No title in the text — opening words: ཤིན་ཏུ་རྒྱས་པ་ཆེན་པོའི་མདོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 36 · folio 166a
ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་རྨད་གཅད་ཅེས་བྱ་བ་ལས་ས་བཅུ་པའི་ལེའུ་སྟེ། བམ་པོ་བཅུ་གསུམ་པ། དེ་ནས་བཅོམ་ལྡན་འདས་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་ཀྱི་ནོར་བུ་རིན་པོ་ཆེ་དམ་པའི་
ཁང་པ་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་འདུས་པ་ཤ་སྟག་ཀུན་ཀྱང་བྱང་ཆུབ་སེམས་དཔའི་ཡེ་
ཤེས་ཀྱི་ཡུལ་དང་སྤྱོད་ཡུལ་ཐམས་ཅད་རབ་ཏུ་ཐོབ་པས་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་ལ་འཇུག་ཅིང་གཞོལ་བའི་སྤྱོད་ཡུལ་མ་བཏང་བ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱ་བའི་དུས་
Vol. 36 · folio 166b
བཞིན་དུ་ཐོགས་པ་མེད་པའི་བྱིན་གྱི་རླབས་རྣམ་པ་ཐ་དད་པས་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་མངོན་པར་བསྒྲུབ་ཅིང་བསྐལ་པ་དང་ཞིང་དང་དུས་སུ་སྤྱོད་པ་ལ་གནས་པའི་རྒྱུན་
མི་གཅོད་པ། །བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་དང་རྫུ་འཕྲུལ་གྱི་ཚོགས་ཡོངས་སུ་རྫོགས་ཤིང་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་མི་ཟད་པ་ལ་རབ་ཏུ་ཞུགས་པ། བྱང་ཆུབ་སེམས་དཔའི་ཤེས་རབ་དང་། ཐབས་ཐམས་ཅད་ཀྱི་ཕ་རོལ་
ཏུ་ཕྱིན་པ་དམ་པ་ཐོབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པས་འཁོར་བ་དང་། མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་བསྟན་ཅིང་ཤིན་ཏུ་བསྒྲུབ་པའི་རྒྱུན་མི་གཅོད་པ། བྱང་ཆུབ་སེམས་དཔའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་
འཛིན་དང་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་ཡེ་ཤེས་ལ་རྣམ་པར་རོལ་པའི་མངོན་པར་ཤེས་པས་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་པ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་སྟོབས་དང་། དབང་ཐམས་
ཅད་ཐོབ་ཅིང་མངོན་པར་འདུ་བྱ་བ་མེད་པའི་སེམས་སྐད་ཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འདོད་པ་ལ་སྔུན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུ་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་།
སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་རྒྱ་ཆེན་པོ་བྱ་བའི་དོན་དུ་མངོན་པར་བརྩོན་པ། བྱང་ཆུབ་སེམས་དཔའི་ལས་ཐམས་ཅད་ཡང་དག་པར་བླང་བ་མཉམ་པ་ཉིད་ཀྱི་སྦྱོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཀྱི་གཟུགས་བརྙན་རབ་ཏུ་འབྱུང་བ་ཆོས་ཀྱི་དབྱིངས་
ཐམས་ཅད་དུ་ཆགས་པ་མེད་པའི་དབྱངས་རབ་ཏུ་སྒྲོག་པས་དུས་གསུམ་ཐམས་ཅད་དུ་ཆགས་པ་མེད་པའི་སེམས་དང་། ཡེ་ཤེས་ཀྱི་ཡུལ་རྒྱས་པར་འགེངས་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ནན་ཏན་ཡོངས་སུ་རྫོགས་པ་ཐམས་ཅད་བསྐལ་པ་བརྗོད་དུ་
Vol. 36 · folio 167a
མེད་པར་རྒྱུན་མི་ཆད་པར་ཡང་དག་པར་བསྟན་པ་ལ་ཡོན་ཏན་བསྔགས་ཤིང་བརྗོད་པ་ཟད་མི་ཤེས་པ་ཤ་སྟག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་སྙིང་
པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མོའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མོ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཉི་མའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་དྲི་མ་མྱེད་པའི་སྙིང་པོ་དང་། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱན་རྣམ་པར་བཀོད་པ་ཐམས་ཅད་རབ་ཏུ་སྣང་བར་སྟོན་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་རྣམ་པར་སྣང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དཔལ་ཡིད་དུ་འོང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཙན་དན་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་རྒྱས་པ་
དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྒྲིབས་པ་མྱེད་པའི་ཡེ་
ཤེས་རྣམ་པར་དག་པའི་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
Vol. 36 · folio 167b
དྲི་མ་མེད་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་དང་བྲལ་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་སྣ་ཚོགས་རྒྱན་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་
གྱི་དྲ་བ་ཆེན་པོ་རབ་ཏུ་སྣང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་དྲི་མ་མེད་པའི་དཔལ་གྱི་གཟི་བརྗིད་བཟང་པོའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་བཟང་ཞིང་དྲི་མ་མེད་པའི་དབྱིག་གིས་
སྤྲས་པའི་གཟི་བརྗིད་མཛེས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཐམས་ཅད་ཀྱིས་བརྒྱན་པས་རྣམ་པར་དག་པའི་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་གྱི་བེ་འུ་རྡོ་རྗེ་འོད་འཕྲོ་
བས་བརྒྱན་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་འབར་ཞིང་འཕྲོ་བའི་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མའི་རྒྱལ་པོ་འོད་རབ་ཏུ་སྣང་བའི་སྙིང་པོ་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་ཡེ་ཤེས་བསྒྲིབས་པ་མེད་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་ཀྱི་དཀྱིལ་འཁོར་བསྒྲིབས་པ་མེད་ཅིང་ང་རོ་སྙན་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གཟུངས་ཀྱི་སྙིང་པོ་ཡོན་ཏན་གྱི་འགྲོ་བ་ཐམས་ཅད་ཀྱི་སྨོན་ལམ་ཡང་དག་པར་འཛིན་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོའི་རྒྱན་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རི་རབ་དཔལ་
གྱི་སྙིང་པོ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཐམས་ཅད་རྣམ་པར་དག་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
Vol. 36 · folio 168a
སངས་རྒྱས་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བའི་ཟླ་བ་དང་། དེ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་གཞལ་དུ་མེད་པ། གྲངས་མེད་
པ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མྱེད་པ་དཔག་ཏུ་མེད་པ། ཀུན་ཏུ་མཐའ་ཡས་པ། མུ་མེད་པས་མཚམས་མྱེད་པ། བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སྩོགས་པའི་
སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཤ་སྟག་དང་། ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་སངས་རྒྱས་ཀྱི་མཐུས་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་དེ་ལ་མཉམ་པར་བཞག་མ་ཐག་ཏུ། དེ་ནས་དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་
ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མཐུན་པ་ཤ་སྟག་གིས་ཞལ་མངོན་པར་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་
དེ་དག་གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་བའི་བུ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །འདི་ལྟར་རིགས་ཀྱི་བུ་ཁྱོད་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་
སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མཐུན་པ་ཤ་སྟག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འདིའི་སྔོན་གྱི་སྨོན་ལམ་གྱི་
Vol. 36 · folio 168b
བྱིན་གྱི་རླབས་དང་། ཁྱོད་ཉིད་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སྣང་བ་བསམ་གྱིས་མི་ཁྱབ་པ་རབ་ཏུ་བརྗོད་ཅིང་ཡེ་ཤེས་ཀྱིས་ལ་འཇུག་པར་བྱ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བ་
དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ལ་མཁས་པར་བྱ་བ་དང་། ཆོས་ཐམས་ཅད་ལ་ཡེ་ཤེས་ཤིན་ཏུ་ཡངས་པར་བྱ་བ་དང་། ཤིན་ཏུ་ལེགས་པར་གནས་པའི་ཆོས་རབ་ཏུ་བསྟན་པ་དང་། ཡེ་ཤེས་ཐ་མྱི་དད་པ་རྣམ་པར་སྦྱང་བ་དང་འཇིག་རྟེན་གྱི་ཆོས་
ཐམས་ཅད་ཀྱིས་གོས་པ་མྱེད་པར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཡོངས་སུ་དག་པར་བྱ་བ་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ཁོང་དུ་ཆུད་པར་བྱ་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་དུ་ཁོང་དུ་ཆུད་པར་
བྱ་བ་དང་། འདི་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་བརྩམ་པ་རབ་ཏུ་འཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་མ་ནོར་བར་མངོན་པར་རྣམ་པར་དགོད་པ་ཤིན་ཏུ་བསྟན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་དམྱིགས་པར་བྱ་
བ་དང་། ཟག་པ་མེད་པའི་ཆོས་ཀྱི་བྱེ་བྲག་རྣམ་པར་བསྒོམ་པ་དང་། རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བའི་ཤེས་རབ་ཀྱི་སྣང་བ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཀྱི་རྒྱན་ཐོབ་པར་བྱ་བ་དང་། ཤིན་ཏུ་བརྟགས་པའི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པར་
བྱ་བ་དང་། གནས་ཀྱི་རྣམ་པ་ཅི་རིགས་སུ་བརྗོད་པ་དང་། སྤོབས་པའི་སྣང་བ་དམའ་བ་མྱེད་པ་ཐོབ་པར་བྱ་བ་དང་། ཐ་དད་པ་ཡང་དག་པར་ཤེས་པ་ཆེན་པོའི་ས་ཤིན་ཏུ་རྟོགས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ལ་དྲན་པ་ཉམས་པ་མེད་པར་
བྱ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། ཐམས་ཅད་དུ་སོང་བའི་བློ་རྣམ་པར་གདོན་མི་ཟ་བ་ལ་མཁས་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་མཛད་དོ། །དེ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་
Vol. 36 · folio 169a
ཆོས་ཀྱི་སྒོ་རབ་ཏུ་དབྱེ་བ་ལ་མཁས་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་སངས་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་བྱིན་གྱི་རླབས་ཀྱིས་རང་གི་དགེ་བའི་རྩ་བ་ཡོངས་སུ་དག་པར་བྱ་བ་དང་།
ཆོས་ཀྱི་དབྱིངས་ཤིན་ཏུ་སྦྱངས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་གདགས་པ་དང་། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་ལུས་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་ཡང་དག་པར་བླང་བ་དང་། འཇིག་རྟེན་གྱི་ཁམས་
ཐམས་ཅད་དུ་ཤིན་ཏུ་འཕགས་པའི་ལུས་འབྱུང་བར་བྱ་བ་དང་། འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་ཡོངས་སུ་དག་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་
ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤོབས་པ་སྐྱེད་ཅིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཟིལ་གྱིས་མི་ནོན་པར་ལུས་ཉེ་བར་བསྒྲུབ་པ་མཛད་དོ། །ཐོགས་པ་མྱེད་པའི་སྤོབས་པས་ཤིན་ཏུ་སྟོན་པ་ཉེ་བར་
བསྒྲུབ་པ་མཛད་དོ། །ཤིན་ཏུ་སྦྱངས་པའི་ཡེ་ཤེས་རྣམ་པར་ཕྱེ་བ་ལ་འཇུག་པ་ཉེ་བར་བསྒྲུབ་པ་མཛད་དོ། །དྲན་པ་ཉམས་པ་མྱེད་པའི་བྱིན་གྱི་རླབས་ཉེ་བར་བསྒྲུབ་པ་མཛད་དོ། །བློ་གྲོས་ཤིན་ཏུ་ངེས་པར་རྟོགས་པས་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །
ཐམས་ཅད་ཀྱི་རྗེས་སུ་སོང་བའི་བློའི་རྗེས་སུ་འགྲོ་བ་ཉེ་བར་བསྒྲུབ་པ་མཛད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་ཐུབ་པ་མྱེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་བཞིན་གཤེགས་པའི་མྱི་འཇིགས་པ་ཆེ་ཞིང་ཞུམ་པ་མྱེད་པ་ཉེ་བར་བསྒྲུབ་པ་
མཛད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཐ་དད་པ་ཡང་དག་པར་མཁྱེན་པས་རྣམ་པར་དབྱེ་བའི་ཆོས་ཀྱི་ཚུལ་ཤིན་ཏུ་རྟོག་པར་བྱ་བ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་རྒྱན་ཤིན་ཏུ་རྣམ་པར་
Vol. 36 · folio 169b
ཕྱེ་བ་མངོན་པར་བསྡུ་བ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཏིང་ངེ་འཛིན་དེ་ཉིད་ཀྱི་ཆོས་ཉིད་རབ་ཏུ་ཐོབ་པ་དང་། སྔོན་གྱི་སྨོན་ལམ་གྱིས་མངོན་པར་བསྒྲུབས་པ་དང་ལྷག་པའི་བསམ་པ་ཤིན་ཏུ་རྣམ་པར་སྦྱངས་པ་དང་། ཡེ་ཤེས་ཀྱི་དཀྱིལ་
འཁོར་ཤིན་ཏུ་སྦྱངས་པ་དང་། ཚོགས་ཤིན་ཏུ་བསྩགས་པ་དང་། ཡོངས་སུ་སྦྱང་བ་ཤིན་ཏུ་བྱས་པ་དང་། དྲན་པའི་སྣོད་ཚད་མེད་པ་དང་། མོས་པ་རྣམ་པར་དག་ཅིང་འོད་ཤིན་ཏུ་གསལ་བ་དང་། གཟུངས་ཀྱི་སྒོ་ཐ་མི་དད་པ་ཐོབ་པ་དང་། ཆོས་ཀྱི་
དབྱིངས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་ཤིན་ཏུ་བཏབ་པའི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་དག་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱི་མཐུས་སོ་སོ་ནས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་མགོ་ལ་བྱུག་པ་མཛད་
དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་རེག་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་ཏིང་ངེ་འཛིན་དེ་ལས་ལངས་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་སྨོན་
ལམ་འདི་ནི་ཤིན་ཏུ་རྣམ་པར་གདོན་མི་ཟ་བ་སྟེ། ཐ་མི་དད་པ་བལྟར་མེད་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་ཡངས་པ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། སེམས་ཅན་གྱི་
ཁམས་ཐམས་ཅད་དུ་རྒྱས་པར་ཁྱབ་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་རབ་ཏུ་འཇུག་པར་འགྱུར་རོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་རབ་ཏུ་འཇུག་པར་འགྱུར་རོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ལ་ཡང་
Vol. 36 · folio 170a
རབ་ཏུ་འཇུག་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱིས་རྣམས་ཏེ། གང་ལ་བསམས་ཏེ་བདག་གིས་དེ་སྐད་དུ་སྨྲས་པ་དེ་དག་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་
བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རབ་ཏུ་དགའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དང་པོ་དང་། དྲི་མ་དང་བྲལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གཉིས་
པ་དང་། འོད་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གསུམ་པ་དང་། འོད་འཕྲོ་བ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བཞི་པ་དང་། རྒྱལ་བར་དཀའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་ལྔ་པ་དང་། མངོན་སུམ་པ་ཞེས་བྱ་བ་བྱང་ཆུབ་སེམས་
