །ཟློས་ཤིང་འདབ་མ་ཐམས་ཅད་བསྲེག །ཡིད་ལ་བསམས་བཞིན་འགུགས་པར་འགྱུར། །དེ་ནས་གཞན་ཡང་ཙནྡ་ན་ནི། །དམར་ལས་བསྒྲུབ་བྱའི་གཟུགས་བྱས་ལ། །རང་ཁྲག་གོ་རོ་ཙ་
ནར་བཅས། །མིང་བྲིས་བསྒྲུབ་བྱའི་སྙིང་གར་གཞུག །ཚ་བ་གསུམ་གྱིས་བྱུགས་ནས་སུ། །སྙིང་ག་ལྟེ་བ་གསང་བའི་གནས། །ཟངས་མའི་ཁབ་ཀྱིས་དབུག་བྱས་ན། །མཚན་ཕྱེད་ན་ནི་འདོད་བཞིན་འགུགས། །གསེར་བཙག་གིས་ནི་སྐྱེ་གནས་ཀྱི། །གཟུགས་བྲིས་དེ་ཡི་
Vol. 78 · folio 95a
སྟེང་དུ་ནི། །ལག་པ་གཡོན་པ་གཞག་བྱས་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །གང་གི་མིང་ནས་བཟུང་གྱུར་པ། །དེ་ནི་དེ་མོད་འོང་བར་འགྱུར། །རླུང་གིས་གཙུབས་པའི་ཤིང་ལོ་ལ། །ཁྭ་ཡི་སྒྲོ་ཡི་སྨྱུག་གུ་ཡིས། །མིང་དང་བཅས་པའི་འཁྲུལ་འཁོར་ནི། །
མཆི་མ་ལས་ནི་བྲིས་ནས་སུ། །གྱེན་དུ་ལྡང་བའི་ཚུབ་མར་བསྐུར། །ཆོ་ག་དེས་ནི་བསྐྲད་པར་འགྱུར། །སྤྲེའུའི་རུས་པའི་ཕུར་བུ་ནི། །སོར་དྲུག་པ་ཡི་ཚད་དུ་བྱ། །སྔགས་ནི་ལན་བདུན་བཟླས་ནས་སུ། །གང་གི་ཁྱིམ་སྒོར་སྦས་ན་ནི། །དེ་ཡི་རིགས་ནི་ཆད་པར་འགྱུར། །བ་གླང་རྟ་
དང་གླང་ཆེན་དང་། །བོང་བུ་རྔ་མོ་མ་ཧེ་ཡི། །གནས་སུ་སྦས་ན་བརླག་པར་འགྱུར། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །བསྒྲུབ་བྱ་རྔ་མོའི་སྟེང་དུ་བསྐྱོན། །གཅེར་བུ་མར་ཁུས་བྱུགས་པ་དང་། །སྐྲ་གྲོལ་ཁ་ནི་ལྷོ་རུ་བལྟས། །སྐྱབས་མེད་ངུ་ཞིང་བརྒྱལ་བར་བསམ། །མགྲིན་པ་
ཞགས་པས་བཅིངས་ནས་སུ། །རྒྱབ་ནས་ཁྲོ་བོས་རྡེག་བྱེད་ཅིང་། །ཁམས་གསུམ་གནོན་པའི་བསམ་པ་ཡིས། །མེ་ཡི་མཚམས་སུ་གདོང་བལྟས་ཏེ། །སྔགས་ཀྱི་མཐར་ནི་ཛ་བཟླས་ན། །ཇི་ལྟར་འདོད་བཞིན་འགྲུབ་པར་འགྱུར། །རྟ་དང་མ་ཧེར་ཞོན་པ་ཡི། །དགྲ་བོ་ནང་ནི་
ཕན་ཚུན་དུ། །མཚོན་ཆ་ཐོགས་ནས་ཁྲོས་ནས་ནི། །ཕན་ཚུན་དཔུང་དང་བཅས་པ་རུ། །འཐབ་མོ་བྱེད་པ་བསྒོམ་པར་བྱ། །སྔགས་པ་གཡུལ་དུ་ཁ་བལྟས་ཏེ། །དེ་ཡི་མིང་དང་སྤེལ་བ་ཡི། །ཡི་གེ་ར་ནི་བྲི་བར་བྱ། །གདོང་ནི་སྟེང་དུ་བལྟ་བར་བསམ། །སྒྲུབ་པོ་རོ་ཡི་
སྟེང་དུ་ནི། །རྡོ་རྗེ་སྐྱིལ་ཀྲུང་མི་གཡོར་གནས། །དེ་ཡིས་བསྒྲུབ་བྱ་མནན་ནས་སུ། །ལུས་དང་ངག་ནི་གཟིར་བར་བྱ། །སྔགས་ནི་མིང་དང་སྤེལ་བ་རུ། །སྔ་མ་བཞིན་དུ་བཟླ་བར་བྱ། །བཅིང་བའི་ཆོ་གའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་
བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་དང་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།
Vol. 78 · folio 95b
ད་ནི་སྦྱིན་སྲེག་ཆོ་ག་གཞན། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །བསྒེགས་པའམ་ནི་གཞན་ཡང་རུང་། །རྨ་མེད་ཤིན་ཏུ་མཛེས་པ་ནི། །འབྱུང་པོའི་ཉིན་ཞག་ལ་རྙེད་པ། །སྒྲུབ་པོས་སྔར་བཤད་བཞིན་བསྒྲུབས་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་འགྲུབ། །ཟླ་མཚན་ཕྱིས་
པའི་རས་མ་ནི། །བྱི་ལའི་རྟུག་པར་བཅས་པ་དག །ཞིབ་ཏུ་བརྡུངས་པས་བདུག་པ་བྱ། །བདུག་པ་འདི་ཡིས་སྒྲུབ་པ་པོ། །ཤིན་ཏུ་བྱིན་གྱིས་རློབ་པར་འགྱུར། །ཁྱི་མོ་ནག་མོའི་འོ་མ་དང་། །མ་ཤ་འབྲས་བུ་བཅས་པ་ལས། །འོ་ཐུག་བྱས་ཏེ་རོ་ཡི་ཁར། །འཇིགས་པ་
མེད་པར་སྦྱིན་སྲེག་བྱ། །དེ་ནས་རོ་དེ་ལངས་ནས་ནི། །ཅི་བགྱི་ཞེས་ནི་སྨྲ་འགྱུར་ཏེ། །རིལ་བུ་མིག་སྨན་དངོས་གྲུབ་དང་། །རྐང་བྱུག་རལ་གྲི་དེ་བཞིན་ཏེ། །གཏེར་དང་དགྲ་བོ་ཚར་གཅོད་དང་། །གནོད་སྦྱིན་མོ་དང་བཅུད་ཀྱིས་ལེན། །གང་བསླངས་གཅིག་ནི་བྱིན་ནས་
སུ། །འགྲོ་བར་འགྱུར་གྱི་གཞན་དུ་མིན། །དཔའ་བོ་རྣམས་དང་རྩེ་འགྱུར་བ། །གཞན་དག་ཏུ་ནི་ང་མི་སྨྲ། །དེ་ནས་རོ་ལངས་ཆེན་པོ་ཡི། །སྒྲུབ་ཐབས་གཞན་ནི་བཤད་པར་བྱ། །སྔར་བསྟན་མཚན་ཉིད་ལྡན་པ་ཡི། །རོ་ནི་མཛེས་པ་བཟུང་ནས་ནི། །རྣལ་འབྱོར་ཆེན་
པོར་ལེགས་གནས་པ། །མཚན་ཕྱེད་ན་ནི་བསྒོམས་ནས་སུ། །དེ་ཡི་ཤ་ནི་དམར་ཆེན་བཅས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །མཁའ་འགྲོ་མ་ཡིས་བསྐོར་གྱུར་ཅིང་། །རོ་ལངས་སྲིན་པོ་དུ་མས་བསྐོར། །ཧ་ཧར་བཞད་པས་འཇིགས་
བྱེད་པ། །དེར་ནི་དྲུང་དུ་འོང་བར་འགྱུར། །ཅེ་སྤྱང་བརྒྱ་ཕྲག་མང་པོ་ནི། །བསྐོར་ནས་འཇིགས་པའི་སྒྲ་སྒྲོགས་བྱེད། །དེ་མཐོང་འཇིགས་པར་མི་བྱ་སྟེ། །སྔགས་ཀྱིས་བསྒྱིངས་པའི་ལུས་སུ་བྱ། །རྡོ་རྗེ་བརྟུལ་ཞུགས་བདག་ཉིད་སེམས། །ཀྱེ་ཧོ་དཔའ་བོ་ཆེན་པོ་ལེགས། །
ལྷ་མོས་དེ་སྐད་བརྗོད་ནས་ནི། །སྒྲུབ་པོ་ཡིད་ལ་གང་འདོད་པའི། །དངོས་གྲུབ་བརྒྱ་ཡང་སྟེར་བར་འགྱུར། །རྣལ་འབྱོར་མ་ཡིས་ཡོངས་བསྐོར་ཏེ། །དཔའ་བོ་རང་གི་གནས་སུ་འགྲོ། །དེ་ནི་དེ་ཡི་མོད་ལ་ཡང་། །ལྷ་ཡི་ལུས་སུ་གྱུར་ནས་ནི། །ཁམས་གསུམ་ཀུན་
Vol. 78 · folio 96a
ཏུ་རྒྱུ་བར་འགྱུར། །དཔའ་བོ་འདོད་པའི་གཟུགས་ཅན་ཏེ། །སྐལ་བཟང་དེ་བཞིན་གཤེགས་པ་འདྲ། །རྟག་ཏུ་ནམ་མཁའ་འཕུར་བ་དང་། །རྒ་དང་འཆི་བ་རྣམ་པར་སྤོང་། །ས་གཞི་ཀུན་ཏུ་རྒྱུ་འགྱུར་ཞིང་། །ཇི་ལྟར་འདོད་བཞིན་དངོས་གྲུབ་འཇུག །དེ་ནས་ཉོན་
མོངས་ཞི་བྱ་དང་། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །རང་གི་ལྷ་ཡི་སྦྱོར་བར་གནས། །ནང་གི་སྦྱིན་སྲེག་བརྩམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །འོད་ཟེར་ཕྲེང་བ་འཁྲུགས་ཤིང་དྲག །འོད་ཀྱི་དཀྱིལ་འཁོར་ཕྲེང་བ་
ཅན། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ནི། །སྟོང་གསུམ་སྟོང་གི་རྡུལ་མཚུངས་པ། །ཁ་དོག་དཀར་ལ་སོགས་བཀུག་སྟེ། །ལུས་མཆོག་དེ་ལ་གཞུག་པར་བྱ། །འདི་ནི་ཞི་བའི་སྦྱིན་སྲེག་ཡིན། །རྒྱས་ལ་བྱང་ཆུབ་སེམས་དཔའ་དགུག །རེངས་པའི་གཟུགས་སུ་
ལྷག་པར་མོས། །ཤིན་ཏུ་ཉོན་མོངས་ཟད་བྱའི་ཕྱིར། །ཁྱད་པར་ཁྲོ་བོའི་གཟུགས་སུ་བྱ། །སྣ་ཚོགས་རྗེས་སུ་ཆགས་བྱའི་ཕྱིར། །བུད་མེད་ཀྱི་ནི་གཟུགས་སུ་བསམ། །འདི་ནི་ནང་གི་སྦྱིན་སྲེག་ཏུ། །སྒྲུབ་པོ་ཀུན་ལ་བསྟན་པ་ཡིན། །ཕུང་པོ་ལ་སོགས་བུད་ཤིང་ནི། །
ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ལྟེ་བའི་དཀྱིལ་འཁོར་ནས་འབར་བ། །ཡེ་ཤེས་མེ་ལ་བསྲེག་པར་བྱ། །ཚངས་པའི་མེ་ནི་རྐེད་པར་གནས། །ལ་ལ་ན་ནི་དགང་གཟར་ཏེ། །ར་ས་ན་ནི་བླུགས་གཟར་ཁ། །དབྱུག་པ་རྡོ་རྗེ་རིན་ཆེན་འོག །རང་གི་རྡོ་རྗེ་མཐའ་ཡི་བར། །
ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །རྫས་རྣམས་ཐམས་ཅད་བསྲེག་པར་བྱ། །འདི་ནི་བླ་མེད་སྦྱིན་སྲེག་གི། །ཆོ་གའི་རིམ་པ་ཉིད་ཡིན་ཏེ། །ལྷ་མོ་ཁྱོད་ལ་བཤད་པ་ཡིན། །དེ་ལྟར་བྱས་ན་ཏིང་འཛིན་ནི། ཉམས་པར་མི་འགྱུར་བརྟན་འགྱུར་པར། །རྒྱུད་རྣམས་ཀུན་
ལས་ཐུན་མོང་དུ། །ཆོ་ག་འདིས་ནི་རབ་ཏུ་གྲགས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་
Vol. 78 · folio 96b
ལས་རོ་ལངས་སྒྲུབ་པ་དང་། །ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བཞི་པའོ།། །།བགྲང་ཕྲེང་ཆོ་ག་ཇི་བཞིན་དུ། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །ཡང་དག་ཆོ་ག་གང་གིས་ནི། །འདི་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་
མུ་ཏིག་དང་། །ཁམས་ཀུན་ལ་སོགས་གཞན་ཡང་རུང་། །དུང་དང་ལུང་ཏང་མུ་མེན་ནི། །ཚེ་དང་ནད་མེད་འཕེལ་བར་བྱེད། །གསེར་དང་དེ་བཞིན་དངུལ་དང་ནི། །ཁྱད་པར་པདྨའི་ས་བོན་དང་། །རིན་ཆེན་ཕྲེང་བ་མཛེས་པ་ནི། །མཁས་པ་ཡིས་ནི་བགྲངས་ནས་སུ། །རྒྱལ་
སྲིད་ཕྱིར་ནི་སྔགས་བཟླས་ན། །དཔལ་ཆེན་མྱུར་དུ་འཐོབ་པར་འགྱུར། །གུར་གུམ་ལ་སོགས་དྲི་དང་ནི། །ཁྱད་པར་དུ་ཡང་བྱི་རུ་དང་། །ཙནྡན་དམར་པོ་དངུལ་ལ་སོགས། །སྒྲུབ་པ་པོ་ཡིས་རིལ་བུ་བྱ། །ཞེན་ཅིང་རྗེས་སུ་ཆགས་པ་མཆོག །སྒྲུབ་པ་པོ་ལ་འབྲས་བུ་སྟེར། །
རུ་རག་ལུང་ཏང་ས་བོན་དང་། །མི་ཡི་རུས་པ་དེ་བཞིན་ཏེ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཁྱད་པར་དུ་ནི་མངོན་སྤྱོད་ལའོ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པུ་ཏྲཾ་ཛཱི་བ་ལས་ཀུན་བྱེད། །སྔགས་མཉེས་པ་ལ་ལྔ་བཅུ་སྟེ། །རྗེས་སུ་ཆགས་པར་དེ་ཡི་ཕྱེད། །ཞི་བ་ལ་ནི་
བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་བྱེ་བྲག་གིས་ནི་སྦྱར། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། །བགྲང་བའི་ཕྲེང་བ་རྣམས་ནི་བྱ། །གསེར་གྱི་སྐུད་པས་བརྒྱུ་བར་བྱ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཡང་ན་རས་བལ་སྐུད་
པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང་། །ཡན་ལག་ཤིན་ཏུ་རྫོགས་པ་དང་། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པས་བརྒྱུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །རིལ་བུ་རྣམས་ནི་དགྲ་བཅོམ་སྟེ། །སྟེང་མ་མཆོད་རྟེན་དུ་ནི་བརྟག །
མཆོད་རྟེན་ཆོས་ཀྱི་དབང་པོ་པས། །ཆོས་ཀྱི་དབྱིངས་ནི་དབུས་སུ་བྱ། །བསྐྲད་ལ་བྱ་རོག་སྤུ་དང་ནི། །བོང་བུ་རྔ་མོའི་སྤུ་ལས་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །ཕན་ཚུན་སྡང་བའི་སྐུད་པར་བྱ། །དུར་ཁྲོད་སྐྲ་ཡི་སྐུད་པ་དང་། །ཁྱི་ཡི་སྤུ་དང་བསྲེས་ཏེ་བཀལ། །དྲག་པོའི་ལས་
Vol. 78 · folio 97a
ལ་ཁྱད་པར་དུ། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོ་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་
འགུགས་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་
ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་བཟླས་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།དེ་ནས་པདྨར་རྡོ་རྗེ་བཅུག་པ་བསྐྱོད་ཅིང་གར་བྱས་ཏེ། བཅོམ་ལྡན་འདས་ལ་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །གཙུག་ལག་ཁང་དང་ཁང་བཟངས་དང་། །
མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང་། །ཁྱིམ་དང་ལྡུམ་ར་ལ་སོགས་པ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང་། །སློབ་མ་ས་གཞི་གཟུང་བ་དང་། །བུམ་པ་སྟ་གོན་གནས་པ་ཉིད། །བསྲུང་བའི་ཆོ་ག་སྔོན་འགྲོ་བའི། །ལྷ་དང་སློབ་མ་སྟ་གོན་གནས། །ཡེ་ཤེས་སྐུད་པ་ཚོན་རྩི་
རྣམས། །མདོར་བསྡུས་ནས་ནི་བཤད་དུ་གསོལ། །སློབ་མ་ཡི་ནི་ཆོ་ག་དག །ཇི་བཞིན་བཤད་ཀྱིས་ལྷ་མོ་ཉོན། །སྔར་བཤད་མཚན་ཉིད་ལྡན་པ་དང་། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དངོས་པོ་ཀུན་གྱིས་གསོལ་བ་
གདབ། །སླར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར། །སློབ་མ་ཡིས་ནི་བླ་མ་ལ། །ཡང་དང་ཡང་དུ་གསོལ་བར་བྱ། །གསོལ་ནས་བླ་མས་སྨྲ་བྱ་སྟེ། །ཡོ་བྱད་ཐམས་ཅད་འབྱོར་རམ་ཅི། །ཅུང་ཟད་ཅིག་ནི་འབྱོར་གྱུར་ལ། །ཁ་ཅིག་དག་ནི་མ་འབྱོར་ཅེས། །སྨྲ་ན་སློབ་དཔོན་བདག་ཆེན་
གྱིས། །དེ་ཡི་སེམས་ནི་བརྟག་པར་བྱ། །བརྟན་པ་ལ་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་རུ། །འདྲེན་མ་ལ་ནི་འདྲེན་མར་ཤེས། །སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བ། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་
Vol. 78 · folio 97b
བས་ཀུན་ནས་འཁྲིགས་པར་བསྒོམ། །བྃ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་ནི་སྣ་ཡི་སྒོ་ནས་དབྱུང་། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ལ། །དེ་ནི་ཀུན་ནས་ཟ་བར་བསྒོམ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། །སརྦ་པཱ་པྃ་ད་ཧ་ད་ཧ་བྷ་སྨིྃ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། བསྒྲུབ་
བྱ་ལྷ་གཟུགས་བསྐྱེད་ནས་སུ། །སྲུང་བདག་ནི་དགོད་པར་བྱ། །དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ། །བརྟག་པ་རུ་ནི་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་དག་ནི་བརྟགས་ན་འགྲུབ། །གྲོང་དང་དུར་ཁྲོད་ཚོང་དུས་དང་། །ཚལ་དང་ལྷ་ཁང་གྲོང་ཁྱེར་
གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །གཙུག་ལག་ཁང་གི་གནས་ཁང་དང་། །ཚལ་དང་རི་རྩེ་རྡོ་ལེབ་དང་། །ཁང་བཟངས་ཀྱི་ནི་སྟེང་ཕྱོགས་དང་། །དུར་ཁྲོད་དང་ནི་ལྷ་ཡི་ཁྱིམ། །ས་ཡི་ཆ་ནི་ཇི་སྙེད་པ། །རྒྱུད་རྣམས་ཀུན་ལ་བསྔགས་པ་
ཡིན། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཡང་ན་ཡིད་ནི་གར་དགའ་བར། །དེ་རྣམས་སུ་ནི་དཀྱིལ་འཁོར་བྲི། །དམན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡོ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང་། །ཚེར་མ་ལ་སོགས་བསལ་
