No title in the text — opening words: ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་གཞི་སའི་དཀྱིལ་འཁོར་དེ་ལ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 35 · folio 105b

ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་གཞི་སའི་དཀྱིལ་འཁོར་དེ་ལ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་

ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེ་དག་ཀུན་ཀྱང་གཞི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པའོ། །ནོར་བུའི་རྒྱལ་པོ་དང་སྤོས་ཐམས་ཅད་ཀྱིས་རླུང་རབ་ཏུ་བསྒྲུབས་པའོ། །ནོར་བུའི་རྒྱལ་པོ་བཟང་ཞིང་ཡིད་དུ་འོང་བ་འོད་རྣམ་པར་སྣང་བའི་དྲ་བས་ཀུན་ནས་

བྲེས་པའོ། །རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་མདོག་ཏུ་སྣང་བའི་སྤོས་ཀྱི་ཆུས་ཡོངས་སུ་རྒྱས་པའོ། །རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་སྣ་ཚོགས་གློང་དུ་འཁྱིལ་པའོ། །ཙནྡན་གྱི་ཕྱེ་མ་དང་འདྲེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་

Vol. 35 · folio 106a

དང་སྨོན་ལམ་རྒྱ་མཚོའི་སྒྲ་འབྱིན་པའོ། །རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྣང་བའོ། །བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྲིན་མེ་ཏོག་སྣ་ཚོགས་ཀྱི་ཁ་དོག་ལྟ་བུ་རབ་ཏུ་འགྱེད་པའོ། །ཁ་དོག་དང་དབྱིབས་མཐའ་

ཡས་པའི་གདུགས་ཀྱིས་ཁེབས་པར་རྣམ་པར་འཕྲུལ་པས་བརྒྱན་པའོ། །དམིགས་པ་ཐམས་ཅད་ལ་འཇིག་རྟེན་གྱི་ཁམས་མང་པོ་རྒྱ་ཆེན་པོ་ཐམས་ཅད་སྣང་བའོ། །ཕྱོགས་ཀུན་ནས་རིན་པོ་ཆེའི་ཐེམ་སྐས་ཀྱི་ཕྲེང་བ་བཅུ་རབ་ཏུ་བཀྱེ་བའོ། །མུ་ཏིག་རིན་པོ་ཆེ་ཐམས་

ཅད་ཀྱི་ཁ་དོག་ལྟ་བུའི་མུ་ཁྱུད་ཀྱིས་ཀུན་ནས་བསྐོར་བའོ། །རིན་པོ་ཆེ་ཤེལ་གྱི་རྒྱལ་མཚན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བཅུས་ཀུན་ནས་བརྒྱན་པའོ། །འདི་ལྟ་སྟེ་ནོར་བུ་དང་མེ་ཏོག་གི་ཁང་པ་བརྩེགས་པ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཁ་དོག་མཐའ་ཡས་པ་

བཅུས་ཀུན་ནས་བསྐོར་བའོ། །འདི་ལྟ་སྟེ་ནོར་བུ་ཐམས་ཅད་ཀྱི་པདྨོ་ཡིད་དུ་འོང་བའི་གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་བའོ། །འདི་ལྟ་སྟེ་ནོར་བུ་རྡོ་རྗེ་ཤིན་ཏུ་སྲ་བའི་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རབ་ཏུ་བསྒྲུབས་

པའོ། །རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་པུནྡ་རི་ཀ་དང་། སྤོས་ཀྱི་ཆུ་ཡོངས་སུ་རྒྱས་པས་ཀུན་ནས་བསྐོར་བའོ། །འདི་ལྟ་སྟེ་རིན་པོ་ཆེའི་ཤིང་གི་ཕྲེང་བ་རིན་པོ་ཆེ་འབར་ཞིང་ཀུན་ནས་འཕྱང་བའི་ནོར་བུའི་དྲ་བ་ཅན་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་

སྙེད་ཀྱིས་ཀུན་ནས་བསྐོར་བའོ། །ཙནྡན་དང་སྤོས་དང་ནོར་བུ་མང་པོ་སྒྲ་ཐམས་ཅད་དང་སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་ཕྱག་གིས་རྣམ་པར་སྣང་བར་བྱས་པ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱིས་འགྲམ་ཤིན་ཏུ་བརྒྱན་པའོ། །འདི་ལྟ་སྟེ་རིན་པོ་ཆེ་དང་གོས་དང་རྒྱལ་

མཚན་དང་། དྲིལ་བུ་མང་པོ་ཐམས་ཅད་ཀྱི་སྒྲ་འབྱུང་བས་རྒྱན་ཤིན་ཏུ་རྒྱས་པའོ། །རིན་པོ་ཆེ་ཡིད་དུ་འོང་བའི་ནོར་བུ་ཐམས་ཅད་ཀྱི་ར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པས་ཀུན་ནས་བསྐོར་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་

Vol. 35 · folio 106b

སྤོས་ཆུའི་རྒྱ་མཚོའི་རྒྱན་འདི་ཉིད་ཡོངས་སུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་སྟེངས་དེ་ན་སྤོས་ཀྱི་ཆུ་བོ་ཡི། །རྒྱ་མཚོ་ནོར་བུས་བརྒྱན་པ་རྣམས་བརྗོད་དེ། །

