དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ
Sanskrit title (Tibetan script, as in the text) སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་ར་ཧ་སྱོ་གུ་ཧྱ་ས་མཱ་ཛ་ནཱ་མ་མ་ཧཱ་ཀལྤ་རཱ་ཛ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 81 · folio 90a
༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་ར་ཧ་སྱོ་གུ་ཧྱ་ས་མཱ་ཛ་ནཱ་མ་མ་ཧཱ་ཀལྤ་རཱ་ཛ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་
ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གསུང་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་རྡོ་རྗེ་
དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་རྡོ་རྗེ་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རེག་བྱ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་། དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་
Vol. 81 · folio 90b
ཕྲ་རབ་སྙེད་རྣམས་དང་། དེ་བཞིན་གཤེགས་པ་ནམ་མཁའི་ཁམས་དང་མཉམ་པ་ལ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་རྡོ་རྗེ་
འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་པ་དང་དེ་དག་ལ་སོགས་པ་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཤིན་ཏུ་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀོད་པ་དེ་དག་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ་
བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ། །དེ་ལ་ལ་ལ་ནི་སངས་རྒྱས་སྤྱན་གྱི་རྣམ་པར་རོ། །ལ་ལ་ནི་མཱ་མ་ཀཱིའི་རྣམ་པར་རོ། །ལ་ལ་ནི་གོས་དཀར་མོའི་རྣམ་པར་རོ། །ལ་ལ་ནི་དམ་
ཚིག་སྒྲོལ་མའི་རྣམ་པར་ཡང་དག་པར་གནས་པར་གྱུར་ཏོ། །ལ་ལ་ནི་གཟུགས་ཀྱི་ངོ་བོའི་རྣམ་པས། ལ་ལ་ནི་སྒྲའི་ངོ་བོའི་རྣམ་པས། ལ་ལ་ནི་དྲིའི་ངོ་བོའི་རྣམ་པས། ལ་ལ་ནི་རོའི་ངོ་བོའི་རྣམ་པས། ལ་ལ་ནི་རེག་བྱའི་ངོ་བོའི་རྣམ་པས་ཡང་དག་པར་གནས་པར་གྱུར་ཏོ། །
དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་གྲུ་བཞི་རྡུལ་མེད་པ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་རྒྱས། །སངས་རྒྱས་སྤྲིན་ནི་ཀུན་
Vol. 81 · folio 91a
ཏུ་བཀྲམ། །མེ་སྟག་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་དེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་བཞག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་
དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་
གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་པ་དེ་མ་ཐག་ཏུ། དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་
གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་བྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པ་ཆེན་པོ་སྐྱེས་བུའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་
ཀྱིས་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་པ་ཙམ་གྱིས་དེ་མ་ཐག་ཏུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པའི་རྣམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་
Vol. 81 · folio 91b
པ་མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ་ནས་མངོན་པར་བྱུང་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་འཇུག་པ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རབ་
ཏུ་མི་རྟོག་གནས་མེད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པའི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེའི་སྤྲིན་
གྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་སྙིང་པོ་བཏུས་པ་ཡི། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ། །འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་
སྐྱེ་བར་བྱེད་པ་ཡིན་ན་བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ལ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབ་པ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་
Vol. 81 · folio 92a
བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་གྱི་ཕྱིར་ཡང་དག་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དེ་མཁྱེན་ནས། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེ་སྡང་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་
སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་དྷྲིཀ །དེ་ནས་འདི་ཕྱུང་མ་ཐག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་ནག་
པོ་དཀར་པོ་དམར་པོའི་རྣམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ཏེ་གཏི་མུག་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཛི་ན་ཛིཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་
ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་དཀར་པོ་ནག་པོ་དམར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་སྔར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡིད་བཞིན་ནོར་བུའི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རཏྣ་དྷྲྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་
Vol. 81 · folio 92b
ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རིན་ཆེན་ཏོག་གི་ཕྱག་རྒྱ་ཆེན་པོར་སྦྱོར་བ་ནམ་མཁའ་མཆོག་གི་གནས་ཀྱིས་སེར་པོ་ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གཡས་ཕྱོགས་སུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འདོད་ཆགས་ཀྱི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨཱ་རོ་ལིཀ །དེ་ནས་འདི་ཕྱུང་
མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་འཇིག་རྟེན་དབང་ཕྱུག་གི་རིག་པའི་བདག་པོ་ཆེན་པོའི་ཕྱག་རྒྱ་ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་དམར་པོ་ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྒྱབ་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་མཆོག་གི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་དགུག་པའི་རིགས་ཀྱི་སྔགས་མཆོག་གི་སྙིང་
པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པྲཛྙཱ་དྷྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེ་དོན་ཡོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་ལྗང་ཁུ་
ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བྱང་ཕྱོགས་སུ་བཞུགས་སོ། །ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་ལྔ་པོ་འདི་རྣམས་ཉིད། །འདོད་དང་ཐར་པར་བསྒྲུབ་པའོ། །
དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་རྗེས་སུ་ཆགས་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དྭེ་ཥ་ར་ཏི། དེ་
Vol. 81 · folio 93a
ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མོ་ཧ་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ། རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རཱ་ག་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་
སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་
འཆང་བ་རྗེས་སུ་ཆགས་པའི་རྡོ་རྗེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། བྱང་གི་གྲྭར་
བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་
Vol. 81 · folio 93b
བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཡ་མཱནྟ་ཀྲཱིཏ། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བསྙེངས་པར་བྱེད་པའི་རྣམ་པས་ཤར་
ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་
ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པྲརླུནྟ་ཀྲྀཏ། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེ་དམ་ཚིག་བསྙེངས་པར་བྱེད་པའི་རྣམ་པས་ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་
ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པད་མནྟ་ཀྲྀཏ། དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་བསྙེངས་པར་བྱེད་པའི་རྣམ་པས་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ། །
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་
རྡོ་རྗེ་ལས་ཕྱུང་ངོ་། །བིགྷནྟ་ཀྲྀཏ། དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྙེངས་པར་བྱེད་པའི་རྣམ་པས་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། །
Vol. 81 · folio 94a
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་དང་ཐུགས་མཉེས་པར་བྱེད་པ་དང་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ཏེ་ཕྱག་འཚལ་
ནས་འདི་སྐད་ཅེས་གསོལ་ཏོ། །སྙིང་པོ་སྐུ་གསུང་ཐུགས་མཆོག་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བླ་ན་མེད་པའི་བྱང་ཆུབ་སེམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་
ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ཅིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་
ཀྱིས་སེམས་ལུས་ཀྱི་རྣམ་པ་དང་། ལུས་སེམས་ཀྱི་རྣམ་པ་དང་། སེམས་ཚིག་ཏུ་བརྗོད་པས་སྐྱེད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་ནམ་མཁའ་ལྟ་
བུར་ཡང་དག་པར་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་ཀུན་དུ་བཟང་པོ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པ་སྦྱོར་བ་ཡིས། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་
Vol. 81 · folio 94b
བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་
མཛད་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་ཐམས་ཅད་རྣམ་བྲལ་ཕུང་པོ་ཁམས། །སྐྱེ་མཆེད་གཟུང་བ་འཛིན་
པ་རྣམ་སྤངས་པ། །ཆོས་བདག་མེད་མཉམ་ཉིད་ཀྱིས་རང་གི་སེམས། །གདོད་ནས་མ་སྐྱེས་སྟོང་ཉིད་རང་བཞིན་ནོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་
མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མི་ཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པར། །བྱང་
ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཆོས་བདག་མེད་ལས་ཀུན་ཏུ་བྱུང་། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་རིན་ཆེན་ཏོག་གིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་ཡེ་ཤེས་འོད་ཟེར་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །
Vol. 81 · folio 95a
ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་གནས་ཀྱི་སྦྱོར་བ་ཡིས། །འདིས་ནི་དངོས་པོ་རབ་ཏུ་བསྒྲགས། །ཞེས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་རྡོ་རྗེ་དོན་ཡོད་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་
སེམས་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་གསུངས་སོ། །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་ཀྱི་གསང་བའི་ཆོས་ཉིད་ཀྱི་ཡི་གེ་ཐོས་ནས་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་
སེམས་ཁྱོད་ཕྱག་འཚལ་ལོ། །ཆོས་ཀྱི་བདག་མེད་ཡང་དག་བྱུང་། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །ཀུན་དུ་བཟང་པོ་ཐམས་ཅད་དོན། །བྱང་ཆུབ་སེམས་ནི་རབ་སྐོར་བ། །
བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །ཐུགས་ནི་དེ་བཞིན་གཤེགས་པའི་དག །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སངས་རྒྱས་བྱང་ཆུབ་རབ་སྟོན་པ། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་
Vol. 81 · folio 95b
འཕྲོ་བ་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་འདི་གསུངས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅་ཧྃ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་བྱ་སྟེ། །
འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །སངས་རྒྱས་འབར་བའི་འོད་དང་མཉམ། །འོད་ཟེར་ལྔ་ནི་ཀུན་དུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འདོད་པའི་ཡོན་ཏན་ལྔ་ཡིས་སྤྲས། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །བསྒོམ་པར་བྱས་ནས་བསྡུས་པ་ཡིས། །
གཟུགས་ནི་དབུས་སུ་བསྒོམ་པར་བྱ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ཕྱག་རྒྱ་ཡང་ནི་བསྒོམ་པར་བྱ། །བསྡུས་པ་གཉིས་མེད་སྦྱོར་བ་ཡིས། །མི་བསྐྱོད་ཕྱག་རྒྱ་མཆོག་རབ་དང་། །
རིན་ཆེན་ཏོག་གི་ཕྱག་རྒྱ་ཆེ། །ཚེ་དཔག་མེད་པའི་འོད་བྱེད་དང་། །དོན་གྲུབ་ཕྱག་རྒྱ་ཆེན་པོ་རྣམས། །སངས་རྒྱས་དཀྱིལ་འཁོར་དག་ཏུ་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཨིན་དྲ་ནཱི་ལའི་ཁ་དོག་འདྲ། །རབ་འབར་ཕྱག་ན་རྡོ་རྗེ་བསྣམས། །
རྣམ་པར་གཙིགས་གསལ་འཇིགས་སུ་རུང་། །ཤེལ་དང་ཟླ་བའི་འོད་དང་འདྲ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །རབ་འབར་ཕྱག་ན་འཁོར་ལོ་བསྣམས། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །སངས་རྒྱས་
སྤྲིན་ནི་ཀུན་དུ་འཁྲིགས། །རྩེ་མོ་དགུ་པའི་རྡོ་རྗེ་ཆེ། །དེ་ཡི་ཕྱག་ཏུ་རྣམ་པར་བསྒོམ། །མ་ར་ཀ་ཏའི་འོད་འདྲ་བ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཀུན་དུ་འབར་བའི་སྤྲིན་གྱིས་ཁྱབ། །ཕྱག་ན་རིན་ཆེན་བསྣམས་པར་བསྒོམ། །པད་མ་རཱ་གའི་མདོག་
འདྲ་བ། །གཙོ་བོ་འདོད་ཆགས་འོད་འབར་འཆང་། །རབ་འབར་ཕྱག་ན་པད་མ་བསྣམས། །འདོད་ཆགས་རྡོ་རྗེ་ཅན་བསྒོམ་བྱ། །འོད་ཟེར་ལྔ་ཡི་མདོག་འདྲ་བའི། །སྣ་ཚོགས་དོན་ཡོད་རྡོ་རྗེ་ཅན། །ཞི་བ་ཕྱག་ན་རལ་གྲི་བསྣམས། །སངས་རྒྱས་དཀྱིལ་འཁོར་
Vol. 81 · folio 96a
དུ་ནི་བསྒོམ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྔགས་
འདི་གསུངས་སོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ། །
སངས་རྒྱས་འབར་བ་མཉན་པའི་འོད། །རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་ཆེས། །པད་མ་རལ་གྲི་མཚོན་ཆ་འཛིན། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །ནམ་མཁའི་ཁམས་ཀྱི་དབུས་གནས་
པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །པད་མའི་དཀྱིལ་འཁོར་ཡང་དག་གསལ། །པད་མ་སྒོམ་པས་བསྒོམ་པར་བྱ། །རིན་ཆེན་དཀྱིལ་འཁོར་ཡང་དག་གསལ། །