དཔའི་ས་དྲུག་པ་དང་། རིང་དུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བདུན་པ་དང་། མི་གཡོ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་དང་། ལེགས་པའི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དགུ་པ་དང་། ཆོས་ཀྱི་སྤྲིན་ཅེས་བྱ་བ་བྱང་ཆུབ་
སེམས་དཔའི་ས་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་པ་སྟེ། དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་
ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །བདག་གིས་ནི་སངས་རྒྱས་ཀྱི་ཞིང་གང་ན་འང་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས། བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མི་གསུང་བ་དེ་ལྟ་བུ་མ་མཐོང་ངོ་། །དེ་ཅིའི་
ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བའི་ཆོས་སྣང་བའི་སྒོ་འདི་ནི་ཡང་དག་ཕུལ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་ས་རྣམ་པར་དགོད་པ་
Vol. 36 · folio 170b
ཤིན་ཏུ་བསྟན་པའོ། །ཀྱེ་རྒྱལ་བའི་སྲས་དག་གནས་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པའོ། །དེ་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་མིང་ཙམ་
ཞིག་བརྗོད་དེ་ཅང་མི་ཟེར་བར་འདུག་ནས། དེ་ལས་རབ་ཏུ་ཕྱེ་སྟེ་མ་བཤད་པ་དང་། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གི་མིང་ཙམ་ཞིག་ཐོས་ལས་རབ་ཏུ་ཕྱེ་སྟེ། མི་བརྗོད་པས་སྐོམ་པར་གྱུར་ནས་
དེ་དག་འདི་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་གི་མིང་ཙམ་ཞིག་བརྗོད་དེ་ཅང་མི་ཟེར་བར་འདུག་ནས། དེ་ལས་རབ་ཏུ་ཕྱེ་ཞིང་མི་སྟོན་པ་དེ་ལ་རྒྱུ་ནི་གང་རྐྱེན་ནི་ཅི་ཞིག་ཡོད་སྙམ་པ་དང་།
དེའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་འདུས་པ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བའི་ཟླ་བ་ཞེས་བྱ་བ་འདུས་ཤིང་འདུག་འདུག་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས། བྱང་ཆུབ་
སེམས་དཔའི་འཁོར་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཀླུའི་དབྱངས་ཀྱིས་ཚིགས་སུ་བཅད་དེ་དོན་དེ་དྲིས་སོ། །ཅི་ཕྱིར་རྟོག་པ་རྣམ་དག་ཅིང་། །དྲན་དང་ཡེ་ཤེས་ལྡན་པ་ཡིས། །
ས་ཡི་མཆོག་ནི་བརྗོད་བྱས་ཏེ། །མཁས་པས་རྣམ་པར་ཕྱེ་མི་བཤད། །འདི་ཀུན་ངེས་པར་རྟོགས་པ་སྟེ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ཡིན། །ཅི་ཕྱིར་ཁྱོད་ཀྱིས་བརྗོད་དེ། །རབ་ཏུ་ཕྱེ་བ་བཤད་མི་བགྱི། །རྒྱལ་སྲས་འཇིགས་མེད་འདི་
དག་ནི། །ཀུན་ཀྱང་ཤིན་ཏུ་ཉན་པར་འདོད། །ས་ཡི་དོན་ཚུལ་ཡང་དག་ཏུ། །རྣམ་པར་ཕྱེ་སྟེ་བཤད་པར་མཛོད། །འཁོར་འདི་ཤིན་ཏུ་རྣམ་དང་སྟེ། །ལེ་ལོ་མེད་ཅིང་དགེ་དང་ལྡན། །དག་པའི་མཆོག་ལ་གནས་པ་སྟེ། །ཡོན་ཏན་ཡེ་ཤེས་ལྡན་པ་ཡི། །
Vol. 36 · folio 171a
ཕན་ཚུན་གཅིག་ལ་གཅིག་ལྟ་ཞིང་། །ཀུན་ཀྱང་རིམ་གྲོ་བཅས་པར་གནས། །སྦྲང་རྩི་ཇི་ལྟར་སྤང་མྱིན་པ། །དེ་ལྟར་བདུད་རྩི་མཆོག་ཀྱང་འདོད། །རྡོ་རྗེའི་སྙིང་པོ་འཇིགས་མེད་པ། །ཤེས་རབ་ཆེན་པོས་དེ་ཐོས་ནས། །
འཁོར་རྣམས་དགའ་བར་བྱ་བའི་ཕྱིར། །བདེ་བར་གཤེགས་པའི་སྲས་ལ་སྨྲས། །སངས་རྒྱས་སྐུར་བ་ཡང་དག་འབྱུང་བས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་བསྟན་ཅིང་། །ས་རྒྱུ་དམ་པ་རྣམ་པར་དབྱེ་བྱ་བ། །དེ་ནི་རྨད་འབྱུང་མཆོག་ཏུ་
དགའ་བ་ཡིན། །ཕྲ་ཞིང་བལྟ་དཀའ་རྣམ་པར་རྟོག་པ་སྤངས། །སེམས་ཀྱིས་དང་བྲལ་བས་བསྒྲུབ་པར་དཀའ། །མཁས་པ་རྣམས་ཀྱི་ཟག་མེད་སྤྱོད་ཡུལ་ཏེ། །འགྲོ་བ་རྣམས་ཀྱིས་དེ་ཐོས་མོས་པར་འགྱུར། །རྡོ་རྗེ་ལྟ་བུར་བསམ་པ་རབ་གཞག་སྟེ། །
སངས་རྒྱས་ཡེ་ཤེས་མཆོག་ལ་མོས་བྱས་ཤིང་། །བདག་མེད་པ་ཡི་སེམས་ཀྱིས་ཤེས་ན། །ཡེ་ཤེས་དམ་པ་འདི་བཟོད་མཉན་པར་ནུས། །ཇི་ལྟར་བར་སྣང་ཚོན་རིས་བྲིས་པ་དང་། །ནམ་མཁའི་དབྱིངས་ལ་རླུང་གནས་ཇི་བཞིན་དུ། །དེ་ལྟར་ཡེ་ཤེས་ཟག་
པ་མེད་པ་ཡང་། །ཤིན་ཏུ་བལྟ་དཀའ་ཐུབ་པས་རྣམ་པར་ཕྱེ། །དེ་ལ་བདག་གིས་སེམས་ནི་འདི་སྙམ་བྱེད། །སངས་རྒྱས་ཡེ་ཤེས་དམ་པ་བསམ་ཡས་ལ། །འགྲོ་བ་གང་རྣམས་དད་པར་བྱེད་དཀོན་ཞེས། །དེ་ཡི་ཕྱིར་ན་མ་སྨྲས་མ་བཤད་དོ། །དེ་སྐད་སྨྲས་པ་དང་།
བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འཁོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་དག་ལ་བསམ་པ་ཤིན་ཏུ་སྦྱངས་པ། ཀུན་ཏུ་རྟོག་པ་
ཡོངས་སུ་སྦྱངས་པ་སྤྱད་པར་བྱ་བ་ཤིན་ཏུ་སྤྱོད་པ། ཚོགས་ཤིན་ཏུ་བསྩགས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཤིན་ཏུ་བསྙེན་བཀུར་བ། ཡོན་ཏན་དང་ཡེ་ཤེས་ཚད་མེད་པ་དང་ལྡན་པ། ཐེ་ཙོམ་དང་ནེམ་ནུར་མེད་པ། ཉོན་མོངས་པ་དང་བྲལ་བ། མོས་པ་དང་
Vol. 36 · folio 171b
ལྷག་པའི་བསམ་པ་ལ་རབ་ཏུ་གནས་པ། གཞན་གྱི་དྲིང་མི་འཇོག་པ་ཤ་སྟག་ཚོགས་པས་ཡོངས་སུ་དག་པ་ཡིན་གྱིས། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་བྱིན་གྱིས་ལེགས་པར་བཤད་པ་མཛོད་ཅིག་དང་། བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ནི་རྣམ་
པ་འདི་ལྟ་བུའི་གནས་ཟབ་མོ་ལ་མངོན་སུམ་དུ་གནས་པ་ཤ་སྟག་གོ །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་དོན་འདི་ཉིད་གསལ་བར་བཟླས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། །བྱང་ཆུབ་སེམས་
དཔའི་སྤྱོད་པ་བླ་མེད་པ། །ས་རྣམས་རབ་ཕྱེ་རྣམ་དགོད་བརྟགས་པ་ཡི། །ཡེ་ཤེས་སྦྱོང་ཞིང་བྱང་ཆུབ་ཐོབ་བྱེད་པ། །མཆོག་དང་དམ་པ་ཞི་བའི་ཆོས་རྣམས་ཤོད། །འཁོར་འདི་དག་པ་ཉོན་མོངས་མེད་པའི་མཆོག །མོས་དང་བསམ་པ་ཤིན་ཏུ་སྦྱངས་པ་སྟེ། །
སངས་རྒྱས་བྱེ་བ་མང་ལ་སྤྱད་པ་སྤྱད། །ས་འདི་བརྟགས་ལ་ཡིད་ཆེས་ལྡན་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་འཁོར་འདི་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་པ་འདི་ལྟ་བུའི་གནས་ཟབ་མོ་ལ་བསམ་པ་ཤིན་ཏུ་སྦྱངས་པ། ཀུན་ཏུ་རྟོག་པ་ཡོངས་སུ་སྦྱངས་པ། སྤྱོད་པ་ཤིན་ཏུ་སྤྱད་པ། ཚོགས་ཤིན་ཏུ་བསྩགས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་དགེ་བའི་རྩ་བ་ཤིན་ཏུ་བསྩགས་པ། ཡོན་ཏན་དང་ཡེ་ཤེས་
ཚད་མེད་པ་དང་ལྡན་པ། ཐེ་ཙོམ་དང་ནེམ་ནུར་མེད་པ། ཉོན་མོངས་པ་དང་བྲལ་བ། མོས་པ་དང་ལྷག་པའི་བསམ་པ་ལ་རབ་ཏུ་གནས་པ། གཞན་གྱི་དྲིང་མི་འཇོག་པ་ཤ་སྟག་ཚོགས་པས་ཤིན་ཏུ་དག་པ་ཡང་ཡིན་ན། འོན་ཀྱང་སེམས་ཅན་མོས་པ་ཆུང་ངུ་གཞན་དག་གིས་ཟབ་
མོའི་རྣམ་པ་འདི་ལྟ་བུ་བསམ་གྱིས་མི་ཁྱབ་པའི་གནས་དག་ཐོས་པར་གྱུར་ལ་ཐོས་ནས་ཀྱང་ཐེ་ཙོམ་དང་ཡིད་གཉིས་སུ་གྱུར་ན། དེ་དག་ལ་ཡུན་རིང་པོར་གནོད་པ་དང་། དོན་མེད་པ་དང་། མི་བདེ་བའི་རྒྱུར་འགྱུར་བས་འདི་ལྟ་ཞིག་ཏུ་སྙིང་བརྩེ་བའི་ཕྱིར་བདག་ནི་
Vol. 36 · folio 172a
ཅང་མི་ཟེར་བར་འདུག་པ་ཉིད་དུ་མོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་དོན་འདི་ཉིད་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཁོར་འདི་རྣམ་དག་ཤེས་རབ་ཡངས་པ་སྟེ། །ཟབ་ཅིང་གསལ་བའི་
སྤྱོད་ལྡན་རྟོག་ཤེས་ཤིང་། །གཞན་དྲིང་མྱི་འཇོག་རི་རྒྱལ་བཞིན་མི་གཡོ། །བསམ་རྟོག་མི་འཁྲུག་རྒྱ་མཚོ་ཆེན་པོ་འདྲ། །འོན་ཀྱང་མ་རྟོགས་མི་ཤེས་མ་སྦྱང་བ། །རྣམ་ཤེས་ཡུལ་ནས་དོན་ལ་ཤེས་མེད་པས། ཐོས་ཤིང་མ་ཆེས་ཕྲལ་དུ་ངན་སོང་ལྟུང་། །དེ་དག་སྙིང་
བརྩེས་ཡེ་ཤེས་ས་མ་བཤད། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་གསོལ་བ་བཏབ་པ། ཀྱེ་རྒྱལ་བའི་སྲས་ལེགས་པར་བཤད་པ་མཛོད་ཅིག་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རྣམ་པ་
འདི་ལྟ་བུ་བསམ་གྱིས་མྱི་ཁྱབ་པའི་གནས་འདི་དག་ཀྱང་གཞན་དུ་མི་འགྱུར་བ་དང་། ལེགས་པར་ཡིད་ཆེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ནི་འདི་ལྟར་ས་ཤིན་ཏུ་བསྟན་པ་འདི་བཤད་པའི་ཚེ་ཆོས་ཉིད་རབ་ཏུ་ཐོབ་པས། སངས་རྒྱས་ཐམས་
ཅད་ཀྱིས་ཀྱང་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཡེ་ཤེས་ཀྱིས་འདི་ཡོངས་སུ་བསྲུང་བའི་དོན་དུ་རབ་ཏུ་བརྩོན་པར་བྱེད་དོ། །དེ་ཡང་ཅིའི་ཕྱིར་ཞེ་ན། འདི་ནི་སྤྱོད་པའི་ས་དང་པོ་སྟེ། འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་
པའི་གཞི་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ཡི་གེ་དང་འབྲུ་འགྲངས་པ་ཇི་སྙེད་དུ་བསྟན་པ་དེ་དག་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའང་ཡི་གེའི་ཕྱི་མོའོ། །ཐ་མར་ཡང་ཡི་གེའི་ཕྱི་མོ་ལ་ཐུག་སྟེ། ཡི་གེའི་ཕྱི་མོ་བསྟན་པས་མ་ཁྱབ་པ་དེ་ལྟ་བུའི་ཡི་གེ་
དང་འབྲུ་འགྲངས་པ་བསྟན་པ་ནི་གང་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྤྱོད་པས་རབ་ཏུ་འགྲུབ་པས་ས་སྔོན་དུ་འགྲོ་བའོ། །རང་བྱུང་གི་ཡེ་ཤེས་ཀྱི་མཐར་ཐུག་པར་འགྱུར་བས། སའི་མཐར་ཐུག་པའོ་དེ་བས་ན། ཀྱེ་རྒྱལ་
Vol. 36 · folio 172b
བའི་སྲས་ཤོད་ཅིག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཡོངས་སུ་བསྲུང་བའི་ཕྱིར་བྱིན་གྱིས་རློབ་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་དོན་འདི་ཉིད་གསལ་བར་
བཟླས་པའི་ཕྱིར། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། །ས་དང་སྤྱོད་འཇུག་བྱང་ཆུབ་འགྱུར་བ་ཡེ་ཤེས་སྒྲུབ་བྱེད་པ། །སྤྱོད་པ་རྣམ་དག་ཐམས་ཅད་མཁྱེན་པའི་སྲས་ཀྱིས་ལེགས་པར་ཤོད། །ཕྱོགས་བཅུའི་
རྒྱལ་བ་བདེ་གཤེགས་ཀུན་མགོན་འདྲེན་པ་ཇི་སྙེད་པ། །ཁྱུ་མཆོག་དེ་ཀུན་ཡེ་ཤེས་འབྱུང་གནས་སྟོན་ལ་དགོངས་པ་མཛད། །འདི་ནི་དང་པོ་ཞུགས་པའི་ཤེས་སྤྱོད་འདི་མཐར་ཐུག་སྟེ། །རྒྱལ་བའི་ཆོས་རབ་གཞལ་ཡས་ཇི་སྙེད་དེ་དག་འབྱུང་གནས་
འདི། །ཡི་གེ་འགྲངས་པ་ཕྱི་མོའི་རྗེས་འགྲོ་སྔོན་དུ་དེ་འགྲོ་ལྟར། །དེ་བཞིན་ས་མཆོག་བློ་ཡི་ཡུལ་དུ་ཐ་མ་ཐུག་པར་འདོང་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་དབྱངས་ཀྱི་ང་རོ་གཅིག་ཏུ་གླུའི་དབྱངས་ཀྱིས་ཚིགས་སུ་བཅད་དེ། བྱང་ཆུབ་
སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་དོན་འདི་ཉིད་ཀྱི་ཕྱིར། གསོལ་བ་བཏབ་པ། བློ་ཡངས་དམ་པའི་ཕུལ་མངའ་བ། །སྤོབས་པ་མཐའ་ཡས་རྣམ་པར་དབྱེ་བ་རྟོགས་མཁྱེན་པས། །ཡིད་དུ་འོང་བའི་གསུང་དབྱངས་ཀྱིས། །ཀུན་ལ་ཕན་དོན་དམ་པ་
བཤད་པ་མཛོད། །དྲན་དང་དགའ་བས་སྤྱོད་དག་པ། །སྟོབས་བཅུའི་སྟོབས་ཀྱིས་ཤུགས་སྩོགས་ཡོན་ཏན་ལྡན་པ་ཡི། །ས་ཡི་དམ་པ་མཆོག་གི་རྣམས། །ཐ་དད་ཡང་དག་དོན་མཁྱེན་སྤྱོད་པས་ཤོད། །ཞི་སྡོམ་བསྒྲུབ་པའི་ཡིད་ལྡན་པ། །
ང་རྒྱལ་དྲེགས་དང་ལྟ་བའི་ཉོན་མོངས་ཞིར་གྱུར་པས། །འཁོར་འདིར་ཐེ་ཙོམ་བྲལ་བ་སྟེ། །ཁྱོད་ཀྱིས་ལེགས་པར་བཤད་དོ་རེ་ཞིག་སྡོད། །སྐོམ་པ་བསིལ་བའི་ཆུ་འདོད་བཞིན། །བཀྲེས་པ་ཁ་ཟས་ནད་པ་སྨན་རབ་འདོད་པ་དང་། བུང་བ་སྦྲང་རྩི་འདོད་
Vol. 36 · folio 173a
པ་ལྟར། །དེ་བཞིན་འཁོར་འདི་ཁྱོད་ཀྱི་ཚིག་ལ་སྡོད། །དེ་བས་ཤིན་ཏུ་བློ་ཡངས་པས། །རྡུལ་མེད་རྣམས་ལས་ཡི་དམ་པ་འཇུག་པ་ཤོད། །ཆགས་མེད་སྟོབས་བཅུའི་ཚོགས་གྱུར་པ། །བདེ་གཤེགས་སྤྱོད་པ་མ་ལུས་བཤད་
པར་མཛོད། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛོད་སྤུ་ནས། བྱང་ཆུབ་སེམས་དཔའི་སྟོབས་སྣང་བ་ཞེས་བྱ་བའི་འོད་ཟེར་འཁོར་གྱི་འོད་ཟེར་བརྒྱ་སྟོང་གྲངས་མེད་པ་དང་ལྡན་པ་བྱུང་ངོ་། །དེ་བྱུང་ནས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་
གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་མ་ལུས་པར་སྣང་བར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་རྩེ་ཟིལ་བར་བྱས་ཏེ། བདུད་ཀྱི་ཁྱིམ་ཐམས་ཅད་ཟིལ་གྱིས་མནན་ནས། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཡུལ་གྱི་རྣམ་པ་བསམ་གྱིས་མྱི་ཁྱབ་པའི་མཐུ་བསྟན་ནས། ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་
གྱི་དཀྱིལ་འཁོར་དུ་ཆོས་བསྟན་པའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པའི་བྱང་ཆུབ་སེམས་དཔའི་ལུས་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་བསྟན་ནས། སྟེང་གི་བར་སྣང་ལ་འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་
བའི་ཁང་པ་བརྩེགས་པ་ཆེན་པོར་བྱས་ཏེ་འདུག་གོ །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཛོད་སྤུ་དག་ནས་ཀྱང་བྱང་ཆུབ་སེམས་དཔའི་འོད་སྣང་བ་ཞེས་བྱ་བའི་འོད་ཟེར་འཁོར་གྱི་འོད་ཟེར་གྲངས་མྱེད་པ་དང་ལྡན་པ་དག་བྱུང་བར་གྱུར་ཏོ། །བྱུང་ནས་ཀྱང་དེ་དག་
གིས་ཕྱོགས་བཅུ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཆོས་བསྟན་པའི་བྱིན་གྱིས་བྱིན་དུ་བརླབས་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་རྣམ་པར་
Vol. 36 · folio 173b
འཕྲུལ་པ་བསམ་གྱིས་མྱི་ཁྱབ་པ་བསྟན་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་སྣང་བར་བྱས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་འདིའང་སྣང་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྡོ་རྗེའི་སྙིང་པོའི་ལུས་ཀྱང་སྣང་བར་བྱས་ནས། སྟེང་གི་བར་སྣང་ལ་དེ་བཞིན་དུ་འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་བའི་ཁང་པ་བརྩེགས་པ་ཆེན་པོར་བྱས་ཏེ་འཁོད་དོ། །དེ་ནས་འོད་ཟེར་སྟུག་པོའི་སྤྲིན་གྱི་དྲ་བའི་ཁང་པ་བརྩེགས་པ་ཆེན་པོ་དེ་དག་ནས་སངས་རྒྱས་ཀྱི་བྱིན་
གྱིས་སྒྲའི་རྣམ་པ་འདི་ལྟ་བུ་འདི་བྱུང་ངོ་། །མི་མཉམ་མཉམ་དང་མཉམ་པ་མཁའ་དང་མཉམ་པ་དག །སྟོབས་བཅུའི་ཁྱུ་མཆོག་མཐུ་ལྡན་ཚད་མེད་ཡོན་ཏན་ཅན། །འཇིག་རྟེན་ཀུན་མཆོག་མི་ཡི་དམ་པ་ཕུལ་གྱི་རྣམས། ཤཱཀྱ་སེང་གེའི་ཆོས་ལ་བྱིན་རླབས་
དམ་པ་མཛད། །བདེ་གཤེགས་སྲས་པོ་འདྲེན་པའི་བྱིན་གྱིས་བཤད་པར་གྱིས། །ཆོས་རྒྱལ་ཁྱུ་མཆོག་རྣམས་ཀྱི་མཛོད་ཀྱི་དམ་པ་ཕྱེ། །ས་ཡི་ཡེ་ཤེས་རྣམ་ཕྱེ་སྤྱོད་མཆོག་རབ་ཡངས་པ། །སྟོབས་བཅུའི་བྱིན་གྱིས་མ་ཐོགས་མྱུར་དུ་བསྟན་པ་གྱིས། །གང་གི་རྣ་ལམ་
བསམ་པར་ཆོས་དམ་རིན་ཆེན་འདི། །སོང་བར་གྱུར་པ་དེ་དག་བདེ་གཤེགས་བྱིན་གྱིས་བརླབས། །རྡུལ་མེད་ས་ཀུན་རིམ་གྱིས་རབ་ཏུ་རྫོགས་བྱས་ནས། །སྟོབས་བཅུ་ལྡན་པའི་རྒྱལ་བ་དམ་པར་འགྲུབ་པར་འགྱུར། །རྒྱ་མཚོའི་ཆུ་བྱུང་གྱུར་ཅིང་བསྐལ་པའི་མྱེས་གདུངས་
ཀྱང་། །གལ་ཏེ་སྣོད་གྱུར་སེམས་ཅན་དེ་དག་འདི་ལ་ཉན། །གང་རྣམས་ཐེ་ཙོམ་ཟ་ཞིང་ཡིད་གཉིས་བྱེད་པ་ནི། །དེ་དག་རྣ་བས་རྣམ་པ་ཀུན་ཏུ་ཐོས་མི་འགྱུར། །དེ་ཕྱིར་ས་ཡི་ཡེ་ཤེས་ལམ་མཆོག་བསྟན་པར་གྱིས། །གནས་དང་རྒྱུད་དང་འཕྲོ་བ་རིམ་གྱིས་རབ་ཏུ་
ཤོད། །སྤྱོད་དང་ཡུལ་དང་ཆོས་དང་ཡེ་ཤེས་ཚུལ་རྣམས་ཀྱི། །ཆོས་ཀྱི་ཚུལ་ཡང་འགྲོ་བ་ཀུན་ལ་ཕན་ཕྱིར་ཤོད། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་ཕྱོགས་བཅུར་བལྟས་ནས། འཁོར་ཐམས་ཅད་དེ་བས་ཀྱང་དད་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་
Vol. 36 · folio 174a
