No title in the text — opening words: སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 36 · folio 63a
བྱང་ཆུབ་སེམས་དཔའ་ཚད་མྱེད་པ་གཞན་དག་གིས་ཀྱང་སོར་མོ་རྣམས་ཡོངས་སུ་བཏང་བར་གྱུར་པ་ལྟར་སློང་བ་ལ་རྐང་ལག་གི་སོར་མོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་བསྔོ་སྟེ།
སོར་མོ་བྱིན་པ་དང་། ཅི་བླངས་པའི་དངོས་པོ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱག་སོར་ཐོབ་པར་གྱུར་ཏེ། སོར་མོ་རིང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོ་རིམ་གྱིས་གཞོལ་པར་
ལེགས་པར་གྲུབ་བས་སོར་མོ་ཟླུམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོ་གང་བའི་སོར་མོ་རྣམ་པར་དག་པ་དང་ལྡན་ཞིང་སེན་མོ་ཟངས་ཀྱི་ཁ་དོག་ལྟ་བུའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་
འཛིན་པར་བརྩོན་པའི་སོར་མོ་དཔེ་བྱད་བཟང་པོ་དང་ལྡན་ཞིང་སྐྱེས་བུ་དཔའ་བོ་ཐམས་ཅད་མཁྱེན་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཕྱག་སོར་དང་ལྡན་པར་གྱུར་ཏེ། དཔེ་བྱད་བཟང་པོས་གྲུབ་པའི་སོར་མོ་དང་ལྡན་
པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་སྦྱངས་པའི་སོར་མོ་ཚུལ་དང་མཐུན་པར་སྐྱེས་པས་སོར་མོའི་དམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོའི་ཆོས་ཉིད་ཀྱི་ཡན་ལག་དང་བུམ་པ་གང་བ་དང་། བཀྲ་ཤིས་ཀྱིས་རྣམ་
པར་མཛེས་པ་དང་ལྡན་ཞིང་སོར་མོའི་རྩེ་མོ་ལ་འཁོར་ལོ་ཡོད་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཕྱག་སོར་འཕྲིན་ལས་ཀྱི་རྣམ་པར་སྦྱིན་པ་རྒྱུ་མཐུན་པར་བྱུང་བ་ལྟ་བུ་དང་ལྡན་ཞིང་པད་མོ་བཟང་པོ་དང་། དགའ་བ་
འཁྱིལ་པས་སོར་མོ་ཐམས་ཅད་ཀྱི་ཚིགས་དང་ཡན་ལག་ཤིན་ཏུ་བརྒྱན་ཅིང་དཔེ་བྱད་བཟང་པོས་མཛེས་པར་རྣམ་པར་ཕྱེ་བའི་རྒྱན་གྱིས་བརྒྱན་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སྣང་བར་
Vol. 36 · folio 63b
བྱ་བ་ལ་བརྩོན་ཞིང་འོད་གཟེར་གྱི་དྲ་བའི་མཛོད་རབ་ཏུ་འགྱེད་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོ་ཤིན་ཏུ་མཛེས་པ་དྲ་བ་ལེགས་པར་འབྲེལ་པ་དང་ལྡན་ཞིང་སོར་མོ་ལེགས་པ་དང་ལྡན་པར་གྱུར་ཅིག་ཅེས།
དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོར་མོ་སློང་བ་རྣམས་ལ་སོར་མོ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་རྣམས་ལ་ཡོངས་སུ་བསྔོའོ། །གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་ལ། ལ་ལ་ཞིག་གིས་ཆོས་ཐོས་པར་བྱ་བར་བསམས་ཏེ། དེས་འདི་སྐད་དུ་གལ་ཏེ་ཁྱོད་ཀྱི་ཤ་དང་བཅས་པའི་སེན་མོ་ང་ལ་བྱིན་ན་ནི། ངས་ཁྱོད་ལ་ཆོས་བསྟན་པར་བྱའོ། །ཟེར་བ་ཞིག་ཡོད་ན།
དེ་ལ་འདི་སྐད་དུ་སྨྲས་ཏེ། བདག་གི་ཤ་དང་བཅས་པའི་སེན་མོ་ཅི་བདེར་ཁྱེར་ལ་བདག་ལ་ཆོས་བསྟན་པར་མཛོད་ཅིག་ཅེས་ནས། ཇི་ལྟར་རྒྱལ་པོ་དབང་ཕྱུག་ཏུ་གྱུར་པ་ལེགས་པར་བཤད་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་ཟད་མི་ཤེས་པ་དང་།
དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཚད་མེད་པ་ཆོས་ཀྱི་ཆོས་བཟང་པོ་ཉིད་ལ་བརྩོན་པ། འགྲོ་བ་ཀུན་ཏུ་ཆོས་ཀྱི་ལོ་ཤིན་ཏུ་ལེགས་པ་ཡང་དག་པར་བསྟན་པའི་ཕྱིར་ཤ་དང་། བཅས་པའི་སེན་མོ་ཡོངས་སུ་བཏང་བར་
གྱུར་པ་དེ་ལྟར་སློང་བ་རྣམས་ལ་རང་གི་ཤ་དང་བཅས་པའི་སེན་མོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱག་སེན་རབ་ཏུ་གྲུབ་ཅིང་ཟངས་ཀྱི་ཁ་
དོག་ལྟ་བུའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དཔེ་བྱད་བཟང་པོའི་སེན་མོ་རབ་ཏུ་ཐོབ་ཅིང་མདོག་སྣུམ་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོའི་དམ་པ་དང་ལྡན་ཞིང་འོད་འཚེར་བའི་སེན་མོ་དང་ལྡན་
Vol. 36 · folio 64a
པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོ་བཟང་པོ་དང་ལྡན་ཞིང་ཐམས་ཅད་མཁྱེན་པའི་ཕྱག་སེན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་ཤིང་མཚུངས་པ་
མེད་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་ཀྱིས་སྣང་བར་བྱ་བ་ལ་བརྩོན་ཞིང་ཤིན་ཏུ་བརྒྱན་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉམས་པ་མྱེད་ཅིང་རྣམ་པར་དག་པའི་སེན་མོ་གང་བ་དང་ལྡན་པར་གྱུར་
ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཆེ་ཞིང་ཡངས་པ་རྣམ་པར་དག་པ་དང་ལྡན་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་མཚན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ལས་རྣམ་པར་སྨིན་བས་རྣམ་པར་
དག་ཅིང་མཛེས་པར་སྐྱེས་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་གཟེར་ཁ་དོག་མཐའ་ཡས་པ་རབ་ཏུ་འགྱེད་པའི་མཛོད་དང་ལྡན་ཞིང་མགོན་པོ་ཐམས་ཅད་མཁྱེན་པའི་ཕྱག་སེན་དང་ལྡན་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པའི་ཕྱིར་སེན་མོ་དང་ཤར་བཅས་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཕྱག་སེན་གྱི་རྒྱན་ཡོངས་སུ་རྫོགས་པར་བྱ་བ་དང་། ཐོགས་པ་མེད་པའི་སྟོབས་ཀྱི་
མཐར་ཕྱིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་དྲུག་པ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དོན་དུ་ཆོས་ཚོལ་
བ་ལྷུར་ལེན་པ་ཤིན་ཏུ་དཀོན་པའི་ཆོས་ཚོལ་བ་ལ་ཞུགས་པ་ལ། ཆོས་གཏོང་བའི་གང་ཟག་ལ་ལས་མེའི་རླུབས་སུ་ལུས་གཞུག་པར་བྱས་ཏེ། འདི་སྐད་དུ་གལ་ཏེ་ཁྱོད་མི་འགྲེང་བདུན་དུ་བརྐོས་པའི་མེའི་རླུབས་སུ་མཆོང་ཕོད་ན། ངས་ཁྱོད་ལ་ཆོས་ཀྱི་
Vol. 36 · folio 64b
སྦྱིན་པ་བྱའོ་ཞེས་ན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་དེ་ཐོས་ནས། ཤིན་ཏུ་དགའ་ཞིང་ཡིད་བདེ་བ་དང་རབ་ཏུ་འདུན་པའི་ཡིད་སྐྱེས་ནས་འདི་སྙམ་དུ་སེམས་ཏེ། ངན་སོང་ཐམས་ཅད་དང་མནར་མེད་པའི་སྡུག་བསྔལ་ཉམས་སུ་བླང་བ་
དང་ཡང་བསྔོ་ཞིང་བདག་གིས་དམ་པའི་ཆོས་བཙལ་དགོས་ན། འདི་ལྟར་མེའི་རླུབས་སུ་མཆོང་བ་ཙམ་གྱིས་དམ་པའི་ཆོས་རྙེད་པར་འགྱུར་ན་ལྟ། ཀྱེ་མ་དེ་ལྟར་དཀོན་པའི་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལྟ་བུ་མྱེད་པར་
མྱེའི་རླུབས་ཙམ་དུ་མཆོད་པས་རྙེད་པ་འདི་ནི་ངོ་མཚར་ཆེའོ་སྙམ་ནས། འདི་ལྟར་བདག་གིས་མྱི་འགྲེང་བདུན་དུ་བརྐོས་པའི་མེའི་རླུབས་སུ་མཆོད་པར་བགྱིས། ཁྱོད་ཀྱིས་བདག་ལ་སངས་རྒྱས་ཀྱི་ཆོས་བཤད་དུ་གསོལ་ཞེས་ནས་དེ་ཇི་ལྟར་རྒྱལ་པོ་ལེགས་པར་
བཤད་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་དཔའ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མེད་པ་དག་གིས་ཀྱང་མེའི་རླུབས་སུ་མཆོད་པར་བྱས་པ་དེ་ལྟར་ཆོས་ཀྱི་དོན་དུ་སྡུག་བསྔལ་གྱི་ཚོར་བ་
ཐམས་ཅད་དང་བསྔོ་བའི་ལུས་ཀྱིས་མེའི་རླུབས་སུ་མཚོར་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལས་ཤིན་ཏུ་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཏེ། ཐམས་ཅད་མཁྱེན་པའི་གནས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་ཐམས་ཅད་མྱོང་བར་གྱུར་ཏེ། གཡང་ས་ཐམས་ཅད་ལས་ཕྱིར་ལྡོག་པར་གྱུར་ཅིག །
སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་ཞིང་བག་ཚབ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་དང་། ཆོས་ཐམས་ཅད་ཀྱི་རྒྱན་རབ་ཏུ་ཐོབ་ཅིང་ཆོས་ཚོལ་བ་ལ་བརྩོན་པར་གྱུར་
Vol. 36 · folio 65a
ཅིག །སེམས་ཅན་ཐམས་ཅད་མེ་གསུམ་རབ་ཏུ་ཞི་བས་གནས་པའི་སེམས་དང་ལྡན་ཞིང་ངན་སོང་གི་ལམ་ཐམས་ཅད་དང་ཤིན་ཏུ་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་རྣམ་པ་རབ་ཏུ་ཐོབ་སྟེ།
ཡིད་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མེ་གསུམ་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་མཐོང་བའི་དགའ་བས་ཡང་
དག་པར་སྤྱོད་ཅིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་བདེ་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་མེད་པ་ལ་རབ་ཏུ་གཞོལ་ཞིང་ཤིན་ཏུ་ཐོས་པའི་ཆོས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་
ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་ཤིན་ཏུ་སོང་བའི་ཆོས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ་པར་རོལ་པའི་བདེ་བ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཚོལ་ཞིང་མེའི་རླུབས་སུ་མཆོད་
པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པའི་ལས་དང་སྤྱོད་པའི་མཐར་ཕྱིན་ཅིང་ཡེ་ཤེས་ཀྱི་མེ་ཤིན་ཏུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དམ་པའི་ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་བདག་གི་ལུས་ཀྱིས་བཟོད་པར་བྱེད་ཅིང་དམ་པའི་ཆོས་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་སྟོན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་གསལ་བར་བྱེད་པ་དང་། བླ་ན་མེད་པའི་ཡེ་ཤེས་
ཀྱི་ཕུང་པོ་ཚོགས་ཡང་དག་པར་སྩོགས་པ་དང་། སྟོབས་བཅུ་ལ་བརྩོན་པར་བྱེད་ཅིང་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ཡངས་པར་བྱེད་པ་དང་། ཆགས་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ལ་བདག་མངོན་དུ་མཐུན་པར་ཡང་དག་པར་ལྟ་
Vol. 36 · folio 65b
ཞིང་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དག་པ་དང་། རྣམ་པར་བྱང་བ་ཡང་དག་པར་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐམས་ཅད་ལ་རབ་ཏུ་འཇུག་པ་དང་། ཡེ་ཤེས་ཆེན་པོ་ལ་བརྩོན་ཞིང་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་བསྲུང་བའི་ཚེ།
ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་བཟང་པོ་ཚོལ་བ་དང་། རྒྱལ་བོ་ཤུགས་ཆེན་པོ་འཛིན་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་ཚད་མེད་པ་དག་གིས་ཀྱང་ཇི་ལྟར་སྤྱད་པ་བཞིན་དུ་དེ་སྡུག་བསྔལ་གྱི་རྣམ་པ་གཅིག་མ་ཡིན་པ་ཉམས་སུ་འབབ་པ་
དང་། སྡུག་བསྔལ་ཚོར་བའི་གནོད་པ་རྣམ་པ་སྣ་ཚོགས་མྱོང་བ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་དང་ཕྲད་པ་དང་། རང་གི་ལུས་ཀྱིས་ཉེ་བར་ལེན་ཅིང་བཟོད་པར་བྱེད་པ་དང་། དམ་པའི་ཆོས་སྤོང་བའི་གང་ཟག་སེམས་གཏུམ་པ་ཅན་སྡིག་
པའི་ལས་ཀྱིས་བསྒྲིབས་པ། བདུད་ཀྱི་ལས་ཀྱི་བྱིན་གྱིས་བརླབས་པ་དག་ལས་སྡུག་བསྔལ་གྱི་གནོད་པ་དེ་དག་ཐམས་ཅད་ཉེ་བར་ལེན་ཅིང་བཟོད་པར་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་དམ་པའི་ཆོས་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དགེ་བའི་
རྩ་བ་འདིས་སེམས་ཅན་ཐམས་ཅད་བདེ་བའི་ནན་ཏན་གྱིས་མངོན་པར་ཤེས་པ་མྱུར་བ་དང་ལྡན་ཞིང་སྡུག་བསྔལ་དང་མི་བདེ་བ་ཡོངས་སུ་སྤངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བའི་རྣམ་པ་ཐམས་ཅད་རབ་ཏུ་ཐོབ་པ་ལ་གནས་པས། སྡུག་བསྔལ་
གྱི་ཚོར་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མིག་ཡོར་ལྟ་བུའི་བདེ་བ་རབ་ཏུ་ཐོབ་ཅིང་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འགག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་པའི་མཐར་ཕྱིན་ཏེ་སྡུག་བསྔལ་གྱི་བཙོན་
ར་ནས་ཕྱིར་ལོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ལམ་རྒྱུད་དང་། གཙེ་བ་ཐམས་ཅད་ལས་ཕྱིར་ལོག་ཅིང་བདེ་བའི་ལམ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྣམ་པར་ཆད་པས་ཆོས་ཀྱི་དགའ་
Vol. 36 · folio 66a
བ་དང་བདེ་བའི་རྣམ་པས་ཤིན་ཏུ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕན་ཚུན་དུ་ཞེ་མི་སྡང་ཞིང་བྱམས་པ་རབ་ཏུ་ཐོབ་པས་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བ་ཐམས་
ཅད་ན་ཡོད་པའི་སྡུག་བསྔལ་རབ་ཏུ་བྱང་ཞིང་སངས་རྒྱས་ཐམས་ཅད་ཀྱི་བདེ་བའི་དོན་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ཀྱིས་ལུས་ལ་གནོད་པར་འགྱུར་བ་མེད་ཅིང་འདྲ་བ་མེད་པའི་བདེ་བ་རྣམ་པར་དག་པ་དང་
ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་བསྒྲིབས་པ་མེད་པའི་མཐར་ཕྱིན་ཏེ། བདེ་བའི་ཁྱད་པར་ཐམས་ཅད་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་
ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་བཟོད་པར་བྱེད་ཅིང་ཉམས་སུ་ལེན་པའི་ཚེ། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་གཡངས་ལས་བསྲུང་ཞིང་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་ལ་རབ་ཏུ་དགོད་པའི་ཕྱིར་ཡོངས་
སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་བཙལ་བ་ལ་ཤིན་ཏུ་བརྩོན་པ། ཆོས་ཀྱི་ཚིག་དང་ཡི་གེ་འཁོར་ལྔས་ཡང་དག་པར་ལེན་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་
བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་དང་། རྗེས་སུ་དྲན་པ་ལ་གནས་པ། ཆོས་ཀྱི་དགའ་བས་སྤྲོ་ཞིང་མོས་པའི་སེམས་དང་ལྡན་པ། ཟང་ཟིང་མེད་པའི་ཆོས་རབ་ཏུ་བཙལ་བ་ལ་བརྩོན་པ། འཇིག་རྟེན་པའི་རྒྱལ་པོའི་སྲིད་
དང་། སྐྱིད་པའི་ལྗན་ལྗིན་ཐམས་ཅད་ལས་རྣམ་པར་འདས་པ་སངས་རྒྱས་ཀྱི་རྒྱལ་སྲིད་དང་ཆོས་ཀྱི་སྐྱིད་པ་ལ་མངོན་པར་མོས་པ། འཇིག་རྟེན་གྱི་དགའ་བ་ཐམས་ཅད་ཀྱིས་མ་གོས་པའི་ཡིད་ལ་བྱེད་པ་དང་ལྡན་པ། འཇིག་རྟེན་ལས་འདས་པའི་
Vol. 36 · folio 66b
དགའ་བས་སེམས་ཤིན་ཏུ་སྤེལ་བ། འཇིག་རྟེན་གྱི་སྐྱིད་པ་ཟང་ཟིང་དང་བྲལ་བའི་ཡིད་དང་ལྡན་པ། སྤྲོས་པ་མེད་པའི་སངས་རྒྱས་ཀྱི་ཆོས་ལ་གནས་པ། རབ་ཏུ་འཐོབ་པར་མངོན་པར་ཞུགས་པ་དེས་རྒྱ་མཚོའི་མཐར་ཐུག་པའི་ས་ཆེན་པོ་གྲོང་རྡལ་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་དང་། ཡུལ་དང་ཡུལ་གྲུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་སྐྱེ་བོ་དུ་མས་ཡོངས་སུ་གང་བ། བདེ་བའི་རྣམ་པ་ཐམས་ཅད་དང་། སྐྱེ་བོས་རྒྱས་པའི་ཁྱིམ་གྱིས་གང་བ། བཟའ་ཤིང་གི་ར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྩེ་ཞིང་དགའ་བར་བྱ་
བའི་གཞི་དང་ལྡན་པ། ཆུ་ཀླུང་ཡིད་དུ་འོང་བ་སྣ་ཚོགས་དང་། གྲིབ་ཤིང་དང་། བཟའ་ཤིང་མདངས་དགའ་བས་ཤིན་ཏུ་བརྒྱན་པ། འཁྲུག་ལོང་མེད་ཅིང་ཤིན་ཏུ་བདེ་བ། གཞན་གྱི་ཁམས་ཤིན་ཏུ་བཅོམ་པ།
བདག་གི་ཁམས་ལ་ཉམས་པ་མེད་པ། གསེར་དང་རིན་པོ་ཆེའི་མཛོད་དང་བང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བརྒྱན་པ། བུ་དང་བུ་མོ་དང་ཆུང་མ་དང་འཁོར་སྣ་ཚོགས་དང་། ཆུང་མའི་འཁོར་སྣ་ཚོགས་ཡོད་པ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཕོ་བྲང་ཆེན་པོ་ཡོད་པ་དེ་ལྟ་བུ་ཆོས་ཀྱི་དོན་དང་། ཆོས་བཙལ་བའི་ཕྱིར་ཚིག་དང་། ཡི་གེའི་འབྲུ་གཅིག་གི་དོན་དུ་ཡང་རྒྱལ་པོའི་སྲིད་སྙིང་པོ་མེད་པ་ལས་སྙིང་པོ་བསྐྱེད་ཅིང་ཆོས་ལ་དཀོན་
པའི་འདུ་ཤེས་རབ་ཏུ་བསྐྱེད་ནས། འགྲོ་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་དང་། ཐམས་ཅད་མཁྱེན་པའི་ལམ་རྣམ་པར་དག་པ་ཚོལ་ཞིང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཐུ་ཆེན་དཔལ་དང་། རྒྱལ་པོ་
ཁྱད་པར་དཔལ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་ཀྱང་ཇི་ལྟར་སྤྱད་པར་གྱུར་པ་དེ་བཞིན་དུ་ཡོངས་སུ་གཏང་བར་བྱ་བའི་ཚེ། ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་པ་ཡོངས་སུ་བཏང་སྟེ་ཆོས་བཙལ་བས་
Vol. 36 · folio 67a
ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ལག་ཤིན་ཏུ་ཆེ་བར་གཏོང་བ་ལ་མངོན་པར་མོས་ཤིང་ཤིན་ཏུ་ཡངས་པའི་གཏོང་བ་དང་ལྡན་པར་
