དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཌཱ་ཀཱརྞྞ་བ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 78 · folio 223b

སྤྱི་གཙུག་མཐིལ་གྱི་ས་གཞི་ལ། །མཁས་པ་ཡིས་ནི་བྱ་བ་ཡིན། །ལྷ་དང་ལྷ་མིན་འཐབ་མོ་ཆེར། །མི་སྨྲར་གྱུར་ཏོ་མིའི་འཇུག་པ། །དེ་ཡི་དུས་སུ་གཟུགས་ཆེན་པོ། །འཁོར་ལོའི་ཏིང་ངེ་འཛིན་གྱིས་བལྟས། །ཡི་གེ་གཉིས་ཀྱིས་འཆད་པ་ནི། །གཡོ་བའི་སེམས་ནི་འཆིང་

བ་སྟེ། །གནོན་པ་རྣམ་པར་ཤེས་པའི་ཆོས། །གཟུགས་ཀྱི་དབུས་སུ་ཐིམ་པར་གྱིས། །རྒྱུད་དུ་དམ་པའི་ཆོས་བསྟན་པ། །འདིར་ནི་ཕྱག་རྒྱ་གཉིས་ཀྱིས་བཤད། །དེ་བཞིན་སྔོན་གྱི་སྤྱོད་པས་ཀྱང་། །སྦྱོར་བའི་ཕྱག་རྒྱ་སྤྱོད་པར་འགྱུར། །ཐམས་ཅད་མན་ངག་ལེའུ་རུ། །དེ་ཡི་

རྒྱུ་ཅན་བསྒོམས་པ་ཡིས། །རིམ་པས་འདི་ཀུན་ཟབ་མོར་ནི། །བདག་ཉིད་ཀྱིས་ནི་བསང་བྱས་ཏེ། །ནམ་མཁའ་མཁའ་མེད་ནམ་མཁའ་ཆེ། །ཤིན་ཏུ་ནམ་མཁའ་ནམ་མཁའི་མིན། །གྱེན་དུ་ཕྱོགས་པའི་རྩར་འབབ་སྟེ། །ཇི་སྲིད་རི་མོ་མི་མཐོང་བར། །དེ་སྲིད་རྒྱུན་མི་འཆད་

པར་འཐོབ། །དགའ་སྐྱེས་བདེ་བའང་ཅིས་མི་འབབ། །དངོས་དང་དངོས་མེད་འདྲེས་པ་ཡིས། །སྐྱེ་བོ་ཀུན་ནས་བྱུང་བ་ཡིན། །དངོས་མེད་གཟུགས་བདག་ཉིད་མ་ཡིན། །དངོས་མེད་ཐམས་ཅད་ལས་སྐྱེས་བདེ། །ལམ་ལ་གནས་པར་འཁྱེར་འགྱུར་ཏེ། །གང་དེར་ཇི་ལྟར་

དེ་བཞིན་ནོ། །ཡེ་ཤེས་ལྐུགས་པ་བཞིན་དུ་གནས། །འཆིང་བ་རང་གི་ཕྱག་རྒྱ་སྐྱེས། །འདི་ཡིས་ལྐུགས་པར་འགྲོ་བ་སྟེ། །དགྲ་བཞིན་དུ་ནི་ཀུན་ལ་འབིགས། །རྡོ་རྗེ་འཛིན་ཀྱང་ལྐུགས་ཉིད་ན། །སྐྱེ་འགྲོ་ཕྲ་མོ་སླར་ཅི་དགོས། །ཐམས་ཅད་རིག་པས་བྱེད་པོ་བྱེད། །བྱེད་པོ་

གཞན་ནི་སྲིད་མ་ཡིན། །ཡིད་བཟང་མ་དང་གང་ཟག་ཉིད། །བདག་མེད་རིག་འགྱུར་སྐད་ཅིག་ལས། །རྡོ་རྗེ་ཐེག་པར་དེ་ཚེ་གནས། །རང་བཞིན་བདག་མེད་པར་འདོད་དོ། །བརྗོད་པ་བདག་མེད་བརྗོད་པ་ཡང་། །རྣལ་འབྱོར་མཐོང་བས་འབྱུང་མི་འགྱུར། །དེ་ལས་ལངས་པའི་

རྣལ་འབྱོར་ཆེ། །ཧྞ་ཡིག་གཞན་དངོས་རྣམས་ཀྱིས་མིན། །གཉིས་དག་བསྲུབ་ཅིང་བསྲུབ་པ་ནི། །དང་པོ་སྤྱི་གཙུག་རྐང་མཐར་རོ། །རྣམ་གཉིས་རྗེས་སུ་སྦྱོར་བ་ཡིས། །དབུས་ཀྱི་མདའ་ནི་སྔགས་སྐྱེས་སོ། །མཚོན་བྱ་མཚོན་པས་གང་མཚོན་པ། །མཚོན་པར་བྱ་

Vol. 78 · folio 224a

དང་མཚོན་བྱེད་མེད། །བད་སྣལ་ལྟ་བུའི་སྐུད་པ་ནི། །རྣལ་འབྱོར་པ་ཡིས་མཐའི་གནས་ཕྱིན། །མདའ་དང་གཞུ་ནི་མི་མཐོང་སྟེ། །གང་དུ་བཏང་ཞིང་འགྲོ་བར་བྱ། །དེ་ཚེ་སྲོག་ཀུན་ལྐུགས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་འཁོར་

ལོ་བསྒོམ་པ་སྟེ། །དེ་ཡི་དབུས་སུ་འདི་དགོད་པ། །འཁོར་ལོའི་གོ་ཆ་མ་ལྷ་མོ། །མདོག་དང་དབྱིབས་ནི་སྔོན་གྱི་ཅན། །སྔགས་ཡིག་རྣམས་ལས་བྱུང་བ་ནི། །ཤེས་རབ་ཐབས་བདག་ཉིད་ཅན་མཆོག །ཨོཾ་ས་བ་རྦ་ནྡྷ་བི་ན་ཀ་ཀ་ལ་རཱ་པ་ཡ་བྷ་ཧཱུྃ་ཉྫ་ཧཱུྃ་ན་ཕ་ཀ་ཊ་རཱ་ཕ་ཡ་ཊ་ཧཱུྃ་སྭཱ་

ཧཱུྃ་ཧཱ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཙ་ཀྲ་བརྨི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་སྔགས་རབ་སྦྱོར་བདག་ཉིད། །ལྐུགས་པའི་རྣམ་ཤེས་བསྒྲུབ་པར་བྱ། །སྔོན་གྱི་འཁྲུལ་འཁོར་བྲིས་ནས་ནི། །གསང་སྔགས་ཕྲེང་བ་འདི་དགོད་བྱ། །ཐོག་མར་རྣམ་པར་སྣང་མཛད་དེ། །གཉིས་པར་

ཝན་ནི་རྣམ་པར་སྦྱིན། །བི་ཡིག་གསུམ་པར་སྦྱིན་པར་བྱ། །བཞི་པར་ཧཱུྃ་གི་ཡི་གེའོ། །ལྔ་པར་བྱ་ཡི་ཡི་གེ་སྟེ། །དུམ་བུ་དྲུག་པར་རཱ་སྦྱིན་བྱ། །བདུན་པར་གྲི་ཡི་ཡི་གེ་སྟེ། །བརྒྱད་པར་ག་ཡི་ཡི་གེའོ། །དགུ་པར་མྦྷ་ཡི་ཡིག་སྦྱིན་བྱ། །བཅུ་པར་ཧྞ་ཡིག་སླར་དགོད་དོ། །གྲི་

ཡིག་བཅུ་གཅིག་པ་རུ་སྟེ། །ཧཱུྃ་ཡིག་བཅུ་གཉིས་དགོད་པར་བྱ། །བཅུ་གསུམ་པ་རུ་གྲི་ཡིག་སྟེ། །བཅུ་བཞི་པ་ལ་ཛ་ཡིག་གོ། །བཅོ་ལྔ་པ་ལ་བྷ་ཡིག་སྟེ། །པ་ཡ་གཉིས་དགོད་བཅུ་དྲུག་པར། །བཅུ་བདུན་པ་ལ་སུ་ཡིག་སྟེ། །ཕ་ཡིག་བཅྭ་བརྒྱད་པར་དགོད་བྱ། །གཅིག་

ཉུང་ཉི་ཤུར་ཧཱུྃ་སྦྱིན་ནོ། །ཉི་ཤུ་པ་ལ་ཊའི་ཡི་གེ། །ཉི་ཤུ་གཅིག་པར་ཡི་གེ་ཧཱུྃ། །ཉི་ཤུ་གཉིས་པར་ཧཱུྃ་འགྱུར་རོ། །ཉི་ཤུ་གསུམ་པར་གྲི་ཡིག་སྟེ། །ཧཱུྃ་ཡིག་ཉི་ཤུ་བཞི་པར་རོ། །ཉི་ཤུ་དྲུག་པར་ཊ་ཡིག་སྦྱིན། །ཉི་ཤུ་བདུན་པར་ཕའི་ཡི་གེ། །ཧཱུྃ་ཡིག་ཉི་ཤུ་བརྒྱད་པར་ཏེ། །ཧོཿཡིག་

ཉི་ཤུ་རྩ་དགུ་པར། །སུམ་ཅུ་པ་ལ་ཧྞཱ་ཡིག་སྦྱིན། །སུམ་ཅུ་གཅིག་པར་ཧྞ་དགོད་བྱ། །ཧཱུྃ་ཡིག་སུམ་ཅུ་གཉིས་པར་སྦྱིན། །སུམ་ཅུ་གསུམ་འདིར་མྦྷ་ཡིག་གོ། །སུམ་ཅུ་བཞི་པར་ཧཱུྃ་ཡིག་སྟེ། །དེ་ཉིད་སུམ་ཅུ་ལྔ་པར་རོ། །སུམ་ཅུ་དྲུག་པར་ཡི་ཡིག་སྦྱིན། །ཧྞཱ་ཡིག་སུམ་ཅུ་བདུན་

Vol. 78 · folio 224b

པར་ཏེ། །སུམ་ཅུ་བརྒྱད་པར་པ་ཡ་གཉིས། །གཅིག་དམན་བཞི་བཅུ་པ་ལ་ཧཱུྃ། །བཞི་བཅུ་པ་ལ་ཧཱུྃ་སྦྱིན་བྱ། །བཞི་བཅུ་གཅིག་པར་ནི་བྷ་ཡི་གེའོ། །ཧཱུྃ་ཡིག་བཞི་བཅུ་གཉིས་པར་སྦྱིན། །བཞི་བཅུ་རྩ་གསུམ་པ་ལ་ཨོཾ། །ཡ་ནའི་ཡིག་གཉིས་སྦྱིན་བྱ་བ། །དུམ་བུ་

བཞི་བཅུ་བཞི་པར་རོ། །བཞི་བཅུ་ལྔ་པར་ཨཱ་ན་སྟེ། །བཞི་བཅུ་དྲུག་པར་ཕཊ་དེ་བཞིན། །བཞི་བཅུ་བདུན་པ་ལ་ནི་ཨོཾ། །བཞི་བཅུ་རྩ་བརྒྱད་པ་ལ་ཕཊ། །བཞི་བཅུ་དགུ་པར་སུ་སྦྱིན་བྱ། །ཐམས་ཅད་ཇི་ལྟའི་རིམ་པས་སོ། །དུམ་བུ་དབུས་མར་བསྒྲུབ་བྱའི་མིང་། །ཀ་

ར་ཀ་ར་སོགས་ནང་བཅུག །ཐམས་ཅད་བསྡུས་ནས་ཤེས་བྱས་ནས། །ལྐུགས་པར་བཅིང་བར་བྱ་བ་ནི། །བྱི་བ་སྟེང་དུ་འགྲོ་བའི་སྒོར། །འཁྲུལ་འཁོར་གླང་རྨིག་བཅས་པར་སྦ། །ཨ་བ་དྷཱུ་ཏཱིར་ཡིག་བྱས་ནས། །དེ་ཡི་དབུས་སུ་རབ་ཏུ་གཞུག །ཕྱོགས་ཐམས་ཅད་དུ་

སྲིན་པོ་ནི། །བྱས་ནས་འཁྲུལ་འཁོར་བསྒྲུབ་པའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་

འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཁོར་ལོའི་གོ་ཆ་མའི་ལྐུགས་པར་བྱ་བའི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་དང་འཁོར་ལོ་སྒོམ་པ་དང་དཔའ་བོ་དང་གཉིས་སུ་མེད་པའི་རྣལ་འབྱོར་སྲིན་པོའི་རྣམ་པའི་འཁྲུལ་འཁོར་གྱི་འཁོར་ལོ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་ལྔ་

པའོ།། །།དེ་ནས་ཤིན་ཏུ་དཔའ་མོའི་ལས། །ཞི་བར་བྱེད་པ་གསལ་བཤད་བྱ། །རབ་སྦྱོར་དེ་རྣམས་ཀྱིས་བྱ་སྟེ། །ན་ག་རར་ནི་ཡང་དག་བཞུགས། །བཏང་སྙོམས་བྱང་ཆུབ་ཡན་ལག་སྟེ། །ལྷ་ཡི་འཁོར་ལོ་རྫུ་འཕྲུལ་ཆེར། །དཔྲལ་བའི་གནས་

སུ་ལྷ་མོ་ནི། །སྐྱེ་འགྲོའི་བདག་མོ་བསྒོམ་པར་བྱ། །དབང་གཉིས་ཡང་དག་འདུས་པ་ལས། །རྩ་ཆེན་པོ་ནི་བདེ་བས་གང་། །བཅུ་གཉིས་མཐའ་རུ་བསྐྱོད་པ་ལས། །འདིར་ནི་ས་བོན་གཡོ་བ་མེད། །དབང་པོ་ལ་སོགས་ཐམས་ཅད་ནི། །འདོད་ཆགས་བྲལ་བ་ཉིད་

Vol. 78 · folio 225a

འཐོབ་འགྱུར། །རྣལ་འབྱོར་ཆེན་པོ་མཉམ་པའི་བདེ། །སླར་ཡང་བདེ་བའི་རང་བཞིན་མེད། །འདོད་ཆགས་ཞེ་སྡང་མུན་དྲི་མ། །རྣམ་བྲལ་ཕ་རོལ་སོན་པ་ཆེ། །འཐོབ་བོ་དགའ་བ་དེ་ཡིས་ནི། །སྐྱེས་བུ་དང་ནི་གཉིས་མེད་རྩེ། །ཐེག་པ་གསུམ་ལས་

གཞན་མེད་དེ། །དེ་རྣམས་ཀྱིས་ནི་བལྟ་དུས་ཀུན། །འགྲོ་དང་ཉལ་དང་ཟ་བ་ནི། །རྣལ་འབྱོར་བསྒྲུབ་པས་སྤངས་པ་ཡིན། །དགའ་རོལ་རྩེད་མོ་རྩེ་བ་དང་། །གླུ་ལེན་པ་ཡིས་གོས་པ་མེད། །དེ་ཕྱིར་བཏང་སྙོམས་བྱང་ཡན་ལག །གནས་སྐབས་ཀུན་རྗེས་སྤངས་

པས་སོ། །དེ་ལྟར་ཞི་དོན་དུ་བྱས་པས། །དོན་ཡོད་མཐོང་བས་འགྲུབ་པར་འགྱུར། །གང་དང་གང་གི་སེམས་ཅན་ནི། །ནད་པ་ལ་སོགས་ལ་བལྟས་པས། །དེ་དང་དེ་ཡི་སེམས་ཅན་གྱི། །ཞི་བའི་ལས་ཅན་དུ་འགྱུར་རོ། །སངས་རྒྱས་ཉིད་ཀྱང་མྱུར་དུ་ན། །ཕྲ་མོའི་

ལས་ནི་སྨོས་ཅི་དགོས། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །ཤིན་ཏུ་དཔའ་མོ་བསྒོམ་པར་བྱ། །ལྷ་མོ་རྟག་ཏུ་མདོག་དཀར་མོ། །ལྷག་མ་སྔོན་མ་ལྟ་བུ་མཆོག །གསང་སྔགས་ཕྲེང་བའི་རབ་སྦྱོར་བས། །ཤེས་རབ་དང་ནི་ཐབས་བྱུང་བའོ། །གཏོར་མ་སྦྱིན་སྲེག་

ཆོ་ག་ཡིས། །བློ་ལྡན་ཞི་རྫས་རྣམས་ཀྱིས་ཏེ། །ཞོ་མར་འོ་མ་ཟས་རྣམས་ཀྱི། །འདིར་ནི་དགང་བླུགས་དབུལ་བར་བྱ། །ག་པུར་ཙནྡན་ལ་སོགས་པས། །འཁྲུལ་འཁོར་སྔོན་གྱི་བྲི་བར་བྱ། །ཨོཾ་པ་མུ་ར་ཎྜཱ་ཀྲཱྀ་བ་ཏ་ལཱི་ཡ་ལ་ནྟྲ་ག་མ་ན་ནྟྲ་ཤ་ནཱ་རཱི་ཤ་རཱ་ནཱ་ཡ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་

ཕཊ་ཕཊ་ཕཊ་སྭཱ་སྭཱ་ཧཱ་ཧཱ། ཨོཾ་སུ་བཱི་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་སྔགས་ཡིག་ས་བོན་ཏེ། །སྐྱེ་བ་དང་ནི་གནས་པའི་རྒྱུ། །ཡེ་ཤེས་ས་བོན་ཐམས་ཅད་རྣམས། །སྔགས་པས་དཔྲལ་བ་སོགས་པར་རོ། །རྣལ་འབྱོར་པ་རྣམས་རྩེ་དུས་ལས། །བསྐྱེད་པར་འགྱུར་ཞིང་

འགག་པར་འགྱུར། །དུམ་བུ་བཞི་བཅུ་རྩ་དགུ་རུ། །སྔགས་ཀྱི་ཕྲེང་བ་འདི་དགོད་བྱ། །དུམ་དབུས་ཕྱི་རོལ་བརྒྱད་རྣམས་སུ། །ཕྱོགས་མཚམས་ཇི་ལྟའི་རིམ་པ་ཡིས། །རྣམ་པར་སྣང་མཛད་ས་བོན་བཞི། །ཧཱུྃ་གི་ཡི་གེ་བཞི་རྣམས་སོ། །དེ་ཕྱི་དུམ་བུ་བཅུ་དྲུག་ཏུ། །

Vol. 78 · folio 225b

ཕྱོགས་མཚམས་རིམ་པ་ཇི་བཞིན་པས། །ཧཱུྃ་ཡིག་བརྒྱད་ནི་དགོད་བྱ་ཞིང་། །དེ་ནས་གྲིཧྞ་གྲིཧྞའི་ཚིག །སུམྦྷ་ནི་སུའོ་དུམ་ལྷག་མ། །དེ་ཡི་ཕྱི་རོལ་ཉི་ཤུ་བཞིར། །མྦྷ་གྲི་ཧྞཱ་པ་ཡ་གྲི་ཧྞཱ་པ་ཡ། །འདིར་ནི་བྲི་བར་བྱ་བ་སྟེ། །ཨཱ་ན་ཡ་ཨཱ་ན་ཡ་ཧོཿའི་ཚིག །བྷ་ག་བཱན་

བིདྱཱ་རཱ་ཛ་དང་། །ཕཊ་ཡིག་དེ་ནས་བྲི་བར་བྱ། །དབུས་མའི་དུམ་བུར་བསྒྲུབ་བྱ་ནི། །གནོད་མཛེས་སྔགས་ཀྱི་ནང་བཅུག་པའོ། །ལྷ་ཡི་གཟུགས་ཀྱི་ཁར་བྲི་བྱ། །དེ་ལྟར་ལྷ་ཡི་འཁྲུལ་འཁོར་ནི། །ལིང་གའི་གནས་སུ་གཞག་པར་བྱ། །ཀུན་ཏུ་སྤྱོད་ཀུན་ཤེས་པར་བྱ། །

གཞན་གྱི་དུས་སུ་མི་འགྲུབ་བོ། །ཐིག་ལེ་སྒྲ་ཡི་དུས་སུ་ནི། །རླུང་གི་དབྱིབས་ནི་བརྟན་པ་ཡིས། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །ཞི་བ་མྱ་ངན་འདས་འགྲོ་ན། །སླར་ཡང་ས་གཞིའི་འཇིག་རྟེན་པའི། །ཞི་བའི་དགོས་བྱེད་སྨོས་ཅི་དགོས། །དེ་བྱེད་རྣལ་འབྱོར་

དབང་ཕྱུག་ནི། །ལྷ་དང་ལྷ་མིན་རྣམས་ཀྱིས་མཆོད། །དེ་ཡང་སངས་རྒྱས་ཉིད་འཐོབ་ན། །དེ་ཞབས་འབྲིང་བྱེད་སྨོས་ཅི་དགོས། །འཇིག་རྟེན་སངས་རྒྱས་སོགས་ཆེན་པོས། །དེ་ནི་ཕྱག་འོས་མཆོད་འོས་སོ། །བསམ་གཏན་སྔགས་ཀྱི་བཟླས་པ་དང་། །སྦྱིན་སྲེག་

ཡ་ག་སོགས་མཆོག་ཏུ། །ཞི་དང་བྱང་ཆུབ་ཀྱི་ནི་སེམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྩ་བའི་སྔགས་ནི་བཟླས་པ་ཡིས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །རྐང་པ་བཞི་བཅུ་རྩ་བརྒྱད་པས། །ཀུན་མཁྱེན་སྐྱེ་བ་འདི་ལའོ། །དཔལ་ཧེ་རུ་ཀ་གཉིས་

མེད་པའི། །རྡོ་རྗེ་ཕག་མོ་མཐོང་བར་འགྱུར། །དེ་ཡི་མཆོག་ནི་སྟེར་བྱེད་དེ། །རང་གི་འཁོར་ལོས་སྒྱུར་ཐིམ་པའོ། །དེ་རྣམས་ཕྱག་རྒྱའི་གྲུབ་བྱེད་པར། །མཆོག་ཏུ་རྨད་དུ་བྱུང་བར་འགྲོ། །མཁའ་འགྲོ་མ་རྣམས་དང་གནས་པ། །གནས་དང་གནས་རྣམས་སུ་འཐོབ་བོ། །

ཧེ་རུ་ཀ་སྔགས་འཁྲུལ་འཁོར་དང་། །ལས་ཐམས་ཅད་ནི་མ་ཤེས་ན། །དེ་ནི་དོན་མེད་ཡོངས་ངལ་ཏེ། །འགྲོ་བ་དྲུག་ཏུ་འཁྱམ་འགྱུར་ཞིང་། །སྐྱེ་བ་བྱེ་བ་བརྒྱ་ཕྲག་ཏུ། །འཇིག་རྟེན་འགྲོ་ཀུན་གྲོལ་བ་མིན། །དཔལ་ཧེ་རུ་ཀའི་གོ་འཕང་གནས། །སྔགས་ཀྱི་ནུས་པས་གྲོལ་

Vol. 78 · folio 226a

བའོ། །བརྩེ་བ་ཆེན་པོས་ཕག་མོ་སོགས། །རྣལ་འབྱོར་མ་བསྙེན་ཤེས་པར་བྱ། །གཉིས་སྦྱོར་བདེ་བའི་རྣམ་པ་ནི། །བུད་མེད་སྐྱེས་པ་མ་ནིང་མིན། །དངོས་པོ་ཙམ་དུ་སེམས་ཅན་ལ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན། །དཔའ་བོ་

ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཤིན་ཏུ་དཔའ་མོའི་ཞི་བའི་ལས་ཀྱི་

རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་ཀྱི་འཁྲུལ་འཁོར་འཁོར་ལོ་སྒོམ་པ་དང་གནོད་མཛེས་ཀྱི་སྔགས་ཀྱི་ལས་ཀྱི་ཚོགས་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དྲུག་པའོ།། །།དེ་ནས་ལྷ་མོས་མཆོད་བྱས་ནས། །འདི་སྐད་ཀྱི་ནི་ཚིག་དྲིས་སོ། །ཐམས་ཅད་བསྲུང་བའི་ལས་

ཆེན་པོ། །ཁྱབ་བདག་བདག་གིས་མི་འཚལ་ལོ། །ཕག་མོ་ལྷ་རྫས་པད་ཅན་གྱི། །ལྷ་མོ་ཉོན་ཅིག་རབ་བཤད་བྱ། །སྟོབས་ཆེན་མ་ཡི་རབ་སྦྱོར་བས། །སིན་དྷུ་ཡི་ནི་གནས་བསྒྲུབས་ཏེ། །ཡང་དག་ལྟ་བའི་རང་བཞིན་དུ། །མཆོག་གི་མ་མོ་ཤེས་པར་བྱ། །དེ་ལྟར་དེ་ཉིད་

ངེས་པར་བྱ། །མཆོག་གི་བསྒོམ་པར་འཇུག་པར་བྱ། །མ་མོའི་འཁོར་ལོའི་གྲོང་ཉམས་དགར། །དཔའ་བོའི་གཙོ་མོ་བསྒོམ་པར་བྱ། །ལྷན་སྐྱེས་བྱང་ཆུབ་རིགས་པ་ཡིས། །དེའི་བདག་ཉིད་དུ་གང་མཚོན་བྱ། །སྔོན་དུ་ཧཱ་སྟེ་བགྲོད་པ་བཞིན། །དྲག་ཤུལ་སྦྱོར་བའི་མཚན་

ཉིད་དོ། །རྣལ་འབྱོར་ཐམས་ཅད་ཡོངས་དམིགས་ནས། །ཕུང་པོའི་རྩ་བ་ལས་གཞོན་ཅན། །སྤྱི་བོ་ཡི་ནི་ཐོད་པར་བཟུང་། །ཨོ་ཌྱན་བུ་གར་སོན་པ་སྟེ། །ལྟེ་བ་ཡི་ནི་གནས་ཐོབ་ནས། །བྱང་ཆུབ་ས་བོན་རྣམས་ཀྱིས་འཛིན། །མཚན་མོ་ཡིས་ནི་གཟུང་བར་ནི། །ཁམས་

ཐམས་ཅད་ཀྱིས་གང་བར་བྱས། །ལ་ལ་ནཱ་ཡི་ལམ་སོན་ནས། །སྔོན་གྱི་གནས་སུ་ཡང་དག་རིག །མེ་ཡིས་བཞུ་བའི་ཁམས་ཀྱིས་ནི། །རྩ་སྦུབས་ཐམས་ཅད་དགང་བར་བྱ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐད་ཅིག་ལ་ནི་ལྟ་ཞིང་མཐོང་། །ཟླ་བ་འགྲོ་བའི་དབུས་

Vol. 78 · folio 226b

སུ་ནི། །སྒོར་འཕྱང་བ་ནི་བལྟ་བར་བྱ། །སྦྱོར་མཆོག་ཤེས་བྱས་བསྒྲུབས་བྱས་ལ། །དེ་ཡི་རང་བཞིན་ཅན་བསམ་བྱ། །མཛོད་སྤུར་སོན་པའི་བུ་ག་རུ། །རླུང་གི་ལྕེ་ནི་གཞུག་པར་བྱ། །རྣལ་འབྱོར་རྣམས་ཀྱི་བསྒོམ་རིམ་པས། །ཡང་དག་ལྟ་བར་ཤེས་པར་

བྱ། །སུམ་ཅུ་རྩ་བདུན་བདག་ཉིད་མཆོག །ཤེས་རབ་རྣལ་འབྱོར་མ་བསྒོམ་བྱ། །སྔགས་ཀྱི་ཡི་གེ་ལས་བྱུང་བ། །ཤེས་རབ་ཐབས་བདག་ཉིད་མཆོག་གོ། །ཨོཾ་དུ་མ་ཥ་ཧཱ་ཊཱ་ར་ནཱཾ་ཀྵཱ་བི་ཀ་དཱ་རཱ་ལ་ཡ་ནེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕ་ཕ་ཊ་ཊ་ཕ་ཕ་ཊ་ཊ་སྭཱ་སྭཱ་ཧཱ་ཧཱ་ཛཿཧཱུྃ་བཾ་ཧོཿ། ཨོཾ་མ་ཧཱ་བ་ལེ་ཧཱུྃ་

ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའི་སྔགས་ལས་ལྷ་མོ་ཆེ། །ཡེ་ཤེས་སྐུ་ནི་ཡང་དག་བྱུང་། །གྲུ་བཞི་ཟླུམ་པོ་དང་བཅས་པའི། །བྱང་ཆུབ་འཁྲུལ་འཁོར་རྟག་བྲི་སྟེ། །དུམ་བུ་བཞི་བཅུ་རྩ་དགུ་ལ། །གསང་སྔགས་བཞི་པོ་ཡང་དག་པར། །དུམ་བུ་རེ་རེར་བྲི་བར་བྱ། །

དུམ་བུ་ལྔ་རུ་སྒྲུབ་པོ་སྟེ། །གྷ་གྷ་ལ་སོགས་ནང་བཅུག་པ། །བྱང་ཆུབ་སེམས་དཔའི་ཕྱག་ཏུ་ནི། །གི་ཝང་འམ་ནི་ཡང་ན་ནི། །གི་ཝང་ཆེན་པོས་བྲི་བྱ་བ། །གྲོ་གར་འཁྲུལ་འཁོར་ཐམས་ཅད་ནི། །ལས་ཀྱི་ཁྱད་པར་གྱིས་བྲི་སྟེ། །གཡུལ་ངོ་ཆེན་པོའི་རས་ལ་ནི། །

ལས་ཐམས་ཅད་པ་བྱ་བ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་

པོ་ཆེན་པོ་ལས་སྟོབས་ཆེན་མའི་སྦྱོར་བས་སྲུང་བ་ཆེན་པོ་ཕུར་བུའི་སྔགས་ཀྱི་ལས་བྱང་ཆུབ་སེམས་དཔའི་འཁྲུལ་འཁོར་སྒོམ་པའི་མན་ངག་གི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བདུན་པའོ།། །།དེ་ནས་ལས་མཆོག་ཐམས་ཅད་ནི། །སེམས་

ཅན་ཀུན་ལ་འབྱུང་བཤད་བྱ། །འཁོར་ལོས་སྒྱུར་མའི་རབ་སྦྱོར་བར། །མ་རུའི་གནས་སུ་བསྒྲུབ་པར་བྱ། །ཡང་དག་རྟོག་པ་བྱང་ཆུབ་ཀྱི། །ཕྱོགས་སུ་གནས་བཞིན་པར་བྱའོ། །རྒྱས་པ་བསྒྲུབ་བྱ་ཕྱི་ནས་ནི། །མཁས་པས་ལས་ནི་བྱ་བ་ཡིན། །གཏུམ་མོ་ལྟེ་བར་སྦར་

Vol. 78 · folio 227a

བ་ཡིས། །ཚིགས་ཐམས་ཅད་ནི་སྲེག་པ་སྟེ། །མིག་ལ་སོགས་པ་བསྲེགས་ནས་ནི། །བསྲེགས་པས་རྐན་ལས་ཐིག་ལེ་འཛག །འགྲོའོ་དེ་ནི་མཚམས་ཀུན་དུ། །པད་སྣལ་སྐུད་པའི་དྲ་བའོ། །འབིགས་ཤིང་འགྲོ་བས་རོ་མྱང་སྟེ། །སྟོང་ཕྲག་བདུན་ཅུ་

རྩ་གཉིས་ལའོ། །འཐོམ་དང་རྨུགས་པའི་ཡེ་ཤེས་ནི། །འགྲོ་བ་མེད་ཀྱང་འོང་བར་འགྱུར། །ཕྱག་རྒྱ་འདི་ཡི་རྣལ་འབྱོར་པ། །ལོ་ཡི་སྦྱོར་བས་དེ་འགྲུབ་འགྱུར། །དེ་དང་འདི་ཡིས་ཡང་དག་ལྡན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །དགའ་བ་འཇིག་རྟེན་

ཐམས་ཅད་དུ། །ཞེས་བྱ་འགྲོ་འགྱུར་དེའི་བདག་ཉིད། །རྣམ་པར་རྟོག་པ་དེ་འཁྱེར་ཏེ། །གོམ་པ་གཅིག་ནི་འགྲོ་མི་འགྱུར། །ཚིགས་ཀུན་ངོ་བོར་གྱུར་ནས་ནི། །བདག་གི་གདན་ནི་དེ་མཐོང་འགྱུར། །འཆི་བས་མི་འཇིགས་འདི་ཡི་ཕྱིར། །གཞན་གྱི་གདན་དུ་ཡང་དག་

གནས། །གང་གང་ལས་ལ་བལྟས་རྣམས་ཀྱིས། །དེ་དེ་ཐམས་ཅད་དུ་བྱེད་དོ། །འཆི་བའི་དུས་ལས་ཤེས་བྱས་པ། །དེ་ནི་རྣལ་འབྱོར་གདན་དུ་འདོད། །ཀུན་མཁྱེན་ཐམས་ཅད་ལས་ཅན་ནི། །གང་ཕྱིར་གསང་བའི་གདན་མཆོག་ཡིན། །ཡང་དག་རྟོག་པའི་སྦྱོར་བདག་

ཉིད། །བྱང་ཆུབ་ཕྱོགས་སུ་འགྲོ་བར་འགྱུར། །བ་ལང་རྟ་དང་མི་དང་ཁྱི། །གླང་པོ་མ་ཧེ་བོང་བུ་དང་། །རྔ་མོ་བྱི་ཆུང་བྱི་ལ་དང་། །ཕག་པ་དང་ནི་སྤྲེའུ་རྣམས་ཀྱི། །ཤ་ནི་སྐྱུར་པོ་ལ་བཏགས་པ། །དངོས་གྲུབ་འདོད་པས་སྦྱིན་སྲེག་བྱ། །རང་བཞིན་དངོས་གྲུབ་འཐོབ་འགྱུར་ན། །