རིན་ཆེན་བརྩོན་པས་བསྒོམ་པར་བྱ། །སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ། །ནམ་མཁའ་འདྲ་བར་བྲི་བར་བྱ། །སངས་རྒྱས་རབ་མཆོག་འདི་རྣམས་ཉིད། །སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིས། །དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བ། །ཐམས་ཅད་མཁྱེན་པའི་ཚུལ་
ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་
Vol. 81 · folio 96b
དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །
ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དག་ནི་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །
འཇིག་རྟེན་གསུམ་པ་ཁམས་གསུམ་པ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ། །འཇིག་རྟེན་གསུམ་མཆོག་སྟོན་པ་པོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་ཚུལ། །དཀྱིལ་འཁོར་
ཉམས་དགའ་རབ་ཏུ་བཤད། །དེ་ནས་དེ་ཕྱིར་ཐུགས་དཀྱིལ་འཁོར། །མཆོག་ཐུགས་རྡོ་རྗེ་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་ཡང་དག་རབ་བཤད་བྱ། །ལུས་དང་ངག་སེམས་བསྒོམས་པ་ཡིས། །ཤེས་རབ་ཅན་གྱིས་ཐིག་
གདབ་པ། །ཐིག་སྐུད་སར་པ་ལེགས་བཀལ་བ། །ཚད་མ་བཟང་པོ་མཛེས་པ་ཡིས། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ངོས་བཞི་དང་ནི་གྲྭ་བཞི་དང་། །སྒོ་བཞི་བར་ནི་རབ་ཏུ་བརྟག །དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་
ཏུ་ཟླུམ་པོ་བྲི་བར་བྱ། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །དེ་དབུས་རྡོ་རྗེ་བྲི་བ་ནི། །ཨིན་དྲ་ནཱིལའི་ཁ་དོག་འདྲ། །འབར་བ་ཆེན་པོ་རྩེ་ལྔ་པ། །འཇིགས་པ་དག་ཀྱང་རབ་འཇིགས་བྱེད། །ཤར་དུ་འཁོར་ལོ་ཆེན་པོ་ནི། །རྡོ་རྗེ་འབར་བས་
རྣམ་པར་བརྒྱན། །ལྷོ་རུ་རིན་ཆེན་ཆེན་པོ་ནི། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །ནུབ་ཏུ་པདྨ་ཆེན་པོ་ནི། །པདྨ་རཱ་གའི་ཁ་དོག་འདྲ། །བྱང་དུ་རལ་གྲི་ཆེན་པོ་ནི། །འོད་ཟེར་འབར་བ་རབ་འཁྲིགས་བྲི། །དབུས་སུ་སྤྲིན་ནི་ཞི་བའི་འོད། །སྤྱན་ནི་ཤར་གྱི་གླ་
Vol. 81 · folio 97a
རུ་བྲི། །མཱ་མ་ཀཱི་ཡི་རིགས་བྱུང་བའི། །རྡོ་རྗེ་དེ་བཞིན་ལྷོ་རུའོ། །པད་མ་ཁ་བྱེ་སྡོང་བུར་བཅས། །ནུབ་ཏུ་ཀུན་དུ་བྲི་བར་བྱ། །བྱང་དུ་ཨུཏྤལ་མཛེས་པ་ནི། །མཐིང་ཀ་སྤྲིན་དང་འདྲ་བ་བྲི། །ཐོ་བ་ཀུན་ནས་འོད་མཛེས་འབར། །ཤར་གྱི་སྒོར་ནི་བྲི་བར་
བྱ། །རྡོ་རྗེ་འབར་སོགས་འོད་བཟང་བ། །དབྱུག་པ་ལྷོ་རུ་ཀུན་དུ་བྲི། །པད་མ་རལ་གྲི་འབར་འོད་བྱེད། །ནུབ་ཏུ་ཀུན་དུ་བྲི་བར་བྱ། །རྡོ་རྗེ་འཁྱིལ་བ་རྡོ་རྗེ་ཅན། །བྱང་དུ་རྡོ་རྗེ་བྲི་བར་བྱ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཡོངས་སུ་གསལ་བར་ཤེས་བྱས་ནས། །
ལུས་དང་ངག་སེམས་མཆོད་པ་ཡིས། །ནན་ཏན་དུ་ནི་མཆོད་པར་བྱ། །བཙུན་མོ་མཛེས་ཤིང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལ་རྙེད་ནས། །དྲི་དང་མེ་ཏོག་བརྒྱན་བྱས་ཏེ། །དེ་དབུས་སུ་ནི་འདོད་པ་བྱ། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། །ཤེས་རབ་ཅན་གྱིས་
དེ་བྱིན་བརླབས། །ཞི་བ་སྤྲོ་བྱ་སངས་རྒྱས་གནས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ལྟར་བྱས་ན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ནི། །ཀུན་གྱི་སྐུ་དང་གསུང་ཐུགས་ཀྱི། །རྡོ་
རྗེ་འཆང་བའི་རྒྱལ་པོ་ནི། །གནས་ཀྱི་དབང་ཕྱུག་ཀུན་མཆོག་གིས། །སྤྱོད་པ་ཀུན་མཆོག་ཆོས་ཀྱི་དོན། །སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་འཁྲུགས། །ཐེག་པའི་མཆོག་ནི་བླ་ན་མེད། །
རབ་མཆོག་དངོས་གྲུབ་སྒྲུབ་པར་བྱེད། །གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལས་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང་། །
Vol. 81 · folio 97b
དེ་རྣམས་ཀུན་ཀྱང་ཐེག་པ་ཆེ། །མཆོག་གི་སྒྲུབ་པ་འདིར་འགྲུབ་འགྱུར། །སློབ་དཔོན་སྨོད་པ་པོ་གཞན་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །སྲོག་གཅོད་པ་ཡི་སེམས་ཅན་གང་། །བརྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། །
རྟག་ཏུ་འདོད་པ་སྤྱོད་དགའ་གང་། །བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་རྣམས་སྒྲུབ་པའི་སྐལ་ལྡན་འགྱུར། །མ་དང་སྲིང་མོ་བུ་མོ་ལ། །སྒྲུབ་པོ་གང་གིས་འདོད་བྱས་ན། །ཐེག་ཆེན་མཆོག་གི་ཆོས་སུ་ནི། །དངོས་གྲུབ་རྒྱ་ཆེན་དེས་འཐོབ་བོ། །སངས་རྒྱས་གཙོ་
བོའི་ཡུམ་དག་ལ། །མཉེས་པར་བྱས་ཀྱང་མི་གོས་ཏེ། །དེ་ནི་བློ་ཅན་རྣམ་མི་རྟོག །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་དུ་གྱུར།
རྨད་དུ་བྱུང་བར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འདི་ལྟ་བུའི་ཚིག་ངན་པ་གསུང་ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲིབ་པ་ཐམས་
ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་གསན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་ཐོང་དེ་སྐད་མ་སྨྲ་ཅིག །ཆོས་ཉིད་དག་འདི་སངས་རྒྱས་ནི། །སྙིང་
པོ་ཡེ་ཤེས་ཅན་རྣམས་ཀྱི། །སྙིང་པོའི་ཆོས་ཀྱི་དོན་བྱུང་བ། །འདི་དག་བྱང་ཆུབ་སྤྱོད་པའི་གནས། །དེ་ནས་ཡང་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རི་རབ་ལ་སོགས་པའི་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་འཇིགས་ཤིང་
སྐྲག་ལ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ་བར་གྱུར་པ་གཟིགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་
Vol. 81 · folio 98a
ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བསླང་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པ་ཉིད་གཉིས་སུ་
མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའི་འོད་ཀྱིས་རེག་པ་ཙམ་གྱིས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རང་རང་གི་སྟན་ལ་གནས་
པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་རྨད་དུ་གྱུར། དགྱེས་པས་ཁྱབ་པར་གྱུར་ནས་ཆོས་ཀྱི་དབྱངས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཆོས་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་
པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། །སྐུ་དང་གསུང་ཐུགས་རབ་ཏུ་དག །ནམ་མཁའ་དང་ནི་མཉམ་ཉིད་གནས། །རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །དུས་གསུམ་དག་གི་ལམ་དུ་
འབྱུང་། །ནམ་མཁའ་ཆེན་པོར་ཁམས་གྱུར་པ། །ནམ་མཁའི་ལམ་ལ་ཕྱག་འཚལ་འདུད། །ནམ་མཁའི་སྐུ་ལས་ཡང་དག་བྱུང་། །ནམ་མཁའི་ལམ་ལ་གནས་པ་པོ། །ནམ་མཁའི་ཐུགས་ཏེ་ཆོས་ཀྱི་མཆོག །སྤྱོད་པའི་གནས་ཁྱོད་ཕྱག་འཚལ་ལོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་ཀུན་དུ་སྤྱོད་པའི་མཆོག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་
བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུགས་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་རྡུལ་དང་བྲལ་བའི་རྡོ་རྗེའི་
Vol. 81 · folio 98b
གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསུང་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་གསུམ་པ་དེ་བཞིན་གཤེགས་པའི་གསང་། །གནས་དང་གནས་ནི་རྣམ་པར་བསྒོམ་པ་སྟེ། །དེ་དག་