གྱུར་ཅིག །སེམས་ཅན་ཐམས་ཅད་འགྱོད་པ་མེད་པར་སྦྱིན་པའི་བདག་པོར་གྱུར་ཏེ། གཏོང་བ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་དང་སྲོག་དང་ཡོ་བྱད་ལ་མི་ལྟ་བས་ཆོས་ཚོལ་བ་ལ་ཤིན་ཏུ་བརྩོན་པར་གྱུར་
ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པས་ཚིམ་པར་བྱ་བ་ལ་བརྩོན་ཅིང་ཆོས་ཐོབ་པར་བྱ་བས་ཤིན་ཏུ་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་ཡིད་དགའ་བ་རབ་ཏུ་ཐོབ་ཅིང་ཆོས་ལ་མངོན་
བར་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཚོལ་བའི་སེམས་ཆེན་པོས་སྤྱོད་པ་དང་། བྱང་ཆུབ་ཚད་མེད་པ་རྙེད་པས་ལུས་དང་སྲོག་དང་འཇིག་རྟེན་གྱི་སྐྱིད་པ་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་
ལུས་དང་སྲོག་ལ་མི་ལྟ་ཞིང་ཆོས་ཀྱི་དགའ་བའི་མཐར་ཐུག་པས་ཆོས་ཀྱི་རིམ་གྲོ་དང་སྲི་ཞུ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཤིན་ཏུ་དཀོན་པ་མཉན་པ་ལ་བརྩོན་ཞིང་སངས་རྒྱས་ཀྱི་བསྟན་པ་ཡང་དག་པར་འཛིན་པར་གྱུར་ཅིག
སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་གྱི་དྲིང་མི་འཇོག་པའི་མཐར་ཕྱིན་ཅིང་སངས་རྒྱས་ཀྱི་བྱང་ཆུབ་སྣང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རབ་ཏུ་ཤེས་པའི་ཡིད་ཀྱིས་ཐེ་ཙོམ་གྱི་ཟུག་རྔུ་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་
ཐམས་ཅད་ངེས་པར་རྟོགས་པ་མང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་བཙལ་བ་དང་། ཆོས་ཐམས་ཅད་ཀྱི་དོན་དང་བདེ་བའི་ལམ་གྱི་ཡེ་
Vol. 36 · folio 67b
ཤེས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབང་ཕྱུག་བྱེད་ཅིང་སྲོག་གཅོད་པ་སྤང་བ་ལ་སེམས་ཅན་རྣམས་རབ་ཏུ་གཞོག་པ་དང་། འཛམ་བུའི་གླིང་གི་གྲོང་དང་།
གྲོང་ཁྱེར་དང་། ལྗོངས་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་ཐམས་ཅད་ཀྱི་ཤེན་པ་དང་། གསད་པའི་གནས་ཐམས་ཅད་རྣམ་པར་གཅོད་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རི་དགས་མང་པོ་ལ་མི་འཇིགས་པའི་སྦྱིན་པ་བྱེད་
པ་དང་། ལྟོད་པ་མེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། ཁོན་མེད་པའི་སེམས་ཀྱིས་རྒྱལ་པོའི་སྲིད་ཐམས་ཅད་ལ་གནས་པ་དང་། སེམས་ཅན་གྱི་མི་བདེ་བ་དང་། སྡུག་བསྔལ་ཐམས་ཅད་སེལ་བ་དང་། འགྲོ་
བ་ཐམས་ཅད་ལ་བདེ་བར་བྱེད་པའི་སེམས་རིན་པོ་ཆེ་བསྐྱེད་པ་དང་། འགྲོ་བ་ཐམས་ཅད་ན་རིན་པོ་ཆེ་དང་འདྲ་བའི་བསམ་པ་རིན་པོ་ཆེ་རབ་ཏུ་སྒྲུབ་པ་དང་། སྡོམ་པ་གསུམ་རྣམ་པར་དག་པ་ལ་བདག་གནས་ཤིང་གཞན་རབ་ཏུ་འཇོག་པའི་ཚེ།
སྲོག་གཅོད་པ་སྤངས་པ་དང་། བསླབ་པ་ལྔ་ལ་སེམས་ཅན་རབ་ཏུ་བཞག་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སེམས་སོ་སོར་ཐོབ་
ཅིང་སྲོག་གི་དབང་པོ་གཅད་དུ་མེད་པ་དང་། ཚེ་རིང་ཞིང་ཤེས་རབ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ཚེ་དང་ལྡན་ཞིང་ཚེ་དཔག་ཏུ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཞན་གྱི་གནོད་
པས་སྲོག་འགག་པར་མི་འགྱུར་ཞིང་རྒ་ཤི་མེད་པའི་ཆོས་ལ་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེ་ཇི་སྲིད་དུ་འདོད་ཅིང་བསམས་པར་གནས་པ་ལ་མཁས་ཤིང་ནད་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་
Vol. 36 · folio 68a
ཕྱི་མའི་མཐའི་བསྐལ་པ་བྱེ་བ་བརྒྱར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་ཏེ། ཚེ་འགག་པ་མེད་པར་གྱུར་ཅིག །སེམས་
ཅན་ཐམས་ཅད་སྟོབས་བཅུའི་དགེ་བའི་རྩ་བ་ཡང་དག་པར་བསྩགས་པའི་འབྱུང་གནས་སུ་གྱུར་ཅིང་ཚེའི་དངོ་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེའི་ཚད་འགག་པ་མེད་པའི་དགེ་བའི་རྩ་བ་དང་། སྨོན་ལམ་ཡོངས་སུ་རྫོགས་པས་དགེ་བའི་རྩ་
བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེའི་ཚད་ཟད་མི་ཤེས་པའི་དགེ་བའི་རྩ་བ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་མཐོང་བ་དང་མཉེས་པར་བྱ་བའི་དུས་དང་མཉམ་པར་གྱུར་ཅིག །སེམས་ཅན་
ཐམས་ཅད་འཕགས་པའི་ཆོས་ལ་དགའ་བ་རབ་ཏུ་ཐོབ་ཅིང་སྲོག་གི་དབང་པོ་འགག་པ་མེད་པ་དང་། འཕགས་པའི་སྐྱེ་མཆེད་ལ་བསླབ་པར་བྱ་བ་ཤིན་ཏུ་བསླབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐུ་སྟོབས་དང་། བརྩོན་འགྲུས་ཟད་མི་ཤེས་པ་རབ་
ཏུ་ཐོབ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དབང་བསྒྱུར་བ་ལ་རབ་ཏུ་འཇོག་པ་དང་། རྒ་བ་དང་ན་བ་མེད་པའི་ཚེ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་
ཅད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡེ་ཤེས་ཤིན་ཏུ་རྫོགས་པར་འགྱུར་བའི་ཕྱིར་སྲོག་གཅོད་པ་སྤངས་པ་དང་། སྡོམ་པ་གསུམ་རྣམ་པར་དག་པ་ལ་རབ་ཏུ་དགོད་པའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་རྐང་བཞི་པ་དང་། མིར་འགྱུར་བ་རྣམས་ཀྱི་ཕོ་མཚན་གཅད་པར་གྱུར་ཅིང་སྐྱེས་པའི་རང་བཞིན་དང་བྲལ་བར་གྱུར་པ། སྐྱེས་བུའི་དངོས་པོ་གཞིག་པར་གྱུར་པ། ཉུག་རུམ་གྱི་དངོས་པོ་ལ་བཞག་པར་གྱུར་པ།
Vol. 36 · folio 68b
ལུས་ལ་གནོད་པ་ཤིན་ཏུ་མི་ཟད་པར་གྱུར་པ་མཐོང་བ་དང་། སྐྱེས་པའི་དངོས་པོ་ལས་བཟློག་པར་གྱུར་པ། ཕོ་སྨོས་གཉིས་ཀ་མ་ཡིན་པའི་སྐྱེ་གནས་སུ་གཞག་པར་གྱུར་པ། སྡུག་བསྔལ་གྱི་ཚོར་བས་མནར་བར་གྱུར་པ། ལུས་མི་བདེ་བས་ཤིན་ཏུ་
གཟིར་བར་གྱུར་པ། སྐྱེས་པར་ཚུལ་གྱིས་དཔག་པ་ཙམ་དུ་གྱུར་པ་རྟེན་པའི་ལུས་འགག་པར་གྱུར་པ་དང་། སེམས་ཅན་རྣམས་ཀྱི་གནོད་པའི་རྣམ་པ་དེ་ལྟ་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་ན། བྱམས་པ་ཆེན་པོས་སེམས་ཅན་
རྣམས་ཡོངས་སུ་སྐྱོབ་ཅིང་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། འགྲོ་བ་ཐམས་ཅད་ལ་ཕན་འདོགས་པས་འཛམ་བུའི་གླིང་གི་སྐྱེས་པ་ལས་ཉམས་པར་འགྱུར་བ་ཐམས་ཅད་རྣམ་པར་བཟློག་གོ །རབ་ཏུ་རྒྱུན་གཅད་དོ། །ཡོངས་སུ་སྐྱོབ་བོ། །
རྣམ་པར་འཆད་པར་བྱེད་དོ། །ཆོས་དང་མཐུན་པའི་མཛོད་དང་། བདེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་གཏོང་ཞིང་ཚིག་འདི་སྐད་དུ་བརྗོད་དེ། ཁྱེད་ཀྱིས་གང་གི་ཕྱིར་སྡིག་པའི་ལས་རྣམ་པ་འདི་ལྟ་བུའི་བྱ་བར་གྱུར་པ་དེའི་བདེ་བ་དང་། ཕན་པའི་
རྣམ་པ་ཐམས་ཅད་ངས་སྦྱར་གྱིས། སྡིག་པའི་ལས་ཀྱི་རྣམ་པ་འདི་ལྟ་བུ་དག་ཚུལ་བཞིན་མ་ཡིན་པ་ལ་འཇུག་པར་སེམས་བསྐྱེད་པས་བདེ་བ་མྱོང་བའི་དོན་དུ་ཁྱེད་མ་བྱེད་ཅིག །དེ་ལྟར་ཕ་རོལ་ལ་སྡིག་པའི་ལས་འདི་ལྟ་བུ་དག་བྱས་ཤིང་བདག་གིས་བདེ་
བའི་ཚོར་བ་མྱོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཏེ། དེའི་གནས་མེད་དོ། །འདི་ལྟར་སྡིག་པའི་རྣམ་པ་འདི་ལྟ་བུ་ལ་སྤྱོད་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་སྨད་པའོ་ཞེས་ནས། དེ་མ་ཡིན་པའི་མི་དགེ་བའི་ཆོས་གཞན་དག་བྱེད་པ་མཐོང་ན་ཡང་
རྣམ་པར་ཟློག་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་སྦྱིན་པ་ཐམས་ཅད་ཡོངས་སུ་བཏང་བས་ཡང་དག་པར་སྡུད་དོ། །ཡོ་བྱད་ཐམས་ཅད་ཀྱིས་ཀྱང་མངོན་པར་སྡུད་པར་བྱེད་དོ། །འདི་ལྟ་སྟེ་དབེན་པའི་ཆོས་ལ་ཡིད་ཆེས་པར་བྱེད་པ་དང་།
Vol. 36 · folio 69a
དགེ་བའི་ལས་ཤིན་ཏུ་བསྩགས་པ་དང་། མི་དགེ་བའི་ལས་ཕན་ཚུན་དུ་བྱམས་པའི་སེམས་ཀྱིས་སྤྱད་པ་དང་། ཕན་ཚུན་དུ་མི་གནོད་ཅིང་མི་འཚེ་བའི་ཕྱིར་ལེགས་པར་བཤད་པས་ཀྱང་ཤིན་ཏུ་ངོམས་པར་བྱེད་དོ། །
སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་སྡིག་པའི་ལས་དེ་ལས་ལྡང་ངོ་། །རྣམ་པར་ལྡོག་གོ །མི་སྤྱོད་དོ། །དེས་དེ་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མཚན་
གསང་བ་སྦུབས་ན་འདུག་པ་དང་ལྡན་ཞིང་སྐྱེས་བུ་ཆེན་པོའི་མཚན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བརྩོན་འགྲུས་དང་ལྷག་པའི་བསམ་པ་དང་། ཚངས་པའི་སྤྱོད་པ་རྣམ་པར་དག་པས་སྤྱོད་ཅིང་སྐྱེས་བུའི་མཚན་དང་ལྡན་པར་གྱུར་
ཅིག །སེམས་ཅན་ཐམས་ཅད་ཆགས་པ་མེད་པ་དཔའ་བའི་ཡེ་ཤེས་ལ་ཡང་དག་པར་གནས་པ་ལས་མི་ལྡོག་ཅིང་ཤིན་ཏུ་བརྟན་པས་དབང་སྒྱུར་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདོད་པའི་དགའ་བས་མི་ཟློགས་མི་ཆགས་པའི་
སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨད་པ་མེད་པར་ཐམས་ཅད་མཁྱེན་པར་འབྱུང་བའི་ཡེ་ཤེས་བཟང་པོ་དང་ལྡན་ཞིང་སྐྱེས་བུ་དམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུ་འབྱུང་བའི་དགེ་བའི་རྩ་བ་
དང་ལྡན་ཞིང་སྐྱེས་བུ་ཆེན་པོའི་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྨད་དུ་བྱུང་བའི་ཚོགས་ལ་གནས་པ་རབ་ཏུ་ཐོབ་ཅིང་དུས་ཐམས་ཅད་དུ་སྐྱེས་བུའི་དབང་པོ་ཉམས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་
གསུམ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བས་དབང་སྒྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། འདོད་པ་ལྔའི་ཡོན་ཏན་གྱི་དགའ་བ་ལ་མ་ཆགས་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་
Vol. 36 · folio 69b
ཐམས་ཅད་འགྲོ་བ་ཀུན་གྱིས་ཤེས་ཤིང་ཡིད་ཆེས་པའི་དུལ་བ་དང་ལྡན་ཞིང་སྐྱེས་བུ་མཁས་པའི་དམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་དམ་པ་སངས་རྒྱས་ཀྱི་མཁྱེན་པ་ལ་ཞུགས་པའི་ཡེ་ཤེས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་མཐུ་རྩལ་
དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པ་ཡོངས་སུ་བསྲུང་བ་ལ་ཞུགས་བསྐལ་བ་དང་ལྡན་པ་འཕགས་པའི་སྐྱེ་གནས་སུ་སྐྱེ་བ་འཐོབ་པའི་ཡེ་ཤེས་ཀྱི་སྐྱེ་གནས་དང་། རིགས་ལ་ཡང་
དག་པར་བརྩོན་པ་སྐྱེས་བུ་ཁྱད་པར་དུ་འཕགས་པའི་ཚུལ་ཤེས་པས་ཡང་དག་པར་སྤྱོད་པ། སྐྱེས་བུའི་ཚུལ་བདུན་ཡང་དག་པར་མཐོང་ཞིང་རྟོགས་པ། སྐྱེས་བུའི་མཐུ་རྩལ་དམ་པ་དང་། སྐྱེས་བུའི་མཐུ་རྩལ་མ་ནོར་བ་དང་། སངས་
རྒྱས་ཀྱི་བསྟན་པའི་སྐྱེས་བུའི་མཐུ་རྩལ་དང་། དཔའ་བའི་སྐྱེས་བུའི་མཐུ་རྩལ་དང་། བརྟན་པའི་སྐྱེས་བུའི་མཐུ་རྩལ་གྱིས་ཡང་དག་པར་བཟུང་བ་དེ་སྐྱེས་བུའི་དབང་པོ་གཅད་པ་མེད་པར་བྱས་པ་དང་། སྐྱེས་བུའི་དབང་པོ་བརྟན་པར་བྱས་པས་ཡང་
དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་གང་གིས་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་མཐུ་རྩལ་ཡོངས་སུ་དག་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། མཁྱེན་པ་དང་ལྡན་པའི་སྐྱེས་བུར་འགྲུབ་པར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་འཇིག་རྟེན་གྱི་ཐམས་ཅད་དུ་གྲགས་པར་བྱེད་པ་དང་། ཀྱེ་མ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་། །ཀྱེ་མ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་ཞེས།
སངས་རྒྱས་ཀྱི་སྒྲ་སྒྲོག་ཅིང་། སངས་རྒྱས་ཀྱི་དབྱངས་ཀུན་ཏུ་གྲགས་པར་བྱེད་པ་དང་། སེམས་ཅན་གྱི་ང་རྒྱལ་དང་། བག་མྱེད་པ་དང་། སྤྲོས་པ་ཐམས་ཅད་རྣམ་པར་བཟློག་པ་དང་། སངས་རྒྱས་མཐོང་བར་སེམས་ཅན་རྣམས་
Vol. 36 · folio 70a
ཡང་དག་པར་སྟོབས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་ལ་སེམས་ཅན་རྣམས་རབ་ཏུ་གཞོག་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ལ་གཞོལ་བར་བྱེད་པ་དང་། སངས་རྒྱས་དམྱིགས་པ་ལ་བརྩོན་པའི་
སེམས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་རིམ་གྲོར་བྱེད་པ་དང་། སངས་རྒྱས་རྣམ་པར་རྟོག་པ་སེམས་ཅན་རྣམས་ལ་སྟོན་པ་དང་། སངས་རྒྱས་བརྗོད་པ་ལ་སེམས་ཅན་རྣམས་ཡང་དག་པར་འཛུད་པ་
དང་། བསྐལ་པ་བྱེ་བར་ཡང་སངས་རྒྱས་བཅོམ་ལྡན་འདས་སྐྱེ་བ་ནི་ཤིན་ཏུ་དཀོན་ནོ་ཞེས་བྱ་བའི་ཚིག་སེམས་ཅན་རྣམས་ལ་བརྗོད་པ་དང་། སེམས་ཅན་དེ་དག་གིས་ཀྱང་དེའི་ཕྱིར། སངས་རྒྱས་མཐོང་བར་གྱུར་པ་དང་། སངས་རྒྱས་ལ་
རིམ་གྲོ་དང་ཞེས་བྱེད་པ་དང་། དགའ་བ་དང་སྤྲོ་བ་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉན་པ་དང་། སངས་རྒྱས་གྲངས་མེད་པ་ལ་ཤིན་ཏུ་བསྐྱེད་པའི་དགེ་བའི་རྩ་བ་སྩོགས་པ་དང་། སྲོག་ཆགས་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པའི་སངས་རྒྱས་ཀྱི་གཏེར་རྣམ་པར་སྦྱོང་བ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་
དཔའི་དགེ་བའི་བཤེས་གཉེན་དམ་པ་རབ་ཏུ་ཤེས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་ཆོས་ལ་གནས་པར་གྱུར་པ་དང་། འཇིག་རྟེན་ཐམས་ཅད་དུ་བསྐལ་པ་གྲངས་མེད་པར་སྐྱེད་ཅིང་སྤེལ་བའི་དགེ་བའི་རྩ་
བས་སངས་རྒྱས་ཀྱི་ཕྲིན་ལས་ཡང་དག་པར་བསྒྲུབ་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་མཉེས་པར་བྱས་ཏེ། མི་མཉེས་པར་མི་བྱེད་
Vol. 36 · folio 70b
པ་དང་། སངས་རྒྱས་ལྟ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལྟ་བ་ཡིད་ལ་བྱ་བ་དང་། མ་བྲལ་ཞིང་སངས་རྒྱས་བལྟ་བར་བརྩོན་པའི་ཡིད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གསུང་དང་།
ཆོས་ཀྱི་མཛོད་ཡང་དག་པར་འཛིན་ཅིང་ཡེ་ཤེས་སྒོམ་པ་ཤིན་ཏུ་མང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཉན་པ་དང་མི་འབྲལ་ཞིང་བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པའི་ཕྱིར། སངས་རྒྱས་
ཀྱི་ཆོས་ཀྱི་སྒྲ་འབྱིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་འབྱུང་བ་ཐམས་ཅད་མཐོང་ཞིང་ཡེ་ཤེས་ཡང་དག་པར་གཟུང་བའི་ཕྱིར། དྲན་པ་ཉེ་བར་གཞག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དང་མཆོད་
པར་བྱ་བའི་མཐུ་ལ་བརྩོན་ཞིང་ཡིད་ལ་བྱ་བ་ལས་གཞན་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཀུན་ཏུ་སངས་རྒྱས་མཐོང་བའི་འབྱུང་གནས་ལ་ཞུགས་ཤིང་། ཕྱོགས་ཀུན་ཏུ་སངས་རྒྱས་མཐོང་བ་རབ་ཏུ་ཐོབ་པར་
གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀུན་ཏུ་སངས་རྒྱས་འབྱུང་བ་བརྗོད་པ་ལ་བརྩོན་ཞིང་སངས་རྒྱས་ཀྱི་སྐུས་བྱིན་གྱིས་བརླབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མོས་པ་དང་། དད་པ་མི་ཤིགས་པ་དང་།
སྙིང་ཐག་པའི་བསམ་པས་སངས་རྒྱས་ཐམས་ཅད་དང་འགྲོགས་པར་གྱུར་ཏེ། དགེ་བའི་བཤེས་གཉེན་གྱིས་སངས་རྒྱས་ཀྱི་ཆོས་རྫོགས་པར་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་སྐྱེ་བ་དོན་ཡོད་པས་འགྲོ་བ་ཐམས་ཅད་རྣམ་
པར་སྦྱང་བའི་ཕྱིར་སངས་རྒྱས་སྐྱེ་བ་ཐམས་ཅད་རབ་ཏུ་བརྗོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་སྐྱེ་བ་བརྗོད་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སངས་
Vol. 36 · folio 71a
རྒྱས་མཐོང་བ་དང་། མཉེས་པར་བྱེད་པ་དང་མི་མཉེས་པར་མི་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་ཐམས་ཅད་ཡོངས་སུ་དག་པའི་མཐར་ཕྱིན་པར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕོ་བྲང་གི་ལོངས་སྤྱོད་དམ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམས་ཅི་དགའ་བའི་ལོངས་སྤྱོད་དམ། འཕགས་པའི་དགེ་འདུན་གྱི་གཙུག་ལག་ཁང་གི་ལོངས་
སྤྱོད་དམ། ཕ་མ་གནས་པའི་གནས་སམ། ཉན་ཐོས་དང་རང་སངས་རྒྱས་སམ། གང་ཟག་གི་རྣམ་པ་སྦྱིན་པའི་གནས་དག་གམ། དེ་མ་ཡིན་པའི་ཕོངས་པ་དང་། བཀྲེན་པ་སློང་ཞིང་ལེན་པ་དག་གམ། འཁོར་བཞི་ཕོངས་པ་མེད་པར་
གནས་པའི་གནས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པའི་གནས་སམ། ཡོ་བྱད་སྣ་ཚོགས་གཞག་པའི་གནས་ཅི་འདོད་པའི་ལོངས་སྤྱོད་དུ་བྱ་བ་འམ། འཇིགས་པ་དང་དོགས་པ་མེད་ཅིང་དགྲ་དང་བྲལ་བ་སྐྱི་གཡའ་བ་