དངོས་གྲུབ་བརྒྱད་པོ་སླར་ཅིས་མིན། །རལ་གྲི་མིག་སྨན་རྐང་བྱུག་དང་། །རི་ལུ་དངུལ་ཆུ་མཆིལ་ལྷམ་དང་། །བཅུད་ལེན་དང་ནི་ས་འོག་དང་། །དགུག་པ་ཡང་ནི་འགྲུབ་པའོ། །རོ་ལངས་བསླང་བའི་དངོས་གྲུབ་ནི། །ཁྱི་ནག་མོ་ཡི་འོ་མ་དང་། །མཱ་ཥ་ནག་པོའི་ཐུག་པ་ཡིས། །

ཡི་དགས་བཅུ་བཞིའི་མཚན་མོའམ། །སྔགས་པས་ཚེས་བརྒྱད་ལ་རོ་ཡི། །ཁ་རུ་སྦྱིན་སྲེག་བྱ་དེ་བཞིན། །དུར་ཁྲོད་ཀྱི་ནི་ཡུངས་ཀར་མར། །མར་ཁུ་འབད་པས་བཟུང་ནས་ནི། །དེས་ཀྱང་དཔའ་བོ་བྱུག་བྱ་སྟེ། །དེ་ཚེའི་ནུབ་མོར་རྣམ་པར་བརྗོད། །ཡི་དགས་ཆེན་པོ་དེ་ལངས་

Vol. 78 · folio 227b

ནས། །དབང་ཆེན་མཐིལ་ལ་ཕྱེ་མར་བྱེད། །དེས་རྟག་འཇིགས་པར་མི་བྱ་སྟེ། །རང་རྐྱེན་སྦྱོར་བས་བསྐྱེད་པ་ཡིན། །ཏིལ་ལམ་ཏིལ་མར་གཞན་ཡང་ནི། །གང་རུང་ཅི་རུང་བཟུང་བྱས་ནས། །རྣལ་འབྱོར་རྣམས་ཀྱིས་སེམས་ཅན་རྒྱུར། །བྱིན་པས་ཐམས་ཅད་དུ་

འགྲོའོ། །སྒྲོལ་མ་ཙུན་དཱ་འོད་ཟེར་ཅན། །ཁྲོ་གཉེར་རི་ཁྲོད་ལོ་མ་དང་། །གཤིན་མཐར་བཅས་སོགས་ཁྲོ་བོ་ཆེ། །སྒོམ་དང་སྔགས་ཀྱི་བཟླས་པ་ནི། །འབུམ་ཕྲག་གཅིག་གིས་སྡིག་འཇོམས་ཏེ། །བྱེ་བས་འཇལ་བ་འཐོབ་པར་བྱེད། །དངོས་གྲུབ་ཅི་འདྲ་བ་འདོད་པ། །

སྩལ་ནས་རྒྱུན་དུ་ཞུགས་པ་ཡིན། །ཡང་ན་སྙན་དངགས་རིག་པ་སྟེ། །ལུང་གི་དོན་ནི་འཆད་པའིའོ། །ཀུན་ཤེས་གང་ཐམས་ཅད་ཀྱི་སྐད། །མ་མཐོང་བ་རྣམས་ཤེས་པར་འགྱུར། །ཚར་གཅད་རྗེས་གཟུང་ཐམས་ཅད་ནི། །ཆོས་བྱ་ཆོས་ཅན་ཐམས་ཅད་བྱེད། །སྒྲོལ་སོགས་རྣལ་འབྱོར་མ་མཆོག་

རྣམས། །རང་བདག་གཟུགས་གཞན་ཤེས་བྱ་ཉིད། །འདི་རྣམས་ཀུན་བསྡུས་གཟུགས་ཉིད་པས། །འཁོར་ལོས་སྒྱུར་མ་བསྒོམ་པར་གྱིས། །སྣ་ཚོགས་པ་ཡི་གཟུགས་འཛིན་ཏེ། །དེ་རྣམས་ཀྱིས་ནི་འཁོར་སྒྱུར་མའོ། །ཨོཾ་ཏཱ་རེ་ཏུཏྟྭ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཙུནྡེ་སྭཱ་ཧཱ། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ།

ཨོཾ་བྷྲཱི་ཀུ་ཊཱི་སྭཱ་ཧཱ། ཨོཾ་པརྞྞ་ཤ་བ་རཱི་སྭཱ་ཧཱ། དེ་ལྟར་ཀུན་གྱི་འཁྲུལ་འཁོར་ཀྱང་། །སྔགས་ཀྱི་ཡི་གེ་རྣམས་ཀྱིས་བྱ། །བསྐྱེད་པ་དང་ནི་གནས་པའི་རྒྱུར། །ཇི་ལྟའི་རིགས་པས་བསྒྲུབ་པར་བྱ། །འོད་ཟེར་ཕྲེང་བས་ཀུན་འཁྲིགས་པ། །སྙིང་གའི་འཁོར་ལོར་གཟུང་བར་བྱ། །

འདི་ཡིས་འཆི་བའི་འཇིགས་འཇོམས་ཏེ། །རྒས་དང་འཆི་བ་མེད་འཐོབ་བྱེད། །འཁོར་ལོས་སྒྱུར་མའི་ལྷ་མོ་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་མཆོག །མདོག་དང་དབྱིབས་ནི་རང་གི་སྟེ། །སྔགས་ཡིག་རྣམས་ལས་ཡང་དག་བྱུང་། །ཨོཾ་ཀྲོ་དྷ་དྷརྨོ་སྥཱ་དྷ་ར་ཡ་

སྥཱ་ཀ་ར་རཱ་ཎཱ་ཡ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕ་ཕ་ཊ་ཊ་ཕ་ཕ་ཊ་ཊ་སྭཱ་སྭཱ་ཧཱ་ཧཱ། ཨོཾ་ཙཀྲ་བརྟྟི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ལས་ཡང་དག་བྱུང་། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ལྷ་མིན་འཁྲུལ་འཁོར་བྲི་བྱ་སྟེ། །གཅིག་དམན་ལྔ་བཅུའི་དུམ་བུ་ལ། །ཇི་ལྟར་ལྷ་རྣམས་ཀྱི་

Vol. 78 · folio 228a

ནི་སྔགས། །བསྒྲུབ་བྱའི་མིང་ནང་བཅུག་པ་ཡི། །ཕག་མོ་ཡི་ནི་སྙིང་པོ་ཡང་། །དུམ་བུ་སོ་སོ་ལ་བྲིའོ། །ཕྱི་རོལ་དུ་ནི་སྔགས་ཀུན་གྱིས། །འདིར་ནི་རྟག་ཏུ་བསྐོར་བར་བྱ། །གཡུལ་ངོ་ཡི་ནི་རས་ལ་ནི། །རྫས་ཀུན་གྱིས་ནི་ཡོངས་བྲིས་ནས། །འཁྲུལ་འཁོར་ལས་

ནི་ཐམས་ཅད་པ། །ལྷ་མ་ཡིན་གྱི་ཁར་སྦྱིན་བྱ། །ལོ་ཡི་ཉིན་ཞག་སྦྱོར་བ་ཅན། །ཐུན་མཚམས་སོ་སོར་བསྒོམ་པར་བྱ། །གཤིན་དགྲའི་འཁྲུལ་འཁོར་བྲི་བྱ་སྟེ། །དུམ་བུ་བཅུ་བདུན་པ་ལ་ནི། །ཕྱི་རོལ་བཅུ་དྲུག་སྦྱིན་བྱ་བ། །ཧྲཱིཿཥྚྲཱི་སྔགས་འདི་དགོད་པར་བྱ། །ཡ་མ་མེ་ད་

ཀྵེ་རཱ་ཛཱ་ས་དོ། །རུ་ཎ་ཡོ་ནི་རཱ་ཡ་ཙྪ་ནི། །དེ་ལྟར་སྔགས་ཆེན་བྲིས་ནས་ནི། །ལས་ཐམས་ཅད་ནི་བསྒྲུབ་པར་བྱ། །ཡི་གེ་རེ་རེའི་གཙོ་བོ་ཡིས། །ལས་རྣམས་ཀྱང་ནི་བཅུ་བདུན་ནོ། །བསྒྲུབ་བྱའི་མིང་ནི་ནང་བཅུག་ནས། །གཤིན་རྗེའི་སྙིང་པོའི་སྔགས་རྣམས་ནི། །ལུགས་

བཟློག་ཡི་གེ་ཕྱི་རོལ་དུ། །མཁས་པ་རྣམས་ཀྱིས་བྲི་བར་བྱ། །འཇིགས་དང་རྒྱལ་པོའི་རིགས་དང་ནི། །དགྲ་ཐམས་ཅད་ནི་རྣམ་པར་འཇོམས། །གཞན་ཡང་རྫ་རྔ་བཅིང་བ་ཡི། །ཁྱབ་བདག་རང་གི་སྔགས་བཏུ་པ། །ས་གཞི་ཆ་མཉམ་ཉམས་དགའ་བར། །ཙནྡན་ལ་སོགས་

བྱུགས་པ་རུ། །སྒྲུབ་པ་པོ་ཡིས་ཡང་བྱ་སྟེ། །རི་མོ་དགུ་པ་ལེགས་ཟླུམ་པོར། །གཅིག་དམན་ལྔ་བཅུའི་དུམ་བུ་ལ། །གཅིག་གཉིས་གསུམ་དང་བཞི་ཡི་ཁར། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །སྔགས་ཀྱི་ཡི་གེ་རྣམས་གཞག་བྱ། །གནོད་མཛེས་རྒྱལ་

པོ་ཡི་ནི་སྔགས། །སྔགས་པས་དེ་ནས་ཡང་དག་བཏུ། །དེ་ནི་ཚིགས་ཀུན་དེ་ཤེས་བྱ། །རྒྱུད་གཞན་དུ་ནི་མ་བཤད་དོ། །དེ་ཡི་ཡི་གེ་རྩ་རྣམས་སུ། །རེ་རེ་ཡི་ནི་ཚིགས་མཚམས་ནི། །གཅིག་དམན་ལྔ་བཅུ་ཡི་ནི་མཚམས། །མཁའ་དུས་མེ་ཡི་ཚོགས་ཅན་ནོ། །གང་

གང་ཆོས་སུ་ཡོངས་བཤད་པ། །མཉམ་པར་གཞག་པས་དེ་དེའི་ཚིགས། །གང་དུ་ཡི་གེ་གཅིག་བླངས་ནས། །དེར་ནི་ཡི་གེ་ཐམས་ཅད་དེ། །རྩིས་ཀྱི་རིམ་རྣམས་ཀྱིས་བཏུ་བར། །བདེ་མཆོག་འབུམ་པར་གསུངས་པ་ཡིན། །ཕྱི་དང་ནང་བདག་ཉིད་འཁྲུལ་འཁོར། །

Vol. 78 · folio 228b

རྣལ་འབྱོར་རྣམས་ཀྱིས་ཀུན་སྒྲུབ་པའོ། །གསང་སྔགས་བདེ་བས་བསྒྲུབ་པར་བྱ། །ཁྱད་པར་དུ་ཡང་འཁྲུལ་འཁོར་རོ། །དེ་ཡིས་དངོས་གྲུབ་འཐོབ་འགྱུར་བར། །འདིར་ནི་སོམ་ཉིད་སྲིད་མ་ཡིན། །རྟེན་དང་བརྟེན་པའི་གཟུགས་ཅན་ཏེ། །ཇི་ལྟའི་རིམ་པར་མིང་

དང་གནས། །གནས་ནི་རྟེན་གྱི་གཟུགས་སུ་སྟེ། །རྟེན་པའི་མིང་ནི་རྣལ་འབྱོར་མ། །འདི་དག་མཉམ་པར་སྙོམས་འཇུག་པ། །ལས་ཐམས་ཅད་པར་མངོན་པར་བརྗོད། །དེ་ཡིས་རྣལ་འབྱོར་མ་རྒྱུད་ནི། །རྟེན་པ་ཐབས་ཀྱི་སྤྱོད་ཡུལ་ལོ། །གང་ཕྱིར་ས་གཞི་རྟེན་

ཡིན་པས། །དེའི་ཕྱིར་ཐབས་ནི་རྣལ་འབྱོར་མ། །ཡང་ན་ཐམས་ཅད་ཐབས་ཡིན་ལ། །ཡང་ན་ཐམས་ཅད་ཤེས་རབ་བོ། །ཤེས་རབ་ཐབས་བྲལ་དེ་རྣམས་ཀྱིས། །སངས་རྒྱས་སྐུ་ནི་མྱ་ངན་འདས། །ཐེག་པ་མཆོག་འདི་ཤེས་རབ་དང་། །བྲལ་བས་ཐམས་ཅད་སྲིད་

པར་འགྲོ། །སྲིད་དང་མྱ་ངན་འདས་གང་ཆོས། །དེ་རྣམས་སྤངས་པས་ཆོས་མེད་དོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་

མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འཁོར་ལོས་སྒྱུར་མའི་རབ་ཏུ་སྦྱོར་བ་ལ་སོགས་པ་ལས་སྣ་ཚོགས་བསྒྲུབ་པའི་འཁྲུལ་འཁོར་འཁོར་ལོ་སྒོམ་པའི་ལམ་དང་རྫ་རྔའི་སྔགས་མདོར་བསྟན་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་བརྒྱད་

པའོ།། །།དེ་ནས་གཞན་པ་མཆོག་གཙོ་བོ། །འཁོར་ལོས་སྒྱུར་སོགས་རྒྱས་པ་ནི། །ཕན་པ་ཐམས་ཅད་སྟེར་བའི་ལས། །མདོར་བསྡུས་པ་ཡིས་བཤད་པར་བྱ། །བརྩོན་ཆེན་མ་ཡི་རབ་སྦྱོར་བས། །ཀུ་ལུ་ཏཱར་ནི་ཡོངས་སུ་བཞུགས། །བྱང་ཆུབ་

ཕྱོགས་ནི་ཡང་དག་ངག །འཁྲུལ་འཁོར་མི་ཡི་གཟུགས་ཅན་ནོ། །འཕྱང་བ་ལ་ནི་ཡོངས་བརྟེན་ནས། །བསམ་མེད་བྱང་ཆུབ་འཐོབ་པར་བྱེད། །དེ་ནི་ལས་ཀུན་གཙོ་བོ་སྟེ། །རང་བྱུང་ཕྱག་རྒྱ་ཆེན་པོའོ། །ཁམས་ཐམས་ཅད་ལས་ཡང་དག་བྱུང་། །དེ་ནི་འཕྱང་བར་

Vol. 78 · folio 229a

མངོན་པར་བརྗོད། །དཔའ་བོ་ཉི་ཤུ་བཞི་རྣམས་ལ། །རེ་རེ་ལ་ནི་རྣམ་པ་བརྒྱད། །ཁམས་ཐམས་ཅད་ལའང་ཤེས་བྱ་བ། །མིག་དང་བུ་ག་ཟླ་བའོ། །དཔའ་བོ་ཐམས་ཅད་སོ་སོ་ཡི། །རེ་རེའི་མིང་དུའང་བརྗོད་པར་འགྱུར། །དཀྱིལ་འཁོར་སུམ་ཅུ་

རྩ་བདུན་དུ། །དཔའ་བོ་རེ་རེ་བསྒོམ་པར་བྱ། །ཁམས་བརྒྱད་པོ་ནི་ཐམས་ཅད་དུ། །རྣམ་པ་གསུམ་དུའང་མཚོན་པར་བྱ། །ཐོད་པའི་དུམ་བུ་ལ་སོགས་ཀྱི། །རབ་སྦྱོར་མིང་མདོར་བསྟན་པས་ཏེ། །ཕག་མོ་སོགས་སུ་ཡོངས་གནས་པའི། །བརྩོན་ཆེན་མིང་ནང་

ཤེས་པར་བྱ། །དལ་གྱིས་ཁམས་ལ་བསྣུན་པ་ཡིས། །གཉིད་ལོག་པ་ལས་སད་པར་བྱ། །དཔའ་བོའི་རལ་གྲི་གང་འདྲ་བས། །སྟོབས་པོ་ཆེ་ལ་འབིགས་པར་འགྱུར། །དེ་འདྲའི་འཕྱང་བའི་རལ་གྲི་ནི། །ཁམས་ཐམས་ཅད་ལ་འབིགས་པར་འགྱུར། །ཧཱ་ཡི་མདོར་

བསྟན་ཤེས་བྱས་ནས། །ཚིགས་མཚམས་ཀུན་དུ་གནས་པར་གྱིས། །དེ་ལས་བསྐྱེད་པའི་དཔའ་བོ་རྣམས། །བྱེ་བ་འབུམ་ཚོ་སྟོང་ཕྲག་གོ། །བྱང་ཆུབ་ས་བོན་རང་བཞིན་ཅན། །རྣལ་འབྱོར་མ་ནི་དེའི་རིགས་གྲགས། །ཁམས་ཐམས་ཅད་དུ་རྒྱས་འདེབས་པ། །

ངེས་འབྱུང་དུས་སུ་ཡང་དག་བྱུང་། །འཕྱང་བཞིན་པར་ནི་དེ་ཤེས་བྱ། །རང་གཞན་ཡང་དག་རིག་པ་སྤངས། །རིགས་ནི་ཁམས་རྣམས་ཐམས་ཅད་དེ། །རྣལ་འབྱོར་མ་ནི་རིགས་ཅན་ཡིན། །གཉིས་པོ་ཡང་དག་སྦྱོར་བ་རུ། །འཕྱང་བ་ལྟོ་བར་རབ་ཞུགས་བྱ། །

ཁམས་ཐམས་ཅད་ཀྱི་རོའི་བར་དུ། །དེ་ནི་ཆད་པ་ཉིད་དུ་འགྱུར། །བཅུད་ཀྱིས་ལེན་ནི་བསྒྲུབས་པ་ཡིས། །སྐྱེ་བོ་ཀུན་ལ་རྒྱས་པ་ཡིན། །དེ་རྣམས་ཀུན་དུ་གནས་པ་མེད། །མཁའ་སྤྱོད་ཉིད་དུ་ཉེ་བར་འགྲོ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ནི། །དབུས་སུ་

ཟག་པ་མེད་པར་བཞུགས། །དེ་ལྟར་ཡོན་ཏན་གཏེར་ཐམས་ཅད། །ཡང་དག་ངག་གི་གོ་འཕང་གནས། །བརྗོད་མིན་པ་ཡི་སྔགས་ཆེན་པོ། །བསྣམས་ཞིང་སྐྱེ་བོ་ཀུན་ལ་སྒྲོགས། །གཞོམ་དུ་མེད་པར་དེ་ཤེས་བྱ། །ས་ནི་རྡོ་རྗེ་འཛིན་མ་རང་། །ཁམས་རྣམས་ཀྱི་

Vol. 78 · folio 229b

དངོས་མ་ལུས་པ། །མིང་གིས་དཔའ་བོར་ཡང་དག་གནས། །ཐོད་པའི་དུམ་བུ་ཡི་ནི་ཁམས། །རང་ཉིད་སོ་སོར་བཤད་པར་བྱ། །སེན་མོ་དང་ནི་སོ་འབབ་པ། །རེ་རེའི་བརྒྱད་དུ་ཕྱེ་བ་ཅན། །ས་ལ་སོགས་པའི་ཁམས་བཞི་དང་། །དེ་བཞིན་དངོས་པོ་བཞི་

དག་གོ། །དེ་ལྟར་གནས་ནི་གསུམ་གསུམ་དུ། །དཔའ་བོ་ཐམས་ཅད་སྦྱར་བར་བྱ། །སྐྲ་དང་བ་སྤུ་འབབ་པ་དང་། །པགས་པ་དང་ནི་དྲི་མ་འབབ། །ཤ་དང་ཤ་རེད་འབབ་པ་དང་། །ཆུ་རྒྱུས་དང་ནི་རྩ་འབབ་དང་། །རུས་པ་དང་ནི་པགས་འབབ་དང་། །མཁལ་

མ་དང་ནི་སྟོབས་འབབ་དང་། །སྙིང་དང་དྲ་བ་འབབ་པ་དང་། །མིག་དང་ཆུ་སེར་འབབ་པ་དང་། །མཁྲིས་པ་དང་ནི་རླུང་འབབ་དང་། །གློ་བ་དང་ནི་རྩ་འབབ་དང་། །དེར་འབབ་པ་ཡི་དངོས་པོ་ནི། །གཉེ་མ་དང་ནི་མཆིན་པ་འབབ། །ལྟོ་བ་དང་ནི་དབུགས་འབབ་

དང་། །བཤང་དང་གཅི་བ་འབབ་པ་དང་། །མཚམས་ཀྱི་མཐའ་དང་དྲི་མ་འབབ། །རྒྱུ་ཤུན་དང་ནི་མཆིལ་མ་འབབ། །རྣག་དང་ཆུ་སེར་འབབ་པ་དང་། །ཁྲག་དང་མེ་ཏོག་འབབ་པ་དང་། །རྡུལ་དང་རླངས་པ་འབབ་པ་དང་། །ཚིལ་དང་ལྟོ་ཚིལ་འབབ་པ་

དང་། །མཆི་མ་དང་ནི་ཁུ་བ་འབབ། །ལུད་པ་དང་ནི་རིམས་མེད་འབབ། །སྣབས་དང་རྐང་མར་འབབ་པ་སྟེ། །དཔའ་རྣམས་ཁམས་ཀྱི་མཚན་ཉིད་དོ། །དེ་ལྟར་དུམ་བུ་དུམ་བུ་ཉིད། །ཁམས་ནི་གཞན་དུ་འཇུག་པར་འགྱུར། །རེ་རེ་ཡི་ཡང་རང་བཞིན་ཀྱང་། །

ཟད་པའི་རླུང་གིས་ཐོད་པ་ཅན། །བདེ་བ་ཀུན་གྱི་ནང་ཐིམ་པར། །ཀེང་རུས་ཆེན་པོ་འགྲོ་བ་ཡིན། །སེམས་དང་བསམ་པ་དེ་ཡི་ཕྱིར། །ཀེང་རུས་ཀུན་དུ་སྟོང་པ་ཉིད། །མཆེ་བ་རྣམ་པར་གཙིགས་པ་ཡིས། །ཐམས་ཅད་གཉིས་མེད་ལྷན་སྐྱེས་གསལ། །ལྷ་ཡི་

དགྲ་ནི་ཆེན་པོའི་གཟུགས། །རྣམ་ཤེས་ལྷ་དང་ལྷ་ཅན་ནོ། །འོད་དཔག་མེད་ནི་ཚིག་མེད་པ། །རྡོ་རྗེའི་འོད་ཟེར་རང་བཞིན་ཅན། །རྡོ་རྗེའི་རང་བཞིན་གྱི་ནི་སྐུ། །རྡོ་རྗེའི་སྐུ་ནི་དེར་ཤེས་བྱ། །མྱུ་གུ་ཅན་ནི་དངོས་པོ་ཀུན། །མཐོང་བ་ཙམ་གྱིས་དགའ་བྱེད་པའོ། །རྣམ་

Vol. 78 · folio 230a

ཤེས་བེམས་པོར་འཆིང་བར་ནི། །རྡོ་རྗེ་རལ་པ་ཅན་འགྲོའོ། །ས་གསུམ་ཟས་ཀྱི་མཆོག་ཏུ་ནི། །དཔའ་བོ་ཆེན་པོའི་བགྲོད་པས་བྱས། །མཁའ་འགྲོ་མ་དང་བཅས་སྡོད་པར། །རྡོ་རྗེ་ཧཱུྃ་མཛད་འགྲོ་བའོ། །ཤིན་ཏུ་བཟང་པོ་ཐོབ་མེད་པ། །འཇིག་རྟེན་འཇིག་

རྟེན་པ་སྤངས་པའོ། །སྐྱེ་འགྲོ་ཀུན་དུ་རང་བྱུང་བ། །རྡོ་རྗེ་བཟང་པོ་དེ་གྲགས་པའོ། །འཇིགས་བྱེད་ཆེན་པོའི་གོ་འཕང་གིས། །ལས་ཀྱི་བག་ཆགས་ཐལ་བས་བསྒོས། །མིག་མི་བཟང་གིས་མ་བལྟས་ཀྱང་། །ཐམས་ཅད་མཚན་ཉིད་མཐོང་བར་འགྱུར། །སྟོབས་པོ་

ཆེ་ནི་སྔགས་ཐམས་ཅད། །རྣམ་པ་གསུམ་གྱི་བདག་ཉིད་དོ། །རིན་ཆེན་རྡོ་རྗེ་སྨྲ་བཅད་ཆེ། །ཟག་མེད་ཁམས་ནི་ཐམས་ཅད་དུའོ། །རྟ་མགྲིན་ས་གཞི་ཆེན་པོ་ལ། །སྲོག་སོན་ཀུན་ལ་སྦྱར་བར་བྱ། །སྲོག་ཀུན་དགང་བར་བྱ་བ་སྟེ། །དེ་ཡིས་ནམ་མཁའི་སྙིང་པོར་བཤད། །

དཔལ་ཧེ་རུ་ཀ་རྟག་ཏུ་སྟོང་། །སྐུ་བཞི་ཡི་ནི་རང་བཞིན་ཅན། །པདྨ་གར་དབང་ཕྱུག་དང་གཟུགས། །གཟུགས་མེད་རྣལ་འབྱོར་དུ་འགྲོ་བའོ། །བདེ་བ་ཆེན་པོས་སྣང་བྱེད་པས། །རྣམ་སྣང་མཛད་དུ་མངོན་པར་བརྗོད། །རྡོ་རྗེ་སེམས་དཔའ་བསྒྱིངས་བྱས་པ། །མཆོག་ཏུ་

བདེ་བར་བརྗོད་པ་ཡིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །ཁམས་ཐམས་ཅད་ཀྱི་ནང་དུའོ། །སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ། །རོ་མྱང་མཚན་ཉིད་ཤེས་པར་བྱ། །ཁམས་འདི་རྣམས་ནི་ཐམས་ཅད་ཀྱི། །ཟད་ཉིད་མཆོག་ཏུ་ངོ་མཚར་ཆེ། །རང་བཞིན་ཁམས་ཀྱི་

གྲངས་རྣམས་ནི། །དུས་ཚོད་དང་ནི་ཀླུ་དང་མདའ། །དེ་རྣམས་རྣལ་འབྱོར་མར་ཡོངས་གྲགས། །བརྒྱུད་པའི་རིམ་པ་ལས་འོངས་པའོ། །ཁམས་ཀྱང་རྣམ་པར་དཔྱད་བཞིན་པས། །ཐམས་ཅད་བདག་ཉིད་ཀྱིས་འབྱུང་མིན། །རྣམ་ཤེས་མ་ཡིན་ཡེ་ཤེས་མིན། །

ཐམས་ཅད་སྟོང་པའོ་ཡོད་པ་མིན། །གསེར་འགྱུར་རྩི་ནི་མ་རིག་པས། །མཆོག་ཏུ་བདེ་བ་རིག་པ་མིན། །རང་གིས་དགོས་པ་བྱེད་པ་ནི། །སྤར་ཤའི་རིགས་ལྷའི་མཚན་ཉིད་དོ། །བརྩོན་འགྲུས་ཆེན་པོར་མངོན་བརྗོད་པའི། །དེ་ཕྱིར་རྣལ་འབྱོར་མ་བསྒོམ་བྱ། །ཁམས་

Vol. 78 · folio 230b

ཐམས་ཅད་དུ་རྒྱས་འདེབས་པ། །རྣལ་འབྱོར་གདན་དུ་ཡང་དག་བྱུང་། །གང་ཞིག་ཀུན་ནས་ཀུན་དུ་ནི། །དེ་ནི་དེ་བཞིན་གཤེགས་པར་མཐོང་། །མཁའ་འགྲོ་དང་ནི་སྡོམ་རྒྱུད་དང་། །ངེས་པར་བརྗོད་པ་ཕྱི་མ་དང་། །ཀུན་སྤྱོད་འབྱུང་བའི་རྒྱུད་རྣམས་སུ། །དངོས་

པོ་ལས་ནི་རབ་ཏུ་བསྟན། །དེ་ཡིས་རྒྱུད་ནི་ཆེན་པོ་འདི། །ཐུབ་པ་སྐྱེས་བུ་མཆོག་གིས་གསུངས། །དུམ་བུ་དུམ་བུར་ཡོངས་གནས་པའི། །ལས་ཆེན་པོ་ནི་དེར་དྲང་བྱ། །ཕྲ་མོའི་བྱ་བ་མངོན་བརྗོད་པ། །ཁམས་རྣམས་ཀྱི་ནི་གནས་ལའོ། །ཇི་ལྟའི་རིམ་པས་

ཁམས་བླང་སྟེ། །ཡོངས་བསྡུས་སྤྱོད་ཡུལ་བར་དུའོ། །ཚིགས་བཅད་ཐོག་མ་སོགས་པས་ཀྱང་། །ཇི་སྲིད་རྫོགས་པའི་སྤྱོད་ཡུལ་དུ། །རྒྱུད་འདི་རྣལ་འབྱོར་གཙོ་བོ་སྟེ། །ལས་རྣམས་རྒྱ་ཆེ་བ་མིན་ནོ། །ཡང་ན་རྣལ་འབྱོར་ཐམས་ཅད་ནི། །ལས་ཀྱི་ཚོགས་སུ་འདོད་པར་

བྱ། །བདག་གི་དེ་ཉིད་རྟག་ཏུ་ལས། །བྱས་པའམ་གལ་ཏེ་མ་བྱས་པའོ། །རྣལ་འབྱོར་རྣམས་ཀྱི་སྦྱོར་མཚན་ཉིད། །རང་བཞིན་ལས་སུ་ཡང་དག་བཤད། །དེ་ལྟར་རྒྱུད་རྣམས་ཐམས་ཅད་དུ། །སྔགས་པས་མཆོག་ཏུ་ཤེས་པར་བྱ། །ཡང་ན་གང་དང་འདྲའི་རྣལ་

འབྱོར། །དེ་དང་འདྲ་བར་ཁམས་གནས་ཏེ། །བཅུད་ཀྱིས་ལེན་གྱི་རྫས་རྣམས་ནི། །སྨན་ཆེན་ཉི་ཤུ་རྩ་བཞི་པོར། །སྦྱར་བྱས་དཔའ་བོ་ཉིད་རྣམས་ཀྱིས། །གྲོལ་བར་བགྲོད་པ་གསུངས་པ་ཡིན། །གསང་བ་མཆོག་ཏུ་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་

བཞུགས། །བཅུ་དྲུག་དེ་རྣམས་རྫས་ཆེན་ཏེ། །བརྒྱད་གཉིས་ཚིགས་བཅད་ཕྱེད་ཀྱིས་སོ། །སྒྲ་དང་གཟུགས་སུ་ཡང་དག་བྱུང་། །འཇིག་རྟེན་གསུམ་དུ་རྙེད་པ་དཀའ། །སྲུབ་དང་བསྲུབ་པའི་ཀུན་སྦྱོར་བའི། །དབུས་མ་བླ་ན་མེད་པའི་གཟུགས། །རིལ་བུ་རྟག་ཏུ་མཆོད་

བྱ་སྟེ། །ཕོ་ཉ་ལྷན་ཅིག་སྐྱེས་བདག་ཉིད། །ཡིད་ནི་ནང་དུ་སོན་པ་ཡིས། །རང་ཁུའི་སངས་རྒྱས་ཐིག་ལེ་ཅན། །སྦྲང་རྩི་ཁྲག་དང་ག་བུར་བཅས། །ཚོགས་ཀྱི་དབུས་སུ་རབ་ཏུ་ཞུགས། །མིང་མེད་མཐེ་བོ་དག་གིས་ཁར། །ཟླ་བའི་བཏུང་བ་མྱང་བར་གྱིས། །བདུད་རྩི་

Vol. 78 · folio 231a

ལྔར་གྱུར་འདི་རྣམས་ཀྱིས། །མཆོད་པ་བཞི་ནི་དེ་བཞིན་བྱ། །ལྷ་དང་མི་རྣམས་བདེ་བ་པས། །བཅུ་དྲུག་ཆ་ཤས་རིན་ཆེའོ། །དེ་ལྟར་ཚིགས་བཅད་འདི་ཀུན་གྱིས། །ཁམས་ལྔ་རབ་ཏུ་བཤད་པར་འགྱུར། །ར་ཡི་ཡི་གེས་ཁྲག་གི་ཁམས། །

ཧཱ་ཡིག་རི་སྐྱེས་སུ་འདོད་དེ། །སྱ་ཡིག་དྲི་ཡི་ལོ་མ་སྟེ། །པ་ཡིག་པགས་པ་རུ་ནི་འདོད། །ར་ཡིག་གྷན་དྷ་ཀར་རབ་བཤད། །མེ་ཡིག་མེ་ཏོག་ཏུ་དྲན་བྱ། །ར་ཡིག་རཱ་བི་ཎ་དེ་བཞིན། །སླར་ཡང་མེ་ཡི་ཡི་གེ་ཤ །ས་ཡིག་ཀུན་ཏུ་རུ་ལས་སྐྱེས། །རྦཱ་ཡི་ཡི་གེ་རྩར་འདོད་དོ། །ཏྨ་