གཞི་རྣམས་རིན་ཆེན་གོས་ཀྱི་ཀུན་བཏིང་བ། །མི་ཤིགས་རྡོ་རྗེ་ལྟ་བུ་སྲ་ཞིང་མཛེས། །སྤོས་དང་ནོར་བུའི་རྒྱལ་པོ་མང་པོ་དང་། །ཉི་མའི་ནོར་བུའི་འོད་འཕྲོ་སྟུག་སྤྲིན་དང་། །པདྨོའི་རིན་ཆེན་འཕྲེང་བའང་ཀུན་ནས་བྲེས། །གཞི་རྣམས་དྲི་མེད་ཡིད་དུ་འོང་བའོ། །

སྤོས་ཀྱི་ཆུ་ཡིས་ཡོངས་སུ་རྒྱས་པ་སྟེ། །རིན་ཆེན་འོད་ཟེར་སྣ་ཚོགས་མེ་ཏོག་གློང་། །སྒྲ་དབྱངས་རབ་ཏུ་གཏོང་བའི་དབྱངས་ཀྱིས་ཀྱང་། །སངས་རྒྱས་རྣམ་པར་འཕྲུལ་པ་རབ་ཏུ་སྒྲོག །ཐེམ་སྐས་ཕྲེང་བ་ཡིད་དུ་འོང་དང་ལྡན། །གཞི་ནི་རིན་ཆེན་ནོར་བུ་མང་པོས་

བརྒྱན། །སྟེགས་བུ་ཀུན་བཀོད་རིན་ཆེན་པདྨོ་ཡི། །སྤྲིན་སྟུག་དྲ་བ་རྣམ་པར་བྲེས་པ་སྟེ། །རིན་ཆེན་ནོར་བུའི་ཤིང་གི་འཕྲེང་བ་དག །རིན་ཆེན་གསེར་གྱི་ཁ་དོག་ཡིད་འོང་འབར། །འོད་ཀྱི་ཚོགས་དང་རོལ་མོའི་སྒྲ་དག་ཀྱང་། །རྣམ་པར་འཕྲུལ་མང་དབྱངས་སུ་

རབ་ཏུ་སྒྲོག །སྤོས་ཆུས་ཡོངས་གང་རིན་ཆེན་བསྒྲུབས་པ་སྟེ། །མེ་ཏོག་པུནྡ་རི་ཀས་ཀུན་ནས་བསྐོར། །སྤོས་དང་འོད་དང་བདུག་སྤོས་འོད་ཟེར་འགྱེད། །དེ་དག་འོད་ཀྱི་དཀྱིལ་འཁོར་རྣམ་པར་ཡངས། །རིན་ཆེན་རྒྱལ་མཚན་མུ་ཏིག་འབར་བ་ཅན། །གོས་དང་

ནོར་བུ་སྣ་ཚོགས་ཀུན་འཕྱང་ཞིང་། །རིན་ཆེན་ནོར་བུའི་དྲིལ་བུ་དྲ་བ་དག །ཐམས་ཅད་མཁྱེན་པར་འཇུག་པའི་སྒྲ་ཡང་སྒྲོག །པདྨོའི་གྲོང་ཁྱེར་རྣམས་ཀྱིས་ཀུན་ནས་བསྐོར། །ཁ་དོག་མཐའ་ཡས་ནོར་བུས་རྣམ་པར་བརྒྱན། །ཕྱོགས་རྣམས་ཀུན་ནས་མུ་

ཏིག་སྤྲིན་བཀྱེ་ཞིང་། །གྲོང་ཁྱེར་རྒྱ་མཚོས་དེ་དག་རབ་ཏུ་བརྒྱན། །དྲ་བ་བཟང་པོས་ཀུན་ནས་བསྐོར་བ་སྟེ། །རིན་ཆེན་བྱས་པའི་གཟུགས་བཟང་ཁྱབ་ཀྱི་བར། །རྣམ་པ་དུ་མར་འབར་ཞིང་ཡིད་འོང་བའི། །རྒྱ་མཚོས་བཟང་ཞིང་མཛེས་པར་རབ་ཏུ་བརྒྱན། །སྔོན་

Vol. 35 · folio 107a

ཅད་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས། །སྣ་ཚོགས་རྒྱ་མཚོ་ཞིང་རྣམས་ཡོངས་སྦྱངས་པ། །ཤིན་ཏུ་རྒྱ་ཆེ་མཐའ་དང་དབུས་མེད་པ་འང་། །དེ་དག་ཀུན་ན་རྣམ་པར་འཕྲུལ་པ་བྱེད། །སྤོས་ཆུའི་རྒྱ་མཚོ་དེ་དག་རེ་རེ་ཞིང་ཡང་སྤོས་ཆུའི་ཆུ་

ཀླུང་གཡས་ཕྱོགས་སུ་འཁོར་ཞིང་འབབ་པ་གླིང་བཞིའི་འཇིག་རྟེན་གྱི་ཁམས་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་འཁོར་བར་བྱས་པ་སྟེ། སྤོས་ཆུའི་ཆུ་ཀླུང་དེ་དག་ཐམས་ཅད་ཀྱང་འཁོར་ཀུན་ནས་རྡོ་རྗེའི་པདྨོ་ཁ་དོག་དང་དྲི་མཐའ་ཡས་པས་བསྒྲུབས་པའོ། །ནོར་བུའི་འཁོར་ལོ་དང་ནོར་བུའི་འོད་རྣམ་པར་

དག་པ་སྣ་ཚོགས་ཀྱིས་མཐའ་ཀུན་ནས་དཀྲིས་པའོ། །སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ལྟ་བུས་རྣམ་པར་སྣང་བར་བྱས་པའི་འོད་ཟེར་གྱི་སྤྲིན་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་དབྱངས་སྒྲོག་པའི་དྲིལ་བུའི་དྲ་བ་རིན་པོ་