ལ་བཅག །ཕྱི་ནས་མཐོ་གང་ཚད་དུ་བརྐོ། །དེ་ནི་ཆུ་ཡིས་རབ་བཀང་ལ། །ཤར་དུ་བལྟས་ཏེ་གོམ་བརྒྱར་འགྲོ། །སླར་ལོག་ལས་ནི་བརྟག་པར་བྱ། །ཆུ་ནི་གང་བར་གནས་ན་ཤིས། །བསྐམས་ན་སྔགས་པས་སྤང་བར་བྱ། །སྔོན་དུ་འབྲུ་ལ་སོགས་པ་གཞུག །དེ་ལྟར་ས་ཡི་ཆ་
སྦྱངས་ལ། །ལྃ་གྱི་ས་བོན་ལས་བྱུང་བའི། །གོས་དང་རྒྱན་གྱིས་རྣམ་པར་བཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །འོད་ཟེར་སེར་པོ་ཀུན་ཏུ་འབར། །ས་ཡི་ལྷ་མོ་ལག་པ་ན། །གསེར་གྱི་བུམ་པ་ཐོགས་པ་ནི། །ལུས་ཕྱེད་ས་ལ་གནས་པ་རུ། །བལྟས་ཏེ་ལག་པ་གཡས་
པ་ནི། །ས་ལེ་རེག་ན་བསྐུལ་བར་བྱ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་དེ་བི་པྲྀ་ཐྭཱི་ལོ་ཀ་མཱ་ཏ་རེ། སརྦྦ་རཏྣ་སྃ་བཱུ་རྞྞ་དི་བྱ་ཨ་ལངྐཱ་ར་བྷཱུ་ཥི་ཏེ་ཧཱ་ར་ནཱུ་བུ་ར་ནི་རྒྷོ་ཥ་བཛྲ་ས་ཏྭ་པྲ་པཱུ་ཛི་ཏེ་གྲྀ་ཧཱི་ཏྭཱ། ཨི་དྃ་ཨརྒྷྃ་ཨསྨིན་སནྣི་ཧི་ཏོ་བྷ་བ་ཧྲཱིཿཧི་ཧི་ཧི་ཧི་སྭཱ་ཧཱ། མེ་ཏོག་དྲི་ལ་སོགས་མཆོད་ནས། །དེ་ཉིད་དུ་ནི་ཐིམ་
Vol. 78 · folio 98a
པར་བསམ། །ཁང་བཟངས་རྡོ་ལེབ་གཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅག །བ་གླང་ལྷས་དང་རྒྱ་མཚོའི་འགྲམ། །ལག་པ་ས་ལ་བཞག་ནས་སུ། །རང་གི་སྙིང་པོ་བརྒྱད་བརྒྱར་བཟླ། །དེར་ནི་བརྐོ་སོགས་བྱ་མི་དགོས། །དེ་ལྟར་སྦྱངས་པའི་
ས་གཞི་ལ། །དཀྱིལ་འཁོར་དང་ནི་རྗེས་མཐུན་པའི། །རིན་ཆེན་ལ་སོགས་བཞི་འགྱུར་གྱི། །དཀྱིལ་འཁོར་གྱི་ནི་ཁང་པ་བྱ། །ཨོཾ་ཨཱཿལྃ་ཧཱུྃ་ཞེས་བརྗོད་ནས། །ས་འོག་རྡོ་རྗེའི་དངོས་པོར་བྱ། །ཨོཾ་མེ་དི་ནི་བཛྲི་བྷ་བ་ཧཱུྃ། །ཁུང་ནི་རིམ་པ་འདི་ཡིས་དགང་། །དེ་དབུས་ཁྲོ་
བོ་ཆེན་པོ་ནི། །བསྐལ་པའི་མེ་ལྟར་འབར་བ་བསྒོམ། །དེ་ནས་ཁྲ་ཡི་གདོང་སོགས་ནི། །སྟེང་ནི་ཁྲོ་མོའི་གཟུགས་ཅན་ལ། །ལྟེ་བ་མན་ཆད་རྩེ་གཅིག་པ། །རྡོ་རྗེ་ཡི་ནི་གཟུགས་སུ་སྤྲོ། །བགེགས་ཀྱི་ཚོགས་ལ་འོག་གཟིགས་པའི། །བསྒྱིངས་བཅས་སྔགས་ནི་ཟློས་བཞིན་
དུ། །དེ་རྣམས་སྙིང་གར་གདབ་པར་བྱ། །ཨོཾ་བཛྲ་ཌཱ་ཀི་ནཱི་སརྦྦ་བིགྷྣཱན་ཨ་ནུ་ཙྪེ་ད་ཡ་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་ནས་སྔར་བསྟན་ས་དབུས་སུ། །རྡོ་རྗེ་འཛིན་ཆེན་སྦྱོར་བ་ཡིས། །བདག་ཉིད་ཉེ་བར་གནས་ནས་ནི། །ནམ་མཁའ་དང་ནི་མཚུངས་པར་བསྒོམ། །དོན་དམ་ལ་ནི་ལྟ་བ་སྟེ། །
འདི་ནི་སྲུང་བའི་དམ་པ་མཆོག །གང་ཞིག་སྲུང་བའི་ཆོ་ག་ཀུན། །འདི་ཉིད་དུ་ནི་བརྟགས་པ་ཡིན། །དེ་ནས་རྡོ་རྗེ་མདའ་ཡི་ནི། །དྲ་བ་རྡོ་རྗེ་ར་བ་དང་། །རྡོ་རྗེའི་རང་བཞིན་ས་རུ་བྱ། །རྒྱལ་པོ་ཆེན་པོ་ར་བསྒྱིངས་བྱས་ལ། །དཀྱིལ་འཁོར་ས་ལ་ཧཱུྃ་ཞེས་བརྗོད། །རྡོ་རྗེའི་
འགྲོས་ཀྱིས་ཀུན་ཏུ་བསྐོར། །བདུད་རྩི་ལྔས་ནི་ཀུན་ཏུ་བྱུག །དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙནྡན་སོགས་པས་གྲུ་བཞིར་བྱ། །ཕལ་པ་ཡི་ནི་གནས་རྣམས་སུ། །སོ་སོར་ཟླུམ་པོར་བྱས་ནས་ནི། །ལྷ་ཡི་འཁོར་ལོ་ཆོ་ག་བཞིན། །མེ་ཏོག་སོགས་པས་མཆོད་
པར་བྱ། །དེ་ནས་རིན་ཆེན་གསེར་དང་དང་དངུལ། །ཟངས་སམ་འཇིམ་པ་དག་ཀྱང་རུང་། །ཇི་ལྟར་འབྱོར་པའི་རྗེས་མཐུན་པར། །བུམ་པ་དག་ནི་བྱ་བ་སྟེ། །རྩ་བ་ནག་པོ་ལ་སོགས་སྤང་། །ལྟོ་ཡང་བུམ་པ་བཟང་པོའི་དབྱིབས། །བྱཱ་གྷྲི་སེང་གྲི་དབྱུག་པ་ཡི། །ཨུཏྤ་ལ་དང་
Vol. 78 · folio 98b
གཞན་མི་ཐུབ། །ས་ཧ་དེ་བའི་སྨན་ཆེན་བཅས། །གསེར་དང་དངུལ་དང་མུ་ཏིག་དང་། །མུ་མེན་བྱི་རུ་རིན་ཆེན་ལྔ། །ཏིལ་དང་ནས་དང་གྲོ་དང་ནི། །མོན་སྲན་གྲེའུ་དང་མུ་དགར་བཅས། །ག་བུར་ཙནྡན་དམར་པོ་སོགས། །སྨན་གྱི་ཆུ་ཡིས་དགང་བར་བྱ། །དེ་ལྟར་དམ་ཚིག་ཆེན་པོ་
ཡི། །མེ་ཏོག་ཆུ་དང་ལྡན་པར་བྱ། །དངོས་པོ་རང་བཞིན་དག་པའི་ཕྱིར། །ཡིད་འོང་མི་འོང་བརྟག་མི་བྱ། །དངོས་ཀུན་རྟོག་པ་ལས་བྱུང་བས། །ཡིད་འོང་མི་འོང་དཔྱད་མི་བྱ། །རྫས་ཀྱི་ནུས་པ་བསམ་མི་ཁྱབ། །སངས་རྒྱས་ཉིད་དུ་འབབ་པར་འགྱུར། །དཔེར་ན་སྤ་ཡི་རྩ་བ་
ནི། །དཀར་པོ་ནག་པོ་རྣ་བ་དང་། །དཔྲལ་བར་བྱུགས་པས་བུད་མེད་ཀྱི། །ཟླ་མཚན་འཛག་པ་ཞི་བར་འགྱུར། །གླང་ཆེན་གཅིན་དང་ག་བཀྵ། །དཀར་པོའི་ས་བོན་མིག་བསྐུས་ན། །ལྟོ་ནི་འཁྲུ་བར་འགྱུར་བ་བཞིན། །འདིར་ཡང་ཡོ་བྱད་ཁྱད་པར་ཅན། །སྦྱངས་ལ་ཉེ་བར་སྤྱོད་པ་
ཡིས། །ཁྱད་པར་འབྲས་བུ་འཐོབ་པར་འགྱུར། །དཔེར་ན་སྔགས་ཀྱིས་སྦྱངས་པའི་དུག །ཟོས་པས་ནད་རྣམས་ཐམས་ཅད་ནི། །འཇོམས་ཤིང་བཅུད་ལེན་ཉིད་དུ་འགྱུར། །དེ་བཞིན་འདིར་ཡང་བརྟག་པར་བྱ། །ཐམས་ཅད་རང་རང་མཚན་མ་དང་། །སོ་སོའི་སྔགས་ཀྱིས་མངོན་
པར་བཟླ། །མཚན་མར་རང་རང་མདོག་ཏུ་བྱ། །མགྲིན་པར་རས་ཟུང་སར་པས་དཀྲི། །ཁ་ནི་ཤིང་ལོ་སར་པས་དགབ། །ཀུ་ཤའི་ཆུན་པོ་འོག་ཏུ་གདིང་། །ཁ་དོག་བཙོས་པའི་སྐུད་པས་བརྒྱན། །ལྷག་པར་གནས་ཤིང་མཆོད་བྱས་ནས། །བདུག་སྤོས་དག་ནི་ཕུལ་ནས་སུ། །
འཁོར་ལོའི་དབུས་སུ་གཞག་པར་བྱ། །དེ་ནས་པུས་མོ་གཡས་པ་ནི། །ས་ལ་བཙུགས་ཏེ་སྤྱིས་གཏུགས་ལ། །འདི་སྐད་བརྗོད་དེ་མཁྱེན་པར་གསོལ། །དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །
བདག་ནི་དེ་རིང་འདྲི་བར་འཚལ། །ཇི་བཞིན་རེ་བ་བཀང་བ་དང་། །སེམས་ཅན་རྣམས་ལ་སྨན་སླད་དུ། །མགོན་པོས་གུས་ལྡན་བདག་ལ་ནི། །བཀའ་དྲིན་དག་ནི་གནང་བར་གསོལ། །དེ་ལྟར་ལན་གསུམ་བརྗོད་བྱ་ཞིང་། །བུམ་པ་སྟ་གོན་གནས་ནས་སུ། །སངས་རྒྱས་
Vol. 78 · folio 99a
འཇིག་རྟེན་མགོན་པོ་རྣམས། །དེ་རིང་བདག་ལ་བརྩེ་བས་དགོངས། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །བསྟན་པ་ལ་ནི་དགའ་བ་ཡི། །འབྱུང་པོ་རྫུ་འཕྲུལ་
ཆེན་པོ་དང་། །གང་ཡང་ལྷ་ཡི་སྤྱན་ཅན་རྣམས། །རྡོ་རྗེ་ཅན་བདག་འདི་ཞེས་བྱས། །དཀྱིལ་འཁོར་དགེ་བ་འདི་ཞེས་པ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དེ་རིང་འདྲི་བར་འཚལ་ལགས་ན། །དཀྱིལ་འཁོར་དང་ནི་བཅས་པ་ཡི། །བདག་དང་སློབ་མའི་ཚོགས་བཅས་ལ། །
ཀུན་གྱིས་བྱིན་རློབ་ཉེ་བར་བཞུགས། །ཆོ་ག་བཞིན་དུ་ལན་གསུམ་བརྗོད། །དེ་ནས་སར་པ་ལེགས་པར་བསྒྲིལ། །ཚད་ལྡན་ཤིན་ཏུ་མཛེས་པ་ཡིས། །སྐུད་པས་ཤེས་རབ་ཅན་ཐིག་གདབ། །ཆོ་ག་བཞིན་དུ་མེ་ཏོག་མཆོད། །ཉི་ཤུ་རྩ་ལྔར་ཕྱེ་བ་ཡི། །སྐུད་པ་དག་ནི་བརྐྱང་
བར་བྱ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་སྐུད་བརྐྱང་བའི་རིམ་པ་འདིས། །དཀྱིལ་འཁོར་དག་ནི་ཆ་བརྒྱད་བྱ། །ཕྱེད་ནི་ལག་པར་བསྡོགས་ནས་སུ། །ཐིག་གདབ་ཆོ་ག་བརྩམ་པར་བྱ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ནི། །ལྟེ་བར་བཞག་སྟེ་གཟུང་བར་བྱ། །
དེ་ཡི་འོག་ཏུ་ཅི་བདེར་བྱ། །སྔགས་པ་ཤར་དུ་ཁ་བལྟས་ཏེ། །ཕྱོགས་ཀུན་མཉམ་པར་དམིགས་ནས་སུ། །མཉམ་ཞིང་ཚད་དང་ལྡན་པ་རུ། །ཚངས་པའི་ཐིག་གཉིས་བྲི་བར་བྱ། །མེ་མཚམས་གནས་ཏེ་རླུང་དང་ནི། །བདེན་བྲལ་གྲྭར་གནས་དབང་ལྡན་དུ། །སྔགས་
པ་ཤར་དང་ལྷོར་བལྟས་ལ། །སྐུད་པ་དག་ནི་གདབ་པར་བྱ། །འདིར་ནི་སློབ་དཔོན་སློབ་མ་དག །གཡས་ཕྱོགས་སུ་ནི་བསྐོར་བར་བྱ། །སློབ་མ་མེད་ན་རང་ཉིད་ཀྱིས། །ཕུར་བུར་བཏགས་ཏེ་བྲི་བར་བྱ། །ཉིས་འགྱུར་བྱས་ཏེ་ཕུར་བུར་གདབ། །ནང་གི་འཁོར་
ལོ་རྡོ་རྗེ་ར། །འོད་ཀྱི་དཀྱིལ་འཁོར་རིམ་གཉིས་སུ། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །གཡས་སྐོར་དུ་ནི་སྐུད་པ་བསྐོར། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་རུ། །མུ་ཁྱུད་མེད་པར་འདོད་པ་ཡིན། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །དེ་ཡི་ཕྱེད་ཀྱིས་འགྲམ་
Vol. 78 · folio 99b
པ་བྱ། །སྒོ་ཡི་སུམ་འགྱུར་ཏྭ་ར་ན། །བ་དན་དྲིལ་བུར་ལྡན་པ་ཡིན། །རྒྱལ་མཚན་བ་དན་རི་དགས་བཅས། །ཁ་ཁྱེར་ཚད་དང་ལྡན་པར་བྱ། །ཏྭ་ར་ན་ཡི་ཕྱི་རོལ་དུ། །ཚོན་གྱི་ས་ཡི་ཉིས་འགྱུར་དུ། །ཕྱི་ཡི་འོད་ཀྱི་དཀྱིལ་འཁོར་བྱ། །འཁོར་ལོ་དེ་ཡི་ཕྱི་རོལ་དུ། །ཤིང་ལ་སོགས་
པའི་དུར་ཁྲོད་བྱ། །གཞན་ཡང་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་པས་ནད་འབྱུང་སྟེ། །ཕྱོགས་ནི་འཁྲུལ་ན་སློབ་མ་མྱོས། །དེ་བས་སྐྱོན་མེད་ཤེས་པར་བྱ། །ཡེ་ཤེས་ཐིག་སྐུད་གཤེགས་
གསོལ་ནས། །དེ་ནས་ལས་འདི་བརྩམས་པར་བྱ། །འདོད་དང་ཐར་པ་རབ་སྟེར་བའི། །ཚོན་རྩི་དག་ནི་བསྐྱེད་པར་བྱ། །དཀར་དང་སེར་དང་དམར་དང་ལྗང་། །ཀུན་གྱི་ནང་རོལ་ནག་པོ་རུ། །ཚོན་གྱི་ཆ་ནི་རིམ་བཞིན་དགྱེ། །དེ་ནས་སློབ་མས་ཅི་དགར་དགྱེ། །ཚོན་རྩི་རེ་རེའི་
ཞེང་དུ་ནི། །སྒོ་ཡི་ཉི་ཤུ་ཆ་ཡི་ཚད། །གལ་ཏེ་ཚོན་རྩི་མི་མཉམ་ཞིང་། །ཡོ་དང་དམའ་བར་གྱུར་ན་ནི། །རི་མོ་དམའ་བས་དགོས་མི་འགྲུབ། །ཡོན་པོ་གདུང་བ་སྐྱེད་བྱེད་པས། །དཔངས་ནི་མཐེའུ་ཆུང་གང་ཙམ་དུ། །མཐོ་ཞིང་དྲང་བར་བྲི་བར་བྱ། །དེ་ལས་སྦོམ་ན་ནད་འབྱུང་སྟེ། །
དམའ་ན་ནོར་ནི་ཟད་པར་འགྱུར། །ཡོན་པོས་ཕན་ཚུན་སྡང་འགྱུར་ཏེ། །ཆད་ན་བླ་མ་སློབ་མ་དག །གཉི་ག་འཆི་བར་ཤེས་པར་བྱ། །གཡས་སྐོར་མ་ཡིན་བྲིས་ན་ནི། །རྡུལ་ཚོན་ཕུར་བུས་བཏབ་པར་འགྱུར། །ཤར་ནི་ཤིན་ཏུ་དཀར་བའི་མདོག །ལྷོ་ནི་དམར་པོའི་མདོག་ཏུ་
བྱ། །ནུབ་ཕྱོགས་སེར་པོར་བྱ་བ་སྟེ། །བྱང་ནི་ལྗང་ཁུ་ཉིད་དུ་བྱ། །ཆོ་ག་དང་ནི་དེ་དག་གིས། །སངས་རྒྱས་བཞི་ཡི་གདན་བཞུགས་པ། །རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །འདབ་མའི་མཁའ་འགྲོ་ལ་སོགས་པས། །ཁྭ་གདོང་ལ་སོགས་དབྱེ་བར་བྱ། །དབུས་སུ་སྣ་ཚོགས་
པདྨ་ནི། །གེ་སར་དང་ནི་ལྡན་པ་ལ། །མཚམས་རྣམས་སུ་ནི་ཐོད་པའོ། །དཀར་དང་དམར་དང་དེ་བཞིན་སྔོ། །སྐུ་ལ་སོགས་པའི་ཁ་དོག་དབྱེ། །དེ་ལྟར་འཁོར་ལོ་ལྷ་མོ་ཆེ། །དཔའ་བོ་རྣམས་ནི་མཆོད་པར་བྱ། །སྔར་བཤད་ས་ཡི་མཚན་ཉིད་ལ། །དབུས་སུ་མཐོ་བར་བྲི་བར་བྱ། །
Vol. 78 · folio 100a
ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང་། །རིག་པ་འཛིན་པའི་གནས་དག་འཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་བརླག་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་པར་
འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་འགྱུར། །དབུས་སུ་དམའ་བའི་རང་བཞིན་ས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །དེ་ཉིད་བསྡུས་དང་བདེ་མཆོག་དང་། །གསང་དང་རྡོ་རྗེ་འཇིགས་བྱེད་དུ། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་
བྱུང་འབྱུང་བར་མི་འགྱུར་རོ། །བཤད་དང་མ་བཤད་གང་ཅི་འང་རུང་། །ཐམས་ཅད་ཧེ་རུ་ཀ་ལ་གནས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་
ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ས་གཟུང་བ་དང་། སྟ་གོན་ལ་གནས་པ་དང་། ཐིག་བྲི་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །རིམ་པར་ཕྱེ་བ་བཅུ་
བདུན་པར། །ཁྱོད་ཀྱིས་ཁམས་ཀྱི་བཅུད་ལེན་གསུངས། །ཕྱི་རོལ་རྣམ་པ་དུ་ཞིག་དང་། །ནང་ནི་རྣམ་པ་དུ་རུ་དབྱེ། །དགྲ་དང་མཛའ་བཤེས་བར་མ་དང་། །དེ་བཞིན་གཞན་ཡང་ཚད་དབྱེ་དང་། །སྐམས་ས་དང་ནི་རླན་ཅན་ཡུལ། །ཁམས་ཀྱི་སྡེ་ཚན་བསྡུས་པ་དག །
ངོ་མཚར་ཆེན་པོ་འདི་དག་ལ། །བདག་ནི་ཐེ་ཚོམ་སྐྱེ་བར་གྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ནི་སྡེ་ཚན་རྣམས་དང་ནི། །འབྲེལ་བ་རབ་ཏུ་བཤད་ཀྱིས་ཉོན། །སྦོམ་པོ་ཕྲ་མོའི་སྦྱོར་བ་ཡིས། །ཆུང་ངུ་ལ་སོགས་བྱེ་བྲག་དག །རླུང་དང་མཁྲིས་པ་བད་ཀན་སོགས། །
སྐྱེས་པ་དང་ནི་བུད་མེད་ཀྱང་། །རེ་རེ་ཞིང་ཡང་གསུམ་གསུམ་འདོད། །ནག་པོ་སེར་སྐྱ་སྔོ་སངས་དང་། །རྩུབ་དང་འཇམ་དང་ཡན་ལག་མཁྲང་། །མཛེར་པ་ཅན་ཞེས་བྱ་བ་ཡིན། །སྦོམ་ཐུང་བོང་ཚོད་རན་དང་རིང་། །སྔོ་སངས་མཚུངས་རྩུབ་མགྲིན་པ་རིང་། །མིག་ནི་ཟངས་ལྟར་
Vol. 78 · folio 100b
དམར་བ་སྟེ། །ཕྲེང་ཅན་ཐུན་མོང་ནུ་མ་མེད། །མདོག་ཉམས་སཱ་ལིའི་དྲི་དང་ནི། །ཆང་དང་ཆང་མིན་མྱོས་པའི་དྲི། །ཆང་གཉིས་དང་ནི་ཆང་གསུམ་སྟེ། །རྐེད་པ་ཡི་ནི་བྱེ་བྲག་ཡིན། །སྦྲང་རྩི་ལྟར་འཛག་སྦྲང་རྩིའི་དྲི། །སོ་སོར་བྱ་ཡི་གཞན་དུ་མིན། །ཡིད་ལ་སེམས་པའི་འཁྲུལ་འཁོར་གྱིས། །
བུ་མོའི་བཅུད་ནི་དྲངས་ཏེ་བླུགས། །འདི་ནི་སོ་སོར་སྒྲུབ་པ་ཡིན། །བུ་མོ་གཅིག་དང་གཉིས་དང་ནི། །མང་པོའི་བར་དུ་བརྟག་པར་བྱ། །ཡོན་ཏན་གསལ་བར་གྱུར་པ་སྟེ། །སྒྲུབ་པོའི་དབང་པོའི་ཡོན་ཏན་བྱེད། །ཉི་ཤུའི་བར་དུ་གཞོན་ནུ་ཡིན། །དེ་རྣམས་ཐབས་ཀྱིས་སྦྱང་བར་བྱ། །
སྟོབས་དང་ལྡན་པ་གཟུང་བའི་གནས། །དེ་དང་འཁྱུད་ལས་བྱུང་བ་ནི། །རྫས་རྣམས་ཡོངས་སུ་སྦྱོང་བྱེད་ཡིན། །བྱ་བ་ཀུན་གྱི་མཚམས་ལྡན་ནི། །བྱེད་པོ་ཟ་པོའི་ལམ་ཆེན་ཡིན། །དངུལ་ཆུ་ཡི་ནི་ཤིང་ཆེན་པོ། །དེས་ན་ཆུ་སྐྱེས་ཡོན་ཏན་ལྔ། །རང་སྐྱོན་འཇོམས་པ་ཡིད་