པ་འདི་དག་སྨྲས་སོ། །ཕྲ་ལ་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་ལྟ་བར་དཀའ། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་སྟོང་ཞི་ཞིང་སྡུག་
བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ་པར་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །བདེ་གཤེགས་སྤྱོད་ཡུལ་ཞི་ཞིང་ཉེ་བར་ཞི། །སྨྲ་བའི་ལམ་རྣམས་ཀུན་གྱིས་བརྗོད་པར་དཀའ། །
དེ་དག་ས་དང་སྤྱོད་པ་དེ་འདྲ་བས། །སྨྲ་བར་དཀའ་ན་བསྟན་པར་ག་ལ་ནུས། །དེ་ནི་བསམ་ཡས་སེམས་ལམ་རྣམ་པར་སྤངས། །ཡེ་ཤེས་མངོན་བསྒྲུབས་རྒྱལ་བའི་སྤྱོད་ཡུལ་ཏེ། །ཕུང་པོ་སྐྱེ་མཆེད་ཁམས་ཀྱིས་སྐྱེད་པ་མིན། །སེམས་ཀྱིས་མི་ཤེས་ཡིད་ཀྱིས་
རྣམ་མ་བརྟགས། །ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་སྨྲ་དཀའ་བསྟན་པར་མི་ནུས་པ། །དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །དེ་
ལས་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། །བཤད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན། །ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ། །དེ་འདྲའི་སྤྱོད་ཡུལ་ཕྲ་ཞིང་བལྟ་དཀའ་བ། །རང་རིག་ཡིན་པས་བརྗོད་པར་མི་ནུས་ཀྱང་། །འོན་ཀྱང་བདེ་བར་གཤེགས་
པའི་མཐུས་བརྗོད་ཀྱིས། །ཐམས་ཅད་མཐུན་པར་ནན་ཏན་གྱིས་དེ་ཉོན། །ཡེ་ཤེས་ས་དང་སྤྱོད་འཇུག་ཅི་འདྲ་བ། །བསྐལ་པ་བྱེ་བར་ཟད་པར་མི་ནུས་ཏེ། །ཡང་དག་དོན་དངོས་གཞན་མིན་གནས་པ་ལས། །མདོ་ཙམ་བཤད་ཀྱིས་དེ་དག་མཉན་པར་གྱིས། །མཐུན་
ཞིང་ནན་ཏན་ཡོད་པར་སྟ་གོན་གནས། །བདེ་གཤེགས་བྱིན་གྱིས་བདག་གིས་བཤད་པར་བྱ། །དཔེ་ལྡན་འཐད་ལ་ཡི་གེ་མཉམ་པ་ཡི། །ཆོས་སྒྲ་དམ་པ་བདག་གིས་བརྗོད་པར་བྱ། །འདི་ནི་ཚིག་གིས་བརྗོད་པར་ཤིན་ཏུ་དཀའ། །དེ་ལྟར་ཚད་མེད་བདེ་གཤེགས་
Vol. 36 · folio 174b
མཐུ་དག་ལས། །ཆུ་ཐིགས་གཅིག་འདྲ་བདག་གི་ལུས་འདི་ལ། །དེ་རིང་ཞུགས་ཀྱིས་བཤད་པ་མཉན་པར་གྱིས། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསྩགས་པ་སྤྱད་པ་ཤིན་ཏུ་སྤྱོད་པ། ཚོགས་ཤིན་ཏུ་བསགས་པ། སངས་རྒྱས་
འབྱུང་བ་ཤིན་ཏུ་བསྙེན་བཀུར་བ། ཆོས་དཀར་པོ་ཤིན་ཏུ་བསྡུས་པ། དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་བཟུང་བ། བསམ་པ་ཡོངས་སུ་དག་པ། ལྷག་པའི་བསམ་པ་ཤིན་ཏུ་རྒྱ་ཆེན་པོ་ཅན་མོས་པ་རྒྱ་ཆེན་པོ་དང་ལྡན་པ། སྙིང་རྗེ་དང་སྙིང་བརྩེ་བ་མངོན་དུ་གྱུར་པ།
སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་མོས་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མོས་པ་དང་། སྟོབས་བཅུའི་སྟོབས་ཐོབ་པར་བྱ་བ་དང་། མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བ་དང་། འགྲོ་བ་
ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་དང་། སྙིང་བརྩེ་བ་དང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པར་བྱ་བ་དང་། ཕྱོགས་བཅུ་མ་ལུས་པར་ཐོགས་པ་མེད་པའི་ཡེ་ཤེས་མངོན་དུ་འགྱུར་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་ཐོགས་པ་མེད་པར་ཡོངས་སུ་སྦྱངས་པར་
བྱ་བ་དང་། དུས་གསུམ་ཐམས་ཅད་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་ཁྱུ་མཆོག་གི་མཐུ་དབྱུང་བ་རྒྱ་ཆེན་པོ་འཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ།
ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ། ཐབས་མཁས་པས་ཡོངས་སུ་བཟུང་བ། བསམ་པ་དང་ལྷག་པའི་བསམ་པས་རབ་ཏུ་བརྟན་པ། དེ་བཞིན་གཤེགས་པའི་སྟོབས་ཚད་མེད་པ་དང་ལྡན་པ། སེམས་ཅན་གྱི་སྟོབས་དང་། བློའི་སྟོབས་རྣམ་པར་དབྱེ་བར་བྱ་
བ་ཤིན་ཏུ་རྣམ་པར་ཕྱེ་བ་ཆགས་པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་རང་བྱུང་གི་ཡེ་ཤེས་དང་མཐུན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་ཤེས་རབ་དང་ཡེ་ཤེས་ཀྱི་མན་ངག་ཡང་དག་པར་ཚོལ་བ། སངས་རྒྱས་བྱུང་བ་ཐམས་ཅད་ལས་གདམས་ངག་
Vol. 36 · folio 175a
ཡང་དག་པར་བླངས་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐར་ཐུག་པར་གནས་པ། ཕྱི་མའི་མཐའི་མུར་ཐུག་པར་སྐྱེ་བར་འགྱུར་ཏེ། སེམས་བསྐྱེད་པ་དེ་བསྐྱེད་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སོ་སོའི་སྐྱེ་བོའི་ས་ལས་རབ་ཏུ་འདས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཤིན་ཏུ་ནོན་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། རིགས་བརྗོད་པ་ལ་ཁ་ན་མ་ཐོ་བ་མེད་པ་ཡིན། །
འཇིག་རྟེན་གྱི་ལམ་ཐམས་ཅད་ལས་ཕྱིར་ལོག་པ་ཡིན། འཇིག་རྟེན་ལས་འདས་པའི་ལམ་ཤིན་ཏུ་ནོན་པ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལ་རབ་ཏུ་གནས་པ་ཡིན། དུས་གསུམ་མཉམ་
པ་ཉིད་ཀྱི་རྗེས་སུ་སོང་བ་ཡིན། རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་གཞོལ་བས་དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །ཆོས་ཀྱི་རྣམ་པ་འདི་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་
དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་རབ་ཏུ་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དགའ་བ་མང་བ་ཡིན། ཡིད་བདེ་བ་མང་བ་ཡིན། མོས་པ་མང་བ་ཡིན། རངས་པ་
མང་བ་ཡིན། མགུ་བ་མང་བ་ཡིན། སྤྲོ་བ་མང་བ་ཡིན། རྩོལ་བ་མང་བ་ཡིན། འཚེ་བ་མེད་པ་མང་བ་ཡིན། ཁྲོ་བ་མེད་པ་མང་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་
ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་
Vol. 36 · folio 175b
བ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། བྱང་ཆུབ་སེམས་
དཔའི་སྤྱོད་ཡུལ་མི་འཕྲོགས་པ་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། དེ་བཞིན་གཤེགས་པའི་གདམས་ངག་དང་ལུས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། སེམས་ཅན་གྱི་དོན་རབ་ཏུ་ཐོབ་པར་བྱ་བ་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཡེ་ཤེས་ལ་འཇུག་པའི་ཐབས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན། ཡང་འདི་སྙམ་དུ་སེམས་ཏེ། བདག་ནི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་
ནི་བྱིས་པའི་ས་ལས་རིང་དུ་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་ཡེ་ཤེས་ཀྱི་ས་དང་ཉེ་བར་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་ངན་སོང་དང་ངན་འགྲོའི་འཇིགས་པ་ཐམས་ཅད་རྒྱུན་ཆད་དོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་
ནི་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་བ་དང་ཉེ་བར་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་
ཡང་དག་པར་འབྱུང་ངོ་། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པར་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་འཇིགས་པ་དང་། བག་ཚ་བ་དང་སྔངས་པ་དང་། སྐྱི་གཡའ་བ་
ཐམས་ཅད་དང་བྲལ་ལོ། །ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འདི་ཐོབ་མ་ཐག་ཏུ་འཇིགས་པའི་རྣམ་པ་འདི་དག་འདི་ལྟ་སྟེ། འཚོ་བ་མེད་པས་འཇིགས་
Vol. 36 · folio 176a
པ་འམ། མི་བསྔགས་པས་འཇིགས་པ་འམ། འཆི་བས་འཇིགས་པ་འམ། ངན་སོང་གིས་འཇིགས་པ་འམ། འཁོར་དུ་བག་ཚ་བས་འཇིགས་པ་དེ་དག་ཐམས་ཅད་དེ་ལ་མྱེད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་གི་འདུ་ཤེས་དང་བྲལ་
བས་དེ་ལ་བདག་འཕངས་པར་སེམས་པ་འང་མེད་ན། ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་དེ་ལ་འཚོ་བ་མེད་པས་འཇིགས་པ་མྱེད་དོ། །དེ་ནི་སུ་ལས་ཀྱང་རིམ་གྲོར་བྱ་བ་ཆུང་ཟད་ཙམ་ཡང་རེ་བ་མེད་ལ་གཞན་དུ་ན་བདག་ཉིད་ཀྱིས་
སེམས་ཅན་དེ་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱིས་བསྡུད་པར་བྱའོ། །སྙམ་དུ་སེམས་པས། དེའི་ཕྱིར་དེ་ལ་མི་བསྔགས་པའི་འཇིགས་པ་མེད་དོ། །དེ་བདག་ཏུ་ལྟ་བ་དང་བྲལ་བས་དེ་ལ་བདག་གི་འདུ་ཤེས་མྱེད་དེ་དེའི་ཕྱིར་དེ་ལ་འཆི་བའི་འཇིགས་པ་མྱེད་དོ། །
བདག་ཤི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་མི་འབྲལ་བར་འགྱུར་རོ། །ཞེས་དེའི་ཕྱིར་དེ་ལ་ངན་སོང་གི་འཇིགས་པ་མྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་བསམ་པ་དང་འཇིག་རྟེན་ན་མཚུངས་པ་སུ་ཡང་མེད་
ན་ལྷག་པ་ལྟ་ག་ལ་ཡོད་ཅེས་དེའི་ཕྱིར་དེ་ལ་འཁོར་དུ་བག་ཚ་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་འཇིགས་པ་དང་། དངངས་པ་དང་བག་ཚ་བ་དང་སྐྱི་གཡའ་བ་མེད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་ལྷག་པའི་བསམ་པ་མ་ཉམས་
ཤིང་མི་དམའ་བས་དེ་བས་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་དད་པ་ལ་དབང་བསྒྱུར་བ་དང་མོས་པ་མང་བ་དང་ཡིད་ཆེས་པ་ཤིན་ཏུ་རྣམ་པར་དག་པ་དང་རྟོག་པ་མང་བ་དང་སྙིང་བརྩེ་བ་དང་།
སྙིང་རྗེས་མངོན་པར་བསྒྲུབ་པ་དང་བྱམས་པ་ཆེན་པོ་དང་ལྡན་པ་དང་། ཡིད་སྐྱོ་བ་མེད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྒྱན་དང་བཟོད་ཅིང་དེས་པ་དང་ལྡན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་
Vol. 36 · folio 176b
པ་ལ་རིམ་གྲོ་དང་བཀུར་སྟི་དང་རི་མོ་ཡོད་པ་དང་ཉིན་མཚན་དུ་མི་ངོམས་པར་དགེ་བའི་རྩ་བ་སྩོགས་པ་དང་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། ཆོས་ཀྱི་དགའ་བས་དགའ་བར་གནས་པ་དང་། མི་ངོམས་པར་མང་དུ་ཐོས་པ་ཚོལ་བ་དང་། ཇི་སྐད་དུ་ཐོས་པའི་ཆོས་ལ་
ཚུལ་བཞིན་དུ་རྟོགས་པ་དང་། གནས་མེད་པའི་ཡིད་དང་འཐོབ་པ་དང་བཀུར་སྟི་དང་། བསྔགས་པ་ལ་ཆགས་པ་མེད་པ་དང་ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་ཤིང་ཆགས་པ་མེད་པ་དང་སེམས་བསྐྱེད་པ་རིན་པོ་ཆེ་ལྟ་བུས་ངོམས་པ་མྱེད་པར་མངོན་པར་བསྒྲུབ་པ་
དང་། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལ་མངོན་པར་མོས་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་དམིགས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་ཚོལ་བ་དང་། སྒྱུ་དང་གཡོ་ཡོངས་
སུ་སྤངས་པ་དང་། ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་བདེན་པའི་ཚིག་གི་རྗེས་སུ་བསྲུང་བ་དང་། དེ་བཞིན་གཤེགས་པའི་རིགས་ལ་སྐྱོན་དུ་འགྱུར་བར་མྱི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་མི་གཏོང་བ་
དང་། རིའི་དབང་པོའི་རྒྱལ་པོ་ཆེན་པོ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་སྒུལ་བ་དང་། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བའི་ལམ་དང་ལྡན་པ་དང་། མི་
ངོམས་པར་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་རབ་ཏུ་སྩོགས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་དུ་འབོགས་པའི་ལམ་ཚོལ་བ་དང་ས་ཡོངས་སུ་སྦྱོང་བའི་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པ་ཡིན་ཏེ། དེ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་དེ་ལ་ཤིན་ཏུ་གནས་ཤིང་རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་། བརྩོན་པ་ཆེན་པོ་དང་། མངོན་པར་བསྒྲུབ་པ་ཆེན་པོ་འདི་དག་
Vol. 36 · folio 177a
མངོན་པར་སྒྲུབ་སྟེ། འདི་ལྟར་སངས་རྒྱས་ཐམས་ཅད་མ་ལུས་པ་ལྷག་མ་མེད་པ་དང་མཐའ་དག་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་
ཀྱིས་ཀླས་པར་རྒྱ་ཆེ་བ་ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་བ། བསྐལ་པ་འགྲངས་པ་ཐམས་ཅད་དུ་སངས་རྒྱས་སྐྱེ་བ་འགྲངས་པ་ལ་རིམ་གྲོ་དང་། མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་བླངས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་བསྲུང་
བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་འགྲངས་པ་ཐམས་ཅད་ཀྱི་སངས་རྒྱས་འབྱུང་བ་འགྲངས་པའི་དམ་པའི་ཆོས་ཡོངས་སུ་གཟུང་བ་རྒྱུན་མི་འཆད་པའི་
སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་མ་ལུས་པའི་སངས་རྒྱས་སྐྱེ་བ་ཐམས་ཅད་ཀྱི་དགའ་ལྡན་གྱི་ཕོ་བྲང་དམ་པ་ན་བཞུགས་པ་ལ་སྩོགས་ཏེ། འཕོ་བ་དང་གཤེགས་པ་དང་། སྐུ་
ན་བཞུགས་པ་དང་། སྐྱེ་བ་དང་། གཞོན་ནུའི་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། བདུད་གདུལ་བ་དང་། མངོན་པར་འཚང་རྒྱ་བ་དང་། གསོལ་
བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་དྲུང་དུ་འགྲོ་ཞིང་མཆོད་པ་དང་། རིམ་གྲོ་བྱ་བ་དང་། དམ་པའི་ཆོས་ཡང་དག་པར་གཟུང་བའི་སྦྱོར་བ་ལས་སྩོགས་པ་ཐམས་ཅད་གཅིག་ཏུ་མངོན་པར་
Vol. 36 · folio 177b
བསྒྲུབ་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ་ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ་བསྐལ་པ་འགྲངས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་འགྲངས་པའི་དྲུང་དུ་འགྲོ་བ་ནས། མྱ་ངན་ལས་འདས་པ་ཆེན་པོའི་བར་
གྱི་དྲུང་དུ་འགྲོ་བ་རྒྱུན་མི་ཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཚད་མེད་པ། མི་འཕྲོགས་པ་ཐ་མི་དད་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡང་དག་པར་བསྡུས་པ།
ས་ཡོངས་སུ་སྦྱང་བའི་ཡན་ལག་དང་ཉེ་བའི་ཡན་ལག་དུ་བཅས་པ་མངོན་པར་བསྒྲུབ་པ་དང་། མཚན་ཉིད་དང་བྱེ་བྲག་གི་མཚན་ཉིད་དུ་བཅས་པ་དང་། འགྲུབ་པ་དང་། འཇིག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པར་གཏོགས་པ་ཐམས་ཅད་
དང་། ས་ཇི་ལྟ་བ་བཞིན་དང་། ཇི་ལྟ་བུར་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བ་ལ་གདམས་ངག་དང་། མན་ངག་གི་སྦྱིན་པ་ཉེ་བར་བསྟན་པའི་སེམས་བསྐྱེད་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་རྒྱ་ཆེ་བ།
ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་འགྲངས་པ་ཐམས་ཅད་དུ་སྤྱོད་པ་འགྲངས་པ་སེམས་བསྐྱེད་པས་མངོན་པར་བསྒྲུབ་པ། རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ།
སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པ་ལྷག་མ་མེད་པ་མཐའ་དག་གཟུགས་ཡོད་པ་དང་། གཟུགས་མྱེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པའང་མ་ཡིན་པ་དང་། སྒོ་ང་
ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་བྱུང་བ་ཁམས་གསུམ་དུ་གཏོགས་པ། འགྲོ་བ་དྲུག་ཏུ་འདུས་པ། སྐྱེ་བ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་
Vol. 36 · folio 178a
པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ལ་གཟུད་པ་དང་། ལམ་གྱི་རྒྱུད་འགྲངས་པ་ཐམས་ཅད་རྒྱུན་གཅད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར། རྒྱ་ཆེ་བ་ནམ་མཁའི་
དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ་བསྐལ་པ་འགྲངས་པ་ཐམས་ཅད་དང་། སེམས་ཅན་འགྲངས་པ་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བ་ལ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །
འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཡངས་པ་དང་། དོག་པ་དང་། རྒྱ་ཆེན་པོ་དང་། ཚད་མྱེད་པ་དང་། ཕྲ་བ་དང་། ཆེ་བ་དང་། སྣྲེལ་ཞི་དང་། སྦྱིའུ་ཚུགས་སུ་རྒྱུ་བ་ཐམས་ཅད་མ་ལུས་པ་ལྷག་མ་མྱེད་པ་མཐའ་དག་གཞི་མཉམ་པར་ཡང་
དག་པར་འཇུག་པ་ཁོང་དུ་ཆུད་པར་བྱ་བ་དང་། མྱིག་འཕྲུལ་གྱི་རྣམ་པ་ལྟར་ཕྱོགས་བཅུའི་རྣམ་པ་ཐ་དད་པ་མ་ལུས་པའི་རྣམ་པ་ལ་འཇུག་པ། རྣམ་པར་ཕྱེ་བའི་ཡེ་ཤེས་ཁོང་དུ་ཆུད་ཅིང་། མངོན་དུ་འགྱུར་བར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་
པར་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་འགྲངས་པ་ཐམས་ཅད་དུ། འཇིག་རྟེན་གྱི་ཁམས་འགྲངས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་འཇུག་ཅིང་ཡོངས་སུ་དག་པར་བྱ་བའི་ཕྱིར། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །
འདི་ལྟ་སྟེ། ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་གཞོལ་བར་བྱ་བ་དང་། ཞིང་གཅིག་ཞིང་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱ་བ་དང་། ཡོངས་སུ་སྦྱང་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་མང་པོའི་རྒྱན་གྱིས་རབ་ཏུ་བརྒྱན་པར་བྱ་
བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་བསྩལ་བས། ཡོངས་སུ་དག་པའི་ལམ་དང་ལྡན་པ་དང་། སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་ཡོངས་སུ་གང་བའི་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་ཁོང་དུ་ཆུད་
Vol. 36 · folio 178b
པར་བྱ་བ་དང་། བསམ་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ་ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་
པ་འགྲངས་པ་ཐམས་ཅད་དུ་ཞིང་འགྲང་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་ཕའི་སྦྱོར་བ་དང་། ལྟོད་པ་མེད་པའི་
དགེ་བའི་རྩ་བ་ཐམས་ཅད་བསྩགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དམྱིགས་པ་གཅིག་ཅིང་མཉམ་པ་དང་། བྱང་ཆུབ་སེམས་དཔའ་དང་རྟག་ཏུ་རྒྱུན་མི་འཆད་པར་འགྲོགས་ཤིང་མྱི་འབྲལ་བ་དང་། སངས་རྒྱས་འབྱུང་བ་ཅི་དགར་བསྟན་པ་དང་། རང་གི་
སེམས་བསྐྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང་། མཐུ་དང་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། མཉམས་ཤིང་རྗེས་སུ་འབྲང་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བར་བྱ་བ་དང་།
སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གཟུགས་བརྙན་འབྱུང་བ་ཡང་དག་པར་བསྟན་པ་དང་། སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོ་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པའི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་
ཅད་སྤྱད་པ་རྒྱུན་མི་འཆད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་འགྲངས་པ་ཐམས་ཅད་དུ། སྤྱོད་པ་འགྲངས་པར་ཐེག་པ་ཆེན་པོ་མངོན་པར་བསྒྲུབ་པ་ལ་རྒྱུན་མི་འཆད་
པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་
Vol. 36 · folio 179a
སངས་རྒྱས་ཀྱི་ཆོས་གདོན་མི་ཟ་བར་འཐོབ་པར་བྱ་བ་དང་། དབྱངས་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ཕྱིར་མི་ལྡོག་པར་བྱ་བ་དང་། བསམ་པ་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུ་རབ་ཏུ་ཐོབ་པར་བྱ་བ་དང་།
ལུས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་འགྲངས་པ་
ཐམས་ཅད་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་འགྲངས་པར་སྤྱོད་པ་ཐམས་ཅད་འབྲས་བུ་ཡོད་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་འཚང་རྒྱ་བ་དང་། སྐྲའི་སྦུབས་གཅིག་དང་ཐ་མི་དད་པའི་སྐྲའི་སྦུབས་ཐམས་ཅད་དུ་ཚེ་དང་སྐྱེ་བ་དང་། གཞོན་ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་རྣམ་པར་འཕྲུལ་པ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་
པ་དང་། བདུད་འདུལ་བ་དང་མངོན་པར་འཚང་རྒྱ་བ་དང་། གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་བསྟན་པ་དང་། སངས་རྒྱས་ཀྱི་ཡུལ་དང་མཐུ་དང་ཡེ་ཤེས་ཆེན་པོ་ཁོང་དུ་ཆུད་པར་
བྱ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་འབྱུང་བ་དང་། སྐད་ཅིག་གཅིག་ཏུ་མངོན་པར་འཚང་རྒྱ་བ་དང་། རབ་ཏུ་ཞི་བ་ཐོབ་པར་བྱ་བ་ཡང་དག་པར་བསྟན་པ་དང་། མངོན་པར་འཚང་རྒྱ་བ་གཅིག་གིས་ཆོས་
ཀྱི་དབྱིངས་ཐམས་ཅད་འཕྲུལ་པས་རྒྱས་པར་དགང་པ་དང་། དབྱངས་གཅིག་བརྗོད་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་དང་། བསམ་པ་ཤིན་ཏུ་ཚིམ་པར་བྱ་བ་དང་། མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་བསྟན་པ་དང་། སྤྱོད་པ་རྣམས་
Vol. 36 · folio 179b
རྒྱུན་མི་འཆད་པར་བྱ་བ་དང་། ཐེག་པ་ཆེན་པོའི་ས་ལ་ཆོས་ཐམས་ཅད་རྣམ་པར་དགོད་པ་ཡང་དག་པར་བསྟན་པ་དང་། ཆོས་ཤེས་པའི་རྫུ་འཕྲུལ་གྱི་རྒྱུ་དང་། མངོན་པར་ཤེས་པ་དང་དབང་གིས་ཆོས་ཀྱི་དབྱིངས་ཐམས་ཅད་སྤྲུལ་པས་རྣམ་པར་དགང་བའི་ཕྱིར།
ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་འགྲངས་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བ་འགྲངས་པར་ཡེ་ཤེས་ཆེན་པོའི་མངོན་པར་ཤེས་པ་རྒྱུན་མི་འཆད་པའི་སྨོན་
ལམ་ཆེན་པོ་མངོན་པར་སྒྲུབ་བོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། མངོན་པར་བསྒྲུབ་པ་ཆེན་པོའི་སྨོན་ལམ་གྱི་སྒོ་བཅུ་པོ་འདི་དག་ལས་སྩོགས་པ། སྨོན་ལམ་བརྒྱ་སྟོང་
གྲངས་མེད་པ་ཕྲག་བཅུ་ཚང་བ་དག །བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཐོབ་བོ། །མངོན་པར་སྒྲུབ་བོ། །སྨོན་ལམ་དེ་དག་ཀྱང་མཐར་ཐུག་པའི་གནས་བཅུས་མངོན་པར་བསྒྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ།
སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་དང་། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་དང་། ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་དང་། མྱ་ངན་ལས་འདས་པའི་ཁམས་ཀྱི་མཐར་ཐུག་པ་དང་། སངས་རྒྱས་
འབྱུང་བའི་ཁམས་ཀྱི་མཐར་ཐུག་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་དང་། སེམས་ཀྱི་དམྱིགས་པའི་ཁམས་ཀྱི་མཐར་ཐུག་པ་དང་། ཡེ་ཤེས་མངོན་པར་བསྒྲུབ་པའི་ཁམས་ཀྱི་མཐར་ཐུག་པ་དང་། འཇིག་རྟེན་གྱི་
རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་མཐར་ཐུག་པ་དག་གོ། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བཅུ་བཞི་པ། དེ་ལྟར་སྨོན་ལམ་ཆེན་པོ་འདི་དག་སེམས་ཅན་གྱི་
Vol. 36 · folio 180a
ཁམས་ཀྱི་མཐར་གང་དུ་ཐུག་པ་དེའི་མཐར་ཐུག་པར་གྱུར་ཅིག །སྨོན་ལམ་ཆེན་པོ་འདི་དག་འཇིག་རྟེན་གྱི་ཁམས་ཀྱི་མཐའ་གང་དུ་ཐུག་པ་དང་། ནམ་མཁའི་ཁམས་དང་ཆོས་ཀྱི་ཁམས་དང་། མྱ་ངན་ལས་འདས་པའི་ཁམས་དང་། སངས་རྒྱས་འབྱུང་བའི་ཁམས་དང་།
དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་དང་། སེམས་ཅན་གྱི་དམྱིགས་པའི་ཁམས་དང་། ཡེ་ཤེས་མངོན་པར་བསྒྲུབ་པའི་ཁམས་དང་། འཇིག་རྟེན་གྱི་རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་མཐའ་གང་དུ་ཐུག་པ། དེའི་མཐར་
ཐུག་པར་གྱུར་ཅིག །འདི་ལྟར་སེམས་ཅན་གྱི་ཁམས་མཐར་ཐུག་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་དང་ནམ་མཁའི་ཁམས་དང་། ཆོས་ཀྱི་ཁམས་དང་མྱ་ངན་ལས་འདས་པའི་ཁམས་དང་། སངས་རྒྱས་འབྱུང་བའི་ཁམས་དང་། དེ་བཞིན་
གཤེགས་པའི་ཡེ་ཤེས་ཀྱི་ཁམས་དང་། སེམས་ཅན་གྱི་དམྱིགས་པའི་ཁམས་དང་། ཡེ་ཤེས་མངོན་པར་བསྒྲུབ་པའི་ཁམས་དང་། འཇིག་རྟེན་གྱི་རྒྱུད་དང་། ཆོས་ཀྱི་རྒྱུད་དང་། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་མཐར་ཐུག་པ་མེད་པ་དེ་བཞིན་དུ་སྨོན་
ལམ་ཆེན་པོ་འདི་དག་ཀྱང་མཐར་ཐུག་པ་མྱེད་པར་གྱུར་ཏེ། བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་། མཐར་ཐུག་པ་མྱེད་པར་གྱུར་ཅིག་ཅེས་དེ་ལྟར་སྨོན་ལམ་ཤིན་ཏུ་བསྒྲུབས་ཤིང་ཕན་པའི་སེམས་དང་ལྡན་པ། འཇམ་པའི་སེམས་དང་ལྡན་པ། ལས་སུ་
རུང་བའི་སེམས་དང་ལྡན་པ། ཞི་བའི་སེམས་དང་ལྡན་པ། དུལ་བའི་སེམས་དང་ལྡན་པ། ཉེ་བར་ཞི་བའི་སེམས་དང་ལྡན་པ། མཉེན་པའི་སེམས་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། འཁྲུགས་པ་མེད་པའི་སེམས་དང་ལྡན་པ།
གློང་བ་མེད་པའི་སེམས་དང་ལྡན་པ་དེ་ནི་ལེགས་པར་རྟོག་པ་མང་ཞིང་དད་པ་དང་ལྡན་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྔོན་གྱི་མཐའི་སྤྱོད་པ་མངོན་པར་བསྒྲུབས་པའི་རྒྱུད་ལ་ཡིད་ཆེས་
Vol. 36 · folio 180b
པ་ཡིན། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྡུ་བ་ལ་ཡིད་ཆེས་པ་ཡིན། ས་ཡང་དག་པར་བསྒྲུབ་པ་དང་། ཁྱད་པར་དུ་འགྱུར་བ་ལ་མངོན་པར་ཡིད་ཆེས་པ་ཡིན། སྟོབས་ཡོངས་སུ་འགྲུབ་པ་ལ་
མངོན་པར་ཡིད་ཆེས་པ་ཡིན། མི་འཇིགས་པ་ཡོངས་སུ་རྫོགས་པར་འགྱུར་བ་ལ་མངོན་པར་ཡིད་ཆེས་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་འཕྲོགས་པ་ལ་མངོན་པར་ཡིད་ཆེས་པ་ཡིན། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་
ལ་མངོན་པར་ཡིད་ཆེས་པ་ཡིན། སངས་རྒྱས་ཀྱི་ཡུལ་མཐའ་དང་དབུས་མེད་པ་མངོན་པར་བསྒྲུབ་པ་ལ་མངོན་པར་ཡིད་ཆེས་པ་ཡིན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚད་མེད་པའི་རྗེས་སུ་སོང་བའི་རྗེས་སུ་འཇུག་པ་ལ་
མངོན་པར་ཡིད་ཆེས་པ་ཡིན། འབྲས་བུ་ཡོངས་སུ་གྲུབ་པ་ལ་མངོན་པར་ཡིད་ཆེས་པ་ཡིན་ཏེ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་ས་དང་། ཡེ་ཤེས་ཀྱི་བར་དུ་ཤིན་ཏུ་བསྟན་པའི་
བྱིན་གྱི་རླབས་ལ་མངོན་པར་ཡིད་ཆེས་པ་ཡིན་ནོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་ཆོས་འདི་དག་དེ་ལྟར་རྒྱ་ཆེ་ཞིང་དེ་ལྟར་ཟབ་ལ་དེ་ལྟར་དབེན་ཞིང་དེ་ལྟར་ཞི་བ་སྟེ། དེ་ལྟར་སྟོང་ལ་དེ་ལྟར་མཚན་མ་མེད་ཅིང་དེ་ལྟར་སྨོན་པ་མྱེད་ལ།
དེ་ལྟར་ཆགས་པ་མེད་དེ། །དེ་ལྟར་གོས་པ་མྱེད་ཅིང་དེ་ལྟར་ཚད་མེད་ལ་སངས་རྒྱས་ཀྱི་ཆོས་དེ་དག་དེ་ལྟར་རླབས་ཆེན་འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ལྟ་བ་ངན་པར་ལྟུང་བའི་རྒྱུད་དང་། མ་རིག་པའི་མུན་ནག་དང་། རབ་རིབ་ཐིབས་པོས་
ཀུན་ནས་ཁེབས་པའི་ཡིད་དང་། ང་རྒྱལ་གྱི་རྒྱལ་མཚན་ཤིན་ཏུ་བསྒྲེངས་པའི་ཡོངས་སུ་རྟོག་པ་དང་། སྲེད་པའི་དྲ་བས་མངོན་པར་ཡེ་རྔམ་པའི་ཡིད་ལ་བྱ་བ་དང་། སྒྱུ་དང་གཡོའི་ཐིབས་པོ་ལ་རྗེས་སུ་སྤྱོད་པའི་སེམས་དང་། བསམ་པ་དང་ཕྲག་དོག་དང་
Vol. 36 · folio 181a
འཇུངས་པ་ཅན་གྱི་ཀུན་ནས་འཁོར་བས་ལམ་གྱི་རྒྱུད་དུ་སྐྱེ་བའི་ཀུན་ཏུ་འབྲེལ་བ་དང་། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་སྤྱོད་པའི་ལས་ཤིན་ཏུ་བསྩགས་པ་དང་། ཁྲོ་བ་དང་ཁོན་དུ་འཛིན་པས་འབར་བར་བྱས་པའི་སེམས་
ཀྱི་མེ་ལྕེ་དང་། ཕྱིན་ཅི་ལོག་དང་བཅས་པའི་ལས་མངོན་པར་བསྒྲུབ་པ་དང་། འདོད་པ་དང་སྲེད་པའི་མ་རིག་པ་དང་། ལྟ་བ་དང་ཀུན་ཏུ་ཟབ་པའི་བག་ཆགས་མཚམས་འབྲེལ་བའི་སེམས་དང་། ཡིད་དང་རྣམ་པར་ཤེས་པའི་ས་བོན་གྱིས་འདི་ལྟ་སྟེ། ཁམས་གསུམ་
དུ་མིང་དང་གཟུགས་ལྷན་ཅིག་ཏུ། སྐྱེས་ཤིང་ཐ་མི་དད་པར་བྱུང་བའི་ཡང་སྐྱེ་བའི་སྡུག་བསྔལ་གྱི་མྱུ་གུ་མངོན་པར་སྐྱེད་དོ། །མྱིང་དང་གཟུགས་དེ་རྣམ་པར་འཕེལ་ནས་སྐྱེ་མཆེད་དྲུག་གི་ཚོགས་འབྱུང་བར་འགྱུར་རོ། །སྐྱེ་མཆེད་རྣམས་བྱུང་བས་ཕན་
ཚུན་རེག་པ་དང་ཕྲད་ཅིང་འདུས་པས་ཚོར་བ་མངོན་པར་འབྱུང་ངོ་། །ཚོར་བ་མྱོང་བ་དེ་ཉིད་ལ་ཡང་དང་ཡང་མངོན་པར་དགའ་བས་སྲེད་པ་དང་ཉེ་བར་ལེན་པ་རྣམ་པར་འཕེལ་ལོ། །ཉེ་བར་ལེན་པ་རྣམ་པར་འཕེལ་བས། སྲིད་པ་ཀུན་ཏུ་
འབྱུང་ངོ་། །སྲིད་པ་ཀུན་ཏུ་འབྱུང་བས་སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་རྣམས་ཀྱང་འབྱུང་བར་འགྱུར་ཏེ། དེ་ལྟར་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཕུང་པོ་
བདག་དང་བདག་གི་མྱེད་པ། གསོབ་གསོག་སྟོང་བ་བྱེད་པ་མྱེད་པ། སེམས་མེད་པ་རྩ་དང་ཤིང་དང་། རྩིག་པ་དང་། སྒང་སྒོང་དང་མིག་ཡོར་ལྟ་བུ་མངོན་པར་འབྱུང་བ་ཡང་དེ་ལྟར་ཁོང་དུ་མྱི་ཆུད་དོ་ཞེས། དེ་ལ་བྱང་ཆུབ་སེམས་དཔས་སེམས་ཅན་
དེ་དག་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་དང་འབྲལ་མི་མྱོང་བ་མཐོང་ནས། དེའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་རྒྱས་པར་འབྱུང་སྟེ། སེམས་ཅན་འདི་དག་ནི་བདག་གིས་ཡོངས་སུ་བསྐྱབ་པར་བྱ་བ་དག་གོ །ཡོངས་སུ་དགྲོལ་བར་བྱ་བ་དག་གོ །ཤིན་ཏུ་བདེ་བ་ལ་
Vol. 36 · folio 181b
དགོད་པར་བྱ་བ་དག་གོ་སྙམ་སྟེ། དེའི་ཕྱིར་དེའི་བྱམས་པ་ཆེན་པོ་རྒྱས་པར་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་བྱམས་པ་དེ་ལྟ་བུའི་རྣམ་པ་དང་ལྡན་པའི་ལྷག་པའི་བསམ་པས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་
གནས་པའི་ཚེ། དངོས་པོ་ཐམས་ཅད་ལ་ཕངས་པར་སེམས་པའི་སེམས་ཡོངས་སུ་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་པ་དང་། དད་པ་རླབས་པོ་ཆེའི་བློས་སྦྱིན་པ་ཆེན་པོ་ལ་རབ་ཏུ་བརྩོན་པར་བྱེད་དེ། དེ་འདི་ལྟར་འདི་ལྟ་སྟེ། ནོར་དང་། འབྲུའི་མཛོད་
དང་། བང་བ་ཡོངས་སུ་གཏང་བར་བྱ་བ་དག་གམ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། རིན་པོ་ཆེ་ཤི་ལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་ཡོངས་སུ་གཏང་བར་བྱ་བ་འམ། རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་ཡོངས་སུ་གཏང་བ་འམ་རྟ་དང་།
གླང་པོ་དང་། ཤིང་རྟ་དང་རྐང་ཏང་དང་། བཞོན་པ་ཡོངས་སུ་གཏང་བ་འམ། བྲན་ཕོ་དང་། བྲན་མོ་ཡོངས་སུ་གཏད་བ་འམ། གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་ཡོངས་སུ་གཏང་བའམ། བཟའ་ཤིང་གི་ར་བ་དང་། དཀའ་
ཐུབ་ཀྱི་ནགས་ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏང་བའམ། ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏང་བའམ། སྡུག་ཅིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་ཡོངས་སུ་གཏང་བའམ། མགོ་དང་རྣ་བ་དང་རྐ་ལག་དང་མྱིག་དང་ཡན་ལག་གི་དམ་པ་དང་།