ཆེ་ཐམས་ཅད་ཀྱི་ཁ་དོག་ཏུ་འདུག་པས་ཀུན་ནས་ཁེབས་པའོ། །སྤྱོད་པའི་འོད་ཀྱི་ཀློང་སངས་རྒྱས་ཐམས་ཅད་ཀྱི་མཚན་གྱི་དབྱིབས་ལྟ་བུ་རབ་ཏུ་འབྱུང་བའོ། །ནོར་བུའི་རྒྱལ་པོ་རྒྱན་ཐམས་ཅད་ནང་ན་སྣང་ཞིང་འོད་ཤིན་ཏུ་འབར་བ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལྟ་བུར་

སྣང་བ་ཐམས་ཅད་ཀྱིས་ཤིན་ཏུ་ཡོག་པར་བྱས་པའོ། །ནོར་བུའི་རྒྱལ་པོ་ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྲུལ་པ་རྣམ་པར་སྣང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་སྙིང་པོའི་མེ་ཏོག་ཤིན་ཏུ་རྒྱས་པས་ཀུན་ནས་ཁེབས་པའོ། །དུས་གསུམ་དུ་

གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་གྱི་འཁོར་ལོ་དབྱངས་སུ་སྒྲོག་པའོ། །སྤོས་ཀྱི་ཆུ་དང་རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་འོད་དང་། འོད་ཟེར་གྱི་སྤྲིན་རབ་ཏུ་འབྱུང་བ་སྟེ། ཆུ་ཀླུང་དེ་དག་རེ་རེ་ཞིང་ཡང་རྒྱན་ཤིན་ཏུ་བསྟན་པ་འཇིག་

རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་སྤོས་ཆུའི་ཆུ་ཀླུང་གི་རྒྱན་དང་། ཡོན་ཏན་རྒྱ་མཚོ་འདི་ཉིད་ཡོངས་སུ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་

Vol. 35 · folio 107b

ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆུ་ཀླུང་དྲི་མ་མེད་པའི་ཆུས་རྒྱས་ཤིང་། །གཞི་ནི་ནོར་བུ་རྡོ་རྗེའི་པདྨོས་བྱས། །རིན་ཆེན་མང་པོ་སིལ་བུས་གཞི་བཀྲམ་ཞིང་། །ཀུན་ནས་བརྒྱན་པ་སྣ་ཚོགས་ཡིད་དུ་འོང་། །ཐེམ་སྐས་ཕྲེང་བས་དེ་དག་ཀུན་ནས་བསྐོར། །པདྨོ་འཕྱང་བའི་མུ་ཁྱུད་འཁོར་

ཅན་ཏེ། །མེ་ཏོག་བརྒྱན་པའི་མུ་ཏིག་ཕྲེང་བ་དང་། །མེ་ཏོག་ལྡ་ལྡིས་སྣ་ཚོགས་ཀུན་ནས་བྲེས། །ནོར་བུའི་ཆུ་བོ་སྤོས་ཆུ་འབྱུང་བ་ནི། །རིན་ཆེན་ཀུན་གྱི་ཁ་དོག་མདོག་ལྟར་འབབ། །རིན་ཆེན་ནོར་བུའི་མེ་ཏོག་མཛེས་པར་བཀོད། །སིལ་སྙན་སྒྲ་ནི་སངས་རྒྱས་གསུང་སྐད་བརྗོད། །དེ་དག་རྙོག་

པ་ནོར་བུ་ཟླ་བ་སྟེ། །རིན་ཆེན་སྣ་ཚོགས་ཐམས་ཅད་དཔའ་ཀླད་དོ། །ཕྱོགས་རྣམས་བཅུ་པོ་ཀུན་ཏུ་རྟག་པར་ཡང་། །སྤོས་དང་བདུག་པ་འོད་འཕྲོའི་རྒྱན་འབྱུང་ངོ་། །ཆུ་བོ་རྣམས་ལས་རིན་ཆེན་ཐམས་ཅད་ཀྱི། །འོད་ཟེར་འཕྲོ་བ་ཀུན་ཏུ་རབ་ཏུ་འབྱུང་། །མེ་ཏོག་

ནོར་བུའི་ཕུང་པོ་གདུགས་རྣམས་ཀྱང་། །རིན་ཆེན་ཀུན་གྱིས་གཟེར་དུ་རབ་ཏུ་འབར། །ཕྱོགས་བཅུའི་ཞིང་གི་གཟུགས་བརྙན་མང་པོ་དང་། །སངས་རྒྱས་གཟུགས་བརྙན་རིན་ཆེན་རྣམས་ལས་སྣང་། །རིན་ཆེན་འཁོར་ལོའི་གཞི་རྟེན་ཡིད་འོང་ལས། །

སྤོས་ཆུས་རྒྱས་པའི་ཆུ་ཀླུང་རྣམས་ཀྱང་འབབ། །རིན་ཆེན་གསེར་གྱི་དྲིལ་བུའི་དྲ་བ་ཡིས། །ཡོག་ཅིང་སངས་རྒྱས་གསུང་དུ་སྒྲ་སྒྲོག་འབབ། །རྒྱལ་བ་ཀུན་གྱི་བྱང་ཆུབ་སྤྱོད་པ་དང་། །ཀུན་ཏུ་བཟང་པོའི་སྤྱོད་མཆོག་རབ་ཏུ་འཛུད། །སངས་རྒྱས་