ཆེས་ཡིན། །དེ་དག་ནི་ཐུན་མོང་གི་ཆོ་གའོ། །ལྟོ་སྐྱེས་མ་རྙིངས་རྫས་ཀྱི་ལས། །སྐྱེད་བྱེད་དོན་ནི་རྒས་པ་འཇོམས། །ལྷང་ཚེར་དངུལ་ཆུ་བཅིང་བའི་མཆོག །གསེར་སྒྱུར་རྩི་ཆེན་ཆོ་ག་ཡིས། །རྫུ་འཕྲུལ་ལ་སོགས་གསལ་བར་འགྱུར། །ལྷང་ཚེར་དང་ནི་དངུལ་ཆུ་བཞི། །
རྨ་བྱའི་མགྲིན་པའི་གཟུགས་དང་ནི། །སྦྲུལ་གྱི་གཟུགས་དང་སྦལ་པའི་གཟུགས། །སྤྲིན་ཆེན་རྣམ་པའི་རྗེས་སུ་འགྲོ། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་ཡི་ཚད་ནི་ཀུན་ཤེས་བྱ། །དེ་ཡང་སྟོབས་ལྡན་བཅུད་བྲལ་ན། །སྔོན་བཞིན་ཉེས་པ་སྣ་ཚོགས་འགྱུར། །དངུལ་ཆུ་
ལྷང་ཚེར་ཁ་དོག་ནི། །སྣ་ཚོགས་དང་ལྡན་སྐྱོན་ཡིན་ཏེ། །དེ་ཡིས་བད་ཀན་སྐྱོན་དང་ནི། །མཁྲིས་པ་དག་ཀྱང་སྐྱེད་པར་བྱེད། །དམར་པོས་ཁྲག་ནི་སྐྱེད་པར་བྱེད། །དཀར་པོས་གཟེར་ནད་སྐྱེད་འགྱུར་ཞིང་། །སྲོག་ནི་འཇོམས་པར་བྱེད་པ་ཡིན། །ལྗང་སེར་དག་ནི་མ་སྨིན་དང་། །
སེར་སྐྱས་བཤང་གཅིའི་ལམ་ནི་འགག །ཉིས་འགྱུར་ཆ་ནི་ཤིན་དུ་འཆིང་། །ཉེས་པ་དག་ནི་བརྒྱད་ལྡན་པས། །བློ་དང་ལྡན་པས་དཔྱད་དེ་བཟའ། །བཅུད་ལེན་སྔོན་པོར་ཤེས་བྱས་ནས། །འབད་པས་དེ་ལྟར་བཅུད་ལེན་སྤྱད། །གཞག་པ་མེ་ཡི་གནས་དང་ནི། །ཆུ་ཡི་ཤིང་
Vol. 78 · folio 101a
ལ་བརྟེན་པ་དང་། །འབྲུ་ཡི་དབུས་སུ་གཞུག་པ་དང་། །བྱེ་མའི་ཕུང་པོར་འཁྲུལ་འཁོར་འཇུག །གསོ་ལ་ཁ་ཅིག་འབྲས་བུ་དང་། །ཁ་ཅིག་མེ་ཏོག་འདབ་མར་བཅས། །ཤུན་པ་དང་ནི་རུས་པ་སོགས། །སྒྲུབ་པོའི་ཉེ་བའི་ལོངས་སྤྱོད་ནི། །དེ་ཉིད་རིག་པས་སྦྱར་
བར་བྱ། །ཆོ་ག་དུ་མ་མཐོང་བ་ཡིས། །བཅོས་མའམ་བཅོས་མ་མ་ཡིན་པའི། །ཡོ་བྱད་དག་ནི་རྙེད་གྱུར་ན། །རྡོ་རྗེ་འཛིན་དང་མཚུངས་པར་འགྱུར། །ཞེས་བྱ་བ་ནི་གཞག་པ་དང་གསོ་བའི་ཆོ་གའོ། །ལྕི་བ་དང་ནི་རྡོ་ནང་དང་། །བ་གླང་མ་ཧེའི་ལྷས་ལ་སོགས། །ཆོ་ག་བཞིན་དུ་
རྣམ་བརྟགས་པའི། །བཅུད་ཀྱི་རྫས་ནི་གཞག་པར་བྱ། །བཅུད་ལེན་སྔོན་པོ་ཤེས་བྱས་ནས། །འབད་དེ་དེ་ལྟར་བཅུད་ལེན་བྱ། །བཅུད་བརྟག་པའི་གནས་ཀྱི་ཆོ་གའོ། །གླང་ཆེན་མགོ་ཡི་བཅུད་བླུགས་ཏེ། །སེང་གེར་བཙོ་བར་བྱས་པ་ཡིས། །འབྲས་ཆན་སྟེར་བའི་ཡོན་ཏན་འགྱུར། །ཡང་ན་
གསོ་བའི་ཐབས་གཞན་ནི། །ཤ་རི་ཤ་ཡི་རྩ་བ་དང་། །གསེར་ཤོག་གིས་ནི་གསོ་བར་བྱ། །མདོག་དམར་དངུལ་ཆུ་རྨོངས་པ་ཡིས། །པགས་པ་དང་ནི་ཤུན་པ་དང་། །མེ་ཏོག་འབྲས་བུར་ལྡན་པ་ཡིས། །ནོན་པོར་བཅས་ཏེ་བཙོས་པ་དག །མཉེས་ན་དྲི་མའི་རྡུལ་འཐོར་འགྱུར། །བློ་གྲོས་འཁྲུལ་པ་མེད་པ་ཡིས། །
རིམ་གྱིས་རིམ་གྱིས་མཉེ་བར་བྱ། །འདི་དག་ནི་འཇུག་པའི་ཆོ་གའོ། །དེ་ནས་གཅི་བའི་ལན་ཚྭ་དང་། །ཕག་གི་ཞག་དང་ཚིལ་དང་ཁྲག །བཅས་པས་མཉེས་ནའང་ཉེས་པ་འབྱང་། །སླར་ཡང་འབྱུང་པོའི་སྐྲ་དང་ནི། །ཛ་ནི་ཏ་དང་རལ་པ་དམར། །བིན་ཛ་ར་དང་ཙམ་པ་དང་། །སྨྱོ་བྱེད་
དག་ནི་ཆ་བསྙམས་ཏེ། །དེ་དང་མཉམ་པའི་སྦྲང་རྩི་རུ། །མཉེས་ན་རྩི་ཡི་ཉེས་ཟད་འགྱུར། །དེ་ནས་མ་ཧེའི་རྨིག་པར་ནི། །ཆར་བའི་ཆུ་དང་བཅས་པ་ལ། །ཟངས་ཀྱི་ཕྱེ་མ་ཁར་ཕྱེ་དང་། །མིག་སྨན་ཕྱེ་མ་བླུགས་ཤིང་བཙོ། །ཚོས་ནས་སྦྲང་རྩིའི་ནང་དུ་གཞུག །དེ་ཡིས་བཅིངས་པར་
འགྱུར་བ་ཡིན། །དེ་ནས་ཁྲག་ནི་ཆ་བདུན་གྱིས། །སྦྱངས་ན་སྣུམ་ཞིང་ལྕི་ལ་སོགས། །དེ་ཡི་སྟོབས་ནི་ཟད་པར་འགྱུར། །སླར་ཡང་ཆ་མཉམ་ཁྲག་དང་ནི། །མཉེས་པས་སྣུམ་ཞིང་ལྕི་བར་འགྱུར། །ར་གན་ཙུ་ཏའི་ཤིང་དང་ནི། །ཟངས་མ་དང་ནི་ཡུང་བ་དང་། །གོ་ར་ས་ནི་
Vol. 78 · folio 101b
དཀར་ནག་གཉིས། །དྲུག་པོས་ཉེས་པ་ཚར་གཅོད་འགྱུར། །དེ་ནས་ཙནྡྲའི་ཤིང་དང་ནི། །སྦྲང་རྩི་འཛག་དང་སེན་མོ་དང་། །ཐལ་སྨན་འབུས་ཟོས་ཤིང་ཕྱེ་དང་། །མ་ཧ་ཧ་ཧ་མཀྵ་དང་། །པུས་ཀ་ར་དང་བརྟ་ཀི། །ཀུ་བ་སིནྡྷུ་བ་རའི་ཕྱེ། །བཅས་པར་མི་ཡི་རྐང་དུ་གཞུག །
ཅུང་ཟད་བཞག་སྟེ་ཕྱུང་ནས་སུ། །རྡོ་གཏུན་བརྡུང་བ་སྔར་བཤད་ཉིད། །འོད་མའི་ནང་དུ་བླུགས་ནས་ནི། །དེ་ནས་འཁྲུལ་འཁོར་ནང་དུ་གཞུག །བཙོས་ནས་ལྷང་ཚེར་དངུལ་ཕྱེ་དང་། །བཅས་པར་རྩི་ཡི་ནང་དུ་བླུགས། །ལྷང་ཚེར་དངུལ་ཆུ་རྣོན་པོ་ཡི། །ཆོ་ག་ཡིས་ནི་
སོ་སོར་བཅིང་། །དེ་དག་ཟླ་བ་ལས་བྱུང་བ། །ཨ་ཏྲ་པ་ཏའི་རུས་པ་དང་། །དེ་བཞིན་དུ་ནི་མེ་ཏོག་བཟུང་། །བྱཱ་གྷྲི་དང་ནི་ཀུན་ཏུ་རུ། །ས་རི་པ་དང་སེན་མོ་དང་། །ནོར་བུ་ཟླ་འོད་ན་གེ་སར། །སྐྱུ་རུ་ར་ཁུ་ཀ་དམྤ། །ཙམ་པ་ཀི་རི་སོ་པ་དང་། །ཤིང་ཤོ་བིལ་བ་ཨུཏྤ་ལ། །རང་སྐྱུར་དང་
ནི་བཅས་པ་རུ། །འཛག་དང་དངུལ་ཆུ་ཁྭ་ཚོས་བྱ། །ཕྱུང་ན་སྦྲུལ་གྱི་གཟུགས་ལྟར་འགྱུར། །ཁྲག་དང་སྨྱོ་བྱེད་ཡུང་བ་བླུགས། །སྐྲ་དཀར་ཉེས་པ་ཀུན་འཇོམས་བྱེད། །མར་དང་མར་ནག་བསྐོལ་བ་ནི། །གཉིས་པོ་ཡང་དང་ཡང་དུ་བྱ། །ཆུ་ཤིང་ཨ་བ་མརྒ་དང་། །སྣུ་ཧ་པ་ལ་
ཤ་ཡི་འདབ། །སོ་པན་ཙ་ནའི་བཅུད་དང་ནི། །ཐལ་སྨན་སྡེ་ཡིས་སྦྱང་བར་བྱ། །སྦྱང་བའི་ཆོ་གའོ། །དེ་ནས་རང་སྐྱུར་ཡུང་བ་དག །རྣོན་པོ་དངུལ་ཆུའི་ཟས་སུ་སྦྱིན། །དེ་ནས་འོག་གི་ལམ་ནས་ནི། །འཁྲུལ་འཁོར་གྱིས་ནི་བཀྲུ་སྨན་བྱ། །རྒས་དང་མཛེ་ནད་སེལ་བར་བྱེད། །རྣོན་
པོ་ཐལ་སྨན་བཅས་པ་ཡིས། །བཀྲུས་ཤིང་བསྐུས་ན་གཞང་འབྲུམ་འཇོམས། །རྩི་དང་བཅུད་ལེན་རིམ་གྱིས་འཕེལ། །རྣོན་པོ་དང་ནི་ལྷང་ཚེར་ལ། །ཐུན་མོང་དུ་ནི་བརྟེན་ནས་སུ། །ཞ་ཉེ་བླུགས་པས་འདུལ་འགྱུར་ཏེ། །དེ་ཚེ་རོ་ནི་ཁ་དང་བསྐ། །དེ་ནས་རང་སྐྱུར་ནང་དུ་ནི། །ལྕི་བས་
བཙོས་ན་ཉེས་པ་འབྱང་། །ཉི་མའི་འོད་ལ་བསྲོས་པས་ཀྱང་། །སྐྲ་དཀར་གྱི་ནི་ཉེས་པ་སྐྱེད། །བཅུད་ནི་ཤིན་ཏུ་བསྐོལ་བ་ཡི། །འོད་ཀྱིས་སྙིང་དང་མིག་འཇོམས་སོ། །དེ་ལ་སྦྲང་རྩི་པོ་སོན་ཆ། །ཐིག་ལེ་དག་ནི་བྱིན་པས་སྦྱང་། །སྐྱོན་སྦྱང་ཆོ་ག་སྔོན་དུ་ནི། །གསེར་ཤོག་ཐལ་
Vol. 78 · folio 102a
སྨན་ལན་ཚྭས་བསྒྲུབས། །རོ་ནི་བསྐ་བ་དང་བཅས་པའི། །ལྷང་ཚེར་དཀར་པོའི་སྐྱོ་མས་བླུགས། །ཆ་ནི་ངེས་པ་དང་བཅས་པས། །ཡུན་རིང་དུ་ནི་མཉེས་གྱུར་ན། །ཉེས་པ་འབྱང་གི་གཞན་དུ་མིན། །གཞན་ཡང་ཆ་དང་ཆ་ཅན་དང་། །གི་རི་ཀརྞའི་
ཕྱེ་མ་དང་། །དྲུག་ཆ་དངུལ་ཆུ་བྱ་བ་ཡིན། །ཆ་ནི་ཚད་ལྡན་ངེས་པར་འཆིང་། །དེ་ཚེ་གོ་ཟློག་ལམ་ནས་སུ། །འཁྲུལ་འཁོར་ཆོ་ག་བཞིན་དུ་བླུགས། །ཞི་ག་རྗེ་འུར་བཙོ་བར་བྱ། །དེ་ནས་ཏུ་རུ་སྐ་དང་ནི། །པ་ལི་ཙཀྲ་མར་ད་ཡི། །ས་བོན་པ་ལ་ཏ་ཀ་དང་། །ཀ་ཤི་ཤི་གྲུའི་
འབྲས་བུ་དང་། །བ་རི་ཙི་ཏ་ཀ་མེ་ཏོག །ཨུཏྤལ་མཱ་ལི་ཀ་ས་བོན། །རྒྱ་ཤུག་གི་ནི་རུས་པ་དང་། །ཤི་རི་ཤ་དང་ཀུ་ས་བོན། །སྦྲང་རྩི་པོ་སོན་ཆ་དང་ནི། །པ་ལ་ཤ་ཡི་ཤུན་པ་དག །ཆོ་ག་ཤེས་པས་ཞི་ག་རྗེར། །ཚོས་ནས་ལེགས་པར་བླུགས་པར་བྱ། །དེ་ནས་ཆོ་ག་བཞིན་
བཏོན་ནས། །སླར་ཡང་དེ་དག་བཏགས་པ་ཡིས། །ཕྱེ་མ་དང་ནི་སྐྱོ་མ་བླུགས། །བཙོ་བ་དང་ནི་བསྲེག་པ་དང་། །ཚར་བཅད་པ་དང་མནན་པའོ། །བཙོ་བ་ཐོད་པའི་འཁྲུལ་འཁོར་དང་། །འོད་མ་བྱ་རོག་མཆུ་ཡི་དབྱིབས། །ཡིབ་དང་ཁྲོས་དང་འཐོར་བ་དང་། །ཆུ་ཡི་ནང་དུ་
འབྲོས་པ་ཡིན། །ཤིན་ཏུ་ཚོས་པའི་མཚན་མ་ནི། །འདར་བ་དང་ནི་རྨོངས་པ་དང་། །དུ་བར་འཐུལ་ཞིང་ཁྲོལ་སྒྲ་འབྱིན། །བཙིར་དང་མཉེ་དང་དཀྲུག་པ་དང་། །བརྡུང་བ་དང་ནི་རྣམ་པ་བཞི། །སྦྲང་རྩིར་བཙོ་དང་བུང་བར་བཙོ། །གླང་ཆེན་བཙོ་དང་སེང་གེར་བཙོ། །རྒོད་མ་དང་
ནི་ཀ་རན་དང་། །བོང་བུ་དང་ནི་རྔ་མོའི་ཁ། །བཅིང་བ་དང་ནི་ཚར་བཅད་ལ། །འཁྲུལ་འཁོར་འདི་དག་ཤིན་ཏུ་བསྔགས། །འཁྲུལ་འཁོར་གང་ཞིག་ཁ་ཆེ་བ། །རྫ་རྔ་ཡི་ནི་དབྱིབས་འདྲ་དང་། །འོད་མ་ལྟ་བུ་ལ་སོགས་པ། །མཚོན་ཆ་རལ་གྲིའི་ཤུབས་འདྲ་དང་། །ཀང་ཀའི་
མགྲིན་པ་བྱ་རོག་མཆུ། །གཞན་ཡང་བཅིང་བར་གང་བཤད་པ། །དེས་ནི་ཚར་བཅད་རྗེས་གཟུང་བྱ། །བཞི་ཆ་ལུས་པ་བསྐོལ་ཆེན་ཏེ། །ཕྱེད་ལུས་སྟོབས་ལྡན་བསྐོལ་བ་ཡིན། །རྩི་ལ་བརྟེན་པའི་ཉེས་པ་དག །ཐུན་མོང་མིན་པ་དེ་ཡིས་འབྱང་། །སྦྱང་བ་དང་ནི་རྟོགས་པ་
Vol. 78 · folio 102b
དང་། །རྨོངས་དང་དེ་བཞིན་གསད་པའོ། །ལྷང་ཚེར་སྨན་ནི་བཅིངས་པ་རུ། །དངུལ་གྱི་ཕྱེ་མ་བླུགས་པར་བྱ། །དཔའ་བོ་གཅིག་དང་སྐྱེ་གཉིས་རྩ། །འབྲས་བུ་ཆེན་པོ་བསྐ་བ་གསུམ། །ལྷང་ཚེར་དང་ནི་དངུལ་ཆུ་བཞི། །བདུད་རྩི་ཡི་ནི་སྙིང་པོ་ལྔ། །དུས་དྲུག་དེ་བཞིན་
དྲུག་ཅུ་སྟེ། །བདུན་པོ་ཡལ་ག་འདབ་སོགས་བཅས། །ཚ་དང་ཁ་བ་བསྐམ་སྐྱེས་མཆོག །མངར་དང་སྐྱུར་བ་རླན་ཅན་བཟང་། །།ལན་ཚྭ་བསྐ་བ་གཉི་ག་འང་རུང་། །ནིམ་པ་བ་རུ་ར་དང་ནི། །ཨ་རུ་ར་ཡི་འབྲས་བུ་རྣམས། །མར་ནག་བསྐོལ་ན་བྱ་བ་བྱེད། །སྐྱུ་རུ་ར་ཁུས་
མཁྲིས་སེལ་ཏེ། །བུད་མེད་འོ་མར་བསྐོལ་བ་ནི། །འཚོ་ཞིང་ནད་མེད་འཕེལ་བར་བྱེད། །ཙམ་པ་ལ་དང་བ་ཀུ་ལ། །ནཱ་ག་གེ་སར་ཀུ་མུ་ད། །ཨུཏྤལ་ཤེ་ཕ་ལི་ཀ་དང་། །སྦྲང་རྩི་འཛག་དང་པྲི་ཡང་ཀུ། །ཀུ་སུམ་པ་དང་སྤྲི་ཀ་དང་། །རེའུ་ནུ་ཀ་དང་བཅུ་གཅིག་སྟེ། །
མེ་ཏོག་གི་ནི་སྡེ་རུ་བརྗོད། །ཤྲཱི་ཕ་རལ་པོ་སོན་ཆ། །ཀ་པི་ཏྠ་དང་ལ་ཀུ་ཚ། །ཀུ་བ་དང་ནི་བར་ཏ་ཀི། །ཨ་རུ་ར་དང་བ་རུ་དང་། །པ་ལ་ཏ་ཀ་སྐྱུ་རུ་ར། །ཨེ་ལ་ཛི་དང་པུ་ན་ཀ། །ཨེ་རཎྜ་དང་མ་རི་ཙི། །པི་པི་ལིང་དང་བཅུ་དྲུག་སྟེ། །འདི་དག་འབྲས་བུའི་སྡེ་ཚན་ཡིན། །བཅའ་
བ་དང་ནི་ཤུ་དག་དང་། །ཡུང་བ་དང་ནི་རུ་རྟ་དང་། །བཅའ་ལྒ་དང་ནི་སྒོག་སྐྱ་དང་། །རླན་ཅན་གྱི་ནི་དོ་བ་དང་། །ནཱ་ག་པཱ་ལ་དཀར་པོ་དང་། །དེ་བཞིན་རྒན་པོ་གཞོན་ནུ་བྱེད། །བ་ལི་ཀ་སྡུག་མཚན་མོའི་ཤིང་། །བཅུ་གཉིས་རྩ་བ་ཡི་ནི་སྡེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །
གླང་ཆེན་སྐྲ་དང་རི་མཛེས་དང་། །འཛག་དང་བྱིས་པ་སྟུག་པོ་དང་། །རལ་པ་དམར་པོ་དྷ་དུ་ར། །ཨ་ཤྭ་གན་དྷ་བདུན་པོ་ནི། །སྡོང་པོ་ཡལ་ག་རྩ་བར་བཅས། །ཀ་དམྤ་དང་གསེར་ཤིང་སྟེ། །དེ་བཞིན་དུ་ནི་ཤི་རི་ཤ། །ཀ་རན་ཛ་དང་ཤི་གྲུ་དང་། །ནིམ་པ་དང་ནི་པི་ལ་སི། །དེ་བཞིན་
ཀ་དུ་མ་ཛ་རི། །འདི་བརྒྱད་ཤུན་པའི་སྡེ་ཞེས་བརྗོད། །ཙནྡན་གཉིས་དང་ཨ་ཀར་ནི། །ནག་པོ་དང་གསུམ་སྡོང་པོ་བཟུང་། །བུ་རམ་ཕྱེ་མ་ཀ་ར་དང་། །སྦྲང་རྩི་ཨིཀྵུ་པུས་ཀ་ར། །ཤ་ཁ་ར་དང་རྣམ་པ་དྲུག །བཅུད་ཀྱི་སྡེ་ཞེས་བྱ་བ་ཡིན། །ཁུ་བྱུག་དང་ནི་བྱ་རོག་དང་། །རྨ་བྱ་
Vol. 78 · folio 103a
དང་ནི་ཐི་བྱ་རྣམས། །འདི་དག་གི་ནི་ཤ་གཟུང་སྟེ། །ཉམས་དང་སྟོབས་ནི་འཕེལ་བར་བྱེད། །ཟངས་ཀྱི་གཙུག་པུད་གྷར་ཀ་ར། །ཕུག་རོན་དང་ནི་ནེ་ཙོ་རྣམས། །འདི་དག་གི་ནི་ཁུ་བ་གཟུང་། །སེམས་ཅན་ཀུན་ལ་སྟོབས་རབ་སྟེར། །ར་དང་རི་བོང་ཤ་བ་དང་། །ས་ལ་གི་
དང་ཕག་དང་ནི། །ཁྱད་པར་དུ་ནི་བྱི་བ་རྣམས། །ནད་རྣམས་ཐམས་ཅད་འཇོམས་པར་བྱེད། །ཁྱད་པར་དུ་ནི་རླུང་ལ་བསྔགས། །རིའུ་ནུ་ཀ་དང་བར་ཐི་བ། །ཨ་མྲ་བིལ་བའི་མེ་ཏོག་དང་། །མ་ཛ་རི་དང་ལྷ་མིན་དགྲ། །སུ་ར་སི་དང་རལ་པ་ཅན། །པ་པར་ན་ག་པུས་པ་དང་། །
ཨ་རྫ་ཀ་ཡི་འདབ་མ་དང་། །ཀ་ཏུ་དང་ནི་པི་ཤ་ན། །སྒྲོན་ཤིང་རིག་པ་འཛིན་པ་དང་། །ཡལ་ག་རྣམ་པ་ལྔར་བཤད་པ། །འདི་དག་མཛའ་བོའི་སྡེ་ཞེས་བྱ། །པར་པ་རི་དང་ག་ན་དང་། །ཛ་ལ་དང་ནི་གྱ་གྱུ་དང་། །ཨུ་པི་ཏ་ཡི་ཤུན་པ་དང་། །རྣག་གི་དྲི་དང་རྐུན་པོ་དང་། །ཁུ་ཏྲ་ལོ་
ཧ་ཤུ་ཀ་ཏི། །ཆུར་སྐྱེས་ཤིང་དང་བྲག་ཞུན་དང་། །སྦྲང་རྩི་མེ་ཏོག་བྷྲིང་ག་ར། །ཧ་ཏ་ཤེ་པ་ལི་དང་ནི། །དེ་བཞིན་དུ་ནི་པ་ཡ་སི། །བར་མ་ཡི་ནི་སྡེ་ཚན་ཡིན། །དི་ར་ད་དང་བོ་ལ་དང་། །ཞོ་དང་ཀུན་དུར་ཀ་ད་ཛ། །ཐང་ཤིང་དང་ནི་སྲ་རྩི་དང་། །པོ་སོན་ཆ་ཡི་ཁུ་བ་དང་། །ཤུ་དག་དང་ནི་
གནད་དང་། །ཏུ་ཧི་ན་དང་ར་ལས་སྐྱེས། །མྲི་ག་དང་ནི་བ་གུ་ཛ། །སྒོག་སྐྱ་དང་ནི་མི་སི་དང་། །ཤིང་ཀུན་དང་ནི་ཡུང་བ་རྣམས། །དགྲ་བོའི་སྡེ་ཞེས་བྱ་བར་བཤད། །དགྲ་བོ་ཡི་ནི་རྫས་ལ་ཁྱབ། །གུ་གུལ་དང་ནི་བྲྀ་ཥ་དང་། །ཀི་ཏང་དེ་བཞིན་འོ་མ་སྟེ། །བོ་ར་དང་ནི་རང་སྐྱུར་དང་། །ག་
བུར་དང་ནི་ས་ལ་ཀི། །དགུ་པོ་དེ་དག་སླ་བའི་རྫས། །མུ་ར་རལ་པ་དམར་པོ་དང་། །ཛ་ལ་དང་ནི་གྱ་གྱུ་དང་། །སྟུག་པོ་ནད་དང་ཀུ་ཐི་ར། །ནི་ཤ་དང་ནི་ཤི་གྲུ་དང་། །ཤི་ར་གཅའ་བ་ཤུ་དག་རྣམས། །བཅུ་གཉིས་རྩ་བ་ལ་སྐྱེས་ཡིན། །པུ་ཐི་དང་ནི་ཀེ་སོ་དང་། །གླ་བ་དང་ནི་སེན་མོ་སྟེ། །
གན་ད་ཀུ་རི་ཞེས་བྱ་བ། །ལྔ་པོ་སྲོག་ཆགས་ལས་བྱུང་བའི། །དྲི་རུ་སྒྲུབ་པོས་ཤེས་པར་བྱ། །ཤི་རི་ཤ་དང་གསེར་ཤིང་དང་། །ལོ་ད་དང་ནི་ཀ་པིཏྛ། །ན་གི་ཀ་དང་པི་ཙུ་ཤུན། །སྐྱུར་རྩི་ཆེན་པོ་ཞེས་བྱ་བ། །བདུན་པོ་འདི་དག་ཤུན་པའི་སྡེ། །ཙནྡན་གསུམ་དང་ཨ་ཀར་ནག །སྒྲོན་
Vol. 78 · folio 103b
ཤིང་དང་ནི་ཤིང་ཤ་པ། །དྲུག་པོ་འདི་དག་སྡོང་བུ་ཡི། །སྡེ་ཞེས་བྱ་བར་ཀུན་ཏུ་བཤད། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་ཞེས་གྲགས་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་