མེད་པའི་གནས་ཀྱིས་དག་འབུལ་བའི་ཚེ། སའི་སྦྱིན་པ་ཡོངས་སུ་བཏང་བས་ཡུལ་ཅི་འདོད་པར་བྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱང་
ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ས་ཡོངས་སུ་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འཛིན་པ་ལ་དྲན་པའི་དབང་པོ་རྨོངས་པ་མེད་
ཅིང་ས་ལྟ་བུར་རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་བསྲུང་བ་ལ་ཞུགས་ཤིང་ཡང་དག་པར་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ལ་ཞེ་སྡང་བ་མེད་ཅིང་དགེ་བའི་བསམ་པ་
Vol. 36 · folio 71b
རྣམ་པར་སྦྱང་བ་ལ་བརྩོན་པས་སེམས་ས་དང་མཉམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་མཁས་ཤིང་སངས་རྒྱས་
ཐམས་ཅད་ཀྱི་རིགས་ཡང་དག་པར་འཛིན་པ་ལ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་རྣམ་པར་དག་པའི་ལམ་ལ་ཞུགས་ཏེ་གནས་སུ་རེད་པར་གྱུར་ཅིག །སེམས་ཅན་ཐམས་
ཅད་སངས་རྒྱས་ཀྱི་སྟོབས་ལ་རབ་ཏུ་དགོད་པར་བརྩོན་ཞིང་སངས་རྒྱས་ལྟ་བུར་འགྲོ་བ་ཐམས་ཅད་ལ་ཕན་འདོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དགའ་བ་བླ་ན་མེད་པ་ལ་རབ་ཏུ་གཞོག་པའི་ཕྱིར། འགྲོ་བ་ཐམས་ཅད་ཀྱི་དགའ་བར་རེད་པར་གྱུར་ཅིག །
སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་ཏེ། རབ་ཏུ་དགོད་པ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱིས་རྣམ་པར་རྩེ་ཞིང་ཡོངས་
སུ་སྤྱོད་པ་ཐོབ་སྟེ། ས་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སའི་སྦྱིན་པ་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་
ཁམས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ས་ཡོངས་སུ་དག་པ། ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་
བཅོམ་ལྡན་འདས་བྱུང་བ་རྣམས་ལ་རིམ་གྲོའི་དོན་དུ་བདག་གི་བྲན་དང་ལས་བྱེད་པ་རྣམས་འབུལ་བའམ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྤེལ་བའི་བརྩོན་པ་རྣམས་སམ།
Vol. 36 · folio 72a
འཕགས་པའི་དགེ་འདུན་དཀོན་མཆོག་གམ། ཕ་དང་མ་དང་། སློབ་དཔོན་དང་། བླ་མའི་སྦྱིན་པའི་གནས་ལ་བྲན་དང་། ལས་བྱེད་པའི་མི་འབུལ་བ་དང་། སེམས་ཅན་ནད་པ་རྣམས་ལ་རིམ་གྲོ་བྱེད་པ་མེད་པས་
འཆི་བར་མི་འགྱུར་བའི་རིམ་གྲོ་བྱ་བའི་ཕྱིར་བྲན་དང་། ལས་བྱེད་པའི་མི་སྦྱིན་པ་འམ། དེ་མ་ཡིན་པའི་སེམས་ཅན་གཡོག་མེད་པ་ལ་བྲན་དང་ལས་བྱེད་པའི་མི་གཏོང་བ་འམ། ཕོངས་པ་དང་བཀྲེན་པ་སློང་ཞིང་ལེན་པ་གཞན་དང་། གཞན་
དག་ལ་བྲན་དང་ལས་བྱེད་པའི་མི་གཏོང་བ་འམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་མཆོད་རྟེན་བསྲུང་བའི་ཕྱིར་འབུལ་བ་འམ། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཕྱིར་ཡི་གེ་དང་གྲངས་ལ་ཤིན་ཏུ་བསླབས་པའི་
མི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འབུལ་བ་བྱེད་ཅིང་རིམ་གྲོ་བ་དེ་དག་ཀྱང་མཁས་པ། ཚུལ་ཤེས་པ། ཅང་ཤེས་པ། བརྩོན་པ། ལེ་ལོ་མེད་པ། དྲང་བ། དྲང་པོ་དང་ལྡན་པ། ཕན་པར་སེམས་པ། བདེ་བར་སེམས་པ། བྱམས་
པར་སེམས་པ། རིམ་གྲོ་བྱེད་པའི་ངང་ཚུལ་ཅན། ཁོན་མེད་པ། གཅུགས་མེད་པར་ཡོངས་སུ་སྤྱོད་པ། བཟོ་དང་སྒྱུ་རྩལ་སྣ་ཚོགས་དང་། གྲངས་ལ་ཤིན་ཏུ་བསླབས་པའི་ཤེས་པ་གསལ་བ་ཅན། རིམ་པའི་ཚུལ་ཤེས་པ། དགའ་བར་
བྱེད་ཅིང་རིམ་གྲོ་བྱེད་པ་ལ་བརྩོན་ཞིང་སྟོང་བ། བྱང་ཆུབ་སེམས་དཔའི་ལས་ལས་བྱུང་བ། ཡིད་དུ་འཐད་པ། རིམ་གྲོ་བྱེད་པ། སེམས་ཤིན་ཏུ་དང་བ། དེ་ལྟ་བུའི་རིམ་གྲོ་བ་དག་གནས་གར་འོས་པ་དང་། ཅི་རིགས་པ་དང་།
ཕན་འདོགས་པ་དེ་དང་དེ་དག་ལ་འབུལ་ཞིང་ཡོངས་སུ་གཏོང་བ་དང་། སྦྱིན་པ་བྱེད་པའི་ཚེ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། རིམ་གྲོ་པ་ཡང་དག་པར་གཏོང་བ་དང་ལྡན་པའི་དགེ་བའི་རྩ་བ་འདིས།
Vol. 36 · folio 72b
སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་དང་རིམ་གྲོ་བྱ་བ་ལ་མཁས་ཤིང་བརྩོན་ཏེ། ཅང་ཤེས་ཀྱི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་བཀའ་ཡང་དག་པར་ལེན་ཅིང་སངས་རྒྱས་ཐམས་ཅད་དང་
མཐུན་པའི་རིམ་གྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡིད་ལ་བྱ་བ་དང་བསམ་པ་དང་། རྣམ་པར་རྟོག་པ་གཞན་མེད་ཅིང་སངས་རྒྱས་ཐམས་ཅད་ལ་རྟག་ཏུ་སྐབས་ཕྱེ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བ་ཐམས་ཅད་ཡང་དག་པར་
སྡུད་པ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་ཀྱི་རིགས་ལས་མི་ཉམས་པ་དང་། སངས་རྒྱས་ཀྱི་རྗེས་སུ་སྙེག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དོན་ཡོད་པར་དུས་ཐམས་ཅད་དུ་འཕྲད་ཅིང་སངས་རྒྱས་ཐམས་ཅད་ལ་དུས་དང་མཐུན་པར་རིམ་གྲོ་
དང་བསྙེན་བཀུར་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡི་གེ་རྣམ་པར་དག་པས་མི་འཇིགས་པར་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་ཀྱི་དོན་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་ལུས་དང་སྲོག་ཕུལ་ཞིང་།
སངས་རྒྱས་ཐམས་ཅད་ལ་ངོམས་མི་ཤེས་པར་ལྟ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་གནས་ཐམས་ཅད་ཡང་དག་པར་འཇོམས་པས། སངས་རྒྱས་ཐམས་ཅད་ལ་ལྟ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ངོ་མཚར་དུ་འཛིན་པ་དང་།
དེ་མ་ཡིན་པའི་གནས་གཞན་མེད་ཅིང་སངས་རྒྱས་ཐམས་ཅད་ལ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས། བླ་ན་མེད་པ་ལ་མངོན་དུ་གྱུར་པའི་སེམས་དང་ལྡན་པར་གྱུར་ཏེ། སངས་རྒྱས་ཀྱི་རྗེས་སུ་འབྲང་བའི་བློ་གྲོས་
དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིམ་གྲོ་པ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་རྡུལ་མེད་ཅིང་། རྡུལ་དང་བྲལ་བ་དྲི་མ་མེད་པ་རྙོག་
Vol. 36 · folio 73a
པ་མེད་པའི་སར་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་སྐུ་གཞན་ལ་རག་ལུས་པ་མེད་པའི་རྟེན་གྱི་ཚུལ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སེམས་དམའ་བར་བྱས་ཤིང་ས་ལ་བཏིང་བའི་རྡོག་ལམ་དང་འདྲ་བའི་སེམས་སུ་བྱས་ཏེ་ས་དང་འདྲ་བར་སྡུག་བསྔལ་ཐམས་ཅད་བཟོད་པ། མི་འགྱུར་བ། མི་སྐྱོ་བ། སེམས་ཅན་ཐམས་ཅད་རིམ་གྲོ་བྱེད་པས་ངལ་བ་མེད་པའི་ཡིད་དང་ལྡན་
པ། སེམས་ཅན་ཐམས་ཅད་ཀྱི་སྦྱིན་བདག་དགེ་བའི་རྩ་བ་ཐམས་ཅད་ཉེ་བར་སྟོབས་པའི་སེམས་དང་ལྡན་པ། འགྲོ་བ་བྱིས་པས་ཉེ་བར་བྱས་པ། ཉམས་སུ་ལེན་ཅིང་རྣ་ལ་གཟོན་པའི་ངང་ཚུལ་ཅན། དགེ་བ་ཤིན་ཏུ་བརྟན་པ་ལ་བརྩོན་པ་ཡིད་
ལ་བྱེད་པ། བཟང་པོས་གནས་པ་ལ་བརྩོན་པ། སེམས་ཅན་གྱི་ཁམས་ཐམས་ཅད་བསྙེན་བཀུར་བའི་སེམས་ཀྱིས་བདག་ཉིད་རིམ་གྲོ་པར་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་སེམས་ཅན་ཐམས་
ཅད་ཤིན་ཏུ་རིམ་གྲོ་བྱས་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་དོན་ཉམས་པ་མེད་པ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་ལམ་དུ་ལེགས་པར་ཞུགས་
པར་འགྱུར་བ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་བ་དང་། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་རིགས་སུ་བདག་ཉིད་བགྲང་བར་འགྱུར་བ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་
བདེན་པའི་ཚིག་དང་། འགྲོགས་པ་རྗེས་སུ་བསྲུང་བར་འགྱུར་བ་དང་། ཅི་ནས་ཀྱང་ཁམས་གསུམ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱིས་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་ལྷག་པའི་བསམ་པས་རྟོགས་པར་སངས་རྒྱས་ཀྱི་ཆོས་ཐམས་
Vol. 36 · folio 73b
ཅད་ཁོང་དུ་ཆུད་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྐྱོན་མེད་ཅིང་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་དེ་དག་ཐམས་ཅད་ཡོན་ཏན་ཆེན་པོ་ལ་རབ་ཏུ་ཞུགས་ཏེ།
ཐམས་ཅད་མཁྱེན་པའི་མཐར་ཤིན་ཏུ་ཐུག་པར་འགྱུར་བ་དེ་ལྟར་ཡོངས་སུ་བསྔོའོ། །དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། འདི་ལྟར་ལུས་ཀྱི་རིམ་གྲོ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་གང་བསྩགས་པ་དེས་སེམས་ཅན་ཐམས་ཅད་ཡོངས་སུ་རྟོགས་
པའི་ཆོས་ཅན་རབ་ཏུ་འཛིན་པའི་ཆོས་ཅན། ཡང་དག་པར་ལེན་པའི་ཆོས་ཅན། མི་འཁྲུལ་པའི་ཆོས་ཅན། ཆུད་མི་ཟ་བའི་ཆོས་ཅན། མི་ཉམས་པའི་ཆོས་ཅན། མི་འབྲེལ་བའི་ཆོས་ཅན། ཡིད་ཤིན་ཏུ་དུལ་བའི་ཆོས་ཅན། མ་དུལ་བ་
འདུལ་བའི་ཆོས་ཅན། ཆོས་ཀྱིས་ཉེ་བར་འདུལ་བའི་ཆོས་ཅན་གྱི་རིམ་གྲོ་བ། སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་ཉེ་བར་སེམས་པའི་སེམས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ལ་རིམ་གྲོའི་ནན་ཏན་དུ་
བྱས་ཏེ། སེམས་ཅན་དེ་དག་ཐམས་ཅད་དགེ་བའི་རྩ་བ་དེས་མཆོད་རྟེན་གྱི་དམ་པར་འགྱུར་བ་དང་། འགྲོ་བ་ཐམས་ཅད་བསྙེན་བཀུར་བར་འོས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་རྟོགས་པར་འགྱུར་བའི་ཕྱིར།
སྦྱིན་པའི་གནས་དམ་པར་འགྱུར་བ་དང་། འགྲོ་བ་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ལེན་པའི་དམ་པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་འཇུག་པའི་ཕྱིར། བསོད་ནམས་ཀྱི་དོན་དམ་པ་དང་ལྡན་པར་འགྱུར་བ་དང་།
སྦྱིན་པ་ཚད་མེད་པའི་ཕྱིར་སྦྱིན་བསྲེག་དམ་པ་དང་ལྡན་པར་འགྱུར་བ་དང་། ཁམས་གསུམ་ཐམས་ཅད་ནས་འབྱུང་བའི་དམ་པར་འགྱུར་བ་དང་། ལམ་ཇི་ལྟ་བ་བཞིན་ཏུ་ཡང་དག་པར་སྟོན་པའི་ཕྱིར་དེད་དཔོན་དམ་པར་འགྱུར་བ་དང་། སངས་རྒྱས་
Vol. 36 · folio 74a
ཀྱི་ཆོས་ཐམས་ཅད་ཡང་དག་པར་གཟུང་བའི་ཕྱིར་གཟུངས་བའི་ཕྱིར་གཟུངས་ཀྱི་དམ་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། ནམ་མཁའི་དབྱིངས་ལྟར་ཆགས་པ་མེད་པའི་ལམ་གྱིས་འབྱུང་བའི་ཆོས་ཀྱི་དབྱིངས་ཚད་མེད་པ་དམ་པར་འགྱུར་བའི་ཕྱིར་
ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་རིམ་གྲོ་བར་ཕུལ་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་གྱི་ཁམས་ཐམས་ཅད་ཕྱག་བྱ་བར་འོས་པའི་ཡེ་ཤེས་ཀྱི་ཕུང་པོ་དང་ལྡན་པར་བྱ་བའི་
ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དགའ་བ་དང་། དད་པ་དང་རབ་ཏུ་དགའ་ཞིང་དང་བའི་སེམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་
དཀོན་མཆོག་བླ་ན་མེད་པ་ལ་མོས་པའི་བསམ་པ་དང་། སངས་རྒྱས་ཐམས་ཅད་ལ་ཕར་སེམས་པའི་སེམས་བསྐྱེད་པ་དང་། ཆོས་བྱེ་བ་གྲངས་མེད་པ་ཚད་མེད་པའི་ཆོས་ཀྱི་ཁོང་དུ་ཆུད་ཅིང་ཡང་དག་པར་བཟུང་བ་དང་། ཤེས་རབ་
ཆེན་པོ་རིན་པོ་ཆེ་ལ་ཡང་དག་པར་གཞོལ་བའི་དགེ་བའི་རྩ་བ་མངོན་དུ་གྱུར་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་མཐའ་ཡས་པ་རྗེས་སུ་དྲན་པའི་སངས་རྒྱས་ཀྱི་ཡུལ་དང་། དོན་གྱི་རྗེས་སུ་འབྲང་བས་དེ་བཞིན་གཤེགས་པའི་ལྡེམ་
པོ་དག་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་ལས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཆར་མངོན་པར་འབབ་པ་དང་། རྟུལ་ཕོད་པས་དབང་སྒྱུར་བ་སེམས་ཀྱི་དཔའ་བས་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་
ཐེག་པ་ཕུན་སུམ་སུམ་ཚོགས་པ་ཐམས་ཅད་མཁྱེན་པ་གང་ཟག་གི་མཆོག་གི་སར་ཤིན་ཏུ་བསྟན་པ་དང་། ཆོས་ཆེན་པོ་བྱེ་བ་བརྒྱ་སྟོང་ཚད་མེད་པས་ཤིན་ཏུ་བརྟན་པའི་དབང་པོས་བདག་གི་ལུས་འབུལ་ཞིང་དེ་ལྟར་བྱང་ཆུབ་སེམས་དཔའ་
Vol. 36 · folio 74b
སེམས་དཔའ་ཆེན་པོས་ཆོས་དེ་ལྟ་བུ་དག་ཉན་པས། དེ་བཞིན་གཤེགས་པ་ལ་དགའ་བ་ཚད་མེད་པ་རྣམ་པར་འཕེལ་བའི་སེམས་དང་ལྡན་པ། ཆོས་སྤྱོད་པ་ལ་ཡང་དག་པར་གནས་པའི་སེམས་ཅན་དམ་པ་རང་གི་ཐེ་ཙོམ་ཆད་པ། གཞན་གྱི་ཐེ་ཙོམ་
གཅོད་པ་ལ་རབ་ཏུ་ཞུགས་པ། རབ་ཏུ་དགའ་བའི་མཚན་མས་སེམས་མ་ཉམས་པ་དགེ་བའི་རྩ་བ་ཐམས་ཅད་དང་། ཡོན་ཏན་གྱི་འབྱུང་གནས་རབ་ཏུ་ཐོབ་པ། བསམ་པ་ཚད་མེད་པ་སྤྱོད་པའི་རྗེས་སུ་ཞུགས་པ། སེམས་ཅན་ཐམས་
ཅད་ཀྱི་དོན་ལ་བརྩོན་པའི་སེམས་དང་ལྡན་པ། རྡོ་རྗེའི་སྙིང་པོ་ལྟ་བུའི་ཡེ་ཤེས་དམ་པའི་ཁྱད་བར་ཁོང་དུ་ཆུད་པའི་སེམས་བརྟན་ཞིང་ཤིན་ཏུ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་གནས་ཤིང་རྣམ་པར་དག་པར་བྱེད་པ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་གནས་པ་ལས་མི་འབྲལ་བ་དེ་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དག་ལ་རབ་ཏུ་གནས་ཏེ། རང་གི་ལུས་དེ་བཞིན་གཤེགས་པ་ལ་མངོན་པར་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་
ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བཟུང་བའི་ལུས་དང་ལྡན་ཞིང་མི་དམའ་བའི་ལུས་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་
ཐམས་ཅད་སངས་རྒྱས་ཐམས་ཅད་བལྟ་བ་དང་མི་འབྲལ་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པས་སངས་རྒྱས་ཐམས་ཅད་ལ་ཉེ་བར་རྟེན་ཅིང་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་ཞིང་ཉམས་
པ་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་ལ་བརྩོན་ཞིང་མི་དམྱིགས་པས་ཚངས་པའི་སྤྱད་པ་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདག་ཏུ་བྱ་བ་དང་། བདག་གིར་བྱ་བ་
Vol. 36 · folio 75a
ལས་གྱེན་དུ་འཕགས་ཤིང་བདག་གི་མེད་པའི་ལུས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་འཕོས་པ་མེད་པར་ལུས་ཡང་དག་པར་སྟོན་ཅིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ལུས་རྣམ་པར་བཀྲམ་
པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདག་གི་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་འགྲོ་བས་གཞན་ལ་རག་ལས་པ་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ལུས་ཀྱི་རིགས་དང་ལྡན་ཞིང་སངས་རྒྱས་ཀྱི་སྐུར་མངོན་
པར་སྐྱེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བཟོད་པའི་སྟོབས་ཀྱིས་སེམས་ལ་ཐུབ་པ་མེད་ཅིང་ཆོས་ཀྱི་སྟོབས་དང་ལྡན་པའི་ལུས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པར་ཡོངས་སུ་རྫོགས་པས་
འདྲ་བ་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དམྱིགས་པ་མེད་པའི་དབྱིངས་སུ་བྱུང་བས་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ལུས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་དེ་བཞིན་གཤེགས་པ་ལ་རང་གི་ལུས་ཕུལ་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དུ་ཡང་དག་པར་འགྲུབ་པར་འགྱུར་བར་བྱ་བའི་ཕྱིར་
སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ལ་འགྲོ་བ་ཀུན་གྱི་དགེ་བའི་རྩ་བ་ལྟར་ཕན་འདོགས་པས་བདག་ཉིད་ཡོངས་སུ་གཏོང་བ་དང་། སེམས་ཅན་
ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་ཡང་དག་པར་སེམས་པ་དང་། མར་མེ་ལྟ་བུར་བདག་སེམས་ཅན་རྣམས་ལ་བསྙེན་པ་དང་། བདེ་བ་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་པ་དང་། ཆོས་ཀྱི་གཞི་ལྟ་བུར་བདག་འགྲོ་བ་
Vol. 36 · folio 75b
ཐམས་ཅད་ཡང་དག་པར་འཛིན་པ་དང་། སྣང་བ་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བ་དང་། འགྲོ་བ་ཐམས་ཅད་ཀྱི་མིག་ཡོར་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་དང་། དགེ་བའི་རྩ་བའི་རྒྱུ་ལྟ་བུར་