སྨོན་ལམ་སྒྲ་དབྱངས་རྣམ་པ་དང་། །སངས་རྒྱས་ཐམས་ཅད་སྔོན་གྱི་སྦྱོར་བ་དག །རྣམ་དག་ནོར་བུའི་ངོས་དང་ངོགས་ཀུན་ནས། །སྒྲ་རྣམས་སྒྲོག་པ་ཀུན་ན་རབ་ཏུ་སྣང་། །ཆུ་བོ་ཐམས་ཅད་དབའ་གློང་དག་ལས་ཀྱང་། །བྱང་ཆུབ་སེམས་དཔའི་

སྤྲིན་ཆེན་འབར་བ་དག །ཆོས་ཀྱི་དབྱིངས་རྣམས་རབ་ཏུ་རྒྱས་བྱེད་པ། །འབྱམ་ཀླས་ཕྱོགས་རྣམས་ཀུན་ན་རབ་ཏུ་སྣང་། །ཆུ་ཀླུང་དེ་དག་ཐམས་ཅད་དྲི་མེད་ཅིང་། །ནོར་བུའི་རྒྱལ་པོ་སྤྲིན་གྱིས་ཀུན་ཁྱབ་པ། །མཛོད་སྤུའི་དཔལ་དང་སངས་རྒྱས་གཟི་བརྗིད་

Vol. 35 · folio 108a

འབར། །ནོར་བུའི་རྒྱལ་པོ་སངས་རྒྱས་གཟུགས་བརྙན་སྣང་། །སྤོས་ཆུའི་ཆུ་ཀླུང་དེ་དག་གི་བར་དག་ཀྱང་ས་སྣ་ཚོགས་ལ་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་སྟེ། ཆུ་ཀླུང་གི་བར་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེའི་མེ་ཏོག་པུནྡ་རི་ཀའི་ཕྲེང་བ། གླིང་

བཞིའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཀུན་ནས་བསྐོར་བའོ། །ཆུ་ཀླུང་གི་བར་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེའི་ཤིང་གི་ཕྲེང་བ་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྣམ་པར་ཕྱེ་བའོ། །ཤིང་གི་གསེབ་ཐམས་ཅད་ནས་ཀྱང་རྒྱན་ཐམས་ཅད་

ཀྱི་སྤྲིན་རྟག་པར་རབ་ཏུ་འབྱུང་སྟེ། ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་དཔལ་འབྱུང་བའི་སྤྲིན་དང་། འོད་རྣམས་ཀྱང་རབ་ཏུ་འབྱུང་ངོ་། །ཤིང་གི་བར་དེ་དག་ཐམས་ཅད་ཀྱང་འོད་ཤིན་ཏུ་འབར་བ་སྟེ། སྤོས་དང་མེ་ཏོག་སྣ་ཚོགས་ཀྱིས་རབ་ཏུ་གང་བའོ། །ནོར་བུའི་རྒྱལ་

པོ་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་བསྐལ་པ་ཐམས་ཅད་དུ་བྱིན་གྱིས་རློབ་པའི་སྒྲ་སྒྲོག་པའི་སྤྲིན་གྱིས་ཡོངས་སུ་གང་བའོ། །སྤོས་འོད་འཕྲོ་བའི་སྤྲིན་གྱི་འོད་གཟེར་གྱིས་རྣམ་པར་སྣང་བར་བྱེད་པའི་སྤྲིན་གྱིས་མངོན་པར་ཁྱབ་པའོ། །སྤོས་ཀྱི་རྒྱལ་པོ་ཡིད་དུ་འོང་

བ་སྣ་ཚོགས་ཀྱིས་རྣམ་པར་རྒྱས་པའོ། །ནོར་བུའི་རྒྱལ་པོ་རྒྱན་བསམ་གྱིས་མི་ཁྱབ་པའི་ཁ་དོག་ཡང་དག་པར་སྟོན་པས་མཉམ་པ་ཉིད་དུ་མངོན་པར་གང་བའོ། །གོས་ཀྱི་ཚོགས་སྣ་ཚོགས་སྤྲིན་ལྟ་བུས་མངོན་པར་ཡོག་པའོ། །ནོར་བུའི་རྒྱལ་པོ་ཕྱོགས་བཅུར་འོད་གཟེར་གྱི་དྲ་བའི་སྤྲིན་

གྱིས་ཡོག་པར་བྱེད་པས་རྣམ་པར་རྒྱས་པའོ། །ནོར་བུའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་འོད་ཀྱིས་མངོན་པར་གང་བའོ། །ནོར་བུའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་ལས་རྣམ་པར་སྨིན་པ་རྒྱ་མཚོའི་གཟུགས་བརྙན་ཤིན་ཏུ་སྟོན་པས་རྒྱས་པ་སྟེ།

དེ་དག་ལ་སྩོགས་པ་ཆུ་ཀླུང་གི་བར་དེ་དག་རེ་རེ་ཞིང་ཡང་རྒྱན་ཤིན་ཏུ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་སྤོས་ཆུའི་ཆུ་ཀླུང་གི་བར་གྱི་རྒྱན་ཡོངས་སུ་དག་པ་རྒྱ་མཚོ་འདི་ཉིད་ཡོངས་སུ་

Vol. 35 · folio 108b

བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆུ་ཀླུང་བར་རྣམས་ཤིན་ཏུ་རྣམ་པར་དག །རིན་ཆེན་རྒྱན་ཅན་གསེར་གྱིས་རྣམ་པར་བྲེས། །ཡལ་ག་མེ་ཏོག་སྤྲིན་རྣམས་འཕྱང་