ཡི་ཡི་གེ་སྦུག་སྐྱེས་བཤད། །ན་ཡིག་དྲི་ཡི་མར་ཁུའོ། །ས་ཡི་ཡི་གེ་སོ་ཡི་རྡུལ། །དཱ་ཡི་ཡི་གེ་རྒྱ་མཚོ་སྐྱེས། །སྠི་ཡིག་བ་མོ་དེ་བཞིན་དུ། །ཏ་ཡིག་སྙིང་པོའི་ག་པུར་རོ། །སྒྲ་དང་གཟུགས་སུ་ཡོངས་བྱུང་བ། །ཁྲག་ཁུ་ནོར་བུའི་བར་དག་ཏུའོ། །འཇིག་རྟེན་གསུམ་དུ་

རྙེད་དཀའ་བ། །རང་རིག་པདྨ་ར་སོན་པའོ། །སྲུབ་དང་བསྲུབ་པའི་སྦྱོར་རྣམས་ཀྱིས། །རང་འབྱུང་གིས་ནི་རྣམ་བསྲེས་པའོ། །དབུས་མའི་མཆོག་གི་དབུགས་ཀྱང་ནི། །སྐད་ཅིག་དབུ་མར་བཟུང་བའོ། །རིལ་བུ་རྟག་ཏུ་མཆོད་པ་ནི། །བདུད་རྩི་གསང་བའི་ཆུ་ཡིན་ནོ། །ཕོ་

ཉ་ལྷན་སྐྱེས་བདག་ཉིད་ནི། །དབང་གཉིས་སྦྱོར་ལས་རྩེ་བའོ། །ཡིད་ནི་ནང་དུ་སོང་བ་ནི། །ཁམས་རྣམས་ཀྱང་ནི་ཞུ་བའོ། །རང་ཁུ་ཐིག་ལེ་སངས་རྒྱས་རྣམས། །ཞུ་གང་སྦྱོར་བ་ལས་བྱུང་བའོ། །སྦྲང་རྩི་ཁྲག་དང་ག་བུར་བཅས། །བཅུ་དྲུག་འདོད་མ་ལས་བྱུང་བའོ། །ཚོགས་

དབུས་རབ་ཏུ་བཞུགས་རྣམས་ཀྱིས། །འདི་ཀུན་ལྷན་སྐྱེས་ལ་སྦྱར་བའོ། །མིང་མེད་མཐེ་བོས་ཁར་གཞུག་པ། །སྙོམས་པར་འཇུག་ལས་ཁྲག་བྱུང་བའོ། །ཞི་བའི་བཏུང་བ་མྱང་བ་ནི། །འཕོ་བའི་དུས་ལས་མ་ལུས་གང་། །འདི་རྣམས་བདུད་རྩི་ལྔར་འགྱུར་བ། །འཕོས་

ལས་བྱུང་བའི་མིའི་མར་ཁུ། །མཆོད་བཞི་དེ་བཞིན་བྱ་བ་ནི། །བཞི་མཉམ་ག་བུར་བཅས་པའོ། །ལྷ་དང་མི་རྣམས་བདེ་བ་ནི། །དགའ་བ་ཀུན་ལས་གང་བྱུང་བའོ། །བཅུ་དྲུག་ཆ་ཤས་རིན་ཆེ་བ། །ཐམས་ཅད་བདེ་བའི་རང་བཞིན་ཅན། །དེ་ལྟར་དཔའ་བོ་ཐམས་ཅད་ནི། །

Vol. 78 · folio 231b

ཁམས་ཀྱི་རྫས་རྣམས་སུ་སྦྱར་བྱ། །བཅུད་ལེན་དེ་ལས་བྱུང་བ་སྟེ། །གཙོ་བོ་ཡེ་ཤེས་མེ་རླུང་གིས། །འཛད་པ་དང་ནི་བསད་བྱས་ནས། །འཕོ་བ་དང་ནི་གཟག་དེ་བཞིན། །འཛད་པ་བྱང་ཆུབ་འཛག་པ་སྟེ། །བསད་པ་ཡིས་ཀྱང་འཕོ་མེད་འགྱུར། །འཕོ་བ་རྩ་རྣམས་

ཀུན་དུ་སྟེ། །གཟག་པ་ལྟེ་བའི་པདྨར་རོ། །དེ་རྣམས་བཅིང་བ་བྱས་པ་ཡིས། །ཁམས་ཐམས་ཅད་དུ་གཟག་པར་བྱ། །བསད་པ་དངོས་པོ་གཞོམ་པ་སྟེ། །རྒྱས་པ་འཇིག་རྟེན་ཁམས་རྣམས་སུ། །སྦྱིན་སྲེག་ཆོ་ག་དེར་ཤེས་ནས། །འཁོར་ལོས་སྒྱུར་ཉིད་འཐོབ་

པར་གྱིས། །ཐབ་ཏུ་བདུད་རྩི་བསྲེག་བྱ་སྟེ། །འཇམ་པའི་རྡོ་རྗེ་མངོན་སུམ་དུ། །རྣལ་འབྱོར་ལྡན་པས་མཐོང་བར་འགྱུར། །ས་ཐམས་ཅད་ལ་འཁྱེར་བར་བྱེད། །སྲོག་ནི་གང་གི་ཆོས་ཅན་ཆེ། །ཆོས་ནི་ཀུན་དུ་འགྲོ་བར་འགྱུར། །དེ་ཡི་རང་བཞིན་བརྩོན་ཆེན་མ། །སུམ་

ཅུ་བདུན་བདག་ཉིད་མཆོག་ཏུ། །དཀྱིལ་འཁོར་སྔགས་ལས་དེས་རྫོགས་པ། །ཤེས་རབ་ཐབས་ཀྱི་བདག་ཉིད་མཆོག །ལྷ་མོ་ཆེན་མོ་ཁ་དོག་དཀར། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་མ། །སེམས་ཅན་ཐམས་ཅད་དབང་འགྱུར་དང་། །འཁོར་ལོས་སྒྱུར་བ་འཐོབ་

པར་འགྱུར། །ཨོཾ་ག་ཨི་ར་ནྡྲ་ས་ཛཱ་ཏ་ལ་བཱ་ས་ད་རྦ་པྲ་ས་བཱ་ཏྭཱ་ད་ཏྨ་མ་ནེ་ཧཱ་ཧཱུྃ་མ་ཧཱུྃ་ཏེ་ཕཊ་ཧཱུྃ་ཕཊ་ཧཱུྃ་སྭཱ་ཕཊ་ཧཱ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བིརྱཱ་ཡཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་སྔགས་ཀྱི་དེ་ཉིད་བདག །ལྷ་ཐམས་ཅད་ཀྱིས་བོན་ནོ། །འཁྲུལ་འཁོར་འཁོར་ལོ་དེ་ཚེ་ནི། །རེའུ་མིག་

གཅིག་དམན་ལྔ་བཅུ་སྟེ། །ཁ་ཆེས་ཡང་དག་བྲི་བྱས་ནས། །གསང་སྔགས་ཕྲེང་བ་འདི་དགོད་བྱ། །ལུགས་ལས་བཟློག་པས་གནོད་མཛེས་སྔགས། །ཇི་ལྟའི་རིམ་པས་དགོད་པར་བྱ། །དེ་ཚེ་མི་ཡི་གཟུགས་བྱས་ནས། །སླར་ཡང་ཟླུམ་པོ་སྦྱིན་པར་བྱ། །དེ་ལ་རྩ་

བའི་སྔགས་བྲིས་ནས། །བསྒྲུབ་བྱའི་མིང་ནི་ནང་བཅུག་པའོ། །དབུས་ཀྱི་དུམ་བུ་བསྒྲུབ་བྱ་ནི། །དེ་ཡི་སྔགས་ཀྱི་ནང་བཅུག་པའོ། །གྲོ་ག་སོགས་སུ་སྔགས་པས་བྲི། །ཕྱི་དང་གསང་བར་མཚོན་པར་བྱ། །དེ་ལྟའི་འཁྲུལ་འཁོར་རབ་སྦྱར་བས། །ས་གསུམ་པོ་ལ་

Vol. 78 · folio 232a

བསྒོམ་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་

པོ་ཆེན་པོ་ལས་བརྩོན་འགྲུས་ཆེན་མོའི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་གསང་བའི་བཅུད་ལེན་ལ་སོགས་པ་དང་རྒྱས་པའི་ལས་དཔལ་ཡང་དག་པའི་ཏིང་ངེ་འཛིན་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ཆོ་ག་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དགུ་པའོ།། །།དེ་ནས་

དཔའ་བོ་ཕྱག་རྡོར་སོགས། །སྔགས་པ་ཐམས་ཅད་བཞེངས་རྣམས་ཀྱིས། །བསྟོད་དང་མཆོད་དང་ཕྱག་བཅས་པས། །ཕག་མོ་རབ་ཏུ་སད་པར་བྱེད། །བདག་གི་མ་ཡི་ལྷ་མོ་ཀྱེ། །ལྷ་མོ་ཀུན་གྱིས་རབ་མཆོད་མ། །ཁྱོད་ནི་འདི་རྣམས་ཀུན་གྱི་མ། །ཡེ་ཤེས་སྙིང་

མོ་ཕྱག་འཚལ་འདུད། །སེམས་ཅན་ཀུན་ལ་སྙིང་རྗེ་ཡི། །གཟུགས་སུ་རང་གིས་སྤྲུལ་པ་མོ། །བདག་ལ་ཀུན་དུ་ཐུགས་རྗེ་ཡི། །བཀའ་དྲིན་ཆེན་པོ་མཛད་པར་རིགས། །བདེ་བ་ཆེན་པོ་ཡོངས་བཞུགས་པའི། །བཅོམ་ལྡན་བདག་པོ་ལ་འདྲིའོ། །རྒྱུད་ཐམས་

ཅད་ཀྱི་ལས་ཚོགས་ཀྱི། །སྒྲུབ་པའི་ཐབས་ནི་མི་འཚལ་ཏོ། །གལ་ཏེ་ཇི་སྲིད་རྒྱུད་རྒྱུད་དུ། །ལས་ཐམས་ཅད་ནི་བསྟན་པ་ནི། །རྣམ་དག་ཡེ་ཤེས་ཐོབ་རྣམས་ཀྱི། །དེ་ཚེ་དེར་འདི་ཅི་ཕྱིར་གསུངས། །རྒྱུད་འདི་ཉིད་དུ་འཇུག་འགྱུར་བར། །སྐྱེ་བོ་ཐམས་ཅད་མི་རིགས་

སོ། །སླར་ཡང་བཤད་པ་སྐྱོན་དང་བཅས། །བདག་གིས་མ་ཤེས་ཐེ་ཚོམ་མཆིས། །ཕག་མོ་ཅི་ཡང་མི་གསུང་བས། །བཅོམ་ལྡན་འདས་ཀྱི་ཞལ་ཞུགས་ནས། །དེ་ཡི་ཡེ་ཤེས་སུ་འགྱུར་ཏེ། །དེ་ཡིས་ལེན་ནི་གསུང་བར་མཛད། །བཅོམ་ལྡན་ཆོས་ཀུན་བདག་

ཉིད་ཀྱི། །ཏིང་ངེ་འཛིན་གྱི་ཡིད་དུ་ནི། །བྱས་ནས་གསུང་ནི་རྗོད་བྱེད་པ། །ཕག་མོའི་རིས་ཐམས་ཅད་ཀྱིས་སོ། །ཀྱེ་ཀྱེ་དཔའ་བོ་ཐམས་ཅད་རྣམས། །ཡེ་ཤེས་ཤེས་བྱ་གཉིས་འདྲེས་པའི། །ཁྱེད་ཀྱིས་ཡེ་ཤེས་གང་མཐོང་བ། །དེ་ནི་དེ་དང་དེ་རུ་ཐིམ། །འོན་ཀྱང་

Vol. 78 · folio 232b

སོ་སོར་འཇུག་བྱེད་པ། །སེམས་ཅན་སྣ་ཚོགས་བསམ་པས་སོ། །དབྱེ་བ་མེད་ཉིད་རྒྱུད་ཆེན་པོར། །རྡོ་རྗེ་མཁའ་འགྲོ་སྡོམ་པ་དང་། །གཞན་ཡང་རྣལ་འབྱོར་རྒྱུད་རྣམས་ནི། །འདུས་པ་ལ་སོགས་དོན་ཆེན་པོ། །དེ་རྣམས་ཀྱིས་ནི་རྒྱུད་འདི་ཡི། །སྣ་ཚོགས་དོན་

ནི་མངོན་བརྗོད་པ། །དེ་ཐམས་ཅད་ཀྱིས་ལས་ཀྱི་ཚོགས། །ལྡན་པས་རབ་ཏུ་གསལ་བར་བྱེད། །རྒྱུད་དུ་བརྗོད་བྱ་རྗོད་པ་པོར། །དེ་ཡིས་ཕྲ་མོར་འཇུག་པར་བྱེད། །རེ་རེའི་མཚན་ཉིད་བདག་ཉིད་ཅན། །ཐོད་པའི་དུམ་བུ་ལ་སོགས་ལྡན། །དེ་ལ་རྣམ་པར་ཤེས་པའི་

ཆོས། །ཐོད་པ་ཡི་ནི་དུམ་བུར་བཤད། །སེམས་ཅན་ཀུན་གྱི་ལས་དང་ནི། །ཉོན་མོངས་བདེ་བར་ཤེས་པར་བྱ། །གཞན་དུ་ཀུན་མཁྱེན་རྒྱུད་ལ་ནི། །ཡི་གེ་སྐྱེ་བར་མི་འགྱུར་རོ། །ལོ་གཅིག་གི་ནི་བར་གྱི་ནི། །ཟླ་བ་བཅུ་གཉིས་དེ་ཤེས་བྱ། །དུས་ཚོད་དྲུག་གི་འཁོར་

ལོས་སྒྱུར། །སེམས་ཅན་རྨི་ལམ་ལྟ་བུ་མཆོག །མི་ཤེས་དྲི་མས་བསྒོས་པ་ཡིས། །དེ་རྣམས་ཀྱིས་ནི་བདེ་མི་རིག །ཧཱ་ར་དོ་ལའི་རིམ་པ་ཡིས། །རྣམ་པར་ཤེས་པ་ཤེས་བཞིན་པར། །ཁྲི་ཕྲག་གཉིས་ལ་སྟོང་དང་ནི། །དྲུག་བརྒྱ་ཡིས་ནི་ལྷག་པའོ། །དབུགས་

ཀྱི་ཆུ་ཚོད་དྲུག་ཅུ་ལ། །ཞག་གཅིག་ཏུ་ནི་རབ་ཏུ་གྲགས། །ཧཱ་ར་དོ་ལའི་དབུགས་རྣམས་ཀྱིས། །བསྒྱུར་བས་དོ་ལ་ལ་མཚན་པའོ། །གཉིས་ཀྱི་དབུགས་ནི་བློ་ལྡན་གྱིས། །ཕྱིར་འབྱུང་ནང་འཇུག་ཐིམ་པར་འགྱུར། །རྣལ་འབྱོར་པ་ཡིས་དགོངས་འགྱུར་ཏེ། །ཀུན་

མཁྱེན་ཉིད་དུ་ཉེར་འོང་མིན། །ཕྲ་ཞིང་ཕྲ་བའི་རྣལ་འབྱོར་དུ། །གནས་ནས་ཐམས་ཅད་རྣམ་པར་སྤྱད། །དེ་ཡི་ཨང་ཀ་ཕྱི་རོལ་དུ། །ས་ལ་བཅུ་གཉིས་གཞག་པར་བྱ། །ཇི་ལྟར་ཉི་མའི་དབྱེ་བཤད་པ། །ཡན་ལག་བཅུ་གཉིས་ཀྱང་དེ་བཞིན། །རྒྱུ་སྐར་དང་ནི་གཟའ་

རྣམས་ཀྱི། །འཆར་བ་དུས་ཐམས་ཅད་དུའོ། །རེ་རེ་ཡི་ནི་ཁམས་ཀྱི་ནི། །རང་གི་དུས་སུའང་འཆར་བར་འགྱུར། །དུས་སུ་འཆི་དང་དེ་བཞིན་གཞན། །རིམ་པ་འདི་ཡིས་འཆད་པར་འགྱུར། །དཱ་ཏྟྱཱ་ལ་སོགས་སྦྱོར་ཤེས་པས། །འདི་ནི་སྦྱོར་བ་ཕྱི་མོ་ལའོ། །ཉི་མ་བྱང་དུ་

Vol. 78 · folio 233a

བགྲོད་པ་ཡི། །རྒྱལ་གྱི་ཟླ་བ་སོགས་བརྩམས་ནས། །ཟླ་བ་བཅུ་གཉིས་དེ་ལྟར་དུ། །རིམ་པ་རིམ་པས་གཞག་པར་བྱ། །ཤར་ལ་སོགས་པའི་ཕྱོགས་བརྩམས་ནས། །སྔ་དྲོ་ནས་བརྩི་བློ་ལྡན་གྱིས། །གསུམ་པ་བཅུ་གསུམ་དེ་བཞིན་ཏེ། །བཞི་པ་

ཡང་ནི་བཅུ་བཞི་པ། །ལྔ་པ་བཅྭ་ལྔ་པ་རུ་ནི། །བཤད་པར་བྱ་ཡིས་ད་ལྟ་ཉོན། །འདི་རྣམས་མཉམ་ཞིང་མཉམ་ལྡན་པར། །སྒྲུབ་པོས་མཐུན་པར་བྱ་བ་ཡིན། །དེ་ལ་མ་རིག་འདུ་བྱེད་དང་། །རྣམ་པར་ཤེས་དང་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་

བ་དང་ནི་སྲེད་དེ་བཞིན། །ཉེ་བར་ལེན་དང་སྲིད་པ་དང་། །སྐྱེ་བ་དང་ནི་རྒ་ཤིའོ། །དེ་བཞིན་རོ་ཧི་ཏ་སོགས་ཀྱིས། །ཆུ་སྲིན་ལ་སོགས་རཱ་སི་རྣམས། །བཅུ་གཉིས་ཉིད་དུ་འདོད་པར་བྱ། །ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །གཉིས་པར་མོ་ཧི་ཏ་བུམ་

པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །གསུམ་པར་བཟང་པོ་དང་ནི་ཉ། །རྣམ་པར་ཤེས་པར་དེ་རིག་བྱ། །བཞི་པར་ཁྱུ་མཆོག་དང་ནི་ལུག །མིང་དང་གཟུགས་སུ་འདོད་པར་བྱ། །ལྔ་པ་རུ་ནི་རུས་སྦལ་ཏེ། །བྲི་ཥ་སྐྱེ་མཆེད་དྲུག་ཆོག་གོ། །དྲུག་པར་ཆུ་སྲིན་དང་འཁྲིག་

པ། །རྟག་ཏུ་རེག་པ་རུ་ནི་འགྲོ། །བདུན་པར་རཎྜ་ཀ། །དེ་བཞིན་དུ་ནི་ཚོར་བ་མཆོག །བརྒྱད་པར་མི་ཀི་ར་སེང་གེ། །མཆོག་ཏུ་མཐུན་མ་སྲེད་པའོ། །དགུ་པར་བི་དྲི་དང་བུ་མོ། །ཉེ་བར་ལེན་པ་རུ་ནི་འདོད། །བཅུ་པར་སེམས་གཡེངས་པ་དང་སྲང་། །སྲིད་པ་རུ་ནི་རབ་ཏུ་

བརྗོད། །བཅུ་གཅིག་པ་རུ་རྨི་ལམ་དང་། །བྲི་ཀ་དང་སྐྱེ་དེ་བཞིན། །བཅུ་གཉིས་པ་རུ་སའི་དབང་ཕྱུག །གཞུ་དང་རྒས་ཤིང་ཤི་བའོ། །དེ་ལྟར་སའི་དབང་ཕྱུག་སོགས་དང་། །རྨི་ལམ་ལ་སོགས་དེ་བཞིན་གཞན། །གཡེང་སོགས་བྷི་དྲི་ཀ་ལ་སོགས། །དེ་བཞིན་མི་ཀི་

ར་སོགས་དང་། །རཎྜ་སོགས་དང་ཆུ་སྲིན་སོགས། །རུས་སྦལ་སོགས་དང་ཁྱུ་མཆོག་སོགས། །བཟང་པོ་སོགས་དང་རྨོངས་པ་སོགས། །དེ་ཕྱིར་ཟླ་བ་རྣམས་བཅུ་གཉིས། །འདི་རྣམས་ཉི་མར་གང་སྐྱེས་པ། །དེ་ཡི་མཚན་ཉིད་དུ་ནི་འདོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་

Vol. 78 · folio 233b

དུ། །ཚད་པའི་ཤིང་དུ་མཚོན་པར་བྱ། །མིག་ཕྱེ་བཙུམས་པར་སོན་པས་ཀྱང་། །ཤིན་ཏུ་ཕྲ་བའི་དུས་ལས་སོ། །གལ་ཏེ་སེམས་ནི་ཏིང་འཛིན་གནས། །རིམ་གྱིས་ས་བཅུ་གཉིས་པར་རོ། །ཡང་ན་ཏིང་འཛིན་མི་གནས་པ། །བར་མ་ཡི་ནི་འགྲོ་བར་འདོད། །དམན་པས་

དམྱལ་བ་ལ་སོགས་པའི། །སྐྱེ་བོ་ཐམས་ཅད་འགྲོ་བའོ། །འདྲེན་མ་རྣམས་ཀྱི་བདེ་སྡུག་བསྔལ། །ལས་ཀྱིས་ཀུན་དུ་ལོངས་སྤྱོད་དོ། །གཉིས་སུ་མེད་པའི་དུས་ཅན་གྱིས། །ཐམས་ཅད་རང་བཞིན་ས་ལ་སྐྱེ། །དེ་ལྟ་ཡིན་ཀྱང་དེར་སྐྱེས་པའི། །རང་གི་ལས་ཀྱིས་འབྲས་

བུ་ཟ། །དེ་ལྟར་རྣམ་པར་གཟུང་ཙམ་གྱིས། །ཐོད་པའི་དུམ་བུའི་རྣལ་འབྱོར་ལྡན། །སྔོན་དུ་བཤད་པའི་རིགས་པ་ཡིས། །ཁམས་ཀྱི་དབུས་སུ་འབབ་པའོ། །རླུང་གི་ཀུན་སྤྱོད་དུས་སུ་ནི། །རྣལ་འབྱོར་པ་ནི་སྐྱེ་བར་འགྱུར། །ཉི་མ་དགུ་དང་ཟླ་བ་དང་། །ལོ་ན་མཁས་

པས་འཆི་ཤེས་བྱ། །དེ་ལ་རྒྱལ་སྲིད་རྩོམ་པར་འགྱུར། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །རོ་ཧི་ཏ་ཡི་ཉ་མ་སྐྱེས། །ས་ཡི་དབང་ཕྱུག་ལ་འཆི་འགྱུར། །ས་ཡི་ཀུན་སྤྱོད་དུས་སྐྱེས་པ། །ཉི་མ་བརྒྱད་དང་ཟླ་བ་དང་། །ལོ་གཅིག་ན་ནི་མ་ཤི་ན། །བྱང་ཆུབ་སེམས་དཔར་ཐེ་ཚོམ་མེད། །

རྨི་ལམ་ཀུན་སྤྱོད་དུས་སུ་ནི། །དཔའ་ཞིང་རྟུལ་ཕོད་ཕ་རོལ་གནོན། །བསོད་ནམས་དང་ནི་སྡིག་ཉིད་འདྲེས། །ལྔ་བཅུ་རྩ་བཞི་ན་འཆིའོ། །སེམས་གཡེང་བ་ལ་དགྲ་ཡིས་གསོད། །དེ་ཡི་ཉི་མར་སྐྱེས་པ་པོ། །དྲུག་ཅུ་རྩ་བཞིའོ་ཟླ་བཅུ་ན། །གལ་ཏེ་ཤི་བར་མ་གྱུར་ན། །དེ་ནི་

འབྱོར་ཆུང་ཕྱི་ནས་ནི། །ཕུན་སུམ་ཚོགས་པར་འགྱུར་བ་སྟེ། །བྷི་ཏྲིའི་ཉིན་མོ་འཆི་བ་ཡིན། །དེའི་ཚེའི་ཉི་མ་ལ་སྐྱེས་པ། །ལྔ་པ་གཉིས་དང་གསུམ་གཅིག་གི། །ལོ་ན་ཤི་བར་མ་གྱུར་ན། །དེ་ལ་འདོད་དོན་ཀུན་དམན་ཞིང་། །ཕ་དང་མ་ནི་གསོད་པ་སྟེ། །དཀའ་ཐུབ་དང་ནི་འདྲེས་

པ་ཡིས། །མི་ཀི་ར་ལ་རང་ཁྱིམ་འཆི། །གང་ཞིག་དེ་ཉིན་འདིར་སྐྱེས་པ། །གཉིས་ལྔ་གསུམ་དགུའི་ལོ་ན་ནི། །དེ་ལྟར་གལ་ཏེ་མ་ཤི་ན། །དེ་ནི་ཐམས་ཅད་མཁྱེན་པ་མཉམ། །ཡུགས་ས་མོ་ལ་ཆུར་འཆིའོ། །གང་ཞིག་དེའི་ཚེ་ཉི་མར་སྐྱེས། །གཉིས་དང་གསུམ་གྱི་ལོ་ན་

Vol. 78 · folio 234a

ནི། །མ་ཤི་ན་ནི་བློ་ལྡན་ཏེ། །སྡིག་པ་བྱེད་པོ་ནད་དང་ལྡན། །མི་དང་མི་མོ་རྣམས་སྐལ་བཟང་། །ཆུ་སྲིན་ལ་འཆི་དེ་ཉིད་ལ། །སྐྱེས་པ་བཅུ་ལྔ་གསུམ་ལྔ་ཡི། །ཉི་མ་ཟླ་བ་ལོ་རྣམས་ལ། །མ་ཤི་ན་ནི་མདོར་ན་ཡང་། །ཡོན་ཏན་ཐམས་ཅད་ཡོངས་རྫོགས་ཏེ། །མཐའ་

སྐྱོང་བ་ཡི་རྒྱལ་པོར་འགྲོ། །རུས་སྦལ་དང་ནི་འཁྲིག་པར་འཆི། །དེའི་ཚེ་ཉི་མ་ལ་སྐྱེས་པ། །གཉིས་བརྒྱད་དགུ་ཡི་ལོ་ན་འཆི། །དེ་ནི་ཤི་བར་མ་གྱུར་ན། །ཐ་མལ་སེམས་ཅན་དུ་ཤེས་བྱ། །དམན་དང་གཙོ་བོར་འགྲོ་བའོ། །ཁྱུ་མཆོག་ལ་ནི་རང་ཁྱིམ་འཆི། །དེ་ཡི་ཉི་མ་ལ་སྐྱེས་

པ། །གཉིས་དང་བརྒྱད་དང་དགུ་ཡི་ནི། །ལོ་ན་མཁས་པས་མ་ཤི་ན། །དབང་ཕྱུག་ཐམས་ཅད་ཕུན་ཚོགས་ཤིང་། །ཁྲོ་སོགས་དང་ནི་ལྟ་བ་ངན། །བཟང་པོ་ལ་ནི་བསད་ནས་འཆི། །དེ་ཉིད་ཉི་མ་ལ་སྐྱེས་པ། །ལྔ་དང་དགུ་དང་བཅུ་ན་ནི། །སྐྱེ་བོ་འདིར་ནི་མ་ཤི་ན། །ཕོངས་

ཤིང་ཆོས་ནི་ཕུན་སུམ་ཚོགས། །ཐམས་ཅད་ཀྱིས་ནི་བརྒྱན་པ་སྟེ། །གཏི་མུག་ལ་ནི་ཆུར་འཕོའོ། །དེ་ཡི་ཉི་མ་ལ་སྐྱེས་པ། །གཉིས་དགུའི་ཟླ་བ་དང་པོ་ལ། །གལ་ཏེ་དེ་ཚེ་མ་ཤི་ན། །ཐམས་ཅད་དམན་ཞིང་དམྱལ་བར་ཏེ། །བསམ་ངན་སྡིག་པའི་བདག་ཉིད་ཅན། །རྐུན་མོ་ལ་

སོགས་པས་བསད་ནས། །རོ་ཧི་ཏ་ཡི་ཉི་མར་འཆི། །དེ་ལྟར་མདོར་བསྡུས་ཤེས་བྱ་སྟེ། །གལ་ཏེ་ཏིང་འཛིན་མ་ཐོབ་ནའོ། །སྐྱེ་རྣམས་མངོན་སུམ་བྱེད་པ་ཡི། །ལས་རྣམས་གཞན་དུ་འཐོབ་པ་ཡིན། །དེ་ཉིད་ཉེ་བར་གང་ཞིག་ན། །དེ་ནི་ལེགས་པར་བསྲུང་བྱ་སྟེ། །བཤད་པའི་

རིམ་པའི་ཉི་མ་ལ། །འགྲོལ་བར་འདི་ལ་ཐེ་ཚོམ་མེད། །ཐོད་པའི་དུམ་བུ་རང་ཉིད་ནི། །འདི་རྣམས་ཤིས་བྱེད་བསྒོམ་པར་བྱ། །མཁའ་འགྲོར་བགྲོད་པའི་གང་ཞིག་རྩ། །དེའི་དབུས་བདག་ཉིད་སྤྱོད་པར་བྱེད། །དེ་ནི་སྒོ་ངའི་རིགས་ཤེས་བྱ། །གཏོར་བ་བསྐྱོད་པས་བསྲུང་བར་

བྱ། །རྣལ་འབྱོར་པ་ལུས་འཛིན་པར་འགྱུར། །འདིར་ནི་མཐེའུ་ཆུང་བསྐྱོད་པར་བྱ། །རྐང་མཐིལ་དང་ནི་སྤྱི་བོའི་སྒོ། །མཚམས་རྣམས་ཀུན་དུ་བསྲུང་བར་བྱ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཁམས་རྣམས་ལ་ནི་ཐིམ་པར་བྱ། །རྣམ་པར་ཤེས་པ་མི་གཡོ་སྟེ། །ཐམས་ཅད་

Vol. 78 · folio 234b

དེའི་རང་བཞིན་དུ་བྱ། །མགོ་བོའི་དབུས་ལས་ངེས་པར་ཡང་། །འོག་ཏུ་ཁ་བལྟས་འབབ་འགྱུར་འགྲོ། །དེའི་དབུས་ཕྱོགས་སུ་ཕུན་ཚོགས་པ། །རྣལ་འབྱོར་པ་དེ་སྲིད་མཐར་འགྲོ། །ཨ་བ་དྷཱུ་ཏཱི་དུས་གྲངས་སུ། །ཇི་ལྟར་གསལ་བར་བཤད་པར་འགྱུར། །ཟླ་ཕྱེད་ལོ་གསུམ་

ཤེས་བྱ་བ། །སྐྱེ་བོའི་དུས་སུ་འཆི་བ་ཡིན། །ལོ་བརྒྱ་རྣམས་ཀྱི་གང་ཞིག་ཚད། །དེ་རྣམས་དབུས་སུ་བརྟག་པར་བྱ། །རོ་མ་རྐྱང་མ་གཉིས་དག་གིའང་། །སྐྱེ་བའི་ཟླ་བ་ཉིད་མཚོན་བྱ། །ཟླ་བ་ཟླ་བར་འཇོམས་འགྱུར་བ། །ཉི་ཤུ་རྩ་བཞིའི་ཆ་ཅན་ནོ། །དབུགས་ནི་གཅིག་

གི་གྲངས་ཀྱང་ནི། །དེ་ཕྱིར་ལོ་གཉིས་ལས་གཉིས་འགྱུར། །སུམ་འགྱུར་སོགས་པས་ཐམས་ཅད་རྣམས། །དེ་ནས་ཉི་ཤུ་རྩ་བཞིའི་འགྱུར། །མཁའ་བུག་མིག་ཏུ་ཤེས་པར་བྱ། །ཕྱི་ནས་ཆུ་ཚོད་རྣམས་སུ་འགྲོ། །ལོ་ནི་བཅུ་གཉིས་བར་དུ་ནི། །ལྔ་ལྔ་ཡི་ཡང་ཆུ་ཚོད་དོ། །

དྲུག་ཅུའི་ལོ་ནས་ཉི་མ་འཕེལ། །སུམ་ཅུ་རྩ་བདུན་ཟླ་ཕྱེད་གསུམ། །ལྔ་ལྔ་རུ་ནི་འཕེལ་བ་རྣམས། །ཉིན་མོའི་ཆུ་ཚོད་ཨང་ཀ་བྱ། །སྐྱེ་བོ་ཀུན་གྱི་འཆི་བ་ནི། །ཟླ་ཕྱེད་གསུམ་དང་ལོ་ན་ཤེས། །ཉི་ཤུ་རྩ་བཞིའི་ལོ་རྣམས་ཀྱིས། །གང་ཕྱིར་མི་རྣམས་དཔྱོད་ལྡན་འགྲོ། །ས་ཡི་

ཁྱིམ་དུ་ཞུགས་ནས་ནི། །ཡིད་ཀྱིས་འཆི་བ་བླུ་བ་སྟེ། །དཔལ་ཧེ་རུ་ཀ་གནས་ཞུགས་པའི། །ཐོད་པའི་དུམ་བུ་བསམ་པར་བྱ། །བགྲང་བའི་རིམ་པའི་རྣལ་འབྱོར་གྱིས། །ཉིན་ཞག་ཆུ་ཚོད་མཚོན་པར་བྱ། །ཇི་ལྟའི་དུས་སུ་མཚན་པ་ཡིས། །རིམ་གྱིས་རིམ་གྱིས་བྱ་བ་ཡིན། །