ཉིད་མཆོག་རབ་ཀྱི་སྔགས་ཀྱི་ནི། །མཚན་ཉིད་མཚན་མ་བསྒྲུབ་པ་ཉིད་དུ་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་གིས་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་
ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་རྡོ་རྗེ་དོན་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རྟག་
ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་
གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་གསང་ཆེན་འདི་གསུངས་སོ། །སྔགས་དམིགས་པ་ཡི་ལུས་ཀྱིས་ནི། །ངག་དང་ཡིད་ལ་
བསྐུལ་བྱས་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང་། །ཡིད་ནི་ཡང་དག་དགའ་མཛེས་པ། །སེམས་ཀྱི་དམིགས་པ་བདག་མེད་པ། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །རྣམ་གསུམ་སྦྱོར་བ་ནམ་མཁའ་དང་། །མཉམ་ཉིད་གནས་ནི་གྲུབ་པར་བྱ། །ལུས་དང་
Vol. 81 · folio 99a
ངག་དང་སེམས་དམིགས་པའི། །ངོ་བོ་ཉིད་ནི་དམིགས་སུ་མེད། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །བྱང་ཆུབ་མེད་ཅིང་སྒོམ་པའང་མེད། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་འདི། །རྣམ་པར་དཔྱད་ནས་བསྡུ་བ་ཡིས། །བྱང་ཆུབ་སྦྱོར་བ་ཏིང་ངེ་འཛིན། །
སྔགས་ཀྱི་བརྟགས་པ་བསྒོམ་པར་བྱ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། །སངས་རྒྱས་ཀུན་མཆོག་ཀུན་མཁྱེན་གྱིས། །སྒོམ་པའི་མཆོག་ནི་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་
འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ཕྲ་མོའི་སྦྱོར་བ་ཀུན་དུ་བརྩམ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཡུངས་ཀར་རྒྱུ་དང་མི་རྒྱུ་བ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་བརྟགས་པ་བསྒོམ། །ནམ་མཁའི་
དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་སྐུ་ཡི་གནས་བསྒོམས་ཏེ། །དེ་ཡི་སྟེང་དུ་གནས་དགོད་དོ། །ཧཱུྃ་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སྤྱན་གྱི་ཚུལ་གྱི་
སྦྱོར་བ་ལ། །དེ་ནས་པད་མ་རྡོ་རྗེ་སྒོམ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དང་པོའི་སྦྱོར་བ་ནན་ཏན་གྱིས། །དེ་ཡི་སྟེང་དུ་ཡོངས་སུ་བསྒོམ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་
བསྒོམ་པར་བྱ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོ། །འཁོར་དག་ཁྱད་པར་དག་ཏུ་སྤྲོ། །ཨུཏྤལ་མཐིང་ཀའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཚད་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཚད་ཀྱི། །འདབ་མ་བརྒྱད་པ་
གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤིས་ཏེ། །བྱང་ཆུབ་གཞོལ་བས་བསྒོམ་པར་བྱ། །འཁོར་ལོ་ལ་སོགས་ཁྱད་པར་དུ། །བསྒོམ་པ་དེར་ནི་བརྟག་པར་བྱ། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས། །ཉམས་དགའ་བྱང་ཆུབ་གནས་འགྲུབ་འགྱུར། །སངས་རྒྱས་བྱང་
Vol. 81 · folio 99b
ཆུབ་གནས་རྣམས་ནི། །བསྡུ་བས་དེར་ནི་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡི། །ཆོས་ཀྱི་གནས་ནི་རབ་ཏུ་དབྱུང་། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དེ་ཉིད་དོན་ཀུན་སྟོན་པ་པོས། །སྤྱོད་པ་ཀུན་མཆོག་ལེགས་དག་པ། །གསང་བའི་དམ་པ་བཀའ་སྩལ་ཏོ། །
གཟུགས་དང་སྒྲ་དང་རོར་ལྡན་པ། །ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། །གསང་བའི་དེ་ཉིད་མཆོད་ཆེན་ནི། །ལེགས་མཆོད་ནས་ཀྱང་བསྒོམ་པར་བྱ། །ཟས་སུ་བཤང་གཅི་བྱ་བའི་ཕྱིར། །དངོས་གྲུབ་འབྲས་བུ་འདོད་པས་བྱ། །བླ་མེད་དེ་ཉིད་འགྲུབ་པ་ནི། །སངས་
རྒྱས་བྱང་ཆུབ་སྐྱོན་མེད་པའོ། །ཤ་ཡང་བཟའ་བར་བྱ་བའི་ཕྱིར། །ཤ་ཆེན་པོ་ནི་རབ་ཏུ་བརྟག །གསང་བའི་སྐུ་དང་གསུང་དང་ཐུགས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །གླང་པོའི་ཤ་དང་རྟ་ཡི་ཤ། །དེ་བཞིན་དམ་པ་ཁྱི་ཡི་ཤ། །ཟས་ཀྱི་ཕྱིར་ནི་
བཟའ་བར་བྱ། །གཞན་ཟས་བཟའ་བར་ཡང་མི་བྱ། །སངས་རྒྱས་རྣམས་ནི་མཉེས་པར་འགྱུར། །བྱང་ཆུབ་སེམས་དཔའ་བློ་ཅན་ཡང་། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །འདོད་ཁམས་དབང་ཕྱུག་འཇིག་རྟེན་དུ། །གོ་འཕང་
ལས་ནི་བྱེད་པར་འགྱུར། །སྟོབས་ལྡན་གཙོ་བོ་གཟི་བརྗིད་ཅན། །མདངས་བཟང་མཐོང་ན་ཡིད་དུ་འོང་། །མཐོང་བ་ཙམ་གྱིས་བསྐུལ་མེད་པར། །འཇིག་རྟེན་འདི་དག་དབང་བྱེད་འགྱུར། །འདི་ནི་ཐམས་ཅད་སངས་རྒྱས་ཀྱི། །གསང་བ་བྱང་ཆུབ་དམ་པ་སྟེ། །
ཡང་དག་སྔགས་ཀྱི་གསང་བ་འདི། །ལུས་ངག་སེམས་ལས་འདའ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྔགས་ཀྱི་སྤྱོད་པ་མཆོག་རྫོགས་པར་བྱང་ཆུབ་པའི་ལེའུ་འདི་གསུངས་སོ། །འདོད་པ་ཐམས་ཅད་ལོངས་སྤྱོད་པ། །བསྟེན་པས་ཇི་ལྟར་འདོད་པ་
Vol. 81 · folio 100a
ལས། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ངེས་པར་སངས་རྒྱས་མྱུར་ཐོབ་འགྱུར། །འདོད་པ་ཐམས་ཅད་ལོངས་སྤྱོད་པ། །ཇི་ལྟར་འདོད་པ་བསྟེན་བྱ་ཞིང་། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་ངེས་པ་མི་བཟད་
པས། །བསྟན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །སློངས་མོ་ཟ་ཞིང་མི་བཟླས་ཏེ། །སློང་ལ་དགའ་བར་ཡང་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་
བཟླས། །ལུས་དང་ངག་དང་སེམས་རྣམས་ནི། །བདེར་གནས་ཐོབ་ན་བྱང་ཆུབ་འཐོབ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་པས། །ཆོས་དང་
མི་འགྱུར་མཆོག་བརྙེས་རྣམས། །འདོད་པ་ཐམས་ཅད་བསྟེན་པས་སོ། །ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །འདོད་ཡོན་ལྔ་རྣམས་རྟག་ཏུ་བརྟེན། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་ཉི་མ་ཆགས་པར་བྱ། །གཟུགས་ལ་རྣམ་གསུམ་ཤེས་བྱས་
ནས། །མཆོད་པའི་བདག་ཉིད་ཅན་མཆོད་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་
གནས་གཙོ། །དྲི་ལ་རྣམ་གསུམ་ཤེས་བྱས་ནས། །སངས་རྒྱས་སོགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །རོ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་སངས་རྒྱས་སྣ་
ཚོགས་པ། །སངས་རྒྱས་དོན་ཡོད་རྡོ་རྗེ་འཛིན། །རེག་བྱ་རྣམ་གསུམ་ཤེས་བྱས་ནས། །རང་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་རྣམས། །གཟུགས་སྒྲ་དྲི་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །འདི་
Vol. 81 · folio 100b
དེ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བཏུས་པའོ། །གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས། །ལྷ་རྣམས་ཉིད་དུ་རྟག་ཏུ་བསྒོམ། །ཡང་ན་དེ་ལ་རིགས་ཀྱི་ནི། །དབྱེ་བ་རྣམ་པར་བསྒོམས་པས་བསྒོམ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར། །ཆོས་
ནི་རྗེས་སུ་དྲན་སྒོམ་པ། །ལུས་དང་ངག་དང་སེམས་ནི་བསྒོམ། །རྡོ་རྗེ་རྗེས་སུ་དྲན་སྒོམ་པ། །རིགས་ནི་རྗེས་དྲན་སྦྱོར་བ་ལས། །ཁྲོ་བོ་རྗེས་སུ་དྲན་སྒོམ་པ། །དམ་ཚིག་རྗེས་དྲན་སྦྱོར་བ་ལས། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །བུད་མེད་གཟུགས་ལྡན་མདངས་
བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། །བྱིན་གྱིས་རློབ་པའི་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོ་ཆེ། །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་