ལྡིང་བའི། །ཤིང་གི་ཕྲེང་བས་ཀུན་ནས་མངོན་པར་ཁྱབ། །ཤིང་གི་ཡལ་གའི་དཀྱིལ་འཁོར་སྒོ་དག་ནས། །རིན་ཆེན་མང་པོའི་སྤྲིན་རྣམས་ཀུན་ཀྱང་འབྱུང་། །མེ་ཏོག་འོད་མང་རིན་ཆེན་སྙིང་པོ་ཅན། །ཕྱོགས་རྣམས་ཀུན་སྒོར་འགྲོ་བ་ཁྱབ་པར་བྱེད། །གཞི་རྣམས་

ནོར་བུ་མངོན་པར་བཀྲམ་པ་སྟེ། །མེ་ཏོག་རྣམ་བྲེས་རིན་ཆེན་འབྲུ་དང་ལྡན། །ཀུན་ནས་རིན་ཆེན་སྤྲིན་གྱིས་ཁྱབ་པ་སྟེ། །རྒྱན་དང་སེམས་ཅན་ཐམས་ཅད་གཟུགས་བརྙན་སྣང་། །སངས་རྒྱས་འོད་ཀྱི་ནོར་བུའི་རྒྱལ་པོ་ཡིས། །ས་རྣམས་ཐམས་ཅད་ཀུན་ནས་

རྣམ་པར་གང་། །ཕྱོགས་རྣམས་ཐམས་ཅད་འབར་ཞིང་སྣང་བའི་སྤྲིན། །རྡུལ་ཕྲན་ཀུན་ལ་གཟུགས་བརྙན་གྱུར་པར་སྣང་། །ནོར་བུའི་རྒྱན་གྱིས་ཤིན་ཏུ་རྣམ་པར་རྒྱས། །མུ་ཏིག་གསལ་བའི་དྲ་བས་རྣམ་པར་ཕྱེ། །ནོར་བུའི་འཁོར་ལོས་ཀུན་ནས་རབ་ཏུ་བཀོད། །

ཀུན་ན་རྒྱལ་བ་རྣམ་པར་འཕྲུལ་པ་སྣང་། །འབྱམ་ཀླས་འོད་ཟེར་ལྡན་པའི་རིན་ཆེན་གྱིས། །སངས་རྒྱས་སྤྲུལ་པ་བཀྱེ་བ་ཀུན་ན་སྣང་། །སངས་རྒྱས་མང་པོས་ཕྱོགས་རྣམས་ཀུན་ཁྱབ་ཅིང་། །སྟོབས་བཅུ་མངའ་བའི་ཆོས་ཉིད་རབ་ཏུ་སྒྲོག །རིན་ཆེན་སྣ་ཚོགས་

པུནྡ་རི་ཀ་ཡིས། །ཆུ་རྣམས་ཀུན་རྒྱས་སྙིང་པོ་ནོར་བུ་སྤོས། །དེ་ལས་མི་ཟད་འོད་ཟེར་རྒྱ་མཚོའི་རྣམས། །རབ་ཏུ་འབྱུང་བའི་པདྨོ་སྣ་ཚོགས་འབྱུང་། །དུས་རྣམས་གསུམ་པོའི་རྒྱན་རྣམས་ཐམས་ཅད་ཀྱང་། །ནོར་བུ་དེ་དག་འབྲུ་ཡི་ནང་ན་སྟེ། །འབྱུང་བ་

མེད་ཅིང་གཟུང་དུའང་ཡོད་པ་མིན། །དེ་ནི་སངས་རྒྱས་རྣམ་པར་འཕྲུལ་པའི་མཐུ། །རྒྱལ་བ་རྣམ་པར་སྣང་མཛད་ཐམས་ཅད་དུ། །རྒྱན་དང་སྤྲུལ་པ་ཐམས་ཅད་རབ་ཏུ་འགྱེད། །སྔོན་ཅད་སངས་རྒྱས་སྨོན་ལམ་མཐུ་དག་གིས། །དེ་དག་འགྲོ་ཞིང་འོང་བར་སྣང་

Vol. 35 · folio 109a

བ་མེད། །རྡུལ་རྣམས་རྒྱ་མཚོ་ཐམས་ཅད་དག་ལ་ཡང་། །རྒྱལ་སྲས་ཐམས་ཅད་སྤྱད་པ་རབ་སྤྱོད་དེ། །རང་གི་ཞིང་དང་ལུང་བསྟན་ས་ཡི་རྣམས། །བསམ་པ་རྣམ་དག་ཚུལ་བཞིན་དེ་དག་མཐོང་། །ཀྱེ་རྒྱལ་བའི་སྲས་དག་སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱི། །འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྒྱན་ཤིན་ཏུ་བསྟན་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་དམིགས་པ་དག་ལའང་དམིགས་

པ་རེ་རེ་ཞིང་ཡོངས་སུ་དག་པའི་ཡོན་ཏན་དང་རྒྱན་ཤིན་ཏུ་བསྟན་པ་རྒྱ་མཚོ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཡོངས་སུ་དག་ཅིང་ཡོན་ཏན་མཐའ་

དང་དབུས་མེད་པས་ཡོན་ཏན་རྣམ་པར་དག་པའི་རྒྱན་ཤིན་ཏུ་བསྟན་པ་རྒྱ་མཚོ་འདི་ཉིད་ཡོངས་སུ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་གི་རྒྱ་མཚོ་འདི་རྣམས་ཐམས་