ལུས་ཐམས་ཅད་ཡོངས་སུ་གཏང་བ་འམ། གཏང་བར་བྱ་བའི་དངོས་པོ་དེ་དག་ཐམས་ཅད་ལ་ཆགས་པ་མྱེད་པར་བྱས་ནས་སངས་རྒྱས་ཀྱི་ཡེ་ཤེས་ལ་དད་པ་དང་། མོས་པའི་བློས་ཡོངས་སུ་གཏོང་སྟེ། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་དང་པོ་འདི་ལ་གནས་
པའི་ཚེ་གཏོང་བ་ཆེན་པོ་རབ་ཏུ་བྱེད་དོ། །དེ་དེ་ལྟར་བྱམས་པ་དང་སྙིང་རྗེ་དང་གཏོང་བའི་བསམ་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡང་དང་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དོན་ཡོངས་སུ་ཚོལ་ཞིང་དོན་
Vol. 36 · folio 182a
དུ་གཉེར་ཏོ། །དེ་དེ་ལྟར་ཡོངས་སུ་ཚོལ་ཞིང་དོན་དུ་གཉེར་བའི་ཚེ། ཡོངས་སུ་སྐྱོ་བའི་སེམས་མི་སྐྱེ་སྟེ། དེའི་ཕྱིར་དེའི་ཡོངས་སུ་མི་སྐྱོ་བའི་སེམས་མངོན་པར་འབྱུང་ངོ་། །ཡོངས་སུ་སྐྱོ་བ་མེད་པས་གཙུག་ལག་ཐམས་ཅད་ལ་
འཇིགས་པ་མེད་པ་ཡིན། དེའི་ཕྱིར་དེ་གཙུག་ལག་ཐམས་ཅད་ལ་རབ་ཏུ་ཤེས་པ་ཡིན་ཏེ། དེ་དེ་ལྟ་བུའི་གཙུག་ལག་དང་ལྡན་པས་བྱ་བ་དང་མྱི་བྱ་བ་ཤིན་ཏུ་རྟོགས་པའི་བློས་སེམས་ཅན་རབ་འབྲིང་དང་ཐ་མ་ལ་དད་པའི་ཚུལ་ཇི་ལྟ་བ་དང་།
ཅི་འོས་པས་ཅི་ནུས་སུ་སྙིང་ཐག་པ་ནས་ཡང་དག་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །ནན་ཏན་དུ་བྱེད་དོ། དེའི་ཕྱིར་དེ་འཇིག་རྟེན་ཤེས་པ་ཡིན་ཏེ། འཇིག་རྟེན་ཤེས་པས་དུས་དང་ཚོད་དུ་རན་པར་སྤྱོད་ཅིང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་བསམ་
པ་ཤིན་ཏུ་བརྒྱན་པས་བདག་དང་གཞན་གྱི་དོན་དུ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཕྱིར་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྦྱོར་བ་དེ་དག་ལའང་འབྱུང་བར་སྤྱོད་པ་ཡིན། ཕྱིར་མི་ཟློགས་ཤིང་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་སྟོབས་ཀྱི་ཤུགས་ཀྱང་
རབ་ཏུ་ཐོབ་པ་ཡིན་ཏེ། དེ་ལྟར་དེའི་དགའ་བའི་སྟོབས་དང་ཤུགས་ཡོངས་སུ་སྐྱེས་པ་ཡིན། དགའ་བའི་སྟོབས་དང་ཤུགས་རབ་ཏུ་ཐོབ་པས་དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོ་བྱ་བ་ལ་རབ་ཏུ་བརྩོན་ཞིང་བསྟན་པ་ལ་འང་ནན་ཏན་ཤིན་ཏུ་
བྱེད་དོ། །དེ་ལྟར་དེའི་ས་ཡོངས་སུ་སྦྱོང་བའི་ཆོས་འདི་ལྟ་སྟེ། དད་པ་དང་སྙིང་རྗེ་དང་། བྱམས་པ་དང་། གཏོང་བ་དང་། སྐྱོ་བ་མེད་པ་དང་། གཙུག་ལག་ཤེས་པ་དང་། འཇིག་རྟེན་ཤེས་པ་དང་། ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ་དང་། དགའ་བའི་
སྟོབས་ཀྱི་ཤུགས་དང་། དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བའི་ནན་ཏན་ཡོངས་སུ་སྐྱེས་པ་ཡིན་ནོ། །དེ་དེ་ལྟར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འདི་ལ་གནས་པའི་ཚེ་ལྟ་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་
Vol. 36 · folio 182b
མང་པོ་རབ་ཏུ་སྣང་བར་འགྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་།
སངས་རྒྱས་ཁྲག་ཁྲིག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རབ་ཏུ་སྣང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་སྟི་བྱེད་དོ། བསྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་བསོད་སྙོམས་དང་། གཟིམས་ཅ་དང་སྙུན་གྱི་རྐྱེན་སྨན་དང་།
ཡོ་བྱད་དག་ཀྱང་འབུལ་ཞིང་། བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ། །དགེ་འདུན་གྱི་ཚོགས་རྣམས་ལ་འང་ཡང་དག་པར་མཆོད་པར་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ལྟར་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཆོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མངོན་པར་འགྲུབ་པ་ཡིན། དེ་བསྡུ་བའི་དངོས་པོ་སྦྱིན་པ་དང་། ངག་སྙན་པ་གཉིས་ཀྱི་ཤས་ཆེ་བས་
སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེའི་མོས་པའི་སྟོབས་དང་ཤུགས་ཀྱིས་བསྡུ་བའི་དངོས་པོ་གོང་མ་གཉིས་ཀྱང་ཡོངས་སུ་འགྲུབ་པར་འགྱུར་ཏེ། མ་ལུས་པར་ཁོང་དུ་ཆུད་པར་ནི་མ་ཡིན་ནོ། །དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་
ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་བསྒྲུབ་པ་མ་ཡིན་ནོ། །དེ་ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་སེམས་ཅན་ཡོངས་སུ་སྨིན་
Vol. 36 · folio 183a
པར་བྱ་བ་ལ་བརྩོན་པ་དང་། ས་ཡོངས་སུ་སྦྱོང་བའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་དེའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་དག་དེ་བས་ཀྱང་ཤས་ཆེར་ཤིན་ཏུ་བྱང་
བ་དང་། ཡོངས་སུ་དག་པ་དང་ལས་སུ་རུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། མགར་བ་མཁས་པས་གསེར་གྱི་ས་ལེ་སྦྲམ། ཇི་ལྟ་ཇི་ལྟར་མྱེར་བསྲེགས་པ་དེ་ལྟ་དེ་ལྟར་ཤིན་ཏུ་བྱང་ཞིང་ཡོངས་སུ་དག་པ་དང་། ཅི་
དགར་ལས་སུ་རུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ལ་བརྩོན་པར་བྱེད་པ་དང་།
ས་ཡོངས་སུ་སྦྱོང་བའི་ཆོས་ཀྱི་རྣམ་པ་འདི་ལྟ་བུ་དག་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་དེའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་དག་ཤིན་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །
ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་ས་དང་པོ་དེ་ཉིད་ཀྱི་རྣམ་པ་དང་། འཐོབ་པར་བྱ་བ་དང་། རྒྱུ་མཐུན་པའི་འབྲས་བུ་སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་དང་དགེ་བའི་བཤེས་གཉེན་ལས་ཡོངས་སུ་བཙལ་ཞིང་ཡོངས་སུ་དྲི་བར་བྱའོ། །སའི་ཡན་ལག་ཡོངས་སུ་བསྒྲུབ་པའི་ཕྱིར་ཡང་ངོམས་མྱི་ཤེས་པར་བྱས་ཏེ། དེས་བྱང་ཆུབ་སེམས་དཔའི་ས་དང་པོ་འདི་ལ་གནས་པའི་ཚེ། བྱང་ཆུབ་སེམས་
དཔའི་ས་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པའི་རྣམ་པ་དང་། ཐོབ་པར་བྱ་བ་དང་། རྒྱུ་མཐུན་པའི་འབྲས་བུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་
Vol. 36 · folio 183b
དང་། དགེ་བའི་བཤེས་གཉེན་ལས་ཡོངས་སུ་བཙལ་ཞིང་ཡོངས་སུ་དྲི་བར་བྱའོ། །སའི་ཡན་ལག་ཡོངས་སུ་བསྒྲུབ་པའི་ཕྱིར་ཡང་ངོམས་མི་ཤེས་པར་བྱའོ། །དེས་སའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཁས་པར་བྱའོ། །ས་འགྲུབ་པ་དང་འཇིག་པ་
ལ་མཁས་པར་བྱའོ། །སའི་རྣམ་པ་དང་། རྒྱུ་མཐུན་པའི་འབྲས་བུ་ལ་མཁས་པར་བྱའོ། །ས་འཐོབ་པར་བྱ་བ་དང་རྣམ་པར་བསྒོམ་པ་ལ་མཁས་པར་བྱའོ། །སའི་རྣམ་པ་ཡོངས་སུ་སྦྱང་བ་ལ་མཁས་པར་བྱའོ། །ས་ནས་སར་འཕར་བ་ལ་
མཁས་པར་བྱའོ། །ས་དང་ས་ལ་རྣམ་པར་གནས་པ་ལ་མཁས་པར་བྱའོ། །ས་ནས་སའི་གནས་གཞན་དུ་འཕོ་བར་བྱ་བ་ལ་མཁས་པར་བྱའོ། །ས་ནས་སར་ཡོངས་སུ་སྦྱང་བའི་ཁྱད་པར་གྱི་ཡེ་ཤེས་ལ་མཁས་པར་བྱའོ། །ས་ནས་ས་ཐོབ་ནས་ཕྱིར་མི་ལྡོག་
པའི་ཡེ་ཤེས་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱང་བས་དེ་བཞིན་གཤེགས་པའི་ས་གནན་པ་ལ་མཁས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་རྣམ་པ་
མངོན་པར་བསྒྲུབ་པ་ལ་མཁས་པ་ནི་ས་དང་པོ་ལས་གྱེན་དུ་མ་བསྐྱོད་པར་ས་བཅུའི་བར་དུ་གནན་ཅིང་ཐོབ་པར་བྱ་བ་ཐོགས་པ་མྱེད་དེ། ཐོགས་པ་མྱེད་པར་འགྲོ་བ་དང་། སའི་ཡེ་ཤེས་སྣང་བས་སངས་རྒྱས་ཀྱི་ཡེ་ཤེས་སྣང་བ་འང་རབ་ཏུ་ཐོབ་བོ། །
ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། དེད་དཔོན་ཆེན་པོ་མཁས་པས་ལམ་གྲོགས་ཡོངས་སུ་གདོན་པའི་བསམ་པ་དང་ལྡན་པ། གྲོང་རྡལ་ཆེན་པོའི་སར་ཕྱིན་པར་བྱ་བར། འདོད་པ་ནི་ཐོག་མ་ནས་ལམ་དང་ལམ་གྱི་ཡོན་ཏན་དང་། ལམ་ལས་གོལ་བའི་
ཉེས་པ་དང་ལམ་གྱི་བར་མལ་གྱི་ཁྱད་པར་དང་། ལམ་གྱི་བར་མལ་འཁྲུལ་ན་ཉེས་པར་འགྱུར་བ་དང་། ལམ་དུ་བྱ་མི་བྱ་དང་། བརྒྱགས་བཤམས་པ་ཡོངས་སུ་ཚོལ་ཞིང་ཀུན་ཏུ་འདྲིའོ། །ཐོག་མའི་ལམ་གྱི་བར་མལ་ནས་མ་འཕགས་པ་ནས་གྲོང་
Vol. 36 · folio 184a
རྡལ་དུ་ཕྱིན་གྱི་བར་དུ་ཤིན་ཏུ་མཁས་པ་ཡིན། ལམ་གྱི་བར་མ་ལ་དེ་ནས་མ་འཕགས་པར་དེ་ཉིད་ནས་ཤེས་པས་ཤིན་ཏུ་བརྟགས་པའི་བློ་དང་བརྒྱགས་ཀྱི་ཚོགས་ཆེན་པོ་ཕུན་སུམ་ཚོགས་པས་ལམ་གྲོགས་མང་པོ་རྣམས་ཉམ་ཉེས་མྱེད་
པར་གྲོང་རྡལ་ཆེན་པོ་དེར་ཕྱིན་པར་བྱེད་དེ། མྱ་ངམ་དང་དགོན་པའི་ཉེས་པས་བདག་དང་ལམ་གྲོགས་རྣམས་ལ་གནོད་པར་མི་འགྱུར་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེད་དཔོན་མཁས་པ་
ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་ཤིང་སའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཁས་པ་དང་། ས་འགྲུབ་པ་དང་འཇིག་པ་ལ་མཁས་པ་དང་། སའི་རྣམ་པ་དང་རྒྱུ་མཐུན་པའི་འབྲས་བུ་ལ་མཁས་པ་དང་། ས་འཐོབ་པར་བྱ་
བ་དང་། རྣམ་པར་བསྒོམ་པ་ལ་མཁས་པ་དང་། སའི་ཡན་ལག་ཡོངས་སུ་སྦྱང་བ་ལ་མཁས་པ་དང་། ས་ནས་སར་འཕར་བ་ལ་མཁས་པ་དང་། ས་ནས་སར་རྣམ་པར་གནས་པ་ལ་མཁས་པ་དང་། ས་ནས་སར་ཁྱད་པར་དུ་འགྱུར་བའི་ཡེ་ཤེས་ལ་
མཁས་པ་དང་། ས་ནས་ས་ཐོབ་པ་ལས་ཕྱིར་མི་ལྡོག་པ་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་སྦྱང་བས་དེ་བཞིན་གཤེགས་པའི་ས་གནོན་པ་ལ་མཁས་པར་གྱུར་པ་དེའི་ཚེ། བསོད་ནམས་ཀྱི་ཚོགས་ཆེན་པོའི་
བརྒྱགས་ཡོངས་སུ་གཟུང་བ་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པ་དང་། སེམས་ཅན་གྱི་ལམ་གྲོགས་མང་པོ་ཡོངས་སུ་གདོན་པའི་བསམ་པ་དང་ལྡན་པས་ཐམས་ཅད་མཁྱེན་པའི་གྲོང་རྡལ་ཆེན་པོར་ཕྱིན་པར་བྱ་བར་
འདོད་ཅིང་ཐོག་མ་ནས་སའི་ལམ་དང་། སའི་ལམ་གྱི་ཡོན་ཏན་དང་། སའི་ལམ་གོལ་བའི་ཉེས་པ་དང་། སའི་ལམ་གྱི་བར་མལ་གྱི་ཁྱད་པར་དང་། སའི་ལམ་གྱི་བར་མལ་འཁྲུལ་ན་ཉེས་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་
Vol. 36 · folio 184b
ཆེན་པོའི་བརྒྱགས་བཤམས་ཤིང་བསྩོགས་པ་དག་ཀྱང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དག་དང་། དགེ་བའི་བཤེས་གཉེན་དག་ལས་ཡོངས་སུ་ཚོལ་ཤིང་ཡོངས་སུ་འདྲི་སྟེ། དེ་ལམ་གྱི་བར་མལ་དང་པོ་ནས་གྱེན་དུ་མ་འཕགས་པར་
ཐམས་ཅད་མཁྱེན་པའི་གྲོང་རྡལ་ཆེན་པོར་ཕྱིན་པར་བྱ་བའི་བར་དུ་མཁས་པ་ཡིན། དེ་དེ་ལྟར་ཡེ་ཤེས་ཀྱིས་རྣམ་པར་རྟོག་པའི་བློ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བརྒྱགས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་ལམ་གྲོགས་ཀྱི་
ཚོགས་ཆེན་པོ་ཡོངས་སུ་སྨྱིན་པའི་ཚུལ་བཞིན་དུ་འཁོར་བའི་མྱ་ངམ་དང་དགོན་པ་བརྒལ་དཀའ་བ་ལས་བསྒྲལ་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གྲོང་རྡལ་ཆེན་པོའི་བར་ཕྱིན་པར་བྱེད་ཅིང་འཁོར་བའི་མྱ་ངན་དང་དགོན་པའི་ཉེས་པས་སེམས་
ཅན་ལམ་གྲོགས་སམ་བདག་ལ་གནོད་པར་ཡང་མི་འགྱུར་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྐྱོ་བ་མེད་པའི་ཡིད་ཀྱིས་ས་ཡོངས་སུ་སྦྱང་བའི་ཁྱད་པར་ལ་བརྩོན་
པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་གནན་པའི་བར་དུ་ཡང་མཁས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་
དགའ་བའི་སྒོར་འཇུག་པ་མདོར་བསྡུས་ཏེ་བསྟན་པའོ། །རྒྱ་ཆེར་ནི་ཤིན་ཏུ་བསྟན་པ་བརྒྱ་སྟོང་གྲངས་མྱེད་པ་ལ་རྣམ་པའི་མུར་ཐུག་པ་མྱེད་པ་སྟེ། བསྐལ་པ་གྲངས་མྱེད་པའི་མཐར་ཐུག་པར་ཤིན་ཏུ་བསྟན་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །
དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕལ་ཆེར་འཛམ་བུའི་གླིང་གི་རྒྱལ་པོར་འགྱུར་ཏེ། སྲིད་ཆེན་པོ་ལ་དབང་སྒྱུར་བ་རབ་ཏུ་ཐོབ་ཅིང་ཆོས་ཀྱིས་ཡོངས་སུ་བསྐྱང་བ་དང་། སེམས་ཅན་རྣམས་སྦྱིན་པ་ཆེན་པོས་ཡོངས་སུ་བསྡུ་
Vol. 36 · folio 185a
བ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། སེམས་ཅན་རྣམས་ཀྱི་འཇུངས་པའི་དྲི་མ་བཟློག་པ་ལ་མཁས་པ་ཡིན། སྦྱིན་པ་ཆེན་པོ་རྩོམ་པས་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན། དེ་སྦྱིན་པ་འམ་ངག་སྙན་པ་འམ།
དོན་བསྒྲུབ་པ་འམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་
པར་འགྱུར། འདྲེན་པར་འགྱུར། རྣམ་པར་འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་
ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་།
མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན། དེ་འདོད་ན་སྐད་ཅིག་
ཡུད་ཙམ་ཐང་ཅིག་ཏུ། ཁྱིམ་དང་ཆུང་མ་དང་སྲིད་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་བརྒྱ་རབ་ཏུ་
འཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གིས་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་ཁམས་བརྒྱ་སྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་
Vol. 36 · folio 185b
གྱི་ཁམས་བརྒྱ་སྣང་བར་བྱ་བ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨྱིན་པར་བྱ་བ་དང་། བསྐལ་པ་བརྒྱར་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་།
ལུས་བརྒྱ་ཡངས་སུ་བསྟན་པ་དང་། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་ཡང་དག་པར་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་
པར་གྱིས་རྣམ་པར་འཕྲུལ་ཏེ་དེ་དག་གིས་ལུས་སམ་འོད་དང་རྫུ་འཕྲུལ་ལམ་མྱིག་གམ་སྤྱོད་ཡུལ་ལམ། དབྱངས་སམ་སྤྱོད་པ་འམ་རྒྱན་ཏམ་བྱིན་གྱི་རླབས་སམ་མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་
དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཀྱང་བགྲང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་
བསྟན་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་དཀར་པོའི་ཆོས་བསྩགས་དགེ་བ་མཐུན་ལྡན་ཞིང་། །བདེ་གཤེགས་ཡོངས་སུ་བསྙེན་བཀུར་སྙིང་རྗེ་བྱམས་ལྡན་ལ། །དད་པ་རྒྱ་ཆེ་དགེ་སེམས་ངང་ཚུལ་དག་ལྡན་
པ། །རྒྱལ་བའི་ཡེ་ཤེས་དོན་དུ་རླབས་ཆེན་སེམས་ཀྱང་བསྐྱེད། །རྒྱལ་བའི་ཆོས་རྫོགས་འགྲོ་བ་ཡོངས་སུ་བསྐྱབ་དོན་དུ། །ཐམས་ཅད་མཁྱེན་པ་སངས་རྒྱས་སྟོབས་སྦྱོང་བརྟན་མཐུ་ཅན། །བརྩེ་བ་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་
བྱ་བས། །རྒྱལ་བའི་ཞིང་སྦྱོང་སེམས་ཀྱི་དམ་པ་རབ་ཏུ་བསྐྱེད། །འགྲོ་བར་རྣམ་པ་སྣ་ཚོགས་དུས་རྣམས་བསྟན་པའི་ཕྱིར། །འདྲེན་པ་ཀུན་གྱི་ཡོན་ཏན་ཐམས་ཅད་འདོད་ཚོལ་ཞིང་། །དུས་གསུམ་སྐད་ཅིག་གཅིག་ཏུ་མི་རྟོག་ཤེས་བྱེད་
Vol. 36 · folio 186a
པའི། །མཁའ་འདྲ་ཤིན་ཏུ་ཡངས་པའི་སེམས་དང་ལྡན་པར་བྱེད། །ཤེས་རབ་དབང་སྒྱུར་སྙིང་རྗེ་སྔུན་འགྲོ་ཐབས་ལྡན་ཞིང་། །མོས་དང་བསམ་པ་རྣམ་དག་སྟོབས་ཀྱིས་ཚད་མྱེད་ལ། །ཆགས་མྱེད་མངོན་གྱུར་
གཞན་གྱི་དྲིང་ལ་མྱི་འཇོག་པ། །བདེ་གཤེགས་རྣམས་དང་མཉམ་གྱུར་སེམས་ཀྱི་དམ་པ་བསྐྱེད། །བདེ་གཤེགས་སྲས་སེམས་རིན་ཆེན་ཡང་དག་སྐྱེས་འཕྲལ་དུ། །བྱིས་པའི་སྤྱོད་བྲལ་སངས་རྒྱས་རྣམས་ཀྱི་སྤྱོད་དང་ལྡན། །སྟོབས་བཅུ་མངའ་