མཁའ་འགྲོ་ལས་བཅུད་ཀྱིས་ལེན་གྱི་རྫས་ཀྱི་དབང་དུ་བྱས་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའི། །སྦྱིན་སྲེག་ཁྱོད་ཀྱིས་
སྔར་གསུངས་ན། །ཐབ་ཁུང་རྣམས་ཀྱི་ཚད་དང་ནི། །འདུག་སྟངས་ཡམ་ཤིང་སོགས་མ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པའི། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །དང་པོ་ས་གཞི་བཟུང་ནས་སུ། །ཕྱི་ནས་ཧོམ་ཁུང་བརྩམ་པར་བྱ། །ཞི་བས་
གཞི་དཀར་པོའི་ཆར། །ཁྲུ་གང་ཚད་ལ་ཤིན་ཏུ་ཟླུམ། །ཁྲུ་ཕྱེད་ཐུར་དུ་བརྐོ་བར་བྱ། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །སོར་བརྒྱད་པ་ཡི་རྡོ་རྗེ་ནི། །པདྨའི་སྟེང་དུ་བྲི་བས་མཚན། །ཁུང་ནས་སོར་བཞི་བོར་ནས་ནི། །སོར་བཞིའི་དཔངས་དང་ཞེང་ལྡན་པའི། །ཁ་ཁྱེར་གྱིས་ནི་བསྐོར་བར་
བྱ། །མཚམས་སུ་རྡོ་རྗེའི་དབྱིབས་ལྟ་བུའི། །རྩེ་གསུམ་རྡོ་རྗེས་བསྐོར་བར་བྱ། །ས་དཀར་དང་ནི་བ་གཅི་ཡིས། །ཧེམ་ཁུང་ཀུན་ཏུ་བྱུག་པར་བྱ། །བརྟུལ་ཞུགས་ཅན་གྱིས་གཉི་གར་ཡང་། །དྲི་ནི་དཀར་པོས་བྱུགས་ནས་སུ། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །མེ་ཏོག་
དཀར་པོས་གཏོར་བར་བྱ། །དཀྱིལ་འཁོར་ཁང་པ་ལ་སོགས་པའི། །ཤར་གྱི་ཕྱོགས་སུ་ལས་དེ་བརྩམ། །རྒྱས་པས་གཞི་སེར་པོ་ལ། །རིན་པོ་ཆེ་ཡི་དབྱིབས་འདྲའི་ཐབ། །ཡང་ན་གྲུ་བཞི་པ་ཡང་རུང་། །ཁྲུ་དོ་ཟབས་སུ་ཁྲུ་གང་བརྐོ། །དེ་ནང་སོར་བརྒྱད་བོར་ནས་སུ། །
ཁ་ཁྱེར་སོར་བརྒྱད་ཚད་དུ་བྱ། །སོར་བརྒྱད་དཔངས་དང་ལྡན་པ་ལ། །རིན་ཆེན་ཕྲེང་བས་བསྐོར་བར་བྱ། །ཧོམ་ཁུང་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་སེར་པོ་བྲིས་པ་ལ། །འོག་ཏུ་ཆ་དྲུག་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་བྲི་བར་བྱ། །ས་སེར་དང་ནི་དྲི་སེར་གྱིས། །ཧོམ་
Vol. 78 · folio 104a
ཁུང་ཀུན་དུ་བྱུགས་ནས་སུ། །མེ་ཏོག་སེར་པོ་ལ་སོགས་པའི། །མཆོད་པ་དག་ནི་ཇི་བཞིན་བྱ། །འདི་ནི་རྟག་ཏུ་གྲོང་ཁྱེར་སོགས། །བྱང་གི་ཕྱོགས་ཆར་བྱ་བ་ཡིན། །དབང་ལ་ས་གཞི་དམར་པོ་ལ། །པདྨ་ཡིས་ནི་མཚན་པ་ཡི། །ཐབ་ཁུང་སྐྱེ་གནས་
དབྱིབས་སུ་བྱ། །ཡང་ན་ཟླ་ཕྱེད་དབྱིབས་ལྟ་བུ། །ཁུང་བུ་དང་ནི་ཁ་ཁྱེར་སོགས། །ཞི་བ་ཡི་ནི་ཚད་དུ་བྱ། །ས་དམར་དྲི་དམར་སོགས་བྱུགས་ཏེ། །མེ་ཏོག་དམར་པོ་ལ་སོགས་གཏོར། །འདི་ནི་གྲོང་ཁྱེར་ལ་སོགས་པའི། །ནུབ་ཀྱི་ཕྱོགས་ཆར་རྟག་ཏུ་བྱ། །མངོན་སྤྱོད་ཕ་མེས་
ནགས་དང་ནི། །མ་མོའི་ཁྱིམ་དུ་རྩུབ་པ་དང་། །གས་པའི་ས་ལ་བྲི་བར་བྱ། །གྲུ་གསུམ་སོར་མོ་ཉི་ཤུ་ཚད། །སོར་བཅུ་ཐུར་དུ་བརྐོ་བར་བྱ། །རྩེ་གསུམ་ཁྲོ་བོའི་རྡོ་རྗེ་ནི། །ཆར་སྤྲིན་གྱི་ནི་འོད་དང་མཚུངས། །སོར་བརྒྱད་པ་ཡི་ཚད་ཙམ་དུ། །དེ་ཡི་དབུས་སུ་མཚན་པར་
བྱ། །ཁུང་བུ་སོར་གསུམ་བོར་བ་ནི། །ཁ་ཁྱེར་སོར་གསུམ་བསྐོར་བར་བྱ། །ས་ནག་དུར་ཁྲོད་ཐལ་བ་སོགས། །ཅི་སྙེད་པ་ཡིས་བྱུགས་བྱས་ཏེ། །དཀྱིལ་འཁོར་ཁང་སོགས་ལྷོ་ཕྱོགས་བྱ། །ལྷག་མ་ཡི་ནི་ལས་རྣམས་ཀྱང་། །ལས་བཞིའི་ཁུང་བུར་འདུས་མོད་ཀྱི། །སླར་
ཡང་དེ་རྣམས་ཁྱད་པར་གྱི། །ཁུང་བུ་འདིར་ནི་བཤད་ཀྱིས་ཉོན། །དགུག་པའི་ཧོམ་ཁུང་རྡོ་རྗེ་ནི། །རྩེ་གཅིག་ལྟ་བུའི་དབྱིབས་སུ་བྱ། །རྡོ་རྗེ་ལྕགས་ཀྱུས་བསྐོར་བ་ལ། །ལྷག་མ་དག་ནི་དབང་དང་མཚུངས། །བཅིང་བ་ལ་ནི་གྲུ་བཞི་སྟེ། །རྨོངས་ལ་རྒྱས་པ་ལྟ་བུ་ཡིན། །
དབང་ལྡན་གྱི་ནི་ཕྱོགས་ཆ་རུ། །ས་ནི་དཀར་དང་སེར་པོར་བྱ། །བསྐྲད་ལ་མངོན་སྤྱོད་ལྟ་བུ་སྟེ། །ཁྱད་པར་དུ་ནི་རླུང་མཚམས་སུ། །རྔ་མོའི་ལྕི་བས་བྱུགས་ཏེ་བྱ། །མཛའ་བོ་དག་ནི་ཉམས་ནས་སུ། །ཕན་ཚུན་སྡང་བར་བྱ་བ་ལ། །དེ་ཡང་མངོན་པར་སྤྱོད་པ་ཡི། །ཆོ་ག་ཇི་བཞིན་
བལྟ་བར་བྱ། །ལས་རྣམས་ཐམས་ཅད་བསྡུས་པ་ཡི། །ཆོ་ག་དེ་ནས་བཤད་བྱ་སྟེ། །ལས་ཀུན་དེ་ཉིད་རིག་པ་ཡིས། །བསམ་པ་ལ་སོགས་བྱེ་བྲག་དབྱེ། །ལས་ཀྱི་རྗེས་མཐུན་ས་གཞི་ལ། །ལས་ཀྱི་རྗེས་མཐུན་ཐབ་ཁུང་བྱ། །སྔགས་པའི་ཡིད་ནི་གར་དགའ་བའི། །ས་ཕྱོགས་
Vol. 78 · folio 104b
སུ་ནི་སྦྱར་ཡང་རུང་། །ཁྲུ་གང་པ་ཡི་ཚད་དུ་ནི། །པདྨ་ཨུཏྤལ་དབྱིབས་འདྲ་བྱ། །ཁ་ཁྱེར་པདྨ་ལྟ་བུ་སྟེ། །ཁུང་དང་ཁ་ཁྱེར་ཅུང་ཟད་གདེང་། །ནང་དུ་བོར་སོགས་ཞི་བ་འདྲ། །ཕྱོགས་བཞིར་རྡོ་རྗེས་མཚན་པར་བྱ། །རྒྱར་ནི་སོར་བརྒྱད་ཚད་ཙམ་ལ། །དཔངས་ནི་སོར་གཅིག་
ཚད་ཙམ་པའི། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་མཚོན་ཆས་བསྐོར་བ་ཡི། །དབུས་སུ་རྡོ་རྗེའི་མཚན་མ་བྱ། །ངོས་སུ་རྡོ་རྗེའི་ར་བ་ཡིས། །ཧོམ་ཁུང་ཀུན་ནས་ཟླུམ་པོ་ལ། །འོག་ནི་འཁོར་བར་བྲི་བར་བྱ། །ཧོམ་ཁུང་གི་ནི་ཆོ་གའོ། །ཡམ་ཤིང་པ་ལ་ཤ་དང་ནི། །ཨུ་
དུམ་བཱ་ར་ཨ་མྲ་དང་། །ནྱ་གྲོ་དྷ་དང་པ་ལ་ཤ། །ཀ་དམྤ་སོགས་འོ་མ་ཅན། །རྩེ་མོ་ཆ་ལས་བྱས་པ་སྟེ། །སོར་ནི་བཅུ་གཉིས་ཚད་དུ་བྱ། །རློན་ཞིང་འདབ་མར་བཅས་པ་སྟེ། །སྙིང་དང་རྩེ་མོ་ཉམས་པ་དང་། །ཤུན་པ་མེད་ཅིང་གས་པ་དང་། །ཐུང་དང་ཤིན་ཏུ་རིང་བ་དང་། །
ཕྲ་དང་སྦོམ་དང་འཁྱོག་པ་དང་། །གས་དང་ཆག་དང་འབུས་ཟོས་དང་། །རྩེ་མོ་ཆ་ནི་གཉིས་ཡོད་ཅིང་། །སྲོག་ཆགས་ལྡན་ཞིང་སྐམས་པ་དག །དགེ་བའི་ལས་རྣམས་ཐམས་ཅད་ལ། །སྤངས་ཏེ་སྡིག་པའི་ལས་ལ་ཤིས། །ནས་དང་ཏིལ་དང་འོ་མ་ཞོ། །སཱ་ལུའི་འབྲས་ཆན་
པྲི་ཡང་ཀུ། །ཀུ་ཤ་སྔོན་པོ་ཙུ་ཏའི་འདབ། །མེ་ཏོག་ཙནྡན་དཀར་པོ་དང་། །སྦྲང་རྩི་མར་དང་ཡོས་བོག་དང་། །དཱུར་བ་དྲི་ཞིམ་ཁུ་བ་རྣམས། །རྣལ་འབྱོར་པ་ཡིས་ཞི་བ་ལ། །ཇི་ལྟར་རྙེད་པས་བསྲེག་པར་བྱ། །མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །བུད་ཤིང་ཐབ་ལས་
དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང་། །སྲོག་ཆགས་ལྡན་པ་སྤང་པར་བྱ། །ཞི་བའི་ཡམ་ཤིང་དང་བུད་ཤིང་དང་འབྲུ་ལ་སོགས་པ་བསྲེག་རྫས་ཀྱི་ཆོ་གའོ། །ཡམ་ཤིང་ཞི་བའི་ལྟ་བུ་སྟེ། །དབུས་ཀྱི་ཆ་ནི་མཛེས་པ་ལས། །སྲིད་དུ་བཅག་ཁྲུ་གང་དུ་བྱ། །དྲི་སེར་
ཆུ་ཡིས་གཏོར་ནས་ནི། །ཞོ་དང་འོ་མ་མར་ལ་སྦག །མངར་གསུམ་ལ་ནི་བཏགས་པར་བྱ། །དེ་ནས་ཟས་མཆོག་ཞོ་ཟད་དང་། །མར་དང་ཏིལ་ནི་ནག་པོ་དང་། །ཤ་ཏ་པུས་པ་མར་དང་བཅས། །སྦྲང་རྩི་དང་ནི་སཱ་ལུའི་འབྲས། །འབྲུ་རྣམས་གཞན་དང་པདྨ་དང་། །ནཱ་ག་གེ་སར་
Vol. 78 · folio 105a
བིལ་བའི་འབྲས། །དེ་བཞིན་དཱུར་བར་བཅས་པ་དག །རྒྱས་པའི་ལས་ལ་བསྲེག་པར་བྱ། །བུད་ཤིང་སྔར་བཞིན་ཁྱད་པར་དུ། །འབྲས་བུ་དང་ནི་བཅས་པས་བྱ། །ཙམ་པ་དང་ནི་ཨ་ཤོ་ཀ། །པུ་ན་ནཱ་ག་ནཱ་གེ་སར། །ཤིན་ཏུ་དམར་ཞིང་སྐྱུར་བ་དང་། །མེ་
ཏོག་དང་ནི་འབྲས་བུར་བཅས། །ཡལ་ག་ཡི་ནི་ཆ་ལས་བྱ། །སོར་ལྔ་པ་ཡི་ཚད་དུ་ནི། །དབང་གི་ལས་ཀྱི་ཡམ་ཤིང་བྱ། །བུད་ཤིང་ཡང་ནི་སྐྱུར་བ་དང་། །མེ་ཏོག་བཅས་པའི་ཤིང་ལ་བྱ། །མེ་ཏོག་དྲི་ངན་རྣམས་དང་ནི། །དེ་བཞིན་འབྲུ་ནི་ནག་པོ་དང་། །ཕུབ་མ་དག་ནི་གཏོར་
བར་བྱ། །དེ་བཞིན་མི་རུས་ཕྱེ་མ་དང་། །དུག་ལ་སོགས་པ་དབུལ་བར་བྱ། །ཚ་ཞིང་ཁ་དང་ཚེར་མར་བཅས། །དུར་ཁྲོད་དུ་ནི་སྐྱེས་པའི་ཤིང་། །རྩ་བའི་ཆ་ལས་བྱས་པ་སྟེ། །སོར་མོ་བཅུ་གཉིས་ཡམ་ཤིང་ཚད། །རྩེ་མོ་རྣོ་ལ་རྩུབ་པ་སྟེ། །རྩེ་གཉིས་དུག་ལ་སོགས་པ་
སྦག །འུག་པའི་སྒྲོ་ལ་སོགས་པའང་རུང་། །དྲག་པོའི་ལས་ཀྱི་བུད་ཤིང་བྱ། །དེ་ནས་མཆོད་ཡོན་སྣོད་བཤམ་པ། །གསེར་དང་དངུལ་ལས་བྱས་པའམ། །དུང་དང་ཉ་ཕྱིས་དག་ཀྱང་རུང་། །ཟངས་དང་ཁར་བའི་རྫས་རྣམས་དང་། །ས་དང་ཤིང་ལོ་དག་ཀྱང་རུང་། །ཇི་ལྟར་
འབྱོར་པ་བཤམ་པར་བྱ། །མེ་ཏོག་འོ་མར་བཅས་པ་ཡི། །ཨརྒྷའི་སྣོད་ནི་མདུན་དུ་གཞག །དྲི་ཞིམ་བདུག་པས་བདུགས་ནས་སུ། །རང་གི་སྔགས་ཀྱིས་ལན་བདུན་བཟླ། །གཡོན་དུ་ཆུ་སྣོད་གཞག་བྱ་སྟེ། །ཞི་བའི་ལས་ཀྱི་མཆོད་ཡོན་ཡིན། །ཞོ་དང་ཏིལ་དུ་བཅས་པ་དང་། །
དྲི་སེར་ལ་སོགས་ལྡན་པའི་ཆུ། །རང་གི་སྔགས་ཀྱིས་མངོན་བཟླས་པ། །རྒྱས་པ་ཡི་ནི་ཨརྒྷ་ཡིན། །དབང་ལ་ཟངས་ཀྱི་སྣོད་སོགས་པར། །དྲི་དམར་ལ་སོགས་བཅས་པའི་ཆུ། །མེ་ཏོག་དམར་པོས་འབར་བ་སྟེ། །ཡོངས་སུ་བཀང་བས་ཆགས་པར་བྱ། །ཆུ་ནི་གནག་ཅིང་
དྲི་མི་ཞིམ། །ཁྲག་དང་ལྡན་པས་བྱ་བའམ། །རང་སྐྱུར་དང་ནི་བ་གླང་གཅིན། །ཡང་ན་མི་ཡི་གཅི་བའམ། །ཡང་ན་བོང་བུའི་གཅིན་ཡང་རུང་། །ཕཊ་དང་སྤེལ་བའི་སྔགས་བཟླས་པ། །གཡས་ཀྱི་ཕྱོགས་སུ་བཞག་ནས་ནི། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཨརྒྷའི་ཆོ་གའོ། །
Vol. 78 · folio 105b
ནད་སོགས་ཞི་ཕྱིར་ཞི་བ་ནི། །སྙིང་རྗེར་ལྡན་པས་དགོངས་མོ་བྱ། །དཔའ་བོ་ཤར་དུ་བལྟས་ནས་སུ། །མེ་ཏོག་ཕྲེང་སོགས་རྒྱན་དང་ནི། །བགོ་བ་དག་ནི་དཀར་པོར་བྱ། །འཇམ་པའི་སྟན་ལ་གནས་ནས་ནི། །པདྨའི་སྐྱིལ་ཀྲུང་བཅས་ནས་སུ། །དཔལ་ལྡན་རྣམ་སྣང་མཛད་བསྒོམས་
ཏེ། །རྩེ་དང་ལྡན་པས་མི་སྨྲ་བར། །བསྒྲུབ་བྱ་ཡི་གེ་ཨོཾ་བྱུང་བའི། །ཆུ་ཡི་དཀྱིལ་འཁོར་དཀར་པོ་ལ། །སེང་གེ་པདྨ་ཟླ་བ་ཡི། །སྟན་ལ་གནས་པ་དམིགས་ནས་སུ། །འོག་ནས་འབྱུང་བའི་རིམ་པ་ཡིས། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །སྭཱ་ཧཱའི་མཐའ་ཅན་སྔགས་བཟླས་ལ། །
རྟག་ཏུ་ཞི་བའི་ལས་རྣམས་བྱ། །དབུལ་དང་རིད་སོགས་རྒྱས་པའི་ལས། །དགའ་དང་ལྡན་པས་སྔ་དྲོ་བྱ། །གོས་སེར་ལ་སོགས་བརྒྱན་ནས་ནི། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །བཟང་པོ་ཡི་ནི་འདུག་སྟངས་སམ། །ཡང་ན་རོལ་པའི་སྟབས་ཀྱིས་གནས། །འབྲས་ཆན་དཀར་པོ་ཞོ་
དང་ནི། །བཅས་བཟའ་དེ་ཉིད་རིག་པ་ཡིས། །བཟའ་དང་བཏུང་བས་ཚིམ་ནས་སུ། །རིན་ཆེན་འབྱུང་བར་བསྒོམས་ནས་ནི། །ཡི་གེ་ལྃ་ལས་བྱུང་བ་ཡི། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལ། །གླང་ཆེན་སྟེང་དུ་གནས་པ་ཡི། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས་ཀྱི་མཐར་
ནི་ཨོཾ་བརྗོད་ཅིང་། །རྒྱས་པར་བྱ་བའི་ཆོ་ག་སྦྱར། །དབང་གི་དོན་དུ་འདི་གསུངས་ཏེ། །མཚན་མོ་ཆགས་པའི་སེམས་ཀྱིས་ནི། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །དམར་པོའི་རྒྱན་གྱིས་བཀླུབས་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་གནས་ནས་སུ། །རྡོ་རྗེ་ཆགས་པ་མཆོག་ཏུ་
བསྒོམས། །ཡྃ་ལས་བྱུང་བའི་རླུང་དཀྱིལ་ལ། །བཙུན་མོའི་པདྨ་འཇམ་ལྡན་པར། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས་ཀྱི་མཐར་ནི་ཧོཿབཟླས་ཏེ། །འོད་ཟེར་དམར་པོས་བསྐུལ་ནས་སུ། །ཟུར་མིག་ལྟ་བས་སྦྱིན་སྲེག་ན། །བུད་མེད་རྣམས་ནི་རྨོངས་པར་འགྱུར། །
དཀོན་མཆོག་གསུམ་ལ་གནོད་པ་དང་། །དམ་ཚིག་འདས་ཤིང་ཁྲོ་བ་ལ། །སྡང་བའི་སེམས་ཀྱིས་ལྷོར་བལྟས་ཏེ། །མཚན་ཕྱེད་དམ་ནི་ཉིན་ཕྱེད་ལ། །གོས་སོགས་སྔོན་པོས་བརྒྱན་ནས་སུ། །མཁྲང་ཞིང་རྩུབ་པའི་སྟན་ལ་ནི། །ཁྲོ་བོའི་སྐྱིལ་ཀྲུང་གནས་ནས་སུ། །རྡོ་རྗེ་ཁྲོ་བོར་
Vol. 78 · folio 106a
བསྒོམ་པར་བྱ། །རཾ་ལས་ཉི་མའི་དཀྱིལ་འཁོར་ལ། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །ཧཱུྃ་དག་ཕཊ་ཅེས་བྱ་བ་ནི། །འབྲུག་གི་སྒྲ་ལྟར་གྲགས་པ་སྟེ། །ཐོག་མ་དབུས་མཐའ་སྦྱར་བར་བྱ། །བསྒྲུབ་བྱའི་ལས་ཀྱི་ཆོ་གའོ། །དེ་ནས་སྒྲུབ་པོ་དཔལ་ལྡན་པས། །
རྒྱན་རྣམས་ཀུན་གྱིས་བརྒྱན་ནས་སུ། །གསང་བ་གཉིས་ཀྱི་ཏིང་འཛིན་གནས། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ཆུ་ཡི་སྣོད་ནི་གཡོན་དུ་གཞག །གཡས་སུ་བསྲེག་རྫས་གཞག་པར་བྱ། །ལས་ཀུན་བྱེད་པས་བཟླས་པ་ཡིས། །རྫས་རྣམས་ཀུན་ལ་བསང་གཏོར་ཏེ། །དེ་
ནས་བཀྲ་ཤིས་བཅས་པ་ཡིས། །གཡས་ནས་བསྐོར་ལ་ཀུ་ཤ་དགྲམ། །རྩེ་མོའི་ཆ་ལས་བྱས་པ་ནི། །དྲི་མ་མེད་ཅིང་མ་ཉམས་པ། །འདབ་མར་བཅས་ཤིང་ཁ་དོག་སྔོ། །ཤིན་ཏུ་རིང་མིན་ཐུང་བ་མིན། །འདུད་པར་བྱས་པ་གཡས་སྐོར་དགྲམ། །དེ་ནས་ལས་ཀྱི་རྗེས་མཐུན་པར། །ཐབ་
ཁུང་ཕྱོགས་ཀྱི་བྱེ་བྲག་གིས། །གཞན་ཡང་ཤར་ཕྱོགས་བསྟན་ཏེ་དགྲམ། །དེ་ཡིས་སྒོར་ནི་བཀྲམ་ནས་སུ། །དེ་ནས་ཐབ་ཀྱི་ནང་དུ་ནི། །སྒྲུབ་པ་པོ་ཡིས་ཀུ་ཤ་སྦྱིན། །ཀུ་ཤའི་ལས་ནི་རྫོགས་ནས་སུ། །མེ་ཡི་ལས་ནི་བརྩམ་པར་བྱ། །གཙུབ་ཤིང་ལས་བྱུང་མེ་འམ་ནི། །ཡང་ན་
ལས་ཀྱི་བྱེ་བྲག་གིས། །སྐྱེ་གཉིས་ལ་སོགས་མེ་ཡང་རུང་། །རླུང་ཡབ་ཀྱིས་ནི་སྦར་ནས་སུ། །འོ་མར་ལྡན་པའི་བུད་ཤིང་སོགས། །མེ་ནི་གསལ་བར་སྦར་བར་བྱ། །མེ་ནི་འབར་བར་ཤེས་ནས་སུ། །དེ་ནས་མེ་ལྷ་དགུག་པར་བྱ། །མེ་ཡི་ཕྱོགས་ནས་སྤྱན་དྲང་བ། །དྲང་