ཅད་ཀྱང་། །རིན་ཆེན་རྒྱན་ཅན་འོད་ཟེར་གནས་པ་སྟེ། །སྡུག་ཅིང་གསལ་བའི་སྤྲིན་གྱིས་ཀུན་ནས་ཡོག །རིན་ཆེན་ཐམས་ཅད་འོད་ཀྱང་རྣམ་པར་འབར། །མུ་ཏིག་ནོར་བུའི་སྤྲིན་རྣམས་ཟད་མི་ཤེས། །སངས་རྒྱས་གཟུགས་བརྙན་ཕྱོགས་སུ་རྣམ་པར་

སྣང་། །ཞིང་ན་ཡོད་པའི་རྣམ་པར་འཕྲུལ་པ་རྣམས། །བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་སྟོན་པ་བྱེད། །སངས་རྒྱས་གསུང་གི་སྤྲིན་ནི་བསམ་གྱིས་མི་ཁྱབ་སྟེ། །ནོར་བུའི་རྒྱལ་པོ་ཐམས་ཅད་སྙན་པར་སྒྲོག །རྣམ་པར་སྣང་མཛད་སྔོན་གྱི་སྤྱོད་

པ་རྣམས། །རིན་ཆེན་རྣམས་ལས་རྟག་པར་སྣང་ཞིང་གྲག །སངས་རྒྱས་རྣམ་པར་སྣང་མཛད་དྲི་མེད་འོད། །རྒྱན་རྣམས་ཐམས་ཅད་ནང་ན་རྣམ་པར་སྣང་། །འཁོར་རྣམས་གཟུགས་བརྙན་མཚན་ཉིད་འཆང་བ་དང་། །སྤྲུལ་པ་རྣམས་ཀྱིས་ཞིང་གི་རྒྱ་མཚོ་

Vol. 35 · folio 109b

གང་། །སངས་རྒྱས་སྤྲུལ་པ་རྣམས་ནི་སྒྱུ་མ་འདྲ། །དེ་དག་ལ་ནི་བྱོན་པ་གང་ཡང་མེད། །སངས་རྒྱས་ཡུལ་རྣམས་བྱིན་གྱིས་བརླབས་པ་ཡི། །ཞིང་རྣམས་ཀུན་ན་སངས་རྒྱས་རྣམ་པར་འཕྲུལ། །ཞིང་རྣམས་འབྱམ་ཀླས་པར་ནི་རྣམ་འཕྲུལ་ཞིང་། །ཇི་སྙེད་ཞིང་དུ་

དེ་དག་ཀུན་རྒྱུ་བ། །དེ་དག་ནོར་བུ་ཀུན་ལ་རབ་ཏུ་སྣང་། །དེ་ལྟར་ཞིང་གི་རྒྱ་མཚོ་རྣམ་པར་སྦྱངས། །སྤྲུལ་པ་རྣམས་ནི་མིག་ཡོར་འདྲ་བ་སྟེ། །ཐམས་ཅད་དག་ན་ཆོས་ཉིད་འདི་ཡང་སྣང་། །འདི་ནི་རྣམ་པར་སྣང་མཛད་སྤྱོད་ཡུལ་ཏེ། །སྨོན་ལམ་རྣམ་པར་འཕྲུལ་

ལས་བྱུང་བའོ། །བཟང་པོའི་སྤྱོད་པས་གང་རྣམས་བྱུང་གྱུར་པའི། །བྱང་ཆུབ་སེམས་དཔའ་ཤེས་མཆོག་རྒྱ་མཚོ་ཅན། །དེ་དག་རྡུལ་ཕྲན་ཀུན་ལ་རང་རང་གིས། །རང་གི་ཞིང་རྣམས་རྒྱ་མཚོ་དག་པར་བྱེད། །དེ་བཞིན་གཤེགས་པ་ཀུན་གྱི་ཞམ་རིང་དུ། །

བསྐལ་པ་བྱེ་བ་རྒྱ་ཆེན་བསམ་ཡས་སུ། །དེ་དག་སྤྱོད་ཡུལ་ཐམས་ཅད་མཐོང་བས་ན། །སྐད་ཅིག་སེམས་ལ་དེ་དག་ཐམས་ཅད་སྟོན། །ཞིང་རྣམས་མཉམ་མེད་འབྱུང་བ་མེད་པ་སྟེ། །དེ་དག་མཁའ་འདྲ་མཉམ་ཞིང་མཚན་ཉིད་མེད། །སྨོན་ལམ་སྟོབས་

ཀྱིས་ཀུན་ཏུ་གནས་པ་སྟེ། །སེམས་ཅན་རྣམས་ལ་ཕན་ཕྱིར་རབ་ཏུ་སྦྱངས། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་དགོད་པ་ཤིན་ཏུ་བསྟན་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་ཀྱི་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་

ཀྱི་ཞིང་བརྗོད་དུ་མེད་པ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་གནས་ཏེ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་སངས་

རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་དེ་དག་ཐམས་ཅད་ཀྱང་གཞན་དང་གཞན་ལ་གནས་པ། དབྱིབས་གཞན་དང་གཞན་དུ་འདུག་པ། ཕྱོགས་གཞན་དང་གཞན་ལ་

Vol. 35 · folio 110a

ལྟ་བ། རྣམ་པ་གཞན་དང་གཞན་གྱིས་འཇུག་པ། རྒྱན་གཞན་དང་གཞན་ཡོད་པ། གཞན་དང་གཞན་གྱིས་རྒྱས་པར་འགེངས་པ། གཞན་དང་གཞན་དུ་འདུ་བ། རྣམ་པ་གཞན་དང་གཞན་དུ་མ་འདྲེས་པ། རྣམ་པར་འཕྲུལ་བ་དང་། བྱིན་གྱི་