བདག་འགྲོ་བ་ཐམས་ཅད་ལ་སྟོན་པ་དང་། དགེ་བའི་བཤེས་གཉེན་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་སྟོབས་པ་དང་། ལམ་ལྟ་བུར་བདག་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྟོན་པ་དང་། བླ་ན་མེད་པའི་བདེ་བའི་རྣམ་པ་རབ་ཏུ་ཐོབ་པ་ལྟ་
བུར་བདག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྦྱོང་བ་དང་། ཉི་མ་ལྟ་བུར་བདག་འགྲོ་བ་ཐམས་ཅད་ལ་སྙོམས་པར་བྱེད་པ་དང་། དེ་ལྟ་བུའི་ཆོས་དང་ལྡན་པར་བདག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བའི་ཚེ། བདག་བཏང་བས་
བྱུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སར་རབ་ཏུ་ཕྱིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་དུལ་བ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱིར་སྤྱོད་པ་ལ་མཁས་ཤིང་སྤྱོད་པ།
ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དོན་དང་ཆོས་དང་ཡེ་ཤེས་དང་མངོན་པར་ཤེས་པ་དང་ལྡན་ཞིང་མྱ་ངན་ལས་འདའ་བའི་མཐུ་ཡོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་སུ་
འབྱུང་བས་རབ་ཏུ་ཚིམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་དགོངས་པ་དགེ་བས་མ་རིག་པའི་བསམ་པ་སྤང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཤིང་དྲུང་དུ་དགེ་བའི་རྩ་བ་དང་ལྡན་པས་
Vol. 36 · folio 76a
ཤིན་ཏུ་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཚེ་བའི་སེམས་བསྐྱེད་པ་དང་བྲལ་ཞིང་ཉོན་མོངས་པའི་དགྲ་ཤིན་ཏུ་ཆོམས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཡང་དག་པར་འཛིན་པའི་
ཕྱིར་ཡོངས་སུ་བསྲུང་བ་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བདག་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། སེམས་
ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བདེ་བ་དང་ལྡན་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཐམས་ཅད་ལ་དྲིན་དུ་གཟོ་བའི་སེམས་བསྐྱེད་པས་སངས་རྒྱས་ཐམས་ཅད་ཀྱི་
རིམ་གྲོ་བྱ་བ་དང་། བུ་ལྟར་བསམ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རྣམ་པར་སྦྱང་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་འོད་སྣང་ཞིང་དང་བར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་
གྱི་འདུ་ཤེས་ལས་བདག་ཕྱིར་ལོག་པར་བྱ་བ་དང་། བདག་སངས་རྒྱས་ཀྱི་རིགས་སུ་གཏོགས་པར་བགྲང་བ་དང་། བདག་སངས་རྒྱས་ཐམས་ཅད་དང་མཐུན་པར་གཟུང་བ་དང་། བདག་བདུད་ཀྱི་ཡུལ་ལས་རིང་དུ་བྱ་བ་དང་། བདག་སངས་རྒྱས་
ཀྱི་ཡུལ་ལ་མོས་པར་བྱ་བ་དང་། བདག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་བྱིན་ཀྱིས་བརླབ་པ་དང་། དེ་ལྟ་བུའི་ཆོས་ལ་བརྩོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ཚེ། དགེ་
བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་སུ་གྱུར་ཏེ། སེམས་ཉེ་བར་བརྟན་པ་རྣམ་པར་དག་པ་རབ་ཏུ་ཐོབ་པར་གྱུར་
Vol. 36 · folio 76b
ཅིག། །སེམས་ཅན་ཐམས་ཅད་སྡིག་ཏོའི་ལས་ཐམས་ཅད་ལ་ཞེ་སྡང་ཞིང་ཅང་ཤེས་དང་ཡང་དག་པར་འགྲོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་གཟུང་བའི་ཆོས་ཅན་དུ་གྱུར་ཏེ། མི་ཕྱེད་པའི་གཡོག་དང་ལྡན་པར་གྱུར་ཅིག །སེམས་ཅན་
ཐམས་ཅད་དབང་བསྐུར་བའི་བྱང་ཆུབ་སེམས་དཔའི་ས་ཐོབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སློབ་མར་གྱུར་ཅིག །སེམས་ཅན་ཐམས་ཅད་མི་དགེ་བ་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་
གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཆོས་སྐྱོན་མེད་པ་ལ་ཡང་དག་པར་སྤྱོད་ཅིང་། སངས་རྒྱས་ཐམས་ཅད་དང་མཐུན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ལུང་བསྟན་པའི་ཕྱིར་སངས་རྒྱས་
ལ་དམྱིགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་སངས་རྒྱས་ཐམས་ཅད་ལ་རག་ལུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལེན་པ་མེད་པའི་ལས་མངོན་པར་འདུ་བྱེད་ཅིང་། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་ཉེ་བར་གཟུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱེད་པའི་དམ་པར་གྱུར་ཅིག་ཅེས། དེ་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་རིམ་གྲོ་བྱེད་པས། ཡང་དག་པར་བཟུང་བའི་དགེ་བའི་རྩ་བ། དེ་དག་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་དུ་གྱུར་པས་ཡོངས་སུ་བསྔོའོ། །འཇིག་རྟེན་
ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །གནོད་པ་མེད་པའི་རྒྱུད་ཀྱིས་ཡོངས་སུ་བསྔོའོ། །ཚད་མེད་པའི་བྱང་ཆུབ་ཡངས་པ་ཐོབ་
Vol. 36 · folio 77a
པས་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཀྱིས་སྣང་བར་བྱས་པའི་ཤེས་པས་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་བཟུང་བས་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱིས་བྱིན་གྱིས་བརླབས་པས་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་མོས་པས་ཡོངས་སུ་བསྔོའོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། དགེ་བའི་རྩ་བ་གཅིག་ཏུ་བྱས་ཏེ་ཡོངས་
སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འགྱོད་པ་མེད་པའི་སེམས་ཤིན་ཏུ་རྫོགས་པར་འགྱུར་བར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་
བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བདུན་པ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འཛིན་པ་ཐམས་ཅད་ལས་རྣམ་པར་འདས་པ། རྒྱལ་པོའི་སྲིད་ལ་ཞེན་པའི་བསམ་པ་མེད་པ། མ་ཆགས་
པའི་སེམས་དང་ལྡན་པ། སྐྱིད་པས་མ་བཅིངས་པ། རྒྱལ་པོ་སྲིད་ལ་ཡོངས་སུ་འཛིན་པ་མེད་པ་ཡོངས་སུ་བཟུང་བ་ལ་ནི་མི་གནས་པ། མ་བཏང་བ་གཏོང་བ། དབང་ཕྱུག་ལ་མ་ཆགས་པ། གནོད་པ་མེད་པའི་ལས་དང་ལྡན་པ།
སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་སེམས་པ་དེ་རྒྱལ་པོའི་སྲིད་ཡོངས་སུ་གཏོང་བའི་ཚེ། རྒྱལ་པོའི་སྲིད་བྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་ལས་ཀྱི་རྣམ་
པར་སྨིན་པ་ལ་ཡེ་རྔམ་པ་མྱེད་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་འཇིག་རྟེན་གྱི་ཆོས་ལ་དགའ་བ་མི་སྐྱེ་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སྲིད་པར་སྐྱེ་བའི་སྐྱེ་མཆེད་ལ་མངོན་
Vol. 36 · folio 77b
པར་ཞེན་པ་མེད་པར་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གནས་ལ་གནས་ཀྱི་འདུ་ཤེས་མི་བསྐྱེད་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་ཕུང་པོ་དང་
ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་མེད་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་ཕྱི་ནང་གི་ཆོས་ཐམས་ཅད་དུ་ལུས་ལ་གནས་པའི་སེམས་མི་སྐྱེ་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་
ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་རྨོངས་པར་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་དགེ་བའི་བཤེས་གཉེན་ཐམས་ཅད་དང་རིང་དུ་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་
བསྔོའོ། །ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོའི་སྨོན་ལམ་ཉམས་པར་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་དགེ་བའི་བཤེས་གཉེན་ཐམས་ཅད་མངོན་པར་མཉེས་པར་འགྱུར་བ་དེ་
ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །གཞན་ཡང་འདི་ལྟར་ཡོངས་སུ་བསྔོ་སྟེ། རྒྱལ་པོའི་སྲིད་བྱིན་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་ཅད་ཆོས་ཀྱི་དབང་ཕྱུག་གི་དམ་པ་ཐོབ་སྟེ།
ཆོས་ཀྱི་རྒྱལ་པོའི་སྲིད་ལ་དབང་སྒྱུར་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྒྱལ་པོའི་དཀྲུགས་མ་དང་དགྲ་ཐམས་ཅད་རབ་ཏུ་གཞོམ་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་སྲིད་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་
ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཆོས་རབ་ཏུ་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་རྒྱལ་སྲིད་ཆེན་པོ་ལ་རབ་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་བསྐོར་
Vol. 36 · folio 78a
བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་རྒྱལ་སྲིད་ལ་རབ་ཏུ་གཞོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབང་ཕྱུག་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་ཡང་དག་པར་འཛིན་པའི་ཚུལ་དུ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་དགེ་བའི་རྩ་བས་མངོན་པར་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཡང་དག་པར་བསྒྲུབ་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་སྲིད་ཡངས་ཤིང་ཚད་མེད་པ་རྗེས་སུ་སྐྱོང་བར་གྱུར་ཅིག །སེམས་ཅན་ཐམས་
ཅད་སངས་རྒྱས་འབྱུང་བ་རྒྱུན་མ་ཆད་པ་དང་ལྡན་ཞིང་ཆོས་ཀྱི་དབྱིངས་ལ་ངེས་པའི་རྒྱལ་སྲིད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གདུལ་བ་ལ་ཐོགས་པ་མེད་པར་ཞུགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་
གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་ཐེག་པ་ཆེན་པོ་ལ་རབ་ཏུ་གཞོག་པའི་ཚུལ་གྱིས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དུ་ཆོས་ཀྱི་སྦྱིན་བདག་དུ་
གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། དགེ་བའི་རྩ་བའི་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་ཏེ། ལྟོད་པ་མེད་པའི་རྒྱལ་སྲིད་རབ་ཏུ་ཐོབ་པར་གྱུར་ཅིག །དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་སྲིད་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་འགྲོ་བ་ཐམས་ཅད་དུ་ཤིན་ཏུ་བདེ་བ་དང་། ལེགས་པ་འབྱུང་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །
འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་མ་འཁྲུགས་པ་དང་། བྱང་ཆུབ་སེམས་དཔའི་སེམས་རྩེ་གཅིག་པ་དང་། སྨོན་ལམ་ཚད་མེད་པར་བྱས་ཏེ། སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བྱམས་པ་ཆེན་པོའི་སྟོབས་ཉེ་བར་
Vol. 36 · folio 78b
བཞག་སྟེ། བསམ་པ་ཤིན་ཏུ་ཚིམ་པར་བྱས་ནས། སེམས་ཅན་ཀྱི་དོན་ལ་བདག་རབ་ཏུ་བཞག་སྟེ། ཡེ་ཤེས་ཆེན་པོ་ལ་ཤིན་ཏུ་མོས་པར་བྱས་ནས། སངས་རྒྱས་ཀྱི་ཆོས་ལ་མཉམ་པའི་སེམས་སུ་བྱས་ཏེ། དགེ་བའི་ཆོས་ཉིད་ལ་རྣམ་པར་དཔྱོད་
ཅིང་ཐམས་ཅད་མཁྱེན་པའི་རྒྱལ་སྲིད་ལ་རབ་ཏུ་གཞོལ་བར་སེམས་བསྐྱེད་པ་དང་། ཆོས་ཀྱི་དབང་ཕྱུག་ལ་ཤིན་ཏུ་བརྩོན་པའི་བསམ་པ་དང་། ཡེ་ཤེས་ལ་དབང་བསྒྱུར་བ་ཐོབ་པའི་ཡིད་ཀྱི་དབང་པོ་དང་། ཡོན་ཏན་ཐམས་ཅད་རྣམ་པར་སྦྱོང་བའི་
རབ་ཏུ་འཇུག་པ་དང་། བློ་བརྟན་པ་དང་ལྡན་པའི་བསམ་པ་ཡངས་པ་དང་། ཚོགས་སུ་གྱུར་པའི་དགེ་བའི་རྩ་བ་ཐམས་ཅད་དང་། བརྩམ་པར་སྐབས་ཕྱེ་བ་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྨོན་ལམ་དང་གཞན་ལ་རག་ལས་པ་མེད་པའི་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ཆོས་དང་། ཤིན་ཏུ་བརྟན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྟོབས་དང་། བརྩམས་པ་ཐམས་ཅད་མཐར་འབྱིན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་སྨོན་ལམ་གྱིས་མི་དང་ཡུལ་དུ་བཅས་པ་དང་། གྲོང་ཁྱེར་དང་
རྒྱལ་པོའི་ཕོ་བྲང་འཁོར་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཐམས་ཅད་བཏང་བར་ཡོངས་སུ་གཏོང་བས་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། ཡུལ་དང་། མིར་བཅས་པ་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་
འཁོར་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། ཡུལ་དང་མིར་བཅས་པ་དང་། གྲོང་ཁྱེར་དང་རྒྱལ་པོའི་གནས་རབ་ཏུ་བྱིན་པའི་དགེ་བའི་རྩ་བ་འདིས་སེམས་
ཅན་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱངས་ཏེ། སངས་རྒྱས་ཐམས་ཅད་བཞུགས་ཤིང་། སྤྱོད་པའི་ཕྱིར་སངས་རྒྱས་ཐམས་ཅད་ལ་འབུལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞི་བའི་གནས་རབ་ཏུ་ཐོབ་ཅིང་།
Vol. 36 · folio 79a
དགོན་པ་ཤིན་ཏུ་དབེན་པ་ལ་མངོན་པར་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་དབེན་པའི་མཐར་ཐུག་པར་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་དང་། རྒྱལ་པོའི་གནས་ལ་གནས་མེད་
པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་སྨྲ་བ་ཐམས་ཅད་ལས་རྣམ་པར་འདས་ཏེ། འདུ་འཛི་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྱོད་པ་མེད་པའི་སྦྱིན་བདག་ཏུ་གྱུར་ཏེ། གཏོང་བའི་སེམས་དང་མི་འབྲལ་བར་གྱུར་ཅིག །
སེམས་ཅན་ཐམས་ཅད་གནས་མེད་པའི་བསམ་པ་རབ་ཏུ་ཐོབ་ཅིང་ཁྱིམ་གྱི་གནས་དང་རབ་ཏུ་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་གཏོང་བ་ཤིན་ཏུ་གཏོང་བའི་སེམས་དང་ལྡན་ཞིང་གཏང་བར་བྱ་བ་གཏོང་བར་གྱུར་ཅིག །སེམས་ཅན་
ཐམས་ཅད་ཁྱིམ་གྱི་གནས་ལ་ཆགས་པ་ལས་རྣམ་པར་འདས་ཏེ་གནས་པ་ཆུད་ཟ་བ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གནོད་པ་དང་། འཚེ་བ་དང་། འཇིགས་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། གཙེ་བ་ཐམས་ཅད་ཀྱིས་
ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་འབུལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་སྤྱོད་པར་གྱུར་ཅིག །ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུལ་དང་མིར་བཅས་པ་
དང་། གྲོང་ཁྱེར་དང་རྒྱལ་པོའི་ཕོ་བྲང་འཁོར་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཞིང་གི་གནས་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གཡོག་དང་། འཁོར་ལ་དགའ་བའི་མཚན་མར་མི་འཛིན་ཅིང་ལྟོས་པ་མེད་པའི་སེམས་དང་ལྡན་པ། འཁོར་ཐམས་ཅད་ལ་ཞེན་པ་མེད་པའི་རྒྱུད་ཅན་འདོད་པའི་དགའ་བ་ཐམས་ཅད་ཀྱིས་སེམས་བཅིངས་པ་མེད་པ།
Vol. 36 · folio 79b
གཟུགས་ཀྱི་རྣམ་པ་ཐམས་ཅད་ལ་མངོན་པར་མ་ཆགས་པའི་སེམས་དང་ལྡན་པ། འདོད་པའི་དགའ་བ་ཐམས་ཅད་ལ་སེམས་མི་བརྐམས་པ། འདོད་པའི་དགའ་བ་སྣ་ཚོགས་ཡོངས་སུ་སྤྱོད་པ་ལ་རྟོག་པ་མེད་པར་གནས་པ། འདོད་པའི་སྦྱོར་བ་ཐམས་
ཅད་ལ་ཆགས་པ་མེད་པའི་སེམས་དང་ལྡན་པ། བུད་མེད་ཀྱི་དགའ་བ་དང་། རྩེད་མོའི་དགའ་བ་ཡོངས་སུ་སྤྱོད་པ་ཐམས་ཅད་ལ་མཚན་མར་མི་འཛིན་པ། བུད་མེད་རིན་པོ་ཆེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་མ་ཆགས་པ། འཇིག་
རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པས་གཡོག་འཁོར་དང་། ཆུང་མའི་འཁོར་དང་རོལ་མོར་བཅས། གླུ་དང་། གར་དང་རྔ་དང་རོལ་མོ་དཀྲོལ་བ་ཕྱེད་ཅིང་སྤྱོད་པ་བསྙེན་བཀུར་ཞིང་རིམ་གྲོ་བྱ་བ་ལ་ཤིན་ཏུ་མཁས་
པར་གྱུར་པ། བཟོ་དང་སྒྱུ་རྩལ་ཤིན་ཏུ་བསླབས་པ། འཇིག་རྟེན་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། དགའ་བར་བྱེད་པ་ཡིད་དུ་འོང་བའི་རིམ་གྲོ་རྩེ་བར་བྱེད་པ། བཀུར་སྟིའི་ཚུལ་ལ་མཁས་པ། རོལ་མོ་བརྡུང་བའི་སྒྲ་ཡིད་
དུ་འོང་བ་ཤིན་ཏུ་ཕྱུང་བ་དང་། རོལ་མོ་དཀྲོལ་བ་དང་། གླུའི་སྒྲ་མི་མཐུན་པ་མེད་པ་དང་། གར་གྱིས་ཉེ་བར་སྤྱོད་པ་དང་ལྡན་པ། བུད་མེད་ཅང་ཤེས་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་བ། བཞིན་སྡུག་གུ་དང་ཆ་བྱད་སྡུག་གུའི་བུ་མོ་རིན་པོ་ཆེ་