བྱང་དུ་བགྲོད་པའི་དུས་ཚོད་དུ། །ལྷ་མོ་རྒྱལ་སོགས་རིམ་པའོ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་བཞི། །མཁས་པས་ཉི་མའི་ཆུ་ཚོད་དོ། །མཉམ་པའི་དུས་སུ་ཤེས་བྱ་བ། །རང་གི་དུས་སྦྱོར་དུ་འཆད་འགྱུར། །བཅུ་པོ་གསུམ་དང་དྲུག་པོ་སྟེ། །མཚན་མོའི་ཆུ་ཚོད་རྩོམ་

པར་བྱེད། །བརྒྱ་ལ་དུས་ཀྱི་བྱེ་བྲག་གིས། །དེ་ཡི་དབུས་ལས་ཤེས་པར་བྱ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །ཉིན་རྣམས་ཆུ་ཚོད་ཨང་ཀ་བྱ། །བཅུ་ལ་གསུམ་གྱིས་བསྒྱུར་དང་བཞི། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །བཅུ་ལ་གཉིས་ཀྱིས་བསྒྱུར་དང་བརྒྱད། །ཉི་མ་

Vol. 78 · folio 235a

རྣམས་ཀྱི་ཆུ་ཚོད་བཞིན། །བཅུ་ལ་གསུམ་བསྒྱུར་གཉིས་གཅིག་པུ། །མཚན་མོའི་ཆུ་ཚོད་དུ་ནི་བརྟག །མཉམ་དུས་དབུས་སུ་གཉིས་སྦྱར་ནས། །སུམ་ཅུ་གཅིག་པུར་རབ་ཏུ་བརྟག །སུམ་ཅུ་རྣམ་པ་གཉིས་རྣམས་ཀྱིས། །ཉིན་རེ་དག་གི་ཆུ་ཚོད་འབྱེད། །བཅུ་

པོ་རྣམ་གསུམ་གཉིས་གཅིག་པུ། །ཉིན་མོ་རྣམས་ཀྱི་ཉི་མར་བརྟག །བཅུ་པོ་གཉིས་རྣམས་དང་ནི་བརྒྱད། །མཚན་མོ་ཡི་ནི་ཨང་ཀ་བྱ། །བཅུ་པོ་རྣམ་གསུམ་ཨང་ཀ་ལ། །བཞི་དང་ཡང་དག་ལྡན་པའོ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །མཚན་མོའི་ཆུ་ཚོད་ཨང་ཀ་

བྱ། །བཅུ་ལ་གསུམ་གྱིས་བསྒྱུར་དང་དྲུག །ཉིན་དག་ཡེ་ཤེས་ཅན་གྱིའང་ཉིན། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་བཞི། །རྡུལ་ཅན་རྣམས་ཀྱི་ཆུ་ཚོད་གྲགས། །ལྷོ་རུ་བགྲོད་པར་རབ་བཤད་དེ། །ནམ་ཟླའི་དུས་ཀྱིས་ཤེས་པར་འགྱུར། །བཅུ་ལ་གསུམ་གྱིས་བསྒྱུར་དང་བཞི། །

ཉིན་ཕྱེད་ཆུ་ཚོད་ཡོངས་སུ་བཤད། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །མཚན་མོའི་དེ་བཞིན་མཚོན་པར་བྱ། །བཅུ་ལ་གསུམ་བསྒྱུར་གཉིས་གཅིག་པུ། །ཉིན་རྣམས་ཆུ་ཚོད་དེ་བཞིན་ནོ། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་དྲུག །མཚན་མོའི་ཆུ་ཚོད་དུ་ནི་གྲགས། །

བཅུ་ལ་གསུམ་བསྒྱུར་པས་མཚོན་པ། །མཉམ་སོགས་ཆུ་ཚོད་དེ་བཞིན་ཏེ། །བཅུ་ལ་གསུམ་བསྒྱུར་མཚན་རྣམས་ཀྱི། །བི་ཤུའི་དབུས་སུ་གཉིས་དེ་བཞིན། །བཅུ་ལ་གཉིས་ཀྱིས་བསྒྱུར་དང་བརྒྱད། །ཉིན་རྣམས་ཀྱི་ནི་ཉིན་མོར་སེམས། །བཅུ་པོ་སུམ་འགྱུར་གཉིས་གཅིག་

པུ། །རྡུལ་ཅན་ཆུ་ཚོད་དུ་བརྟགས་སོ། །བཅུ་པོ་གཉིས་འགྱུར་དང་ནི་དྲུག །ཉིན་རྣམས་ཆུ་ཚོད་རིམ་པས་སོ། །བཅུ་པོ་སུམ་འགྱུར་དང་ནི་བཞི། །རྡུལ་ཅན་ཆུ་ཚོད་རྣམས་དེ་བཞིན། །སུམ་བརྒྱ་དེ་བཞིན་དྲུག་ཅུ་ནི། །ཆུ་ཚོད་རྣམས་ཀྱི་དབུགས་བཀང་ངོ་། །ཆུ་ཚོད་གྲངས་ནི་

དྲུག་ཅུ་ནི། །ཞག་གཅིག་ཏུ་ནི་རྣམ་པར་བརྗོད། །ཟླ་རྣམས་རིམ་པ་ཇི་ལྟ་བས། །དེ་བཞིན་རིམ་རྣམས་ཀྱིས་མཚན་ནོ། །ཆུ་ཚོད་དབུགས་སོགས་ཡོངས་རྫོགས་པ། །རིམ་པས་འཕེལ་དང་འཆད་པ་སྟེ། །ལས་དང་ལས་མིན་ཁྱད་པར་གྱིས། །དབུགས་ནི་རིམ་པས་ཡོངས་

Vol. 78 · folio 235b

སུ་གཟུང་། །དེ་ལྟར་མཁའ་མཁའ་རོ་དེ་བཞིན། །ཟླ་མིག་ཆུ་ཚོད་དེ་བཞིན་དུ། །ལོ་གཅིག་གིར་ནི་ཤེས་པར་བྱ། །ཞག་རྣམས་ཆུ་ཚོད་མཚོན་པས་སོ། །དེ་ལྟར་བྱས་པས་རྣལ་འབྱོར་པ། །དུས་ཀྱི་འཆི་བ་བླུ་བར་འགྱུར། །ལྟེ་བའི་དབུས་སུ་པདྨ་ཆེ། །ཇི་ལྟར་རྡོ་རྗེ་ཕག་མོའོ། །

མཚམས་ཀུན་སོན་པའི་པདྨ་ལ། །བ་མོ་དང་འདྲ་འཛག་པར་བྱ། །ལྟེ་བའི་དབུས་མཐའ་བཅུ་གཉིས་སུ། །འགྲོ་བ་འོང་བ་བྱེད་པ་ཉིད། །སྲོག་གི་ཐིག་ལེ་དེ་བགྲོད་པའང་། །མཚམས་ཀུན་དུ་ནི་འབབ་པ་ཅན། །བློ་ལྡན་ལོ་གཅིག་སྦྱོར་བ་ཡིས། །དེ་ཉིད་དུ་ནི་ཐིམ་པར་བྱ། །

ཏིལ་མར་མེ་ནི་འབར་བ་ཡི། །གཟུགས་ཅན་ཁ་ནི་འོག་ཏུ་བལྟས། །ཆུ་ཤིང་མེ་ཏོག་དང་འདྲ་བ། །མཁས་པ་ཡིས་ནི་འཕྱང་བཞིན་པའོ། །ལྟེ་བར་ཨ་ཡི་རྣམ་པའི་གཟུགས། །ཐུང་ངུ་རིང་པོ་འཕར་མའི་བདག །ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་གཟུགས། །དབྱངས་དང་

ཕྱི་མོ་གཉིས་མེད་གནས། །བསྒོམ་དང་སྒྲུབ་པ་མོ་བཤད་པ། །རྟུལ་པོ་བར་མ་རྣོན་པོ་དང་། །ལྷག་པར་རྣོ་དང་ཤིན་ལྷག་རྣོ། །ཐམས་ཅད་དེ་རྣམས་སུ་བརྟགས་སོ། །གང་ཕྱིར་རང་བདག་ཉིད་ཀྱིས་བསྒྲུབ། །དེ་ཕྱིར་གཞན་གྱིས་ཀྱང་བསྒྲུབ་བྱ། །ནུས་མཐུ་འཇིག་རྟེན་

འདི་ཉིད་ལ། །སྐྱེ་བོ་ཀུན་ལ་ཡིད་ཆེས་བྱེད། །ཕྱི་ནས་གདུལ་བྱར་འགྲོ་བ་ཡིན། །རང་གཞན་དོན་གྱིས་སེམས་བརླན་པས། །དབྱངས་བཅུ་གཉིས་ནི་ཐོབ་བྱས་ནས། །དགེ་དང་མི་དགེ་བཤད་པར་བྱ། །འཁོར་ལོ་བཅུ་གཉིས་རྣམས་སུ་ནི། །དབྱངས་ཀྱི་བདག་པོ་མཚོན་

པར་བྱ། །ཨ་ཡིག་གིས་ནི་ཡེ་ཤེས་དང་། །མཁས་པ་ཆོས་དོན་ཐམས་ཅད་འཐོབ། །ཨཱ་ཡི་ཡི་གེས་འཚིར་བ་དང་། །རྒས་དང་འཆི་བར་རྣམ་ངེས་བཤད། །སྲིད་པའི་འཇིགས་པ་མ་ལུས་པ། །མཐོང་འགྱུར་ལམ་ལས་ཉམས་པར་འགྱུར། །ཨི་ཡི་ཡི་གེ་ཡོངས་

ཐོབ་པས། །ས་ཡི་དབང་ཕྱུག་ཏུ་ནི་འགྲོ། །ཨཱི་ཡི་ཡི་གེ་ཡང་དག་འཐོབ། །མྱུར་བ་ཉིད་དུ་འཆི་བར་འགྱུར། །ཨུ་ཡི་ཡི་གེ་ཐོབ་པ་ཡིས། །སྐྱེ་བ་དྲན་པར་འགྱུར་འགྲོ་བའོ། །ཨཱུ་ཡི་ཡི་གེ་གལ་ཏེ་འཐོབ། །ཡུལ་ལ་ཞེན་པ་ཅན་དུ་འགྲོ། །ཨི་ཡི་ཡི་གེ་ཡང་དག་འཐོབ། །

Vol. 78 · folio 236a

བྱང་ཆུབ་སེམས་དཔའ་ཉིད་དུ་འགྲོ། །ཨཻ་ཡི་ཡི་གེ་སེམས་རྨོངས་ཞིང་། །འགྲོ་བ་དྲུག་སོགས་འཇིགས་པར་འགྱུར། །ཨོ་ཡིག་ཕ་རོལ་ཕྱིན་པ་ཡི། །དེར་ནི་ས་འཐོབ་རྣམ་དེས་སྟོན། །ཨཽ་ཡི་ཨང་ཀ་ཐོབ་པ་ཡིས། །དམ་ཚིག་ཉམས་པར་འགྲོ་བ་

ཡིན། །ཨཾ་ཡིག་བྱང་ཆུབ་སེམས་དཔའ་རྣམས། །མཐོང་བས་སྐད་ཅིག་ལ་གྲོལ་འགྱུར། །ཨཿཡིག་ཡང་དག་ཐོབ་པ་ཡིས། །ཕུང་པོ་ཁམས་ལ་ཐེ་ཚོམ་ཟ། །དེ་ལ་སོགས་པ་མ་ལུས་པ། །མ་གསུངས་ཀྱང་ནི་བསྒྲུབ་པར་བྱ། །བླ་མ་བསྟན་བཅོས་རང་ཉིད་དེ། །རྣམ་

གསུམ་ཆོས་ཀྱིས་ཡིད་ཆེས་བྱ། །ཞེས་བྱ་བ་ནི་ཐོད་པའི་དུམ་བུ་ཅན་གྱི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་སྒྲུབ་པའི་ཐབས་དང་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་མིང་ཅན་ཏེ་ཐོག་མའི་ཚིག་གོ། །རབ་ཏུ་བྱེད་པ་དང་པོའོ།། །།དེ་ནས་ཀེང་རུས་ཆེན་པོ་ཡི། །མཚན་ཉིད་

བདག་གིས་བཤད་བྱ་སྟེ། །བོང་འདྲའི་རྣལ་འབྱོར་བདག་ཉིད་ཀྱིས། །ཡིད་ཀྱི་ཤུགས་ནི་འཇུག་མེད་བྱ། །ཁམས་མཉམ་པ་ཡི་རི་བོ་ནི། །སྤྱི་བོའི་གནས་སུ་བསྒོམས་པ་ཉིད། །པད་སྣལ་སྐུད་པ་ཁ་འོག་བལྟས། །གློག་ནི་ཀུན་དུ་འགྲོ་བ་མོ། །དེ་ཡི་དབུས་སུ་དཔའ་མོ་ཆེ། །

བོང་བུའི་དབྱིབས་ཅན་བསྒོམ་པར་བྱ། །དཀྱིལ་འཁོར་ཐམས་ཅད་ཡང་དག་རྫོགས། །མཆོད་པ་ཆེན་པོ་བསམ་པར་བྱ། །དེ་ཡི་དབུས་སུ་དཔའ་ཆེན་པོ། །ཀེང་རུས་ཆེན་པོའི་སྦྱོར་བས་སོ། །སྐུད་པ་རྣམས་ཀྱིས་ལྟེ་དབུས་སུ། །སྲུབ་དང་བསྲུབ་པའི་སྦྱོར་བ་དག་ཉིད། །ཧཱ་ཡིག་

རྣམ་པ་ཡི་ནི་གཟུགས། །མགོ་ལས་སྐུད་པ་གཅིག་པོ་སྟེ། །མེ་ལོང་རྣམ་པའི་སེམས་ཀྱིས་ནི། །ཐོད་པའི་དབུས་སུ་ངལ་བསོ་བྱ། །བུམ་པའི་བདུད་རྩིའི་རྒྱུན་རྣམས་ཀྱིས། །ཁུང་བུའི་དབུས་སུའང་འཛག་པར་འགྱུར། །ཐིམ་དང་ལོངས་སྤྱོད་སོགས་དངོས་པོས། །སེམས་

ཀྱི་བགྲོད་པ་བསྟན་པར་བྱ། །ཁུང་དེར་བོང་བུའི་རྣལ་འབྱོར་གྱིས། །སྐྱེ་བ་བདུན་ཡང་མཐོང་བར་འགྱུར། །མ་ལས་བྱུང་བའི་དབྱིབས་གསུམ་དང་། །ཕ་ལས་བྱུང་བ་གསུམ་དེ་བཞིན། །ཁམས་ཐམས་ཅད་དང་བདུན་པོ་དེ། །རྣལ་འབྱོར་བསྒོམས་པས་མཐོང་བར་འགྱུར། །

Vol. 78 · folio 236b

བདེ་བའི་རང་བཞིན་ཁམས་ཀུན་གྱིས། །ཀེང་རུས་ཆེན་པོ་ཡང་དག་བྱུང་། །ལཱ་མ་ལ་སོགས་བསྒོམས་པ་ཡིས། །དེ་ལ་གནས་པའི་གཟུགས་མཐོང་འགྱུར། །བོང་བུའི་རྣམ་པའི་རྣལ་འབྱོར་དུ། །ཁྲག་གི་ཞལ་ཅན་རྩེ་གསུམ་ཅན། །ཚེ་སོན་པ་ཡང་རྣམ་པར་

ཤེས། །ཚེ་རིང་བ་ཡང་མཐོང་བར་འགྱུར། །སྔ་མར་གླང་པོ་ཆེ་སོགས་པ། །དཔའ་རང་བདག་ཉིད་ཀྱིས་དེ་མཐོང་། །ཆེན་པོའི་རྩ་རྣམས་ཐམས་ཅད་དུ། །ཀེང་རུས་སྲོག་ནི་ཡོངས་འགྲོ་བྱ། །དེ་བསྐྱོད་བོང་བུ་ཤེས་བྱ་སྟེ། །སྣ་ཚོགས་རང་བཞིན་དེ་མཐོང་འགྱུར། །

སཱ་ལུ་ལ་སོགས་བཟའ་བའི་དངོས། །དེ་དང་འདྲ་བར་དངོས་པོ་ཀུན། །མཐོང་སྟེ་དེ་ན་ཡོད་པ་མིན། །ཁམས་ཐམས་ཅད་ཀྱང་འཁྲུལ་པའོ། །ཇི་ལྟར་སྐྱེས་བུར་དུས་རྣམས་ཀྱིས། །གླང་ཆེན་ཁམས་ཀྱིས་ཤེས་པར་བྱ། །དེ་བཞིན་ཀེང་རུས་ཆེ་རྣམས་ཀྱིས། །སཱ་ལི་

ལ་སོགས་ཁམས་རྐྱེན་གྱིས། །རང་བཞིན་འཇིག་རྟེན་པ་དམིགས་པས། །རང་བདག་ཉིད་ཀྱི་གཟུགས་དེ་མཐོང་། །རྣམ་པ་སྣ་ཚོགས་རིགས་དེ་རྣམས། །རྣལ་འབྱོར་འཛིན་རྣམས་ཀྱིས་ཤེས་བྱ། །མ་རིག་སོགས་ཉིན་སོ་སོ་ལ། །དེ་རྣམས་ཀྱིས་ནི་ནད་དུ་གྲགས། །

རིམས་ལ་སོགས་པའི་ནད་ཙམ་གྱིས། །ནད་ཆེན་རྣམ་པར་མཚོན་པར་བྱ། །དེ་ལ་མ་རིག་ཉི་མའི་ནད། །ལེགས་པ་རྣམས་ཀྱིས་དེ་བསྲུང་བྱ། །འཕོ་བ་བཅྭ་ལྔ་པ་ལ་ནི། །འཆི་འམ་ལས་ནི་དགེ་མི་དགེ། །ཡེ་ཤེས་མེ་ཡི་བདག་ཉིད་ཆེས། །ནུབ་ལྔ་རྣམས་ན་གྲོལ་བར་འགྱུར། །

རྒ་ཤི་ཡི་ནི་དུས་སུ་ནི། །འཕོ་བ་གསུམ་ན་འཆི་བ་སྟེ། །ཡང་ན་དགེ་དང་མི་དགེ་བའི། །ལས་ཀྱི་བག་ཆགས་མཐོང་བར་འགྱུར། །རང་རིག་བདེ་བ་གཟུང་བ་ཡིས། །ནུབ་བདུན་ན་ནི་གྲོལ་བར་འགྱུར། །སྐྱེ་བའི་ཉི་མའི་འཆི་བ་ནི། །འཕོ་བ་གསུམ་པ་ན་ཡང་སྟེ། །ལས་

ནི་དགེ་མི་དགེར་འགྲོ་བ། །ནུབ་བདུན་ན་ནི་གྲོལ་བར་འགྱུར། །སྲིད་པ་ཡི་ནི་འཕོ་གསུམ་ནི། །འཆི་བར་འགྱུར་རོ་མཚན་མོ་ནི། །ལྔ་ན་དེ་རྣམས་གྲོལ་བར་འགྱུར། །ཡང་ན་དེ་ནི་མི་གྲོལ་ཏེ། །འདས་པ་བཞི་པའི་དུས་རྣམས་སུ། །བདེ་བ་དེ་ཀུན་རྟོགས་པར་གྱིས། །དེ་

Vol. 78 · folio 237a

ལྟའི་རིགས་འགྱུར་དེ་རྣམས་སུ། །ཇི་ལྟའི་རིམ་པས་ཤེས་པར་བྱ། །ལན་པའི་འཆི་བའི་འཕོ་བ་ནི། །གསུམ་པ་དང་ནི་བཞི་པ་ནའོ། །གལ་ཏེ་ལས་ནི་དགེ་མི་དགེས། །མཚན་མོ་བཅུ་ན་གྲོལ་བར་འགྱུར། །བསོད་ནམས་ཕུན་སུམ་ཚོགས་ཀུན་

དང་། །བློ་དང་ལྡན་པས་འཕོ་མེད་བསྒྲུབ། །སྲེད་པའི་འཕོ་བ་གསུམ་ན་འཆི། །ལས་ནི་དགེ་དང་མི་དགེ་སྟེ། །ནོར་བུའི་ནང་སོན་ལ་བལྟ་བྱ། །མཚན་མོ་བདུན་ན་ངེས་གྲོལ་ཏེ། །ང་ཡི་ངག་ལ་ཐེ་ཚོམ་མེད། །ཚོར་བའི་འཕོ་བ་ལྔ་ན་ནི། །འཆི་འགྱུར་ལས་ཀྱང་ངོ་དེ་བཞིན། །

དགུ་དང་བཅུ་དག་ན་གྲོལ་ཏེ། །རྡོ་རྗེ་པད་དབུས་སོན་པས་སོ། །རེག་པའི་ཉིན་མོའི་འཕོ་བ་ནི། །བརྒྱད་ན་འཆི་བར་ཤེས་པར་བྱ། །དེ་ལྟར་ལས་དགེ་མི་དགེ་སྲིད། །ཡན་ལག་དྲུག་གིས་ཐིམ་པར་བྱ། །གཅིག་དམན་ཉི་ཤུའི་ཉི་མ་ན། །གྲོལ་བའམ་ཡང་ན་མི་གྲོལ་ལོ། །སྐྱེ་

མཆེད་དྲུག་གི་འཆི་བ་ནི། །ལས་དགེ་མི་དགེས་བལྟ་བྱ་སྟེ། །འཕོ་བ་བརྒྱད་ནི་ཤེས་པར་བྱ། །ཁམས་ཀྱི་ནད་རྣམས་དེ་མཐོང་འགྱུར། །ནུབ་བཅུ་ན་ནི་གྲོལ་འགྱུར་ཏེ། །འཁོར་ལོ་བཞི་རུ་ཐིམ་པར་བྱ། །མིང་དང་གཟུགས་ལ་འཆི་བའི་ལས། །གསུམ་པའམ་ནི་ལྔ་པ་ཡི། །

འཕོ་བ་དག་ནི་ཤེས་པར་བྱ། །མཚན་མོ་བརྒྱད་ན་འགྲོལ་བའོ། །སེམས་ནི་ཐིག་ལེའི་གནས་སོན་པར། །བརྟེན་པར་འགྱུར་བའི་ཆོ་ག་བྱ། །རྣམ་པར་ཤེས་པའི་འཆི་བའི་ལས། །སླར་ཡང་བརྒྱད་དང་བཅུ་པ་ཡི། །འཕོ་བར་ས་ལ་ཤེས་པར་བྱ། །ཡང་ན་དེ་ཉིད་ལ་

འགྲོལ་ཏེ། །བཅུ་དྲུག་ཕྱེད་ཕྱེད་ཀྱི་གཟུགས་ཅན། །ཡེ་ཤེས་རླུང་གིས་གཟུང་བར་བྱ། །འདུ་བྱེད་ཀྱི་ནི་འཆི་བའི་ལས། །གསུམ་དང་བདུན་གྱི་དེ་བཞིན་དུ། །བལྟས་པར་གྱུར་པས་འཕོ་བ་ཡིན། །དེ་ཡི་ལྟ་བས་གྲོལ་བར་འགྱུར། །ཐིག་ལེ་གཉིས་ནི་ཤེས་བྱས་ནས། །

སྟེང་དུ་འགྲོ་བས་ཐིམ་པར་བྱ། །འདི་ཡིས་ནད་དང་འཆི་མེད་འགྱུར། །དེ་ཕྱིར་སངས་རྒྱས་རྡོ་རྗེ་འཆང་། །སུམ་ཅུ་བདུན་བདག་ཉིད་དགེ་བ། །སླར་ཡང་དཀྱིལ་འཁོར་བསྒོམ་པར་བྱ། །ཀེང་རུས་ཆེན་པོའི་གཙོ་བོ་ཡི། །རྣལ་འབྱོར་པ་ཡིས་ཐམས་ཅད་མཐོང་། །

Vol. 78 · folio 237b

ཞེས་བྱ་བ་ནི་བོང་བུའི་རྣལ་འབྱོར་ལ་ཀེང་རུས་ཆེན་པོ་སྒོམ་པ་པོའི་མན་ངག་དེ་ཁོ་ན་ཉིད་དང་ལྡན་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་ཀེང་རུས་ཀྱི་སྦྱོར་བས། །ཡུལ་ཡུལ་རང་གི་སྐྱེ་གནས་སྐྱེས། །རྣལ་འབྱོར་མ་དང་དཔའ་གཙོ་མོ། །ཡེ་ཤེས་

ལྡན་པས་ཤེས་པར་བྱ། །ཨ་ཊྚར་དགོད་པར་རྡུལ་ལྷ་མོ། །རྣལ་འབྱོར་མ་ནི་ཀུན་གྱི་གཙོ། །དེ་ཡི་གནས་སུ་གནས་ལྷ་མོ། །ཀ་དམ་ཤིང་ལ་དྲིལ་ཆེན་མ། །ལྷ་མོ་དེ་ཡི་རྟག་པའོ། །ཞིང་སྐྱོང་ཞལ་ཆེན་པོ་ཡིན་ནོ། །ཀེང་རུས་བདེ་བའི་སྒྱུ་མ་ཡིན། །བདག་ཉིད་ཆེ་

ལས་ངེས་འབྱུང་འགྱུར། །དེ་རྣམས་ཀེང་རུས་ཀྱིས་རྒྱས་བཏབ། །ཨོ་ཌྱན་བུ་ག་ལས་སྟེང་སོན། །རང་ཁམས་ལས་བཞེངས་རྣམ་པར་ཤེས། །རིམ་གྱིས་ཡུལ་ཐམས་ཅད་དུ་འགྲོ། །ཀོ་ལླའི་རི་དང་བ་རུ་ཎྱ། །དེ་བི་ཀོ་ཊ་བིར་ཛ་ཀྃ། །ཨེ་རུ་ཎྱ་དང་དེ་ནས་གྲོང་། །ཨཻ་ལའི་གྲོང་

དང་ཁ་ཆེ་དང་། །མ་རུའི་གྲོང་དང་དེ་བཞིན་དུ། །པུཎྜ་བ་དྷ་ན་ཡི་ཞིང་། །ཛ་ཡནྟི་དང་པྲྀཥྚའི་གྲོང་། །སཽ་པ་རེ་དང་སྤྱོད་དེ་བཞིན། །ཨོ་ཌྱན་དང་ནི་འབར་བ་འཛིན། །ཀྵེ་རེ་ཀེ་དང་སྒྱུ་མའི་གྲོང་། །ཨཾ་བུ་ཀེ་དང་རྒྱལ་པོའི་ཁབ། །བོད་ཀྱི་ཡུལ་དང་དེ་བཞིན་དུ། །མཱ་ལ་བ་དང་པུ་

ལིར་སོགས། །ཉི་ཤུ་རྩ་བཞིའི་གནས་ཡིན་ནོ། །རི་ཡི་རྩེ་དང་ཏཱ་ལའི་ཤིང་། །པ་ཊ་ཨ་མྲ་གསེར་དེ་བཞིན། །རལ་པའི་ཤིང་དང་གཞན་གནོན་དང་། །རི་ཡི་རྩེ་མོར་ཡང་དག་རྟེན། །ཐང་ཆེན་པོ་དང་རྩ་ཁུང་དང་། །ཨ་ཤྭད་ཐ་དང་ཁང་པ་བརྩེགས། །ཨུ་དུམ་བཱ་ར་ཤལ་མ་ལི། །

ཀ་རཉྫ་མྱ་ངན་མེད་ལ་བརྟེན། །གསེར་ཤིང་དང་ནི་སཱ་ལ་དང་། །ཙུ་ཏ་དྷཱ་ཏུ་དིལ་ལ་ཀི། །བྲག་བརྩེགས་པ་དང་སྦྲང་རྩིའི་ཤིང་། །སྔོན་དུ་ཡང་དག་བརྟེན་པའོ། །རྡུལ་གྱི་སྐྱེ་གནས་ཆོལ་པའི་ལུས། །སྟོབས་ཆེན་དང་ནི་རྣལ་འབྱོར་གནས། །ཐོད་པ་ལས་དང་རྡུལ་རབ་གཏུམ། །

སྐྱེ་གནས་དཔའ་བོ་ཆོལ་པའི་ལུས། །སྟོབས་ཆེན་རྣམས་དང་ཁྲག་དེ་བཞིན། །དཔའ་བོའི་སྐྱེ་གནས་ནུས་ལས་བྱུང་། །སྐྱེ་གནས་ཟླ་བ་ལས་བྱུང་དང་། །སྟོབས་ཆེན་རིགས་ལས་བྱུང་བ་དང་། །འཇིགས་བྱེད་ཁྲག་ལས་བྱུང་དེ་བཞིན། །ཚིལ་དང་གཡུལ་ངོ་ཆེ་ལས་སྐྱེས། །

Vol. 78 · folio 238a

མེ་ཏོག་སྐྱེ་གནས་གཉིས་དེ་བཞིན། །སླར་ཡང་དེ་ཉིད་ཚིག་དྲན་བྱ། །འདི་རྣམས་རིགས་ལས་བྱུང་ལྷ་མོ། །ལྷན་ཅིག་སྐྱེས་གཟུགས་བུ་མོ་ཡིན། །དཔལ་ཆེན་མོ་དང་མེ་ཡི་ཁ། །ཞིང་སྐྱོང་མཆོག་གི་ཞལ་ཅན་ཏེ། །མེ་ཡི་གདོང་ཅན་ཞེས་གྲགས་པ། །ཀེང་རུས་

བདེ་བ་རིག་པ་པོའོ། །དེ་ཡི་འཕོ་བ་འཛིན་པ་ནི། །རྣལ་འབྱོར་མ་གཉིས་སྤྲོ་བར་བྱེད། །དེ་ཡིས་དེ་འདོད་སྦྱོར་བ་ཡིས། །དཔའ་བོ་གཉིས་མེད་ཡང་དག་བརྟེན། །སེམས་ཅན་རྣམས་ལ་ཕན་དོན་དུ། །རྡོ་རྗེའི་དཀྱིལ་འཁོར་དུ་གནས་ཏེ། །ཀུན་ཏུ་སྤྱོད་པའི་བགྲོད་གཟུགས་ཀྱིས། །

ཡུལ་ཐམས་ཅད་དུ་འགྲོ་བ་ཡིན། །ལང་དབང་ཕྱུག་མ་གྱེན་བརྫེས་སྐྲ། །ཞིང་སྐྱོང་གཙིགས་པ་ཆེན་པོ་སྟེ། །གྱེན་བརྫེས་སྐྲ་ཞེས་བཤད་པ་ནི། །ཀེང་རུས་བདེ་བའི་རྒྱུ་ཅན་ཏེ། །རྣལ་འབྱོར་མ་མཆོག་ཁྱད་པར་ནི། །ལྷག་མ་སྔོན་གསུངས་བཞིན་ཤེས་བྱ། །རྣ་བ་གཅུས་དང་

དྲག་མོ་སྟེ། །ཞིང་སྐྱོང་བ་ནི་ལུས་ཆེན་ནོ། །དེ་ནས་ཡང་ན་རྒྱུ་ཅན་དང་། །མཆོག་དབང་ཕྱུག་མ་དྲག་ཆེན་པོ། །ཀེང་རུས་བདེ་བའི་སྟོང་པ་ཡིས། །གོ་འཕང་མཆོག་ཏུ་ཤེས་པར་བྱ། །ཞི་བའི་གཟུགས་དང་མེ་དང་ནི། །ཞིང་སྐྱོང་ཨ་ཊྚར་དགོད་པའོ། །མེ་དང་འཁྲུལ་ཆེན་དག་དང་

ནི། །སྒྲ་ཆེན་པོར་ཡང་ཤེས་པར་བྱ། །ཀེང་རུས་ཀྱི་ནི་གཏུམ་མོ་ནི། །འབར་བའི་དབུས་སུ་བདེ་བ་ཆེ། །མེ་ཡི་གདོང་དང་བརྩོན་ཆེན་མ། །ཞིང་སྐྱོང་བ་ནི་དྲིལ་བུའི་སྒྲ། །བརྩོན་འགྲུས་ཆེན་མོ་ཞེས་གྲགས་པ། །ཀེང་རུས་བདེ་བའི་འབྱུང་གནས་ཡིན། །དམར་སེར་གྲགས་དང་

འཇིགས་མིག་མ། །ཞིང་སྐྱོང་བྱིན་པ་ཆེན་པོ་སྟེ། །འཇིགས་བྱེད་མ་དང་སྤྱན་མ་འམ། །ཀེང་རུས་བདེ་བའི་འགེངས་བྱེད་པའོ། །འཇིགས་ཆེན་མ་དང་སྟོབས་ཆེན་མ། །ཞིང་སྐྱོང་གླང་པོ་ཆེན་པོ་སྟེ། །ཡང་ན་གླང་པོའི་རྣ་མ་དང་། །ཞིང་སྐྱོང་གླང་པོའི་རྣ་ཅན་ཏེ། །ཀེང་རུས་བདེ་བ་