དངོས་གྲུབ་ཐོབ་པར་འགྱུར། །ཡི་གེ་ཧཱུྃ་དང་ཨོཾ་དག་དང་། །ཕཊ་ཀྱང་རྣམ་པར་བརྟག་པར་བྱ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། །རྡོ་རྗེ་པད་མོ་བསྒོམ་པར་བྱ། །དེ་ནི་འབར་བཅས་ཟླ་འོད་བཞིན། །ཡིད་དུ་འོང་བ་བསྒོམ་པར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། །
བྱང་ཆུབ་འདོད་པས་བསྒོམ་པར་བྱ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། །བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བ་སྤུའི་བུ་ག་རྩེ་བར་ནས། །མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ། །དེ་ལ་ཆོས་རྗེས་སུ་
དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །རྡོ་རྗེ་ཆོས་ནི་རབ་བསྒོམ་བྱ། །བ་སྤུའི་བུ་ག་རྩེ་བར་ནས། །མཁས་པས་ཆོས་ཀྱི་སྤྲིན་རྣམས་སྤྲོ། །དེ་ལ་རྡོ་རྗེ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །རྡོ་རྗེ་སེམས་
དཔའ་རྣམ་པར་བསྒོམ། །བ་སྤུའི་བུ་ག་རྩེ་བར་ནས། །རྡོ་རྗེ་སྤྲིན་རྣམས་སྤྲོ་བར་བྱ། །དེ་ལ་རིགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ། །བ་སྤུའི་བུ་གའི་རྩེ་བར་ནས། །མཁས་
Vol. 81 · folio 101a
པས་རིགས་ཀྱི་སྤྲིན་རྣམས་སྤྲོ། །དེ་ལ་ཁྲོ་བོ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །ཁྲོ་བོའི་དབང་པོ་རབ་ཏུ་བསྒོམ། །བ་སྤུའི་བུ་ག་རྩེ་བར་ནས། །མཁས་པས་ཁྲོ་བོའི་སྤྲིན་རྣམས་སྤྲོ། །དེ་ལ་དམ་ཚིག་རྗེས་སུ་དྲན་
པ་ཇི་ལྟར་བསྒོམ་ཞེ་ན། རང་གི་རྡོ་རྗེ་པད་མར་ལྡན། །དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རང་གི་ཁུ་བའི་ཐིགས་པ་ཡིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་མཆོད། །དེ་ལ་དཀྱིལ་འཁོར་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། དབང་པོ་གཉིས་ནི་མཉམ་གཞག་
སྟེ། །མཁས་པས་རང་གི་ཁུ་བ་དག །རྣལ་འབྱོར་པ་ནི་ཆེན་པོས་དབྱུང་། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། །དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སངས་རྒྱས་ཀུན་གྱི་སྐུ་གང་ཞིག །ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །
བདག་ཀྱང་དེ་དང་འདྲར་གྱུར་ཅིག །དེ་ལ་གསུང་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་ཆོས་ཀྱི་གསུང་གང་ཞིག །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་བར། །ཆོས་འཛིན་པ་དང་འདྲར་གྱུར་ཅིག །དེ་ལ་ཐུགས་རྗེས་སུ་དྲན་པ་ཇི་ལྟར་
བསྒོམ་ཞེ་ན། ཀུན་དུ་བཟང་པོའི་ཐུགས་གང་ཞིག །གསང་བའི་བདག་པོ་བློ་ལྡན་པ། །བདག་གི་སེམས་ཀྱང་དེ་འདྲ་བར། །རྡོ་རྗེ་འཛིན་དང་འདྲར་གྱུར་ཅིག །དེ་ལ་སེམས་ཅན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྐུ་དང་གསུང་དང་
ཐུགས་ཀྱི་མཚན། །བདག་གི་སེམས་ཀྱང་དེ་འདྲ་ཞིང་། །མཁའ་དང་མཚུངས་པར་དཔའ་བོ་རྣམས། །དེ་ལ་སྔགས་ཀྱི་གཟུགས་དང་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན། །གསུང་གི་སྐུ་ནི་རྣམ་
བསྒོམ་པ། །བདག་ཀྱང་དེ་དང་འདྲ་བའི་སྐུ། །རྟག་ཏུ་སྔགས་འཛིན་པ་དང་མཉམ། །དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། དམ་ཚིག་ཁུ་ཆུ་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བྱ་ཞིང་། །དེ་བཞིན་གཤེགས་པའི་ཚོགས་གསད་བྱ། །དངོས་
Vol. 81 · folio 101b
གྲུབ་རབ་མཆོག་ཐོབ་པར་འགྱུར། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཐམས་ཅད་རང་བཞིན་འོད་གསལ་བ། །སྐྱེ་བ་མེད་ཅིང་ཟག་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་ཀྱང་མེད་ཅིང་འབྱུང་བ་མེད། །
དེ་ལ་མ་སྐྱེས་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རང་བཞིན་འོད་གསལ་དེ་ནས་ནི། །ནམ་མཁའ་མཚན་མེད་མི་འགྱུར་དེས། །གཉིས་མེད་གཉིས་སུ་མེད་མིན་ཞི། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །དེ་ལ་ཞེ་སྡང་གི་རིགས་ཀྱི་མཆོད་པ་རྗེས་སུ་དྲན་པ་ཇི་ལྟར་
བསྒོམ་ཞེ་ན། བུད་མེད་སེམས་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོན་རྙེད་ནས། །རིགས་ཀྱི་སྦྱོར་བའི་རབ་དབྱེ་བས། །རང་གི་ཁུ་བས་མཆོད་པར་བྱ། །འདིས་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་དག་དང་། །ཆོས་འཛིན་མཆོག་
གི་གསུང་དག་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །སྐུ་དང་གསུང་ཐུགས་ཡང་དག་གྲུབ། །དམན་སྐྱེས་གང་གཞན་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བཟླས་པས་དེ་ལ་འགྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དམ་པའི་དབང་
ཕྱུག་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ། །རྡོ་རྗེ་རྒྱལ་པོ་ཐེག་པ་ཆེ། །ནམ་མཁའི་སྤྱོད་པས་རྣམ་སྦྱོང་བ། །ཀུན་དུ་བཟང་པོའི་སྤྱོད་པ་མཆོག །རྒྱལ་མཆོག་མཆོད་པ་བཤད་དུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །
རྡོ་རྗེ་ཐེག་པ་རབ་སྟོན་པ། །ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག །རྒྱལ་བཞི་མཆོད་པ་བཤད་དུ་གསོལ། །ཐར་པའི་ལམ་ནི་རབ་སྟོན་པ། །ཐེག་པ་གསུམ་གྱི་ལམ་འཇུག་མཛད། །སངས་རྒྱས་སྐལ་མཆོག་དག་པའི་བདག །མི་མཆོག་མཆོད་
Vol. 81 · folio 102a
པ་བཤད་དུ་གསོལ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ་སྐོར་བ། །སྐུ་དང་གསུང་ཐུགས་ཤིན་ཏུ་དག །རྡོ་རྗེ་ཐེག་པ་ཁྱོད་ཕྱག་འཚལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཐམས་
ཅད་དབང་བསྐུར་ཀུན་གྱི་དོན། །ཀུན་དབང་རྡོ་རྗེ་རིན་ཆེན་འཛིན། །དེ་བཞིན་གཤེགས་པའི་མཆོད་པའི་མཆོག །རྡོ་རྗེ་གསུམ་ནི་མི་ཕྱེད་གནས། །སྐུ་དང་གསུང་དང་ཐུགས་སྐལ་མཆོག །རྒྱལ་བ་འབྱུང་བར་འགྱུར་བ་བཤད། །ན་ཆུང་ཡངས་པའི་མིག་ཅན་
ནི། །གཟུགས་དང་ལང་ཚོས་བརྒྱན་རྙེད་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་གཟུང་། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །རྒྱལ་བ་ཉིད་སྐྱེས་ཞི་བ་ཞི་བའི་གནས། །བཤང་གཅི་ཆུ་ལ་སོགས་པས་བྱུག་པ་ཡང་། །རྒྱལ་
བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། །ནུ་མའི་དབུས་གང་སྤྱི་གཙུག་མཐའ་དབུས་སུ། །ཆོ་ག་ཤེས་པས་རྐང་པའི་བར་དུ་ཡང་། །ལྟེ་བ་རོ་སྨད་གསང་བ་རྒྱལ་བའི་སྲས། །རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །
ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །བདག་ཉིད་ཟླ་བའི་དབུས་གནས་བསྒོམ། །མཁས་པས་ཞི་བ་རྡོ་རྗེ་འཛིན། །སྙིང་གར་གང་ཞིག་འདོད་པ་ནི། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །མཆོད་རྟེན་རིན་ཆེན་བཞིའི་རང་བཞིན། །འོད་ཟེར་ཕྲེང་བས་རྣམ་བརྒྱན་པ། །ཡེ་ཤེས་
རྒྱ་མཚོ་དུས་གསུམ་གྱི། །གནས་སུ་གྱུར་པར་རྣམ་པར་བསམ། །རང་གི་བ་སྤུའི་བུ་ག་ནས། །མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ། །མཁས་པས་ཨུཏྤ་ལ་དག་དང་། །པད་མ་རྣམ་པ་ལྔ་ཤེས་བྱ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་
བར་བྱ། །མེ་ཏོག་ཀར་ནི་ཀ་ར་དང་། །མལླི་ཀ་དང་ཡ་ཐི་ཀ། །མེ་ཏོག་ཀ་ར་བཱི་ར་ཡང་། །བསམས་ནས་མཆོད་པ་རབ་ཏུ་བརྟག །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །འཁོར་ལོའི་དཀྱིལ་འཁོར་བསྒོམ་བྱ་ཞིང་། །རྣམ་པར་མཁས་པས་རྟག་པར་ནི། །རིགས་རྣམས་