རླབས་གཞན་དང་གཞན་ཡོད་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་པདྨོའི་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་རིན་པོ་ཆེའི་ཁ་དོག་མཐའ་ཡས་པའི་མེ་ཏོག་རྒྱ་མཚོ་ལ་རབ་

ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་རིན་པོ་ཆེའི་འཕྲེང་བ་མུ་ཏིག་གི་འབྲུའི་སྙིང་པོ་ཅན་གྱི་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་སྤོས་ཆུའི་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་

ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་མེ་ཏོག་ཐམས་ཅད་ཀྱི་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་ནོར་བུ་རིན་པོ་ཆེའི་དྲ་བའི་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་

འོད་གཟེར་གྱི་རྒྱ་མཚོ་ཀློང་དུ་གྱུར་པའི་ཆུ་བོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི། བྱང་ཆུབ་སེམས་དཔའི་ནོར་བུའི་ཅོད་པན་སྣ་ཚོགས་ཀྱི་རྒྱན་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་

སེམས་ཅན་གྱི་ལུས་སྣ་ཚོགས་རྒྱ་མཚོ་ལ་རབ་ཏུ་གནས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་ནོར་བུའི་རྒྱལ་པོ་ལ་རབ་ཏུ་གནས་སོ། །དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་

པའི་གནས་ཤིན་ཏུ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱང་དབྱིབས་གཞན་དང་གཞན་དུ་འདུག་པ་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམ་ཀླས་པ་ལ་ལ་ནི་རི་རབ་ཀྱི་དབྱིབས་

Vol. 35 · folio 110b

ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་ཆུ་ཀླུང་གི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་ཀུན་ཏུ་འཁོར་བའི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་ཀུན་ནས་འཁྱིལ་བའི་དབྱིབས་ལྟ་བུའོ། །

འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་འཁོར་ལོའི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་མྱིག་མངས་རིས་ཀྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་ཤིང་གི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་

འབྱམ་ཀླས་པ་ལ་ལ་ནི་ཁང་པ་བརྩེགས་པའི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་རྡོ་རྗེའི་རྒྱལ་མཚན་གྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་ཕྱོགས་འབྱམ་ཀླས་པའི་དབྱིབས་ལྟ་བུའོ། །འཇིག་རྟེན་

གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི། ཁང་བའི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་པདྨོའི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་རྟ་བབས་ཀྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་

འབྱམ་ཀླས་པ་ལ་ལ་ནི་སེམས་ཅན་གྱི་ལུས་ཀྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་སྤྲིན་གྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་སངས་རྒྱས་ཀྱི་མཚན་གྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་

ཁམས་འབྱམ་ཀླས་པ་ལ་ལ་ནི་འོད་ཀྱི་དཀྱིལ་འཁོར་གྱི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་དྲ་བ་སྣ་ཚོགས་བཀྱེ་བའི་དབྱིབས་ལྟ་བུའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ལ་ལ་ནི་སྒོ་ཀུན་ནས་ཡོད་པའི་དབྱིབས་ལྟ་བུའོ། །

འཇིག་རྟེན་གྱི་འབྱམ་ཀླས་པ་ལ་ལ་ནི་དམིགས་པ་ཐམས་ཅད་ཀྱི་དབྱིབས་ལྟ་བུ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པའི་དབྱིབས་རྣམ་པར་ཕྱེ་བ་ཤིན་ཏུ་བསྟན་པ་ནི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །

Vol. 35 · folio 111a

ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཚུལ་དེ་དག་ནི་ལྷུན་གཞན་དང་གཞན་དུ་བསྟན་པ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་ཕྱོགས་ཐམས་ཅད་ཀྱི་ནོར་བུའི་སྤྲིན་གྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་

འོད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་རིན་པོ་ཆེ་དང་སྤོས་འོད་འཕྲོ་བ་ཐམས་ཅད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག །ཁ་སྤྲོད་ལས་བསྒྲུབས་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་

ཚུལ་ལ་ལ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གཟུགས་བརྙན་གྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སངས་རྒྱས་ཀྱི་འོད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་རིན་པོ་ཆེའི་འོད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་

སངས་རྒྱས་ཀྱི་ཁ་དོག་གི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་གི་འོད་ཀྱི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་རྒྱ་མཚོ་ཡང་དག་པར་འབྱུང་བའི་སྒྲ་འི་

ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ཡང་དག་པར་འབྱུང་བའི་སྒྲའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་དག་པའི་སྒྲ་འི་ལྷུན་

ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱི་རྒྱ་མཚོའི་སྒྲ་འི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སངས་རྒྱས་ཀྱི་ཚུལ་ཐམས་ཅད་མངོན་པར་བསྒྲུབ་པའི་སྒྲ་འི་ལྷུན་ཅན་ནོ། །འཇིག་རྟེན་གྱི་

ཁམས་ཀྱི་ཚུལ་ལ་ལ་ནི་ཞིང་གི་རྒྱན་ཐམས་ཅད་འབྱུང་བ་དང་འཇིག་པའི་སྒྲ་འི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སངས་རྒྱས་ཀྱི་གསུང་དང་དབྱངས་མཐའ་དང་དབུས་མེད་པའི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སངས་རྒྱས་

Vol. 35 · folio 111b

ཐམས་ཅད་ཀྱི་སྤྲུལ་པའི་འཁོར་ལོའི་སྒྲ་འི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་འབྱུང་བའི་སྒྲ་འི་ལྷུན་ཅན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་ཚུལ་ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པའི་སྒྲ་འི་ལྷུན་