དང་ལྡན་པ། ཕྲེང་བ་དང་། སྤོས་དང་། བདུག་སྤོས་དང་། རྒྱན་གྱི་རིམ་གྲོར་བྱེད་པ། བཞད་གད་དང་། རོལ་མོས་དགའ་བར་རྩེ་ཞིང་བཀུར་སྟི་རྣམ་པ་སྣ་ཚོགས་ཡིད་དུ་འོང་བ་སྟོན་པའི་བུད་མེད་རིན་པོ་ཆེ་འགྲོགས་
འགྲོགས་པ། ངག་ཉན་ཅིང་མཐུན་པར་འཛིན་པ་ངེས་པའི་ཚིག་གིས་དགའ་བར་བྱེད་ཅིང་རིམ་གྲོར་བྱེད་པ་རྒྱན་བཟང་པོ་རབ་ཏུ་མང་པོས་བལྟ་ན་ཡིད་དུ་འོང་བར་བརྒྱན་པས་ཤིན་ཏུ་རྣམ་པར་དག་པ། རོལ་མོ་བརྡུང་བ་དང་། དཀྲོལ་བ་བྱེ་བ་ཁྲག་
Vol. 36 · folio 80a
ཁྲིག་བརྒྱ་སྟོང་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལས་ཀྱི་དགེ་བའི་རྩ་བ་དང་། རྒྱུ་མཐུན་པར་བྱུང་བ། ཅང་ཤེས་ཤིང་བྱང་ཆུབ་སེམས་དཔའི་དབང་གི་རྗེས་སུ་འབྲང་བ། སེམས་དགའ་བར་བྱེད་པ་དེ་ལྟ་
བུའི་གཡོག་འཁོར་དང་། ཆུང་མའི་འཁོར་དང་། རོལ་མོར་བཅས་པ་ཤིན་ཏུ་བཤེས་པ་དེ་དག་ཐམས་ཅད་ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ནས་འབྱུང་བའི་སེམས་ཀྱིས་ཡོངས་སུ་
བསྔོའོ། །སངས་རྒྱས་ཀྱི་ཆོས་ལ་དགའ་བ་རབ་ཏུ་ཐོབ་པས་ཡོངས་སུ་བསྔོའོ། །སྙིང་པོ་བླངས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཡེ་ཤེས་རྡོ་རྗེའི་དབྱིངས་མི་ཤིགས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །
དེ་བཞིན་གཤེགས་པའི་དཀྱིལ་འཁོར་རབ་ཏུ་ཐོབ་པས་ཡོངས་སུ་བསྔོའོ། །སྙིང་པོ་ལེན་པར་བྱས་ཏེ་ཡོངས་སུ་བསྔོའོ། །བླ་ན་མེད་པའི་སེམས་དང་ལྡན་པས་ཡོངས་སུ་བསྔོའོ། །ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་སེམས་དང་ལྡན་
པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་འབྱུང་གནས་སུ་རེད་པར་བྱས་ཏེ་ཡོངས་སུ་བསྔོའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་མི་འགལ་བར་བྱས་ཏེ་ཡོངས་སུ་བསྔོའོ། །དེ་ལྟ་བུའི་ཆོས་ལ་རྣམ་པར་སྤྱོད་
ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་དང་ལྡན་པའི་རིགས་ཀྱི་རྒྱུད་དུ་བྱུང་བ། སངས་རྒྱས་ཀྱི་རིགས་རྣམ་པར་དག་པས་རབ་ཏུ་སྐྱེས་པ། ཐམས་ཅད་མཁྱེན་པའི་ལམ་དུ་སེམས་མངོན་པར་སྐྱེས་པ།
བྱང་ཆུབ་སེམས་དཔའི་ལས་དང་ཡེ་ཤེས་འབྱམ་ཀླས་པ་ལ་ཞུགས་པ། འཇིག་རྟེན་གྱི་དྲི་མ་ཐམས་ཅད་རབ་ཏུ་སྦྱོང་བ། སྦྱིན་པ་བྱེད་པ། སྦྱིན་པའི་སེམས་དང་ལྡན་པ། ཡོན་ཏན་ཆེན་པོའི་དཀྱིལ་འཁོར་གྱི་སྦྱིན་པའི་གནས་སུ་གྱུར་པ། འཇིག་རྟེན་
Vol. 36 · folio 80b
ཐམས་ཅད་ཀྱི་གནས་དང་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ཡང་དག་པར་ཞུགས་པ། དགེ་བའི་རྩ་བ་ཐམས་ཅད་གཟུང་བ་ལ་ཡང་དག་པར་བརྩོན་པ་དེ་འཁོར་ཐམས་ཅད་ཡོངས་སུ་བཏང་བས་ཡང་དག་
པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མི་འཕྲོགས་པ་རབ་ཏུ་ཐོབ་སྟེ། ཏིང་ངེ་འཛིན་ཚད་མེད་པའི་འཁོར་གྱིས་བསྐོར་བར་གྱུར་ཅིག །སེམས་ཅན་ཐམས་
ཅད་སངས་རྒྱས་མཐོང་བས་སྤྲོ་བ་དང་དགའ་བ་རབ་ཏུ་ཐོབ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱན་ལ་མཉམ་པར་གཞོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚད་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ལ་གནས་ཤིང་བྱང་
ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་ཞིང་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ལ་འཁྲུག་པ་མེད་ཅིང་ཆོས་དང་མཐུན་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ལ་
དབང་སྒྱུར་ཞིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཟབ་མོ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡང་དག་པར་བྲལ་བའི་ཡིད་རབ་ཏུ་ཐོབ་སྟེ། ཏིང་ངེ་འཛིན་གྱི་འཁོར་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་
ཀྱི་མཚན་མ་འཛིན་པ་ཤིན་ཏུ་ཐོབ་སྟེ། ཏིང་ངེ་འཛིན་སྣ་ཚོགས་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་སྒོམ་པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཁྱད་པར་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྟག་ཏུ་
རྒྱུན་མི་འཆད་པའི་སེམས་ཀྱིས་མི་གཉིས་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྤྱོད་ཅིང་ཆགས་པ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ཐམས་ཅད་ཡོངས་སུ་བཏང་བས་ཡང་
Vol. 36 · folio 81a
དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་འཁོར་གཞན་གྱིས་མི་ཕྱེད་ཅིང་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་ཏུ་སེམས་
བསྐྱེད་པ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང་། ཐམས་ཅད་མཁྱེན་པའི་སྟོབས་ཡོངས་སུ་
རྫོགས་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །སྐལ་པ་མཉམ་པའི་སེམས་ཅན་དང་འགྲོགས་པ་དང་འཐུན་པའི་གཡོག་འཁོར་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཁ་ན་མ་ཐོ་བ་མེད་པའི་དགེ་
བའི་རྩ་བ་རབ་ཏུ་འགྲུབ་པ་དང་། ཐམས་ཅད་མཁྱེན་པའི་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་སྐུ་རྣམ་པར་དག་པ་འཐོབ་པ་དང་གཡོག་ངེས་པ་དང་ལྡན་པར་བྱ་བའི་ཕྱིར་
སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་མི་ཟད་པ་ཐམས་ཅད་ཀྱི་མཛོད་ཤིན་ཏུ་རིག་པ་ལ་ཞུགས་པས་རབ་ཏུ་སྟོན་པ་དང་། ཐ་དད་པ་ཡང་དག་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་འཐོབ་པར་བྱ་བའི་ཕྱིར་
སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལས་རྣམ་པར་འདས་པ་དང་། སེམས་ཅན་ཐམས་ཅད་གྲོགས་སུ་འགྱུར་བའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་
ལ་ཡོངས་སུ་བསྔོའོ། །རྣམ་པར་དག་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཁ་ན་མ་ཐོ་བ་མེད་པའི་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཆོས་སྣང་བ་ཐམས་ཅད་
Vol. 36 · folio 81b
ཀྱི་རྒྱན་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྫོགས་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུ་དང་བུ་མོ་དང་། ཆུང་མ་ཡོངས་
སུ་གཏོང་ཞིང་ཇི་ལྟར་གཞོན་ནུ་ཤིན་ཏུ་སྦྱོང་བ་དང་། རྒྱལ་པོ་རྒྱན་ཐམས་ཅད་སྟོན་པ་དང་དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ཀྱང་ཐམས་ཅད་མཁྱེན་པའི་ལམ་ལ་མངོན་པར་གནས་པ་གཏོང་བ་དང་། ཡོངས་སུ་གཏོང་བ་
ཐམས་ཅད་རྣམ་པར་འཕེལ་བར་བྱེད་པ། བྱང་ཆུབ་སེམས་དཔའི་གཏོང་བའི་ལམ་རྣམ་པར་སྦྱོང་བ། ཕྱིས་འགྱོད་པ་མེད་པར་གཏོང་བའི་སེམས་རྣམ་པར་སྦྱོང་བ། གཏོང་བ་རིན་པོ་ཆེ་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ལ་མཉམ་
པར་གཞོག་པ། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱེད་པའི་ལྷག་པའི་བསམ་པ་རབ་ཏུ་སྒྲུབ་པ། ལྷག་པའི་བསམ་པས་དག་པའི་བྱང་ཆུབ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱེད་པ། བྱང་ཆུབ་སེམས་དཔའི་ལམ་གྱིས་བདག་མངོན་པར་
བསྐྱབ་པར་ཡང་དག་པར་ལྟ་བ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཏུ་སེམས་མངོན་དུ་གྱུར་པར་བྱིན་གྱིས་རློབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་གནས་པའི་སེམས་བསྐྱེད་པ། ཡོངས་སུ་སྒྱུར་བ་རྣམས་ཀྱིས་བུ་དང་བུ་མོ་དང་
ཆུང་མ་ཡོངས་སུ་བཏང་བ་དེ་ལྟ་བུ་དང་། བུ་མོ་དང་། ཆུང་མ་དེ་དག་བསམ་པ་སྟོབས་དང་ལྡན་པར་བྱས་ཏེ་གཏོང་བ་དང་། བདག་དེ་བཞིན་ཉིད་དུ་མོས་པར་བྱས་ཏེ། སྦྱིན་པར་བྱེད་པ་དང་། བདག་ཉིད་འཇིག་རྟེན་ཐམས་ཅད་ཀྱིས་
ཅི་འདོད་པར་སྤྱོད་པར་ཡང་དག་པར་ལྟ་བ་དང་། བདག་སེམས་ཅན་ཐམས་ཅད་སྦྱིན་པ་ཀུན་གྱི་འབྱུང་གནས་སུ་གྱུར་པར་བྱིན་གྱིས་རློབ་པ་དང་། གང་གིས་སེམས་ཅན་དམའ་བར་གྱུར་པ་དེ་དག་གིས་ཡོངས་སུ་རྒྱས་པར་བྱེད་
Vol. 36 · folio 82a
པ་དང་། །དེ་ལྟ་བུའི་ཚུལ་གྱིས་བདག་ཡང་དག་པར་འཛིན་པ་དང་། མཆོད་རྟེན་དམ་པར་འགྱུར་རོ་ཞེས་འགྲོ་བ་ཐམས་ཅད་དུ་བདག་སྤྲོ་བར་བྱེད་པ་དང་། ཐམས་ཅད་མཁྱེན་པའི་སེམས་ཉིད་འགྲོ་བ་ཐམས་ཅད་
དུ་ཤིན་ཏུ་སྒྲུབ་པ་དང་། བདག་འགྲོ་བ་ཐམས་ཅད་ལ་ཕན་པའི་མུ་སྟེགས་སུ་རྗེས་སུ་ལྟ་བ་དང་། བདག་འཇིག་རྟེན་ཐམས་ཅད་ཀྱི་འབབ་ས་བདེ་བར་རབ་ཏུ་རྟོགས་པ་དང་། བདག་འགྲོ་བ་ཐམས་ཅད་ཀྱི་སྦྱིན་བདག་དུ་མོས་པར་བྱེད་པ་དང་། བདག་ཡེ་ཤེས་ཀྱི་ཡིད་
དང་ལྡན་པར་བྱས་ཤིང་། བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་པར་ཡང་དག་པར་ཤེས་པ་དང་། བདག་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པ་ལ་སྦྱོར་བ་དང་། བདག་གིས་ཐམས་ཅད་མཁྱེན་པའི་གོ་ཅ་བགོས་པར་རབ་ཏུ་རྟོག་ཅིང་ཡེ་ཤེས་
དང་བསོད་ནམས་ཀྱི་ཞིང་ཚོལ་བ་དང་། འགྲོ་བ་ཐམས་ཅད་ལ་དམ་བཅས་པའི་སེམས་རྗེས་སུ་བསྲུང་བ་དང་། རབ་ཏུ་ནན་ཏན་བྱེད་པ་ལ་བདག་ཤིན་ཏུ་གཞོག་པ་དང་། འགྲོ་བ་ཐམས་ཅད་དུ་སྣང་བའི་ཡེ་ཤེས་ཡང་དག་པར་སྐྱེད་པ་དང་།
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཏོང་བའི་སེམས་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱེད་པའི་ཚེ། ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་དང་ལྡན་པ། སེམས་
ཅན་ཐམས་ཅད་ཀྱི་དོན་དུ་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པ་དེ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། བུ་དང་བུ་མོ་དང་ཆུང་མ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཆོས་
ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་པའི་ཆོས་ཀྱི་འཁོར་ལོ་ཕྱིར་མི་ལྡོག་པ་ཡང་དག་པར་བསྐོར་བས་སངས་རྒྱས་ཀྱི་བྱང་ཆུབ་ལ་གཞོག་པར་བྱེད་ཅིང་། བདག་གི་ལུས་ཀྱི་སྤྲུལ་པ་རབ་ཏུ་འགྱེད་པར་གྱུར་ཅིག །སེམས་ཅན་ཐམས་
Vol. 36 · folio 82b
ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྨོན་ལམ་གྱིས་འདོང་ཞིང་ལུས་ལ་མངོན་པར་ཆགས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་ཆགས་པ་དང་། ཁོང་ཁྲོ་བ་སྤངས་ཤིང་སྡུག་པ་དང་། མི་སྡུག་པའི་སེམས་དང་བྲལ་བར་གྱུར་ཅིག །
སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སྤྱོད་ཅིང་དེ་བཞིན་གཤེགས་པའི་སྲས་སུ་རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐ་དད་པ་མེད་པའི་སེམས་ཀྱིས་བྱུང་ཞིང་། སངས་རྒྱས་ཐམས་ཅད་ལ་རབ་ཏུ་འདུ་ཤེས་ཐོབ་པར་གྱུར་
ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལས་བྱུང་བ། གསུང་ལས་སྐྱེས་པར་གྱུར་ཏེ། ངེས་པར་སངས་རྒྱས་ཀྱི་སྲས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་
བའི་ཕྱིར། གོ་སྐབས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡང་དག་པར་བྲལ་བའི་མཐར་ཕྱིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཆོས་གཏོང་བ་ལ་བརྩོན་
ཞིང་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་འགོད་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྐྱེན་ཐམས་ཅད་ཀྱིས་ཟད་པར་མི་ནུས་ཤིང་ཤིན་ཏུ་རྟོགས་པར་གཞག་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་
བྱང་ཆུབ་ཀྱི་ཤིང་དྲུང་དུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སངས་རྒྱས་ཏེ། ཆོས་ལས་སྐྱེས་པ་དང་། ཆོས་ལས་བྱུང་བའི་བུ་དང་། བུ་མོ་དང་ཆུང་མ་རབ་ཏུ་འཕྲོ་བར་བྱེད་
པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུ་དང་། བུ་མོ་དང་། ཆུང་མ་ཡོངས་སུ་བཏང་བ་ལས་བྱུང་བའི་དགེ་བའི་རྩ་བ་དེ་དག་བསྒྲིབས་པ་མེད་པའི་ཡེ་ཤེས་རབ་ཏུ་ཐོབ་པ་དང་། ཁམས་གསུམ་པ་
Vol. 36 · folio 83a
ཐམས་ཅད་ལ་ཆགས་པ་མེད་པའི་རྣམ་པར་ཐར་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་གྱི་དངོས་པོ་ལ་ཆགས་པར་གནས་པའི་རྣམ་པ་ལ་མོས་པ་མེད་
པ། ཁྱིམ་གྱི་རྣམ་པར་རྟོག་པས་ཡོངས་སུ་རྟོག་པ་མེད་པ་ཁྱིམ་གྱི་ཡོ་བྱད་ཐམས་ཅད་ལ་དོན་དུ་གཉེར་བ་མེད་པ། ཁྱིམ་གྱི་ཆགས་པ་ཐམས་ཅད་ཀྱིས་འདོད་པར་གྱུར་པ་མེད་པ། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་ལ་རོ་མྱོང་བར་ལྟ་བ་མེད་པ། ཁྱིམ་
གྱི་ལོངས་སྤྱོད་ཐམས་ཅད་ཁོང་དུ་ཆུད་པའི་སེམས་དང་ལྡན་པ། ཁྱིམ་ལ་མངོན་པར་ཆགས་པ་ཐམས་ཅད་ལས་གྱེན་དུ་སྤགས་པའི་སེམས་དང་ལྡན་པ། ཁྱིམ་དང་གནས་ལ་རྟེན་པ་ཐམས་ཅད་ལ་མངོན་པར་མོས་པ་མེད་པར་གྱུར་པ།
ཁྱིམ་དང་གནས་ལ་རྟེན་པ་ཐམས་ཅད་ཡུད་ཙམ་གྱི་འདུ་ཤེས་ཀྱིས་བྱིན་གྱིས་བརླབ་པ། སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་འབྱུང་བའི་བསམ་པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ལ་ཞུགས་པའི་སེམས་དང་ལྡན་པ།
སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་བརྒྱན་པའི་སེམས་དང་ལྡན་པ། གཅིག་ནས་གཅིག་ཏུ་རྗེས་སུ་འགྱོད་པ་མེད་པར་གཏོང་བ། དམིགས་པའི་དངོས་པོ་ཐམས་ཅད་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པ་
འགྱོད་པ་མེད་པར་གཏོང་བའི་སེམས་དང་ལྡན་པ། ཁྱིམ་ཡོངས་སུ་བཟུང་བ་ཤིན་ཏུ་གཏོང་བ་ལ་མངོན་པར་ཆགས་པ་མེད་པའི་ཡིད་དང་ལྡན་པ། ཕྱོགས་དང་ཡུལ་ཐམས་ཅད་ལ་གནས་པ་མེད་པར་གནས་པ། ཁྱིམ་དང་གནས་ལ་ཆགས་པས་
རྩོམ་པ་མེད་པ་ཡོངས་སུ་བཟུང་བ་ཐམས་ཅད་སྦྱིན་པར་ཤིན་ཏུ་གཏོང་བས་གཏོང་བ། སློང་བ་ཐམས་ཅད་མཐོང་ན་རབ་ཏུ་དགའ་བ་དང་། སྤྲོ་བ་དང་། ཡིད་དགའ་བ་སྐྱེ་བས་སློང་བ་རྣམས་ལ་ཚུལ་དང་ལྡན་པའི་སེམས་ཀྱིས་ཁྱིམ་དང་
Vol. 36 · folio 83b
ཁྱིམ་གྱི་ཡོ་བྱད་དང་། རྒྱན་ཐམས་ཅད་ཡོངས་སུ་གཏོང་བའི་ཚེ། ཁྱིམ་གྱི་སྦྱིན་པ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་དཀོན་མཆོག་དམ་པར་འབྱུང་བ་ལ་མངོན་པར་
མོས་ཤིང་བུ་དང་། བུ་མོ་ཤིན་ཏུ་གཏང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ཁྱིམ་ལས་རྣམ་པར་གྲོལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་ཚངས་པའི་སྤྱད་པ་སྤྱོད་པར་གྱུར་ཅིག །སེམས་ཅན་
ཐམས་ཅད་ཕྱིར་མི་ལྡོག་པའི་སེམས་ཀྱིས་འཇུག་པ་མེད་པར་གནས་ཤིང་ཐམས་ཅད་ཡོངས་སུ་གཏོང་བ་ལ་མངོན་པར་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྩོགས་པ་མེད་ཅིང་ཆོས་ཤེས་པ་ལ་བརྩོན་པས། ཁྱིམ་གྱི་ཆོས་དང་རབ་ཏུ་བྲལ་བར་གྱུར་ཅིག །
སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕོ་བྲང་དང་གནས་ལ་ཡང་དག་པར་གནས་ཤིང་ཁྱིམ་དང་། གནས་ལ་གནས་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བར་དུ་གཅོད་པའི་ནན་ཏན་ཐམས་ཅད་འགག་པར་གྱུར་ཏེ། སྒྲིབ་པའི་ཆོས་ཐམས་ཅད་
ཤིན་ཏུ་སྤངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གོས་པ་མེད་པའི་སེམས་ཀྱི་གནས་ལ་རྟེན་པས་ལྗན་ལྗིན་མེད་པའི་ཁྱིམ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁྱིམ་ན་གནས་པས་མངོན་པར་རྫོགས་པར་སངས་རྒྱས་
པ་མཐོང་བའི་ཡེ་ཤེས་དང་ལྡན་ཞིང་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་རྗེས་སུ་སོང་བའི། སེམས་ཀྱི་ཡེ་ཤེས་དང་ལྡན་ཞིང་། ཁྱིམ་གྱི་གནས་རྣམ་པར་རིག་པ་རབ་ཏུ་
མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁྱིམ་གྱིས་སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་རབ་ཏུ་ཐོབ་ཅིང་། སེམས་ཅན་མཐའ་ཡས་པ་ཚིམ་པར་བྱེད་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་གྱི་སྦྱིན་པ་ཡོངས་སུ་
Vol. 36 · folio 84a
བཏང་བས། ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་དང་། རྣམ་པར་འཕྲུལ་པ་སྣ་ཚོགས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་
སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བ་དགའ་བ་དང་རྩེ་བ་དང་ལོངས་སྤྱོད་མང་པོ་སྣ་ཚོགས་ཀྱི་གནས་ཡོངས་སུ་གཏོང་ཞིང་སྦྱིན་པ་དང་། སྟོབས་པ་དང་བདག་སེམས་ཅན་ཐམས་ཅད་ཀྱི་བཟའ་ཤིང་གི་ར་བར་
གྱུར་པའོ་ཞེས་ཡང་དག་པར་ལྟ་བ་དང་། བདག་ཆོས་ཀྱི་དགའ་བར་གྱུར་པར་འཇིག་རྟེན་ཐམས་ཅད་ལ་ཡོངས་སུ་སྟོན་པ་དང་། བདག་སེམས་ཅན་ཐམས་ཅད་ལ་ཡིད་བདེ་བའི་སྦྱིན་པ་བྱེད་པར་བྱིན་གྱིས་རློབ་པ་དང་། བདག་འགྲོ་བ་ཐམས་ཅད་
དུ་དགའ་བ་མཐའ་ཡས་པ་ཡང་དག་པར་སྐྱེས་པར་ཤིན་ཏུ་སྟོན་པ་དང་། བདག་ཁམས་གསུམ་ཐམས་ཅད་ན་ཆོས་དཀར་པོ་སྐྱེ་བའི་སྒོར་གྱུར་པར་ཡང་དག་པར་འཛིན་པ་དང་། བདག་འགྲོ་བ་ཐམས་ཅད་ཀྱི་སེམས་དགའ་བ་རྟག་ཏུ་སྐྱེ་བར་བྱེད་པར་འཇིག་རྟེན་
ཐམས་ཅད་དུ་གནས་པར་བྱེད་པ་དང་། བདག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་སྟོབས་པར་སྨོན་ལམ་འདེབས་པ་དང་། བདག་སྐྱེ་དགུ་ཐམས་ཅད་ཀྱི་ཕ་དང་འདྲ་བར་ནན་ཏན་བྱེད་པ་དང་། བདག་ཁམས་གསུམ་ཐམས་ཅད་ན་ཡེ་ཤེས་ཀྱི་
འབྱུང་གནས་སུ་གྱུར་པར་རབ་ཏུ་རྟོག་པ་དང་། བདག་སེམས་ཅན་གྱི་ཁམས་ཐམས་ཅད་ན་ཡོ་བྱད་ཀྱིས་མི་བྲེལ་བར་བྱེད་པ་རབ་ཏུ་གཞོག་པ་དང་། བདག་སྨོན་ལམ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཐམས་ཅད་མ་དང་འདྲ་བར་སྐྱེད་པར་ཡང་དག་པར་སྒྲུབ་
པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་སྐྱོན་གྱི་སྐྱོ་བ་མེད་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་གནོད་པས་འཁྲུལ་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འཇིག་རྟེན་གྱི་གནས་དྲིན་དུ་མི་གཟོ་བས་ཡོངས་
Vol. 36 · folio 84b
སུ་གང་བས་ཡོངས་སུ་ཡི་ཆད་པ་མེད་པས་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལས་འཐོབ་པར་བྱ་བ་ལ་རེ་བ་མེད་པས་ཡོངས་སུ་བསྔོའོ། །འཇིག་རྟེན་ཐམས་ཅད་ལ་སྨོན་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འཇིག་རྟེན་ཐམས་ཅད་ཀྱི་
སྡུག་བསྔལ་བསྩལ་བའི་སེམས་ཀྱིས་འགྲོ་བ་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བར་སྣང་དང་མཉམ་པའི་སེམས་ཀྱིས་འགྲོ་བ་ཐམས་ཅད་གོས་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བའི་སེམས་ཀྱིས་ཡང་དག་པར་ཇི་ལྟ་བ་
བཞིན་དུ་རབ་ཏུ་རྟོགས་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བླང་བའི་གོ་ཆ་བགོས་པའི་སེམས་ཀྱིས་སྐྱེ་དགུ་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ལྟ་བའི་རྣམ་པ་ཐམས་ཅད་ཤིན་ཏུ་བཟློག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་
པོ་དང་སྨོན་ལམ་མཉམ་པ་མེད་པ་ལ་རབ་ཏུ་བརྩོན་པ་དང་། ཐེག་པ་ཆེན་པོའི་སྨོན་ལམ་གྱིས་སྐྱོ་བ་མེད་པར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་
པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡིད་ལ་བྱེད་པས་རབ་ཏུ་རྟོག་པའི་སེམས་དང་ལྡན་པར་བྱས་ཤིང་འདི་ལྟར་ཡང་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཀྱིས་གོང་ནས་གོང་དུ་ཡེ་ཤེས་ཀྱི་བཟའ་ཤིང་གི་ར་བ་རབ་ཏུ་ཐོབ་སྟེ།
དགེ་བའི་རྩ་བ་གསར་པ་དང་། གསར་པ་ཡང་དག་པར་འབྱུང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་ལྟ་ཞིང་བསྙེན་བཀུར་བ་དང་། རིམ་གྲོ་བྱེད་པའི་ཕྱིར་འཁྲུག་པ་མེད་པའི་ཆོས་ཅན་དུ་གྱུར་ཅིག །
སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་བཟའ་ཤིང་གི་ར་བ་ལ་དགའ་བ་རབ་ཏུ་ཐོབ་སྟེ། ཆོས་ལ་ཡོངས་སུ་དགའ་བས་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མངོན་པར་དགའ་བའི་བཟའ་ཤིང་གི་ར་བར་སངས་རྒྱས་ཀྱི་ཆོ་འཕྲུལ་ཡང་དག་པར་མཐོང་བའི་
Vol. 36 · folio 85a
ཕྱིར་དགའ་བའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཡུལ་ལ་རྣམ་པར་རྩེ་ཞིང་། སྤྱོད་པས་སངས་རྒྱས་ཀྱི་དགྱེས་པ་དང་། རོལ་པ་ལ་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་
ཅད་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་འདུལ་བར་འདོད་པས་དགའ་བ་དང་། རྩེ་བ་དང་ལོངས་སྤྱོད་ལ་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས་ཕྱི་མའི་
མཐར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་མི་སྐྱོ་བའི་སེམས་ཀྱིས་གནས་པའི་ཕྱིར་བྱང་ཆུབ་སེམས་དཔའི་རྩེ་བ་དང་ལོངས་སྤྱོད་དང་། དགའ་བ་ལ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བཟའ་ཤིང་གི་ར་བ་
སེམས་ཆེན་པོ་བསྐྱེད་པས་དགའ་བ་ལ་སྟེན་ཅིང་ཆོས་ཀྱི་དབྱིངས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་ཆུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སངས་རྒྱས་མཆོད་པ་དང་། རིམ་གྲོ་བྱ་བ་ལ་དགའ་ཞིང་སངས་རྒྱས་
ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་བརྒྱན་པར་བྱ་བ་རྣམ་པར་དག་པར་འགྱུར་པའི་ཕྱིར་དགའ་ཞིང་མོས་པའི་སེམས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བ་རྩེ་བ་དང་། དགའ་བ་དང་། ལོངས་སྤྱོད་ཀྱི་གནས་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་བཟའ་ཤིང་གི་ར་བ་ལ་རོལ་པའི་
གནས་སུ་འདོང་ཞིང་སངས་རྒྱས་ཐམས་ཅད་མཐོང་བར་འགྲུབ་པར་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དུ་མ་རུང་བ། །སངས་རྒྱས་
Vol. 36 · folio 85b
ཐམས་ཅད་ཀྱིས་བསྔགས་པ། སེམས་ཅན་ཐམས་ཅད་ལ་མི་འཚེ་བར་གཞོལ་བ། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་བརྩོན་པ། གཏན་པ་མེད་པའི་ལས་ཀྱི་ལམ་གསུམ་ཤིན་ཏུ་དག་པ་ཡེ་ཤེས་ཀྱིས་གྲུབ་པའི་མཆོད་སྦྱིན་ཡོ་བྱད་གྲངས་མེད་པ་
བསྩོགས་པ་དམྱིགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པས་རྣམ་པར་དག་པ། སྦྱིན་པ་རྣམ་པ་ཐ་དད་པའི་ཚུལ་གྱིས་ཡང་དག་པར་བཟུང་བ། ཡོ་བྱད་ཀྱི་རྣམ་པ་དུ་མ་དང་ལྡན་པ་སྦྱིན་པའི་ཚོགས་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་
མེད་པ་ཅན་གྱི་མཆོད་སྦྱིན་དུ་བྱེད་པའི་ཚེ། མཆོད་སྦྱིན་བྱས་པའི་སྦྱིན་པ་ཆེན་པོས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཀྱི་སེམས་དཀོན་པ་སྦྱིན་པའི་ཚོགས་ཚད་མེད་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་
དགེ་བ་བརྩམས་པ་ཐོག་མ་དང་། བར་མ་དང་ཐ་མར་རྣམ་པར་དག་པ་སྣ་ཚོགས་དང་ལྡན་པ། མོས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བསམ་པ་ཅན། སེམས་ཅན་གྲངས་མེད་པ་མངོན་པར་མགུ་བར་བྱེད་པ། བྱམས་པ་ཚད་མེད་པ། བསྒོམ་པ་དང་།
ཡང་དག་པར་སྤྱོད་པས་ཉེ་བར་གནས་པ། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བསྐྱབ་པ་ཤིན་ཏུ་གྲུབ་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་མངོན་པར་མཉེས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་ཕྱིར་
རྗེས་སུ་འགྱོད་པ་མེད་པས་གཏོང་བའི་སེམས་དང་ལྡན་པ། ཕྱིས་མྱ་ངན་དུ་བྱ་བ་མེད་པར་ཡང་དག་པར་སྤྱོད་པས་ཁྱད་པར་རྣམ་པར་འཕེལ་བར་བྱེད་པ། དད་པའི་དབང་པོ་སེམས་སྐད་ཅིག་གིས་ཚད་མེད་པར་རྣམ་པར་འཕེལ་བར་བྱེད་པས། གཏོང་
བ་དང་ལྡན་པ་དེས་འདི་ལྟར་ཡོངས་སུ་བསྔོ་སྟེ། ཐེག་པ་ཆེན་པོས་སེམས་བསྐྱེད་པས་གྲུབ་པའི་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་དང་། རབ་ཏུ་གཏོང་བ་དང་། མཆོག་ཏུ་གཏོང་བ་དང་།
Vol. 36 · folio 86a
གྱ་ནོམ་པར་གཏོང་བ་དང་ཕུལ་དུ་གཏོང་བ་དང་། བླ་ན་མེད་པར་གཏོང་བ་དང་། མཉམ་པ་མེད་པར་གཏོང་བ་དང་། འཇིག་རྟེན་ཐམས་ཅད་ལས་འཕགས་པའི་གཏོང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་ཆོས་
གཏོང་བ་དང་ལྡན་ཞིང་སྦྱིན་བདག་གི་དམ་པ་སེམས་ཅན་གྱི་ཁམས་ཐམས་ཅད་ངན་སོང་ནས་འདོན་པ། ཡེ་ཤེས་ཀྱི་ལམ་ལ་རབ་ཏུ་གཞོག་པའི་སྨོན་ལམ་མཉམ་པ་མེད་པ་དང་ལྡན་པ། དགེ་བའི་རྩ་བ་ནོར་བ་མེད་པ་དང་ལྡན་པ། བདག་མཉམ་པ་མེད་པའི་ཡེ་ཤེས་
རྗེས་སུ་སངས་རྒྱས་པ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ཞི་བའི་ཡེ་ཤེས་ལ་རབ་ཏུ་གཞོག་པ། མངོན་པར་ཤེས་པའི་ཡེ་ཤེས་ཉམས་པ་མེད་པས་འགྲོ་བ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱས་པ། ཡེ་ཤེས་ཀྱི་ས་དང་སངས་རྒྱས་ཀྱི་ཆོས་ལ་གཞོལ་བ།
སངས་རྒྱས་ཐམས་ཅད་ཀྱི་རྒྱན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕྱིར་མི་ལྡོག་པས་རྒྱུན་ཆད་པ་མེད་པར་གྱུར་ཏེ། མཆོད་སྦྱིན་ཤིན་ཏུ་བྱས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ལ་རིམ་གྲོ་བྱེད་ཅིང་
བླ་ན་མེད་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་རྒྱུན་ཆད་པ་མེད་པས་ཕྱིར་མི་ལྡོག་པའི་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚད་མེད་མཐའ་ཡས་པའི་བསོད་ནམས་བསྩགས་པའི་ཕ་རོལ་ཏུ་ཕྱིན་ཅིང་དགེ་བའི་རྩ་བ་ལེགས་པར་བསྐྱེད་པ་དང་ལྡན་
པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་དཀྱིལ་འཁོར་གྱིས་ཆོས་ཀྱི་དབྱིངས་ཚད་མེད་པར་བླ་ན་མེད་པར་སྣང་བའི་བདེ་བ་ཡོངས་སུ་གཏོང་ཞིང་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པར་འགྲོ་བ་ཐམས་ཅད་ཀྱི་སྦྱིན་བདག་ཏུ་གྱུར་ཅིག །སེམས་
ཅན་ཐམས་ཅད་སེམས་ཅན་གྱི་ཁམས་སུ་སྙོམས་པར་དགེ་བའི་རྩ་བས་ཡང་དག་པར་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་མཉམ་པའི་སེམས་ཀྱིས་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐེག་པའི་མཆོག་ལ་འགྲོ་བ་ཐམས་ཅད་རབ་
Vol. 36 · folio 86b
ཏུ་དགོད་པར་བརྩོན་ཞིང་མཆོད་སྦྱིན་གྱི་དམ་པ་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དུས་མ་ཡིན་པ་ཐམས་ཅད་ལས་འདས་ཤིང་དུས་ཐམས་ཅད་ལ་བབ་པའི་མཆོད་སྦྱིན་གྱི་མཐར་ཕྱིན་པར་འགྲོ་བ་ཐམས་ཅད་མཚན་ཉིད་གཅིག་ཏུ་གྱུར་པའི་མཆོད་
སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་དམ་པའི་མཆོད་སྦྱིན་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལྡན་ཞིང་མཆོད་སྦྱིན་ལེགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་
བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཕྱིན་པ་ལ་བཀོད་དེ་མཆོད་སྦྱིན་གྱི་རྒྱན་མཐའ་ལས་རྒལ་བ་རྣམ་པ་སྣ་ཚོགས་ཀྱིས་མཆོད་སྦྱིན་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཚད་མེད་པར་བསོད་ནམས་ཀྱི་མཆོད་སྦྱིན་བྱེད་
པས་མཐའ་དང་དབུས་མེད་པའི་བསོད་ནམས་བསྩགས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་ཅིང་ཐམས་ཅད་མཁྱེན་པའི་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་ཆེན་པོས་སེམས་ཅན་གྱི་ཁམས་ཐམས་ཅད་
སྒྲོལ་ཞིང་དེ་བཞིན་གཤེགས་པའི་གནས་སུ་གཞོག་པས་འགྲོ་བ་ཀུན་གྱི་མཆོད་སྦྱིན་གྱི་བདག་པོར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཆོད་སྦྱིན་བྱས་པའི་བསོད་ནམས་ཆེན་པོ་བྱིན་པས་ཡང་དག་པར་བསྡུས་པའི་
དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིས་མཆོད་སྦྱིན་ལེགས་པར་བྱས་པར་འགྱུར་བ་དང་། མཆོད་སྦྱིན་ཆུད་མི་ཟ་བར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་མངོན་པར་མཉེས་པའི་མཆོད་སྦྱིན་དང་ལྡན་པར་འགྱུར་བ་དང་།
སེམས་ཅན་ཐམས་ཅད་ལ་ཞེ་སྡང་བ་མེད་པའི་མིག་གིས་མཆོད་སྦྱིན་དུ་འགྱུར་བ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་མཆོད་སྦྱིན་དུ་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གྲུབ་པའི་མཆོད་སྦྱིན་བྱས་པར་འགྱུར་བ་དང་།
Vol. 36 · folio 87a
སངས་རྒྱས་ཐམས་ཅད་བལྟ་བ་དང་མི་འབྲལ་བའི་མཆོད་སྦྱིན་དུ་འགྱུར་བ་དང་། ཆོ་ག་དང་ཤིན་ཏུ་ལྡན་པའི་མཆོད་སྦྱིན་ཏུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱིས་ཡོངས་སུ་གྲུབ་པའི་སངས་རྒྱས་ཀྱི་
ཡེ་ཤེས་ཀྱི་མཆོད་སྦྱིན་དུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་མཆོད་སྦྱིན་བྱེད་ཅིང་དེ་བཞིན་གཤེགས་པའི་མཆོད་སྦྱིན་གྱི་མཐར་ཐུག་པར་འགྱུར་བར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཡོ་བྱད་ཀྱི་ཚོགས་དང་། དངོས་པོ་ལ་ཆགས་པ་མེད་པའི་སེམས་དང་ལྡན་པ། མངོན་པར་མ་ཆགས་པའི་སེམས་དང་ལྡན་པ། རྣམ་པར་སྨིན་པ་ལ་མི་རེ་བའི་སེམས་དང་ལྡན་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་རེ་ཞིང་འདོད་པ་མེད་
པའི་སེམས་དང་། སྐྱོན་མེད་པའི་སེམས་དང་། རྨོངས་པ་མེད་པའི་སེམས་དང་། ཆོས་ལ་རྟོགས་པས་ཤིན་ཏུ་བསྩལ་བའི་སེམས་དང་། སེམས་ཅན་ཐམས་ཅད་དོན་ལ་གཞག་པར་ཡོངས་སུ་བསྔོ་བའི་སེམས་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའི་སེམས་དང་ལྡན་པ། ལོངས་སྤྱོད་མཐའ་ཡས་པ་སྣ་ཚོགས་ཐམས་ཅད་ལ་དམིགས་པ་ཚད་མེད་པའི་རིམ་གྲོ་བྱེད་པའི་ཚུལ་ཅན་སེམས་ཅན་ལ་ཕན་པ་རྣམ་པ་ཐ་དད་པས་རྣམ་པ་སྣ་ཚོགས་དུ་མར་ཡང་དག་པར་སྤྱོད་པ་དངོས་
པོའི་རྣམ་པ་ཚད་མེད་པ་བརྗོད་དུ་མེད་པ་དང་། མངོན་པར་འདུ་བྱ་བའི་རྒྱན་མཚན་ཉིད་སྣ་ཚོགས་ཅན་ཐམས་ཅད་སྦྱིན་པའི་ཚོགས་ལ་རབ་ཏུ་བརྩོན་པ། གཏང་བར་བྱ་བ་མཐའ་ཡས་པ་སྟོབས་པས་གཏོང་བ་ཐམས་ཅད་ཡང་དག་པར་གཏོང་བ་ལ་གཞོལ་བ། ཕྱི་
ནང་གི་ཡུལ་ཟད་མི་ཤེས་པའི་དམིགས་པ་ཐམས་ཅད་ཤིན་ཏུ་སྟོན་པས་དེ་དག་གཏོང་བ་དང་། ཡོངས་སུ་གཏོང་བ་དང་། སྟོབས་པ་དང་། སྦྱིན་པར་བྱེད་པ་དང་། འབུལ་བ་དང་། བསམ་པའི་སྟོབས་རྣམ་པར་འཕེལ་བར་བྱེད་པ་དང་། འགྲོ་བ་ཐམས་
Vol. 36 · folio 87b
ཅད་དུ་ཡོན་ཏན་ཆེན་པོ་ཐོབ་པས་སེམས་རིན་པོ་ཆེ་དང་། འགྲོགས་པ་དང་། ལན་ལ་རེ་བ་མེད་པར་འགྲོ་བ་ཐམས་ཅད་སྙིང་རྗེས་རྗེས་སུ་སྐྱོང་བ་དང་། འགྲོ་བ་རིན་པོ་ཆེ་ཐམས་ཅད་ཀྱི་བསམ་པ་རིན་པོ་ཆེ་ཤིན་ཏུ་སྒྲུབ་པ་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་
བྱུང་བའི་སངས་རྒྱས་ཐམས་ཅད་དང་། གཅིག་ཏུ་བགྲང་བའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་བར་བྱེད་པའི་ཚེ། ཡོ་བྱད་ཐམས་ཅད་ཀྱི་སྦྱིན་པ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་གྱི་ཁམས་ཐམས་
ཅད་མ་ལུས་པར་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཞིང་ཐམས་ཅད་མ་ལུས་པར་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉེ་བའི་ཉོན་མོངས་པ་མེད་ཅིང་རྒྱན་རྣམ་པར་དག་པས་
རྣམ་པར་དབྱེ་བ་དང་། རབ་ཏུ་བརྒྱན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པར་སེམས་གཅིག་གིས་རྒྱས་པར་དགང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ནམ་མཁའི་ཁམས་
ཐམས་ཅད་མ་ལུས་པའི་མཐར་ཐུག་པར་ཡོངས་སུ་རྒྱས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དུས་མཐའ་དང་དབུས་མེད་པ་ཐམས་ཅད་མ་ལུས་པ་ལ་འཇུག་ཅིང་ཐམས་ཅད་མཁྱེན་པས་འདུལ་བས་དུས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་
ཡོངས་སུ་བསྔོའོ། །ཡེ་ཤེས་ཀྱི་བྱིན་རླབས་ཐམས་ཅད་མ་ལུས་པ་ལ་མཁས་པ་ཡང་དག་པར་བསྟན་པས་འགྲོ་བ་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་མ་ལུས་པར་མངོན་པར་འཚང་རྒྱ་བར་བྱ་བས།
ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་བར་བསྟན་པ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་རྒྱུན་མི་འཆད་པས་སེམས་ཅན་ཀུན་གྱིས་སངས་རྒྱས་ཀྱི་ཆོས་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བསྐལ་པའི་གྲངས་ཐམས་ཅད་མ་ལུས་པ་
Vol. 36 · folio 88a
བྱང་ཆུབ་སེམས་དཔའི་སྤྱོད་པས་རྒྱས་པར་དགང་བའི་ཕྱིར་ཡོངས་སུ་བསྔོའོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་དང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་