Vol. 81 · folio 102b
རབ་ཏུ་དགོད་པར་བྱ། །དེ་བཞིན་པད་མ་རྡོ་རྗེ་དང་། །རལ་གྲི་ཨུཏྤལ་མཁས་པས་བསྒོམ། །དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་བཞིའི་རང་བཞིན། །གསལ་ཞིང་རང་བཞིན་དྲི་མ་མེད། །རིགས་རྣམས་གནས་ནི་མཆོད་
པའི་ཕྱིར། །ཤེས་རབ་ཅན་གྱིས་བསྒོམ་པར་བྱ། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །དེ་ལ་མཆོད་པ་རྒྱ་མཚོ་བརྩམ། །རིན་ཆེན་ན་བཟའ་ལ་སོགས་པས། །བྱང་ཆུབ་འདོད་པས་རྟག་ཏུ་མཆོད། །མཆོད་པ་རྣམ་ལྔ་མཆོག་རྣམས་ཀྱིས། །རྟག་ཏུ་ལྷ་རྣམས་མཉེས་པར་བྱ། །
རིན་ཆེན་འབྱུང་གནས་ན་ཆུང་མཆོག །རིན་ཆེན་སྣ་ཚོགས་ལ་སོགས་བརྒྱན། །བསྒྲུབ་ཅིང་རབ་ཏུ་བསྒྲུབ་པའི་ཕྱིར། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རིན་ཆེན་བདུན་གྱིས་ཡོངས་བཀང་བའི། །ཞིང་འདི་རྣམ་པར་མཁས་པས་ནི། །ཡེ་ཤེས་འདོད་པས་དངོས་གྲུབ་
འདོད། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །བདག་པོའི་ཕྱག་རྒྱར་མཉམ་གཞག་ལ། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། །འདོད་ཆགས་བློ་ཅན་སངས་རྒྱས་ལ། །རེག་བྱའི་སྦྱོར་བ་དབུལ་བར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་
འཁོར་བཀོད་པ་བསྒོམ་པར་བྱ། །རང་ལུས་དེ་བཞིན་གཤེགས་རང་བཞིན། །བཤང་བ་གཅི་བས་བླ་མ་མཆོད། །བཞིན་བཟང་ཡིད་དུ་འོང་བ་ཡི། །ན་ཆུང་སྐལ་བ་མཆོག་ལྡན་པ། །བྱིན་གྱིས་བརླབས་ཀྱི་གནས་བསམས་ཏེ། །དེ་ཉིད་མཆོད་པ་རབ་ཏུ་བརྟག །
མིག་ཡངས་ཁུ་བ་བླངས་ནས་ནི། །བརྟན་པའི་བློ་དང་ལྡན་པས་བཟའ། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། །སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་བཤང་གཅིའི་དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག །ཀུན་དོན་དབང་
Vol. 81 · folio 103a
ཕྱུག་དམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་པ། །རྡོ་རྗེ་མི་ཕྱེད་གསུམ་དཀྱིལ་འཁོར། །སངས་རྒྱས་ཐེག་པ་ཅན་ལ་གསང་། །ཉམས་དགའ་མཆོག་ནི་རབ་ཏུ་བཤད། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་
འཁོར་བསྒོམ་པར་བྱ། །མི་བསྐྱོད་རྡོ་རྗེ་རབ་བསྒོམས་ནས། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབར་བ་དང་། །འོད་ཟེར་སྣ་ལྔས་རབ་ཏུ་གང་། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེས་ཕྱེ་མར་བརླག །སྐུ་གསུང་
ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེས་ཕྱེར་བརླགས་མེད་གྱུར་པ། །བསམ་གཏན་མཆོག་དེ་བསྒོམས་ན་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་གསང་བ་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དུ་ནི། །
རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །འདི་ནི་རིགས་ཐམས་ཅད་ཀྱི་རྒྱ་མཚོ་ལས་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ནར་ཤེས་པར་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །མི་ཤེས་ཐར་པ་རབ་སྒྲུབ་པ། །ངོ་བོ་ཉིད་དག་གོས་པ་མེད། །བྱང་ཆུབ་སྤྱོད་པ་རབ་སྟོན་
པས། །སངས་རྒྱས་བྱང་ཆུབ་བསྒྲུབ་པ་ཡི། །ཡང་དག་དམ་ཚིག་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །རིན་
ཆེན་ཀུན་གྱི་སྦྱོར་བ་ཡིས། །རྡོ་རྗེའི་གཟུགས་ནི་རབ་ཏུ་བརྟག །ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ། །རྡོ་རྗེ་གསུམ་གྱིས་རྣམ་པར་བསྒོམ། །ཡིད་བཞིན་ནོར་བུ་འདྲ་བ་ཡིས། །ནོར་གྱི་རྒྱ་མཚོས་རབ་གང་འགྱུར། །སངས་རྒྱས་ཀུན་གྱི་སྲས་རྣམས་དང་། །ཐུབ་
པའི་སྐྱེས་བུ་རྣམས་སུ་འགྱུར། །འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ལས་གཏི་མུག་གི་རིགས་ཀྱི་ཡང་དག་པའི་དམ་ཚིག་ཏུ་ཤེས་པར་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །འདོད་ཆགས་ཐར་པ་རབ་སྒྲུབ་པ། །གསང་བ་དག་པ་དམིགས་མེད་པས། །དཀྱིལ་འཁོར་
Vol. 81 · folio 103b
རབ་ཏུ་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །པད་མའི་དཀྱིལ་འཁོར་བསྒོམ་པར་བྱ། །འོད་དཔག་མེད་ནི་རབ་བསྒོམས་ཏེ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་ནི། །དགང་ཞིང་དེ་རུ་ཐམས་ཅད་ནི། །བཙུན་མོའི་རྣམ་པའི་
སྦྱོར་བར་བསྒོམ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །འདི་ནི་རྡོ་རྗེའི་ཚུལ་མཆོག་གོ། །དབང་པོ་གཉིས་ནི་རབ་སྦྱོར་བས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །མི་ཕྱེད་སྐུ་གསུམ་སྒྲུབ་པའོ། །འདི་ནི་འདོད་ཆགས་
ཀྱི་རིགས་ཀྱི་ཡང་དག་པའི་དམ་ཚིག་སྟེ། སྔགས་པས་བསྒོམ་པར་བྱ་བ་ཉིད་དོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པ། །ཡེ་ཤེས་ལས་བྱུང་བདག་མེད་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་
གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དོན་ཡོད་རབ་བསྒོམས་ཏེ། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །བརྫུན་གྱི་ངག་ནི་རྡོ་རྗེའི་གནས། །ཐམས་ཅད་གཟུགས་སུ་རྣམ་བསྒོམ་བྱ། །རྒྱལ་བའི་གནས་ནི་ཐམས་ཅད་དང་། །རྒྱལ་བ་
ཐམས་ཅད་བསླུ་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའི་གསུང་སྟེ་དྲི་མེད་པ། །ཡེ་ཤེས་བློ་ཅན་ཀུན་གྱི་གསང་། །སྔགས་ཀྱི་དངོས་གྲུབ་བྱེད་པར་བཤད། །འདི་ནི་དམ་ཚིག་འགུགས་པའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་དེ། དོན་ཇི་ལྟ་བ་
བཞིན་དུ་སྤྲོ་བར་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་གསུམ་མི་ཕྱེད་རྒྱལ་གནས། །དངོས་གྲུབ་རྡོ་རྗེ་རབ་སྟོན་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དམ་ཚིག་དཀྱིལ་འཁོར་བསྒོམ་པར་བྱ། །རིན་ཆེན་
ཏོག་ཏུ་རབ་བསྒོམས་ཏེ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་། །རྩུབ་པའི་ངག་ལ་སོགས་པ་ཡིས། །བསྟེན་ན་ཡེ་ཤེས་ཐོབ་པར་འགྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་
Vol. 81 · folio 104a
ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཏོག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་ཞིང་རྨད་དུ་བྱུང་བར་གྱུར་ནས་རྡོ་རྗེའི་ཚིག་འདི་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བདག་པོ་ཁམས་གསུམ་ལས་འདས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་འདི་ལྟ་བུ་རྨད་དུ་བྱུང་བའི་ཚིག་གི་ལམ་རྡོ་རྗེའི་ཚིག་འདི་ཅིའི་
སླད་དུ་གསུང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཏོག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་འདི་ལྟ་བུ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་འདི་སྔགས་ཀྱི་སྤྱོད་པ་ནི་མཆོག་གི་སྤྱོད་པའོ། །གང་འདི་སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །རིགས་
ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཐམས་ཅད་ལ་རྗེས་སུ་སོང་བ་སྟེ། ཆོས་ཐམས་ཅད་ནི་ནམ་མཁའི་ཁོངས་སུ་གཏོགས་པའོ། །དེ་དག་ཀྱང་འདོད་པའི་ཁམས་ན་མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས།
འབྱུང་བ་ཆེན་པོ་བཞི་ལ་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་དེ་ལྟར་རྗེས་སུ་རིག་པར་བྱའོ། །འདི་ལྟ་བུའི་དོན་གྱི་དབང་མཁྱེན་ནས། དེ་བཞིན་གཤེགས་པ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་ཆོས་འཆད་པར་མཛད་དོ། །རིགས་ཀྱི་བུ་དེ་ལྟ་