ལ་ཞོན་པ། །རྩ་ཐམས་ཅད་དུ་དེའི་རང་བཞིན། །བ་ལང་རྣ་མ་རིའི་རྩེ་མ། །ཞིང་སྐྱོང་འཇིགས་བྱེད་ཆེན་པོ་སྟེ། །དེ་ནས་སླར་ཡང་སྦུག་མའི་བྱིན། །ཀེང་རུས་བདེ་བ་ལ་ཐིམ་པའོ། །བགྲོད་པ་མོ་དང་འཇིགས་ཞལ་མ། །ཞིང་སྐྱོང་བ་ནི་གཙིགས་པ་སྟེ། །རྨོངས་པར་བྱེད་མ་

Vol. 78 · folio 238b

ཞལ་ཆེན་པོ། །ཀེང་རུས་བདེ་བ་ལ་ཆགས་པའོ། །རོ་ལངས་མ་དང་བཞིན་བཟང་མོ། །ཞིང་སྐྱོང་བ་སྤུའི་བྱིན་པ་ཅན། །ཡང་ན་གྱེན་གཙིགས་ཆེན་པོ་སྟེ། །ཀེང་རུས་བདེ་བ་ལ་ཟའོ། །ཙཱ་མུཎྜ་དང་ལྷ་ཆེན་མོ། །ཞིང་སྐྱོང་བུམ་པའི་རླིག་པ་ཅན། །ཡང་ན་ལྷ་མོ་ཆེན་མོ་དང་། །ཞིང་

སྐྱོང་བུམ་པའི་གྲུལ་ཅན་ཏེ། །ཡང་ན་ལྷ་ཆེན་པོ་ཡིན་ནོ། །ཀེང་རུས་བདེ་བར་གར་བྱེད་པའོ། །རབ་གུས་མ་དང་རལ་གསུམ་མ། །ཞིང་སྐྱོང་གཙིགས་པ་ཆེན་པོ་སྟེ། །ཡང་ན་རལ་པ་གསུམ་ཤེས་བྱ། །ཀེང་རུས་བདེ་བའི་ཕ་རོལ་ཕྱིན། །གློག་གི་གདོང་མ་དྲིལ་སྒྲ་མ། །ཞིང་

སྐྱོང་འུག་པའི་གདོང་ཅན་ཏེ། །དྲིལ་བུའི་སྒྲ་རུ་ངེས་གྲགས་པ། །འདིར་ནི་ཀེང་རུས་བདེ་ཟ་བའོ། །མེ་ཞལ་མ་དང་ལྷ་ཆེན་མོ། །ཞིང་སྐྱོང་འཇིགས་པར་བྱེད་པ་སྟེ། །ཡང་ན་ལྷ་ཆེན་པོར་ཤེས་བྱ། །ཀེང་རུས་བདེ་བའི་གཟི་ཅན་ནོ། །ཀ་རཉྫ་གནས་མ་དེ་བཞིན། །གཞན་ཡང་དྲིལ་བུ་

ཆེན་མོར་གྲགས། །ཞིང་སྐྱོང་བ་ནི་སྟོབས་ཆེན་ཏེ། །ཀེང་རུས་བདེ་བས་མཛེས་པ་ཡིན། །གསང་གྲགས་མ་དང་ལྷ་ཆེན་མོ། །དྲག་གཟུགས་མ་དང་སྟོབས་ཆེན་མ། །ཞིང་སྐྱོང་སྒྲ་ཆེན་པོ་དང་ནི། །དྲག་པོའི་གཟུགས་དང་སྟོབས་ཆེན་ཏེ། །ཀེང་རུས་བདེ་ལས་ཡོངས་བྱུང་བའི། །

མཆོག་ཏུ་མི་འགྱུར་རྣལ་འབྱོར་ལྡན། །གཏུམ་མོ་དང་ནི་དྲག་མོ་དང་། །ཞིང་སྐྱོང་བ་ནི་འབར་བར་གྲགས། །དེ་ནས་ཡང་ན་དྲག་པོའི་གཟུགས། །ཀེང་རུས་བདེ་བའི་ཆ་ལུགས་ཅན། །འཇིག་རྟེན་གྱི་མ་གྱེན་སྐྲ་མོ། །ཞིང་སྐྱོང་རི་རབ་ཆེན་པོ་སྟེ། །དེ་ནས་ཡང་ན་གྱེན་བརྫེས་སྐྲ། །

ཀེང་རུས་བདེ་བ་སྒོམ་པ་པོའོ། །འཇིགས་པ་མོ་དང་སྟོབས་ཆེན་མ། །ཞིང་སྐྱོང་འཇིགས་པ་དེ་བཞིན་ཏེ། །སྟོབས་པོ་ཆེ་དང་འཇིགས་གཟུགས་མ། །ཀེང་རུས་བདེ་བའི་སྙིང་པོ་ཅན། །སྲུལ་མོ་དང་ནི་ལྷ་ཆེན་མོ། །ཞིང་སྐྱོང་བརྟུལ་ཞུགས་ཆེན་པོ་སྟེ། །ཀེང་རུས་བདེ་བའི་ནུས་པ་ཡིས། །

དེ་ཕྱིར་དབང་པོ་ཀུན་བདེ་བའོ། །བི་པན་ས་མ་དྲིལ་ལི་སྒྲ། །ཞིང་སྐྱོང་རྣ་བ་ཆེན་པོ་ཅན། །ཡང་ན་དྲིལ་ལི་སྒྲོགས་པ་སྟེ། །ཀེང་རུས་བདེ་བ་འཛག་པའོ། །ལྷན་སྐྱེས་གྲགས་མ་འབྱོར་གྲགས་མ། །དཔའ་བོ་ཆེན་པོ་དེ་བཞིན་མཆོག །ཞིང་སྐྱོང་ཤིན་ཏུ་ཐུབ་དཀའ་སྟེ། །ཀེང་རུས་བདེ་བ་

Vol. 78 · folio 239a

དཔོག་བྱེད་པའོ། །དབང་བསྐུར་མཉམ་མ་སྐྱེས་དབང་ཕྱུག །ཞིང་སྐྱོང་སྣ་ཚོགས་དབང་ཕྱུག་སྟེ། །ཀེང་རུས་བདེ་བ་ལ་གནས་པས། །རང་ཉིད་འདོད་པའི་བདེ་བར་འགྱུར། །རྡོ་རྗེ་མགོ་བོ་རྩེ་གསུམ་དང་། །དར་དང་རྡོ་རྗེ་མདུང་ཐུང་དང་། །གཏུན་ཤིང་ཞགས་པ་

དེ་བཞིན་དུ། །རྡོ་རྗེའི་ལྕགས་སྒྲོག་ལྕགས་ཀྱུ་དང་། །ཞགས་པ་གཤོལ་དང་ཁ་ཊྭཱཾ་ག །རྡོ་རྗེ་ལྕགས་སྒྲོག་ཕྱག་ཅན་དང་། །དབྱུག་པ་མདུང་ཐུང་གྲི་གུག་དང་། །མདུང་ཐུང་རྡོ་རྗེ་ལྕགས་སྒྲོག་ཅན། །གྲི་གུག་རལ་གྲི་དེ་བཞིན་དུ། །རྡོ་རྗེ་དང་ནི་མདུང་ཐུང་གཤོལ། །ག་ད་རྡོ་རྗེ་

ཀྱོ་དེ་བཞིན། །ཆུ་སྲིན་རྒྱལ་མཚན་ཐོ་བའོ། །ཞི་བའི་ཞལ་དུ་ཤེས་བྱ་དང་། །གཙིགས་མ་དང་ནི་རབ་འཇིགས་མ། །ཆོས་ཀྱི་དབང་ཕྱུག་རབ་སྟེར་མ། །རྣལ་འབྱོར་དབང་ཕྱུག་ཀུན་མཆོག་མ། །འདོད་པའི་དབང་ཕྱུག་རབ་སྟེར་མ། །ཡང་དག་རྨོངས་པའི་ཞིང་སྟེར་མ། །

གཙིགས་མ་རྨོངས་པའི་ཞིང་མ་དང་། །འཇིགས་ཆེན་མ་དང་དེ་བཞིན་གཞན། །གཏུམ་ཞལ་མ་དང་དགྲ་འཇོམས་མ། །རྨོངས་པའི་ཞིང་གི་འཇིགས་བྱེད་མ། །དཔའ་བོ་ཀུན་ལ་མཆོག་སྟེར་མ། །ལོངས་སྤྱོད་གྲོལ་བ་སྡིག་འཇོམས་མ། །བདེ་བ་ཀུན་གྱི་མཆོག་སྟེར་མ། །

བསམ་པ་ཐམས་ཅད་རྫོགས་བྱེད་མ། །གཙིགས་མ་དྲག་ཅིང་འཇིགས་པ་མོ། །ཤ་ཡི་གདན་ཅན་མ་དང་གཞན། །བདེ་བའི་དབང་ཕྱུག་མཆོག་སྟེར་མ། །མཛེས་ཤིང་ཐམས་ཅད་དགོས་མ་དང་། །འཇིག་རྟེན་དངོས་གྲུབ་སྟེར་བ་མོ། །ལྷ་མོ་གཙིགས་མ་འཇིགས་པར་བྱེད། །ཤིན་

ཏུ་དྲག་མོ་གཟུགས་བཟང་མོ། །དབང་ཕྱུག་ཐམས་ཅད་རབ་སྟེར་མ། །དངོས་གྲུབ་ཐམས་ཅད་རབ་སྟེར་མ། །འཇིགས་མ་སྒྲུབ་མ་གྲགས་སྟེར་མ། །ནག་པོའི་གཟུགས་དང་དྲག་ཆེན་པོ། །དགྲ་ཐམས་ཅད་ཀྱི་འཇིགས་པ་ཞོན། །ཐམས་ཅད་དབང་དུ་བྱེད་མ་དང་། །སེམས་ཅན་

ཐམས་ཅད་འཇིགས་བྱེད་མ། །འཁོར་ལོ་ཀུན་རྒྱལ་མ་ཉིད་དང་། །འཇིགས་པར་བྱེད་དང་དེ་བཞིན་གཞན། །ཞི་བའི་ཞལ་མ་གཟུགས་བཟང་མ། །སྒྲུབ་པོ་རྣམས་ལ་མཐུན་བྱེད་མ། །སྙན་གྲགས་མ་དང་རབ་སྟོད་མ། །དེ་ལྟར་ཐམས་ཅད་རིམ་བཞིན་ནོ། །ཨཊྚར་དགོད་པའི་

Vol. 78 · folio 239b

འཁོར་ལོར་བཞུགས། །ཀོ་ལའི་རིར་ནི་རོ་ལ་བཞུགས། །བ་རུ་ཎྱེ་སིདྡྷ་སིཾ་པ་ཌིར། །ལྷ་མོའི་མཁར་དུ་ཡི་དགས་གནས། །བི་ར་ཛ་རུ་ཤིང་ལེབ་བཞུགས། །ཨེ་ར་ནྱ་རུ་ཕག་ལ་བཞུགས། །དེ་ནས་གྲོང་དུ་ཡི་དགས་བཞུགས། །ཨེ་ལེའི་གྲོང་དུ་བོང་བུར་གནས། །ཁ་ཆེར་ནོར་

སྦྱིན་ལ་ནི་གནས། །མ་རུའི་ཡུལ་དུ་མ་ཧེར་གནས། །གྲོང་དུ་མགོ་ཡི་རྒྱབ་ཏུ་སྟེ། །པུཎྜ་བ་དྷར་རོ་ལ་གནས། །ཛ་ཡན་ཏྱ་རུ་ཀེང་རུས་གནས། །པྲིཥྚིའི་གྲོང་དུ་བརྩེགས་པར་གནས། །སོ་པཱ་རེད་པར་ཏ་ལ་གནས། །ཀ་རཉྫར་གནས་ཙ་རི་ཏྲཱེར། །ཨོ་ཌྱན་དུ་ནི་བདུད་ལ་

བཞུགས། །འབར་བ་འཛིན་པར་རོ་ལ་གནས། །ཀྵི་རི་ཀར་ནི་མེ་ལ་གནས། །སྒྱུ་ཡི་གྲོང་དུ་རེ་ཡི་སྟེང་། །ཨཾ་བུ་ཀེ་རུ་སེང་གེར་གནས། །རྒྱལ་པོའི་ཁབ་ཏུ་འཁོར་ལོར་གནས། །བོད་ཀྱི་ཡུལ་དུ་ཡི་དགས་གནས། །རོར་གནས་མ་ལ་བར་དེ་བཞིན། །ཀེང་རུས་ཀྱི་ནི་རབ་

སྦྱོར་བས། །དེ་ལྟའི་ཞིང་དུ་དངོས་གྲུབ་འགྱུར། །ཀེང་རུས་ལས་བྱུང་བདེ་བ་ནི། །རྩ་ཡི་རྩ་བ་ལས་ཡོངས་ལངས། །མཚམས་རྣམས་ཀུན་དུ་ཁྱབ་པར་ནི། །ཡེ་ཤེས་ཁུ་བ་དེ་མཐོང་འགྱུར། །མགོ་མེད་ལས་བྱུང་བའི་ངག་འདི། །ཁམས་དེ་ཉིད་ནི་ཟ་བའོ། །དབང་པོ་

གཉིས་ཀྱི་མཁའ་གནས་ལས། །དེ་ཡིས་བདེ་བ་མཐོང་བར་འགྱུར། །ཐམས་ཅད་དཔའ་བོ་རྣལ་འབྱོར་མ། །མཁས་རྣམས་ཅུང་ཟད་མེད་པར་འགྱུར། །དེའི་རང་བཞིན་འགྲོ་སྒྱུ་མར་ནི། །ལྟོ་བ་བསྡུས་པ་མཐོང་བར་འགྱུར། །འཕྱང་བ་ཡིས་ནི་ཐམས་ཅད་དུ། །བདུད་

རྩི་དེ་ནི་འགྲོ་དང་འོང་། །འཛག་བཞིན་པ་ཡིས་རྣལ་འབྱོར་མ། །རང་གི་ཞིང་སྐྱེས་རྣམ་པར་སྤྲོ། །ཕྱི་ནང་བདག་ཉིད་གསང་བ་ཡི། །དེ་རྣམས་ལ་ནི་མཆོད་ཆེན་བྱ། །མི་ཤེས་རི་བོ་གཅོད་པ་ཡིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །སྔོན་བཤད་དཀྱིལ་

འཁོར་དབུས་སུ་ནི། །དེ་ནས་ཀེང་རུས་བསྒོམ་པར་བྱ། །སྐྱེ་འགྲོའི་གཙོ་བོའི་དཔའ་བོ་ཡང་། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །གསུངས་པའི་ཡུལ་དུ་རྣལ་འབྱོར་མ། །དེ་ནས་རབ་གཏུམ་སོགས་མིང་སྟེ། །སྒྲུབ་པ་པོས་ནི་དངོས་གྲུབ་རྒྱུར། །དེར་ནི་འདུ་བ་

Vol. 78 · folio 240a

ཡང་བྱའོ། །བཟའ་དང་བཏུང་སོགས་ཡང་དག་བརྩམ། །ཉེར་སྤྱོད་ལྔ་སོགས་མཆོད་པ་དང་། །ཉེར་སྤྱད་གཏོར་མའི་སྣོད་རྣམས་ནི། །རློན་པའི་ཤ་དང་ཉ་ལ་སོགས། །བཟའ་དང་རྫས་རྣམས་ཐམས་ཅད་དང་། །བདུད་རྩི་ལྔ་དང་དེ་བཞིན་གཞན། །གཡོན་

པར་སྣོད་རྣམས་བཞག་བྱས་ནས། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཤིང་གཅིག་དང་ནི་དུར་ཁྲོད་དམ། །རི་དང་ཁྲོད་དང་ཁྱིམ་དང་ནི། །གྲོང་དང་གྲོང་ཁྱེར་ངོས་རྣམས་དང་། །ཁང་སྟོང་ལམ་གྱི་བཞི་མདོ་དང་། །ཆུ་ལ་འགྲོ་དང་ཐང་ལ་རྒྱུ། །ས་དང་མ་མོའི་ཁྱིམ་དང་འགྲམ། །

ནག་མོ་དྲག་མོ་དྲག་ཆེན་མོ། །ལྷ་སྦྱིན་ཡང་དག་རྟེན་མ་དང་། །ནག་མོ་གཙིགས་དང་འཇིགས་བྱེད་དང་། །དགའ་ལས་འདས་དང་ལོག་འདྲེན་དང་། །ཙཱ་མུཎྜི་དང་དྲག་གཟུགས་མ། །ལྷ་མོ་དབུ་མ་དང་ནི་མ། །རྒྱལ་མ་རྣམ་པར་རྒྱལ་མ་དང་། །མི་ཐུབ་མ་དང་གཞན་མི་

ཐུབ། །བཟང་ནག་མོ་དང་ནག་ཆེན་མོ། །སྦོམ་ནག་མོ་དང་རྣལ་འབྱོར་མ། །དབང་མོ་ཟླ་བ་མོ་དྲག་མོ། །སྡང་མ་འཕྱང་མ་སུམ་ཅུའི་དབང་། །ཀམ་པོ་ཛམ་མེ་མ་འཇིབ་མ། །གྲོང་དུ་གནས་པའི་རྣལ་འབྱོར་མ། །དྲག་གཟུགས་མ་དང་གཟུགས་ཆེན་མ། །མཆེ་

མ་དྲག་མོ་གཙིགས་པ་མོ། །ལྷ་མོ་ཐོད་པའི་ཕྲེང་ཅན་དང་། །ཁ་ཊྭཱཾ་ག་ནི་འཛིན་མ་དང་། །མིའུ་ཐུང་མ་དང་དགྲ་སྟའི་ཕྱག །རྡོ་རྗེའི་ཕྱག་ཅན་དེ་བཞིན་གཞུ། །མཁའ་འགྲོ་མ་ལྔ་དེ་ཉིད་ཆེ། །ལས་རྣམས་ཐམས་ཅད་རབ་སྒྲུབ་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་མོ་

དང་། །རྡོར་དབང་ཕྱུག་མ་གཙོ་དེ་བཞིན། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །རྡུལ་མེད་རྣལ་འབྱོར་སྟོང་པ་ཉིད། །རྡོ་རྗེའི་དབང་ཕྱུག་བཀའ་ཡིས་ནི། །ཀུན་ནས་འདིར་ནི་སྤྱན་འདྲེན་ནོ། །ཨོཾ་ཀ་ཀྐ་ཀཌྜྷ་ན་བ་བྦ་བནྡྷ་ན་ཁ་ཁྑ་ཁཱ་ད་ན་སརྦ་དུཥྚཱ་ན་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་

ཆེ་གེ་མོའི་དགོས་པ་མཛོད་ཅིག །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། བདུད་རྩིའི་ཁ་ནི་ཡོངས་བཀང་ནས། །ལྷ་ཐམས་ཅད་ནི་མཉེས་པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་བསྒོམ་བྱ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཨོཾ་བྷ་ཀྵ་སརྦ་ཡོ་གི་ཤྭ་རཱི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཇི་

Vol. 78 · folio 240b

ལྟའི་ལས་སོགས་ཡོངས་སྤྱོར་བ། །གཏོར་མའི་ལས་སོགས་ཡོངས་སྦྱར་བྱ། །ཞི་དང་རྒྱས་དང་དབང་དང་ནི། །དགུག་དང་གསད་དང་དབྱེ་བ་དང་། །རེངས་པ་གཏོར་མའི་དེ་ཉིད་ཀྱིས། །རྣལ་འབྱོར་རྣམས་ཀྱི་ལས་རྣམས་ཀུན། །བསྒྲུབ་བྱའོ་ཡེ་ཤེས་ལྕགས་ཀྱུ་ཡིས། །

རང་གི་འདོད་པའི་ལྷ་ཚིམ་བྱ། །ཞིང་དང་གནས་དང་དེ་བཞིན་གྲོང་། །གྲོང་ཁྱེར་རམ་ནི་རི་བོ་རུ། །འབྱུང་པོ་མང་པོ་རབ་ཏུ་བསྡུ། །དེ་ཡི་ཚོགས་ནི་འདུ་བའོ། །རྩ་ཐམས་ཅད་ཀྱི་ཀུན་སྤྱོད་ཀྱིས། །དེ་ཡི་སྲོག་ཀྱང་བསྡུ་བའོ། །རང་གི་མདུད་པའི་གནས་འདུས་པ། །དེ་ནས་

ལྟེ་བ་སྙིང་གར་འདོད། །རྣལ་འབྱོར་མ་ལ་གུས་འདུད་པས། །སྒྲུབ་པ་པོས་ནི་མཆོག་འཐོབ་འགྱུར། །རྟག་ཏུ་གནས་དང་ཉེ་གནས་སུ། །སྡོད་ལ་ལྷ་ཡིས་མཆོག་སྟེར་འགྱུར། །གནས་དེར་ཉམས་པ་དང་ལྡན་པ། །སྔོན་གྱི་ཆོ་གས་བསྒྲུབ་པར་བྱ། །བུག་རྡོལ་དང་ནི་རྒས་པ་དང་། །

ཤུ་བ་མཛེ་སོགས་སྤང་བ་ནི། །འབྱུང་པོའི་ཉི་མ་ཐོབ་བྱས་ནས། །དེ་ལྟར་ལེགས་མཉམ་བཞག་པས་བསྒྲུབ། །ལྷ་ཡི་ཆུ་ཡིས་ཁྲུས་བྱས་ཏེ། །ཁྱད་པར་དུ་ཡང་བདུད་རྩི་ལྔས། །ཡན་ལག་མར་ནག་ཆེན་པོས་བྱུག །དེ་ཉིད་ཀྱི་ནི་བདུག་སྤོས་སྦྱིན། །ངེས་པར་གྲུ་བཞི་གྲུ་གསུམ་

པའི། །དབུས་སུ་འབད་པས་བྱ་བ་ཡིན། །ཇི་ལྟ་བར་ནི་སྔོན་བཞིན་དུ། །སངས་རྒྱས་ཐམས་ཅད་གསན་དུ་གཞུག །གད་མོ་རྣམ་པ་བརྒྱད་བྱ་སྟེ། །ཧཱ་ཧཱ་ཧཱི་ཧཱི་ཧཱུ་ཧཱུ་ཧེ་ཧཻ། །ཞེས་བྱ་སྒྲུབ་པ་པོ་ཡིས་སོ། །མེ་ཡི་ས་བོན་ཡང་དག་ཞོན། །རླུང་གིས་སུ་ནི་ཕྱེ་བ་ཡི། །སྤྱི་བོའི་གཙུག་

ཏུ་སྦྱར་བྱས་ནས། །ས་ཡི་མཐིལ་དུ་མཆོད་བྱས་ནས། །སྐྱེ་གནས་དབུས་སུ་དགོད་བྱ་སྟེ། །འབད་པས་ཞུ་བ་བལྟ་བར་བྱ། །སྐྱེ་གནས་དབུས་སུ་རིམ་ཇི་བཞིན། །བདག་ཉིད་བསམ་བྱ་རྣལ་འབྱོར་པས། །ཕོ་ཉའི་འོད་ཟེར་ཀུན་ནས་འཁྲིགས། །འབར་བའི་ཕྲེང་བ་རྒྱ་མཚོ་བལྟ། །

དེ་ལྟར་རྣམ་པར་བསམ་གྱུར་པས། །རྣལ་འབྱོར་ཐམས་ཅད་བདེ་བའི་གནས། །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་ཀེང་རུས་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་མཆེ་བ་རྣམ་གཙིགས་

Vol. 78 · folio 241a

པའི། །ཏིང་འཛིན་སྦྱོར་གནས་བཤད་བྱ་སྟེ། །གཞུ་འགེངས་རིམ་པ་འོང་བ་ནི། །རྡོ་རྗེ་རྣལ་འབྱོར་པས་ཡོད་དེ། །སྲོག་གི་ཐིག་ལེ་སོན་བསམ་པ། །མཚམས་ཐམས་ཅད་དུ་དེ་བརྒྱུད་དེ། །གཞུ་དབྱུག་མཚན་མར་བསམ་པར་བྱ། །སྒྲ་ཐམས་ཅད་ནི་སྐུལ་

བ་ཡིས། །ཀུན་ནས་འགེངས་བཞིན་པ་ཡི་མདའ། །དབུས་མའི་ལྟེ་བར་འཛོམ་པ་ཡིས། །རྣམ་པར་ཤེས་པའི་འབེན་གཞོམ་བྱ། །འབྱུང་གནས་ཐམས་ཅད་གསད་པ་ཡིན། །བགྲོད་བཞིན་པ་ཡི་བདེ་བ་ཆེར། །དེར་རིག་པ་ཡིས་གཞན་དུ་འགྲོ། །མཆེ་བ་རྣམ་པར་

གཙིགས་པ་ཡི། །རབ་སྦྱོར་རྣམས་ཀྱིས་ངེས་འབྱུང་འགྱུར། །མཚོན་བྱ་ཟད་པ་མེད་འཇོམས་པ། །སྐྱེ་བོ་རྣམས་ལ་འཇུག་པར་འགྱུར། །མྱ་ངན་འདས་པའི་སྤྱོད་ཡུལ་ལས། །གཞན་གྱི་གྲོང་རྣམས་སུ་འཇུག་པའོ། །སྔོན་གྱི་སྤྲུལ་པའི་བག་ཆགས་ནི། །དེ་ལ་རྒྱུན་དུ་

འཇོམས་པར་བྱེད། །རྣམ་པར་ཞུ་བའི་བདག་ཉིད་ཆེ། །ཞི་བའི་གཟུགས་སུ་སྟེར་བར་འགྱུར། །ཥྚི་ཞེས་རྐང་པའི་མཐིལ་བར་དུ། །ནོར་བུའི་སྐུད་པ་བཞིན་དུ་བགྲོད། །ན་དེ་མཚམས་ཀྱི་དོན་དམ་པར། །ས་གསུམ་པོ་ལ་ལྟ་བར་འགྱུར། །དེ་ཕྱིར་སྐྱེ་བོ་ཐམས་ཅད་ལ། །

མཚོན་བྱ་མཚན་ཉིད་ཀྱིས་འབྱེད་དོ། །དབང་པོ་དེ་རྣམས་ཐམས་ཅད་ལ། །བདག་ཉིད་ཀྱིས་འབུགས་སླར་ཅི་སྨོས། །འགྲོ་བ་གཞན་དུ་རབ་འཇུག་པར། །མཆོག་ཏུ་རྨད་བྱུང་འགྲོ་བར་འགྱུར། །སྒྱུ་འཕྲུལ་དྲ་བར་ཡང་དག་གནས། །སྐྱེ་བ་ཀུན་ལ་རྣམ་པར་བལྟ། །མིག་

སོགས་རྣམ་པར་ཤེས་པ་ནི། །ནང་རྣམས་སུ་ནི་བསྐྱོད་པར་བྱོས། །མཁའ་འགྲོའི་རྣམ་པར་དེ་ཤེས་བྱ། །མཁའ་འགྲོ་མ་ཡི་གཟུགས་ཀྱི་གཙོ། །དཀྱིལ་འཁོར་སྔོན་དུ་སྤྲུལ་པར་ནི། །མཆེ་གཙིགས་ལ་སོགས་བསྒོམ་པར་བྱ། །རང་གི་ཁམས་ནི་བདེ་བའི་གཟུགས། །

རང་རང་གཙོ་བོར་བྱ་བ་ཡིན། །དེ་ལས་སྐྱེས་པའི་མཁའ་འགྲོ་ཆེ། །མཁའ་འགྲོ་མ་དང་བཅས་པའི་གཟུགས། །ཐམས་ཅད་ཆོས་འབྱུང་སྣ་ཚོགས་པའི། །སྙིང་པོར་གཞོམ་དུ་མེད་ཞི་བ། །ཆོས་ཀུན་གཅིག་ཏུ་ཡོངས་བསྡུས་པ། །སྔགས་པས་ཆོ་ག་བཞིན་དུ་བྲི། །

Vol. 78 · folio 241b

ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་རྣམས་ཀྱིས་ཡོངས་བརྗེས་པ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །དེར་གནས་དཔའ་བོས་ཡང་དག་བཏུ། །ཡེ་ཤེས་ལྷ་སོགས་སྐུ་བཞི་པོ། །ཞེས་བྱ་འཐོབ་འགྱུར་ཐེ་ཚོམ་མེད། །སྟེང་འོག་རྟག་ཏུ་དངོས་གྲུབ་སྟེར། །

བདག་ཉིད་ཕོ་ཉ་ཀུན་འགྲོས་སོ། །ཡི་གེ་ལྔ་བཅུ་སྡེ་ཚན་བརྒྱད། །དེ་ཉིད་མཁའ་འགྲོ་མཆོག་རྨད་བྱུང་། །སྡོམ་པའི་དཀྱིལ་འཁོར་ཡང་ན་ནི། །ཆུང་ངུའི་རྒྱུད་དང་འདྲ་བ་མཆོག །ཡི་གེ་ཐམས་ཅད་ཀྱི་ནི་ཚད། །སྡོམ་པ་སོགས་སུ་མཚོན་པར་བྱ། །ཡི་གེ་རྣམས་དང་མིང་

རྣམས་དང་། །སྡོམ་པ་རྣམས་སུ་དེ་བརྗོད་དོ། །དཀྱིལ་འཁོར་རྣམས་དང་རྒྱུད་རྣམས་དང་། །ལེའུ་རྣམས་དང་དེ་བཞིན་དུ། །ལས་ཚོགས་རྣམས་ནི་ཐམས་ཅད་དེ། །ཉིས་འགྱུར་ཐུང་ངུ་རིང་བའོ། །དེ་ཉིད་དུ་ནི་ཀུན་ངེས་རྒྱལ། །འབྱིན་ཅིང་སྡུད་པར་བྱེད་པ་པོ། །

སེམས་ཅན་རིགས་ཞེས་འདིར་དེ་བཤད། །རེ་རེ་ཡི་ནི་མཚན་ཉིད་དོ། །རེ་རེ་ཡི་ནི་བསྒོམ་པ་ནི། །ཇི་ལྟའི་རིམ་པས་ཤེས་པར་བྱ། །ཡི་གེ་ཡི་ནི་མིང་དང་གཟུགས། །དེ་ནི་སེམས་ཅན་གཟུགས་སུ་འདོད། །གསང་སྔགས་དེ་ནི་ཟློས་བཞིན་པ། །དེ་ཉིད་དུ་ནི་རབ་གཞུག་

བྱ། །ཨ་ཡིག་ཐིག་ལེ་དང་བྲལ་བ། །དམར་པོ་ཕྱི་མོ་རྣམ་པར་སྤངས། །ཨ་ཡིག་ཐིག་ལེ་དང་བཅས་པ། །དེ་ཕྱིར་མཚལ་གྱི་རིགས་ཅན་ནོ། །གུཉྫའི་མེ་ཏོག་དང་མཉམ་པར། །ཨི་ཡིག་ལ་ནི་བརྒྱན་པར་འདོད། །ཨཱི་ཡིག་སིནྡྷུ་ར་ཡི་མདོག །བཟང་པོ་ལྔ་པར་ཤེས་

པར་བྱ། །ཨུ་ཡིག་དབང་པོའི་གཞུ་ཡི་འོད། །ཨཱུ་ཡི་ཡི་གེ་དྲུག་པ་ཉིད། །གློག་གཉིས་དང་ནི་འདྲ་བའོ། །རྀ་ཡིག་དུ་བའི་ཁ་དོག་སྟེ། །ཕྲ་མོ་ལུས་ནི་སྤངས་པའོ། །རཱྀ་ཡི་ཡི་གེ་མུན་པའི་གཟུགས། །ལྀ་ནི་བྱ་རོག་གཤོག་པ་མཚུངས། །ལཱྀ་ཡི་གེ་མཚལ་གྱི་མདོག །

ཨི་ཡི་ཡི་གེ་དམར་སྐྱ་སྟེ། །ཨཻ་སིནྡྷུ་ར་དམར་མདོག་མ། །ཨོ་ཡི་ཡི་གེ་ཉི་མ་འདྲ། །འོད་ཟེར་སྟོང་ཕྲག་གྱེན་དུ་འབར། །ཨཽ་ཡི་ཡི་གེ་རྟག་འབར་བ། །ཉི་མ་བྱེ་བ་དང་མཉམ་འོད། །ཟླ་ཕྱེད་དེ་བཞིན་དུ་ཐིག་ལེ། །ཨཾ་ཡིག་སྔོན་དུ་བཤད་པ་ཅན། །ཟླ་བ་གཉིས་དང་ཚེག་དྲག་

Vol. 78 · folio 242a

སྟེ། །ཨཿཡིག་རྒྱལ་པོ་དེ་བཞིན་ནོ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག །ལས་རྣམས་ཀྱི་ནི་དག་པའི་རྒྱུ། །མྱོས་དང་བརླབ་གདོལ་རྨོངས་པ་དང་། །སེམས་བྲལ་དང་པོའི་སྟོང་ཉིད་དོ། །རྨོངས་པ་དང་འཁྲུགས་དབང་དང་ནི། །མྱུར་དུ་ཐམས་ཅད་སྟེར་

བའོ། །བསམ་བྲལ་བ་དང་མྱོས་པ་དང་། །བརླབ་གདོན་དུ་ནི་བསལ་བའོ། །སྟོང་པ་ཉིད་ཀྱི་ལས་བསྒོམས་པས། །དེ་ནི་རྨུགས་དང་དབང་དུ་འོང་། །ཡང་དག་རྨོངས་དང་རྣམ་རྨོངས་འགྱུར། །ལུས་བརླན་པ་དང་སེམས་པ་བྲལ། །དབང་དུ་འོད་དང་དགུག་པ་