སྲོང་གི་ནི་འཁོར་གྱིས་བསྐོར། །ཡི་གེ་རཾ་ལས་ཡང་དག་བྱུང་། །ཨོཾ་ལས་བྱུང་བའི་པདྨ་ནི། །མཛེས་པའི་ལུག་གི་སྟེང་གནས་པ། །བསམ་གཏན་ལ་བཞུགས་ཡང་དག་བསམ། །མདོག་དང་ན་བཟའ་རྒྱན་ལ་སོགས། །ལས་ཀྱི་རྗེས་སུ་མཐུན་པར་བྱ། །མེ་ཡི་ཁམས་ཀྱི་
རང་བཞིན་ཏེ། །འབར་བའི་ཕྲེང་བ་རྒྱ་ཆེན་བཅས། །ཞལ་གཅིག་དང་ནི་ཕྱག་བཞིར་ལྡན། །རྡོ་རྗེ་རྩེ་གསུམ་དབྱིག་པ་དང་། །བགྲང་ཕྲེང་རིལ་བ་སྤྱི་བླུགས་ནི། །གཡས་དང་གཡོན་དུ་རིམ་བཞིན་བསམ། །རྡོ་རྗེ་མེ་ནི་བྱོན་པ་དང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །དེ་ནས་
Vol. 78 · folio 106b
ཨརྒྷ་སོགས་བྱིན་ཏེ། །ཆོ་ག་བཞིན་དུ་མཆོད་པར་བྱ། །ལས་ཀུན་བྱེད་པའི་ཆུ་ཡིས་ནི། །བསང་གཏོར་བྱས་ནས་ཞལ་བསིལ་སྦྱིན། །དངོས་གྲུབ་བསླང་བའི་བསམ་པ་ཡིས། །དེ་ཡི་ཁར་ནི་དགང་བླུགས་དབུལ། །དགེ་བའི་ལས་ལ་གྲུ་མོ་ནི། །པུས་མོའི་བར་དུ་བཅུག་སྟེ་
བསྲེག །དྲག་པོའི་ལས་ལ་ལག་པ་གཡོན། །ཕྱི་རུ་ཕྱུང་སྟེ་བསྲེག་པར་བྱ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛཱ་ལ་ཡ་སརྦྦ་བྷ་སྨིཾ་ཀུ་རུ་སརྦྦ་དུ་ཥྚཱྃ་བི་གྷཱྃ་ཧཱུྃ་ཕཊ། མེ་ཡི་སྔགས་ནི་དེ་ཉིད་ལ། །ལས་དང་རྗེས་སུ་མཐུན་པར་སྤེལ། །ཨོཾ་སརྦྦ་སམྤ་དེ་སྭཱ་ཧཱ། །ཞོ་ཟན་གྱིའོ། །ཨོཾ་ཨ་གྣ་ཡེ་སྭཱ་ཧཱ།
མར་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏེ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཀུ་ཤའིའོ། །ཨོཾ་སརྦྦ་པཱ་པྃ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱུྃ། ཞེས་བྱ་བ་ནི་ཏིལ་གྱིས་སྡིག་པ་བསྲེག་པར་བྱ་བའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །ཞེས་བྱ་བ་ནི་དཱུར་བའི་སྟེ། །ཚེ་སྤེལ་བར་བྱ་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་
བ་ནི་འབྲས་ཀྱི་སྟེ། །ཁྱིམ་རྒྱས་པར་བྱ་བའིའོ། །འབྲུ་ལ་སོགས་པ་གཞན་དག་ཀྱང་འདིར་མར་གྱིས་བསྒོས་ཏེ་བསྲེག་པར་བྱའོ། །དེ་འོག་བསང་གཏོར་ཞལ་བསིལ་སོགས། །མེ་ནི་ཚིམ་བྱས་འབར་བ་ཡི། །རྣམ་པར་ཡོངས་སུ་ཐིམ་པར་འགྱུར། །དེ་ནས་མེ་དབུས་བདག་གི་ལྷ། །
རྒྱན་དང་ན་བཟའ་ཁ་དོག་སོགས། །ལས་ཀྱི་རྗེས་སུ་མཐུན་པར་ནི། །བསམ་ཞིང་མེ་ཡི་མཚན་མ་བརྟག །གསེར་ལ་སོགས་པའི་ཁ་དོག་གིས། །མེ་ཡི་མདོག་ནི་ཤེས་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཤིས། །རྒྱས་པ་ལ་ནི་གསེར་ལྟ་བུ། །དབང་ལ་བྱི་རུ་བཅག་པའི་
མདོག །མངོན་སྤྱོད་ལ་ནི་ནག་པོ་དང་། །སྔོ་སོགས་མཚན་མར་ཤེས་པར་བྱ། །དབྱིབས་ནི་དཔལ་གྱི་བེའུ་དང་། །རྡོ་རྗེ་འཁོར་ལོ་ལ་སོགས་པ། །རང་གི་མཚན་མས་བརྒྱན་པ་ཤིས། །མེ་ནི་ཤིན་ཏུ་དྲི་ཞིམ་ན། །དགེ་བའི་ལས་ཀྱི་དངོས་གྲུབ་སྟེར། །མི་རོའི་དྲི་དང་ཉ་ཡི་དྲི། །
དུ་བ་ཆེ་ཞིང་སྒྲ་དང་ལྡན། །མེ་སྟག་གིས་ནི་སྔགས་པ་སྲེག །མེ་ཡི་མཚན་མ་ངན་པ་སྟེ། །མི་དགེ་བ་ཡི་མཚན་མ་ནི། །མི་དགེ་བ་ཡི་ལས་ལ་ཤིས། །དེ་ཉིད་ཤིས་པའི་ལས་རྣམས་ལ། །ཤིས་པའི་མཚན་མ་མ་ཡིན་ནོ། །དེ་ནས་བགེགས་ནི་བསྐྲད་ནས་སུ། །དེ་ནས་སླར་
Vol. 78 · folio 107a
ཡང་སྦྱིན་སྲེག་བརྩམ། །དེ་ནས་རང་གི་སྔགས་ཀྱིས་ནི། །མེ་ལ་བསང་གཏོར་བྱས་ནས་སུ། །དགང་གཟར་ཆོ་ག་བཞིན་བཀང་ལ། །དགང་བླུགས་ལན་གསུམ་སྦྱིན་པར་བྱ། །ཨོཾ་ཨགྣ་ཡེ་ཨ་མུ་ཀ་སྱ་ཤཱནྟི་ཀུ་རུ་སྭཱ་ཧཱ། །ཞེས་བྱ་བའི་སྔགས་ཀྱིས་སོ། །ལྷ་རྣམས་
ཚིམ་པར་བྱ་བའི་ཕྱིར་ཡི་གེ་གསུམ་གྱི་སྔགས་སྔོན་དུ་བཟླས་པ་དང་། །རང་གི་སྔགས་སྤེལ་ཏེ་རིམ་པ་བཞིན་དུ་བསྲེག་པར་བྱའོ། །དེ་ལ་བསྲེག་པའི་གོ་རིམས་ནི་འདི་ཡིན་ཏེ། །དང་པོར་ནི་ཡམ་ཤིང་ངོ་། །དེའི་འོག་ཏུ་ནི་མར་རོ། །དེ་ནས་གྲོ་དང་ཏིལ་ལ་སོགས་པའོ། །དེ་ནས་བཟའ་
བ་ལ་སོགས་པའོ། །དེ་ནས་ཟན་ནོ། །དེ་ནས་ཞོ་དང་། འོ་མ་དང་། འབྲས་བུ་ལ་སོགས་པ་དང་། བལྡག་པ་དང་། བཏུང་བ་ལ་སོགས་པའི་ཚོགས་བསྲེགས་ལ། དེ་ནས་རྣལ་འབྱོར་པས་མེ་ཏོག་དང་། སོ་རྩི་ལ་སོགས་པ་དབུལ་ལོ། །དེ་བཞིན་དུ་རང་གི་ལྷ་ཡང་མཆོད་ནས་འདོད་
པའི་དོན་གྱི་དངོས་གྲུབ་གསོལ་བར་བྱའོ། །དེ་ནས་མགོན་པོ་གཤེགས་སུ་གསོལ་ནས། སླར་ཡང་སློབ་མས་མེ་ལྷ་མཆོད་དེ་གཤེགས་སུ་གསོལ་ན་རྣལ་འབྱོར་པ་ལ་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །སྦྱིན་སྲེག་གི་ཆོ་གའོ། །གསེར་རམ་དངུལ་ལམ་ཟངས་མའམ། །མཆོད་
སྦྱིན་གྱི་ནི་ཤིང་ཡང་རུང་། །དགང་གཟར་སྐྱུ་དང་དབྱིག་པ་སོགས། །ཚད་དང་དབྱིབས་ལ་སོགས་པ་བཤད། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བརྐོ་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་བརྒྱན། །དེ་ཡི་སྟེང་དུ་མཆུ་སོར་བཞི། །
པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །རྒྱ་རུ་
སོར་གཉིས་ཟབས་སོར་གཅིག །ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེས་མཛེས་པ་སྟེ། །ལྷག་མ་སྔོན་བཞིན་མཚོན་པར་བྱ། །སོར་མོ་ལྔ་དང་ལྡན་པ་ཡིས། །གང་བའི་སྦྱིན་སྲེག་བྱ་བར་བརྗོད། །སོར་མོ་གསུམ་དང་ལྡན་པ་ཡིས། །སྦྱིན་སྲེག་ཅིག་ཤོས་བྱ་བར་
Vol. 78 · folio 107b
བརྗོད། །ཞི་བ་བྱང་ཆུབ་མཆོག་གིས་གཟུང་། །ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དབང་དང་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་གཟུང་། །དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚུར་བྱ། །དགང་གཟར་བླུགས་གཟར་གྱི་ཆོ་གའོ། །དགང་བླུགས་ཞེས་བྱ་
བ་ནི་གང་བའི་སྦྱིན་སྲེག་ལ་སོགས་པའོ། །དེ་ཡི་ཆོ་ག་གཞན་བཤད་བྱ། །ཞི་བ་དང་ནི་རྒྱས་དང་དབང་། །དགེ་བ་ཡི་ནི་ལས་རྣམས་ལ། །གདོང་ནི་འཛུམ་དང་བཅས་པར་བྱ། །དྲག་པོའི་ལས་ལ་ཁྲོ་གདོང་གིས། །ཡམ་ཤིང་ལ་སོགས་བསྲེག་པར་བྱ། །དེ་ཉིད་བསྡུས་དང་
བདེ་མཆོག་དང་། །གསང་དང་རྡོ་རྗེ་འཇིགས་བྱེད་བཅས། །ཏི་ལ་ཀ་སོགས་མ་བཤད་པ། །སྦྱིན་སྲེག་མདོ་རུ་བསྡུས་པའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་
གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་ལས་ཐམས་ཅད་ཀྱི་གསང་ཆེན་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།སླར་ཡང་ལྷ་མོས་གར་བྱས་ཏེ། །ཚིག་འདི་དག་ནི་གསོལ་བར་འགྱུར། །ཆུང་ངུ་ལ་སོགས་ཇི་ལྟ་བུ། །
དེ་རྣམས་བྱེ་བྲག་ཇི་ལྟར་ལགས། །ཁམས་ཀྱི་རང་བཞིན་སྣ་ཚོགས་ལ། །རྫས་ཀྱི་མཚན་ཉིད་གང་བཤད་པ། །དེ་དག་བདག་ནི་ཐེ་ཚོམ་སྐྱེས། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ནི་ཆུང་ངུ་ལ་སོགས་ཀྱི། །བྱེ་བྲག་ལ་སོགས་
བཤད་པར་བྱ། །ཡོན་ཏན་ལྡན་པའི་རྫས་མཚན་ཉིད། །བཤད་ཀྱིས་ཤེས་རབ་ལྷ་མོ་ཉོན། །ཆུང་ངུ་ལ་སོགས་པ་གང་དག་གི་ཡིན་པ་དེ་དག་ནི་ཆུང་ངུ་ལ་སོགས་པ་སྟེ། སོགས་པའི་སྒྲས་བར་མ་དང་ཆེན་པོའི་ཆེན་པོ་དག་ལ་བྱ་སྟེ། གནས་སྐབས་ཀྱི་དབྱེ་བ་རྣམ་པ་
བཞེས་རྣམ་པ་བཞིར་དབྱེ་བར་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པའི་རང་བཞིན་གྱི་དབྱེ་བས་བུད་མེད་དང་སྐྱེས་པ་དག་བྱེ་བྲག་ཏུ་ཤེས་པར་བྱ་སྟེ། །རྫས་རྣམས་སྦྱར་བར་བྱའོ། །དེ་ཡང་རླུང་ཅན་ལ་ནི་སྣུམ་པའི་རྫས་སྦྱིན་པར་བྱ་ལ། མཁྲིས་པ་ཅན་ལ་ནི་བསིལ་བའི་
Vol. 78 · folio 108a
རྫས་བྱིན་ན་ཕན་ཏེ། བད་ཀན་ཅན་ལ་ནི་ཁ་བ་དང་བསྐལ་བའི་རྫས་སྦྱིན་ནོ། །ཡང་རྩུབ་པ་དང་བསིལ་བ་དང་སྣུམ་པ་རྣམས་རླུང་དང་མཁྲིས་པ་དང་བད་ཀན་ཅན་ལ་སོ་སོར་བསྔགས་སོ། །སྐྱེས་པ་དང་ནི་བུད་མེད་ཀྱང་། །རེ་རེ་ཞིང་ཡང་གསུམ་གསུམ་འདོད། །ཅེས་བྱ་
བ་ནི་ཁམས་ཀྱི་རང་བཞིན་གྱིས་ངེས་པ་གསུམ་དུ་འདོད་པའོ། །ཀྱང་ཞེས་བྱ་བ་ནི་བརྟག་པ་སྟེ། མ་ནིང་ལ་ནི་བཅུད་ཀྱིས་ལེན་མི་སྦྱིན་པའི་ཕྱིར་རོ། །ནག་པོ་ནི་ཁ་དོག་ནག་པོ་སྟེ། འཛག་པ་ལ་བསྔགས་སོ། །སེར་སྐྱ་ཡང་ཁ་དོག་སྟེ་འཕོ་བ་ལའོ། །སྔོ་སངས་ནི་ནག་པོ་དང་སེར་པོ་གཉིས་
འདུས་པ་སྟེ། འཛག་པ་དང་འཕོ་བ་གཉིས་ཀ་ལའོ། །དང་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་བའི་དོན་ཏོ། །རྩུབ་པ་ཞེས་བྱ་བ་ནི་བ་ལང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི་པདྨ་ཅན་ཞེས་བྱ་བའོ། །མཁྲང་བ་ནི་ཁུ་བ་སྲ་བ་སྟེ། གང་གི་ཁུ་བ་འཐས་པར་གྱུར་པའོ། །མཛེར་པ་ཅན་ནི་
དུང་ཅན་མ་སྟེ། པདྨ་ལ་ཤ་མཛེར་ཡོད་པའོ། །བུད་མེད་འདི་དག་ནི་བཅུད་བཅིང་བ་ལ་དབང་བར་གྱུར་པ་ཡིན་ནོ། །སྦོམ་ཞེས་བྱ་བ་ནི་གདོང་དང་ཁ་དང་ནུ་མ་འཕེལ་ཁ་ཆེ་ཞིང་སྦོམ་པའོ། །ཐུང་ཞེས་བྱ་བ་ནི་བོང་ཐུང་བ་དང་སྐྲ་ཐུང་ཞིང་ཆང་གི་དྲི་དང་ལྡན་ལ་འདོད་པས་མྱོས་པ་སྟེ། དེ་དག་ནི་བོང་
ཚོད་རན་ཞེས་བྱ་བར་བཤད་དོ། །རིང་བ་ནི་གདོང་དང་ལག་པ་དང་རྐང་པའི་དཀྱུས་རིང་བའོ། །གཞན་ཡང་ཉའི་དྲི་དང་ལྡན་པའི་ཁུ་བ་རིང་དུ་འཛག་པ་སྟེ། །དུང་ཅན་མའོ། །སྔོ་སངས་མཚུངས་ཞེས་བྱ་བ་ནི་དབྱངས་མི་སྙན་ཞིང་ཡན་ལག་དང་སྐྲ་ཐུང་བའོ། །ཡན་ལག་རྩུབ་ཅེས་བྱ་བ་
ནི་དྲི་མི་ཞིམ་ཞིང་འགྲོས་དལ་བ་སྟེ། རི་མོ་ཅན་མའོ། །མགྲིན་པ་རིང་བ་ནི་གང་གི་མགྲིན་པ་མཐོ་བ་དེ་མགྲིན་པ་རིང་བ་སྟེ། པདྨ་དཀར་པོ་ལྟ་བུའི་འོད་ཡོད་ཅིང་ཡིད་དུ་འོང་ལ་དུས་རྟག་ཏུ་རྡུལ་གྱི་དྲི་ཞིམ་པ་དང་། །རི་དགས་ཀྱི་མིག་འདྲ་ལ་རི་དགས་ལྟར་ལྟ་ཞིང་མགྲིན་པ་དང་ལྟོ་རི་
དགས་འདྲ་ལ་རྐེད་པ་རི་དགས་ཀྱི་རྒྱལ་པོ་ལྟ་བུ་སྟེ། པདྨ་ཅན་དུ་ཤེས་པར་བྱའོ། །མིག་ནི་ཟངས་ལྟར་དམར་བ་ཞེས་བྱ་བ་ནི་མིག་དང་རྐང་པ་དང་ལག་པ་ཤིན་ཏུ་དམར་ཞིང་མཱ་ལི་ཀའི་དྲི་དང་ལྡན་པ་དང་། །བདེ་བར་གཤེགས་པའི་རིགས་ལ་དགའ་ཞིང་དེ་བཞིན་དུ་བདེ་བའི་དངོས་གྲུབ་
Vol. 78 · folio 108b
སྟེར་བའོ། །པི་ནོ་ཨུནྟ་ཞེས་བྱ་བ་ནི་པི་ན་ནི་འོ་མ་འཛིན་པ་སྟེ། །དེ་མཁྲང་ཞིང་སྐྲ་ལི་བ་དང་བཞིན་ཀུན་ནས་ཟླུམ་པ་དང་། ལྟེ་བའི་དབུས་ན་རི་མོ་གསུམ་ཡོད་པ་དེ་ནི་ཕྲེང་བ་ཅན་དུ་ཤེས་པར་བྱ་བའོ། །ཐུན་མོང་མ་ནི་གང་གི་རྒྱུ་སྦྱིན་པར་བྱེད་པའོ། །ནུ་མ་མེད་ཅེས་བྱ་བ་ནི་ངང་ཚུལ་ངན་
པ་དང་སྐྱེས་པ་ལྟར་ནུ་མ་སྤངས་པ་སྟེ། ཡན་ལག་མ་ཚང་བ་ཞེས་བྱ་བའི་བར་དུའོ། །མདོག་ཉམས་ཞེས་བྱ་བ་ནི་མདངས་རྩུབ་པའོ། །ས་ལི་དྲི་ཞེས་བྱ་བ་ནི་སཱ་ལི་ལྟར་ཡིད་དུ་འོང་བའི་དྲི་ཡོད་པའོ། །ཆང་ནི་སྟོབས་ཏེ། དམ་ཚིག་དང་སྤྱོད་པ་ཕུན་སུམ་ཚོགས་པའི་བསམ་པ་དང་ལྡན་
པའོ། །ཆང་མིན་དྲི་ཞེས་བྱ་བ་ནི་ཁྱད་པར་དུ་མི་རོའི་དྲིའི་རྗེས་སུ་འགྲོ་བའོ། །མྱོས་པ་ནི་ཤིན་ཏུ་ཁྱད་པར་དུ་གྱུར་པའོ། །ཆ་གཉིས་པ་ནི་ཆ་གཉིས་ཏེ་ཆ་གཉིས་གཉིས་བསྡུས་པའོ། །ཆ་གསུམ་ནི་ཆ་གཉིས་པོ་དེ་གསུམ་དུ་བསྒྱུར་བ་སྟེ། སྤུ་མེད་པ་དང་། ཤ་ཆེ་བ་དང་། །རུ་སྦལ་གྱི་
རྒྱབ་ལྟར་མཐོ་བ་དང་། གླང་པོ་ཆེའི་ཟེ་བ་ལྟར་མཁྲང་བ་དང་། སྐྱེ་གནས་ཡངས་པ་དང་ཁྲག་དང་ཁུ་བ་རྟག་ཏུ་འཛག་པ་སྟེ། དྲུག་པོ་དེ་དག་ནི་སྐལ་བཟང་མ་སྟེ། །སུ་བྷ་ག་ཡིན་ལ་དེ་དག་ནི་སྒྲུབ་པ་པོ་ལ་མཆོག་སྟེར་བ་ཡིན་ནོ། །དེ་དག་ནི་རྐེད་པའི་བྱེ་བྲག་གོ། །དེ་ཉིད་ཀྱིས་སྦྲང་རྩི་
ལྟར་འཛག་སྦྲང་རྩིའི་དྲི་སྟེ། སྦྲང་རྩིའི་རང་བཞིན་ཅན་ནོ། །སོ་སོ་ནི་དམ་ཚིག་གི་དོན་དང་གཞན་ལ་སོ་སོ་སྟེ་ཐ་དད་པར་སྦྱར་གྱི། གཞན་དུ་སྟེ་སེམས་ཅན་གྱི་དོན་དུ་ར་སཱ་ཡ་ན་ལ་སོགས་པ་ལས་གཞན་དུ་ནི་ནམ་ཡང་མ་ཡིན་ཏེ། གཞན་དུ་ནི་ཚིག་ཙམ་ཡང་སྦྱར་བར་མི་བྱའོ། །འདིར་ནི་
སོ་སོར་བསྒྲུབ་པ་སྟེ། ཡིད་ལ་སེམས་པའི་འཁྲུལ་འཁོར་གྱིས་ཞེས་བྱ་བ་ལ་ཡིད་ལས་བྱུང་བ་ནི་ཡིད་ལ་སེམས་པ་སྟེ། འཁྲུལ་འཁོར་ནི་ཤིང་དང་པགས་པའི་རང་བཞིན་གྱིས་འཁྲུལ་འཁོར་རོ། །བསྒྲུབ་པ་ནི་དེས་བསྒྲུབ་པར་བྱའོ། །བུ་མོ་གཅིག་ནི་དང་པོ་སྟེ། བྱང་ཆུབ་དང་
ཐར་པའི་དོན་དུའོ། །གཉིས་ནི་དམ་ཚིག་གི་དོན་དུའོ། །མང་པོ་ནི་ནོར་གྱི་དོན་དུ་བརྟག་པར་ཞེས་བྱ་བ་ནི་ཁྱད་པར་དུ་རྫས་བཅྭ་བརྒྱད་ཀྱི་སྟེ། གསལ་བར་གྱུར་པ་ནི་གཅིག་ཉིད་མཐའ་ཡས་པའི་ཡོན་ཏན་སྟེར་བའི་ཕྱིར་རོ། །སུ་ལ་ཞེ་ན་སྒྲུབ་པའི་དབང་པོ་ལ་སྟེ། ཡོན་ཏན་བྱེད་པ་ནི་
Vol. 78 · folio 109a
དེ་ཉིད་ཀྱིས་བྱའི་གདོང་པའི་རྩའི་བདུད་རྩིས་ཡོན་ཏན་དེ་ཡང་དང་ཡང་དུ་གོམས་པར་བྱ་བས་སོ། །བྱིས་པ་ཞེས་བྱ་བ་ནི་ཤེད་མ་བྱེ་བ་སྟེ། བུ་མོ་གཞོན་ནུ་མའོ། །ཉི་ཤུ་ཞེས་བྱ་བ་ལོ་ཉི་ཤུའི་བར་དུའོ། །དེ་རྣམས་ཐབས་ཀྱིས་སྦྱང་བར་བྱ་ཞེས་བྱ་བ་ནི་དེ་རྣམས་ཉིད་
ས་བོན་གདབ་པའི་ཞིང་དུ་གྱུར་པས་སྦྱང་བར་བྱ་བ་ཡིན་ལ། དེ་རྣམས་ཉིད་ཐབས་ཡིན་ཏེ་མངོན་པར་འདོད་པའི་དོན་ཉེ་བར་གཏོད་ཅིང་སྟེར་ལ་འབྲས་བུ་མངོན་སུམ་དུ་བྱེད་པ་ཞེས་བྱ་བའི་བར་དུའོ། །ཕྲ་མོ་ནི་ཡིད་དུ་འོང་བ་སྟེ་ནམ་མཁའ་ལྟ་བུའི་སྤྱོད་ཡུལ་ལོ། །སྟོབས་ལྡན་གཟུང་བ་ཡི་ནི་