བུ་ཉིད་ཀྱི་ནམ་མཁའི་ཚིག་ངེས་པར་བརྗོད་པས་དེ་བཞིན་གཤེགས་པའི་དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གཙུབ་ཤིང་དང་། གཙུབ་སྟན་དང་མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་དུ་བ་རབ་ཏུ་འབྱུང་ཞིང་མེ་འབྱུང་བར་འགྱུར་མོད་ཀྱི།
Vol. 81 · folio 104b
མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་རྗེས་སུ་རིག་པར་བྱ་སྟེ། འགྲོ་བ་དང་འོང་བ་ལ་སོགས་པས་ཞེས་པའོ། །
དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་པས་ངམ་ཞིང་མིག་གདངས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི། །ནམ་མཁའ་དང་ནི་མཚུངས་པ་དང་། །རྣམ་པར་མི་རྟོག་དག་པ་ལ། །ཀུན་རྫོབ་ཡང་ནི་
བཤད་པ་མཚར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་
ཅད་ཡང་འདུས་ཏེ། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་སྐུ་གསུང་ཐུགས་ཀྱི་གསང་བ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་ཉིད་སྔགས་སྙིང་ཀུན་བསྡུས་པ། །སྐུ་དང་གསུང་ཐུགས་
གསང་བར་བསྒྲགས། །དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ། །འབར་བ་གཏུམ་པོ་སྤྱན་ཡངས་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ལུས་
དང་ངག་དང་སེམས་རྣམས་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །རྣམ་པར་མི་རྟོག་མི་དམིགས་པ། །མཉམ་ཉིད་གར་ཡང་མི་གནས་པ། །དེ་ནས་བཅོམ་ལྡན་འདས་རང་བཞིན་གྱིས་དག་པའི་དེ་བཞིན་གཤེགས་པས་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་རིག་པ་དུ་མ་བྱེ་བ་ཁྲག་ཁྲིག་བརྒྱ་
Vol. 81 · folio 105a
སྟོང་དང་ཐབས་ཅིག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་གར་གྱི་རོལ་བ་སྟོན་པར་མཛད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཀླས་པར་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རོལ་ཅིང་དགྱེས་པར་ཡོངས་སུ་སྤྱོད་
པ་ཡོད་ཀྱང་དེ་དག་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་སྤྱན་རས་ཀྱིས་མི་འཚོ་སྟེ། དེ་རྒྱུ་གང་གི་ཕྱིར་ཞེ་ན། ཀྱེ་མ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་སྤྱོད་པའི་ཚུལ་གྱིས་ཆོས་ཐོས་པས་སོ། །དེའི་ཕྱིར་སྐྱེས་བུ་དམ་པ་ཆེན་པོ་དེ་རྣམས་ཀྱི་སྤྱན་རས་ཀྱིས་བཙའ་བའི་ཕྱིར་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་སྔགས་ཐམས་ཅད་ཀྱི་ཐུགས་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བའི་རབ་ཏུ་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དམིགས་པ། རྡོ་རྗེ་འཛིན་པ་ཐམས་ཅད་
ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དམིགས་པ། ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དམིགས་པ། ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་གསུངས་སོ། །ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། དེ་ནས་འདི་ནི་
གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་སྲས་དང་བཅས། །རབ་ཏུ་འདར་ཞིང་བརྒྱལ་བར་གྱུར། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དམ་ཚིག་འདི་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་
གནས་པར། །བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་གནས་ཡི་གེ་ཧཱུྃ། །རང་གི་གཟུགས་སུ་རབ་ཏུ་བརྟག །རྡོ་རྗེའི་འོད་ཟེར་ཆེར་འབར་བ། །རྣམ་པར་འཕྲོ་བ་བསམ་པར་བྱ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །དྲངས་པར་དེ་ཡིས་རྣམ་པར་
བསྒོམ། །དེ་མ་ཐག་ཉིད་དེར་འགྱུར་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག །རང་གི་དཀྱིལ་འཁོར་རང་རྡོ་རྗེས། །སྐྱེད་པར་བྱེད་པའི་ཆོ་གར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་རྡོ་རྗེ་
Vol. 81 · folio 105b
བསྡུས་པའོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ། །ཞལ་གསུམ་རྣམ་པའི་སྦྱོར་བ་ཡིས། །ཁ་དོག་གསུམ་གྱིས་རབ་ཏུ་བསྒོམ། བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་མཆོག་
རྡོ་རྗེའི་གསང་བའོ། །དཀྱིལ་འཁོར་རྣམས་ཀྱི་ཐུགས་ཀ་ཡི། །དབུས་ཆུད་ཕྲ་མོ་རྣམ་བསྒོམ་བྱ། །དེ་ཡི་དབུས་སུ་ཆུད་པར་ནི། །ཡི་གེ་མཆོག་གི་ཚིག་བསམ་མོ། །སྦྱོར་བ་རྡོ་རྗེ་ཆེན་པོ་ནི། །རྩེ་མོ་ལྔ་པ་རྟག་ཏུ་བསྒོམ། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས། །རྡོ་རྗེ་
གསུམ་རྣམས་བསྒོམ་པར་བྱ། །དེ་ཡིས་ཐུགས་ནི་གཟིར་བྱ་སྟེ། །ལྷ་ཡང་རབ་ཏུ་བསྐུལ་བར་བྱ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པའོ། །རྡོ་རྗེ་ལྕགས་ཀྱུ་རྣམ་བསྒོམ་པ། །རྡོ་རྗེ་པདྨོའི་རིགས་ལ་སོགས། །ཐུགས་ནི་བསྐུལ་བ་རབ་བཤད་པ། །
འདི་དེ་རོལ་མོ་འབྱུང་བ་སྟེ། །རྡོ་རྗེ་ཡི་ནི་ཚུལ་མཆོག་འདི། །ཞག་བདུན་བར་དུ་བྱས་ན་ནི། །གསང་ཆེན་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྡོ་རྗེ་ཅན་གྲུབ་འགྱུར། །འཇིགས་ཤིང་ཡིད་ནི་སྐྲག་གྱུར་ནས། །མཆོག་སྩོལ་བ་ནི་རྣམ་པར་གཟིགས། །ཡིད་ནི་མགུ་བས་དགའ་བ་
ཡི། །དངོས་གྲུབ་རྒྱ་ཆེན་སྟེར་བར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་སྤྱོད་པའི་མཆོག་འཛིན་རྣམས། །གལ་ཏེ་རྨོངས་བདག་ཉིད་འདས་ན། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་གསུམ་མཆོག་སྟོན་པ་པོ། །འཇིག་
རྟེན་གསུམ་མཆོག་རྡོ་རྗེ་གཙོས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་དམ་ཚིག་སྒྲུབ་
པའོ། །རིག་མའི་དབང་ཕྱུག་ཞུགས་པ་ལ། །རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང་། །ཆགས་ཤིང་ཆགས་པའི་ལྟ་བས་བལྟ། །འདི་ནི་དམ་ཚིག་དཀྱིལ་འཁོར་རོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་ཀུན་བདག་ཉིད་སྐྱེས། །ཐམས་ཅད་དབང་བསྐུར་སངས་རྒྱས་
Vol. 81 · folio 106a
གཙོས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །ཇི་སྙེད་བུད་མེད་བརྗོད་པ་ཀུན། །ཕྱག་རྒྱ་ཆེན་པོའི་སྔོན་སྦྱོར་བས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །བྱེ་བ་གྲངས་མེད་རྡོ་རྗེ་ཅན། །སངས་རྒྱས་གནས་ནི་དེར་སྤྲོ་
བྱ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་དམ་ཚིག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་འདི་ཡིས་འཐོབ་པར་འགྱུར། །རྡོ་རྗེ་གསུམ་པོ་མཁའ་འདྲ་བའི། །བྱང་ཆུབ་སེམས་དཔའ་རྒྱལ་རྒྱ་མཚོ། །རྡོ་རྗེ་སེམས་དཔའ་ཚེ་དེས་འཐོབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྐྱེས་བུ་མཆོག་ཅེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུ་འདི་གསུངས་སོ། །རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །བྱང་ཆུབ་ཐམས་ཅད་འཐོབ་པ་ནི། །ཡེ་ཤེས་རྡོ་རྗེ་དག་གིས་
བྱ། །ཨོཾ་ཡིག་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེ་སྐུ་ནི་འཐོབ་བྱེད་པའོ། །ཨཱཿཡིག་བྱང་ཆུབ་སྤྲུལ་པའི་བདག །རྡོ་རྗེ་གསུང་ནི་འཐོབ་བྱེད་པའོ། །ཧཱུྃ་ཡིག་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེ་གསུམ་ནི་མི་ཕྱེད་འཐོབ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་