རིགས་ཁ་ན་མ་ཐོ་མེད་པར་སྐྱེས། །བདེ་གཤེགས་མཉམ་ཉིད་རྗེས་རྟོགས་བྱང་ཆུབ་མཆོག་ཏུ་ངེས། །འདི་འདྲའི་སེམས་དང་ས་ཐོབ་ལྷན་ཅིག་མངོན་པར་སྐྱེ། །བསམ་པ་མྱི་གཡོ་རི་ཡི་རྒྱལ་པོ་འདྲ་བར་གནས། །རབ་ཏུ་དགའ་ཞིང་སྤྲོས་མང་དད་
དང་ལྡན་པ་སྟེ། །མོས་པའི་ཤུགས་ཡངས་རྟག་པར་སེམས་ཀྱི་མཆོག་དང་ལྡན། །འཁྲུགས་དང་འཚེ་བ་མྱེད་ཅིང་ཁྲོ་བ་མྱེད་པ་སྟེ། །ངོ་ཚ་ཤེས་ཤིང་སྲི་ཞུ་དྲན་ལྡན་ཤིན་ཏུ་བསྡམས། །འགྲོ་བ་ཡོངས་སུ་བསྐྱབ་པའི་མཚུངས་མེད་ཡེ་ཤེས་དྲན་གྱུར་ཅིང་།
འདོད་པར་བྱ་བའི་གནས་དང་ལྡན་གྱུར་དགའ་བ་སྐྱེད། །ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་མེད་དང་འཆི་དང་མི་བསྔགས་ངན་འགྲོ་དང་། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མྱེད། །ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མྱེད་
དོ། །དེ་དག་བག་ཚ་བྲལ་ཞིང་སྙིང་རྗེ་བྱམས་དང་ལྡན། །བསྟི་སྟང་དང་ལྡན་དགའ་བ་ཕུན་སུམ་ཡོན་ཏན་མང་། །ཉིན་དང་མཚན་དུ་དགེ་བའི་ཕྱོགས་ལ་སྟེན་བྱེད་ཅིང་། །སེམས་ཅན་དོན་དུ་ཆོས་བརྩོན་འདོད་བསྐྱེད་ཕྱིར་མ་ཡིན། །དགེ་བའི་ཆོས་ཐོས་བསམ་ལ་
མཁས་ཤིང་གནས་མྱེད་སྤྱོད། །འཐོབ་སེམས་སྲེད་བྲལ་བྱང་ཆུབ་སེམས་ལ་རྟག་པར་དགའ། །བདེ་གཤེགས་ཡེ་ཤེས་འདོད་ཅིང་གཞན་དུ་སེམས་པ་མེད། །ཕ་རོལ་ཕྱིན་པ་ཚོལ་ཞིང་སྒྱུ་དང་གཡོ་ཡང་སྤངས། །ཅི་སྨྲས་དེ་བཞིན་བྱེད་པས་བདེན་པའི་ཚིག་
Vol. 36 · folio 186b
ལ་གནས། །རྒྱལ་བའི་རིགས་སྐྱོན་མི་འགྱུར་བྱང་ཆུབ་སློབ་ལ་སྤྱོད། །འཇིག་རྟེན་ལས་ཀྱི་བསམ་བྲལ་འགྲོ་བའི་དོན་དུ་བརྩོན། །དཀར་པོས་ངོམས་པ་མེད་པར་ཕྱིར་ཞིང་གོང་དུ་རྩོལ། །དེ་དག་འདི་འདྲའི་ཆོས་བརྩོན་ཡོན་ཏན་དོན་དང་ལྡན། །རྒྱལ་
བ་བལྟ་བའི་དོན་དུ་སྨོན་ལམ་མངོན་པར་སྒྲུབ། །དམ་ཆོས་ཡོངས་སུ་གཟུང་ཞིང་དྲང་སྲོང་དྲུང་འགྲོ་དང་། །སྤྱོད་པ་མཆོག་གི་དོན་དུ་སྨོན་ལམ་མངོན་པར་སྒྲུབ། །སེམས་ཅན་ཡོངས་སུ་སྨིན་བྱ་སངས་རྒྱས་ཞིང་སྦྱངས་ཏེ། །དེ་ཡི་ཞིང་མཆོག་རྒྱལ་
སྲས་ཀུན་གྱིས་གང་འགྱུར་ཞིང་། །རྒྱལ་སྲས་རྣམས་དང་བསམ་པ་གཅིག་ཅིང་དོན་མཐུན་ཕྱིར། །སྐྲ་སྦུབས་ཀུན་ཏུ་དོན་གྱི་དམ་པ་མངོན་འཚང་རྒྱ། །དེ་དག་སྨོན་ལམ་དུ་མ་མངོན་པར་བསྒྲུབ་པ་བྱེད། །དེ་དག་མཐའ་ཡས་ཡངས་ཤིང་
མཐར་ཐུག་མེད་དང་ལྡན། །ནམ་མཁའི་ཁམས་དང་ཆོས་ཉིད་མྱ་ངན་འདས་ཁམས་དང་། །འཇིག་རྟེན་མཐར་ཐུག་རྒྱལ་བ་འབྱུང་དང་ཡེ་ཤེས་ས། །སེམས་ཀྱི་ཡུལ་དང་ཡེ་ཤེས་འཇུག་པའི་མཐར་
ཐུག་དང་། །རྣམ་གསུམ་རྒྱུད་རྣམས་མཐར་ཐུག་འགྲོ་བའི་མུར་ཐུག་པ། །རྣམ་པ་དེ་ཚུལ་བདག་སྨོན་མཐར་ཡང་ཐུག་གྱུར་ཅིང་། །དེ་དག་མཐར་ཐུག་ཇི་བཞིན་བདག་སྤྱོད་དེ་འདྲར་ཤོག །དེ་ལྟར་མངོན་བསྒྲུབས་འཇམ་ཞིང་བྱམས་པའི་སེམས་ལྡན་
པ། །སངས་རྒྱས་ཡོན་ཏན་ཡིད་ཆེས་སེམས་ཅན་རྣམ་པར་ལྟ། །སེམས་ཅན་སྡུག་བསྔལ་ཉོན་མོངས་བདག་གིས་བསྐྱབ་ཅེས་ཏེ། །རྟེན་འབྲེལ་འབྱུང་འཇུག་སྙིང་རྗེ་བྱམས་དང་ལྡན་པ་ནི། དེ་དག་དོན་དུ་སྣ་ཚོགས་སྦྱིན་པ་ཡང་དུ་རྩོམ། །རྒྱལ་སྲིད་མཆོག་
དང་རིན་ཆེན་སྣ་ཚོགས་གླང་པོ་རྟ། །མགོ་དང་རྐང་ལག་མྱིག་དང་དེ་བཞིན་བདག་ཉིད་ཤ། །ཐམས་ཅད་ཡོངས་སུ་གཏང་ཡང་ཞུམ་པའི་ཡིད་མྱེད་དོ། །གཙུག་ལག་སྣ་ཚོགས་ཚོལ་ཡང་ཡོངས་སུ་སྐྱོ་བ་མྱེད། །གཙུག་ལག་འཇིག་རྟེན་
Vol. 36 · folio 187a
སྤྱོད་པའི་རྗེས་ཀྱང་བར་དུ་སྙེགས། །འཇིག་རྟེན་ཤེས་དང་ལྡན་ཞིང་ཁྲེལ་ཡོད་དགའ་དང་ལྡན། །བདེ་གཤེགས་གཅིག་མྱིན་རིམ་གྲོ་རྗེས་སུ་མཆོད་པ་བྱེད། །དེ་ལྟར་མཁས་པ་ཉིན་མཚན་རྟག་ཏུ་བརྩོན་པ་ཡི། །དགེ་བ་མྱེད་
བཅུག་གསེར་བཞིན་ཤིན་ཏུ་དག་པར་འགྱུར། །དེ་དག་ས་རྣམས་བཅུ་པོ་འདི་ལ་སྦྱངས་བྱས་ཤིང་། །ཐོགས་པ་མྱེད་པར་ཆགས་མེད་རབ་ཏུ་ཐོབ་པར་འགྱུར། །ཇི་ལྟར་དེད་དཔོན་ལམ་གྲོགས་མང་ལ་ཕན་བརྩོན་པ། །ལམ་གྱི་ཡོན་ཏན་དྲི་ཞིང་བདེ་བའི་
གྲོང་དུ་སྐྱེལ། །དེ་བཞིན་བྱང་ཆུབ་སེམས་དཔའ་དང་པོའི་ས་གནས་པ། །འགྲོ་བའི་དོན་བཤམས་ཆགས་མེད་ས་བཅུ་རབ་ཏུ་འཐོབ། །འདི་གནས་ཡོན་ཏན་ལྡན་པ་མི་ཡི་དབང་པོར་འགྱུར། །བྱམས་པའི་སེམས་ཀྱིས་ས་རྣམས་ཡོངས་སུ་སྐྱོང་། །
འཛམ་བུའི་རྒྱལ་མཚན་སྲིད་ཀུན་རབ་ཏུ་སྐྱོང་བྱེད་ཅིང་། །སྦྱིན་པས་འགྲོ་བ་སངས་རྒྱས་ཡེ་ཤེས་མཆོག་ལ་དགོད། །ཁྱུ་མཆོག་དམ་པ་འདོད་ན་རྒྱལ་སྲིད་རབ་ཏུ་གཏོང་། །རྒྱལ་བའི་བསྟན་པ་རབ་ཏུ་བྱུང་ཞིང་བརྩོན་འགྲུས་རྩོམ། །ཏིང་འཛིན་
བརྒྱ་དང་སངས་རྒྱས་བརྒྱ་རྣམས་མཐོང་བར་བྱེད། །ཞིང་བརྒྱ་སྐྱོད་ཅིང་རབ་ཏུ་སྣང་བྱེད་ཀུན་ཏུ་འགྲོ། །སེམས་ཅན་བརྒྱ་སྦྱོང་ཆོས་ཀྱི་སྒོ་ལ་འགོད་པ་བྱེད། །བསྐལ་པ་བརྒྱར་འཇུག་ལུས་བརྒྱ་རབ་ཏུ་སྟོན་པ་བྱེད། །རྒྱལ་བའི་སྲས་ཀྱང་བརྒྱ་ཡི་
གྲངས་ཚངས་ཡོངས་སུ་སྟོན། །དེ་ཡི་གོང་ན་སྨོན་མཆོག་སྟོབས་ལྡན་ཚད་ཀྱང་མྱེད། །བདག་གིས་དོན་དུ་མདོར་བསྡུས་ཏེ། །ས་རྣམས་ཁྱེད་ལ་བཤད་པ་བྱས། །རྒྱ་ཆེ་བསྐལ་པ་བྱེ་བར་ཡང་། །ཐམས་ཅད་ཟད་པར་མི་ནུས་སོ། །
དེ་ལྟར་ས་ཡི་དང་པོ་འདི། །འཇིག་རྟེན་ཀུན་ལ་ཕན་སེམས་པའི། །བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ། །རྒྱལ་བའི་སྲས་ཀྱིས་བསྟན་པ་ཡིན། །རབ་ཏུ་དགའ་བ་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ས་དང་པོ། །ས་མཆོག་
Vol. 36 · folio 187b
ཡིད་དུ་འོང་བ་འདི། །གནས་ཀྱི་དམ་པ་ཐོབ་གྱུར་ནས། །བདེ་བར་གཤེགས་པའི་སྲས་ཀྱི་རྣམས། །ཡིད་རྟོག་དང་ཞིང་རབ་ཏུ་དགའ། །ཀུན་ཀྱང་སྟན་ལས་ལངས་གྱུར་ཏེ། །མཁའ་ཡི་དབྱིངས་ལ་མངོན་འཕགས་ནས། །མེ་ཏོག་སིལ་མ་རབ་ཏུ་
འཐོར། ལེགས་ཞེས་བྱ་བའི་ཚིག་ཀྱང་བརྗོད། །རྡོ་རྗེའི་སྙིང་པོ་འཇིགས་མེད་པ། །ཤེས་རབ་ཆེན་པོ་ལེགས་སོ་ལེགས། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། །ས་འདི་ཁྱོད་ཀྱིས་ལེགས་པར་བཤད། །འཁོར་འདི་རྣམ་པར་དང་ཞིང་གསལ། །
རྣམ་གྲོལ་ཟླ་བ་འདི་ཡང་འདྲི། །རྒྱལ་བའི་སྲས་ཀྱི་གོང་དུ་ཡང་། །ས་གཉིས་རབ་ཏུ་བརྗོད་པ་མཛོད། །ཡིད་ཀྱི་རྟོག་པ་ཅི་འདྲ་བས། །ས་གཉིས་པ་ནི་འཐོབ་འགྱུར་བ། །ཤེས་རབ་ཆེན་པོས་བཤད་པར་མཛོད། །རྒྱལ་བའི་སྲས་རྣམས་ཉན་པར་
འདོད། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཡོངས་སུ་སྦྱང་བ་བྱས་པ་དེས་གཉིས་པ་ལ་མངོན་པར་མོས་པ་ཡིན་ཏེ། དེའི་སེམས་ཀྱི་བསམ་པ་བཅུ་
འབྱུང་ངོ་། བཅུ་གང་ཞེ་ན། འདི་ལྟ་སྟེ། དྲང་པོའི་བསམ་པ་དང་། འཇམ་པའི་བསམ་པ་དང་། ལས་སུ་རུང་བའི་བསམ་པ་དང་། དུལ་བའི་བསམ་པ་དང་། ཞི་བའི་བསམ་པ་དང་། དགེ་བའི་བསམ་པ་དང་། མ་འདྲེས་པའི་བསམ་པ་
དང་། མི་ལྟོས་པའི་བསམ་པ་དང་རླབས་པོ་ཆེའི་བསམ་པ་དང་། བདག་ཉིད་ཆེ་བའི་བསམ་པ་དང་། སེམས་ཀྱི་བསམ་པ་བཅུ་པོ་འདི་དག་འབྱུང་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་བྲལ་བ་ལ་གནས་པ་
ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ས་དྲི་མ་དང་བྲལ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྲོག་གཅོད་པ་དང་བྲལ་བ་ཡིན་ཏེ། དབྱིག་པ་སྤངས་མཚོན་ཆ་སྤངས། ཁོན་དུ་འཛིན་པ་སྤངས་
Vol. 36 · folio 188a
ཤིང་ངོ་ཚ་དང་ལྡན་པས་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཕན་པ་དང་བདེ་བས་ཕན་འདོགས་ཤིང་བྱམས་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ཡིད་ཀྱི་ཡོངས་སུ་རྟོག་པ་ཙམ་གྱིས་ཀྱང་སྲོག་ཆགས་ལ་འཚེ་བ་མི་བྱེད་ན་
སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ཆེད་དུ་བསམས་ཏེ། ལུས་ལ་གཙེ་བ་ཆེན་པོ་བྱ་བ་ལྟ་ཅི་སྨོས། བདག་གི་ལོངས་སྤྱོད་གྱིས་ཆོག་ཤེས་ཤིང་གཞན་གྱི་ལོངས་སྤྱོད་ལ་རེ་བ་མེད་པས་མ་བྱིན་པར་ལེན་པ་དང་བྲལ་བ་ཡིན་ཏེ། དེ་གཞན་
གྱིས་ཡོངས་སུ་བཟུང་བའི་དངོས་པོ་ལ་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་ཤིང་རྐུ་སེམས་ཉེ་བར་བཞག་སྟེ། ཆུང་ངུ་ན་རྩྭ་དང་ལོ་མ་ཡང་མ་བྱིན་པར་མི་ལེན་ན་འཚོ་བའི་ཡོ་བྱད་གཞན་ལྟ་ཅི་སྨོས། བདག་གི་ཆུང་མས་ཆོག་ཤེས་ཤིང་གཞན་གྱི་ཆུང་མ་ལ་རེ་བ་མེད་པས་
འདོད་པས་ལོག་པར་གཡེམ་པ་དང་བྲལ་བ་ཡིན་ཏེ། དེ་གཞན་གྱིས་ཡོངས་སུ་བཟུང་བའི་བུད་མྱེད་གཞན་གྱི་ཆུང་མ་རུས་དང་མཚན་མ་དང་ཆོས་ཀྱིས་བསྲུང་བ་རྣམས་ལ་ཆགས་སེམས་ཀྱང་མྱི་སྐྱེ་ན་གཉིས་ཀྱིས་གཉིས་ཕྲད་པར་བྱ་བ་ལྟ་ཅི་སྨོས། །ཡང་
དག་པར་སྨྲ་ཞིང་བདེན་པར་སྨྲ་བ་དང་། དུས་སུ་སྨྲ་བ་དང་། ཚོད་དུ་སྨྲ་བ་ལ་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པས། བརྫུན་དུ་སྨྲ་བ་དང་བྲལ་བ་ཡིན་ཏེ། དེ་ཆུང་ངུ་ན་རྨི་ལམ་དུ་ཡང་བརྫུན་གྱི་ཚིག་མི་བརྗོད་ན། ཆེད་དུ་བསམས་ཏེ་བརྗོད་པ་ལྟ་ཅི་སྨོས།
དེ་སེམས་ཅན་གྱི་དབྱེན་མི་བྱེད་ཅིང་མྱི་འཚེ་བ་ལ་ཞུགས་པས། ཕྲ་མའི་ཚིག་དང་བྲལ་བ་ཡིན་ཏེ། དེ་དག་དབྱེ་བའི་ཕྱིར་ཚུ་བི་ལས་ཐོས་ཤིང་ཕ་བིར་སྙོད་པ་མ་ཡིན། ཕ་བི་ལས་ཐོས་ནས་ཚུ་བིར་སྙོད་པ་མ་ཡིན་ཏེ། འདུམ་པ་རྣམས་དབྱེ་བར་མི་བྱེད། བྱེ་
བ་རྣམས་ལ་དཔར་བས་མི་རྣོན་ཏེ། །མི་འདུམ་པ་ལ་དགའ་ཞིང་མི་འདུམ་པ་ལ་མོས་པ་མ་ཡིན་པས་བདེན་ནམ་རྫུན་ཡང་རུང་མི་འདུམ་པར་བྱ་བའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་དང་བྲལ་བ་ཡིན་ཏེ། སྙོགས་པ་དང་། བརླང་བ་དང་། རྩུབ་པ་དང་། གཞན་
Vol. 36 · folio 188b
ལ་གནོད་པ་དང་། ཞེ་སྣད་པར་གྱུར་པ་དང་། ཉེས་པ་ངོར་བརྗོད་པ་དང་། ཉེས་པ་ངོར་བརྗོད་པ་ལ་གཞོལ་བ་དང་། གྲོང་མའི་ཚིག་དང་། མ་རབས་ཀྱི་ཚིག་དང་། གཟུངས་སུ་བཟུང་བ་མ་ཡིན་པ་དང་། རྣར་མི་སྙན་པ་དང་། ཁྲོ་བ་དང་གཤེ་བ་ལས་བྱུང་བ་དང་།
སྙིང་ན་བར་བྱེད་པ་དང་། ཡིད་ཡོངས་སུ་གདུང་བར་བྱེད་པ་དང་། མི་སྙན་པ་དང་། ཡིད་དུ་མི་འོང་བ་དང་། བདག་དང་གཞན་གྱི་སེམས་མ་རུང་བར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ། གང་འདི་འཇམ་པ་དང་ཡིད་དུ་འོང་བ་དང་། སྙན་པ་དང་། གཟུངས་
སུ་བཟུང་བ་དང་། རྣར་འོང་བ་དང་། སྙིང་དུ་སྡུག་པ་དང་། ཕོ་བྲང་འཁོར་གྱི་ཚིག་དང་། གཙིགས་པ་དང་། གསལ་བ་དང་། འགོ་བ་དང་མཉན་པར་འོས་པ་དང་། མི་གནས་པ་དང་། སྐྱེ་བོ་མང་པོ་དགའ་བར་འགྱུར་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་།
མཁས་པས་བསྔགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བར་འགྱུར་བ་དང་། ཡིད་བདེ་བར་བྱེད་པ་དང་། ཡིད་སིམ་པར་བྱེད་པ་དང་། བདག་དང་གཞན་གྱི་སེམས་དང་བར་བྱེད་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་།
ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་དག་བརྗོད་དོ། །ཚིག་ཀྱལ་པ་སྤངས་པ་ཡིན་ཏེ། ལེགས་པར་ལན་གློན་པའི་ཚིག་དང་། དུས་སུ་སྨྲ་བ་དང་། བདེན་པར་སྨྲ་བ་དང་། དོན་དུ་སྨྲ་བ་དང་། ཆོས་སུ་སྨྲ་བ་དང་། རིགས་པར་སྨྲ་བ་དང་།
དུལ་བར་སྨྲ་བ་དང་། དུས་ལ་བབ་པར་ཤིན་ཏུ་གོ་བའི་གཏན་ཚིགས་དང་བཅས་པར་སྨྲ་བར་དེ་ཆུང་ངུ་ན་བཞད་གད་དུ་བྱ་བ་ཙམ་གྱི་ཚིག་ལ་ཡང་ཡོངས་སུ་སྤང་བར་བྱ་བ་ཡོངས་སུ་སྤོང་ན་དགོས་པ་དོན་དུ་གཉེར་ཅིང་ཚིག་གིས་རྣམ་པར་འཁྲུག་པ་ལྟ་ཅི་སྨོས། ཆགས་
སེམས་མེད་པ་ཡིན་ཏེ། དེ་གཞན་གྱི་ནོར་དང་། གཞན་གྱི་འདོད་པ་དང་། གཞན་དབང་བའི་ཡོ་བྱད་གཞན་གྱིས་ཡོངས་སུ་བཟུང་བ་ལ་ཇི་ལྟར་ན། གང་གཞན་གྱི་ཡིན་པ་དེ་དག་བདག་གིར་འགྱུར་ཞེས་ཏེ། ཆགས་སེམས་མི་བསྐྱེད་མི་རེ་མི་སྨོན་
Vol. 36 · folio 189a
ཅིང་འདོད་པའི་སེམས་མི་བསྐྱེད་དོ། །གནོད་སེམས་དང་བྲལ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་ཕན་པའི་སེམས་དང་སྙིང་བརྩེ་བའི་སེམས་དང་། བདེ་བའི་སེམས་དང་། འཇམ་པའི་སེམས་
དང་། འགྲོ་བ་ཐམས་ཅད་ལ་ཕན་གདགས་པའི་སེམས་དང་། འབྱུང་པོ་ཐམས་ཅད་ལ་ཕན་ཞིང་སྙིང་བརྩེ་བའི་སེམས་དང་ལྡན་པས། གང་འདི་ཁྲོ་བ་དང་། མདུད་པར་འཛིན་པ་དང་། ཐབ་དང་དྲི་མ་དང་གནོད་སེམས་དང་ཁོང་ཁྲོ་བ་ལ་སྩོགས་པ་དེ་དག་སྤངས་ཏེ།
གང་འདི་ཕན་པ་དང་ལྡན་པ། བྱམས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ཕྱིར་རྣམ་པར་རྟོག་ཅིང་། རྣམ་པར་དཔྱོད་པ་དེ་དག་ལ་རྣམ་པར་རྟོག་པ་ཡིན། ཡང་དག་པར་ལྟ་བ་དང་ལྡན་ཞིང་ངོ་མཚར་དང་བཀྲ་ཤིས་
དང་། ངང་ཚུལ་ངན་པའི་ལྟ་བ་སྣ་ཚོགས་དང་བྲལ་བ་ཡིན་ཏེ། ལྟ་བ་དྲང་ཞིང་གཡོ་མེད་ལ་སྒྱུ་མེད་པས་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བསམ་པ་ངེས་པ་ཡིན། དེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་ཞིང་འདི་ལྟར་སེམས་
ཀྱི་བསམ་པ་མངོན་པར་སྒྲུབ་སྟེ། སེམས་ཅན་རྣམས་ཀྱི་ངན་སོང་དང་ངན་འགྲོ་དང་། ལོག་པར་ལྟུང་བ་ཡོད་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་མི་དགེ་བ་བཅུའི་ལམ་ཡོངས་སུ་བླངས་པའི་རྒྱུ་ལས་བྱུང་གིས་བདག་གིས་ནི་འདི་ལྟར་བདག་
ཉིད་ཡང་དག་པའི་ནན་ཏན་ལ་གནས་ཏེ། གཞན་ཡང་ཡང་དག་པའི་ནན་ཏན་ལ་དགོད་པར་བྱའོ། །ཡང་དག་པའི་ནན་ཏན་ལ་གནས་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བདག་ལོག་པའི་ནན་ཏན་ལ་གནས་ཤིང་། གཞན་ཡང་དག་པའི་ནན་ཏན་ལ་དགོད་པར་བྱ་བ་འདི་ནི་གནས་མེད་སྐབས་མེད་པ་སྟེ། འདི་
ནི་མི་སྲིད་དོ། །ཞེས་ནས་ཡང་དེ་འདི་ལྟར་རྣམ་པར་དཔྱོད་དེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཡོངས་སུ་བཟུང་བའི་རྒྱུས་སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་སྐྱེ་བ་རྣམས་ཡོད་པར་གྱུར་ཏོ། །
Vol. 36 · folio 189b
དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་བཟུང་བས་ནི་མིར་སྐྱེ་བ་ལ་སོགས་པ་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བ་ཡོད་པར་གྱུར་ཏོ། །དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉི་ཙེའི་སེམས་དང་ཁམས་གསུམ་པས་སྐྲག་པའི་ཡིད་དང་། སྙིང་རྗེ་ཆེན་པོ་
མེད་པ་དང་། གཞན་ལས་ཐོས་པའི་སྒྲའི་རྗེས་སུ་འབྲང་བའི་ཤེས་རབ་ཀྱིས་རྣམ་པར་ཡོངས་སུ་བསྒོམས་ན་ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་སྒྲུབ་པོ། །དེའི་གོང་དུ་གཞན་གྱི་དྲིང་མི་འཇོག་པ་དང་། རང་མངོན་པར་འཚང་རྒྱ་བ་དང་། སྙིང་རྗེ་ཆེན་པོ་
དང་། ཐབས་མཁས་པ་མེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པར་ཁོང་དུ་ཆུད་པས་ཡོངས་སུ་སྦྱངས་ན། རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་སྒྲུབ་པོ། །དེའི་གོང་དུ་ཡངས་ཤིང་ཚད་མེད་པའི་སེམས་དང་། སྙིང་བརྩེ་ཞིང་སྙིང་རྗེ་དང་ལྡན་
པ་དང་། ཐབས་མཁས་པས་ཡང་དག་པར་གཟུང་བ་དང་། སྨོན་ལམ་ཆེན་པོ་ཤིན་ཏུ་གདབ་པ་དང་། །སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེན་པོ་ལ་དམྱིགས་པས་ཡོངས་སུ་སྦྱངས་ན། བྱང་ཆུབ་
སེམས་དཔའི་ས་ཡོངས་སུ་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་སྤྱོད་པ་རྒྱ་ཆེན་པོ་ཡོངས་སུ་བསྒྲུབ་པར་འགྱུར་རོ། །དེའི་གོང་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་ཡོངས་སུ་སྦྱངས་པས་
སྟོབས་བཅུའི་སྟོབས་ཐོབ་པར་འགྱུར་བ་དང་། མི་འཇིགས་པ་བཞི་འཐོབ་པ་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འགྲུབ་པ་ཡང་དག་པར་སྒྲུབ་བོ། །དེ་ལྟ་བས་ན་བདག་གིས་དགེ་བ་བཅུའི་ལས་མངོན་པར་བསྒྲུབ་དུ་འདྲ་བ་ལ་རྣམ་པ་