དང་། །ཡེ་ཤེས་ཤེས་བྱ་ཅན་མཆོག་གོ། །བསྐྲད་པ་དང་ནི་བཞུ་བའི་ལས། །རྣམ་པ་བདུན་དུ་འདོད་པ་ཡིན། །ས་ཡི་ཟིལ་གནོན་འཛིན་བཞིན་དང་། །བསྔགས་མིན་པ་དང་རྨོངས་པའི་སེམས། །སྐྱེ་བ་འདི་ལ་ནམ་དུ་ཡང་། །དེ་ཡི་སླར་ཡང་འོང་མིན་པའོ། །རྣམ་པར་

སྡང་དང་ཐམས་ཅད་ཀྱི། །འཇིག་རྟེན་གྱིས་ནི་སྨོད་པའོ། །འཇིག་རྟེན་ཀུན་དང་མཐུན་མེད་ལ། །སྐད་ཅིག་གནས་པ་སྤངས་པའོ། །ཡིད་ཀྱི་ལས་ནི་ཐམས་ཅད་རྣམས། །དེ་ཕྱིར་འཇིག་རྟེན་གསུམ་གང་འགྱུར། །བདེ་བ་ཁ་ཡིས་བཀུག་བྱས་ནས། །དབུགས་མེད་རི་མོ་

འཛག་པ་ནུབ། །ཕྱི་མོའི་ཡལ་ག་རྣམས་ཀྱིས་བྱ། །དམ་ཚིག་དབང་ཕྱུག་མའི་གནས་ཀྱིས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནི། །གཉིས་སྟོང་མཆོག་ཏུ་ཟག་པ་མེད། །སངས་རྒྱས་རི་མོ་སྟེང་འོག་ཏུ། །པདྨའི་སྣལ་ཅན་རབ་ཏུ་གནས། །ཨཱ་ལི་ཀཱ་ལི་མདོར་བསྡུས་པ། །བཅུད་

ལེན་ཁམས་ཀྱི་ལུས་ལས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །ཞལ་དུ་ཡོངས་སུ་འགྱུར་བའོ། །དེ་ཡི་འོག་དང་གང་གཞན་དུ། །ཡི་གེ་ཐམས་ཅད་ངེས་པར་གནས། །སོ་སོར་སྣང་བ་མ་བྱུང་བར། །སྲུང་བ་གྱིས་ཞེས་བདག་གིས་བཤད། །སེམས་ནི་རྗེས་མཐུན་དབྱངས་

སུ་འགྱུར། །སེམས་ནི་སྟོང་པའི་རང་བཞིན་ཅན། །ཟླ་གཉིས་ཡང་དག་སྦྱོར་བ་ནི། །ཕྱག་རྒྱ་མཆོག་ཏུ་མི་འགྱུར་བའོ། །དེ་ལྟར་ཁམས་ཀྱི་རང་བཞིན་ཀྱང་། །ཇི་ལྟར་འདོད་པའི་ལས་བྱའོ། །སླར་ཡང་ཐམས་ཅད་བྱེད་པ་ཡི། །སྟོང་པ་ཉིད་ནི་སོ་སོར་དགོད། །ཐོག་མ་གཉིས་ནི་

Vol. 78 · folio 242b

རྐང་གཉིས་དགོད། །བརླ་དང་གསང་བ་རྐེད་པ་དང་། །ལྟེ་བ་སྙིང་ག་སྟེང་དང་ནི། །མགྲིན་པ་དང་ནི་རྐན་དེ་བཞིན། །ཁ་དང་སྣ་དང་རྣ་དག་དང་། །དཔྲལ་བ་མགོ་བོ་རྒྱབ་ཏུ་སྟེ། །རང་གི་ཁམས་མིང་འདུ་ཤེས་ཀྱིས། །དབང་ལ་སོགས་པའི་ལས་བྱེད་དོ། །སླར་ཡང་རེ་རེ་ཡི་ཡང་

ནི། །ལས་ནི་ཉི་ཤུ་ལྔའི་བདག་ཉིད། །སྟོང་ཉིད་དེ་ཉིད་རིག་བྱེད་པ། །རྒྱུན་དུ་ནང་དུ་བསྒོམ་པར་བྱ། །ཀ་ཡིག་ལ་སོགས་མ་ཡིག་མཐར། །ལྷ་མོ་བདག་ཉིད་ཆེན་མོས་ཉོན། །གང་གིས་ས་གསུམ་གྱི་ནི་ལྷ། །ཐམས་ཅད་ལྷ་མ་ཡིན་དང་མི། །སྒྲུབ་པོའི་ལེགས་པར་ངེས་

པར་ནི། །དེ་རྣམས་ཐམས་ཅད་དབང་དུ་འགྱུར། །དེ་ཉིད་ཉི་ཤུ་རྩ་ལྔ་ནི། །ཀ་ཡིག་སོགས་སུ་འདུ་ཤེས་སོ། །བདག་དང་དཀྱིལ་འཁོར་ལུས་དང་ནི། །ལྷ་དང་བླ་མ་དང་ནི་སྔགས། །རྣམ་ཤེས་ཡེ་ཤེས་སྙིང་པོ་དང་། །དུས་དང་རྒྱུ་དང་འབྲས་དེ་བཞིན། །དབུགས་དང་

བཅུད་ལེན་ལས་དང་ནི། །གཏོར་མ་ས་དང་ཕྱག་རྒྱ་གཞན། །དབང་པོ་དབུ་མ་སྒྱུ་མ་དང་། །མཚམས་དང་རིགས་རུས་དེ་བཞིན་ཏེ། །ལུང་ནི་རྗེས་སུ་རིག་པ་དང་། །མིག་འཕྲུལ་འདྲ་བ་རིམ་ཇི་ལྟར། །དེ་ལྟར་དེ་ཉིད་ལས་མཛེས་པ། །ཤེས་རབ་ཆེན་པོས་ཤེས་པར་བྱ། །

རང་བཞིན་གྱིས་ནི་བརྗོད་པའི་ལས། །དུས་ཀྱི་མེ་ཡི་མདོག་ཅན་ནོ། །ཇི་ལྟར་དབང་ལ་སོགས་པའི་ལས། །ལྔ་ལྔ་རུ་ནི་གསལ་བ་ཡིན། །དམར་དང་གནག་དང་དེ་བཞིན་དཀར། །སེར་དང་ལྗང་གུ་དེ་བཞིན་ནོ། །སྒྲུབ་པོའི་བསྒྲུབ་བྱའི་འདོད་པ་ནི། །དེ་རྣམས་དེ་ཉིད་འགྱུར་

གྱིས་འོང་། །ཡ་ཡིག་ལ་སོགས་དགུ་རྣམས་ཀྱི། །ཇི་ལྟའི་ཆོ་གས་ཡི་གེ་རྣམས། །ཕུང་པོ་ཁམས་ཀྱི་རིགས་རྣམས་དང་། །ཡན་ལག་དགུ་རྣམས་བརྗོད་པའོ། །ཇི་ལྟའི་རིམ་པས་བློ་ལྡན་གྱིས། །དགུ་དགུ་རུ་ནི་ཤེས་པར་བྱ། །ལས་ནི་དེ་རྣམས་ཤེས་བྱ་སྟེ། །འདུས་

པ་བདེ་མཆོག་བླ་མ་དང་། །བདེ་མཆོག་རྡོ་རྗེ་མཁའ་འགྲོ་དང་། །འབྱུང་བ་དེ་ཉིད་འདུས་པ་དང་། །རྡོ་རྗེ་འཇིགས་བྱེད་སཾ་བུ་ཊ། །ཇི་ལྟའི་ཆོ་གས་གཞན་དུ་ཡང་། །དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །ཕྱུང་བ་བདེ་མཆོག་ཆུང་ངུ་སྟེ། །ཨ་ཡིག་ལ་སོགས་ཀྵཿཡིག་

Vol. 78 · folio 243a

མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་སྦྱར། །སྡོམ་པ་རྒྱ་མཚོ་མཁའ་འགྲོ་སྐྱེས། །མཁའ་མཉམ་ནང་དུ་རབ་བཤད་པའི། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཇི་ལྟར་དབུས་མའི་པདྨར་ནི། །སངས་རྒྱས་གཟུགས་ནི་གསལ་

བར་བསྒོམ། །སྐུ་ཡི་རྒྱ་མཚོ་སེར་སྣ་རྒྱ་མཚོ་དང་། །འདོད་ཆགས་རྒྱ་མཚོ་ཕྲག་དོག་རྒྱ་མཚོ་སྟེ། །ཕྱོགས་བཞི་པོར་ནི་བསྒོམ་པར་བྱ། །པད་འདབ་རྣམས་སུ་རྣལ་འབྱོར་མ། །རྡོ་རྗེ་རྒྱ་མཚོ་རིན་ཆེན་རྒྱ་མཚོ་མ། །པདྨ་རྒྱ་མཚོ་སྣ་ཚོགས་རྒྱ་མཚོ་མ། །གཡོན་སྐོར་དུ་ནི་

བསྒོམ་བྱ་སྟེ། །འདབ་མ་བཞི་ལ་ཐོད་པ་ནི། །རྒྱ་མཚོ་བཞི་པོ་ཡི་ནི་གཟུགས། །དངོས་ཀུན་བདུད་རྩིར་སོན་པའོ། །སླར་ཡང་གྲྭ་བཞི་པོ་རྣམས་སུ། །ཇི་ལྟའི་རིམ་པས་དགོད་བྱ་བ། །རྣལ་འབྱོར་ཡེ་ཤེས་དེ་ཁོ་ན། །ཐར་པའི་རྒྱ་མཚོ་གཡོན་སྐོར་དུའོ། །གཟུགས་དང་

སྒྲ་དང་དྲི་དང་རོ། །རེག་དང་ཆོས་དང་ཡིད་དང་སེམས། །ཀུན་ཀྱང་རྒྱ་མཚོར་ཤེས་བྱ་སྟེ། །གཡོན་དང་གཡས་ཀྱིས་ད་གོད་པར་བྱ། །ས་དང་ནམ་མཁའ་ལྕེ་དང་ནི། །རྣ་བ་ཐམས་ཅད་རྒྱ་མཚོ་སྟེ། །ཡེ་ཤེས་ཤེས་བྱའི་རྒྱ་མཚོ་དག །སྔོན་གྱི་རིམ་པས་དགོད་པར་བྱ། །

སྒོ་སྐྱོང་མ་ཡི་ལྷ་མོ་ཆེ། །གཡོན་སྐོར་དུ་ནི་དགོད་བྱ་བ། །གླང་པོ་རྒྱ་མཚོ་རྟ་རྒྱ་མཚོ། །སེང་གེ་རྒྱ་མཚོ་མ་ཧེ་མཚོ། །གྲྭ་ལ་གནས་པའི་ལྷ་མོ་ནི། །སྒྱུ་མ་རྒྱ་མཚོ་རྨི་ལམ་རྒྱ་མཚོ་མ། །གསང་སྣང་རྒྱ་མཚོ་སྣང་བའི་རྒྱ་མཚོ་མ། །ཁ་དོག་འཁོར་ལོ་གཞན་གྱི་བཞིན། །བྱང་ཆུབ་ཆུང་ངུ་

བདག་ཉིད་ཆེའི། །དཀྱིལ་འཁོར་དེ་ཡིར་ཤེས་པར་བྱ། །དུར་ཁྲོད་བརྒྱད་ཀྱི་རིམ་པས་ནི། །སྒྲུབ་ཐབས་རིམ་པས་བསྒོམ་པར་བྱ། །སངས་རྒྱས་གཟུགས་ཀྱི་ཞལ་ནས་ནི། །པདྨའི་ཡུ་བ་ངེས་པར་འཐོན། །ཁ་དོག་དཀར་པོ་འབར་ཆེན་པོ། །པདྨ་འདབ་མ་སྟོང་ཕྲག་ཅན། །དེ་ཡི་དབུས་སུ་

བསྒོམ་བྱ་བ། །མཁའ་འགྲོ་རྒྱ་མཚོ་བདེ་མཆོག་སྟེ། །ཕྱག་སྟོང་པ་ནི་རྣམ་པར་བསྒོམ། །ཞལ་ནི་སུམ་ཅུ་རྩ་བདུན་ནོ། །ཞབས་བཅྭ་བརྒྱད་ཀྱིས་གར་དུ་མཛད། །སྤྱན་གསུམ་པ་ལ་སྣ་ཚོགས་མདོག །རལ་པའི་ཅོད་པན་ཅན་གྱིས་གཟུགས། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ཅན། །རྒྱབ་ཏུ་

Vol. 78 · folio 243b

དབང་ཕྱུག་ཆེན་པོ་འཛིན། །ལྷག་མར་དཔའ་བོ་དཔའ་དབང་མོ། །བཅུ་གཉིས་བདག་ཉིད་ཅན་འཁོར་ལོར། །ཇི་ལྟར་བདག་གིས་སྔོན་བཤད་པའོ། །ཤེས་རབ་ཕྱག་གཡོན་དུ་བཤད་ཏེ། །གཡས་པར་རྒྱུན་དུ་ཐབས་ཡིན་ནོ། །ཁྱབ་འཇུག་དྲག་པོ་དེ་བཞིན་ཚངས། །གཤིན་རྗེ་

དང་ནི་ལོག་འདྲེན་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །དབང་པོ་ཚོགས་བདག་ཀར་ཏི་ཀ །དགྲ་གཅན་ཟླ་བ་ཉི་མ་དང་། །བླ་མ་སྐྱོབ་པ་བླ་དེ་བཞིན། །ནོར་རྒྱས་དང་ནི་སྐྱེས་བུ་མེ། །མྱོས་པ་ཞབས་ཀྱིས་གནོན་པ་སྟེ། །རང་རང་ཁྱིམ་ཐབ་ཡང་དག་ལྡན། །མདོག་དང་མཚོན་

ཆ་ཡང་བྱའོ། །ཕག་མོ་ཡིས་ནི་འཁྱུད་པ་སྟེ། །དེའི་གཟུགས་ཅན་ནམ་ཕྱག་གཉིས་སྐྱེས། །སྣ་ཚོགས་གཟུགས་འཛིན་རབ་མྱུར་མ། །སླར་ཡང་རང་འདྲའི་གཟུགས་ཅན་མའོ། །འདབ་མ་སྟོང་དུ་བསྒོམ་བྱ་བ། །རང་བཞིན་རྣལ་འབྱོར་མ་ཀུན་ཏེ། །བཅོམ་ལྡན་ཁ་དོག་

གང་འདྲ་བ། །དེ་འདྲར་དེ་རྣམས་མཚོན་པར་བྱ། །ཐུང་ངུ་རིང་པོ་ཡོན་ཏན་འཕར། །ཨ་ཡིག་ལ་སོགས་སྡེ་བརྒྱད་དེ། །ཕྱི་མོ་བཅུ་གཉིས་ཀྱིས་ཕྱེ་བ། །སྟོང་ཕྲག་རྣལ་འབྱོར་མའི་ཡང་ངོ་། །ཀ་རྡོ་རྗེ་སོགས་ཤེས་བྱ་སྟེ། །ཁམས་ཀྱི་རྐྱེན་གྱི་ཡིད་ཀྱིས་སོ། །འཁོར་ལོ་དྲུག་

བདག་རྣལ་འབྱོར་ཅན། །དེ་ཐམས་ཅད་ནི་གར་དུ་མཛད། །ཐམས་ཅད་ཀྱིས་ནི་རོ་ལ་གནོན། །ཕྱག་གཉིས་པའམ་མཁའ་འགྲོའི་བདག །ཐོད་པ་ཁ་ཊྭཱཾ་ག་འཛིན་མ། །བདེ་ཆེན་རྣམ་པའི་གཟུགས་ཅན་མའོ། །སངས་རྒྱས་ཐུགས་ཀ་ནས་སྤྲོ་བ། །འཁོར་ལོ་གསུམ་སྤྲོ་འོད་ཟེར་

ཕྲེང་། །སྲོག་ནི་འོག་དང་སྟེང་ལྟ་བས། །སྡོམ་པ་རྒྱ་མཚོ་དགུག་པར་བྱ། །སླར་ཡང་དབུགས་ཀྱིས་དབྱུང་བ་ནི། །མཁའ་འགྲོ་རྒྱ་མཚོ་གཉིས་མེད་བདག །ཐམས་ཅད་སྡོམ་པའི་སྒྲུབ་ཐབས་སུ། །ཇི་ལྟའི་རྣལ་འབྱོར་གཞན་བྱའོ། །དེ་ལྟར་བྱེད་བཞིན་པ་ཉིད་ཀྱིས། །ཕྱག་

རྒྱའི་དངོས་གྲུབ་སྐྱེ་བར་འགྱུར། །གཞུང་ཐམས་ཅད་ནི་བལྟ་བར་བྱ། །གཞན་པའི་རྣལ་འབྱོར་དམིགས་མི་བྱ། །དམ་ཚིག་གི་ནི་སྤྱོད་པ་ཅན། །སྡོམ་པ་ཆུང་ངུར་རབ་ཏུ་བཤད། །ཐམས་ཅད་སོག་མ་བཞིན་དོར་ལ། །ཐམས་ཅད་སྡོམ་པ་གཟུང་བར་གྱིས། །མཆེ་བ་རྣམས་

Vol. 78 · folio 244a

གཙིགས་རབ་སྦྱོར་བས། །གཞུ་འགེངས་རིམ་པས་འོང་བར་གྱིས། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ཡང་། །སྔོན་གྱི་སྦྱོར་བས་བསྒོམ་པར་བྱ། །འོག་དང་སྟེང་གཉིས་མཆེ་བ་གཉིས། །བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དག །རང་མིང་བརྗོད་པའི་གསང་སྔགས་

ལ། །ཧཱུྃ་ཕཊ་ཡི་གེ་མཐར་སྦྱོར་གྱིས། །ཡང་དག་ཏིང་འཛིན་རྡོ་རྗེ་ཡི། །གསང་སྔགས་ཐམས་ཅད་ལ་བྱའོ། །ཐམས་ཅད་རྒྱན་ནི་རབ་བཤད་པའང་། །སྔགས་རིག་པ་ཡིས་སྔོན་བཞིན་ནོ། །བདག་གི་བདག་པོས་རྒྱུད་འདི་ནི། །གསུངས་པས་ཡང་དག་དགའ་བར་འགྱུར། །

ཉིད་དང་ལྷན་ཅིག་བྱ་བ་བྱས། །ཕྱག་རྒྱ་འོག་སྟེ་ཇི་ལྟར་ལགས། །ཁྱོད་ཀྱིས་འོག་དང་སྟེང་ཕྱག་རྒྱ། །རབ་བཤད་བྱ་ཡིས་ལྷ་མོ་ཉོན། །མཁའ་འགྲོ་རྒྱ་མཚོ་ཤེས་རབ་ཆེ། །ཐབས་ནི་སྡོམ་པ་རྒྱ་མཚོའོ། །འོག་དང་སྟེང་དུ་སྙོམས་འཇུག་པས། །དེ་ནི་ཕྱག་རྒྱ་མངོན་བརྗོད་འགྱུར། །

ཞལ་ལས་ངེས་པར་འཐོན་ཡུ་བ། །ངག་གིས་བསྒོས་པའི་བདག་ཉིད་དོ། །དེ་ནི་མཁའ་འགྲོ་སྤྱོད་དེ་ཡང་། །རྣམ་པར་ཤེས་དང་ཐམས་ཅད་འོང་། །ཞུ་བའི་གཟུགས་ནི་སྙིང་ག་རུ། །འོད་ཀྱིས་ཐམས་ཅད་སྡོམ་པར་གྱིས། །དེ་ནི་ཐེག་པ་ཆེར་སྡོམ་པ། །བདག་ཉིད་ཆེན་པོ་ཡེ་

ཤེས་གཟུགས། །དེ་ལྟར་གཉིས་སུ་བྱར་མེད་གཟུགས། །དེ་ནི་ཕྱག་རྒྱར་མངོན་པར་བརྗོད། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་ཆེ། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་མཆེ་བ་རྣམ་

པར་གཙིགས་པའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།དེ་ནས་ལྷ་མོས་མཆོད་བྱས་ནས། །ཕྱག་བྱས་ནས་ནི་འདི་སྐད་གསོལ། །སེམས་ཅན་རྣམས་ཀྱི་སྡོམ་བྱུང་བ། །བཅོམ་ལྡན་བདག་པོ་ཉིད་ཀྱིས་གསུངས། །ལྷ་དགྲ་ཡི་ནི་རབ་སྦྱོར་བས། །རབ་བཤད་བྱ་ཡིས་ལྷ་

མོ་ཉོན། །བྱང་ཆུབ་སེམས་ཀྱི་ཆ་ཅན་གྱི། །བདེ་བ་འོང་བའི་གང་ཞིག་རྩ། །སྡོམ་པ་སེམས་ཅན་སྨིན་བྱེད་པའི། །རྣལ་འབྱོར་དེར་ནི་རྣམ་པར་སྤྲོ། །འདོད་ཆགས་ཆགས་བྲལ་རྣམ་འདྲེས་པ། །སྡོམ་པ་སྐྱེ་འགྲོའི་གཟུགས་ཅན་ནོ། །གང་ཕྱིར་དེ་ཉིད་ཀྱིས་སྡོམ་པ། །སྔོན་གྱི་

Vol. 78 · folio 244b

སྤྱོད་པའི་སྡོམ་པའོ། །བཻ་ཡི་ནམ་མཁའ་ནམ་མཁར་ཏེ། །སྐུ་གསུམ་རྣམས་ཀྱི་ཡང་དག་བཞུགས། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཚེ་སེམས་ནི་འགྲོ་བཞིན་པ། །གཟུགས་ཀྱི་དབུས་སུ་ཐིམ་པར་གྱིས། །རང་རིག་

བདག་ཉིད་བྱང་ཆུབ་ལྡན། །ལྷན་ཅིག་སྐྱེས་པའི་སྐུ་འཐོབ་འགྱུར། །ཏིང་འཛིན་སྐད་ཅིག་རིག་མེད་པ། །གང་གི་སྲིད་གསུམ་ལ་ཐིམ་གྱིས། །དེ་ནི་འབྱུང་བར་ཤེས་བྱ་སྟེ། །ལུས་ཅན་གཞན་རྣམས་ཀྱི་སྡོམ་མ་མིན། །རྣལ་འབྱོར་རྣམས་ཀྱི་གསང་སྡོམ་པ། །དེ་ལྟར་དེ་ཉིད་ངེས་

ཤེས་བྱ། །ནང་གི་བདག་ཉིད་ཉིན་ཞག་གིའང་། །དེ་ཡིས་སྡོམ་པར་བཤད་པར་འགྱུར། །མཚན་ཉིད་ཐམས་ཅད་ཡོངས་ལྡན་པའི། །ཨཱ་ལི་ཀཱ་ལི་སོགས་སྡེ་ཚན། །དང་པོའི་ཡི་གེའི་ཆ་ལ་སོགས། །གང་དུ་མིང་ནི་ངེས་པར་མཐོང་། །རིགས་ནི་དེ་རུ་ཤེས་བྱ་སྟེ། །ཨང་ཀའང་སེམས་

ཅན་ཡང་དག་ལྡན། །མཐའ་ཡས་ལ་སོགས་ཀླུ་གང་དང་། །ཉི་མ་ལ་སོགས་གཟའ་དེ་བཞིན། །མཁའ་འགྲོ་མའི་མིང་ཐོག་བྱས་ནས། །མ་མོ་དེ་རྣམས་སུ་རབ་གྲགས། །ལྷ་རྣམས་ཀུན་གྱིས་བསྐྱེད་པ་དང་། །སྔགས་རྣམས་ཀྱི་དང་རྒྱུད་ཉིད་ཀྱིའང་། །འཇིག་རྟེན་ཀུན་གྱི་མ་ཡིན་ཏེ། །

དེ་ཡིས་མ་ལ་ཡང་དག་བརྟེན། །རྩ་ནི་དགུ་པོ་འགོག་པ་ལས། །སྲོག་རྒྱུ་རྣམས་སུ་ཤེས་པར་བྱ། །ཨ་ཨཱ་ཀ་ཙ་ཊ་ཏ་པ་དང་། །ཡ་ཤའི་སྡེ་ཚན་ཡི་གེ་དགུ། །ཨི་ཨཱི་ཁ་ཚ་ཋ་ཐ་ཕ། །ར་ཥ་གཉིས་པར་བརྗོད་པའོ། །ཨུ་ཨཱུ་ག་ཛ་ཌ་ད་བ། །ལ་ས་སྡེ་ཚན་གསུམ་པའོ། །ཨེ་ཨཻ་གྷ་ཛྷ་ཌྷ་དྷ་བྷ། །

ཝ་ཧ་སྡེ་ཚན་བཞི་པའོ། །ཨོ་ཨཽ་ཨཾ་ཨཿང་ཉ་ཎ། །ན་མ་དེ་ལྟར་དགུའི་བདག་ཉིད། །བཞི་པོ་ཡོངས་སུ་གྲགས་པ་སྟེ། །ཉི་ཅན་ལྔ་རྣམས་ཀྱིས་དེ་བཞིན། །དེ་ལྟར་འཇིག་རྟེན་ཀུན་གྱི་དེ། །སྡུད་པ་དང་ནི་འབྱིན་པར་གནས། །སྒྱུ་ཆེན་བཅུ་གཉིས་དེ་རྣམས་ཀྱིས། །ས་བོན་གཟུགས་ཀྱི་

ཚོགས་དྲན་བྱ། །དེ་རྣམས་རཱ་སིར་ཡང་དག་གྲགས། །རྒྱུ་སྐར་ཀུན་དང་ཡང་དག་ལྡན། །ཟླ་བ་དང་ནི་ཉི་མའི་ཆས། །འོག་དང་སྟེང་གི་ཁ་དེ་བཞིན། །བརྟན་པ་དང་ནི་གཡོ་བ་གཉིས། །རྒྱུ་སྐར་དང་ནི་རཱ་སིར་བཤད། །སྲོག་ཟུང་ངུ་ནི་དེ་བཞིན་གྲགས། །རིང་དང་ཐུང་ངུ་རྒྱལ་དང་ཕམ། །

Vol. 78 · folio 245a

སྟེང་དུ་དེ་ཡི་རྒྱལ་བར་བཤད། །འོག་ཏུ་འཆི་བ་མཉམ་མི་མཉམ། །ཉི་མའི་རྒྱུ་བར་སོན་པ་ཀུན། །རྒྱུ་སྐར་རཱ་སི་གཟའ་དེ་བཞིན། །རཱ་སི་རྣམ་གསུམ་སྤྱོད་གང་ཕྱིར། །ཉི་མར་གནས་པར་འཆར་བར་འགྱུར། །སྲོག་འཆར་བ་དང་ཡང་དག་ལྡན། །རཱ་སི་ཀུན་གྱིས་

ཤེས་པར་བྱ། །ཀངྐ་ཊ་སེང་བུ་མོ་དང་། །བུམ་པ་རིགས་དྲུག་ཡང་དག་ལྡན། །འཆར་བར་འགྱུར་དང་ཤར་བ་ཡང་། །ཇི་ལྟའི་རིམ་དག་གཟའ་ཀུན་གྱིས། །བྲིཤྩི་ཀ་དང་རྟ་ཉིད་དང་། །རི་དགས་བུམ་པར་ཡང་དག་ལྡན། །ཆ་ཤས་ལྔ་ཡི་ཚད་ཀྱིས་ནི། །གཟའ་ཤར་བ་ཡིས་འཆར་

བར་འགྱུར། །རི་བོང་ལུག་དེ་བཞིན་ཉིད་དང་། །སྐན་ད་རུ་ནི་སོན་དེ་བཞིན། །ཆ་ཤས་ཀྱང་ནི་བཞི་པ་ཉིད། །འཆར་བ་འོང་བར་འཆར་བར་འགྱུར། །ཞག་གི་འཆར་བ་མ་ལུས་པའང་། །འབྲས་བུའི་མིང་དང་ཡང་དག་ལྡན། །ནག་མོ་སོགས་ནས་འཇིབ་མའི་མཐར། །ཡོངས་

སུ་རིམ་པས་ཉི་ཤུ་བཞི། །གང་དང་འདྲ་བའི་མིང་དེ་འདྲའོ། །དེ་རྣམས་འབྲས་བུར་ཤེས་པར་བྱ། །ཉིས་འགྱུར་ལོངས་སྤྱོད་བྲིས་པ་དང་། །དབང་པོ་རྣམས་ཀྱི་ཆ་དང་ལྡན། །ཐོབ་པ་ཞག་ཏུ་ཤེས་བྱ་སྟེ། །བདག་གི་རྟག་ཏུ་ཞག་ལྷ་མོ། །བདག་ཉིད་ཀྱིས་ནི་དགོས་ཀུན་དང་། །གཞན་

རྣམས་ལ་ཡང་དེ་ལྟར་སྦྱར། །དེ་ཕྱིར་ཕྱི་དང་ནང་རྣམས་སུ། །དགེ་དང་མི་དགེའི་ལས་ཤེས་བྱ། །སྡོམ་པ་འབྱུང་བའི་དུས་སུ་ནི། །རྣམ་རྟོག་མེད་པས་མཚོན་པར་བྱ། །གཟའ་གང་དེ་རྣམས་དབྱངས་ཤེས་བྱ། །དབྱངས་གང་དེ་རྣམས་རཱ་སིའོ། །དབྱངས་དང་རཱ་སི་དེ་བཞིན་

སྐར། །རང་གི་གཟུགས་རྣམས་ཀྱང་བལྟའོ། །དངོས་གྲུབ་འབྲས་བུ་སྟེར་བ་པོ། །ཡང་དག་སྦྱོར་དང་བྲལ་ན་མེད། །གཡོ་བའི་འཆར་བས་གཡོ་བའི་ལས། །ངེས་པར་བརྟན་པས་གཡོ་མེད་འགྱུར། །འདྲེན་མ་ཡིས་ནི་འདྲེན་མར་འགྱུར། །སེམས་ཅན་རྣམས་ཀྱི་བསོད་ནམས་

རྒྱུས། །ལྷ་རྣམས་གྲོལ་བའི་རྒྱུ་ཉིད་པས། །ལྷ་ཡིས་དགྲ་ནི་བསྒོམ་པར་བྱ། །སུམ་ཅུ་བདུན་བདག་ཉིད་འཁོར་ལོ། །རྣལ་འབྱོར་དངོས་གྲུབ་བྱེད་པའི་གཙོ། །ཁ་དོག་དང་ནི་མཚན་ཉིད་དབྱིབས། །ལས་རྗེས་འབྲངས་པས་བསྒོམ་པར་བྱ། །ལྷ་འམ་ལྷ་མིན་སྦྱིན་བྱེད་ཀྱི། །དགྲ་ནི་འཁོར་

Vol. 78 · folio 245b

ལོ་སྡོམ་པའོ། །དཔའ་བོ་ཐམས་ཅད་སྙོམས་འཇུག་པས། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་ལྷ་ཡི་དགྲ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་ལྷ་དགྲ་ཡི་ཆོ་ག་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།དེ་ནས་རྣལ་འབྱོར་མ་ཐམས་

ཅད། །འདུས་པར་བྱས་ནས་འདྲི་བ་ནི། །ལྷ་དང་སྦྱིན་བྱེད་སེམས་ཅན་གྱི། །སྡུག་བསྔལ་སྟེར་པོ་ཇི་ལྟར་ལགས། །གལ་ཏེ་ཀུན་རང་བཞིན་སྟོན་པ། །དགེ་དང་མི་དགེ་དེ་འདྲི་བ། །དེ་ནས་བཅོམ་ལྡན་ལྷ་ལ་སོགས། །སེམས་ཅན་ཀུན་སྟེར་པོ་ཅི་ལགས། །འདི་ལ་བདག་ནི་

ཐེ་ཚོམ་མཆིས། །གཙོ་བོ་གསལ་བར་མཛོད་ཅིག་ཀྱེ། །ཕག་མོ་ལ་སོགས་མང་པོ་ཡི། །ལྷ་མོ་སྒྱུ་མ་ཆེན་མོ་ཉོན། །རང་རང་ལས་ཀྱི་རྗེས་འབྲངས་པས། །ལྷ་དང་སྦྱིན་བྱེད་སེམས་ཅན་གྱི། །བདག་གི་རང་བཞིན་དུ་ནི་མེད། །བྱང་ཆུབ་ཆེན་པོར་ཞུ་ལས་ཡོད། །

རང་གི་རང་བཞིན་ཡོན་ཏན་ཉིད། །བདག་གི་ལས་ཀྱིས་ཡང་དག་འབྱུང་། །དེ་ཕྱིར་དགེ་དང་མི་དགེ་བལྟ། །སྣ་ཚོགས་ཀུན་རྟོག་འཐོབ་པར་བྱེད། །དེ་ཡིས་ལྷ་དང་སྦྱིན་བྱེད་རྣམས། །གཟའ་དང་རཱ་སི་རྒྱུ་སྐར་ཅན། །རང་གི་ལས་འབྲས་ལ་ཟ་བ། །སྟེར་རོ་གཞན་དུ་ཅི་ཡང་མེད། །