པ་དང་ཆེ་བ་དང་། ཆུང་བ་དང་། ཕྲ་བ་དང་། ཡངས་པ་དང་། སྣྲེལ་ཞིར་རྒྱུ་བ་དང་། སྤྱིའུ་ཚུགས་སུ་བསྟན་པ་དང་། རྒྱན་གཅིག་པ་དང་། རྒྱན་ཐ་དད་པ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་བགྲང་ཞིང་བསྟན་པ་ཐམས་ཅད་མ་ལུས་པར་བྱང་
ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་རྒྱས་པར་དགང་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མ་ལུས་པ་ལ་དུས་གསུམ་དུ་བརྩོན་པས་སེམས་སྐད་ཅིག་རེ་རེ་ཞིང་ཐམས་ཅད་མཁྱེན་པར་གདུལ་བ་དང་། རབ་ཏུ་དགོད་པར་བྱ་
བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཁམས་གྲངས་མེད་པ་ཐམས་ཅད་གཟུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ལམ་རྒྱུན་མི་གཅད་པ་ལ་ཞུགས་པ་སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་
སུ་སྐྱོབ་ཅིང་བྱམས་པ་ཆེན་པོ་ཚད་མེད་པ་ལ་གནས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་སློབ་པར་ཞུགས་པ། དེ་བཞིན་གཤེགས་པའི་གདམས་ངག་ཐམས་ཅད་ཀྱི་ཚུལ་ལ་གནས་པ། སངས་རྒྱས་ཐམས་ཅད་ལ་དགེ་བའི་རྩ་
བ་རྒྱུན་མི་འཆད་པར་སྐྱེད་པ། དུས་ཐམས་ཅད་དུ་སློང་བ་ལ་སྐྱོ་བ་མེད་པར་རིམ་གྲོ་བྱེད་པའི་སེམས་དང་ལྡན་པ། གཏང་བ་ཐམས་ཅད་བཏང་བས་འགྱོད་པ་མེད་པའི་སེམས་དང་ལྡན་པ། སྦྱིན་པ་བརྩམས་པ་ཐམས་ཅད་མཁྱེན་
པར་ཡོངས་སུ་བསྔོ་བ་ལ་བརྩོན་པ་དེས་སློང་བ་དེ་དང་དེ་དག་འོངས་ཤིང་ཡོ་བྱད་གྱི་དངོས་པོ་མཐའ་ཡས་པ་སློང་བ་དང་སློང་བ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པས་དུས་གཞན་དང་གཞན་དུ་སློང་བ་
Vol. 36 · folio 88b
འོངས་པ་དང་། སློང་བ་དེ་དང་དེ་དག་ཡུལ་དེར་འོངས་ཤིང་དུས་གཞན་དང་གཞན་དུ་ཕྱིན་པ། དམིགས་པའི་དངོས་པོ་རྣམ་པ་ཐ་དད་པ་སློང་བ་དང་སློང་བའི་སེམས་ཅན་སྣ་ཚོགས་བསམ་པ་འཐུན་པས་གདོང་དུ་ལྟ་བ་དང་། སེམས་ཅན་སློང་བ་
གྲངས་མེད་པར་འདུས་ཤིང་། བྱང་ཆུབ་སེམས་དཔས་སྐབས་ཕྱེ་བ་ལ་གནས་པ་དང་། སྦྱིན་པ་འཐོབ་པ་ལ་སྡོད་པའི་སློང་བ་སྣ་ཚོགས་དང་། ལེན་པ་སྣ་ཚོགས་དང་། སེམས་ཅན་སྣ་ཚོགས་དང་། གང་ཟག་གཞན་དང་གཞན་སེམས་སྣ་ཚོགས་དང་ལྡན་པ་
ཕྱོགས་གཞན་དང་གཞན་ནས་འོངས་པའི་མི་རྣམ་པ་ཐ་དད་པ་གཞན་དང་གཞན་དུ་གྱུར་པ། སྐྱེ་གནས་ཐ་དད་པས་ཟིན་པ་སྦྱིན་པའི་གནས་གཞན་དང་གཞན་དུ་གྱུར་པ། དེ་ལྟ་བུའི་སློང་པའི་ཚོགས་ཆེན་པོ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཀུན་
ནས་འདུས་པ་མཐོང་ན་སློང་བ་དེ་དག་ཐམས་ཅད་ལ་སེམས་དགའ་བ་དང་། སེམས་དད་པ་དང་། སློང་བ་ལ་བྱམས་པ་དང་། དགེ་བའི་བཤེས་གཉེན་མཐོང་བའི་འདུ་ཤེས་ཀྱི་སྙིང་རྗེ་ཆེན་པོས་རིམ་གྲོ་བྱེད་པའི་སེམས་དང་། ཡིད་རབ་ཏུ་སྤྲོ་བ་དང་། སེམས་
ཤིན་ཏུ་ཚིམ་པ་རབ་ཏུ་ཐོབ་སྟེ། ཕྱིར་ལྡོག་པ་མེད་པའི་དད་པས་གཏོང་བ་རྒྱུན་མཱི་ཆད་པར་བྱ་བའི་སེམས་དང་། སྐྱོ་བ་མེད་ཅིང་ཁྱད་པར་དུ་འཕེལ་བར་གཏོང་བའི་སེམས་ཀྱིས་སློང་བ་ཇི་ལྟར་འོངས་པ་དང་། དངོས་པོ་ཇི་སློང་བ་དེ་དག་ཡོངས་སུ་ཚིམ་པ་དང་།
ཡོངས་སུ་རྒྱས་པ་དང་། ལག་གང་བ་དང་། སྣོད་གང་བ་དང་། བསམ་པ་གང་བ་དང་། ཅི་འདོད་པའི་དངོས་པོ་ཐོབ་པ་དང་། ཡིད་བདེ་བ་མཐའ་ཡས་པས་རྒྱས་པ་དང་། དབུལ་བོར་བ་དང་། ནོར་དང་ཡོ་བྱད་ཐམས་ཅད་བསྡུད་པས་བརྟན་
པ་དང་། དངོས་པོ་ཡོངས་སུ་གཏང་བ་ཐམས་ཅད་ཀྱིས་ཤིན་ཏུ་བསྡུད་པ་དང་། ཅི་བསླངས་པའི་དངོས་པོ་ཐམས་ཅད་ཐོབ་པས་ཡིད་བདེ་སྟེ། སྒྲ་ཆེ་ཞིང་མཐོ་བ་འབྱིན་པ་དང་། ཇི་བདེར་འདོང་ཞིང་སྤྱོད་པ་དང་། བསམ་པ་ཇི་བཞིན་དུ་ཤིན་ཏུ་ཚིམ་པ་དང་
Vol. 36 · folio 89a
ཉོན་མོངས་པ་མེད་པར་སྦྱིན་པ་ཐོབ་པ་དང་། ཆད་ཅིང་དུབ་པ་མེད་པའི་སེམས་དང་ལྡན་པར་བྱེད་དེ། སློང་བ་དེ་དག་མཐོང་བ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་དགའ་བར་འགྱུར་གྱི། བརྒྱ་བྱིན་
གྱི་སྟན་ལ་འདུག་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་ནི་མ་ཡིན་ནོ། །རབ་མཚེ་མའི་དབང་ཕྱུག་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་གནས་པས་མ་ཡིན་ནོ། །དགའ་ལྡན་དུ་སྐྱེས་ཏེ་སྐྱེ་བ་དང་། འཆི་འཕོ་བ་ལས་རྣམ་པར་འདས་
པས་མ་ཡིན་ནོ། །རབ་འཕྲུལ་དགའི་དབང་ཕྱུག་ལ་བསྐལ་པ་གྲངས་མེད་པར་བདེ་བའི་རྣམ་པ་ཐོབ་པས་མ་ཡིན་ནོ། །དབང་སྒྱུར་བའི་དབང་གིས་བསྐལ་པ་བསམ་གྱིས་མི་ཁྱབ་པར་ཡིད་དུ་འོང་བའི་བུད་མེད་གྱི་བདེ་བ་ལ་གནས་པས་མ་ཡིན་ནོ། །ཚངས་
པའི་སྟན་ལ་གནས་པས་བསྐལ་པ་བརྗོད་དུ་མེད་པར་ཚངས་པའི་བདེ་བ་ལ་སྤྱོད་པས་མ་ཡིན་ནོ། །མིར་གྱུར་ཏེ་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་སྟོང་གསུམ་གྱི་མཐར་ཐུག་པའི་བདེ་བའི་རྣམ་པས་བསྐལ་པས་མཚམས་མེད་ཅིང་ཚད་མེད་པར་དགའ་
བ་དང་། རྩེ་བ་དང་ལོངས་སྤྱོད་ཐོབ་པར་གྱུར་པས་ནི་མ་ཡིན་ནོ། །དགེ་རྒྱས་ཀྱི་ལྷའི་བདེ་བ་ལ་བསྐལ་པ་མཚུངས་པ་མེད་པར་བདེ་བའི་རྣམ་པ་ཟད་མི་ཤེས་པ་དང་། འགྲོགས་པས་མ་ཡིན་ནོ། །གཙང་མའི་གནས་ན་གནས་པས་བསྐལ་པ་མུ་མེད་
པར་བདེ་བ་དང་། འགྲོགས་པར་གྱུར་པས་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློང་བ་སྣ་ཚོགས་མཐོང་ན་དགའ་བར་འགྱུར་རོ། །སྤྲོ་བ་སྐྱེའོ། །མོས་པ་འབྱུང་ངོ་། །རབ་ཏུ་དགའ་བ་འགྲུབ་པོ། །དད་པ་
འཕེལ་ལོ། །བསམ་པ་འབྱུང་ངོ་། །དབང་པོ་ལས་སུ་རུང་བར་འགྱུར་རོ། །དགའ་བའི་སེམས་ཡོངས་སུ་རྫོགས་པར་འགྱུར་རོ། །མོས་པ་ཆེན་པོས་བསྐྱེད་པའི་སེམས་ཀྱི་ཤུགས་རྣམ་པར་འཕེལ་ལོ། །སངས་རྒྱས་ཀྱི་བྱང་ཆུབ་རྩ་བ་
Vol. 36 · folio 89b
བརྟན་ཞིང་རྣམ་པར་འཕེལ་བར་འགྱུར་རོ། །དེ་དགེ་བའི་རྩ་བ་དེ་དག་སློང་བ་དེ་དག་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཡོངས་སུ་བསྔོའོ། །བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །དོན་གྱི་ཕྱིར་ཡོངས་སུ་བསྔོའོ། །རྣམ་པར་དག་པའི་ཕྱིར་ཡོངས་སུ་བསྔོའོ། །
བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོའོ། །མཉམ་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །ཡིད་བཟང་པོའི་འབྱུང་གནས་སུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །ཐེག་པ་ཆེན་པོའི་བཟང་བ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །བརྩམས་པ་བཟང་པོ་ཐམས་ཅད་ཤེས་
པ་དང་འབྱོར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ཡོངས་སུ་རྫོགས་པས་སྟོབས་བཅུའི་ཡེ་ཤེས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ཡང་སེམས་ཆགས་པ་མེད་
པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ལུས་ཀྱི་ལས་ཀྱི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ངག་གི་ལས་ཀྱི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ཡིད་གྱི་
ལས་ཀྱི་ཕྱིར་ཡོངས་སུ་བསྔོའོ། །དེ་ཡང་སེམས་ཅན་ཀྱི་འདུ་ཤེས་ཀྱིས་ཡོངས་སུ་བསྔོ་བ་མ་ཡིན། གཞུང་དེ་བཞིན་དུ་སྲོག་གི་འདུ་ཤེས་ཀྱིས་མ་ཡིན། གང་ཟག་གི་འདུ་ཤེས་ཀྱིས་མ་ཡིན། ཤེད་ལས་སྐྱེས་པའི་འདུ་ཤེས་ཀྱིས་མ་ཡིན།
ཤེད་བདག་གི་འདུ་ཤེས་ཀྱིས་མ་ཡིན། སྐྱེ་བ་པོའི་འདུ་ཤེས་ཀྱིས་མ་ཡིན། བྱེད་པ་པོའི་འདུ་ཤེས་ཀྱིས་མ་ཡིན། ཚོར་བ་པོའི་འདུ་ཤེས་ཀྱིས་མ་ཡིན། ཡོད་པ་དང་མེད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྔོ་བ་མ་ཡིན། འཇིག་རྟེན་འདིའི་འདུ་ཤེས་
ཀྱིས་མ་ཡིན། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་ཀྱིས་མ་ཡིན། ཤི་འཕོ་བའི་འདུ་ཤེས་ཀྱིས་མ་ཡིན། སྐྱེ་བའི་འདུ་ཤེས་ཀྱིས་མ་ཡིན། རྟག་པའི་འདུ་ཤེས་ཀྱིས་མ་ཡིན། མི་རྟག་པའི་འདུ་ཤེས་ཀྱིས་མ་ཡིན། སྲིད་པའི་འདུ་ཤེས་ཀྱིས་མ་
Vol. 36 · folio 90a
ཡིན། སྲིད་པ་མེད་པའི་འདུ་ཤེས་ཀྱིས་མ་ཡིན། འདུ་ཤེས་མེད་པས་ཡོངས་སུ་བསྔོ་བ་མ་ཡིན། འདུ་ཤེས་མེད་པ་མ་ཡིན་པས་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ཆགས་པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བཅིངས་
པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །གྲོལ་བ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོ་སྟེ། དེ་ནི་ལས་ཡོངས་སུ་མི་བསྔོའོ། །རྣམ་པར་སྨིན་པ་ཡོངས་སུ་མི་བསྔོའོ། །རྟོག་པ་ཡོངས་སུ་མི་བསྔོའོ། །རྣམ་པར་རྟོག་པ་ཡོངས་སུ་མི་
བསྔོའོ། །སེམས་པ་ཡོངས་སུ་མི་བསྔོའོ། །བསམ་པ་ཡོངས་སུ་མི་བསྔོའོ། །སེམས་ཡོངས་སུ་མི་བསྔོའོ། །སེམས་མེད་པ་ཡོངས་སུ་མི་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ནང་ལ་མངོན་པར་ཆགས་པ་མེད་དོ། །ཕྱི་
རོལ་ལ་མངོན་པར་ཆགས་པ་མེད་དོ། །རྐྱེན་ལ་མངོན་པར་ཆགས་པ་མེད་དོ། །དམིགས་པ་ལ་མངོན་པར་ཆགས་པ་མེད་དོ། །རྒྱུ་ལ་མངོན་པར་ཆགས་པ་མེད་དོ། །རྒྱུ་འདུས་པ་ལ་མངོན་པར་ཆགས་པ་མེད་དོ། །ཆོས་ལ་མངོན་པར་
ཆགས་པ་མེད་དོ། །ཆོས་ཉིད་ལ་མངོན་པར་ཆགས་པ་མེད་དོ། །སེམས་པ་ལ་མངོན་པར་ཆགས་པ་མེད་དོ། །བསམ་པ་ལ་མངོན་པར་ཆགས་པ་མེད་དོ། །དེ་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། གཟུགས་ལ་མངོན་པར་ཆགས་པ་མེད་དོ། །
གཟུགས་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །གཟུགས་འགོག་པ་ལ་ཆགས་པ་མེད་དོ། །ཚོར་བ་ལ་ཆགས་པ་མེད་དོ། །ཚོར་བ་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །ཚོར་བ་འགོག་པ་ལ་ཆགས་པ་མེད་དོ། །འདུ་ཤེས་ལ་ཆགས་པ་མེད་
དོ། །འདུ་ཤེས་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །འདུ་ཤེས་འགོག་པ་ལ་ཆགས་པ་མེད་དོ། །འདུ་བྱེད་ལ་ཆགས་པ་མེད་དོ། །འདུ་བྱེད་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །འདུ་བྱེད་འགོག་པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་
Vol. 36 · folio 90b
པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པ་ཉེ་བར་ལེན་པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པ་འགོག་པ་ལ་ཆགས་པ་མེད་དོ། །གང་དེ་ལྟ་བུའི་ཆོས་ལ་ཆགས་པ་མེད་པ་དེ་ནི་གཟུགས་ལ་བཅིངས་པ་མེད་དོ། །གཟུགས་ཀྱི་སྐྱེ་བ་ལ་བཅིངས་པ་མེད་
དོ། །གཟུགས་ཀྱི་འགག་པ་ལ་བཅིངས་པ་མེད་དོ། །ཚོར་བ་ལ་བཅིངས་པ་མེད་དོ། །ཚོར་བའི་སྐྱེ་བ་ལ་བཅིངས་པ་མེད་དོ། །ཚོར་བའི་འགག་པ་ལ་བཅིངས་པ་མེད་དོ། །འདུ་ཤེས་ལ་བཅིངས་པ་མེད་དོ། །འདུ་ཤེས་ཀྱི་སྐྱེ་བ་ལ་བཅིངས་པ་མེད་
དོ། །འདུ་ཤེས་ཀྱི་འགག་པ་ལ་བཅིངས་པ་མེད་དོ། །འདུ་བྱེད་ལ་བཅིངས་པ་མེད་དོ། །འདུ་བྱེད་ཀྱི་སྐྱེ་བ་ལ་བཅིངས་པ་མེད་དོ། །འདུ་བྱེད་ཀྱི་འགག་པ་ལ་བཅིངས་པ་མེད་དོ། །རྣམ་པར་ཤེས་པ་ལ་བཅིངས་པ་མེད་དོ། །རྣམ་པར་ཤེས་པའི་སྐྱེ་
བ་ལ་བཅིངས་པ་མེད་དོ། །རྣམ་པར་ཤེས་པའི་འགག་པ་ལ་བཅིངས་པ་མེད་དོ། །གང་ཆོས་དེ་དག་ལ་བཅིངས་པ་མེད་པ་དེ་ནི་ཆོས་ཐམས་ཅད་ལ་ཆགས་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཆོས་ལ་འཛིན་པ་འམ། ཆོས་གང་ལ་ཆོས་ཀྱིས་
ཆགས་པར་འགྱུར་བའི་ཆོས་དེ་ལྟ་བུ་སྐྱེས་པའི་སྐྱེ་བ་འམ། སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །དེ་ཡང་འདི་ལྟར་ཆོས་ཐམས་ཅད་ནི་འདུ་ཤེས་དང་བྲལ་བའི་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པའི་རང་བཞིན་ཏེ། གཅིག་མ་ཡིན་ནོ། །གཉིས་མ་ཡིན་ནོ། །
མང་པོ་མ་ཡིན་ནོ། །ཚད་མེད་པ་མ་ཡིན་ནོ། །ཆུང་ངུ་མ་ཡིན་ནོ། །མང་པོ་མ་ཡིན་ནོ། །དམའ་བ་མ་ཡིན་ནོ། །ཡངས་པ་མ་ཡིན་ནོ། །ཟབ་པ་མ་ཡིན་ནོ། །གསལ་བ་མ་ཡིན་ནོ། །ཞི་བ་མ་ཡིན་ནོ། །སྤྲོས་པ་
མ་ཡིན་ནོ། །གནས་མ་ཡིན་ནོ། །གནས་མེད་པ་མ་ཡིན་ནོ། །ཆོས་མ་ཡིན་ནོ། །ཆོས་མེད་པ་མ་ཡིན་ནོ། །བསྒོམ་པ་མ་ཡིན་ནོ། །བསྒོམ་པ་མེད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་ནོ། །མེད་པ་མ་ཡིན་ནོ། །དེ་དེ་ལྟར་ཆོས་མེད་པའི་ཚུལ་
Vol. 36 · folio 91a
གྱིས་ཆོས་རྣམས་ལ་རྣམ་པར་ལྟ་སྟེ། ཆོས་ཀྱི་ཚིག་གི་ལམ་ལ་གནས་པས། ཆོས་མ་ཡིན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལས་ཀྱི་ལམ་ཡང་རྒྱུན་གཅོད་པར་མི་བྱེད་དོ། །བྱང་ཆུབ་སེམས་
དཔའི་སྤྱོད་པ་ཡང་རྣམ་པར་ཐོགས་པར་མི་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་ཕྱིར་མི་ལྡོག་གོ །རྟེན་པའི་ལས་སྒྱུ་མ་ལྟ་བུར་ཡང་རབ་ཏུ་ཤེས་སོ། །ཆོས་སྒྲ་བརྙན་དང་འདྲ་བ་ཡང་འཇིག་པར་མི་བྱེད་དོ། །སེམས་ཅན་སྣང་བས་
ཀྱང་རློམ་སེམས་སུ་མི་བྱེད་དོ། །ཆོས་ཐམས་ཅད་སྒྱུ་མ་དང་མཉམ་པར་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལས་རྣམས་ཀྱི་རྒྱུའི་མཐུ་དང་ཡང་འགལ་བར་མི་བྱེད་དོ། །ལས་ལ་གཞོལ་བར་ཡང་རབ་ཏུ་འཇུག་སྟེ། ཆོས་རྣམས་མངོན་པར་འདུ་
བྱ་བ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། མངོན་པར་འདུ་བྱ་བ་མེད་པའི་ལམ་ཡང་རྒྱུན་མི་གཅོད་དོ། །དེ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། གང་གི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཡུལ་མེད་ཅིང་། ཐམས་ཅད་མཁྱེན་
པ་ཉིད་ཀུན་ཏུ་འགྲོ་བས་ཐམས་ཅད་མཁྱེན་པ་ཉིད་ཐམས་ཅད་དུ་ཡོངས་སུ་བསྔོ་ཞིང་ཐམས་ཅད་ལས་ལྡོག་པར་མི་བྱེད་དོ། །ཅིའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱ་ཞེ་ན། འདི་ནི་འཇིག་རྟེན་ལས་ཕ་རོལ་ཏུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །ཕུང་པོ་ལས་གཞན་དུ་འགྱུར་བར་
བྱེད་པས་ན་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །ཚིག་གི་ལམ་ལས་གཞན་དུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །སེམས་ཅན་གྱི་འདུ་ཤེས་སྣ་ཚོགས་ལས་ཕ་རོལ་ཏུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །འཇིག་ཚོགས་མང་པོ་ལས་གཞན་དུ་གྱུར་པས་ན་དེའི་ཕྱིར་ཡོངས་
སུ་བསྔོ་བ་ཞེས་བྱའོ། །མངོན་པར་འདུ་བྱེད་པ་ལས་གཞན་དུ་གྱུར་པས་ན། དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །སྲིད་པ་ལས་གཞན་དུ་གྱུར་པས་ན་དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །ཉེ་བར་ལེན་པ་ལས་གཞན་དུ་གྱུར་པས་ན།
Vol. 36 · folio 91b
དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་ལས་གཞན་དུ་གྱུར་པས་ན། དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བས་སངས་རྒྱས་ཀྱི་རྗེས་སུ་སོང་བ་ཡིན། ཆོས་ཀྱི་རྗེས་སུ་སོང་བ་ཡིན། ཡེ་ཤེས་ཀྱི་
རྗེས་སུ་སོང་བ་ཡིན། བྱང་ཆུབ་ཀྱི་རྗེས་སུ་སོང་བ་ཡིན། དོན་གྱི་རྗེས་སུ་སོང་བ་ཡིན། ཡོངས་སུ་བསྔོ་བའི་རྗེས་སུ་སོང་བ་ཡིན། སྤྱོད་ཡུལ་གྱི་རྗེས་སུ་སོང་བ་ཡིན། སྤྱོད་པའི་རྗེས་སུ་སོང་བ་ཡིན། རང་བཞིན་གྱི་རྗེས་སུ་སོང་བ་ཡིན།
རྣམ་པར་དག་པའི་རྗེས་སུ་སོང་བ་ཡིན་ཏེ། དེ་དེ་ལྟར་ཡོངས་སུ་བསྔོ་བས་ཆོས་ཤེས་པར་བྱ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པ་ཡིན། སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་ཡང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་གང་ཡང་
ཐུགས་འབྱུང་བར་བྱས་པ་མེད་པ་ཡིན། ཆོས་གང་ཡང་མི་འཐུན་པར་བྱས་པ་མེད་པ་ཡིན། ཆོས་གང་ཡང་ཆུད་གཟན་པ་མེད་པ་ཡིན། ཆོས་གང་དང་ཡང་འགལ་བར་བྱེད་པ་མེད་པ་ཡིན། དངོས་པོ་གང་ཡང་ཉམས་པར་བྱེད་པ་མེད་
པ་ཡིན། ཆོས་གང་ཡང་བོར་བ་མེད་པ་ཡིན། རྒྱུ་གང་ཡང་བཤིག་པ་མེད་པ་ཡིན། རྐྱེན་གང་ཡང་ཕྱི་ནང་གི་ཆོས་ཐམས་ཅད་དང་འགལ་བར་བྱས་པ་མེད་པ་ཡིན། ལས་ཀྱི་འབྲས་བུ་ཡང་རྒྱུན་གཅོད་པར་མི་བྱེད་དེ། ཀྱེ་རྒྱལ་བའི་སྲས་
དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བ་དེས་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སངས་རྒྱས་ཚད་མེད་པས་བྱིན་གྱིས་བརླབས་པ་ཡིན་ནོ། །སྙིང་པོ་ཐོབ་པ་ཡིན་ནོ། །ཆོས་ཉིད་ཐོབ་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་བརྩོན་པ་ཡིན་ནོ། །དོན་ཀྱི་ཆོས་དང་ལྡན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་
Vol. 36 · folio 92a
གྱི་རྗེས་སུ་སོང་བ་ཡིན་ནོ། །དགེ་བའི་རྩ་བ་དམ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་རྗེས་སུ་སོང་བ་ཡིན་ནོ། །རྡོ་རྗེ་ལྟར་མི་ཤིགས་པའི་སྙིང་པོའི་རྗེས་སུ་སོང་བ་ཡིན་
ནོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ལ་དབང་སྒྱུར་བ་རབ་ཏུ་ཐོབ་པ་དམ་པའི་རྗེས་སུ་སོང་བ་ཡིན་ནོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བརྒྱད་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྡོ་རྗེའི་རྒྱལ་མཚན་གྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་ཐམས་ཅད་ལ་བལྟས་ནས་ཆོས་ཀྱི་དབྱིངས་ལ་ལྟ་བ་དང་། དོན་དང་ཡི་གེ་དང་། ཚིག་ལ་འཇུག་པ་དང་། སེམས་མཐའ་དང་དབུས་མེད་པར་ཡངས་པ་ཡོངས་སུ་
བསྒོམ་པ་དང་། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་རྒྱས་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་རིགས་ཀྱི་སེམས་ཡང་དག་པར་འབྲེལ་བར་བྱ་བ་དང་། ཡོན་ཏན་ཐམས་ཅད་ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་
བརླབས་པའི་ལུས་སུ་ཡང་དག་པར་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་དབྱེ་བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་ཐོབ་པ་ཡང་དག་པར་མཐོང་བ་དང་། ཆོས་ཀྱི་ལུས་ཀྱི་རྗེས་སུ་སོང་བའི་གཟུགས་ཀྱི་ལུས་ཡོངས་སུ་དག་
པ་ཡང་དག་པར་སྟོན་པ་དག་བྱེད་ཅིང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་རྒྱལ་པོའི་རིགས་དང་ལྡན་གྱུར་ཅིང་། །འགྲོ་བ་ཀུན་ན་རྒྱལ་པོ་གང་ཡོད་པ། །དེ་དག་ཟིལ་ནོན་རྒྱལ་པོ་འགྲོ་བའི་མཆོག །
ཕན་པའི་དོན་དུ་རྒྱལ་པོ་མཐུ་ཆེན་འགྱུར། །དེ་དག་དང་བའི་ཡིད་དུ་རབ་གྱུར་ཅིང་། །འགྲོ་བ་ཀུན་ལ་དབང་སྒྱུར་རབ་ཐོབ་སྟེ། །ཆོས་དང་ལྡན་པར་ཆོས་ཀྱི་རྒྱལ་སྲིད་སྐྱོང་། །འགྲོ་བ་རྣམས་ཀྱི་བདེ་བ་རབ་ཏུ་བསྐྱེད། །དེ་དག་རྒྱལ་པོའི་རིགས་རྒྱུད་
Vol. 36 · folio 92b
རྣམ་དག་པས། །ཆོས་དང་ལྡན་པར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་དག་འཁྲུག་མེད་རྒྱལ་སྲིད་སྐྱོང་བ་བྱེད། །ཕྱོགས་རྣམས་ཀུན་ནས་འཁོར་ལོ་ཕྱིར་མི་ལྡོག །དེ་དག་ཡོན་ཏན་གཟུགས་དང་རབ་ཏུ་ལྡན། །མཁས་པའི་བློ་དང་ཤེས་རབ་ཡེ་ཤེས་
ལྡན། །དེ་དག་ཟིལ་ནོན་མཐུ་ལ་ལྡོག་པ་མེད། །བདུད་ཀྱི་དཀྲུགས་མ་ཐམས་ཅད་རབ་ཏུ་འཇོམས། །དེ་དག་ཚུལ་ཁྲིམས་རྣམ་པར་དག་པ་སྟེ། །བཟོད་པའི་སྟོབས་ལ་སྡོམ་པའི་སེམས་ཀྱིས་གནས། །ཁོན་འཛིན་ཁྲོ་བ་རྣམ་དག་ཡིད་བསྩལ་
བས། །རྒྱལ་བ་རྣམས་ཀྱི་ཆོས་འདིར་རྟག་ཏུ་བརྩོན། །དེ་དག་ཟས་དང་སྐོམ་དག་སྦྱིན་བྱེད་ཅིང་། །བཞོན་དང་ཕྲེང་བ་གོས་དང་སྤོས་མང་དང་། །མལ་དང་བྱུག་པ་རྒྱབ་རྟེན་མར་མེ་དག །རྣམ་པ་མཐའ་ཡས་ཇི་སྙེད་གཏོང་བྱེད་ཅིང་། །ཕན་པའི་
སེམས་ཀྱིས་དེ་དག་སྦྱིན་བྱེད་ཚེ། །དེ་ལ་ཤིན་ཏུ་དད་པའི་སེམས་བསྒྱུར་ཅིང་། །བསམ་པ་དག་པས་དགའ་བ་ཡངས་བསྐྱེད་དེ། །འཇིག་རྟེན་བླ་མ་དག་ལ་སྦྱིན་པ་བྱེད། །དེ་དག་དངོས་པོ་ཐམས་ཅད་གཏོང་བྱེད་ཅིང་། །ཕྱི་དང་ནང་དང་གང་རྣམས་
ཇི་སྙེད་པ། །ཀུན་ཀྱང་དང་བའི་ཡིད་ཀྱིས་རབ་ཏུ་གཏོང་། །ཡིད་ལ་ཞུམ་པར་བྱེད་པ་གང་ཡང་མེད། །མགོ་ཡང་གཏོང་ཞིང་མིག་ཀྱང་རབ་ཏུ་གཏོང་། །ལག་པ་གཏོང་ཞིང་དེ་བཞིན་རྐང་པ་གཏོང་། །ཤ་དག་གཏོང་ཞིང་དེ་བཞིན་རྐང་ཡང་གཏོང་། །
ཐམས་ཅད་ལུས་ཀྱང་མི་དགའ་མེད་པར་གཏོང་། །དེ་དག་དབང་ཕྱུག་ཤིན་ཏུ་ཡངས་སྒྱུར་ཅིང་། །རིགས་དང་རུས་ལྡན་འགྲོ་བ་མི་ཡི་རྗེ། །ཁ་ནས་ལྕེ་ཡང་ཤིན་ཏུ་བརྐྱང་བྱས་ཤིང་། །སློང་བ་རྣམས་ལ་མི་དགའ་མེད་པར་གཏོང་། །དེ་དག་དབང་ཕྱུག་
ཤིན་ཏུ་ཡངས་སྒྱུར་ཅིང་། །སློང་བ་རྣམས་ལ་ལྕེ་སྦྱིན་བྱས་ནས་ཀྱང་། །འདི་ན་འགྲོ་བ་ཡོད་པ་མ་ལུས་ཀུན། །རྒྱལ་བའི་ལྗགས་ཡངས་ཇི་བཞིན་ཐོབ་འགྱུར་བསྔོ། །རབ་ཏུ་སྤྲོ་བྱས་བུ་ཡང་སྦྱིན་པར་བྱེད། །མི་དགའ་མེད་བྱས་ཆུང་མ་སྦྱིན་པར་
Vol. 36 · folio 93a
བྱེད། །རབ་ཏུ་དགའ་བྱས་རྒྱལ་སྲིད་སྦྱིན་པར་བྱེད། །བདག་ཀྱང་གཞན་གྱི་བྲན་དུ་སྦྱིན་པར་བྱེད། །ཅི་འདོད་གཏོང་ཞིང་ཐམས་ཅད་གཏོང་བར་བྱེད། །མི་སྐྱོར་གཏོང་ཞིང་དུས་སུ་གཏོང་བར་བྱེད། །ཅི་འདྲའི་དངོས་པོ་བསླངས་
པར་གྱུར་པ་རྣམས། །ཐམས་ཅད་བསམ་པ་བཞིན་དུ་རབ་ཏུ་གཏོང་། །ཆོས་ཀྱི་དོན་དུ་བདག་ཀྱང་གཏོང་བར་བྱེད། །བྱང་ཆུབ་དོན་དུ་དཀའ་བ་རབ་ཏུ་སྤྱོད། །སེམས་ཅན་དོན་དུ་ཐམས་ཅད་བཟོད་པར་བྱེད། །ཡེ་ཤེས་དོན་དུ་ཕྱིར་ལྡོག་མི་འགྱུར་རོ། །
རྒྱལ་བ་རྣམས་ལས་ཆོས་རྣམས་མཉན་བྱས་ཤིང་། །མངོན་པར་གཡོག་ཕྱིར་འབུལ་བར་བྱེད་པའི་ཚེ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་སེམས་ཀྱིས། །རྒྱལ་བ་རྣམས་ལ་དགའ་བ་ཡངས་པ་བསྐྱེད། །མི་ཡི་གཙོ་བོ་འདྲེན་པ་མཐོང་ནས་ཀྱང་། །
བྱམས་ལྡན་ཕན་པའི་སེམས་ཀྱིས་རིམ་གྲོ་བྱེད། །དགའ་བར་བྱེད་པའི་ཡིད་དང་ལྡན་གྱུར་ཅིང་། །སྣོད་དུ་གྱུར་ཏེ་ཆོས་རྣམས་ལེན་པར་བྱེད། །ཅི་ནས་འཇིག་རྟེན་འདི་དག་བདེར་འགྱུར་ཞིང་། །ཅི་ནས་ཐམས་ཅད་བསྐྱབ་པར་འགྱུར་བ་དང་། །ཅི་ནས་
འགྲོ་བ་ཐམས་ཅད་འགྲོལ་འགྱུར་བར། །དེ་དག་འགྲོ་བ་ཀུན་ལ་ཡོངས་སུ་བསྔོ། །གཟུགས་མཛེས་བཞིན་སྡུག་ངག་སྙན་ལྡན་པ་དག །མེ་ཏོག་སྡུག་བཏགས་སྤོས་ཞིམ་བསྐུས་པ་རྣམས། །ཕྲེང་བ་ལྷབ་ལྷུབ་རྒྱན་དང་ལྡན་པ་ཡི། །འཁོར་དང་ལྡན་
པར་དེ་དག་རབ་གྱུར་ཅིང་། །མཁས་ཤིང་ཤེས་པའི་གཡོག་འཁོར་དེ་དག་ཀྱང་། །ཕན་པར་སེམས་པའི་ཡིད་ཀྱིས་གཏོང་བའི་ཚེ། །བལྟོས་ཤིང་རེ་བའི་སེམས་ཀྱང་མི་འབྱུང་བར། །སེམས་ཅན་ཕན་ཕྱིར་བྱང་ཆུབ་རབ་ཏུ་ཚོལ། །དགེ་བ་དེ་ལ་
རྗེས་སུ་སེམས་བྱེད་ཅིང་། །སྣ་ཚོགས་ཡངས་ཤིང་རྒྱ་ཆེ་སྣྲེལ་ཞི་ལ། །འགྲོ་བ་ཀུན་ལ་བརྟན་པ་ཡོངས་སུ་བསྔོ། །ལས་ལ་གནས་སུ་བྱེད་པ་གང་ཡང་མེད། །དེ་དག་རྒྱལ་སྲིད་ཡངས་པ་སྦྱིན་པར་བྱེད། །ཡུལ་དང་མིར་བཅས་གྲོང་ཁྱེར་དམ་
Vol. 36 · folio 93b
པ་དང་། །རྒྱལ་པོའི་ཕོ་བྲང་གནས་སུ་གྱུར་པ་དང་། །ཁྱིམ་དང་བཟའ་ཤིང་ར་བ་སྦྱིན་པར་བྱེད། །བསྐལ་པ་བརྒྱར་ཡང་སུས་ཀྱང་མ་བྱིན་པའི། །སྦྱིན་པ་འཇིག་རྟེན་མི་ཡི་གཙོ་ལ་འབུལ། །འཇིག་རྟེན་རྣམས་ཀྱི་ཕ་རོལ་ཕྱིན་བྱས་ཤིང་། །
འགྲོ་བ་ཀུན་ལ་ཕ་རོལ་སྟོན་པར་བྱེད། །དེ་དག་ཕྱོགས་བཅུའི་སློང་བ་མང་པོ་དག །རྣམ་པ་སྣ་ཚོགས་མཐོང་བར་གྱུར་ནས་ཀྱང་། །སློང་བ་ཐམས་ཅད་ཤིན་ཏུ་མགུར་བྱས་ཤིང་། །ཤིན་ཏུ་དགའ་འགྱུར་དེ་བཞིན་སྤྲོ་བར་བྱེད། །དུས་གསུམ་
རྒྱལ་བ་ཀུན་གྱིས་ཅིར་བསྔོས་པ། །སྐྱེས་བུ་འདུལ་བ་དེ་དག་སྤྱོད་ཡུལ་ལ། །རབ་ཏུ་བསླབས་ཏེ་ཕ་རོལ་ཕྱིན་བྱས་ཤིང་། །དེ་དག་ལས་དེ་ཡོངས་སུ་བསྔོ་བར་བྱེད། །ཆོས་རྣམས་འདི་ལ་ཀྱེ་མ་སུ་ཞིག་ཞུགས། །གང་ལ་ཞུགས་གྱུར་ཇི་ལྟར་
ཞུགས་གྱུར་ཅེས། །དེ་དག་ཆོས་དངོས་འདི་ལ་རྣམ་ལྟ་ཡང་། །སྦྱིན་པའི་སེམས་ལ་རྣམ་པར་ཐོགས་པ་མེད། །ཆོས་རྣམས་གང་ལ་ཆོས་ཀྱིས་ཆགས་མེད་པར། །ཡེ་ཤེས་ཚུལ་ཤེས་དེ་དག་ཡོངས་སུ་བསྔོ། །ཆོས་ཀྱི་ཚུལ་ལ་དེ་དག་ཡོངས་སུ་བསྔོ། །དོན་གྱི་ཚུལ་ཤེས་དེ་དག་
ཡོངས་སུ་བསྔོ། །དོན་གྱི་ཚུལ་ཤེས་དེ་དག་ཡོངས་སུ་བསྔོ། །ལས་ལ་ནམ་ཡང་རྣམ་པར་རྟོག་པ་མེད། །རྣམ་པར་སྨིན་ལ་འང་གནས་པར་མི་བྱེད་དེ། །བྱང་ཆུབ་རྟེན་པར་རབ་ཏུ་དེས་ཤེས་ཀྱང་། །ཆོས་ཉིད་དབྱིངས་ལས་འགལ་བར་མི་བྱེད་
དོ། །ལུས་ལ་ཆགས་པར་དེ་དག་མི་བྱེད་དོ། །སེམས་ལ་འང་དེ་དག་གནས་པར་མི་བྱེད་དོ། །ལས་ཀྱིས་དེ་དག་བློ་འཇུག་མི་བྱེད་དོ། །ལས་ཀྱི་ཡེ་ཤེས་རྟེན་ལ་འང་འཇུག་མི་བྱེད། །འདས་པའི་ཆོས་ལ་རྟོག་པར་མི་བྱེད་དེ། །མ་འོངས་ཆོས་ལ་
འང་བློ་ནི་གཏོང་མི་བྱེད། །ད་ལྟར་ཡོད་ལ་འང་གནས་པར་མི་བྱེད་དེ། །དུས་གསུམ་ཀུན་ལས་རྣམ་པར་དབེན་པར་སྐྱེས། །དེ་དག་གཟུགས་ཀྱི་ཕ་རོལ་ཕྱིན་གྱུར་ཅིང་། །ཚོར་བ་འདུ་ཤེས་འདུ་བྱེད་ཡིད་རྣམས་དང་། །འཇིག་རྟེན་ཀུན་གྱི་ཕ་
Vol. 36 · folio 94a
རོལ་ཕྱིན་གྱུར་ཏེ། །དག་པ་དེ་དག་དམའ་བའི་ཡིད་མི་འགྱུར། །ཕུང་པོ་རྣམས་དང་ཁམས་ལ་ཡོངས་བཙལ་ཅིང་། །སྐྱེ་མཆེད་དེ་བཞིན་ལུས་ཀྱི་རྣམ་པ་དང་། །སེམས་ཀྱི་རྣམ་པ་མ་ལུས་རྣམ་གཞིགས་ཀྱང་། །བྱང་ཆུབ་
དངོས་སུ་གང་ཡང་མི་རྙེད་དོ། །རྟག་ལ་ནམ་ཡང་ཆགས་པར་མི་བྱེད་དོ། །ཆད་པ་ལ་ཡང་དེ་དག་སེམས་མི་འཇུག །ཆོས་ཉིད་ཡོད་དང་མེད་པ་མ་ཡིན་ཏེ། །གཅིག་ནས་གཅིག་བརྒྱུད་ལས་ཀྱང་མ་ལུས་ཤེས། །སེམས་ཀྱི་རྒྱུ་ཡིས་བྱང་ཆུབ་ཐོབ་མི་
བྱེད། །ཆོས་ཉིད་ལ་འང་དེ་དག་མི་གནས་ཏེ། །ཞིང་ལའང་དེ་དག་གནས་པ་མ་ཡིན་ནོ། །དུས་གསུམ་ཆོས་རྣམས་ཀུན་ཀྱང་ཡོད་མ་ཡིན། །དེ་ལྟར་སྤྱོད་པ་ཆོས་འདི་ཀུན་རྟོག་ཅིང་། །ཇི་ལྟར་རྒྱལ་བ་ཀུན་གྱིས་བརྟག་མཛད་པ། །དེ་ལྟར་དེས་བཙལ་
ནམ་ཡང་རྙེད་པ་མེད། །སྤྱོད་པ་རྣམས་ལ་མི་ཤེས་རྨོངས་པ་མེད། །བྱ་བའི་ལམ་དང་འགལ་བར་མི་བྱེད་ཅིང་། །ལས་ཀྱི་ལམ་རྣམས་ཡོངས་སུ་རྗོད་བྱེད་པས། །སེམས་ཅན་ལམ་རྣམས་ཡོངས་སུ་སྤྱོད་བྱེད་ཅིང་། །རྒྱུར་བཅས་རྐྱེན་དང་
བཅས་པར་དེ་ལ་རྟོག །ཡེ་ཤེས་མཁས་པས་གང་རྣམས་རྗོད་མཛད་པའི། །མཁས་པའི་ལམ་ལ་དེ་དག་སྤྱོད་བྱེད་ཅིང་། །ཆོས་ཀྱི་ཚུལ་ལ་རྗེས་སུ་སེམས་བྱེད་པས། །བྱང་ཆུབ་ཚུལ་ནི་མི་ཡི་གཙོ་བོས་རྟོགས། །ཆོས་རྣམས་སྐྱེ་མེད་འཇིག་པ་
མེད་པ་སྟེ། །འགྲོ་བ་ཀུན་ཏུ་གང་ཡང་འཕོ་བ་མེད། །ཆོས་རྣམས་སྐྱེ་དང་འཆི་འཕོ་མེད་པར་ཡང་། །རྒྱལ་བའི་ཆོས་ཀྱི་ཚུལ་རྣམས་རབ་ཏུ་རྟོགས། །ཆོས་རྣམས་གང་གི་རང་བཞིན་རྣམ་ཤེས་པ། །དེ་ནི་རང་བཞིན་དངོས་ཡོད་མི་རྟོག་སྟེ། །དངོས་
མེད་རྟོག་མེད་དེ་དག་རབ་ཏུ་ཤེས། །བདེ་གཤེགས་ཡེ་ཤེས་དེ་དག་རྣམ་པར་མཐོང་། །འགྲོ་བ་ཀུན་དང་ཆོས་ཉིད་ཐམས་ཅད་དང་། །སེམས་ཅན་རྣམ་པ་ཞིང་གི་རྣམ་པ་དང་། །ཆོས་ཀྱི་རྣམ་པ་དུས་རྣམས་མ་ལུས་པའི། །ཆོས་རྣམས་མཁས་པས་
Vol. 36 · folio 94b
གང་ཡང་བརྗོད་པ་མེད། །ཆོས་རྣམས་མ་ལུས་གཟུང་བར་བྱ་བ་མེད། །ཇི་སྙེད་སེམས་ཅན་རྒྱལ་བས་སངས་རྒྱས་པ། །དེ་ཡི་ཆོས་ལའང་ཆོས་ཀྱི་དངོས་མེད་དེ། །དེ་ཡང་དུས་དང་ཆོས་སུ་བརྗོད་པ་ཡིན། །ཆོས་ཉིད་ཀུན་ཏུ་འགྲོ་བ་ཅི་འདྲ་བ། །
དེ་བཞིན་དེ་དག་ཡོངས་སུ་བསྔོ་བ་བྱེད། །དེས་ཀྱང་འགྲོ་བ་ཀུན་ནས་བསྒྱུར་བྱས་ཏེ། །དེ་ལ་ཀུན་ཏུ་དཔའ་བོ་ཡོངས་སུ་བསྔོ། །དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། །ཡོངས་སུ་བསྔོ་བ་དྲུག་པའོ། །
ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བདུན་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཐམས་ཅད་གཏོང་བའི་དམིགས་པ་ལ་བརྩོན་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་བརྟེན་པ། ལྷག་པའི་བསམ་པས་བྱང་ཆུབ་སེམས་དཔའི་ཡི་དམ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ།
ཐམས་ཅད་གཏོང་བའི་བཟོད་པ་དང་ལྡན་ཞིང་རྣ་ལ་གཟོན་པའི་ངང་ཚུལ་ཅན། བསམ་གཏན་འབྱམ་ཀླས་པ་རྣམ་པ་ཐ་དད་པ་ལ་མཁས་པའི་རྗེས་སུ་ཞུགས་པ། ཤེས་རབ་ཀྱི་ཚུལ་དང་ས་རྣམ་པར་དཔྱོད་པ་ལ་མཁས་པ། འགྲོ་བ་
ཐམས་ཅད་ཀྱི་སེམས་ཀྱིས་རྣམ་པར་ཕྱེ་བའི་དགེ་བའི་རྩ་བ་དང་ལྡན་པ། ཡོན་ཏན་མཐའ་ཡས་པ་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལས་ལ་རབ་ཏུ་བརྩོན་པར་ཡིད་ལ་བྱེད་པ་དང་ལྡན་པ།
འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱོགས་མངོན་པར་སྐྱོབ་པ་དགེ་བའི་རྩ་བ་ཆུང་ངུ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཆེན་པོ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཡངས་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་
Vol. 36 · folio 95a
རྩ་བ་རྒྱ་ཆེན་པོ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཚད་མེད་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་སྣ་ཚོགས་མང་པོ་རྡུལ་ཙམ་ཡན་ཅད་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་གཞལ་དུ་མེད་པ་ཉེ་བར་
སྩོགས་ཀྱང་རུང་། དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་གྲངས་མེད་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་མུ་མེད་པ་ཉེ་བར་སྩོགས་ཀྱང་རུང་། སངས་རྒྱས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་
སྩོགས་ཀྱང་རུང་། ཆོས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་སྩོགས་ཀྱང་རུང་། ཚུལ་དེ་བཞིན་དུ་དགེ་འདུན་ལ་དམིགས་པ་དང་། དགེ་བའི་བཤེས་གཉེན་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། ཐབས་
མཁས་པ་ལ་དམིགས་པ་དང་། ལེགས་པའི་དགེ་བའི་རྩ་བའི་སེམས་སྒོམ་པ་ལ་དམིགས་པ་དང་། ནང་ལ་དམིགས་པ་དང་། ཕྱི་རོལ་ལ་དམིགས་པ་དང་། དགེ་བའི་རྩ་བ་རྣམ་པ་ཐ་དད་པ་མཐའ་ཡས་པའི་ཚོགས་ལ་དམིགས་པའི་དགེ་
བའི་རྩ་བ་ཉེ་བར་སྩོགས་ཀྱང་རུང་སྟེ། དགེ་བའི་རྩ་བ་དེ་དག་ལ་ཡོངས་སུ་སྤྱོད་པ་དང་། ཉེ་བར་གནས་པ་དང་། འཇུག་པ་དང་། ཡང་དག་པར་བསྒྲུབ་པ་དང་། ཉེ་བར་སྩོགས་པ་དང་། ཚོགས་སུ་བྱ་བ་དང་། མོས་པར་བྱ་བ་དང་། རྣམ་པར་
སྦྱོང་བ་དང་། རྣམ་པར་སྟོན་པ་དང་། རྒྱ་ཆེར་བྱེད་པའི་ཚེ་བཟོད་པ་རབ་ཏུ་ཐོབ་པའི་སེམས་དང་ལྡན་པ། སེམས་ཅན་དམྱལ་བའི་སྒོ་ཤིན་ཏུ་བཅད་པ་དང་། དབང་པོ་རྒྱུ་བ་ཤིན་ཏུ་བསྡམས་པ། བྱ་བའི་ཚུལ་ལ་རབ་ཏུ་ཞུགས་པ། ཕྱིན་
ཅི་ལོག་མེད་པར་འགྲོ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཐམས་ཅད་
Vol. 36 · folio 95b
ཀྱིས་ཤིན་ཏུ་གསོས་པ། དགེ་བའི་རྩ་བ་ཐམས་ཅད་ལས་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་རྗེས་སུ་སོང་བ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྤྱོད་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྗེས་སུ་འབྲང་
བ། རང་གི་སེམས་ཀྱི་གོ་སྐབས་རྙེད་པ། འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་འདྲ་བ། སངས་རྒྱས་ཀྱི་འཁོར་ཐམས་ཅད་དུ་ཡང་དག་པར་འབྱུང་བ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་གི་སྟོབས་ཀྱིས་ཕྱུང་བ། སངས་རྒྱས་
ཐམས་ཅད་ཀྱི་ཡོན་ཏན་གྱིས་ཡང་དག་པར་འཕགས་པ། མཐོ་རིས་ལ་ཆགས་པ་མེད་པ། སྐྱིད་པ་ལ་ཡོངས་སུ་འཛིན་པ་མེད་པ། མངོན་པར་འདུ་བྱེད་པ་ལ་ཆགས་པ་མེད་པ། དགེ་བའི་རྩ་བའི་དངོས་པོ་ཐམས་ཅད་ཡོངས་སུ་བསྔོ་བར་བྱེད་པ།
འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་གཏེར་དུ་གྱུར་པ། ཐམས་ཅད་དང་ལྡན་པའི་ནན་ཏན་ལ་རབ་ཏུ་ཞུགས་པ། འགྲོ་བ་ཐམས་ཅད་དགབ་པའི་གདུགས་སུ་གྱུར་པ། འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་ལམ་གྱིས་མངོན་པར་འདོན་པ། སེམས་
ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བརྟན་པར་བྱེད་པ། ཡུལ་ཐམས་ཅད་དུ་ཡོངས་སུ་བསྔོ་བ། ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་སྒོ་རྒྱུན་མི་འཆད་པར་བྱེད་པ། ཡེ་ཤེས་ཀྱི་རྒྱལ་མཚན་ཡང་དག་པར་གཟུགས་པར་བྱེད་པ། ལམ་ཆེན་
པོ་རྣམ་པར་སྤྱོད་པ་ལ་བརྩོན་པ། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་དོན་ཡོད་པ་ལ་ཞུགས་པ། འཇིག་རྟེན་ཐམས་ཅད་ཀྱི་དྲི་མ་སྦྱོང་བ། རབ་ཏུ་སྦྱིན་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པའི་རིགས་སུ་རིགས་དང་ལྡན་པར་བྱུང་བ།
སངས་རྒྱས་ཀྱི་རིགས་རྣམ་པར་དག་པར་རབ་ཏུ་སྐྱེས་པ། ཡོན་ཏན་གྱི་དཀྱིལ་འཁོར་ཆེན་པོས་སྦྱིན་པའི་གནས་སུ་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་གནས་སུ་གྱུར་པ། སེམས་ཅན་ཐམས་ཅད་རྣམ་པར་དག་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words