ཅན་ནོ། །ཀྱེ་རྒྱལ་བའི་སྲས་དགེ་དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱམ་ཀླས་པའི་ཚུལ་གྱི་ལུས་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་

ཀྱི་རྒྱུད་འབྱམ་ཀླས་པའི་ཚུལ་གྱི་ལུས་རྣམ་པར་དགོད་པ་ཤིན་ཏུ་བསྟན་པ་འདི་ཉིད་གསལ་བར་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་གི་རྒྱུད་རྒྱན་ཤིན་ཏུ་བརྟན་

པར་གྲུབ། །དྲི་མེད་དྲི་བྲལ་འོད་འགྱེད་སྙིང་པོ་ཅན། །ནོར་བུ་པདྨོ་རྒྱ་མཚོ་ཀུན་ལ་གནས། །ལ་ལ་གངྒཱའི་རྒྱ་མཚོ་དག་ལ་གནས། །རྣམ་པ་སྣ་ཚོགས་ཚུལ་གྱིས་གཞི་གནས་ཤིང་། །དབྱིབས་ཀྱང་སྣ་ཚོགས་ཁ་དོག་གཟུགས་ཀྱང་མང་། །རི་རབ་གྲོང་ཁྱེར་ཤིང་

གི་དཀྱིལ་འཁོར་དང་། །ཞིང་རྒྱུད་ཐམས་ཅད་ལ་ལ་ཕྱོགས་ཀུན་ལྟ། །ལ་ལ་འོད་ལུས་མེ་ཏོག་སྙིང་པོ་ཅན། །ནོར་བུས་བྱས་པ་ཀུན་ནས་སྤྲིན་དང་ཆུ། །ལ་ལའི་རྒྱུད་གསལ་མུ་ཏིག་འོད་ཟེར་ལུས། །ནོར་བུའི་གཞི་གནས་ཀུན་ཀྱང་མི་ཤིགས་སྲ། །འབྱམ་

ཀླས་ལ་ལ་ཁ་དོག་སྣ་ཚོགས་གསལ། །འོད་འདྲ་འོད་འཕྲོ་མེ་མར་སྤྲིན་གྱི་མདོག །ལ་ལའི་རྒྱུད་ནི་སྒྲ་དང་སྐད་ཀྱི་ལུས། །དེ་ལས་སངས་རྒྱས་གསུང་དབྱངས་མཐའ་ཡས་འབྱུང་། །ལ་ལའི་རྒྱུད་ནི་སྨོན་ལམ་སྒྲ་ཡི་ལུས། །སྤྱོད་པ་རྣམ་འཕྲུལ་སྤྲིན་གྱི་སྒྲ་ཡི་ལུས། །

ལ་ལ་བསོད་ནམས་ཡངས་དང་ལས་ཀྱི་སྒྲ། །ལ་ལའི་ལུས་ནི་རྒྱལ་བའི་ཡོན་ཏན་སྒྲ། །ཞིང་གི་རྒྱུད་རྣམས་རྒྱ་མཚོ་བསམ་ཡས་པ། །ཀུན་ནས་མི་ཟད་དུ་མའི་སྒོ་ནས་འཇུག །རྣམ་འཕྲུལ་ཡངས་པ་མི་ཟད་རྒྱན་གྱི་རྣམས། །ཚད་མེད་ཀུན་གྱིས་ཕྱོགས་ཀུན་རྒྱས་པར་

Vol. 35 · folio 112a

འགེངས། །ཕྱོགས་རྣམས་ཀུན་ཏུ་ཞིང་རྣམས་འདུ་འགྱུར་ཏེ། །ཡངས་པའི་ཚུལ་གྱིས་ཞིང་གི་རྒྱུད་ཞུགས་པར། །ཕྱོགས་བཅུ་ཀུན་ཏུ་འདུ་བར་སྣང་བ་ཡང་། །འགྲོ་བ་མེད་ཅིང་འཇུག་པ་ཡོད་པ་མིན། །ཚུལ་གཅིག་གིས་ནི་རྒྱུད་རྣམས་

ཀུན་ཀྱང་འགེངས། །ཐམས་ཅད་མ་ལུས་རེ་རེར་རབ་ཏུ་འདུ། །དེ་ལ་ཐ་དད་གང་ཡང་མི་དམིགས་ཏེ། །གཞི་མེད་ཀུན་འགེངས་མཐའ་དང་དབུས་ཡང་མེད། །ཞིང་རྣམས་ཚུལ་གྱིས་རྒྱུད་ལ་རྣམ་འཕྲུལ་བ། །སངས་རྒྱས་རྣམ་སྣང་མཛད་པ་ཀུན་ནས་སྣང་། །

སྨོན་ལམ་སྒྲ་ནི་རྒྱ་མཚོ་རབ་བརྗོད་ཅིང་། །ཞིང་གི་དབྱིངས་ན་སེམས་ཅན་ཀུན་ཀྱང་འདུལ། །ཞིང་རྣམས་སངས་རྒྱས་སྐུ་ཡིས་ཀུན་ཁྱབ་སྣང་། །བསམ་གྱིས་མི་ཁྱབ་བྱང་ཆུབ་སེམས་དཔས་གང་། །སངས་རྒྱས་རྣམ་འཕྲུལ་མི་མཉམ་སྟོབས་སྟོན་ཅིང་། །སེམས་

ཅན་མང་པོ་ཚད་མེད་རྣམ་པར་འདུལ། །ཞིང་གི་རྒྱུད་ཀྱི་གནས་ཤིན་ཏུ་བསྟན་པ་ཞེས་བྱ་སྟེ་ལེའུ་བརྒྱད་པའོ།། །།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words