སྟོན་པ་ཇི་ལྟར་གྲོལ་བར་འགྱུར། །གླུ་འདི་ཡིས་ནི་དགྱེས་པར་བྱེད། །ཨ་མི་ཏཱ་བྷ་ཛ་ནི་ཏཱ་མ་ས་མཱ་དྷྱ་མཱ་ག་མཱ་ག་མཱ་དྷཱ་ཉ། མ་པཱ་ཉ་རཱི་སཱ་མཱ་ཉ་རི་ག་མཱ་སཱ་ཉ་མཱ་རཱི་གི་མ་བྷཱུ་ཡ་ཏེ། ས་རཱི་རེ་སཱ་རཱི་རེ་ས་རཱི་རཱི་སཱ་ནཱི་སཱ་ཉ་ཤྲུ་ཏ་ནི་སཱ་མཱ་ཉ་སཱ་ནཱི། ཤཱི་རཱི་བྷ་ག་མཱ་དྷཱ་མྨཱ་དྷ་མྨཱ་སཱ་ཉ་པཱ་ཡཱ་མ་པཱ་པཱ་མ་ད་མི་ཏེ།

འོད་དཔག་མེད་ཀྱི་རབ་སྦྱོར་བས། །འདི་འདྲའི་གྲོལ་བ་བསྒྲུབ་པར་བྱ། །ཨ་བ་དྷཱུ་ཏཱིའི་དབུས་སུ་ནི། །རྣམ་ཤེས་གྲོལ་བ་ལ་མཚོན་བྱ། །སྲོག་ལ་སོགས་པའི་རླུང་ཐམས་ཅད། །རྣམ་འགྱུར་བྱས་པའི་བར་ཐིམ་བྱ། །རྣམ་པར་ཤེས་པ་འདྲེས་གྱུར་པའང་། །ཁམས་ཐམས་

ཅད་ཀྱི་བཅུད་ལེན་ཏེ། །འཐུངས་པས་དངོས་གྲུབ་ཐོབ་པར་འགྱུར། །དབང་པོ་རྣམ་བགྲོད་མཚན་ཉིད་ལས། །རྐན་གྱི་ཕྱོགས་སུ་གནས་པའི་ལྕེ། །ཨ་བ་དྷཱུ་ཏཱིར་དེ་རབ་བཤད། །ཆ་ཤས་ཅན་གྱི་ཐ་མ་ཡི། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །རྩ་ཐམས་ཅད་དུ་བཀང་བ་

Vol. 78 · folio 246a

སྟེ། །ཡང་དག་རིག་པའི་གཟུགས་སུ་ཐིམ། །མདོར་བསྡུས་པས་ནི་ཁམས་ལྔ་སྟེ། །གཞན་གྱི་དངོས་པོ་འདིར་མ་བརྗོད། །དབང་ཆེན་ལ་ནི་མེ་ཡིས་བསྲེག །ཆུ་ཡི་དབུས་སུ་རབ་ཏུ་ཐིམ། །མྱུར་དུ་ཞུ་ནས་འགྲོ་བར་འགྱུར། །རླུང་གི་ནམ་མཁའ་ལ་གནས་སོ། །ཆུ་ཡི་ཚོགས་

ནི་བསྐམས་བྱས་པས། །དེ་ཉིད་དུ་ནི་ཐིམ་ནས་འགྲོ། །སེམས་ནི་སྟོང་ཉིད་ལ་སོན་བྱ། །སྟོང་ཉིད་ནམ་མཁའི་ཁམས་ལའོ། །ནམ་མཁའ་ཡེ་ཤེས་ལ་འཇུག་བྱ། །ཡེ་ཤེས་སྒྱུ་མའི་རང་མཚན་ཉིད། །མཁས་པས་ཡེ་ཤེས་ཤེས་བྱའི་བདག །དེ་ལྟར་འོད་དཔག་མེད་པ་བསྒོམ། །རྩིབས་

བརྒྱད་ལེགས་པར་བརྒྱན་པ་ཡི། །ཤེས་བྱའི་འཁོར་ལོ་འདི་བསྒོམ་བྱ། །བུ་མེད་བྲི་བ་མི་ཨུ་ཀུ། །དྷ་སི་མེར་རོ་མ་ག་འདྲེར། །རླུང་དུ་ཏུ་ཀ་བི་མི་ཏེ། །དབང་ལྡན་དུ་ནི་རཱ་སིའོ། །དེ་རྣམས་འཁོར་ལོ་རིམ་ཇི་བཞིན། །དེ་བཞིན་འདི་ལ་འདི་རྣམས་དགོད། །ཨ་ཨི་ཨུ་ཨེ་ཨོའི་ས་བོན། །

བཀྲ་ཤིས་ལ་སོགས་གཟའ་ལྔ་ནི། །ཤར་ལ་སོགས་པར་དགོད་པར་བྱ། །རིང་པོ་དེ་ཉིད་དུ་དགོད་བྱ། །ཨཾ་ཨཿཉི་མ་ཟླར་ཤེས་བྱ། །ཉི་མ་ཟླ་བ་འདིར་གྲོལ་བ། །ཀུ་ལི་རེ་ལ་ཉི་མ་སྟེ། །གཟའ་ལྷག་གདོང་ལྔ་པ་འདིར་གནས། །མཐར་ནི་གང་ཞིག་ལྷག་མ་ཡི། །སོ་སོའི་ཆོ་གས་ཟ་བར་འགྱུར། །

རཱ་སི་རྣམས་ཀྱིས་བརྒྱན་པ་ཡི། །འགྲོ་ཀུན་ལ་ཕན་འཁོར་ལོ་དེ། །དེ་ལྟར་དོ་ལའི་འཁོར་ལོར་འགྱུར། །རྒྱུ་སྐར་རཱ་སི་དུས་དང་ཞག །ལུག་རྣམས་རོ་ཧི་ཏི་སོགས་དང་། །ཟླ་བ་དང་ནི་ཉི་མ་རྣམས། །འཆི་བའི་མཚན་ཉིད་མཚོན་པ་ནི། །མདོར་བསྡུས་པ་ཡིས་བཤད་པར་བྱ། །རྒྱུ་སྐར་

དུས་ཚོད་ཡང་དག་ལྡན། །གཟའ་དང་ནད་ནི་དེ་བཞིན་ཏེ། །དོ་ལ་རཱ་སིའི་ཚད་ཀྱིས་ནི། །སྐྱེ་བའི་ལས་སུ་བརྗོད་པ་ཡིན། །ཀཱརྟི་ཀ་དང་བཟང་པོའི་ཚེ། །མིག་དམར་དེ་བཞིན་སྨིན་དྲུག་སྟེ། །དེ་ལ་འཆི་བར་ཤེས་པར་བྱ། །གལ་ཏེ་རྣལ་འབྱོར་པ་མེད་ནའོ། །མྲྀ་ག་ཤིཪྵ་མགོ་དང་ནི། །

གཟའ་ལྷག་ཉི་མ་ལ་སྨྱོ་བ། །མགུལ་པའི་ནད་ཀྱིས་ཉིན་བཞི་ན། །ཁྱུ་མཆོག་ལ་ནི་རྟག་ཏུ་འཆི། །རྒྱལ་དང་མྲི་གའི་རྒྱུ་སྐར་དང་། །གཟའ་ལྷག་འཁྲིག་པ་ལ་འཆིའོ། །ཀུ་ལི་ར་མཆུའི་ཚེས་བརྒྱད་ཀྱི། །ཐོ་རངས་པ་སངས་ལ་འཆིའོ། །གྲེ་དང་མཆུ་ཡི་རྒྱུ་སྐར་དང་། །ཚེས་བཅུ་སྤེན་

Vol. 78 · folio 246b

པ་སེང་གེ་ལ། །ནུབ་མོ་འཆི་བར་ཤེས་བྱ་སྟེ། །གལ་ཏེ་བརྒྱ་བྱིན་མཉམ་གྱུར་ཀྱང་། །བུ་མོ་ཉི་མར་གུལ་མས་འཆི། །ས་ག་དང་ནི་བཅུ་བཞི་དང་། །གཞུ་དང་ཕུར་བུའི་རེ་མོ་དང་། །གལ་ཏེ་སངས་རྒྱས་མཉམ་གྱུར་པ། །སྲང་ལ་འཆི་བར་ཤེས་པར་བྱ། །སྣྲོན་དང་བཅུ་གཅིག་ནག་

པ་དང་། །ཕུར་བུ་སྡིག་པ་ལ་འཆིའོ། །ཆུ་སྟོད་ཆུ་སྨད་ཚེས་དགུ་དང་། །གྲོ་བཞིན་གཞུ་དང་པ་སངས་འཆི། །གྲོ་བཞིན་ཚེས་བདུན་ཟླ་བ་དང་། །རྒྱལ་དང་ཆུ་སྲིན་ལག་ནོར་མེད། །ཁྲུམས་སྟོད་ཁྲུམས་སྨད་བཅུ་གསུམ་པ། །ཟླ་བ་མོན་གྲེ་བུམ་པས་འཛད། །ཐ་སྐར་བརྒྱད་པ་ནམ་གྲུ་

དང་། །སྤེན་པ་དང་ནི་ཉ་ལ་འཆི། །སེམས་ཅན་ཀུན་གྱི་སྐྱེ་བའི་རྩིས། །དུས་སྨྲ་བས་ནི་ཤེས་པར་བྱ། །ས་བོན་གཅིག་ལས་སྐྱེས་ཡོན་ཏན། །གཉིས་པ་སྐྱེ་བའི་དུས་ཀྱིས་སོ། །རིགས་གཉིས་སུ་ནི་ཤེས་བྱས་ནས། །དེའི་དུས་སྐྱེ་རྩིས་བརྩམ་པར་བྱ། །སྔོན་ལས་རྣམ་པ་སྣ་

ཚོགས་ཀྱིས། །མཁས་པས་དེའི་རིགས་སུ་སྐྱེའོ། །དེ་ཡི་འབྲས་བུ་ཤེས་བྱ་སྟེ། །མཚན་ཉིད་ཀྱིས་ནི་རྗེས་སུ་གནས། །རཱ་སི་སོགས་འཁོར་འབྲེལ་པ་དེ། །རྣམ་ཤེས་ཀུན་གྱི་མཚན་ཉིད་དོ། །འོད་དཔག་མེད་ཀྱི་རབ་སྦྱོར་བས། །དཀྱིལ་འཁོར་གསལ་བར་བསྒོམ་པར་བྱ། །

དབུས་སུ་འོད་དཔག་མེད་མགོན་པོ། །ལྷག་མར་མཁའ་འགྲོ་མ་སོགས་སོ། །དེ་ནི་རྣམ་ཤེས་སྐྱེ་གསལ་བར། །ལས་ཀྱི་འབྲས་བུ་དེ་དྲན་བྱ། །ཐམས་ཅད་བདེ་བ་ཀུན་སྦྱོར་ལས། །དེ་ཚེ་གཉིས་མེད་ལ་བརྟེན་པའི། །འོད་དཔག་མེད་ཀྱི་སྦྱོར་ལྡན་པ། །བཅོམ་ལྡན་སྟོན་པས་

འདི་གསུངས་སོ། །ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།རྡོ་རྗེ་འོད་ཀྱི་རབ་སྦྱོར་བས། །ཡེ་ཤེས་དེ་ཁོ་ཉིད་བཤད་བྱ། །ལྷ་མོས་སླར་ཡང་མཆོད་བྱས་ནས། །དེ་ཁོ་ན་ཉིད་ཡེ་ཤེས་ཞུས། །སེམས་ཅན་རྣམས་ཀྱི་རྣམ་ངེས་པས། །འཆི་བའི་

མཚན་ཉིད་གང་འདྲ་བ། །དེ་འདྲ་བདག་གིས་བཤད་བྱ་ཡིས། །རྩེ་གཅིག་པ་ཡི་ཡིད་ཀྱིས་ཉོན། །ལུས་ལ་རྩ་རྣམས་མཚན་མ་ནི། །དེ་རྣམས་ཇི་ལྟར་གསལ་བར་དབྱེ། །རྩ་ཆེན་སུམ་ཅུ་རྩ་གཉིས་ཏེ། །དེ་རྣམས་ཀྱི་ནི་གཙོ་བོ་མཆོག །བཅུ་གཉིས་དེ་བཞིན་དུ་ལྷ་མོ། །དབྱངས་

Vol. 78 · folio 247a

རྣམས་བགྲོད་པའི་མཚན་ཉིད་དེ། །དཀར་པོ་ནག་པོའི་ཕྱོགས་ཀྱིས་ནི། །ཉི་ཤུ་རྩ་བཞི་རུ་ནི་བརྗོད། །དེར་ནི་སྙིང་པོ་དགུ་པོ་མཆོག །ལུས་ཀྱི་མཚན་མའི་མཚན་ཉིད་དོ། །གང་གིས་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལྟ་བུར་གནས་སོ། །དབུགས་

ནི་རྣམ་པར་སྤྲོས་ཙམ་གྱིས། །ལུས་ཅན་འཕོ་བ་དྲུག་གཉིས་ན། །སྔ་དྲོ་རོ་ཧི་ཏ་ཡི་ཆར། །དེ་ཡི་རྟགས་ནི་མཚོན་པར་བྱ། །སྣ་དང་མིག་གི་ཕྱོགས་དང་ནི། །འགྲམ་པ་དང་ནི་རྣ་བའི་རྩར། །ལྕེ་དང་མཆེ་བའི་མཚམས་དང་ནི། །མགྲིན་པ་རྩིབ་ལོགས་དེ་བཞིན་དུ། །སྙིང་

གི་གུར་དང་ལྟེ་བ་དང་། །བརླ་དང་བྱིན་པ་དེ་བཞིན་གཞན། །མདོམས་དང་ལིང་ག་དག་དེ་བཞིན། །མགོ་བོ་དང་ནི་སྤྱི་བོའི་ཕྱོགས། །མཚམས་ནི་དེ་རྣམས་ཐམས་ཅད་དུ། །དབུགས་ནི་འཆད་ཅིང་འཆད་པའོ། །ལུས་ཀྱི་མཚན་མ་དགུ་རྣམས་ཏེ། །འཆི་བའི་དུས་ནི་

བསྟན་པ་ཡིན། །ཉི་མའི་ཚད་ཀྱི་གྲངས་རྣམས་ནི། །འཁོར་ལོ་དུས་བདག་ཉིད་ཅན་དགའ། །གང་ཚེ་ཉི་མ་དྲུག་རྣམས་ཞོན། །གཅིག་བརྗོད་པ་ནི་བརྒྱན་པ་ཡིན། །དེར་ནི་ལོ་གསུམ་འགྱུར་ཅན་ཏེ། །སུམ་བརྒྱ་དྲུག་ཅུ་རྣམས་དེ་བཞིན། །ཆ་ཤས་དེ་ལྟར་གྱི་ནི་ཚད། །མདོར་

བསྡུས་པ་ཡིས་བཤད་པར་བྱ། །ཉི་མ་བདུན་ནི་ཡོངས་ཐོབ་ནས། །གང་ཚེ་རླུང་ནི་འབབ་པ་ན། །ལོ་གཉིས་ཡང་དག་བརྗོད་པ་དང་། །དུས་ཀྱི་གྲངས་ཅན་ཟླ་བ་དང་། །ཉི་མ་རྣམས་ནི་བཅྭ་བརྒྱད་ཀྱི། །གང་ཞིག་ཚད་དུ་ཡང་དག་བརྗོད། །ཞག་བརྒྱད་རྣམས་སུ་ཡོངས་གཏོང་

པས། །རླུང་ནི་གང་ཚེ་འབབ་པ་ན། །ལོ་གཉིས་སུ་ནི་ཡོངས་བཤད་པར། །དེ་ཡི་འཚོ་བ་ཡི་ནི་གྲངས། །ངེས་པར་དེ་ཚེ་འཆི་བ་ནི། །དེ་ཡི་ཟླ་བ་རིག་བྱེད་གྲངས། །ཉི་མ་ཉི་ཤུ་རྩ་བཞིར་བཤད། །འཚོ་བ་ཡི་ནི་དུས་གྲངས་སོ། །ལྷ་མོ་ཉི་མ་དགུར་འབབ་ན། །ལོ་གཉིས་སུ་ནི་

དེ་འཚོ་སྟེ། །ཟླ་གཉིས་ཉི་མ་ཉི་མ་ཡི། །ཚད་ནི་སྦྱོར་བའི་ལུས་ཅན་ནོ། །ལྷ་མོ་ཉི་མ་བཅུ་རྣམས་ཀྱིས། །ལོ་གཉིས་སུ་ནི་དེ་འཚོའོ། །ཉི་མ་བཅུ་གཅིག་དེ་བཞིན་དུ། །གང་ཚེ་རྩ་ནི་རབ་འཇུག་ན། །ལོ་གཅིག་གི་ནི་ལམ་བཅས་པས། །ཟླ་བ་ཡང་ནི་དགུའི་གྲངས་ཀྱིས། །ཉི་མ་བཅྭ་

Vol. 78 · folio 247b

བརྒྱད་རབ་ཏུ་བཤད། །ཐེ་ཚོམ་མེད་པར་བཤད་པའོ། །ཞག་ནི་བཅུ་གཉིས་རབ་འབབ་པས། །ལོ་གཅིག་ཏུ་ནི་རབ་ཏུ་གྲགས། །ཟླ་བ་ཡང་ནི་ལོའི་གྲངས་ཅན། །ཉི་མ་རྣམས་ནི་དུས་ཀྱིས་མཛེས། །བཅུ་གསུམ་དུ་ནི་གང་ཚེ་རྩ། །གཡས་སུ་བགྲོད་པ་འབབ་པ་ན། །ལོར་

ནི་ཡང་དག་བཤད་པ་སྟེ། །ཟླ་བ་ཡང་ནི་རིག་བྱེད་གྲངས། །ཉི་མ་རྣམས་ནི་དགུའི་གྲངས་ན། །འཆི་བའི་མཚན་ཉིད་བཤད་པའོ། །ལྷ་མོ་གང་ཚེ་བདུན་གཉིས་སུ། །རྟག་ཏུ་རླུང་ནི་འབབ་པ་ན། །ལོ་ནི་ཚེ་རུ་ཡང་དག་བཤད། །ཟླ་བའི་ཚེར་ནི་ཡང་དག་གྲགས། །ཉི་མ་རྣམས་ནི་

བཅུ་གཉིས་ཏེ། །དེ་ཡི་འཚོ་བའི་ཚད་ཡིན་ནོ། །གང་ཚེ་ལྔ་བཅུ་ཉི་མར་ནི། །རླུང་ནི་དེ་བཞིན་འབབ་པ་ན། །དེ་ཚེ་འཆི་བར་ཤེས་བྱ་བ། །ལོ་གཅིག་ན་ནི་ཐེ་ཚོམ་མེད། །ཉི་མ་མཆོག་ནི་ཕན་པ་ཡི། །གང་ཚེ་བརྒྱད་གཉིས་སུ་འབབ་ན། །འཚོ་བ་ཟླ་བ་བཅུ་དང་ནི། །ཉི་མ་རྣམས་ནི་མཆོག་

གྲངས་ཀྱི། །ཉི་ཤུ་རྩ་བཞིའི་ཉི་རྣམས་ཀྱི། །ཚད་དུ་བདག་གིས་བཤད་པའོ། །ཉི་མ་རྣམས་ནི་བཅུ་བདུན་དུ། །ངེས་པར་གང་ཚེ་རླུང་འབབ་ན། །དེ་ཚེ་དེ་ཡི་ཚད་ཀྱིས་ནི། །ཟླ་བ་རྣམས་ནི་དགུ་དང་ནི། །ཉི་མ་བཅྭ་བརྒྱད་ན་དེ་བཞིན། །འཆི་བའི་དུས་ལ་ཐེ་ཚོམ་མེད། །ཉི་མ་བཅྭ་

བརྒྱད་རྒྱུ་བ་ཡིས། །ཟླ་བ་ཡང་ནི་བརྒྱད་ན་ཡང་། །ཉི་མ་རྣམས་ཀྱང་ཉི་མའི་གྲངས། །དུས་ཀྱི་གྲངས་ནི་བཤད་པའོ། །གང་ཚེ་གཅིག་དམན་ཉི་ཤུར་ནི། །དྲི་ལ་ཞོན་པ་སྤྱོད་པ་ན། །ཉི་མ་ཡང་དག་བཤད་བྱ་བ། །འཚོ་བ་ཟླ་བ་བདུན་དང་ནི། །ཉི་མ་རྣམས་ནི་དུས་གྲངས་བཤད། །

དུས་འདི་རྣམས་ཀྱིས་མཆོག་གདོང་ཅན། །གང་ཚེ་ཉི་ཤུ་རུ་ནི་སྤྱོད། །ཟླ་བ་དྲུག་ན་ཚེ་དང་འབྲལ། །ཉི་མ་ཉི་ཤུ་གཅིག་རྣམས་སུ། །གང་ཚེ་ཉི་མ་རབ་འབབ་ན། །ཟླ་བ་ལྔ་རུ་ཡོངས་འཚོ་སྟེ། །ཉི་མ་རྣམས་ནི་ཉི་མའི་གྲངས། །ཉི་ཤུ་རྩ་གཉིས་གང་ཚེ་འབབ། །ཟླ་བའི་རིག་བྱེད་

ན་ཚེ་འགྲོ། །ཉི་མ་རྣམས་ནི་ཉི་ཤུ་བཞི། །ཟླ་བ་རིག་བྱེད་དུ་བཤད་དོ། །ལྷ་མོ་གང་ཚེ་ཉི་ཤུ་གསུམ། །རླུང་ནི་རྒྱུན་དུ་འབབ་པ་ནི། །དེ་ནི་ཟླ་བ་བཞིར་འཚོ་སྟེ། །ཉི་མ་དུས་རྣམས་སུ་དྲན་བྱ། །ཉི་ཤུ་རྩ་བཞིར་རབ་འབབ་པས། །ཟླ་བ་གསུམ་དུ་བཤད་པ་སྟེ། །ཉིན་བཅུ་གཅིག་

Vol. 78 · folio 248a

ན་དེ་བཞིན་དུ། །འཆི་བའི་དུས་སུ་རྣམ་པར་བརྗོད། །དུས་ཀྱི་གྲངས་ནི་མདོར་བསྡུས་ནས། །གོང་དུ་སྔོན་དུ་བཤད་དེའི་ཕྱིར། །བར་གྱི་ཉི་མ་མ་བཤད་གང་། །བཅུ་གཉིས་ཉིད་ཀྱི་གྲངས་ཀྱིས་ནི། །ཆ་ཡི་རིམ་པས་དེ་སྦྱངས་ནས། །བར་ནི་གསལ་བར་བྱེད་

པ་ཡིན། །བློ་དམན་རྣམས་ཀྱིས་རྟོགས་དོན་དུ། །དུས་འདི་རྣམས་ནི་རབ་ཏུ་བསྟན། །རྣལ་འབྱོར་མ་རྣམས་ཤིན་ཕྲ་མོའི། །མཐུན་མ་དུས་ནི་བདག་གིས་བཤད། །ལྷ་མོ་དེ་རྣམས་ཀྱིས་ཡིད་ཆེས། །ཁམས་ནི་མཉམ་པ་ཅན་དུ་འགྲོ། །སྣ་ཡི་ཤ་ནི་རྣམ་ཆད་ཅིང་། །སྟེང་

བལྟས་མ་ནི་དེ་བཞིན་འབབ། །དེ་ཡི་འཚོ་བར་ཤེས་བྱ་བ། །ཉི་མ་བདུན་ན་ཐེ་ཚོམ་མེད། །མིག་གིས་གོས་ནི་ཡང་དག་ཆད། །གྱེན་ཁ་བལྟས་མ་མཆོག་དེ་བཞིན། །ཆ་ཤས་དགུ་ལ་ཡང་དག་ཞོན། །ལྔས་ལྷག་པ་ན་འཆད་དེ་བཞིན། །གོ་དཱ་བ་རྱ་མཁུར་བ་ཡི། །ངོས་སུ་སྟེང་

དུ་འགྲོ་བ་མོ། །ཉི་མ་བཅུ་རུ་ཤེས་བྱ་སྟེ། །ནུབ་གཅིག་གིས་ལྷག་དེ་བཞིན་ནོ། །རྣ་བ་གཡས་ལ་ཡོངས་བརྟེན་ནས། །བཟང་མོ་སྟེང་དུ་ཡང་དག་བརྟེན། །བཅུ་གཅིག་ཆ་ཤས་ལ་ཞོན་ཏེ། །འཆད་པ་བཅྭ་བརྒྱད་ན་དེ་བཞིན། །བཅུ་གཉིས་དེ་བཞིན་དུ་ལྷ་མོ། །ལྕེ་ལ་རི་མོ་ནག་པོ་

ཅན། །ལུས་ཅན་ཀུན་གྱི་འཆི་བ་ནི། །ནམ་ཟླའི་མཚན་མོས་ཤེས་པར་བྱ། །བཅུ་གསུམ་སོ་ཡི་བར་དུ་ནི། །གདོང་ནག་མོ་ནི་རེག་དེ་བཞིན། །ནམ་ཟླའི་གྲངས་ཀྱི་ཉི་རྣམས་ཀྱིས། །འབྱུང་པོ་རྣམས་ཀྱི་བགྲོད་པ་ཡིན། །རྒྱུན་དུ་མཆི་མ་འབབ་གང་རྩ། །སྟེང་བལྟས་མར་ནི་རབ་ཏུ་

གྲགས། །བཅུ་བཞི་པ་ཡི་དབྱངས་ལ་ཞོན། །བཅུ་ཕྱེད་ཀྱིས་ནི་ཐེ་ཚོམ་མེད། །སྙིང་གའི་གཟེབ་ནི་ཞོམ་པ་དང་། །སྟེང་དུ་ལྟ་མ་དེ་མཆོག་མ། །གསུམ་དང་ལྔ་རུ་མཛེས་ལྷ་མོ། །ཟླ་བ་ཕྱེད་དུ་ཐེ་ཚོམ་མེད། །ལྟེ་བའི་དབུས་སུ་སོན་ལྷ་མོ། །བཅུ་དྲུག་ཆ་བདག་ཅན་ཡོངས་རྫོགས། །

སེན་མོའི་ཁྲག་མེད་དེ་བཞིན་ཞག །ཉིན་རྣམས་བཅུ་རུ་ཐེ་ཚོམ་ཟ། །བཅུ་བདུན་པ་ཡི་རྩ་ཡང་ནི། །བརླ་ཡི་སྟེང་དུ་སྐམས་པ་ནི། །ཉི་ཤུ་རྩ་བཞིར་ཡང་དག་གྲགས། །ཉིན་གཞན་ཉིན་ལ་ཐེ་ཚོམ་མེད། །བྱིན་པ་ཟུང་གི་གང་ཞིག་རྩ། །སྟེང་དུ་བལྟས་མ་དེ་བཞིན་མཆོག །བཅྭ་བརྒྱད་

Vol. 78 · folio 248b

པ་རུ་ཤེས་བྱ་སྟེ། །ཉི་མ་རྣམས་ཀྱང་ཉི་གྲངས་ཀྱིས། །གཅིག་གིས་དམན་པའི་ཉི་ཤུ་འདོམས། །འཆི་བའོ་སྟེང་དུ་ཁ་བལྟས་མཆོག །མཉམ་པས་འཆད་པར་འགྱུར་བ་ལ། །འདི་ཡིས་འཚོ་བར་ཐེ་ཚོམ་མེད། །མཚན་མར་རོལ་ལྡན་མར་གྲགས་མ། །སྟེང་བགྲོད་མཆོག་

གི་དབང་ཕྱུག་མ། །བཅུ་གཉིས་སུ་ནི་ཡང་དག་གྲགས། །ཉིན་རྣམས་དུས་ཚོད་ཐེ་ཚོམ་ཟ། །བར་གྱི་ཉི་མ་གང་བཤད་པ། །བཅུ་གཉིས་ཉིད་ལ་ཐེ་ཚོམ་མེད། །ལོ་ཡི་རིམ་པས་དེ་སྦྱངས་ནས། །བདུན་ཅུ་རྩ་གཉིས་རིམ་པ་ཡིས། །དྲུག་དང་སུམ་ཅུ་བཅྭ་བརྒྱད་བཅུ། །འདི་

ནི་ཟླ་བས་རིམ་ཇི་ལྟར། །ཤེས་བྱ་དེ་ལྟར་ལྷ་ཆེན་མོ། །རིམ་གྱིས་རིམ་གྱིས་དབྱེ་བའོ། །ལྷག་མ་ཉིད་ནི་བསྡུས་འགྱུར་བར། །འཚོ་བ་ཡིར་ནི་ཤེས་པར་བྱ། །ཡང་དག་ཆོ་ག་འདི་རྣམས་ཀྱིས། །རྡོ་རྗེ་འོད་ནི་བསྒོམ་པར་བྱ། །རབ་ཏུ་སྦྱོར་བས་སྲོག་བཀང་པས། །སངས་རྒྱས་

ལུས་ལ་འཆི་ཅི་སྨོས། །རབ་ཏུ་སྦྱོར་བ་འདི་བརྟེན་ནས། །མདོར་བསྡུས་པ་ཡིས་འཆད་པར་འགྱུར། །རྡོ་རྗེའི་ལམ་ནས་སོན་པའི་སྲོག །སྣལ་མ་བཅུ་གཉིས་མཐའ་བར་དུའོ། །སངས་རྒྱས་རྗེས་སུ་དྲན་སྦྱོར་བས། །འདོད་པ་ལྔ་ཅན་ལ་ཟ་འགྱུར། །གསང་སྔགས་ཆེན་པོའི་འོད་

ལ་ནི། །གནས་ནས་ཀུན་དུ་བགྲོད་པར་བྱ། །སྒྱུ་མའི་བདག་ཉིད་འཆི་མེད་འགྱུར། །རྣམ་པ་དྲི་ཟའི་རིས་ཅན་ནོ། །རྩྭ་ཡིས་ཀུན་ནས་འགེངས་བཞིན་པ། །དངོས་པོ་ཀུན་ལ་གནས་པ་ཡིན། །སྐྱེ་བོ་ཀུན་གྱི་ཁམས་རྣམས་ནི། །ཡེ་ཤེས་རྣམ་པར་འཐོབ་པར་བྱེད། །ཆོས་བདག་

མེད་པ་འཛག་པར་འགྱུར། །གང་ཟག་རྣམས་ལ་དགོད་པར་འགྱུར། །གཉིས་ཀ་སྒྱུ་མ་ཆེན་མོ་སྟེ། །སྙིང་རྗེའི་དབང་གིས་བཞུགས་པ་ཡིན། །མཐར་ཐུག་པ་ཡི་སྦྱོར་བས་སེམས། །མཚམས་རྣམས་ཀུན་དུ་འཆི་བ་ཡིན། །འཆི་བ་ཆེན་པོ་སངས་རྒྱས་གཟུགས། །རྣལ་འབྱོར་

རྣམས་ལ་བདེ་སྟེར་བྱེད། །དཀྱིལ་འཁོར་ཐམས་ཅད་གཟུང་བ་ཡི། །ཐམས་ཅད་བདེ་བའི་བདག་ཉིད་འགྱུར། །འཁོར་ལོའི་རིམ་པའི་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་མྱོང་། །རྡོ་རྗེ་འོད་ནི་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀྱི་གཟུགས་མཚུངས་མ། །ལྷ་ནི་མངོན་

Vol. 78 · folio 249a

རྟོགས་གཟུགས་ཅན་ཏེ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །སྲོག་ཀུན་ཡང་དག་སྦྱོར་བ་ལས། །མཆོག་ཏུ་ཟག་མེད་བཞུགས་ལྡན་པ། །དེ་བཞིན་གཤེགས་པ་དུས་འཁོར་གྲགས། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་འོད་ཀྱི་

ཆོ་ག་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་སོགས། །བྱང་སེམས་དེ་བཞིན་གཤེགས་རྣམས་ཀྱིས། །མཆོད་པ་བྱས་ཤིང་ཕྱག་བྱས་ནས། །འདི་སྐད་དུ་ནི་གསོལ་བའོ། །གཙོ་བོ་ལྷ་རྣམས་སྒྲུབ་ཐབས་དང་། །དེ་རྣམས་རང་སྔགས་བདག་ལ་

གསུངས། །གང་གིས་ཐམས་ཅད་དབང་གྱུར་པ། །གང་གིས་རབ་སྦྱོར་ཉིད་ཀྱིས་ལགས། །ལྷ་ལ་སོགས་པའི་སྒྲུབ་པའི་ཐབས། །རྡོ་རྗེ་སྐུ་ཡི་རྒྱལ་པོ་ཉོན། །གང་གིས་ཡང་དག་ཆོ་ག་ཡིས། །མྱུར་དུ་དངོས་གྲུབ་རབ་ཏུ་འཇུག །དཀྱིལ་འཁོར་བྲི་བ་བྱས་ནས་ནི། །སྐུ་

བསྒོམ་བྱ་བ་འདིར་བཤད་དེ། །དེ་ལ་མ་མོ་ལྷ་རྣམས་དང་། །ཕོ་ཉ་འབྱུང་པོ་གཟའ་དེ་བཞིན། །ལུས་སྲུལ་པོ་ནི་ཆེན་པོ་དང་། །རིག་པའི་གསང་སྔགས་འདིར་བརྗོད་བྱ། །དབུས་མ་ཡི་ནི་ནང་གནས་པ། །སྲིད་པ་དག་པས་བསྒྲུབས་པ་ཡིན། །དུས་ཐམས་ཅད་དུ་བསྐྱེད་

པ་ནི། །དཀྱིལ་འཁོར་དུ་ནི་རབ་འབབ་ཅན། །མ་མོ་དབང་ཆེན་བསྒྲུབ་བྱ་དང་། །ལྷ་ནི་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་པོ་མེ་ལ་བསྒྲུབ་བྱ་བ། །གཟའ་ནི་རླུང་གི་དཀྱིལ་འཁོར་ལ། །ལུས་སྲུལ་པོ་ནི་ནམ་མཁའ་སྟེ། །རྡོ་རྗེའི་སྐུ་ཡི་རབ་སྦྱོར་བར། །ཡེ་ཤེས་དཀྱིལ་འཁོར་ཆ་