གནས་ཞེས་བྱ་བ་ལ་སྟོབས་ལྡན་ནི་ནུས་པ་ཡོད་པའོ། །གཟུང་བ་ནི་བདག་གིར་བྱ་བའོ། །གནས་ནི་དབྱིབས་ཏེ་ཐུར་དུ་འབེབས་པ་དང་གྱེན་དུ་འཕེན་པའི་དོ་ལ་དང་ཀུརྦྦ་ལ་སོགས་པའོ། །རྫས་ནི་ཡོངས་སུ་སྦྱོང་ཞེས་བྱ་བ་ལ་རྫས་ནི་སྲིད་པའི་རྒྱ་མཚོའོ། །དེ་ལས་གྲུ་ལྟར་སྦྱོང་ཞིང་ཕན་
འདོགས་པར་བྱེད་པས་ན་ཡོངས་སུ་སྦྱོང་བའོ། །ཀུན་གབ་ཅེས་བྱ་བ་ནི་སྲོག་ཆགས་ནེའུ་ལེ་ལྟར་ཀུན་དུ་འཁྱུད་པ་དང་། ཕུག་རོན་ལྟར་འོ་བྱེད་ཅིང་སོས་མ་མཆུ་བཟུང་སྟེ་འཇིབ་པ་དང་སྐྲ་ནས་གཟུང་བ་དང་། སེན་མོ་འདེབས་པ་དང་ཁུ་ཚུར་སྣུན་པ་དང་། སོས་འདེབས་ཤིང་འདྲལ་བ་དང་མཆན་
ཁུང་དང་ནུ་མ་དང་། རྐེད་པ་དང་བརླ་གཉིས་དང་མགྲིན་པ་དང་རྒྱབ་ཏུ་སེན་མོས་འདྲལ་ཞིང་སིད་ཅེས་བྱ་བའི་སྒྲ་དང་བཅས་པར་སྔགས་པས་སྔོན་དུ་བྱ་ཞིང་། །གཞན་ཡང་ནུ་མ་མཉེ་བ་ལ་སོགས་པས་དེའི་སེམས་རྣམ་པར་འདུལ་བའི་བྱ་བ་དེ་དག་སོ་སོར་བྱེད་པའི་ཚུལ་རྣམ་པ་བརྒྱད་དང་སྦྱར་
རོ། །སེན་མོ་འདེབས་པ་དེ་ཡང་འཇམ་ཞིང་གཞོན་ནུ་ལ་ནི་ཀུ་ཤའི་ཚད་ཙམ་དུ་གདབ་པ་དང་དྲལ་བར་བྱས་ཏེ། རྐེད་པ་དང་རྒྱབ་དང་བྷ་གའི་སྟེང་དང་སྐྲ་དང་འགྲམ་པ་ལ་སོགས་པ་རྣམས་སུ་འབྲས་ཀྱི་གཟེགས་མའི་ཚད་ཙམ་གྱི་རི་མོ་ཅི་རིགས་པར་ཆགས་པ་ལྷོད་པ་རྣམས་ལ་གདབ་བོ།།
དེ་ཡང་སེན་མོ་འབའ་ཞིག་ནི་མ་ཡིན་གྱི། འོ་བྱ་བ་ལ་སོགས་པ་རྣམས་ཀྱིས་ཚིམ་པར་བྱའོ། །གང་ཞིག་ཆགས་པ་སྲ་བ་རྣམས་ལ་ནི་སོར་མོ་རིང་པོ་གསུམ་སྦྲུལ་གྱི་མགོ་ལྟར་བྱས་ལ། མོ་མཚན་གྱི་བུ་གར་བཅུག་ནས། སིད་ཅེས་བྱ་བའི་སྔགས་འབྱུང་གི་བར་དུ་བྲུད་པར་བྱས་པས་རྒན་
Vol. 78 · folio 109b
མོ་ལ་སོགས་པ་ཚིམ་པར་བྱ་བ་ནི་རྡོ་རྗེ་སོར་མོ་ཞེས་བྱའོ། །གང་ཞིག་གཞོན་ཞིང་མཉེན་པ་རྣམས་ལ་ནི་རང་གི་མཚན་མ་དང་འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩར་ལྕེ་བཅུག་སྟེ་བསྒྲིལ་བ་ཙམ་གྱིས་དགའ་བར་བྱ་སྟེ་རྡོ་རྗེ་ལྕེའི་ཐུར་མ་ཞེས་བྱའོ། །དེ་ལྟར་སྒྲུབ་པ་པོས་ཡང་
དང་ཡང་དུ་བསྒུལ་བས་སྙིང་འདར་བ་དང་དགའ་བས་མྱོས་ཤིག་སེམས་ཀྱི་རྡུལ་ཕྲ་མོའི་ཆུ་འཛག་ལ། ངོ་ཚ་ལ་སོགས་པ་དང་བྲལ་ཏེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་ལྟ་ཞིང་འཁྱུད་པ་ལ་གུས་པར་གྱུར་ཅིང་སིད་ཅེས་ཟེར་བ་དང་། །དེ་ནས་སྐྱིལ་ཀྲུང་བཅིངས་ལ་རྡོ་རྗེ་དང་པདྨོ་མཉམ་
པར་སྦྱོར་བས་དོ་ལ་དང་། ཀུརྦྦ་ཎ་དང་། །སུ་ཙི་དང་ཨུད་ཀྵེ་པ་དང་སུ་པྲ་ས་རི་དང་། གྲ་མ་ནཱ་ག་ར་དང་། པྲེང་ཁེ་ན་དང་ཨུ་རུ་སྤོ་ད་ཞེས་བྱ་བ་ལ་སོགས་པ་ཇི་སྙེད་བསྟན་བཅོས་ཐམས་ཅད་ལས་འབྱུང་བའི་ཀརྞ་བསྟན་པར་བྱ་སྟེ། དེ་དག་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བརྗོད་དོ། །དེ་
དག་གིས་རང་གི་དོན་གྱི་དངོས་གྲུབ་རབ་ཏུ་སྒྲུབ་པས་ན་དེ་དག་ཀུན་དགའ་བ་ལས་བྱུང་བའི་རྫས་ནི་ཡོངས་སུ་སྦྱོང་བྱེད་ཡིན་ཞེས་བྱ་བ་ཉིད་ཟབ་མོ་ཞེས་བྱ་སྟེ། །དེ་ཡང་ཇི་སྲིད་དུ་ཡུལ་རྣམས་ཀྱི་ར་སཱ་ཡན་ལ་སྐྱེས་བུས་དམན་པར་སྤྱོད་ཅིང་དགའ་བའི་འཁོར་ལོར་ཞུགས་ནས་ཀྱང་། སྐྱེས་བུ་
དམན་པར་སྤྱོད་པ་ནི། མི་འཕོ་ཞེས་བྱའོ། །བྱ་བ་ཀུན་གྱི་ལམ་གྱིས་ནི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ལམ་སྟེ་ཟབ་པོ་ཞེས་བྱ་བ་ཕྱི་དང་ནང་གི་མིག་ལ་སོགས་པའི་དབང་པོ་དང་། གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་རང་རང་གི་ཚུལ་དང་རང་རང་གི་ཆ་ལ་གནས་
པའི་ཉེ་བའི་ལོངས་སྤྱོད་པ་ཐམས་ཅད་བསྡུས་ཏེ་ཉམས་སུ་བསྟར་བ་ཡིན་གྱི། གཞན་དུ་སོ་སོ་བས་ནི་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པར་མི་འགྱུར་རོ། །ཉེ་བར་ལོངས་སྤྱོད་པ་དེ་ཉིད་ཁྲིད་པར་བྱེད་པས་ན་ལམ་མོ། །དངུལ་ཆུ་ཡི་ནི་ཤིང་ཆེན་པོ་ཞེས་བྱ་བ་ནི་ཇི་ལྟར་དཔག་བསམ་གྱི་ཤིང་
འདོད་པའི་དོན་ཐམས་ཅད་སྟེར་བ་ལྟར་བྱང་ཆུབ་ཀྱི་སེམས་འདིས་ཀྱང་འབྲས་བུ་ཐམས་ཅད་སྤྱོད་ཡུལ་དུ་བྱེད་པའི་ཕྱིར་རོ། །དེས་ན་ཆུ་སྐྱེས་ཡོན་ཏན་ལྡན། །རང་སྐྱོན་འཇོམས་པའི་ཡིད་ཆེས་ཡིན། །ཞེས་བྱ་བ་ལ་གང་གིས་དོན་སྟོན་ཅིང་གསལ་བར་བྱེད་པས་ན་ཡིད་ཆེས་ཏེ། དེ་ཁོ་ན་ཉིད་
Vol. 78 · folio 110a
ལ་ལྟ་བར་བྱེད་པའོ། །དེ་ཡང་འདིར་ཕྱག་རྒྱའི་ཡེ་ཤེས་ཀྱི་དབང་བསྐུར་བས་དབུགས་ཕྱུང་བ་ཡན་ལ། ཕྱག་རྒྱའི་ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། དངོས་གྲུབ་སྣ་ཚོགས་དང་བདེ་བ་འཇུག་པས་རིག་པ་དང་རིག་པར་བྱ་བར་གཟུང་ངོ་། །དེ་ལྟར་ན་དབང་པོ་ཀུན་ལས་
སྐྱེས་པའི་ཡིད་ཆེས་པ་དེས་དཔལ་དང་ན་སོ་དང་ནད་མེད་པའི་བདེ་བ་ཕུན་སུམ་ཚོགས་པར་འགྱུར་ཏེ། དཔལ་དང་ན་སོ་དང་ཆགས་པ་དང་ལྡན་པའི་ཟླ་བ་ལ་སོགས་པ་ལ་ཉེ་བར་སྤྱད་པས་དབང་ཕྱུག་དང་ནད་མེད་པ་དང་སྟོབས་འཕེལ་བ་དང་། སེམས་ཅན་གྱི་དོན་དུ་ཡུན་རིང་དུ་འཚོ་ཞིང་བདེ་
བ་དམ་པ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ལ་བལྟ་ཞིང་ཡིད་ཆེས་པས་ཕྱིན་ཅི་མ་ལོག་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བའི་བར་དུའོ། །རང་གི་ཞེས་བྱ་བ་ནི་རང་གི་ཁུ་བ་སྟེ། དེས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་ལ་སོགས་པ་ཀུན་དུ་འགྱུར་ཏེ། དེ་ཉིད་ནི་རྩི་ཞེས་བྱ་བ་ར་སཱ་ཡ་ནའི་གཙོ་
བོར་བཤད་དོ། །ལྟོ་སྐྱེས་མ་རྙིངས་རྫས་ཀྱི་ལས་ཞེས་བྱ་བ་ལ་མ་རྙིངས་པ་ནི་མ་རྒས་པ་སྟེ། འབུ་ལ་སོགས་པ་དང་བྲལ་ཞིང་མཚན་ཉིད་ལྡན་པའོ། །ལྟོ་སྐྱེས་ནི་མངལ་ནས་དང་པོ་བྱུང་བ་ཤི་བའོ། ལས་ནི་དེའི་བྱ་བ་སྟེ་མི་སྣང་བ་ལ་སོགས་པ་དང་གཞན་ཡང་གཟུགས་སྣ་
ཚོགས་སུ་བསྒྱུར་བ་དང་། རྩི་ལ་སོགས་པའི་བྱ་བ་ཐམས་ཅད་སྦྱར་བར་བྱའོ། །སྐྱེད་བྱེད་དོན་ནི་རྒས་པ་འཇོམས་ཞེས་བྱ་བ་ལ་བདག་ཉིད་ཀྱི་མཐུ་གང་གིས་སྐྱེད་བྱེད་ཀྱི་དོན་རྒ་བ་འཇོམས་པ་སྟེ། སྐྱེད་བྱེད་ནི་འབྱིན་པ་པོའོ། །རྫས་དེས་སྐྱེད་བྱེད་ཀྱི་དོན་ཉིད་རྒ་བ་འཇོམས་པའོ། །རྒས་
པ་འཇོམས་པ་ལ་སོགས་པ་ཡང་དབང་པོས་ཨོ་ཙ་ཀའི་ནད་རྣམས་ལ་ཟླ་བ་བརྒྱད་དུ་མངལ་ན་གནས་པའི་བྱིས་པའི་རོས་བཅོམ་པ་ལ་སོགས་པ་ཡིན་ནོ། །ལྷང་ཚེར་དངུལ་ཆུ་བཅིང་བའི་མཆོག་ཅེས་བྱ་བ་ལ། མཆོག་ནི་གསལ་བ་དང་མངོན་སུམ་དུ་གྱུར་པ་ཞེས་བྱ་བའི་བར་དུའོ། །
རྩི་ནི་རྫུ་འཕྲུལ་ལྡན་པའི་ཆ་ཞེས་བྱ་བ་ལ། རྫུ་འཕྲུལ་ནི་ནམ་མཁར་འཕུར་བ་ལ་སོགས་པའོ། །ཆ་ནི་ཆ་ཤས་ཏེ་སྐྱོན་གྱི་ཚོགས་ཡིན་ལ། དེ་དང་བྲལ་བ་ལས་འགྲུབ་པའོ། །དངུལ་ཆུ་བཞི་ཞེས་བྱ་བ་ནི་པར་ཏ་དང་། ཉེ་བའི་བཅུད་དང་། བཅུད་ཅན་དང་རྩིའི་དབང་པོ་
Vol. 78 · folio 110b
རྣམས་སོ། །ལྷང་ཚེར་བཞི་ཞེས་བྱ་བ་ནི་དཀར་པོ་དང་སེར་པོ་དང་སྔོན་པོ་དང་དམར་པོའི་བྱེ་བྲག་གིས་སོ། །དེ་རེ་རེ་ཞིང་ཡང་རྣམ་པ་བཞི་སྟེ། རྨ་བྱའི་མགྲིན་པ་དང་སྦྲུལ་དང་སྦལ་པ་དང་སྤྲིན་གྱི་བྱེ་བྲག་གིས་སོ། །དེ་ལ་རྨ་བྱའི་མགྲིན་པ་ནི་མགྲིན་པའི་སྤུ་ལྟར་སྔོན་དམར་དུ་འདུག་
པའོ། །སྔོན་པོ་ནི་བཅུད་ཆེན་པོ་སྟེ་ལྷག་པར་གཟུང་བར་བྱའོ། །སྦྲུལ་གྱི་གཟུགས་ནི་བྱེ་བྲག་ཏུ་འཕེལ་བས་སྦྲུལ་གྱི་དབྱིབས་ལྟར་གྱུར་པའོ། །སྦལ་པའི་གཟུགས་ནི་སྦལ་པའི་འགྲོས་ལྟ་བུའོ། །སྤྲིན་གྱི་གཟུགས་ནི་ཆུ་འཛིན་གྱི་འགྲོས་ལྟ་བུའོ། །སྟོབས་ལྡན་སོགས་བཅུད་
བྲལ་ན་ནི། །སྔོན་བཞིན་ཉེས་པ་སྣ་ཚོགས་འགྱུར་ཞེས་བྱ་བ་ལ། སྟོབས་ལྡན་ནི་མུ་ཟི་སྟེ། དེའི་སྐྱོན་ནི་ལྕི་བ་དང་སྣུམ་པ་དང་སྲ་བདག་ཡིན་ཏེ། སྐྱོན་དེས་སྔ་མཁོ་བཞིན་དུ་འགྱུར་བའོ། །ནག་པ་དང་གཡོ་བ་དང་ལྕི་བ་ནི་ལྷང་ཚེར་དང་རྩིའི་སྐྱོན་ནོ། །རྡོ་དང་རླན་དང་ལྕི་བ་དང་སྲོག་
ཆགས་ཀྱིས་ཟོས་པ་ལྟ་བུ་དང་རྟུལ་བ་ནི་རྣོན་པོའི་སྐྱོན་ཏེ་སྐྱོན་ལྔ་པོ་དེས་སྔ་མ་བཞིན་ནོ། །རྡོ་དང་བཅས་པ་ཡང་མུ་ཟིའི་སྐྱོན་ནོ། །བ་བླ་ཡི་ནི་སེར་སྐྱའོ། །མུ་ཏིག་གི་ཡང་སེར་སྐྱ་སྟེ། སྙིང་པོ་མེད་པའོ། །བྱི་རུའི་ནི་སྣུམ་བག་མེད་པའོ། །ཁར་བའི་ནི་གསེར་རྡོའོ། །མུ་མེན་གྱི་ནི་གསེར་
མེད་པའོ། །ནོར་བུའི་ནི་ཕུག་པའོ། །གསེར་གྱི་ནི་བཅོས་མའི་ལྷད་དོ། །དངུལ་གྱི་ནི་འགས་པ་དང་སྲ་བ་ལ་སོགས་པའོ། །ཞ་ཉེའི་ནི་ཡན་ལག་ལ་གནོད་པའོ། །རོ་ཉེའི་ནི་སྦྲུལ་ལྟར་རིང་བའོ། །ཁར་བ་དང་གཡུ་དང་བྱི་མ་ལ་ལ་སོགས་པ་ནི་སྐྱ་བོའོ། །སྐྱོན་དེ་དག་ཐམས་ཅད་ཀྱིས་ཀྱང་
སྔ་མ་བཞིན་ཏེ་རིན་པོ་ཆེའི་ཆོ་གའོ། །མ་ལུས་པ་ཞེས་བྱ་བ་ནི་གཞན་སྲོག་ཆགས་དང་རྩ་བ་ལ་སོགས་པ་ཡང་སྟེ། སྭ་སྟིའི་འདབ་མའི་ཡང་སེར་སྐྱའོ། །བ་ད་སིའི་རླིག་པའི་ཡང་བཅོས་མ་དང་སེར་སྐྱའོ། །སྨན་སེན་མོའི་ནི་ཕག་པའི་རྣ་བ་ལྟ་བུའོ། །རི་དགས་ཀྱི་སྐྱོན་ཆེན་པོ་ནི་ཉ་དང་ཐལ་
སྨན་ལ་སོགས་པའི་དྲི་ལྟ་བུ་དང་། བསྲེགས་ན་མྱུར་དུ་ཐལ་བར་འགྱུར་བ་སྟེ་སྤང་བར་བྱའོ། །རྒྱ་མཚོའི་སྡིག་པའི་ཡང་ཅུང་ཟད་སེར་ཞིང་སྐྱ་བ་སྟེ། ལས་ཐམས་ཅད་ལ་སྤང་བར་བྱའོ། །ཡུང་བའི་ནི་མདོག་མེད་པ་དང་སྐྱ་བོ་དང་ཕྲ་བའོ། །ཤུ་དག་གི་ནི་ལྗང་གུར་སྒྲུབ་པ་པོས་ཤེས་པར་བྱའོ། །
Vol. 78 · folio 111a
རུ་རྟའི་ནི་བཅག་ན་རྒྱ་མཚོའི་དབུབ་ལྟ་བུའོ། །ཀ་ཀོ་ལའི་ནི་སྦལ་པའི་གཟུགས་ལྟར་མི་མཉམ་ལ་སྦུན་པ་ལྟར་ཡང་བའོ། །ཛཱ་ཏི་ཕ་ལའི་སྐྱོན་ནི་སྐྱ་བ་དང་སྣུམ་མེད་པ་དང་སྒྲ་ཆུང་བའོ། །སུག་སྨེལ་དང་འབྲས་བུ་གསུམ་གྱི་སྐྱོན་ནི་སྦུན་པ་ལྟར་ཡང་བ་སྟེ། །ཉེས་པ་གསུམ་
སྐྱེད་པར་བྱེད་དོ། །རེའུ་རུཀའི་ནི་ན་ལེ་ཤ་མ་ལྟར་ཆུའི་སྟེང་ན་འཕྱོ་བའོ། །པྲི་ཡང་ཀུའི་ནི་ལྗང་གུ་སྟེ་འགལ་ལོ། །གུར་གུམ་གྱི་ནི་བློ་དང་ལྡན་པས་ཕྲ་བ་དང་སེང་ལྡེང་ལྟ་བུ་དང་། གེ་སར་ཆུང་བ་དང་ཅུང་ཟད་སེར་བ་དང་མར་ནག་ལྟར་མདོག་མེད་པའོ། །ཨུ་ཤི་རའི་སྐྱོན་ནི་འོད་ལྗང་གུར་འདུག་
པ་དང་། ཐུང་བ་སྟེ་རྟག་ཏུ་སྤང་བར་བྱའོ། །ཀེ་བར་ཏིའི་གླ་སྒང་གི་ནི་ཆུ་རྙོག་མ་ཅན་ལས་སྐྱེས་པ་དང་ཟི་མའི་ནང་ནས་སྐྱེས་པ་སྟེ་སྤང་བར་བྱའོ། །གླ་སྒང་གི་ནི་རླན་ཅན་ལས་སྐྱེས་པའོ། །ཚི་ཏྲ་ཀའི་ནི་ཁ་དོག་ལྗང་གུའོ། །སེ་ཧ་ལིའི་ནི་རྩ་བ་མེད་པའོ། །ཀུ་སུ་མའི་ཕྲ་བའོ། །ཙམ་པ་
ཀའི་ནི་ཁ་ཆེར་བྱེ་བར་ཤེས་པར་བྱའོ། །ཀེ་ཏ་ཀིའི་ནི་བུ་མང་བའོ། །ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །རྩི་དང་རྫས་རྣམས་སྐྱེ་བའི་ཡུལ། །རི་ཁ་བ་ཅན་གྱི་རྩེ་མོ་དང་། རི་བོ་དབང་ཆེན་དང་། འབིགས་བྱེད་ཀྱི་བྲག་ལས་བྱུང་བ་དང་། གཞན་ཡང་ནགས་ཀྱི་ཚང་ཚིང་གང་ནས་མིག་སྨན་ལྟ་བུའི་
ཆུ་རྒྱུན་དུ་འབབ་པའི་བྲག་ལས་སྐྱེས་པ་སྟེ། གང་དག་གིས་རྩི་བྱིན་གྱིས་རློབ་པའི་གནས་ཀྱང་བཤད་པར་བྱའོ། །བུང་བའི་ཚོགས་ཀྱིས་ནམ་མཁའི་ངོས་སུ་བརྒྱན་པ་དང་། །རླུང་ཚོགས་མི་རྒྱུ་དེ་ཉིད་རླུང་སྐྱེས་ཁ་བ་འབབ། །སྣ་ཚོགས་ཤིང་བུ་གེལ་བའི་དྲི་ཡིས་བསྒོས་པ་དང་། །མཁའ་
ལས་ལྷ་ཚོགས་སངས་རྒྱས་སྒྲ་ཡིས་གསལ་བྱེད་པ། །སྣ་ཚོགས་དྲི་ཞིམ་དྲི་ཡིས་རོལ་བའི་ཡིད་དུ་འོང་། །སྣ་ཚོགས་ཤིང་གི་འབྲས་བུ་བྲུལ་བས་ས་གཞི་བརྒྱན། །དེ་ལྟའི་རི་ཤོད་ཆུ་འབབ་བཅུད་ནི་སྐྱེ་བའི་གནས་སུ་བཤད། །དེ་ལ་བྲག་དཀར་པོ་ལས་ནི་ཤེལ་དང་ཆུ་ཤེལ་ལ་སོགས་
པའི་ནོར་བུ་སྐྱེ་བར་འགྱུར་རོ། །བྲག་སེར་པོ་ཆུ་སེར་པོ་འབབ་པ་ལས་ནི་བྱི་རུ་དང་བཙག་དང་བརྒྱ་བྱིན་གྱི་གཞུ་ལྟ་བུའི་ནོར་བུ་དང་ནོར་བུ་ཛི་བ་ནི་རི་དམར་པོ་དག་ལས་སྐྱེ་བར་འགྱུར་རོ། །རིའི་ལྗོངས་གང་ལྗང་སྔོན་དུ་འདུག་ཅིང་དྲོ་བ་དང་བཅས་ལ་རླངས་པ་དུ་བ་ལྟ་བུ་ཡོད་ཅིང་ས་རྡོ་གནག་པ་ལས་ནི་
Vol. 78 · folio 111b
གསེར་རྡོ་ཁར་བ་དང་གཞན་དག་དང་ལྕགས་ཁབ་ལེན་གྱི་རིགས་རྣམ་པ་བཞི་སྐྱེ་བར་འགྱུར་རོ། །བྲག་ལྗང་སྔོན་ལས་ནི་བྱི་མ་ལ་ལ་སོགས་པ་རྣམས་དང་མུ་མེན་དང་ནོར་བུ་སྟམ་པ་ལ་སོགས་པ་སྣ་ཚོགས་དག་སྐྱེ་བར་འགྱུར་རོ། །བྲག་ཁ་དོག་སྔོན་དམར་སྣ་ཚོགས་སུ་འདུག་པ་ལས་ནི་ལྡོང་
རོས་དང་བ་བླ་དང་མུ་ཟི་ལ་སོགས་པ་སྐྱེ་བར་འགྱུར་རོ། །བྲག་སུམ་ཞིང་སྲོག་ཆགས་དང་བཅས་པ་ལས་ནི་ཚ་ལ་ལ་སོགས་པ་ཐལ་སྨན་རྣམས་སྐྱེ་བར་འགྱུར་རོ། །དེ་དག་བླང་བ་ཡང་དང་པོ་གཏོར་མ་བྱིན་ལ་ཀུ་བའི་སྣོད་དུ་བླང་བར་བྱའོ། །དངུལ་ཆུ་གང་རྡོ་ལས་གཅི་རློན་གྱི་སྦྱོར་བས་
བསྒྲུབས་པ་དེ་ནི་མཆོག་གོ། །རིག་པ་དེ་དག་ལྷ་མོ་ཆེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །ཚངས་པ་བརྒྱ་བྱིན་སོགས་འགྲུབ་ན། །གཞན་དག་ལ་ལྟ་སྨོས་ཅི་དགོས། །འདས་པའི་དུས་ན་སྔོན་བྱུང་བ། །བསྐལ་པ་དང་པོ་བདེ་བ་ཆེ། །དེར་ནི་རྡོ་རྗེ་སེམས་དཔའ་ཆེ། །ལྷག་པ་ཡི་ནི་
ལྷ་གཅིག་བཞུགས། །ལྷ་མིན་གྲུབ་པ་སོགས་མཐོང་སྟེ། །ལྷ་ཡི་ཚོགས་ནི་སྐྲག་གྱུར་ནས། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །མྱུར་དུ་ང་ལ་སྐུལ་བར་བྱེད། །ཐིག་ལེར་ཞུ་ལས་ལྷ་མོ་ཆེ། །བདུད་ཀྱིས་ཀུན་དུ་གཏོར་བ་ནི། །ཐམས་ཅད་རྨོངས་པར་བྱེད་པ་ཡི། །དངུལ་