ཐམས་ཅད་དུ་ཡོངས་སུ་སྦྱང་ཞིང་མངོན་པར་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་ནས། དེ་འདི་ལྟར་ཡང་དག་པར་སློབ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་བསྟེན་པ་དང་། བསྒོམས་པ་དང་མང་དུ་བྱས་པའི་ཤས་ཆེ་བས་ནི་སེམས་ཅན་དམྱལ་
Vol. 36 · folio 190a
བའི་རྒྱུར་འགྱུར་རོ། །འབྲིང་གིས་ནི་བྱོལ་སོང་གི་སྐྱེ་གནས་གྱི་རྒྱུར་འགྱུར་རོ། །ཐ་མས་ནི་གཤིན་རྗེའི་འཇིག་རྟེན་གྱི་རྒྱུར་འགྱུར་ཏེ། དེ་ལ་སྲོག་གཅོད་པས་ན་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་
ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། ཚེ་ཐུང་བ་དང་ནད་མང་བའོ། །མ་བྱིན་པར་ལེན་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་
གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨྱིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། ལོངས་སྤྱོད་ཆུང་བ་དང་ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ། །འདོད་པས་ལོག་པར་གཡེམ་པས་ནི་
སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མྱིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། ལྟོད་པ་དང་བཅས་པའི་ཆུང་མ་དང་། གཡོག་འཁོར་
མི་སྲུན་པའོ། །བརྫུན་དུ་སྨྲ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མྱིར་སྐྱེས་ན་ཡང་རྣམ་པར་སྨྱིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། སྐུར་པ་མང་བ་དང་།
གཞན་གྱིས་བསླུ་བའོ། །ཕྲ་མས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ་
གཡོག་མི་འདུམ་པ་དང་། གཡོག་ངན་པར་འགྱུར་བའོ། །ཞེ་གཅོད་པའི་ཚིག་གིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་
Vol. 36 · folio 190b
པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། ཡིད་དུ་མི་འོང་བ་ཐོས་པ་དང་། འཐབ་མོའི་ཚིག་གོ། ཚིག་ཀྱལ་བས་ནི། སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ནའང་རྣམ་པར་སྨིན་པ་གཉིས་མངོན་པར་
འགྲུབ་པ་འདི་ལྟ་སྟེ། ཚིག་མི་བཙུན་པ་དང་། སྤོབས་པ་མ་བརྟགས་པའོ། །ཆགས་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། ཆོག་མི་ཤེས་
པ་དང་། འདོད་པ་ཆེ་བའོ། །གནོད་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མྱིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། གནོད་པར་གླགས་ལྟ་བ་དང་། ཕ་རོལ་གྱིས་མནར་བའོ། །
ལོག་པར་ལྟ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་ཅི་སྟེ་མྱིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་པ་འདི་ལྟ་སྟེ། ལྟ་བ་ངན་པར་ལྟུང་བ་དང་གཡོ་སྒྱུ་ཅན་ནོ། །དེ་ལྟར་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་
འདི་དག་ནི་སྡུག་བསྔལ་གྱི་ཕུང་པོ་ཆེ་ཞིང་ཚད་མེད་པ་སྡུད་པར་འགྱུར་གྱིས་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་བདག་གིས་སྤངས་ཏེ་ཆོས་ལ་དགའ་ཞིང་མོས་པར་དགའ་བར་གནས་པར་བྱའོ་ཞེས་ཏེ། དེ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྤངས་ནས་དགེ་བ་བཅུའི་
ལས་ཀྱི་ལམ་ལ་གནས་ཤིང་གཞན་ཡང་དེ་ཉིད་ལ་རབ་ཏུ་གཞོག་གོ །དེ་སེམས་ཅན་རྣམས་ལ་སྔོན་བས་ཀྱང་ཕན་པའི་སེམས་དང་། བདེ་བའི་སེམས་དང་། བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། ཕན་གདགས་པའི་སེམས་དང་། ཡོངས་སུ་བསྲུང་
བའི་སེམས་དང་། སློབ་དཔོན་ཀྱི་སེམས་དང་། སྟོན་པའི་སེམས་དང་མཉམ་པའི་སེམས་བསྐྱེད་ཅིང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་ལྟ་བ་ངན་པར་ལྟུང་བ་དག་སྟེ། བློ་གྲོས་མི་མཉམ་ཞིང་བསམ་པ་མི་མཉམ་པ། ལོག་པའི་ལམ་ཐིབས་
Vol. 36 · folio 191a
པོར་རྒྱུ་བ་ཡིན་གྱིས་དེ་དག་བདག་གིས་བདེན་པའི་ལམ་ཡང་དག་པར་ལྟ་བའི་ལམ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་ལ་རབ་ཏུ་དགོད་པར་བྱའོ། །ཨེ་མའོ་སེམས་ཅན་འདི་དག་ནི་མི་མཐུན་ཞིང་རྩོད་པ་དང་། འཐབ་
པ་ལ་ཞུགས་པ་རྟག་ཏུ་རྒྱུན་མི་འཆད་པར་ཁྲོ་བ་དང་། ཁོན་དུ་འཛིན་པས་ཤིན་ཏུ་འབར་བར་གྱུར་པ་ཡིན་གྱིས་དེ་དག་བདག་གིས་བླ་ན་མེད་པའི་བྱམས་པ་ཆེན་པོ་རབ་ཏུ་ཉེ་བར་བསྒྲུབ་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཆོག་
མི་ཤེས་ཤིང་གཞན་གྱི་ནོར་ལ་མངོན་པར་ཞེན་ཏེ། ཤིན་ཏུ་མི་ཟད་པར་འཚོ་བས་རྗེས་སུ་སྤྱོད་པ་ཡིན་གྱིས་དེ་དག་བདག་གིས་ལུས་དང་། ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པས་འཚོ་བ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་
འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། སྲིད་པའི་གཞི་དང་ལྡན་ཞིང་ཉོན་མོངས་པ་སྣ་ཚོགས་ཀྱི་མེ་ལྕེ་རྟག་ཏུ་རྒྱུན་མི་འཆད་པར་ཀུན་ཏུ་འབར་བར་གྱུར་ཀྱང་འདི་ལས་འབྱུང་བའི་ཐབས་ཡོངས་སུ་མི་ཚོལ་བ་ཡིན་གྱིས་དེ་དག་བདག་གིས་ཉོན་མོངས་པ་ཐམས་
ཅད་ཤིན་ཏུ་ཞི་ཞིང་གཙེ་བ་མེད་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་གཏི་མུག་གི་མུན་པ་དང་། རབ་རིབ་ཀྱི་ལིང་ཐོག་གིས་བསྒྲིབས་ཤིང་མུན་པ་ཆེན་པོ་ཐིབས་པོའི་ནང་དུ་སོང་བས་ཤེས་རབ་ཀྱི་སྣང་བ་དང་
རིང་དུ་གྱུར་ཏེ། འཁོར་བའི་མྱ་ངམ་ཆེན་པོར་ལས་ཤིང་ལྟ་བ་ངན་པའི་མྱ་ངམ་ལ་གཞོལ་བར་གྱུར་པ་ཡིན་གྱིས་དེ་དག་བདག་གིས་ཅི་ནས་ཀྱང་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྒྲིབས་པ་མེད་པ་ཁོང་དུ་ཆུད་པར་འགྱུར་བ་དང་། གཞན་གྱི་དྲིང་མི་འཇོག་
པ་འཐོབ་པར་འགྱུར་བར་ཤེས་རབ་ཀྱི་མྱིག་བསྒྲིབས་པ་མེད་པ་ཡོངས་སུ་སྦྱང་བར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངམ་དང་དགོན་པ་ཆེན་པོར་ལས་ཤིང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་
Vol. 36 · folio 191b
རྟེན་གྱི་གཡངས་ལ་མངོན་དུ་བལྟས་པ། ལྟ་བ་ངན་པ་མི་ཟད་པའི་དྲ་བས་ཀུན་ནས་འཁོར་བ། གཏི་མུག་ཐིབས་པོས་ཀུན་ནས་ཡོག་པ། ལོག་པའི་ལམ་གོལ་བར་ཞུགས་པ། ལོང་བར་གྱུར་པ་དགེ་བའི་མགོན་མེད་པ།
འབྱུང་བ་མ་ཡིན་པ་ལ་འབྱུང་བར་ལྟ་བ། །བདུད་ཀྱི་ཞགས་པས་བཅིངས་པ། ཡུལ་གྱི་རྐུན་པོས་ཟིན་པ། བདུད་ཀྱི་བསམ་པ་ཐིབས་པོར་ནུབ་པ། སངས་རྒྱས་ཀྱི་བསམ་པ་དང་རིང་དུ་གྱུར་པ་ཡིན་གྱིས་དེ་དག་བདག་གིས་རྣམ་པ་དེ་ལྟ་བུའི་འཁོར་བའི་
དགོན་པ་དང་། མྱ་ངམ་བརྒལ་དཀའ་བ་ལས་བསྒྲལ་ཏེ། འཇིགས་པ་མེད་པའི་གནས་ཐམས་ཅད་མཁྱེན་པའི་གྲོང་རྡལ་ཆེན་པོ་གཙེ་བ་མེད་པར་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཆུ་བོ་ཆེན་པོའི་གླིང་དུ་བྱིང་ཞིང་འདོད་པ་དང་སྲིད་
པའི་མ་རིག་པ་དང་། ལྟ་བའི་ཆུ་བོ་ལ་རབ་ཏུ་གཞོལ་བ། འཁོར་བའི་རྒྱུད་དུ་འབྲང་བ། སྲེད་པའི་ཆུ་ཀླུང་གིས་ཁྱེར་ཞིང་རྦ་རླབས་ཆེན་པོས་གཡེངས་པ། སྲེད་པའི་འདོད་ཆགས་ཀྱི་མཐུས་ཤིན་ཏུ་བཅོམ་པ། བརྟག་པའི་མཐུ་མེད་པར་འདོད་པ་
དང་། གནོད་སེམས་དང་འཚེ་བ་དང་། རྣམ་པར་རྟོག་པ་མང་པོའི་རྗེས་སུ་སྤྱོད་པ་འཇིག་ཚོགས་ལ་ལྟ་བའི་ཆུའི་སྲིན་པོས་ཁྲིད་པ་འདོད་པའི་ཡོན་ཏན་ཐིབས་པོའི་གླིང་དུ་ཞུགས་པ། སྨོན་པའི་འདོད་ཆགས་ཀྱི་འདམ་དུ་ཐོགས་པ། ངའི་ང་རྒྱལ་གྱི་དབྱེ་
བ་ཆེན་པོར་འཁྱམས་པ། རྟེན་མེད་པ། སྐྱེ་མཆེད་ཀྱི་གྲོང་རྡལ་ནས་མ་འཕགས་པ་དགེ་བའི་སྒྲོལ་བ་མྱེད་པ་ཡིན་གྱིས། དེ་དག་བདག་གིས་སྙིང་རྗེ་ཆེན་པོ་དང་། དགེ་བའི་རྩ་བའི་སྟོབས་ཀྱི་ཤུགས་ཀྱིས་བཏོན་ཏེ། ཐམས་ཅད་མཁྱེན་
པ་རིན་པོ་ཆེའི་གླིང་གཙེ་བ་མེད་པ་རྡུལ་མྱེད་པ་ཞི་བ་བདེ་བ་འཇིགས་པ་མེད་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཁམས་གསུམ་གྱི་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མང་པོ་ཅན་ཆགས་པ་དང་ཁོང་ཁྲོ་བ་
Vol. 36 · folio 192a
དང་། སྡུག་པ་དང་མི་སྡུག་པས་རྣམ་པར་བཅིངས་པ། མྱ་ངན་དང་སྨྲེ་སྔགས་འདོན་པའི་རྗེས་སུ་སྤྱོད་པ། སྲེད་པའི་སྒྲོག་གིས་བཅིངས་པ། མ་རིག་པའི་ཐིབས་པོས་ཀུན་ནས་ཡོག་པའི་ནང་ན་མི་མཐུན་པར་
གྱུར་པ་ཡིན་གྱིས་དེ་དག་བདག་གིས་ཁམས་གསུམ་པའི་གནས་ཐམས་ཅད་ལས་དབེན་པའི་མྱ་ངན་ལས་འདས་པ་བསྒྲིབས་པ་མེད་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་བདག་དང་བདག་གི་ལ་མངོན་པར་ཞེན་ཞིང་ཕུང་པོའི་
གནས་ལས་མ་འཕགས་པ་ཕྱིན་ཅི་ལོག་བཞི་ལ་རབ་ཏུ་ཞུགས་པ། སྐྱེ་མཆེད་དྲུག་གི་གྲོང་སྟོང་པ་ལ་ཤིན་ཏུ་གནས་པ་འབྱུང་བ་ཆེན་པོ་བཞིའི་སྦྲུལ་གྱིས་གཙེ་བ་ཕུང་པོའི་གཤེད་མ་དང་ཆོམ་པོས་ཤིན་ཏུ་བཅོམ་པ། གཞལ་དུ་མེད་པའི་སྡུག་
བསྔལ་མྱོང་བར་གྱུར་པ་ཡིན་གྱིས་དེ་དག་བདག་གིས་བདེ་བའི་དམ་པ་གནས་ཐམས་ཅད་དང་བྲལ་བ་འདི་ལྟ་སྟེ། བསྒྲིབས་པ་མེད་པ་ཐམས་ཅད་མཁྱེན་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་དམའ་བ་དང་ཞན་པ་དང་ཞུམ་པ་
ལ་མོས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དམ་པའི་སེམས་མི་ལྡོག་པས་ཐེག་པ་ཆེན་པོས་འབྱུང་བ་ཡོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བློ་ཅན་ཡིན་གྱིས་དེ་དག་བདག་གིས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོའི་བློ་གྲོས་དང་བསམ་
པ་ཡངས་པའི་ཐེག་པ་ཆེན་པོ་བླ་ན་མེད་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་བསྟན་པས་རབ་ཏུ་དགོད་པར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་ཚུལ་ཁྲིམས་ཀྱི་སྟོབས་དང་མཐུ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་
དཔའི་སྙིང་རྗེ་དང་བྱམས་པ་མངོན་པར་བསྒྲུབ་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱིས་མ་བཅོལ་པའི་བཤེས་གཉེན་དུ་གྱུར་པ། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ། བྱ་བ་དང་མི་བྱ་བ་མངོན་པར་བསྒྲུབ་པ་ལ་མཁས་པ།
Vol. 36 · folio 192b
བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པ་དེའི་ལྟ་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་རབ་ཏུ་སྣང་བར་གྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་
རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་
སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རབ་ཏུ་སྣང་བར་འགྱུར་རོ། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་
སྟི་བྱེད་དོ། །བསྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་། བསོད་སྙོམས་དང་གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཡོངས་སུ་
འབུལ་ལོ། །དགེ་འདུན་གྱི་ཚོགས་རྣམས་ལ་ཡང་དག་པར་མཆོད་པ་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དེ་དག་ལས་དགེ་བ་བཅུའ་ལས་ཀྱི་ལམ་འདི་དག་ཀྱང་རིམ་གྲོ་ཆེན་པོས་རབ་ཏུ་འཛིན་ཏེ། ཇི་ལྟར་བཟུང་བ་དེ་འང་བར་མ་དོར་ཆུད་ཟོས་པར་མི་བྱེད་དོ། །དེ་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་
མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་
Vol. 36 · folio 193a
པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་མྱེད་པས་གཏོང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་ཡང་དག་པར་འབྱུང་ཞིང་གནས་སོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ།
དཔེར་ན། གསེར་གྱི་ས་ལེ་སྦྲམ་དེ་ཉིད་ནག་མཚུར་དུ་བཅུག་ན་དེ་བས་ཀྱང་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དྲི་མ་དང་བྲལ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་བསྐལ་པ་
དུ་མ་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་སེར་སྣའི་ཉེས་པ་དང་། ཚུལ་ཁྲིམས་ངན་པའི་དྲི་མ་མེད་པས་གཏོང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་ཡང་དག་པར་འབྱུང་ཞིང་གནས་སོ། །དེའི་བསྡུ་བའི་
དངོས་པོ་བཞི་ལས་ངག་སྙན་པ་ཤས་ཆེ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་བསྒྲུབ་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །
འདི་ནི་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་གཉིས་པ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བར་འགྱུར་ཏེ།
ཆོས་ཀྱིས་དབང་བསྒྱུར་བ་རབ་ཏུ་ཐོབ་ཅིང་རིན་པོ་ཆེ་བདུན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སེར་སྣའི་སྐྱོན་དང་། ཚུལ་ཁྲིམས་ངན་པའི་དྲི་མ་བཟློག་པར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་དང་། སེམས་ཅན་རྣམས་དགེ་བ་བཅུའི་
ལས་ཀྱི་ལམ་ལ་རབ་ཏུ་དགོད་པར་བྱ་བར་ཤིན་ཏུ་མཁས་པ་དང་། སྦྱིན་པ་ཆེན་པོ་རྩོམ་པས་ཐུབ་པ་མེད་པ་ཡིན་ཏེ། སྦྱིན་པ་འམ་ངག་སྙན་པ་འམ། དོན་གྲུབ་པ་འམ་དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་
Vol. 36 · folio 193b
ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། རྣམ་པར་འདྲེན་པར་འགྱུར་ཡོངས་སུ་འདྲེན་པར་འགྱུར་བ་ནས་ཐམས་ཅད་
མཁྱེན་པའི་ཡེ་ཤེས་ལ་རྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་།
བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ནོ། །དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཁྱིམ་དང་། ཆུང་མ་དང་སྲིད་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་།
དེ་རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་སྟོང་རབ་ཏུ་འཐོབ་བོ། སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱི་
རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་སྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་སྣང་བར་བྱེད་པ་དང་། སེམས་ཅན་སྟོང་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་སྟོང་
དུ་གནས་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་བསྐལ་པ་སྟོང་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་རྣམ་པར་འབྱེད་པ་དང་། ལུས་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་ཡང་དག་
Vol. 36 · folio 194a
པར་བསྟན་པར་བྱ་བའི་བརྩོན་འགྲུས་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ། འོད་དང་རྫུ་འཕྲུལ་ལམ།
མྱིག་གམ་སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པ་འམ། རྒྱན་ཏམ་བྱིན་གྱི་རླབས་སམ། མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་
པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའ་འོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་། བསྟན་པར་བྱ་བའི་ཕྱིར་དེའི་ཚེ་
ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་མཉེན་དྲང་ལས་རུང་འཇམ་པའི་སེམས་ལྡན་ཞིང་། །བསམ་པ་དགེ་དང་བསམ་པ་ཞི་དང་ལྡན་པ་རྣམས། །འདུ་འཛིའི་དམྱིགས་བྲལ་རླབས་ཆེན་བློ་དང་ལྡན་པ་ཡི། །ཆེ་
ཉིད་སེམས་ལྡན་མཁས་པ་དེ་དག་གཉིས་ལ་འཕར། །དེ་གནས་ཡོན་ཏན་འཆང་ཞིང་དགེ་བ་ཕུན་ལྡན་པ། གཙེ་མེད་སེམས་ལྡན་སྲོག་གཅོད་རྣམ་པར་ཀུན་སྤངས་ཤིང་། མ་བྱིན་ལེན་དང་གཞན་གྱི་ཆུང་མ་དེ་བཞིན་སྤངས། །བདེན་
དང་ལྡན་ཞིང་ཕྲ་མ་མི་སྨྲ་ཞེ་གཅོད་མེད། །གཞན་གྱི་ལོངས་སྤྱོད་འདོད་སེམས་བྲལ་ཞིང་བྱམས་སེམས་ལྡན། །དྲང་ཞིང་གཡོ་མེད་ཡང་དག་ལམ་དུ་རབ་ཏུ་ཞུགས། །གཡོ་མེད་ཐིབས་པོ་མེད་ཅིང་ཤིན་
ཏུ་ངེས་པ་སྟེ། རྟག་ཏུ་བག་ཡོད་སྟོན་པའི་སྤྱོད་པ་ཡོངས་སུ་བསྲུང་། །སེམས་དམྱལ་བྱོལ་སོང་སྐྱེ་གནས་སྡུག་བསྔལ་ཇི་སྙེད་དང་། །གཤིན་རྗེའི་རིས་ན་ཡི་དགས་རྟག་ཏུ་ལུས་འབར་བ། །དེ་དག་སྡིག་བློས་དགེ་བ་མྱིན་ལ་
Vol. 36 · folio 194b
བརྩོན་པས་བྱུང་། །དེ་བས་དེ་སྤངས་བདེན་པའི་ཆོས་དང་ལྡན་པར་བྱ། །མྱི་ཡི་ནང་དུ་སྐྱེ་བ་ཡིད་དུ་འོང་ལ་སྩོགས། །སྲིད་རྩེའི་བར་གྱི་ལྷ་ཡི་བསམ་གཏན་བདེ་བ་དང་། །རང་རྒྱལ་ཐེག་པ་དེ་བཞིན་ཉན་ཐོས་ཐེག་པ་དག །ཀུན་ཀྱང་དཀར་
ལམ་བཅུ་པོས་བྱུང་བ་ཡིན་ཞེས་ཏེ། །དེ་ལྟར་ཤེས་ཤིང་རྟག་པར་མཁས་པ་བག་ཡོད་པ། །ཤིན་ཏུ་བསྡམས་པའི་ཡིད་ཀྱིས་ཕ་རོལ་ཚུལ་ལ་དགོད། །སེམས་ཅན་སྡུག་བསྔལ་ཤེས་ཤིང་སྙིང་བརྩེ་བསྐྱེད་བྱས་ནས། །དེ་བས་གོང་དུ་སྙིང་རྗེའི་
སེམས་དང་ལྡན་པར་བྱེད། །ཀྱེ་མ་བྱིས་པའི་བློ་ཅན་འདི་དག་ལྟ་ངན་ལྷུང་། །ཁྲོ་ཞིང་ཤར་གཉེར་གདོན་པ་ཀུན་སེམས་རྩོད་པ་ཅན། །རྟག་ཏུ་མི་ངོམས་ཡུལ་ལ་ཡང་དང་ཡང་དུ་སྨོན། །གཞི་གསུམ་འབྲེལ་པ་དེ་དག་ཡོངས་སུ་དགྲོལ་བར་བྱ། །
གཏི་མུག་མུན་པ་ཆེན་པོས་ཀུན་ནས་ཡོག་པ་རྣམས། །ལྟ་བའི་དྲ་མང་མྱ་ངམ་ལམ་དུ་ལྷུང་གྱུར་པ། །འཁོར་བའི་ཤིང་ཐགས་ནང་ན་རྟག་ཏུ་དགྲས་གཙེ་ཞིང་། །བདུད་ཀྱི་ཆོམ་པོའི་ནང་གནས་དེ་དག་བདག་གིས་དགྲོལ། །ཉོན་
མོངས་རླབས་ཀྱིས་གཡེངས་ཤིང་ཆུ་བོ་བཞིར་ནུབ་པ། །ཁམས་གསུམ་སྡུག་བསྔལ་བརྒྱ་ཡིས་ཡོངས་སུ་གདུངས་པ་རྣམས། །ཕུང་པོའི་གནས་ལ་རྟེན་ཅིང་བདག་ཏུ་འདུ་ཤེས་པ། །དེ་དག་སྡུག་བསྔལ་དགྲོལ་དོན་བདག་གིས་བརྩོན་
པར་བྱ། །སངས་རྒྱས་ཡེ་ཤེས་དམ་པ་རྨད་བྱུང་ཕུལ་སྤངས་ཤིང་། །འབྱུང་བ་ཡོད་བཞིན་དམའ་བའི་བློ་གྲོས་སྐྱེད་བྱེད་པ། །དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཡངས་དགོད་ཅེས། །རྒྱལ་བའི་ཡེ་ཤེས་དོན་དུ་བརྩོན་
འགྲུས་ཡངས་པ་རྩོམ། །འདི་གནས་ཡོན་ཏན་བརྒྱ་བསྩགས་དྲང་སྲོང་ཆེན་པོ་རྣམས། །བདེ་གཤེགས་དུ་མ་མཐོང་ཞིང་མཆོད་པ་འང་རབ་ཏུ་བྱེད། །དགེ་བ་དེ་དག་བསྐལ་པ་བྱེ་བར་ཕྱིར་ཞིང་སྦྱོང་། །གསེར་གྱི་དམ་པ་ནག་མཚུར་ནང་དུ་
Vol. 36 · folio 195a
བཅུག་པ་བཞིན། །འདི་གནས་རྒྱལ་སྲས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །དགེ་བ་བཅུ་ལ་སེམས་ཅན་རབ་ཏུ་དགོད་པ་བྱེད། །དགེ་ཚོགས་གང་ཡང་རུང་སྟེ་སྩོགས་པར་བྱེད་པ་རྣམས། །སྟོབས་བཅུ་ལྡན་ཞིང་འགྲོ་བའི་སྐྱབས་
འགྱུར་དོན་དུ་སོགས། །འདོད་ན་རྒྱལ་པོའི་སྲིད་ཀྱང་རྣམ་པར་སྤངས་བྱས་ཤིང་། །བརྟན་པ་རྣམས་ནི་བསྟན་པའི་མཆོག་ལ་རབ་བྱུང་ནས། །བརྩོན་འགྲུས་ལྡན་ཞིང་ཏིང་འཛིན་དམ་པ་མཆོག་ཀྱང་འཐོབ། །སངས་རྒྱས་སྟོང་ཚངས་སྐད་ཅིག་གཅིག་གིས་མཐོང་བར་
བྱེད། །འདི་འདྲེའི་ཚུལ་གྱིས་བགྲང་བས་གཞན་ཡང་གཅིག་མིན་པ། །ཁྱུ་མཆོག་ས་འདི་གནས་པ་རབ་ཏུ་སྟོན་པར་བྱེད། །དེ་ཡི་གོད་ན་ཡེ་ཤེས་སྨོན་ལམ་མཆོག་ལྡན་པ། །རྣམ་པར་འཕྲུལ་པ་རྣམ་པ་དུ་མས་སེམས་ཅན་འདུལ། །དེ་ལྟར་ས་མཆོག་གཉིས་པ་འདི། །
འཇིག་རྟེན་ཀུན་ལ་ཕན་འདོད་པའི། །བྱང་ཆུབ་སེམས་དཔའི་མཆོག་རྣམས་ལ། །བདེ་བར་གཤེགས་པའི་སྲས་ཀྱིས་བསྟན། །དྲི་མ་དང་བྲལ་བ་ཞེས་བྱ་བ་སྟེ་བྱང་ཆུབ་སེམས་དཔའི་ས་གཉིས་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་
མདོ། བམ་པོ་བཅོ་ལྔ་བ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བསམ་ཡས་པ། །ས་མཆོག་སྤྱོད་པ་དེ་སྐད་ཐོས་གྱུར་ནས། །རྒྱལ་བའི་སྲས་རྣམས་རབ་ཏུ་དགའ་ཞིང་བསྟི་སྟང་དུ། །མེ་ཏོག་སྤྲིན་ཆར་མངོན་པར་ཀུན་ནས་འབེབས། །རི་ཡི་རྒྱལ་པོ་བོད་པ་ལེགས་སོ་ལེགས། །སེམས་ཅན་
ཀུན་ལ་སྙིང་བརྩེ་བསམ་པ་ཡིས། །ས་མཆོག་དམ་པའི་སྤྱོད་ཡུལ་དེ་འདྲ་དང་། །མཁས་པའི་ཚུལ་ཁྲིམས་སྡོམ་པ་ཁྱོད་ཀྱིས་བཤད། །ཡང་དག་དེ་དངོས་མ་ནོར་གཞན་མིན་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་འོང་ཞིང་། །སེམས་ཅན་ཀུན་ལ་ཕན་དང་བདེ་བ་རབ་སེམས་པ། །ཕུལ་དུ་འོད་
གསལ་ཁྱོད་ཀྱིས་བསྟན་པ་བྱས། །ད་དུང་ད་ཆུད་ལྷ་དང་མིས་མཆོད་ཅིང་། །ཆོས་ཀྱི་ཡེ་ཤེས་རིགས་པར་བརྗོད་མཁས་པ། །དེ་དག་སྤྱོད་ཡུལ་ཚུལ་ནི་ཇི་བཞིན་དུ། །ས་ཡི་དམ་པ་གསུམ་པོ་བརྗོད་པར་མཛོད། །དྲང་སྲོང་ཆེན་པོའི་སྦྱིན་ཚུལ་སྤྱོད་
Vol. 36 · folio 195b
པ་དང་། །བཟོད་པ་བརྩོན་འགྲུས་ཞི་བ་ཤེས་རབ་ཐབས། །བྱམས་པའི་མཆོག་དང་སྙིང་རྗེའི་ལམ་གྱི་རྣམས། །རྒྱལ་སྲས་སྤྱོད་པ་རྣམས་སྦྱང་བསྟན་མཛོད་ཅིག །རྡོ་རྗེའི་སྙིང་པོ་འཇིགས་མྱེད་ལ། །རྣམ་གྲོལ་ཟླ་བས་ཡང་
སྨྲས་པ། །གསུམ་ལ་ཡང་དག་འཕར་འགྱུར་བའི། །བསམ་པ་མཁས་པས་བཤད་པར་མཛོད། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་
དཔའ་ས་གཉིས་པ་ལ་བསམ་པ་ཤིན་ཏུ་སྦྱངས་པ་ནི་ས་གསུམ་པ་ཡོངས་སུ་གནོན་ཏོ། དེ་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་བཅུས་ཡོངས་སུ་གནོན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། མི་
གཡོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སྐྱོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། འདོད་ཆགས་དང་བྲལ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། ཕྱིར་མི་ལྡོག་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། བརྟན་པའི་
སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། སྦྱོངས་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། རློམ་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། རླབས་པོ་ཆེའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་། བདག་ཉིད་ཆེ་བའི་སེམས་ཀྱི་བསམ་པ་
ཡིད་ལ་བྱ་བའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་གནས་པ་ནི་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ལ་མི་རྟག་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་གོ །སྡུག་བསྔལ་བ་དང་། བདག་མེད་པ་
དང་། མི་སྡུག་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། རྣམ་པར་འཇིགས་པ་དང་། རིང་དུ་མི་གནས་པ་དང་། སྐད་ཅིག་ཏུ་འབྱུང་ཞིང་འགག་པ་དང་། མི་ཟད་ཅིང་མི་སྐྱེ་མི་འགག་པ་དང་། སྔོན་གྱི་མཐའ་ཀུན་ནས་མ་བྱུང་བ་དང་། ཕྱི་མའི་མཐའ་
Vol. 36 · folio 196a
འཕོ་བ་མེད་པ་དང་། ད་ལྟར་བྱུང་བ་མི་གནས་པར་རབ་ཏུ་རྟོག་གོ །དེ་འདུ་བྱེད་ཀྱི་རྣམ་པ་དེ་ལྟ་བུ་ལ་རབ་ཏུ་རྟོག་པའི་ཚེ་མངོན་པར་འཇིག་པ་དང་། མྱ་ངན་ཅན་སྨྲེ་སྔགས་འདོན་པ་ཅན་དང་། འཁྲུག་པ་ཅན་ཡིད་དུ་འོང་
བ་དང་། ཡིད་དུ་མི་འོང་བས་རྣམ་པར་བཅིངས་པ། སྡུག་བསྔལ་དང་ཡིད་མི་བདེ་བ་མང་བ་བསྩགས་པ་མེད་པ་ལས་བྱུང་བ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་མྱེ་རབ་ཏུ་འབར་བ། ནད་དུ་མས་རྣམ་པར་བསྐྱེད་པ། སྒྱུ་མའི་རང་བཞིན་
ལྟ་བུར་མཐོང་ནས་དེ་དེ་བས་ཀྱང་འདུ་བྱེད་ཐམས་ཅད་ལས་སེམས་གྱེན་དུ་བསྐྱོད་ཅིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རབ་ཏུ་གཏོང་སྟེ། དེས་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་འང་རྗེས་སུ་མཐོང་སྟེ། མཚུངས་པ་མྱེད་པ་
དང་། གཞལ་དུ་མེད་པ་དང་། རྙེད་པར་དཀའ་བ་དང་། མ་འདྲེས་པ་དང་། གནོད་པ་མེད་པ་དང་། འཁྲུག་པ་མེད་པ་དང་། མི་འཇིགས་པའི་གྲོང་རྡལ་དུ་འགྲོ་བ་དང་། ཕྱིར་མྱི་ལྡོག་པ་དང་། འགྲོ་བ་མང་པོ་ཡོངས་སུ་སྐྱོབ་པ་ཡང་དག་པར་
རྗེས་སུ་མཐོང་ངོ་། །དེས་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལྟར་ཚད་མེད་པ་མཐོང་སྟེ། འདུ་བྱེད་ཀྱི་རྣམ་པ་དེ་ལྟར་སྡུག་བསྔལ་མང་པོས་གཙེས་པ་མཐོང་ནས། སེམས་ཅན་ཐམས་ཅད་ལ་དེ་བས་ཀྱང་ཤས་ཆེར་སེམས་ཀྱི་བསམ་པ་བཅུ་ཉེ་
བར་གཞོག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མགོན་མེད་པ་དང་། སྐྱབས་མེད་པ་དང་། རྟེན་མེད་པའི་སེམས་ཀྱི་བསམ་པ་དང་། རྟག་ཏུ་འཕོངས་པའི་སེམས་ཀྱི་བསམ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་ཀུན་
ནས་འབར་བའི་སེམས་ཀྱི་བསམ་པ་དང་། སྲིད་པའི་བཙོན་རས་བཟུང་བའི་སེམས་ཀྱི་བསམ་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པའི་ཐིབས་པོས་བསྒྲིབས་པའི་སེམས་ཀྱི་བསམ་པ་དང་། བརྟག་པའི་མཐུ་མེད་པའི་སེམས་ཀྱི་
Vol. 36 · folio 196b
བསམ་པ་དང་། དགེ་བའི་ཆོས་ལ་མོས་པ་མེད་པའི་སེམས་ཀྱི་བསམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཤིན་ཏུ་གོལ་བའི་སེམས་ཀྱི་བསམ་པ་དང་། འཁོར་བའི་རྒྱུད་ཀྱི་རྗེས་སུ་འབབ་པའི་སེམས་ཀྱི་བསམ་པ་དང་།
ཐར་པའི་ལམ་གྱིས་སྡངས་པའི་སེམས་ཀྱི་བསམ་པ་དང་། །སེམས་ཀྱི་བསམ་པ་འདི་བཅུ་ཉེ་བར་གཞོག་གོ །དེ་ནས་དེ་ལྟར་སེམས་ཅན་གྱི་ཁམས་གཙེ་བ་མང་པོ་ཅན་མཐོང་ནས། བརྩོན་འགྲུས་འདི་ལྟར་རྩོམ་
སྟེ། སེམས་ཅན་འདི་དག་ནི་བདག་གིས་བསྐྱབ་པར་བྱ་བ་ཡོངས་སུ་དགྲོལ་བར་བྱ་བ། ཡོངས་སུ་སྦྱང་བར་བྱ་བ། ཤིན་ཏུ་གདོན་པར་བྱ་བ་རབ་ཏུ་དགོད་པར་བྱ་བ། ཤིན་ཏུ་བརྟན་པར་བྱ་བ། ཡོངས་སུ་ཚིམ་པར་བྱ་བ། གནས་སུ་ཕྱིན་པར་བྱ་བ།
རྣམ་པར་གདུལ་བར་བྱ་བ་དང་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཡིན་ནོ། །ཞེས་ནས་དེ་དེ་ལྟར་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ལས་སྐྱོ་བའི་རྗེས་སུ་སོང་ཞིང་སེམས་ཅན་ཐམས་ཅད་ལ་རབ་ཏུ་ལྟ་བའི་རྗེས་སུ་སོང་བ་དང་། ཐམས་ཅད་མཁྱེན་པའི་
ཡེ་ཤེས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་སོང་ཞིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རབ་ཏུ་རྟེན་པས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ལ་བརྩོན་པ་དེ་འདི་ལྟར་ཡོངས་སུ་རྟོག་སྟེ། རྒྱུ་དང་གཞི་དང་ཚུལ་དང་
ཐབས་གང་ཞིག་གིས་འདི་ལྟ་བུར་སྡུག་བསྔལ་དང་། ཉེ་བའི་ཉོན་མོངས་པར་ལྟུང་བའི་སེམས་ཅན་འདི་དག་མངོན་པར་གདོན་པར་ནུས་རྒྱུ་དང་གཞི་དང་ཚུལ་དང་ཐབས་གང་ཞིག་གིས་ནི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པར་དགོད་
པར་ནུས་སྙམ་ནས། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བསྒྲིབས་པ་མེད་པའི་ཡེ་ཤེས་རྣམ་པར་ཐར་པའི་གནས་མ་གཏོགས་པར་གཞན་གྱིས་མི་ནུས་སོ། །བསྒྲིབས་པ་མེད་པའི་ཡེ་ཤེས་རྣམ་པར་ཐར་པའི་གནས་དེ་ཡང་ཆོས་ཐམས་ཅད་
Vol. 36 · folio 197a
ཡང་དག་པར་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མ་གཏོགས་པར་གཞན་གྱིས་ཐོབ་པར་མི་ནུས་སོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཡང་རྒྱུ་བ་མེད་ཅིང་སྐྱེ་བ་མེད་པ་ལ་སྤྱོད་པའི་ཤེས་རབ་
མ་གཏོགས་པར་གཞན་གྱིས་ཁོང་དུ་ཆུད་པར་མི་ནུས་སོ། །ཤེས་རབ་ཀྱི་སྣང་བ་དེ་ཡང་བསམ་གཏན་ལ་མཁས་ཤིང་རྟོགས་པའི་བློས་རབ་ཏུ་རྟོག་པ་མེད་པར་གཞན་གྱིས་ཐོབ་པར་མི་རུང་ངོ་། །བསམ་གཏན་ལ་མཁས་ཤིང་རྟོགས་པའི་
བློས་རབ་ཏུ་རྟོག་པ་དེ་ཡང་ཐོས་པས་མཁས་པ་མྱེད་པར་མི་འབྱུང་ངོ་། །ཞེས་དེ་དེ་ལྟར་ཤིན་ཏུ་བརྟགས་པའི་ཤེས་པ་དང་ལྡན་པས་དེ་བས་ཀྱང་ཤས་ཆེར་དམ་པའི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པར་གནས་ཏེ་ཉིན་མཚན་དུ་ཆོས་མཉན་པ་དོན་དུ་གཉེར་
བ་ཡིན། སངས་རྒྱས་ཀྱི་ཆོས་བཙལ་བའི་དོན་དུ་ཆོས་ལ་མོས་ཤིང་ངོམས་མི་ཤེས་ལ་རྒྱུན་མི་འཆད་པ་ཡིན། ཆོས་ལ་དགའ་ཞིང་སྤྲོ་བ་དང་། ཆོས་ལ་རབ་ཏུ་འཇུག་པ་ཡིན། ཆོས་ལ་གཞོལ་ཞིང་ཆོས་ལ་འབབ་པ་དང་། ཆོས་ལ་འབབ་པ་
ཡིན། ཆོས་ལ་རྟེན་ཅིང་ཆོས་ལ་སྐྱབས་ཚོལ་བ་དང་། ཆོས་ལ་མཐུ་ཚོལ་བ་ཡིན། ཆོས་དང་གཉེར་བའི་ཆོས་ལ་མངོན་པར་བརྩོན་པ་ཡིན་ཏེ། དེ་དེ་ལྟར་ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་རིན་པོ་ཆེའི་རྣམ་པ་འམ། དབྱིག་གི་རྣམ་པ་འམ།
ནོར་དང་། འབྲུའི་མཛོད་དང་བང་བ་གང་ཡང་རུང་སྟེ། ཡོངས་སུ་མི་གཏོང་བ་དེ་ལྟ་བུ་གང་ཡང་མྱེད་དོ། །ཆོས་སྨྲ་བའི་གང་ཟག་དེ་འབའ་ཞིག་ལ་དཀའ་བའི་འདུ་ཤེས་སུ་གྱུར་པ་ལས་ཕར་དེ་དག་གཞན་ལ་ཅུང་ཟད་ཀྱང་དཀའ་བའི་འདུ་ཤེས་མྱི་
བསྐྱེད་དོ། །དེ་ནི་ཆོས་ཀྱི་དོན་དུ་ཕྱི་རོལ་གྱི་དངོས་པོ་ཉེ་བར་བཟུང་བ་ཡོངས་སུ་མི་གཏོང་བ་དེ་གང་ཡང་མྱེད་དོ། །ནང་གི་དངོས་པོ་ཡོངས་སུ་མི་གཏོང་བར་བྱ་བ་དེ་ལྟ་བུ་འང་ཅུང་ཟད་ཀྱང་མྱེད་དོ། །གང་འདི་དག་འདི་ལྟ་སྟེ། གཡོག་འཁོར་ཡོངས་སུ་གཏང་
Vol. 36 · folio 197b
བའམ། རྒྱལ་སྲིད་ཡོངས་སུ་གཏང་བའམ། ལོངས་སྤྱོད་ཡོངས་སུ་གཏང་བ་འམ། ནོར་དང་འབྲུ་དང་། ནོར་བུ་དང་། གསེར་གྱི་མཛོད་དང་། བང་བ་ཡོངས་སུ་གཏང་བ་དང་། རྟ་དང་གླང་པོ་དང་། ཤིང་རྟ་དང་། བཞོན་པ་ཡོངས་སུ་གཏང་བ་འམ་
རིན་པོ་ཆེའི་རྒྱན་དང་ལྷབ་ལྷུབ་ཡོངས་སུ་གཏང་བ་དང་། ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏང་བ་འམ། མགོ་དང་རྐ་ལག་དང་ཡན་ལག་གི་དམ་པ་ཡོངས་སུ་གཏང་བ་འམ། ལུས་ཐམས་ཅད་ཡོངས་སུ་
གཏད་བར་བྱ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ཆོས་ཀྱི་དོན་དུ་ཡོངས་སུ་མི་གཏོང་བ་གང་ཡང་མྱེད་དོ། །བླ་མ་ལ་བསྙེན་བཀུར་དང་རིམ་གྲོ་བྱ་བ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །ང་རྒྱལ་དང་ལྷག་པའི་ང་རྒྱལ་ཡོངས་སུ་གཏང་བས། ང་རྒྱལ་
མེད་པ་ལ་སྤྱད་པ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མྱེད་དོ། །ལུས་ཀྱི་གནོད་པ་གང་ཡང་རུང་སྟེ། ཉམས་སུ་མི་ལེན་པ་གང་ཡང་མྱེད་དོ། །དེ་མ་ཐོས་པའི་ཆོས་ཀྱི་ཚིག་གཅིག་ཐོས་པ་ནོར་ཆེ་བར་འཛིན་གྱིས། སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་རིན་པོ་ཆེའི་ཕུང་པོ་ཐོབ་པས་མ་ཡིན་ནོ། །ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་ཐོས་པས་སེམས་དགའ་བར་འགྱུར་གྱི། བརྒྱ་བྱིན་དང་ཚངས་པ་དང་། འཁོར་ལོས་སྒྱུར་
བའི་རྒྱལ་བོའི་སྲིད་ལ་བསྐལ་པ་བརྒྱ་སྟོང་མང་པོའི་མཐར་ཐུག་པར་གནས་པས་ནི་མ་ཡིན་ནོ། །དེ་ལ་ལ་ལ་ཞིག་བརྒྱ་ལ་འདི་སྐད་དུ་ཟེར་ཏེ། གལ་ཏེ་ཁྱོད་ཀྱིས་མེའི་དོང་ཆེན་པོར་ལུས་བོར་ཏེ། སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཆེན་པོ་རང་གི་ལུས་
ཀྱིས་ཉམས་སུ་བླང་བར་ནུས་ན། ངས་ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྤྱོད་པ་འདི་བཤད་པར་བྱའོ། །ཞེ་ན་ཡང་དེ་འདི་སྙམ་དུ་སེམས་ཏེ་ཆོས་ཀྱི་ཚིག་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words