ཡིས་ནི། །ཨ་བ་དྷཱུ་ཏཱིར་འབབ་པ་ཡིན། །དཀྱིལ་འཁོར་ལྔ་རྣམས་ཀྱི་ཐ་མ། །དེ་ཡི་དུས་སུ་ཤེས་པར་བྱ། །དེ་བལྟས་ནས་ནི་ཕྱི་རོལ་དུ། །རས་བྲིས་ལ་སོགས་དཀྱིལ་འཁོར་དགོད། །ནག་པའི་བརྒྱད་དང་བཅུ་བཞི་ལ། །འབྱུང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ། །འབུམ་

ཕྲག་བཟླས་པས་དེ་ནས་ནི། །སྟེར་འགྱུར་མདུན་དུ་མངོན་སུམ་དུའོ། །ཚངས་མ་ཞི་བ་མོ་དེ་བཞིན། །གཞོན་ནུ་མ་དང་ཕག་མོ་དང་། །དབང་མོ་ཉིད་དང་ཙ་མུཎྜི། །ཚོགས་ཀྱི་དབང་མོ་མེ་གདན་མོ། །གཉིས་པའི་དུམ་བུར་དབང་པོ་དང་། །གཤིན་རྗེ་ཆུ་ལྷ་ལུས་ངན་དང་། །

Vol. 78 · folio 249b

ཡི་དགས་དབང་དང་མི་སྟན་ཅན། །བདེན་བྲལ་དང་ནི་རླུང་དེ་བཞིན། །དུམ་བུ་གསུམ་པར་དགོད་བྱ་བ། །ཉི་མ་ཟླ་བ་མིག་དམར་དང་། །གཟའ་ལག་ཕུར་བུ་པ་སངས་དང་། །སྤེན་པ་དང་ནི་རཱ་ཧུའོ། །བཞི་པར་ཚངས་ཁྱབ་འཇུག་དེ་བཞིན། །དྲག་པོ་གཞོན་ནུ་ངེས་པར་བསྐོར། །ས་

དང་ཆུ་དང་མེ་དང་རླུང་། །འབྱུང་བ་ཆེན་པོའི་ཁམས་རྣམས་དང་། །མཁའ་འགྲོ་མར་མེ་འཇིབ་མ་དང་། །ཀམ་པོ་ཛཱི་ཁྱབ་བདག་དེ་བཞིན། །འབྱུང་པོ་འབྱུང་པོའི་གཟུགས་ཀྱིས་ནི། །རྟག་ཏུ་ཆོ་ག་བཞིན་བསྒྲུབ་བྱ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཀུན་ནས་ཕྱི་ཡི་དཀྱིལ་

འཁོར་བྲི། །རི་མོ་སུམ་སྐོར་དབུས་བྱིན་པས། །བརྟུལ་ཞུགས་ཅན་གྱིས་མཛེས་པར་བྱ། །པདྨ་འདབ་བརྒྱད་བྲི་བར་བྱ། །ལྟེ་བ་ཟབ་པའི་སྤྱོད་ཡུལ་ཅན། །དེ་ཡི་དབུས་སུ་རྡོ་རྗེའི་སྐུ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །བཞད་པའི་

ཞལ་ལ་ཁྲོ་དང་བཅས། །ཁ་དོག་སྔོན་པོ་དྲག་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཉི་མར་གར་མཛད་རོ་ལ་བཞུགས། །སུམ་ཅུ་པ་རྣམས་འཇིགས་པར་མཛད། །སྟག་གི་པགས་པའི་ན་བཟའ་འཛིན། །བཟང་པོའི་གཟུགས་ཅན་སྤྱན་གསུམ་པ། །ཐོད་པ་དང་ནི་

ཁ་ཊྭཱཾ་འཛིན། །ཅང་ཏེའུ་གྲི་གུག་གིས་ནི་བརྒྱན། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་དུ་རིམ་པ་ཇི་ལྟ་བས། །མཁའ་འགྲོ་ཀམ་པོ་ཛཱི་ཉིད་མ། །འཇིབ་མ་དང་ནི་མར་མེ་མའོ། །དེ་ལྟར་རྡོ་རྗེ་སྐུ་ཡི་དོན། །མདོར་བསྡུས་པ་ཡིས་བརྗོད་པར་བྱ། །ལྟེ་བར་རྡོ་རྗེའི་རྣམ་པར་འགྱུར། །

ཕོ་ཉ་རྐང་པ་དྲུག་བགྲོད་མའི། །སྙིང་ག་གསང་བ་མགྲིན་པ་རུ། །དེ་ཉིད་རྣམ་པར་སླར་དགོད་བྱ། །དེ་ནས་སྲོག་ནི་འཛིན་བཞིན་པས། །བསམ་གཏན་སེམས་ཏེ་གཞན་གྱིས་མིན། །ལྷ་རྫས་འོད་ཟེར་བསྐྱེད་པར་འགྱུར། །དཀྱིལ་འཁོར་པ་རྣམས་རང་ལུས་སྐྱེས། །ལས་དང་པོ་ཡི་

སྦྱོར་བ་ཡིས། །ཕྱོགས་བཅུར་རྣམ་པར་སྤྲོ་བར་འགྱུར། །ཧྲཱིཿཡིག་ལས་བྱུང་བའི་ལྷ་མོ། །ཕག་མོ་ཕྱག་ནི་བཞི་མ་སྟེ། །གཞུ་དང་མདའ་ཉིད་དེ་བཞིན་དུ། །རྒྱལ་མཚན་དང་ནི་ཐོད་པ་ཉིད། །ཁ་དོག་སྔོན་མོ་དྲག་ཆེན་མོ། །ཕག་གི་གདོང་ཅན་འཇིགས་རུང་མའོ། །ཕེཾ་ཡིག་གིས་

Vol. 78 · folio 250a

བྲིས་ཞི་བ་མོ། །ཁ་དོག་དམར་མོ་འོད་ཆེན་མོ། །ཐོད་པ་དང་ནི་ལྕགས་ཀྱུ་ཉིད། །ཁ་ཊྭཱཾ་ཌ་མ་རུ་དེ་བཞིན། །ཧྲཱིཿཡི་ཡི་གེས་གཞོན་ནུ་མ། །ཁ་དོག་སེར་མོ་ཕྱག་བཞི་མ། །རྩེ་གསུམ་པ་དང་བ་དན་གསུམ། །གཞུ་དང་མདའ་ཉིད་དེ་བཞིན་ནོ། །ཧོཿཡི་ཡི་གེ་ས་ཙ་མུཎྜི། །

ཁ་དོག་ནག་མོ་ཕྱག་བཞི་མ། །ཁ་ཊྭཱཾ་ག་ཉིད་ཐོད་པ་དང་། །ཅང་ཏེའུ་ཆང་སྣོད་དེ་བཞིན་ནོ། །ཨོཾ་ཡིག་ལས་ནི་ཚངས་པ་མོ། །ཁ་དོག་དཀར་མོ་ཕྱག་བཞི་མ། །པདྨ་ཉིད་དང་ཐོད་པ་དང་། །གཞུ་དང་མདའ་ནི་དེ་བཞིན་མཆོག །གཾ་ཡིག་ལས་ནི་ཚོགས་དབང་མོ། །ཁ་དོག་ལྗང་གུ་

ཕྱག་བཞི་མ། །རྩེ་གསུམ་པོ་དང་ཐོད་པ་དང་། །བགྲང་ཕྲེང་དང་ནི་ལ་དུའོ། །བི་ཡིག་ལས་ནི་ཁྱབ་འཇུག་མ། །ཁ་དོག་སྔོན་མོ་ཕྱག་བཞི་མ། །འཁོར་ལོ་དང་ནི་ཐོད་པ་དང་། །ཞགས་པ་རལ་གྲི་དེ་བཞིན་མཆོག །ཨཱི་ཡིག་ལས་བྱུང་བ་དབང་མོ། །ཁ་དོག་སེར་མོ་ཕྱག་

བཞི་མ། །རྡོ་རྗེ་མདུང་ཐུང་ཐོད་པ་དང་། །སྡིགས་མཛུབ་བཅས་ཞགས་དེ་བཞིན་ནོ། །ཐམས་ཅད་འབར་བཞིན་གྱེན་བརྫེས་སྐྲ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རོ་ལ་ཞོན་མ་སྤྱན་གསུམ་མ། །རྐེད་པར་སྟག་གི་པགས་པ་དཀྲིས། །ཤར་སྒོར་ཚངས་པ་བྲི་

བྱ་བ། །ཁ་དོག་དཀར་པོ་ཕྱག་བཞི་པ། །ཐོད་པ་དང་ནི་བགྲང་ཕྲེང་དང་། །སྤྱི་བླུགས་པདྨ་དེ་བཞིན་ནོ། །བྱང་དུ་དེ་བཞིན་ཁྱབ་འཇུག་ནི། །ཁ་དོག་ནག་པོ་ཕྱག་བཞི་པ། །རལ་གྲི་དེ་བཞིན་འཁོར་ལོ་དང་། །ཐོད་པ་དབྱུག་པ་དེ་བཞིན་ནོ། །ལྷོ་རུ་དྲག་པོ་བྲི་བྱ་སྟེ། །དུ་བའི་མདོག་

ཅན་ཕྱག་བཞི་པ། །རྩེ་གསུམ་ཐོད་པ་དེ་བཞིན་དུ། །ཞགས་པ་ཕྲེང་བ་འཛིན་དེ་བཞིན། །ནུབ་ཏུ་གཞོན་ནུ་བྲི་བར་བྱ། །ཁ་དོག་སེར་པོ་ཕྱག་བཞི་པ། །དཔའ་བོ་མདུང་ཐུང་དབྱུག་པ་འཛིན། །ཐོད་པ་བགྲང་ཕྲེང་འཛིན་དེ་བཞིན། །དབང་ལྡན་ཁྱུ་མཆོག་ལ་ཞོན་པ། །ཁ་དོག་

དཀར་པོ་ཕྱག་བཞི་སྟེ། །ཐོད་པ་དང་ནི་རྩེ་གསུམ་འཛིན། །ཕྱག་གཞན་ཐལ་མོ་སྦྱར་བའོ། །དབང་པོ་གླང་པོ་ལ་ཞོན་པ། །ཁ་དོག་སེར་པོ་ཕྱག་བཞི་སྟེ། །རྡོ་རྗེ་དང་ནི་ཐོད་པ་དང་། །ཐལ་མོ་སྦྱར་བ་བྱས་པ་མཆོག །མེ་རུ་ལུག་ལ་ཞོན་པ་ནི། །ཁ་དོག་དམར་པོ་ཕྱག་བཞི་

Vol. 78 · folio 250b

པ། །མེ་ཡི་ཐབ་དང་ཐོད་པ་དང་། །སྐྲག་ནས་དེ་བཞིན་ལག་ཐལ་སྦྱར། །གཤིན་རྗེར་མ་ཧེ་ལ་ཞོན་པ། །ཁ་དོག་ནག་པོ་ཕྱག་བཞི་པ། །དབྱུག་པ་དེ་བཞིན་ཐོད་པ་དང་། །ཀུན་དུ་སྐྲག་ནས་ཐལ་སྦྱར་འཛིན། །བདེན་བྲལ་མི་ལ་ཞོན་པ་སྟེ། །ཁ་དོག་སྔོ་སྐྱ་ཕྱག་བཞི་པ། །རལ་

གྲི་དང་ནི་ཐོད་པ་འཛིན། །ཀུན་ནས་སྐྲག་པས་ཐལ་སྦྱར་མཆོག །ཆུ་ལྷར་ཆུ་སྲིན་ལ་ཞོན་པ། །ཁ་དོག་དཀར་པོ་ཕྱག་བཞི་སྟེ། །ཞགས་པ་དེ་བཞིན་ཐོད་པ་དང་། །ཐལ་མོ་སྦྱར་བ་དེ་བཞིན་གཞན། །རླུང་ལྷ་རི་དགས་ལ་ཞོན་པ། །དུ་བའི་མདོག་ཅན་ཕྱག་བཞི་སྟེ། །བ་དན་དང་

ནི་ཐོད་པ་དང་། །དེ་བཞིན་ཐལ་སྦྱར་འཛིན་པ་མཆོག །ལུས་ངན་དུ་ནི་གཏེར་ལ་ཞོན། །ཁ་དོག་སེར་པོ་ཕྱག་བཞི་པ། །རིན་པོ་ཆེ་དང་ཐོད་པ་འཛིན། །ཐལ་སྦྱར་བྱས་པའོ་དེ་བཞིན་གཞན། །ཐམས་ཅད་རྒྱུ་སྐར་དང་ནི་གཟའ། །རང་དཀྱིལ་འཁོར་ལ་གནས་པ་བསྒོམ། །རང་

གི་དམ་ཚིག་ལས་བྱུང་བ། །དེ་རྣམས་རྫུ་འཕྲུལ་ལྡན་སྟོབས་ཆེ། །མ་མོ་རྣམས་དང་ཀུན་གྱི་མ། །འབྱུང་པོ་རིག་མ་དེ་བཞིན་གཞན། །དེ་ལྟའི་ཆོ་གའི་བྱ་བ་ཡིས། །དེ་ཕྱིར་རེ་རེ་བསྒོམ་པར་བྱ། །དུར་ཁྲོད་ལ་སོགས་གནས་རྣམས་སུ། །སྣ་ཚོགས་དམ་ཚིག་ཟ་རྣམས་ཀྱིས། །

རྣལ་འབྱོར་ལོངས་སྤྱོད་རྟག་དགའ་ལ། །ཕོ་ཉའི་ལས་ནི་ཡང་དག་བརྩམ། །ཟླ་བ་རྡོ་རྗེའི་གོ་ཆ་ཡིས། །རྡོ་རྗེ་སེམས་དཔའ་འབྱུང་བཞིན་ནོ། །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །དེ་ཐམས་ཅད་ནི་བྲན་བཞིན་བྱེད། །གནས་སོགས་ཉི་ཤུ་རྩ་བཞི་རུ། །དེ་ཕྱིར་རིམ་པས་མཆོད་

པར་བྱ། །དེ་ནས་དྲི་སོགས་དབུལ་བྱ་ཞིང་། །སྔགས་ཀྱི་བཟླས་པ་ཡང་བྱ་སྟེ། །རང་མིང་བརྗོད་པའི་གསང་སྔགས་ལ། །ཨོཾ་ཧཱུྃ་ཕཊ་སོགས་ནང་བཅུག་པའོ། །དབུས་སུ་བཅོམ་ལྡན་འདས་བརྗེས་ནས། །དེར་ནི་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་གཞན་བརྗེས་པའི་ནང་

དུ། །བཅོམ་ལྡན་གཞན་གྱི་གཟུགས་ཅན་ཏེ། །བ་དན་གསུམ་པ་འབར་བ་དང་། །རྡོ་རྗེ་ཐོད་པ་རྡུལ་ཅན་མཆོག །གཞུ་དང་མདའ་ནི་འཛིན་པ་ཉིད། །གཡས་དང་གཡོན་པའི་ཕྱག་གིས་འཕྱར། །ལྷག་མ་སྔོན་གྱི་གཟུགས་ཅན་ཏེ། །ལུས་དང་ཞལ་སོགས་སྔོན་གྱི་དོན། །

Vol. 78 · folio 251a

ངེས་པར་དབུས་མའི་རྣལ་འབྱོར་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཐམས་ཅད་ལུས་ཀྱི་རང་བཞིན་ཅན། །གཟུགས་ཐམས་ཅད་ཀྱི་ནང་བཞུགས་པ། །བཅོམ་ལྡན་གཟུགས་ཀྱིས་འདི་གསུངས་སོ། །ཞེས་བྱ་བ་

ནི་རྡོ་རྗེ་སྐུའི་ཆོ་ག་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།དེ་ནས་འདིར་ནི་བདེ་རྒྱལ་པོ། །རྣལ་འབྱོར་མ་ཡིས་སད་མཛད་ནས། །ངག་འདི་ཡིས་ནི་འདྲི་བར་མཛད། །བློ་གྲོས་ཆེན་པོ་དུས་ཅི་ལགས། །ཀྱེ་རྣལ་འབྱོར་མ་རྣམས་ཁྱེད་ཉིད་དུས། །མྱུ་གུ་ཅན་གྱིས་སྐྱེས་

པའོ། །སྣ་ཚོགས་ས་བོན་སེམས་ཆེན་པོ། །མྱུ་གུ་ཅན་གྱི་སྦྱོར་བས་བཤད། །གཟའ་དང་རྒྱུ་སྐར་ཚེས་གྲངས་ནི། །སེམས་ཀྱི་དུས་སུ་མངོན་པར་བརྗོད། །གཟུགས་མེད་གྲངས་ནི་དེ་ཡི་དུས། །རྣལ་འབྱོར་རྣམས་ཀྱི་བདེ་བའི་རྒྱུ། །འཇིག་རྟེན་གྱི་ནི་དུས་ཙམ་དུ། །ཐུབ་པ་སྐྱེས་མཆོག་

རྣམས་ཀྱིས་གསུངས། །དེ་ཚེ་མྱུ་གུ་ཅན་བསྒོམ་པ། །ས་བོན་ས་བོན་གྱི་མཚན་ཉིད། །མྱུ་གུ་སེམས་ཀྱི་གཟུགས་ཅན་ཏེ། །སེམས་ལས་བྱུང་བ་མྱུ་གུ་ཅན། །རྒྱུ་སྐར་རཱ་སི་གཟའ་སོགས་པས། །གང་ཞིག་ཏུ་ནི་མྱུ་གུ་སྐྱེས། །དེ་ཡིས་མྱུ་གུ་ཅན་ངེས་བྱ། །རང་བཞིན་རང་བཞིན་དུ་སྦྱང་

བྱ། །དགེ་བའམ་ནི་མི་དགེ་ཀུན། །ཚེས་གྲངས་རྒྱུ་སྐར་གཟའ་འཆར་བ། །དེ་རྣམས་ཐམས་ཅད་དུས་རྣམས་སུ། །ཐམས་ཅད་བདེ་བདག་ཉིད་སྐྱེས་སྒོམ། །རོ་ཀྲྀ་མ་ནི་རྙེད་བྱེད་པའོ། །མ་བྷ་མ་ནད་འཇོམས་པས་སྤོང་། །ཀུ་སྭ་ཨཱ་དུས་བྱེད་གཟུགས་སུ་སྟེ། །ཚེས་གྲངས་དེ་ནི་

ཡོངས་སུ་སྤང་། །མོ་བུ་མོ་བཟང་དང་བཀྲ་ཤིས་སོ། །ར་བུ་ཨཱ་འཇོམས་པར་བྱེད་པའོ། །བྷུ་བུ་བྷ་དུས་ཀྱི་གཟུགས་ཀྱིས་སོ། །བྷ་པཱུ་གུ་རྙེད་པ་བྱེད་པའོ། །མི་གུ་དྷ་ནོར་ལ་སོགས་པར་འཛད། །ཏྲ་གུ་ཨ་དུས་ཀྱི་གཟུགས་ཅན་ནོ། །བྲྀ་ཤུ་པཱུ་དགེ་བ་རྣམས་བྱེད་དོ། །བྷི་ཤུ་པཱུ་ནད་དང་

འཇོམས་པ་ཡིན། །བྷུ་བྷ་ཤུ་གཤིན་རྗེའི་མཆེ་ཅན་ནོ། །ཀཱུ་མ་ཀྲི་གྲགས་དང་བསོད་ནམས་འཐོབ། །བྱཱ་མ་ཨཱ་གདུང་བ་བྱེད་པའོ། །པཱུ་ར་མ་འཆི་བའི་དུས་ཅན་ནོ། །མེའི་གདན་ཅན་དུ་མི་ཀི་ར། །སླར་ཡང་གཤིན་རྗེར་རཎྜ་སྤང་། །སྲིན་པོར་བཅུ་ལྔ་པ་ཉིད་དང་། །ཁྱུ་མཆོག་ཆུ་

Vol. 78 · folio 251b

ལྷར་སྤང་བར་བྱ། །སེམས་གཡེངས་རབ་ཏུ་འཇོམས་ཉིད་དུ། །གཏེར་དུ་རྨི་ལམ་ཅན་དེ་བཞིན། །བཟང་པོ་མིག་གསུམ་པ་ཉིད་དུ། །འབྱུང་པོའི་ཉི་མ་ཤར་དེ་བཞིན། །ཟླ་བ་དང་ནི་ཉི་སོགས་ཚེས། །དེ་རྣམས་རེས་མོ་རབ་བཤད་བྱ། །བཟང་པོ་ཡུགས་ས་མོ་དེ་བཞིན། །

སེམས་གཡེངས་འབྱུང་པོའི་ཉི་མར་གནས། །སྐྱེ་བོ་ཀུན་གྱི་ཉི་མ་ཡི། །ཆ་ཡི་རྒྱུ་བར་ཤེས་པར་བྱ། །ཁྱུ་མཆོག་མི་ཀི་ར་ཉིད་དང་། །རྨི་ལམ་བཅྭ་ལྔ་པ་དེ་བཞིན། །ཟླ་བའི་རྒྱུ་བར་ཡང་དག་གྲགས། །རིམ་པ་འདི་རྣམས་རྣམ་པར་བརྗོད། །ཉི་ལ་མེ་རུ་ཡང་དག་གནས། །སྟོང་ལ་

རླུང་གི་གནས་སུའོ། །དེ་ལྟར་དེ་དབུས་གནས་པ་ནི། །ཕྱོགས་སུ་གདུང་བྱེད་ཡང་དག་གནས། །ཟླ་བ་ཉི་ལས་བྱུང་རི་མོ། །མཉམ་པར་ལྟ་བས་མཉམ་པར་འགྲོ། །ཞི་དང་སྡིག་པ་བལྟས་པ་ཡིས། །ཤེས་རབ་ཅན་གྱིས་དེས་དེ་སྤངས། །མཆེ་བ་དང་ཕྲད་མ་བལྟས་པས། །

བདེན་པར་འཆི་བར་བྱེད་པ་ཡིན། །དུས་སྨྲ་བ་ནི་མདོར་བསྡུས་པ། །རཱ་ཧུའི་རྒྱུ་བར་གྲགས་པ་ཡིན། །དཀར་དང་ཅིག་ཤོས་ཆོ་ག་ཡིས། །བློ་གྲོས་མཐར་ཐུག་པས་ཤེས་འགྱུར། །རྒྱུ་སྐར་སོགས་དང་མི་མཐུན་པར། །རྨོངས་པ་གང་ཞིག་སྨྲ་བར་བྱེད། །སྐྱེ་བོ་རང་གིས་

བྱས་པ་ཡིས། །ལས་འདི་ཤེས་པར་མ་གྱུར་ཏོ། །ལས་དེ་ཡིས་ནི་དུས་རྣམས་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ལུས་ཀྱི་ཚོགས་པ་ཇི་སྲིད་པ། །དེ་སྲིད་དུ་ནི་དུས་རབ་འཇུག །རྣལ་འབྱོར་པ་རྣམས་ཉམས་སུ་མྱོང་། །ཡང་དག་བྱང་ཆུབ་གནས་འཐོབ་འགྱུར། །

དེ་ནི་མྱུ་གུ་ཅན་དུ་གྲགས། །ཁ་དོག་དམར་པོ་འོད་ཆེན་པོ། །མྱུ་གུ་མྱུ་གུའི་གཟུགས་ཅན་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །འབར་བའི་འཁོར་ལོའི་ནང་སོན་པ། །གཟུགས་དེ་ལྷ་རྫས་ཀྱི་ནི་གཟུགས། །ཡེ་ཤེས་མྱུ་གུ་རྣམ་བསྒོམས་པས། །ལས་རྣམས་ཐམས་

ཅད་མཐོང་མི་འགྱུར། །ཐམས་ཅད་བདག་ཉིད་སྦྱོར་ཆེན་ལས། །སྔོན་ལས་རྣམ་པར་འཇོམས་མཛད་པ། །རྒྱུ་རྣམས་སུ་ནི་རྟག་བཞུགས་པའི། །རྡོ་རྗེ་རྒྱུ་ཡིས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་མྱུ་གུ་ཅན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།དེ་ནས་

Vol. 78 · folio 252a

རྡོ་རྗེའི་གར་བྱས་ནས། །རྣལ་འབྱོར་མས་ནི་འདི་དྲིས་སོ། །ཇི་ལྟར་སྟོན་པ་སེམས་དཔའ་ཆེ། །ལས་དང་འབྲེལ་པས་འབྱུང་བར་འགྱུར། །སྔོན་གྱི་ལས་ནི་རྣམ་ཉམས་པས། །རྒྱུན་ཉམས་པས་ནི་འོང་མེད་པ། །འདི་ལ་བདག་ནི་ཐེ་ཚོམ་མཆིས། །སྙིང་རྗེ་མཉེས་

གཤིན་པས་བཀའ་སྩལ། །སེམས་ཅན་ཆེན་པོའི་འབྱུང་བ་ཡང་། །སྔོན་གྱི་སངས་རྒྱས་རྣམས་གསུངས་པ། །མདོར་བསྡུས་པ་ཡིས་བཤད་བྱ་ཡིས། །ཁྱོད་ནི་ཡིད་གཅིག་པ་ཡིས་ཉོན། །རྡོ་རྗེ་རལ་པ་ཅན་སྦྱོར་བས། །ལས་ཀྱི་ནང་དུ་བསྒྲུབ་པར་འགྱུར། །རེ་རེ་ཡི་ནི་སྦྱོར་བ་ཡི། །

དེ་ནི་རང་འབྱུང་དུ་གནས་སོ། །ཤིན་ཏུ་དད་པ་ལ་གནས་པས། །དབང་པོ་ཐམས་ཅད་འདུ་བར་བྱ། །དེ་ཡི་རལ་པས་རྟག་འཇིག་རྟེན། །རལ་པའི་མིང་གིས་འཆིང་བ་ཡིན། །དགའ་བ་ཀུན་ལས་ཁྱད་འབྱེད་པའོ། །རྡོ་རྗེའི་སྐུ་ཁྱོད་འཐོབ་པར་འགྱུར། །དེ་ཕྱིར་བག་ཆགས་ཐམས་ཅད་

དང་། །དགེ་བའི་ལས་ལས་ཟད་པར་འགྱུར། །སྐྱེ་བོ་ཆེན་པོ་དེ་འབྱུང་བ། །གཅིག་ཉིད་ལམ་གྱིས་འཐོབ་པར་འགྱུར། །རྟོག་པ་མེད་ལས་རྟོག་པར་འགྱུར། །རྟོག་པ་ཡིས་ནི་རྟོག་མེད་འགྱུར། །དྲིལ་བུའི་སྒྲ་ནི་ཐོབ་བྱས་ནས། །དེ་རྣམས་མཚན་ཉིད་བཤད་པར་བྱ། །རྩེ་དགུ་

རྩེ་མོ་གཅིག་པ་དང་། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་བར་དུའོ། །སྒྲ་བརྗོད་པ་ཡི་དངོས་པོ་ཡིས། །སྤྲོས་པ་མེད་ཅིང་ཡི་གེ་མེད། །རྣལ་འབྱོར་པ་ཡིས་མཁའ་འགྲོ་རྒྱ་མཚོ་དག །དེ་ཡི་སྒྲ་ལས་རྟོག་པ་ཡང་དག་བྱུང་། །དེ་ཉིད་ཀྱིས་ནི་

རྟོག་པ་མེད་པའི་བདག །གནས་རྣམས་གང་ལ་ངེས་པར་ཞུགས་པ་ཡིན། །སྔོན་བཤད་རྩེ་ཅན་དེ་རྡོ་རྗེ། །གང་དུ་ཡིད་ནི་རྣམ་འཕྲོ་བ། །ཆོས་དང་སྤྲུལ་པའི་རིས་སྐུ་ཅན། །དེ་ཉིད་དུ་ནི་གསོར་བར་བྱ། །ཕྱི་ཡི་དྲིལ་བུའི་མཚན་ཉིད་ནི། །དཔའ་བོས་གསུངས་པ་བཤད་པར་བྱ། །

རིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱ། །རེ་རེ་ཡི་ནི་ལྷའི་བདག་པོ། །ཏིང་འཛིན་དཀྱིལ་འཁོར་དུ་ཇི་ལྟར། །རྣལ་འབྱོར་རྣམས་ཀྱིས་ལྷག་མོས་པས། །དེ་བཞིན་ཐམས་ཅད་ཞལ་བྱའོ། །ལྷ་མོ་དེ་རྣམས་ཀྱི་ནི་གདན། །དྲིལ་བུ་དེ་ལ་པད་སོགས་བྱ། །ཇི་ལྟར་

Vol. 78 · folio 252b

དེ་རྣམས་ཀྱིས་ནི་བརྒྱན། །དེ་བཞིན་དྲིལ་བུའི་སྐ་རགས་སོ། །ལྷ་ནི་སྒོ་དང་གྲྭ་རྣམས་སུ། །ཕྱོགས་བརྒྱད་རྣམས་སུ་བྱ་བ་ཉིད། །ཇི་ལྟར་རྣལ་འབྱོར་པའི་མཚོན་བྱ། །དེ་རྣམས་ཞལ་ནས་རྩེ་མོ་འཐོན། །བུམ་པ་སོགས་དང་ཞལ་གཉིས་ལའང་། །སྟེང་དུ་རང་རིགས་མཚན་

མ་ཅན། །འདི་འདྲ་བ་ཡི་དྲིལ་བུ་ཆེ། །ཚད་ནི་གཞན་དུ་བཤད་པ་ཡིན། །དེ་ནི་ནང་གི་གཟུགས་ཅན་དག །དེ་ཕྱིར་སྒྲ་ནི་རྣམ་མཚོན་བྱ། །ཐིག་ལེའི་གཟུགས་ནི་ཁྱབ་བདག་ཆེ། །རྡོ་རྗེའང་དེ་དང་མཉམ་པར་བྱ། །དེ་ལྟར་རལ་པའི་སྦྱོར་བ་ལས། །སེམས་ཅན་ཐམས་ཅད་བསྒྲུབ་

པར་བྱ། །རལ་ཅན་དྲིལ་བུར་ཡང་དག་གྲགས། །རྡོ་རྗེ་རྡོ་རྗེར་བརྗོད་པར་འགྱུར། །རྡོ་རྗེ་རལ་ཅན་བདག་ཉིད་ཀྱིས། །དཀྱིལ་འཁོར་དུ་ཡང་བསྒོམ་པར་བྱ། །རྣལ་འབྱོར་མ་དང་མཁའ་འགྲོ་ཀུན། །དེ་ཚེ་ནང་དུ་མངོན་པར་གཞུག །ཐམས་ཅད་གཉིས་པ་ཡོངས་སྦྱོར་ལས། །

རྡོ་རྗེ་རལ་པ་ཅན་བྱུང་བ། །རྡོ་རྗེ་དྲིལ་བུར་ཡང་དག་བརྟེན། །བཅོམ་ལྡན་དཔའ་བོས་འདི་གསུངས་སོ། །ཞེས་བྱ་བ་ནི་རྡོ་རྗེ་རལ་པ་ཅན་གྱི་ཆོ་ག་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།དེ་ནས་གཞན་གྱི་སྦྱོར་བ་ཆེ། །དཔའ་བོ་ཆེན་པོའི་རབ་སྦྱོར་བས། །བདག་གིས་མངོན་

སུམ་དུ་བཤད་ཀྱིས། །རྣལ་འབྱོར་མ་ཀུན་མཉན་པར་གྱིས། །ལུས་ཅན་ཀུན་གྱི་ལུས་གང་ལ། །གནད་ནི་སྟོང་ཕྲག་གནས་པ་སྟེ། །དེ་རྣམས་ལ་ཡིག་དགོད་པ་ནི། །ཀ་སོགས་ཧ་ཡིག་མཐར་དེ་བཞིན། །ཡོན་ཏན་ལ་སོགས་དབྱངས་རྣམས་ཡིག །ཁམས་རེ་རེ་ལ་ཡི་གེ་རྣམས། །

སླར་ཡང་ཕྱི་མོ་བཅུ་གཉིས་ཀྱིས། །མཁས་པ་རྣམས་ཀྱིས་དབྱེ་བར་བྱ། །གཏུམ་མོ་སྟོང་ཕྲག་བདག་ཉིད་ཅན། །མཚམས་ཀུན་དུ་ནི་གནས་པ་འབར། །ཁམས་ཐམས་ཅད་ཀྱི་བདེ་གནས་ལས། །དཔའ་བོའི་ལོངས་སྤྱོད་འཐོབ་པར་འགྱུར། །འོད་ཟེར་དེ་རྣམས་ཀྱིས་བཀུག་པ། །

བྱང་ཆུབ་སེམས་དཔའི་རིགས་ཆེན་པོ། །བདག་མེད་པ་ཡིས་བདག་ཏུ་གཞག །གཉིས་མེད་ཆོས་འབྱུང་ནང་དུའོ། །དེ་ལྟར་སྟོང་ཕྲག་གི་ནི་ལྕེ། །དཔའ་བོ་ཆེན་པོའི་གོ་འཕང་གནས། །སྨན་ཐམས་ཅད་དང་ཉེ་བ་ཡིན། །སྦས་པའི་བཅུད་ལེན་གསུངས་པའོ། །ཕྱི་རོལ་རྣམས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words