ཆུ་ཞེས་ནི་བྱ་བར་གྲགས། །ཆུ་གཏིང་ལས་བྱུང་དམན་པ་སྟེ། །དེ་བཞིན་རི་ལས་སྐྱེས་པ་མཆོག །ད་ནི་དྲི་ཡི་སྦྱོར་བ་དག །སླར་ཡང་བཤད་ཀྱིས་ལྷ་མོ་ཉོན། །དཀར་པོ་དང་ནི་དམར་པོ་དང་། །ཁྱད་པར་དུ་ནི་སེར་པོ་སྟེ། །དེ་རྣམས་དབྱེ་བ་བཤད་པར་བྱ། །མཆོག་དང་
དམན་དང་བར་མ་ཡིན། །ཀེ་ཏ་ཀ་ལྟར་དྲི་ཞིམ་ཞིང་། །ཡང་ན་སྣུམ་པ་གླ་རྩིའི་མཆོག །ཁ་ད་སི་ནི་སྐམ་སྐྱེས་པའི། །རླིག་པ་ཤ་ཆེན་ཟླུམ་པོ་ཤིས། །སྡིག་པ་སྔོ་ཞིང་སྣུམ་པ་དང་། །རྒྱ་མཚོ་ལས་ནི་བྱུང་བ་བཟང་། །སེན་མོ་རྟ་ཡི་རྨིག་འདྲ་དང་། །གླང་པོ་ཆེ་ཡི་རྣ་ལྟ་བུ། །བ་
ད་རི་ཤི་ཨུཏྤལ་དང་། །འདབ་མ་ལྟ་བུ་རྣམ་པ་བཞི། །གཉིས་གཉིས་ཤིང་ནི་བདུག་པར་སྦྱར། །ཨ་ཀ་རུ་ནི་ལྕི་བ་དང་། །སྣུམ་ཞིང་བྱ་རོག་མཆུ་འདྲ་ཤིས། །གཅའ་བ་སོར་མོའི་དབྱིབས་འདྲ་ཞིང་། །དྲི་མ་མེད་པ་ཤིན་དུ་བསྔགས། །མུ་ར་སེར་པོ་མཆོག་ཡིན་ཏེ། །སྐྱ་བོ་དག་ནི་དམན་
Vol. 78 · folio 112a
ཤེས་བྱ། །ཤུ་དག་སྦོམ་ཞིང་ཕྱི་རོལ་སེར། །ནང་ན་དཀར་པོ་ཡོད་པ་བཟང་། །ན་ང་དབང་ཤ་བའི་རྭ་འདྲ་བར། །མཛེས་པ་ཡོན་ཏན་ལྡན་པ་ཡིན། །ཡུང་བ་ཀུ་ཏ་ཙ་ལྟར་སེར། །སྦོམ་ཞིང་ཚིགས་ནི་ཆེ་བ་དང་། །བཅག་ན་མིག་སྨན་མདོག་འདྲ་བ། །རྩི་ཡི་ལས་ལ་དགེ་
བ་ཡིན། །ཅུང་ཟད་མདོག་ནི་སྔོ་བ་དང་། །བཅག་ནས་ཧ་ར་ཡི་དྲི། །ཡུང་བ་དེ་ནི་མར་ནག་དང་། །རྩི་ཡི་ལས་ལ་དམན་པར་བཤད། །ར་ན་སྲན་མ་མུངྒ་ལྟར། །སྔོ་བ་མཆོག་ནི་ཡིན་པར་བཤད། །པྲི་ཡང་ཀུ་ནི་ནགས་སྐྱེས་ཤིང་། །ས་ཧ་དེ་བའི་འདབ་འདྲ་མཆོག །གུར་གུམ་ཀུ་
སུམ་དམར་འདྲ་ཞིང་། །སྣུམ་ལ་གེ་སར་སྲབ་པ་མཆོག །གེ་སར་སྦོམ་ཞིང་སེར་བ་དང་། །སྦྲང་རྩིའི་དྲི་ལྡན་འབྲིང་པོ་ཡིན། །ཛཱ་ཏི་ཕ་ལ་སྒྲ་ཆེ་ཞིང་། །ལྕི་ལ་སྣུམ་པ་ཤིན་ཏུ་གཅེས། །ཀཀྐོ་ལ་ནི་སྙོམས་པ་དང་། །ལྕི་ཞིང་སྒྲ་མེད་བཟང་བ་ཡིན། །ཨུ་སི་ར་ནི་དཀར་བ་དང་། །རིང་ཞིང་
སྲེ་བ་དེ་བཞིན་བསྔགས། །ཀེ་བར་ཏི་མུད་གླ་སྒང་ནི། །ཆུ་བོའི་འགྲམ་དང་མཚོ་འགྲམ་དང་། །དྲི་མ་མེད་པའི་ཆུ་ལ་སྐྱེས། །ཟི་མ་འདབ་བུ་ལ་སོགས་བྲལ། །ཤིན་ཏུ་དྲི་ཞིམ་ཡིད་འོང་མཆོག །ཚ་ཏི་བ་ནི་གི་ཝང་གི། །མདོག་ལྟར་འཚོད་པ་བསྔགས་པ་ཡིན། །གླ་སྒང་སྐམ་སྐྱེས་མཁྲེགས་པ་
བཟང་། །རླན་སྙོམས་ཡུལ་ནས་སྐྱེས་པ་འབྲིང་། །ཨ་རུ་ར་ནི་འབིགས་བྱེད་ཀྱི། །ནགས་དང་རི་བོ་དབང་ཆེན་སྐྱེས། །ནར་མ་དཱ་ཡི་ཆུ་སྐྱེས་མཆོག །གཞན་དག་དམན་དང་འབྲིང་པོ་ཡིན། །སྨྱུང་པོ་དང་ནི་འཇིགས་མེད་དང་། །འཚོ་དང་དེ་བཞིན་བདུད་རྩི་སྟེ། །གཙང་མ་དང་ནི་འཕེལ་
བ་དང་། །རྣམ་པར་རྒྱལ་བ་བདུན་དུ་བརྗོད། །རི་མོ་གསུམ་པོ་སྨྱུང་པོ་སྟེ། །འཇིགས་མེད་རི་མོ་ལྔ་པ་ཡིན། །འཚོ་བ་གསེར་མདོག་ཤེས་པར་བྱ། །བདུད་རྩི་ཤ་ཆེན་ཞེས་བྱ་སྟེ། །དེ་བཞིན་གཙང་མ་ཤ་མེད་ཡིན། །སེར་སྐྱ་འཕེལ་བ་ཞེས་བྱ་སྟེ། །ཀུ་བ་ལྟ་བུ་རྣམ་པར་ར་རྒྱལ། །དྲི་ལ་
སྨྱུང་པོ་སྦྱར་བྱ་སྟེ། །བཅུད་ཀྱིས་ལེན་པ་བདུད་རྩི་བསྔགས། །འཇིགས་མེད་རྣམ་པར་རྒྱལ་བ་འབྲིང་། །ལྷག་མ་རྣམས་ནི་དོན་མེད་དོ། །སྐྱུ་རུ་ར་ནི་ཤ་ཆེ་ཞིང་། །རུས་པ་ཆུང་ལ་རོ་དང་ལྡན། །རྡོ་བ་ཅན་གྱི་རི་ལས་སྐྱེས། །ཤིན་ཏུ་སྨིན་པ་མཆོག་ཏུ་བཤད། །བ་རུ་ར་ནི་ཐ་མལ་པའི། །
Vol. 78 · folio 112b
རི་ལས་སྐྱེས་པའམ་གཞན་ཡང་རུང་། །ཨ་རུ་རྐང་ནི་སྣུམ་ཞིང་སྔོ། །ལྕི་ཞིང་མར་དང་བཅས་པ་བཟང་། །ད་ནི་དེ་དག་རེ་རེ་ཞིང་། །གཟུང་བར་བྱ་བ་བཤད་ཀྱིས་ཉོན། །རྫས་ནི་དུས་བཞིན་སྐྱེས་པ་དང་། །བཅུད་དང་བཅས་པ་གཟུང་བྱ་སྟེ། །མཐུན་པས་ཕན་པ་ཉིད་འགྱུར་གྱི། །བཟློག་
པས་གནོད་པ་ཉིད་དུ་འགྱུར། །ད་ནི་ཚིམ་པར་བྱ་བ་ཡི། །ཆོ་ག་བཤད་ཀྱིས་ལྷ་མོ་ཉོན། །མ་དྷི་དང་ནི་པེ་ཥྠི་དང་། །དེ་བཞིན་གོ་དྷི་ཛ་ཀ་ལ། །དེ་དག་འབྲུ་དང་བཅོས་པའི་ཆང་། །རོ་ཡི་བྱེ་བྲག་སྣ་ཚོགས་དེ། །རིམ་པ་དེ་དག་བརྗོད་པ་ཡིན། །མ་དྷི་རྣམ་པ་ལྔར་བཤད་དེ། །པེཥྠི་རྣམ་པ་
བརྒྱད་དུ་བརྗོད། །གོ་དི་རྣམ་པ་བདུན་ཡིན་ཏེ། །དེ་བཞིན་ཛ་ག་ལ་ནི་གསུམ། །བཙོ་དང་སྦྱོར་བའི་ཆོ་ག་དག །ད་ནི་རབ་ཏུ་བཤད་ཀྱིས་ཉོན། །སྦྲང་རྩི་ལས་བྱུང་དང་པོ་སྟེ། །ཁ་རྫར་ཡི་གཉིས་པ་ཡིན། །རྒུན་འབྲུམ་ལས་བྱུང་གསུམ་པ་སྟེ། །བཅུད་ཚོགས་ལས་བྱུང་བཞི་པ་ཡིན། །
ལྔ་པ་དབང་ཆེན་ཞེས་བྱ་སྟེ། །ཐམས་ཅད་ཀྱི་ནི་གཙོ་བོར་བརྗོད། །རབ་ཏུ་གདང་དང་སེར་སྐྱ་དང་། །མྱོས་པར་བྱེད་པ་ཐམས་ཅད་འབྱུང་། །ལོ་དི་ལས་བྱུང་མདོག་བཟང་དང་། །མཆོག་ཏུ་གསེར་དང་ཛི་བོ་དང་། །ཞི་བ་དང་ནི་རྣམ་པ་བརྒྱད། །དེ་བརྒྱད་པེཥྠི་ལས་བྱུང་བ། །མདོར་
བསྡུས་ནས་ནི་བརྗོད་པ་ཡིན། །ཨིཀྵུ་ལས་བྱུང་དང་པོ་སྟེ། །སི་ཏུ་ཡི་ནི་གཉིས་པ་ཡིན། །གསུམ་པ་བུ་རམ་གཉིས་ལས་བྱུང་། །བཞི་པ་སྐྱ་བོ་ཞེས་བྱ་སྟེ། །སྣ་ཚོགས་དང་ནི་དེ་བཞིན་གཞན། །མི་འཇིགས་ཞེས་བྱ་དང་ནི་བདུན། །འབྲས་བུ་ཡི་ནི་ཁུ་བ་དང་། །མེ་ཏོག་དང་ནི་དེ་
བཞིན་གཞན། །ཉ་དུ་ཅན་གྱི་འབྲས་བུ་དང་། །ཙ་ཀྲ་ཨང་ག་བཟུང་ནས་ནི། །ན་ལེ་ཤམ་ནི་དྲུག་ཅུ་བཞི། །སྐྱུ་རུ་ར་ཁུ་སྲང་བཅུ་དང་། །པོ་སོན་ཆ་ནི་སྲང་ཕྱེད་བཅས། །ཆུ་བྲེ་གང་དུ་མཉེས་ནས་ནི། །ཉི་མའི་འོད་ལ་བཙོ་བར་བྱ། །ས་ཧར་ད་དྲིའི་མེ་ཏོག་དང་། །འུ་སུ་ཤ་ཏ་པུས་ཕ་
དང་། །མ་ལ་ཡ་དང་ཨུ་ཤི་ར། །རི་ལས་སྐྱེས་པའི་གཞོན་ནུ་མ། །ཛཱ་ཏི་ཤིང་ཚ་པོ་སོན་ཆ། །དེ་དག་སོ་སོར་ཞོ་གཉིས་གཉིས། །བུར་ཤིང་ཁུ་བ་སྲང་བརྒྱད་དང་། །ཆུ་ནི་དེ་ཡི་བཞི་འགྱུར་བཅས། །སྔོན་པོ་ཀཎྜ་ཀ་རི་དང་། །རྒྱ་སྤོས་སུག་སྨེལ་ཏ་མ་ལ། །བཙོད་དང་ནཱ་ག་
Vol. 78 · folio 113a
གེ་སར་དང་། །ཨུ་ཤི་ར་དང་ན་ལེ་ཤམ། །གླང་པོ་ཆེ་ཡི་པི་པི་ལིང་། །བུ་རམ་སྲང་ནི་གཅིག་དང་བཅས། །ཆུ་ནི་སྲང་བདུན་ནང་དུ་བླུགས། །རྒྱ་སྤོས་བྲག་ཞུན་ཏ་མ་ལ། །རྒྱ་སྤོས་རུ་རྟ་ཆ་རེ་བྱ། །འབྲུ་ཆང་བྲེ་གང་ནང་དུ་ནི། །ཐམས་ཅད་བཅས་ཏེ་ཉིན་བདུན་
དུ། །ཉི་མའི་འོད་ལ་བཙོ་བར་བྱ། །དེ་ནས་སྦྲང་རྩི་དེ་མཉམ་དང་། །འཛམ་བུའི་ཤིང་ནི་ཆ་བརྒྱད་བཅས། །སླར་ཡང་སྔ་མ་བཞིན་དུ་ནི། །ཉི་མ་ལ་ནི་བཙོ་བྱས་ཏེ། །སྦྲང་རྩི་ཙམ་ཞིག་ལུས་པ་དང་། །བདུག་སྤོས་ཀྱིས་ནི་བདུག་པར་བྱ། །དེ་ནས་ཟླ་བ་གཅིག་ཏུ་ནི། །འབྲས་ཀྱི་
སོ་བའི་ནང་དུ་གཞུག །དེ་ནས་ས་ཡི་འོག་ཏུ་ནི། །ཟླ་བ་གཅིག་དང་ཉིན་བཞི་གཞག །ཐོག་མ་ཐ་མ་མཉམ་པ་སྟེ། །བར་མ་བཞི་འགྱུར་དུ་ནི་བླུགས། །དུ་ཧི་ག་བུར་གླ་རྩིས་བདུག །དེ་ནི་སྒེག་མོ་ཞེས་བྱ་ཡིན། །ད་ཏྲིའི་མེ་ཏོག་སྲང་ཕྱེད་དང་། །ཆང་དང་མཉམ་པའི་བུ་རམ་དང་། །ལྷག་
མའི་ཆ་ནི་རྫོགས་ནས་སུ། །ཕྱི་ནས་གཅིག་ཏུ་བསྲེ་བར་བྱ། །ཆང་གི་བཅུ་དྲུག་ཆ་དང་ནི། །ད་ཏྲིའི་མེ་ཏོག་ཇི་སྙེད་པ། །དྲི་ཞིམ་གྱི་ནི་སྐྱོ་མ་དང་། །དེ་རྣམས་ཐམས་ཅད་གཅིག་ཏུ་སྤྱོ། །ཟླ་བ་རེ་རེ་སྤེལ་བྱ་སྟེ། །དེ་ཡི་ནང་དུ་སྒེག་མོ་བླུགས། །དང་པོར་མཉམ་པོར་བླུགས་བྱ་སྟེ། །ཟླ་བ་
གཉིས་ལ་ཉིས་འགྱུར་བྱ། །དེ་ལྟར་གསུམ་བཞི་ལྔ་དྲུག་བདུན། །ལ་སོགས་ལོ་གཅིག་བར་དུ་སྤེལ། །དེ་ནས་ཟླ་བ་དྲུག་ཏུ་ནི། །ཁ་བཅད་ནས་ནི་སྦ་བར་བྱ། །བུ་རམ་ཁུ་བས་སྤེལ་བྱ་སྟེ། །རབ་ཏུ་མྱོས་བྱེད་གསོ་བར་བཤད། །ཆུ་ཤིང་སྨིན་པ་རྡོག་མ་བརྒྱད། །དེ་བཞིན་སྒེག་མོ་སྲང་
བརྒྱད་དང་། །ཕུར་མོའི་ཕྱེ་མ་སྲང་གཅིག་དང་། །འོད་མའི་ནང་དུ་བླུགས་ནས་སུ། །འབྲུ་ཡི་ནང་དུ་ཟླ་ཕྱེད་གཞག །ཆགས་ཅན་མཆོག་ཅེས་བཤད་པ་ཡིན། །འབྲས་བུ་གསུམ་དང་ཤ་ཤི་དང་། །ཨ་ཀ་རུ་དང་ཨ་རྫུ་ན། །ཛཱ་ཏི་མེ་ཏོག་བཅས་པའི་རྫས། །ཕྱེ་མ་སྲང་གཅིག་བཟུང་
ནས་སུ། །སླར་ཡང་སྒེག་མོ་སྲང་བརྒྱད་བཅས། །ཉི་མ་བདུན་དུ་གཞག་པར་བྱ། །མེ་ཏོག་མྱོས་བྱེད་ཞེས་བྱ་ཡིན། །རྒུན་འབྲུམ་ཀ་ཏྃ་ཤིང་དབང་ཕྱུག །ཁ་རྫ་རི་ཡི་ཁུ་བ་དང་། །སྤ་ཡི་རྩ་བ་རྣམ་པ་གཉིས། པ་ཏ་མེ་ཏོག་ལ་སོགས་བཅས། །རྣམ་པ་བརྒྱད་ནི་སྦྱར་བར་བྱ། །
Vol. 78 · folio 113b
ཕབས་ནི་བཅོས་པའི་ཆོ་ག་ཡིན། །པེཥྠི་ལས་བྱུང་མྱོས་བྱེད་དེ། །ཟན་ལས་བྱུང་བ་ཆུ་ཅན་མཆོག །ཙུ་ཏ་ལ་སོགས་ཤུན་པ་ལས། །བྱུང་བ་ཆང་ཞེས་བྱ་བ་ཡིན། །ཛ་ག་ལ་ནི་འབྲུ་ཆང་བརྗོད། །རྒུན་འབྲུམ་སྦྲང་རྩི་དཔའ་བོ་གཅིག །སྐྱུར་པོ་གཡོན་ཅན་ཟན་མོ་ཡིན། །ཙིན་ཙ་རྩ་བ་ལས་
བྱུང་གང་། །ཉ་ཕྱིས་ཅན་ཞེས་བྱ་བར་གྲགས། །མེ་ཏོག་གིས་བསྒོས་རབ་མྱོས་ཡིན། །དྲི་ཞིམ་དང་བཅས་སྒེག་མོར་བཤད། །ཁ་ཟས་མི་ལེན་རིད་པ་དང་། །མཁྲིས་པ་ཅན་ལ་ཛ་གལ་ཕན། །བད་ཀན་ཅན་ལ་ཟན་ཆང་ཕན། །གཉི་ག་ལ་ནི་ཛི་བོ་བསྔགས། །སྦྱོར་བས་བཅུད་ལེན་
རོ་ཡི་མཆོག །ཙཀ་ཀྲ་ཨང་ག་སྦྲང་རྩི་དང་། །རུ་རྟ་དང་ནི་གླ་སྒང་གི། །ཁུ་བ་དང་ནི་ཙུ་ཏ་དང་། །ཀུམ་པ་ལ་སོགས་གཞན་དག་ཀྱང་། །ཆང་གི་ཕབས་སུ་སྦྱར་བར་བྱ། །ཆང་དང་ཕབས་ཀྱི་ཆོ་གའོ། །གླ་སྒང་དང་ནི་ཀུ་ཙ་དང་། །ཡུང་བ་དང་ནི་སྒོག་སྐྱ་རྣམས། །སིངས་པོའི་ནང་
དུ་ཞག་གསུམ་སྦངས། །དེ་ནས་ལོ་མ་ལྔ་པ་ཡི། །ཁུ་བའི་ནང་དུ་བསྐོལ་བར་བྱ། །འབྲས་ཕྱེ་དང་ནི་བུ་རམ་བཅས། །ཤི་གྲུའི་ཁུ་བ་ར་གཅིན་གྱིས། །བཀྲུས་ན་དག་པར་འགྱུར་བ་ཡིན། །ཤོ་བན་ཛ་དང་ར་གཅིན་དུ། །གླ་རྩི་དག་ནི་སྦངས་བྱས་ན། །དེ་ཡིས་དྲི་དང་འབྲལ་མི་འགྱུར། །
ཁ་ད་སི་ཡི་རླིག་པ་ནི། །དང་པོ་ཐལ་བས་སྤུ་ཕྱི་ལ། །དེ་ནས་ལོ་མ་ལྔ་པ་ཡི། །ཁུ་བར་ཁྭ་ཚོས་བྱས་ནས་ནི། །སླར་ཡང་ཤི་གྲུའི་ཁུ་བ་དང་། །ར་ཡི་གཅིན་དུ་སྤངས་ནས་ནི། །ཀེ་ཏ་ཀི་ཡི་ནང་བཅུག་ལ། །སོ་པན་ཙ་ཡི་རྩ་བར་གཞུག །དེ་ནི་ཁ་ད་སི་རླིག་སྦྱང་། །ཤུ་དག་
དང་ནི་ཡུང་བ་གཉིས། །ཡུངས་མར་རྡོ་རྗེའི་འོ་མ་དང་། །སིངས་པོ་ཆ་མཉམ་ནང་བསྐོལ་བས། །དག་འགྱུར་འདིར་ནི་ཐེ་ཚོམ་མེད། །ཨེ་རན་ད་ཡི་ཁུ་བ་དང་། །བྲག་ཞུན་གྱི་ནི་ཆུར་བཅས་པས། །སེ་ཧལ་ལེ་ནི་བཀྲུས་ནས་སུ། །འདབ་མར་བཏུམས་ཏེ་ལྕི་བས་བྱུག །ས་ཡི་འོག་ཏུ་
སྦས་བས་འདག །ཀུ་སུ་མ་དང་འབྲས་བུ་རྣམས། །དང་པོ་ཏ་ཀྲར་སྦངས་ནས་ནི། །བཀྲུས་ནས་ཤི་རི་ཕ་ལ་ཡི། །ནང་དུ་བཅུག་ནས་བསྲོས་པས་འདག །མུ་ཟི་མར་ཁུས་དག་འགྱུར་ཏེ། །བ་བླ་བ་ལང་ཤ་ཡིས་འདག །བྱ་གྷྲི་བ་ལང་ལྕི་བས་སྦྱང་། །ལྡོང་རོས་རང་སྐྱུར་གྱིས་
Vol. 78 · folio 114a
ནི་འདག །གུར་གུམ་མར་གྱིས་འདག་པར་འགྱུར། །གཅའ་བ་གླང་གི་གཅིན་གྱིས་ཏེ། །ཨ་ཀ་རུ་ནི་ཁྲག་གིས་སྦྱང་། །སིཧླ་པུ་མོའི་ཁྲག་གིས་འདག །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅུད་ཀྱིས་ལེན་ནི་རབ་
སྦྱོར་བ། །གནས་ནི་གང་དུ་བརྩམ་པར་བགྱི། །སྡེ་ཚན་རྣམས་ནི་སྔར་བཤད་པའི། །འབྲེལ་པ་དག་ནི་ཇི་ལྟར་ལགས། །སྦྱོར་བའི་རིམ་པ་ཁྱོད་བཤད་པའི། །དགོས་པ་དག་ནི་ཅི་ཞིག་ལགས། །མར་ནག་བཙོ་བ་ཆོ་ག་དང་། །ཡུལ་དང་འབྲེལ་པའི་ཏིང་ངེ་འཛིན། །ཁམས་ནི་བཅྭ་
བརྒྱད་བསྟན་པ་ཡི། །ཕན་ཚུན་བསྡུས་པ་ཇི་ལྟ་བུ། །འཁྲུལ་འཁོར་བྱེ་བྲག་བཤད་པ་དག །ཕྱི་དང་ནང་ནི་ཇི་ལྟར་ལགས། །ནད་རྣམས་སྣ་ཚོགས་བྱུང་བ་དག །ཇི་ལྟར་སྨིན་པས་འབྲས་བུར་འགྱུར། །སྦོམ་པོའི་བྱེ་བྲག་དུ་ཞིག་མཆིས། །ཕྲ་མོ་ཡི་ནི་ཁྱད་པར་ཅི། །རྫས་དང་བཅུད་
ལེན་མི་འཚལ་ཏེ། །ཁྱོད་ཀྱིས་སྦྱོར་བ་གང་བཤད་པའི། །དུས་ཀྱི་ཁྱད་པར་ཇི་ལྟ་བུ། །དེ་རྣམས་བདག་ནི་ཐེ་ཚོམ་སྐྱེས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཀའ་སྩལ་པ། སྒྱུ་མ་ཀུན་གྱིས་རྣམ་རོལ་པ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྦྲང་རྩི་ལྟ་བུར་བཅུད་བསྡུས་པ། །རྒྱུད་
རྣམས་ཀུན་དུ་གསང་བ་ཡིན། །གནས་སོགས་ཇི་བཞིན་མཆོད་ནས་སུ། །བདེ་མཆོག་སྔགས་ཀྱི་བསྙེན་པར་བྱ། །དཔའ་བོ་རྣལ་འབྱོར་གཉིས་མེད་པ། །ཉི་ཤུ་རྩ་བཞི་ཆེར་མཆོད་ནས། །རྣལ་འབྱོར་ཆེན་པོ་དེ་ཡིས་ནི། །བཅུད་ལེན་སྨན་གྱི་སྦྱོར་བ་བརྩམ། །རིག་པ་འཛིན་པའི་
གྲོགས་པོ་ནི། །སྔགས་ཀྱི་བསྙེན་པར་གུས་པ་དང་། །སྐྱོ་དུབ་མེད་ཅིང་དོགས་པ་མེད། །དམ་ཚིག་སྤྱོད་ལ་གུས་པ་སྟེ། །དཔའ་ཞིང་བརྟན་ལ་གཡོ་སྒྱུ་མེད། །འཇམ་ཞིང་བླ་མའི་བསྙེན་བཀུར་བརྩོན། །དེ་དང་ལྷན་ཅིག་བསྒྲུབ་པར་བྱ། །སྒྲུབ་པོས་གཞན་དུ་བྱས་ན་ནི། །དངོས་
གྲུབ་འབྲས་བུ་འབྱུང་མི་འགྱུར། །སྔར་བཤད་རིག་པ་སྦྱང་བྱས་ཏེ། །དང་པོ་དམ་ཚིག་སྦྱིན་པར་བྱ། །གཅེར་བུའི་བརྟུལ་ཞུགས་འཛིན་པ་ཡིས། །གཉིས་པས་མིང་སོགས་དབང་ནི་བསྐུར། །དབང་བསྐུར་ནས་ནི་དེ་ཉིད་བསྟན། །སྟོང་དང་སྟོང་མིན་སོགས་སྤངས་པའི། །
Vol. 78 · folio 114b
རོ་ནི་མི་མཆོག་གིས་རྟོགས་བྱ། །སྒོ་དགུ་ལས་ནི་བྱུང་བའི་རྫས། །སྦོམ་པོ་ཞེས་ནི་བྱ་བ་སྟེ། །རྫས་ནི་འཇུ་བར་བྱེད་པ་ཡིན། །བཅུད་ནི་དངུལ་གྱི་ལྷག་མ་ཡིན །།ལེན་པ་སྙིང་སྟོབས་ཞེས་བྱར་བཤད། །སྙིང་སྟོབས་རྫས་ཞེས་བྱ་བ་སྟེ། །དངུལ་ནི་ཞུ་བ་ཞེས་བྱར་བརྗོད། །དེ་ལྟར་རྫས་
དང་ཞུ་བ་ནི། །བསྡུས་པ་ལེན་པ་ཞེས་བྱའོ། །མུན་པ་ཕྲ་མོ་ཞེས་བྱ་སྟེ། །ཕྲ་མོ་ནམ་མཁའི་ཁམས་མཚན་ཉིད། །ཕུང་པོ་ལ་སོགས་ཁྱད་པར་དང་། །ཁམས་རྣམས་ཐམས་ཅད་འཚོད་པ་ཡིན། །སྣ་ཚོགས་གཟུགས་རྣམས་འབྱིན་པ་ནི། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །
དེ་དག་ལྷ་མོ་སྐལ་ཆེན་མོ། །རྫས་དང་ཁམས་ནི་བསྡུས་པ་སྟེ། །བརྩོན་འགྲུས་དམན་ཞིང་ཐ་ཤལ་དང་། །བསོད་ནམས་དམན་པས་མཐོང་མི་འགྱུར། །བརྩོན་འགྲུས་བཅུད་ཀུན་གནས་ཡིན་པས། །དེ་བས་བརྩོན་འགྲུས་བརྩམ་པར་བྱ། །བཅུད་ནི་བཅིང་དང་གསོ་བ་དག །མདོར་
བསྡུས་ནས་ནི་བཤད་པ་ཡིན། །ཡོངས་སུ་སྨིན་པའི་མཆོག་གིས་ནི། །མཉམ་མེད་བཅུད་ལ་བརྟེན་པ་ཡི། །རྣམ་བཅིང་ལ་སོགས་ཉེས་པ་བརྒྱ། །བློ་དང་ལྡན་པས་དཔྱད་དེ་དགག །བཅུད་ནི་ནག་པོ་སྔོན་པོ་སྟེ། །བཅུད་ནི་ཡོངས་སུ་གྲུབ་བ་ཡིན། །དངུལ་ཆུ་ལྷང་ཚེར་ཆོ་ག་ཡིས། །
ཇི་སྲིད་བཅུད་ཆེན་གྲུབ་ཀྱི་བར། །དེ་སྲིད་དུ་ནི་འབད་དེ་དཔྱད། །འཁྲུལ་འཁོར་གང་ཞིག་ཁ་ཆེ་བ། །དེ་ནི་ཀར་ན་རྒོད་མའི་ཁ། །འཁྲུལ་འཁོར་གང་ཞིག་རྫ་རྔ་འདྲ། །དེ་ཉིད་བོང་བུ་རྔ་མོའི་ཁ། །རྒོད་མའི་ཁ་ནི་འོད་མ་ཡི། །སྦུ་གུ་ཡིས་ནི་བརྒྱན་པར་བྱ། །ཀ་ར་ན་ད་ཡི་འཁྲུལ་
འཁོར་ནི། །རལ་གྲི་ཤུབས་ཀྱིས་བརྒྱན་པར་བྱ། །འཁྲུལ་འཁོར་བོང་བུའི་ཁ་ཞེས་པ། །ཀང་ཀའི་མགྲིན་པའི་སྦུ་གུར་སྦྱར། །རྔ་མོའི་ཁ་ཡི་འཁྲུལ་འཁོར་ནི། །བྱ་རོག་མཆུ་དང་མཚུངས་པར་སྦྱར། །ཚར་གཅད་པ་ནི་སྦལ་བ་སྟེ། །འོད་མ་ཅན་གྱིས་སྦྲང་རྩིར་བཙོ། །བྱ་
རོག་མཆུ་ཅན་བུང་བར་བཙོ། །རྡོ་ལེབ་འབར་ཞིང་འོད་དང་བཅས། །ཀང་ཀའི་མཆུ་ཅན་གླང་ཆེན་བཙོ། །རལ་གྲི་ཤུབས་ཅན་འཁྲུལ་འཁོར་གྱིས། །སེང་གེ་རུ་ནི་བཙོ་བ་ཡིན། །བཅུད་ཆེན་ཡི་བ་དང་ཁྲོས་པ་དང་། །འཐོར་ཞིང་ཤིན་ཏུ་ཚོས་པ་ཡིས། །ཆུ་ཡི་ནང་དུ་འབྲོས་པར་འགྱུར། །
Vol. 78 · folio 115a
དེ་ནས་གླང་ཆེན་མགོ་བཅུད་དང་། །མུ་ཟི་ལ་སོགས་བྱིན་ནས་ནི། །བསྲེགས་པས་ཚར་གཅད་མནན་པ་དང་། །འོག་ཏུ་ས་ལ་བོར་ནས་སུ། །འདར་ཞིང་རྨོངས་ལ་དུ་བར་འཐུལ། །ཁྲོལ་ཁྲོལ་གྱི་ནི་སྒྲ་འབྱིན་ནོ། །དེ་ནས་ཨ་ཤྭ་གན་ད་དང་། །བ་ལ་ཙཀྲ་མར་ད་དང་། །
བ་ལ་ཏ་ཀ་ཤི་གྲུ་སྟེ། །པ་རི་ཆ་ད་ཀུ་མུ་ཏ། །ཨུཏྤལ་མཱ་ལི་ཀ་ས་བོན། །རྒྱ་ཤུག་རུས་པ་ཀི་ས་བོན། །ཀུ་བའི་ས་བོན་མ་དུ་དང་། །པོ་སོན་པ་ལ་ཤ་བའི་ཤུན། །ཕྱེ་མ་སྐྱོ་མར་བྱས་པ་ཡི། །ནང་དུ་དེ་ནས་བརྡུང་བར་བྱ། །ཆ་ནི་ངེས་དང་བཅས་པས་འཆིང་། །རྫས་ནི་དྲུག་
ཆ་སྦྱིན་པར་བྱ། །དེ་ནས་རྡོ་ཡི་གཏུན་དུ་མཉེ། །དང་པོ་རེ་ཞིག་སྦྱང་བར་བྱ། །དེ་ནས་གཅིག་བའི་ལན་ཚྭ་དང་། །ཕག་གི་ཞག་དང་ཁྲག་ཏུ་བཅས། །དཀྲུགས་པས་ཉེས་པ་གཞོམ་པར་བྱ། །འཁྲུལ་འཁོར་གཞུག་པ་བཤད་པར་བྱ། །ཙནྡ་ཐལ་སྨན་ལ་སོགས་དང་། །བཅས་པ་
རྐང་གི་ནང་དུ་གཞུག །དང་པོ་བརྒྱ་རྩ་བརྒྱད་པར་བྱ། །ཕྱི་ནས་ལྟོ་སྐྱེས་བཅས་པའི་བཅུད། །འོད་མའི་ནང་དུ་བཅུག་ནས་སུ། །སྔར་བཤད་གནས་སུ་གཞག་པར་བྱ། །རྩ་བ་འབྲས་བུ་ཞེས་བྱ་བ་ནི་སོ་པན་ཛ་ལ་སོགས་པའི་རྩ་བ་དང་འབྲས་བུའོ། །ཀ་ཏུ་མ་ཛ་རྫ་ལ་སོགས་པའི་
ནི་མེ་ཏོག་དང་འདབ་མ་དང་རུས་པ་ལ་སོགས་པ་གཟུང་ངོ་། །བཅུད་བཙོ་བའི་སྦྱོར་བའི་ཆོ་གའོ། །ལྷང་ཚེར་ཕྱོགས་ཀྱི་ཆ་དང་ནི། །བཅུད་ནི་དབང་པོའི་ཆ་དང་བཅས། །ཆ་ཡི་ངེས་པས་འཆིང་འགྱུར་ཏེ། །ཆ་བཅུས་རིམ་གྱིས་སྤེལ་བར་བྱ། །དྲི་ཞིམ་ཟླ་བ་རེ་རེ་སྦྱིན། །གསེར་
གྱིས་མདོག་ནི་བཟང་པོར་འགྱུར། །དངུལ་གྱིས་སོ་ནི་བཟང་པོར་འགྱུར། །མུ་ཏིག་མིག་ནི་དག་པར་འགྱུར། །མུ་མེན་སྐྲ་དང་སྤུ་ལ་ཕན། །རྡོ་རྗེས་ཐོག་ནི་ཟློག་འགྱུར་ཏེ། །ལྕགས་ཀྱིས་ཆུ་དང་མཚོན་རྣམས་ཟློག །སྣ་ཚོགས་དབང་ཕྱུག་སེམས་དང་ནི། །ལྷང་ཚེར་གྱིས་ནི་བརྒྱ་བྱིན་
དང་། །མེ་དང་གཤིན་རྗེ་ཆུ་ལྷ་དང་། །ལུས་ངན་ལ་སོགས་བགེགས་ཀུན་ཟློག །ནཱ་ག་པར་ནི་མར་སར་དང་། །རྒྱ་མཚོ་ལན་ཚྭར་བཅས་པ་ཡི། །དངུལ་ཆུའི་སྦྱོར་བ་མཆོག་འདི་ཡིས། །རྒས་པ་དང་ནི་མཛེ་ནད་འཇོམས། །བ་ལང་ལྕེ་ཡི་སྨན་དང་ནི། །དངུལ་ཆུར་བཅས་པ་
Vol. 78 · folio 115b
བྱུགས་པ་ཡིས། །གཞང་འབྲུམ་ནད་ནི་སེལ་བར་བྱེད། །ཀ་རི་ཀེ་སས་གསོ་བ་སྟེ། །གི་རི་ཀར་ནི་ཀ་དང་ནི། །རལ་བ་དམར་པོས་བཞུ་ཞིང་གསད། །འཛག་དང་ཨ་ཤྭ་གན་ད་དང་། །ནཱ་ག་བ་ལ་བ་ལི་ཀ། །ཆ་མཉམ་གྱིས་ནི་རྨོངས་པར་བྱ། །དྷ་དུ་ར་ཡི་ཁུ་བ་ཡིས། །རང་
གི་ཡོན་ཏན་མ་ལུས་བྱེད། །དེ་ནས་སྙིང་པོ་ཀུན་བསྡུས་པའི། །མར་ཁུའི་ཆོ་ག་བཤད་པར་བྱ། །མར་ཁུ་རྣམ་པ་གཉིས་གསུངས་ཏེ། །སྣོད་དང་སེམས་ཅན་ལས་བྱུང་བའོ། །དང་པོ་སྣོད་ཀྱི་བཤད་བྱ་སྟེ། །འབྲས་བུ་ཆེན་པོ་གསུམ་གྱི་ཆུས། །སྣུམ་སྟེར་རྣམས་ལ་ཡང་
ཡང་བསྒོ། །དེ་ནི་ལེགས་པར་བསྐམས་བྱས་ལ། །རྡུལ་ལ་སོགས་པའི་སྐྱོན་བྲལ་བའི། །ས་ཡི་ཆར་ནི་སྔགས་པས་བསྐྱེད། །ལེགས་པར་སྨིན་ཅིང་སྣུམ་པ་དང་། །སྐྱ་བོ་ལ་སོགས་སྐྱོན་སྤངས་གནག །ལེགས་པར་བརྡུང་ཞིང་བསྲོས་ནས་སུ། །སྐྱུ་རུ་ར་ཁུ་ཆར་ཆུས་སྦངས། །སྲ་
བ་དེ་ཡི་བདུག་པས་བསྒོ། །དུ་མེད་མེ་ཡིས་རན་པར་བདུག །དེ་ནས་འཁྲུལ་འཁོར་དག་གིས་བཙིར། །དཔྱིད་དང་སོས་ཀ་སྟོན་དུས་གསུམ། །ཉི་མའི་འོད་ལ་སྨན་མར་བཙོ། །དགུན་སྟོད་དགུན་སྨད་དབྱར་དང་གསུམ། །མར་ཁུ་མེ་ཡིས་རན་པར་བཙོ། །གན་ད་པ་ཏྲ་དྭ་ཙ་དང་། །
སུག་སྨེལ་ནཱ་ག་བུས་བར་བཅས། །རལ་པ་དང་ནི་ས་ལི་ལ། །དེ་དག་ཕྱེ་མར་བྱས་པ་ནི། །ཏིལ་ལས་བྱུང་བའི་ནང་བླུགས་ཏེ། །ཆུ་ནི་མར་ཁུའི་བཞི་འགྱུར་བྱ། །ཨ་ག་རུ་ནི་སྲང་ཕྱེད་དང་། །སྨན་གྱི་བཞི་འགྱུར་བྱས་ནས་སུ། །དེ་ནས་མེ་ནི་རན་པས་བསྐོལ། །སླར་ཡང་རལ་
བ་གླ་སྒང་དང་། །ཙནྡན་ཤིང་ཚ་བ་ཏྲར་བཅས། །སྔར་བཤད་ཕྱེ་མ་མཉམ་པོར་བྱ། །དེ་བཞིན་སྔ་མ་བཞིན་དུ་བཙོ། །སླར་ཡང་སིཧླ་དཀར་མིན་ལྷ། །རུ་རྟ་ཛ་ལ་བ་ཐར་བཅས། །ཐམས་ཅད་བསྲེས་པ་སྲང་གཅིག་བཏང་། །མར་ཁུ་སྲང་ནི་བརྒྱད་དང་བཅས། །འོད་མའི་
ནང་དུ་བླུགས་ནས་ནི། །ཉི་མ་བདུན་དུ་ཉི་མར་བཙོ། །ཡིད་འོང་སྐལ་བཟང་སྟོབས་རབ་སྟེར། །འདོད་པའི་དོན་ནི་ཕུན་སུམ་ཚོགས། །གལ་ཏེ་ཚངས་པའི་མར་ཁུར་བཅས། །རྣལ་འབྱོར་ཅན་ལ་མཆོག་སྟེར་འགྱུར། །གཞན་ཡང་སྦ་ལ་སུག་སྨེལ་དང་། །པ་ཏ་བྷྲིང་ག་རཱ་
Vol. 78 · folio 116a
ཛ་དང་། །སེན་མོ་རུ་རྟ་བི་ཤ་ཙ། །སོ་སོར་ཆ་བཞི་ཆ་དྲུག་བདུན། །ཆ་ནི་བཅུ་གཉིས་དག་དང་བཅས། །འདི་རྣམས་སྨན་གྱི་སྐྱོ་མ་ནི། །སྔར་བཤད་པ་ཡི་ཚད་དང་བཅས། །སྔར་བཤད་འོད་མའི་ཚོགས་བཙོ། །གང་ཚེ་རྐང་གི་མར་ཁུར་བཅས། །ནད་
རྣམས་ཐམས་ཅད་འཕྲོག་པར་འགྱུར། །དེ་ནས་ཤ་ཆེན་མར་ཁུ་དང་། །ལྷན་ཅིག་བསྲེས་ཏེ་སྦྲང་རྩི་ཡི། །སྣོད་དུ་བླུགས་ཏེ་ཉི་མར་བསྲོ། །ཉི་མ་བདུན་ནི་ཚུན་ཆད་ཀྱིས། །རི་དགས་ལྟེ་བ་དང་མཚུངས་འགྱུར། །སྦྱོར་བ་འདི་ནི་དམ་པ་སྟེ། །བསྲུང་བ་ཀུན་གྱི་བླ་ན་མེད། །ཏི་ཏྲ་
ཙ་ཡི་འབྲས་བུ་དང་། །ཙནྡ་ན་སིཧླ་ཤིང་ཚར་བཅས། །སྔར་བཤད་པ་ཡི་མར་ཁུ་དེ། །རྐང་གི་མར་དང་བསྲེས་ནས་ནི། །སྔར་བཞིན་སྦྲང་རྩིའི་སྣོད་གཞག་སོགས། །དེ་ནི་ག་བུར་མཚུངས་འགྱུར་ཏེ། །སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད། །དེ་ནས་རི་སྐྱེས་མར་ཁུར་བཅས། །
འབྲས་གསུམ་གླ་སྒང་ཤུ་དགེ་དང་། །པུ་ཏི་ཏ་དཀར་ཀུ་སུ་མ། །སེ་པ་ལ་ཡི་ངར་པ་དང་། །གུར་གུམ་དང་ནི་ལྷན་ཅིག་བཅས། །སྦྲང་རྩིའི་སྣོད་དུ་བླུགས་ནས་སུ། །ཉིན་བདུན་ཉི་མའི་དྲོད་ལ་བཙོ། །སྐལ་བཟང་སྟོབས་འཕེལ་མདངས་དང་ལྡན། །རྟག་ཏུ་འོ་མ་བཏུང་བྱ་ཞིང་། །
བསམ་གཏན་བཟླས་ལ་འབད་པར་བྱ། །ཚངས་པར་སྤྱོད་ལ་རྟག་གནས་ནས། །ཁུ་བ་དག་ནི་དགག་པར་བྱ། །སྦྲང་རྩི་དང་ནི་བཅས་པ་རུ། །སྒྲུབ་པོས་ཕྲ་མོ་ཟླ་དྲུག་བཟའ། །དེ་ཡི་བཤང་བ་ཀུན་བླངས་ལ། །ཕྲ་མོ་ལྷན་ཅིག་ཕྱེ་མར་བྱ། །རྫ་མ་སར་པར་བཞག་ནས་སུ། །ཚ་
གསུམ་ཙོ་རའི་ཕྱེ་མ་ནི། །ཉིས་འགྱུར་དུ་ན་བྱས་པ་དང་། །འབྱིན་བྱེད་ཕྱེ་མ་བཅུ་ཆར་བསྲེ། །བུ་རམ་གྱིས་ནི་རིལ་བུ་བྱ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ཉི་མ་རེ་རེ་ཞོ་གཉིས་གཉིས། །ཟོས་ན་ནད་རྣམས་ཐམས་ཅད་ནི། །འཇིག་འགྱུར་ཁྱད་པར་གཞང་འབྲུམ་འཇོམས། །
མེས་པོ་ཡི་ནི་ཆ་བཞི་དང་། །སྒོག་སྐྱ་དང་ནི་བཅུ་དྲུག་བསྲེ། །འོ་མ་དང་ནི་ལྷན་ཅིག་བཏུང་། །ཉི་མ་བདུན་ནི་ཚུན་ཆད་ཀྱིས། །གཟེར་ནད་ཀླད་ནད་འཇོམས་པར་འགྱུར། །སིངས་པོ་དང་ནི་ལྷན་ཅིག་ཏུ། །སྔ་མ་བཞིན་དུ་འཐུངས་ན་ནི། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །ཟླ་
Vol. 78 · folio 116b
དྲུག་སྦྱོར་བ་གོམས་པ་ཡིས། །སྐྲ་དཀར་དང་ནི་གཉེར་མ་འཕྲོག །འབྲས་ནི་དམར་པོའི་ཕྱེ་མ་དང་། །བ་ལའི་རྩ་བ་འདབ་མར་བཅས། །སྒོག་སྐྱ་ཞོ་གཉིས་ལྷན་ཅིག་ཏུ། །བཏགས་ཏེ་རིལ་བུ་བྱས་ནས་ནི། །མར་རམ་མར་ནག་ནང་དུ་བཙོ། །ཟོས་ནས་གཅིན་དང་འཚམ་པར་
བཏུང་། །དེས་ནི་རུས་པ་ཆག་པ་དག །འབྱོར་ཞིང་སྟོབས་དང་ཉམས་འཕེལ་འགྱུར། །བྷྲིང་ག་རཱ་ཛ་ཚངས་པ་ནི། །རློན་པ་གཅི་བ་དང་བཅས་བཟའ། །དེ་ཡིས་དུག་ནི་འཕྲོག་པར་བྱེད། །ཡུང་བའི་ཁུ་བ་ཞོ་གཉིས་དང་། །དེ་དང་མཉམ་པའི་གཅི་བར་བཅས། །འཐུངས་ན་རྒྱུ་
བའི་དུག་དང་ནི། །ཤུ་བ་དང་ནི་ནད་ཀུན་འཇོམས། །ཡུང་བའི་ཁུ་བ་བ་ལང་གཅིན། །དེ་བཞིན་འབྱུང་པོའི་གཙོ་བོ་སྟེ། །རིག་བྱེད་གྲངས་དང་མཉམ་པའི་སྲང་། །དེ་ལ་ཞོ་ནི་གཉིས་གཉིས་བཏུང་། །དཔྱིད་ཀྱི་དུས་སུ་ཅུང་ཟད་བསྐྱེད། །སྦྱོར་བའི་གཙོ་བོ་འདི་ཡིས་ནི། །དུག་དང་
རིམས་རྣམས་སེལ་བར་བྱེད། །གླ་སྒང་སྐྱུ་རུ་ར་དང་ནི། །དྲི་རྣོན་དང་ནི་ཞག་ཆེན་དང་། །སྦྲང་རྩི་ཆ་མཉམ་ཕྱེ་མ་ནི། །ཁབ་ལེན་ལྕགས་ཀྱི་སྣོད་དུ་གཞག །སྦྱོར་བའི་རིམ་པ་འདི་ཡིས་ནི། །སྲང་ནི་སུམ་བརྒྱའི་བར་དུ་བྱ། །བ་སྃ་ཏ་ཞེས་བྱ་བ་སྟེ། །དངོས་གྲུབ་ཐམས་ཅད་རབ་
སྟེར་བ། །ལོ་གཅིག་བར་དུ་སྦྱོར་བ་ཡིས། །ཡིད་འོང་ཡིད་ནི་གཞུངས་པར་འགྱུར། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །གཉེར་མ་དང་ནི་སྐྲ་དཀར་སེལ། །དུས་ཀྱི་རླུང་དང་ཉི་ཚན་སོགས། །བསྟེན་ཀྱང་འཇིགས་པར་མི་བྱའོ། །སྦྱོར་བ་གཞན་ལ་བརྟེན་པ་ནི། །འབྲས་བུ་
མེད་ཅིང་ལོག་པར་འགྱུར། །རྟག་ཏུ་བསམ་གཏན་བཟླས་བྱས་ནས། །ལོ་ནི་སུམ་བརྒྱའི་བར་དུ་འཚོ། །པི་པི་ལིང་དང་གུར་གུམ་ནི། །ཆ་ནི་མཉམ་པོར་བྱས་ནས་སུ། །སོ་ཀའི་དུས་སུ་བཟའ་བར་བྱ། །དེ་རྗེས་གཅི་བ་དྲོ་འཐུངས་ན། །ཁ་ཟས་ཡི་གར་འོང་ཞིང་འཇུ། །ནིར་
ཀུྃ་དི་ཡི་ཁུ་བ་དང་། །གཅི་བར་བཅས་པ་སྣ་སྨན་སྦྱིན། །བད་ཀན་ལས་གྱུར་ནད་རྣམས་འཕྲོག །དེ་ཉིད་པདྨའི་དྲི་མ་དང་། །བཅས་པར་བྱུགས་ན་གླང་ཤུ་སེལ། །མ་ར་ཀ་དའི་རྩ་བ་དང་། །སོ་དང་སེན་མོའི་རྡུལ་དུ་བསྲེ། །རྨ་ནི་དང་པོ་མར་གྱིས་བཀྲུ། །དེ་རྗེས་སྨན་དེས་བྱུགས་
Vol. 78 · folio 117a
ན་ནི། །རྨ་ནི་འདྲུབ་པར་བྱེད་པའི་མཆོག །སོ་ཕག་རྡུལ་དང་སུག་སྨེལ་ཕྱེ། །གི་རི་ཀརྞའི་ཁུ་བ་རུ། །མཉེས་ཏེ་མིག་འཁྱུགས་ན་ནི། །རབ་རིབ་དག་ནི་འཇོམས་པའི་མཆོག །འབྲས་བུ་གསུམ་གྱི་ཁུ་བས་སྦྱང་། །མ་ཧ་ཧ་ཏ་ཀ་ཡི་འདབ། །འོ་མ་དང་ནི་ལིག་
བུ་མིག །འབྱུང་པོའི་ཆུ་དང་བཅས་པ་རུ། །མིག་ཏུ་བླུགས་ནས་ལོ་དྷ་ཡིས། །བདུགས་ན་དྲི་མ་མེད་པར་འགྱུར། །ཡུང་བ་གཉིས་ཀྱི་ཆ་མཉམ་ཕྱེ། །བ་ཡི་དར་བ་བྲེ་དོར་བཅས། །བྲེ་གང་ལུས་ཀྱི་བར་དུ་བསྐོལ། །ཞག་བདུན་དུ་ནི་དེ་འཐུངས་ན། །དེ་ཡིས་ལུས་ནི་རྒྱས་
འགྱུར་ཏེ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི། །དཔའ་བོ་རང་ཉིད་བཤད་པ་ཡིན། །ཡུང་བ་དང་ནི་སོ་ཕག་དང་། །དེ་བཞིན་བཙག་དང་སྨྱོ་བྱེད་ཁུ། །རླུང་མེད་གནས་སུ་གནས་ནས་ནི། །ལུས་ལ་དྲིལ་ཕྱིས་བྱས་ན་ནི། །རྟག་ཏུ་སྟོབས་ནི་འཕེལ་བྱེད་ཅིང་། །དངུལ་ཆུ་
བཅིང་བ་དག་ལ་ཕན། །རུ་རྟ་མུར་བ་ཤུཀ་ཏི་ཀ། །ཤིང་ཚ་ཆ་མཉམ་ཕྱེ་དང་ནི། །མང་སི་ཚ་ནི་ཉིས་འགྱུར་བཅས། །དྲིལ་ཕྱིས་བྱས་ན་འདོད་པ་འགྲུབ། །བྲག་ཞུན་དང་ནི་སོ་ཕག་དང་། །ནིར་གུན་དི་དང་ཨེ་ལ་ཚ། །ཆ་ནི་མཉམ་པོར་བྱས་པ་ཡི། །ཡུང་བ་དག་ནི་བཞི་འགྱུར་
བཅས། །གསེར་ཤིང་ཁུ་བ་ཆ་ཕྱེད་ཀྱིས། །དྲིལ་ཕྱིས་བྱས་ན་དུག་འཕྲོག་ཅིང་། །གཅི་བར་བཅས་པའི་དྲིལ་ཕྱིས་ཀྱིས། །ཁྱི་རྔོ་དང་ནི་མཛེ་ནད་འཇོམས། །ཁྱེའུ་ངད་བུ་མོ་གཞོན་ནུའི་ཤ། །མར་དང་བཅས་པ་ཅི་རིགས་པར། །རྒྱུན་དུ་ཟོས་ན་ཚེ་རིང་འགྱུར། །མཛེས་མ་ལས་
བྱུང་མེ་ཏོག་ནི། །ཟོས་ན་རིམ་གྱིས་རྒ་བ་འཇོམས། །རྟག་ཏུ་ག་བུར་ཙནྡན་དག །བསྟེན་ན་ནད་རྣམས་སེལ་བའི་མཆོག །དེ་བཞིན་བཞི་མཉམ་གཅི་བར་བཅས། །སྣ་སྨན་བྱིན་ནའང་ནད་ཀུན་སེལ། །ཤ་ཤང་ཀ་དང་ཡུང་བ་དང་། །ཁ་བ་ཡི་ནི་སྙིང་པོ་དག །པདྨ་ཅན་གྱི་པདྨ་
ནི། །སྨྱུང་པོ་ཡི་ནི་ཁུ་བ་དང་། །སེམས་ཀྱི་དབང་ཕྱུག་ལག་མཐིལ་དུ། །མཉེས་ཏེ་རིམ་གྱིས་བསྟེན་ན་ནི། །ནད་རྣམས་ཀུན་ལས་གྲོལ་འགྱུར་ཞིང་། །བསམ་པ་ཐམས་ཅད་རྫོགས་བྱེད་པར། །གདོན་མི་ཟ་བར་ངས་བཤད་དེ། །དཔྱིད་ཀྱི་དུས་སུ་བསྐུལ་བར་བྱ། །མཁྲང་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words