ཀྱི་སྔགས་ཀྱི་སྐྱེས་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །རྡོ་རྗེ་ཀུན་སྐྱེས་དཀྱིལ་འཁོར་བསམ། །དེ་རུ་ཡི་གེ་བྷྲུྃ་བསམ་སྟེ། །རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེད་པའོ། །དེ་ལ་འདི་ནི་ཡེ་ཤེས་རྡོ་རྗེའི་སྙིང་པོའོ། །བྷྲུྃ །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཡི་
གེ་ཧཱུྃ་ནི་རབ་ཏུ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨོཾ་ནི་རྣམ་པར་བསམ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨཱཿནི་རབ་ཏུ་བསྒོམ། །ཡི་གེ་བྷྲུྃ་གྱིས་གནས་བསྒོམས་ཏེ། །རྡོ་རྗེ་གསུམ་བྱུང་བསྒོམ་པར་བྱ། །བཅོམ་ལྡན་འདས་
Vol. 81 · folio 106b
དམ་ཚིག་གསུམ་གྱི་གསང་བས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ནི་མཉེས་བྱེད་པ། །ཨོཾ་ཡིག་སངས་རྒྱས་སྐུ་ཡི་མཆོག །ཨོཾ་ཨཱཿཡིག་སངས་རྒྱས་གསུང་གི་ལམ། །ཨཱཿཧཱུྃ་ཡིག་ཡེ་ཤེས་འཇིང་ནི་ཐུགས། །ཧཱུྃ་འདི་
ནི་བྱང་ཆུབ་ཚུལ་མཆོག་ཡིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །ཡེ་ཤེས་རྡོ་རྗེས་སྤྲུལ་པ་སྟེ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །འདི་དག་སངས་རྒྱས་སྐྱེས་བུ་ཉིད། །སྔགས་དང་རིག་པ་ཞེས་བསྒྲགས་པ། །བསྐྱེད་པ་ལ་སོགས་
དམ་ཚིག་དག །རྡོ་རྗེ་གསུམ་མི་ཕྱེད་བསྒོམས་པས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དམ་ཚིག་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེ་བྱིན་གྱིས་རློབ་པའི་རྒྱུ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པར་དབེན་ཞིང་ཉམས་དགའ་བར། །སྦྱོར་བ་འདི་ནི་ཀུན་ཏུ་བརྩམས། །རྡོ་
རྗེའི་སྐུ་དང་གསུང་ཐུགས་འགྲུབ། །ཕྱོགས་གཅིག་གིས་ནི་ཐེ་ཚོམ་མེད། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་དམ་པ་བསམ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད། །ཡི་གེ་ཨོཾ་ནི་ཐུགས་ཀར་དགོད། །འོད་ཟེར་ལྔ་པ་སྤྲིན་ཆེན་པོ། །རྣམ་
པར་སྣང་མཛད་མཆོག་སྒོམ་པ། །འདི་ཡིས་སངས་རྒྱས་ཀྱི་ནི་སྐུ། །རྡོ་རྗེ་རྣམ་སྣང་རྒྱ་མཚོར་འགྱུར། །སངས་རྒྱས་སྐུ་དང་འདྲ་བའི་འོད། །རྡོ་རྗེ་གསུམ་གྱི་ཀལྤ་ནི། །ཡེ་ཤེས་ལྔ་ལྡན་བསྟེན་ཅིང་གནས། །ཕྱོགས་ཙམ་གྱིས་ནི་འགྲུབ་པར་འགྱུར། །བཅོམ་ལྡན་འདས་སྐུ་རྡོ་རྗེ་
གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་འོད་ཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་རྡོ་རྗེ་དབུས་གནས་པའི། །ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད། །ཨཱཿཡིག་ངག་གི་ལམ་
ལ་དགོད། །ཁ་དོག་ལྔ་པ་རྡོ་རྗེ་ཆེ། །འཇིག་རྟེན་དབང་ཕྱུག་མཆོག་བསྒོམས་པས། །དམ་ཚིག་ཡེ་ཤེས་རྫོགས་བྱས་ཏེ། །ཚིག་གི་དམ་ཚིག་ལྔ་ཡི་མཆོག །ཆོས་ཀྱི་ཚིག་གི་ལམ་གནས་པ། །རྡོ་རྗེ་ཆོས་དང་མཚུངས་པར་འགྱུར། །རྡོ་རྗེ་གསུམ་གྱི་ཀལྤ་ནི། །ཡེ་
Vol. 81 · folio 107a
ཤེས་ལྔ་ལྡན་བསྟེན་ཅིང་གནས། །བཅོམ་ལྡན་འདས་རྡོ་རྗེའི་གསུང་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པའི། །རྡོ་རྗེ་དཀྱིལ་འཁོར་དམ་པ་
བསམ། །རང་སྔགས་སྐྱེས་བུ་བསྐྱེད་ནས་ནི། །ཐུགས་ལ་གནས་པའི་ཡི་གེ་ཧཱུྃ། །དམ་ཚིག་ཆེན་པོ་དེ་ཉིད་ནི། །ཁ་དོག་ལྔ་པ་རྣམ་བསྒོམ་བྱ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །སྟོན་པ་རྡོ་རྗེ་ཐུགས་ལས་བྱུང་། །ཡེ་ཤེས་ཡོན་ཏན་རྒྱ་མཚོར་འགྱུར། །
རྡོ་རྗེ་གསུམ་གྱི་ཀལྤ་ནི། །ཡེ་ཤེས་ལྔ་ལྡན་བསྟེན་གནས་ཤིང་། །བཅོམ་ལྡན་འདས་རྡོ་རྗེ་ཐུགས་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆེན་
པོ་བསྒོམ་པར་བྱ། །ལུས་རྣམས་ཀུན་ལ་ཡི་གེ་ཁྃ། །རྡོ་རྗེ་ཡེ་ཤེས་མཁའ་མཉམ་འགྱུར། །ཁྃ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཡང་དང་ཡང་དུ་མཆོད་པ་དང་། །ཀལྤ་གསུམ་ནི་དམ་ཚིག་ག་གནས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །བཅོམ་ལྡན་འདས་ནམ་
མཁའ་རྡོ་རྗེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་གསུང་ཐུགས་རྡོ་རྗེ་མི་སྣང་བ་འབྱུང་བ་བཀོད་པ་ཕྲེང་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེའི་དཀྱིལ་འཁོར་དབུས་ལས་ནི། །རང་སྔགས་སྐྱེས་བུ་རབ་བསྒོམས་ལ། །སྙིང་གར་རྡོ་རྗེ་ཧྃ་ཞེས་པ། །བཞག་སྟེ་འོད་ཟེར་རྣམ་
པར་བསྒོམ། །ཧྃ། འཇམ་དཔལ་དམ་ཚིག་རྫོགས་ལོངས་སྤྱོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །བྱང་ཆུབ་སེམས་དཔའི་བདག་ཉིད་དུ། །ས་བཅུ་དག་ལ་གནས་དེ་འགྱུར། །བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་ཚིག་ཟླ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་
དབུས་གནས་པར། །འོད་ཟེར་རབ་འབར་ཡི་གེ། །མཚན་མཆོག་རྡོ་རྗེའི་ལུས་སུ་ནི། །བསྒོམས་ན་རྡོ་རྗེའི་སྐུ་མཉམ་འགྱུར། །ཐླཱིཾ། ནམ་མཁའ་རྡོ་རྗེའི་དམ་ཚིག་གི་བཀོད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མངོན་ཤེས་ལྔ་དང་མཉམ་པར་འགྱུར། །སངས་རྒྱས་མངོན་ཤེས་དམ་
Vol. 81 · folio 107b
ཚིག་མཆོག །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །སངས་རྒྱས་མངོན་ཤེས་མཆོག་སྒྲུབ་པའོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ། །ཡེ་ཤེས་ཨོཾ་ཡིག་བསྒོམ་པར་བྱ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་
བསྒོམས་པས། །མི་བསྐྱོད་རྡོ་རྗེ་གསུམ་འདྲར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །མི་བསྐྱོད་པ་ཡི་སྐུ་འདྲ་དང་། །གསུང་དང་ཐུགས་མཆོག་རྟག་ཏུ་འཛིན། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །མི་བསྐྱོད་རྡོ་རྗེས་མཆོད་པར་འགྱུར། །བཅོམ་ལྡན་
འདས་མི་བསྐྱོད་པའི་དམ་ཚིག་མངོན་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །ནམ་མཁའ་རྡོ་རྗེ་རབ་བསྒོམས་ལ། །རིན་ཆེན་ཨོཾ་ཡིག་བསྒོམ་པར་བྱ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་
པས། །རྡོ་རྗེ་གསུམ་གྱི་ཏོག་འདྲར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཏོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །རིན་ཆེན་ཏོག་གི་འོད་དང་འདྲ། །དེ་ནི་བདག་མེད་བྱང་ཆུབ་དང་། །ཡེ་ཤེས་གསང་བ་མཉམ་གནས་འགྱུར། །རིན་པོ་ཆེ་དམ་ཚིག་
ལོངས་སྤྱོད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །འཇིག་རྟེན་དབང་ཕྱུག་རབ་བསྒོམས་ལ། །ཆོས་ཀྱི་ཨོཾ་ཡིག་བསྒོམ་པར་བྱ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྡོ་རྗེ་གསུམ་
དཔག་མེད་འདྲར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །འོད་དཔག་མེད་དང་འདྲ་བར་འགྱུར། །དེ་ནི་སེམས་ཅན་ཐམས་ཅད་ཀྱི། །ཐེག་ཆེན་ལམ་ནི་འབྱུང་བར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་འོད་དཔག་ཏུ་མེད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་དཔག་ཏུ་མེད་པའི་
འོད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །རྡོ་རྗེ་ཨུཏྤལ་རབ་བསྒོམས་ནས། །དམ་ཚིག་ཨོཾ་ཡིག་རབ་ཏུ་བསྒོམ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྡོ་རྗེ་དོན་ཡོད་གསུམ་
Vol. 81 · folio 108a
འདྲར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །རྡོ་རྗེ་དོན་ཡོད་འདྲ་བའི་འོད། །དེ་ནི་དཔལ་ལྡན་ཡེ་ཤེས་མཚོ། །སེམས་ཅན་ཀུན་དོན་འབྱུང་བར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་དོན་ཡོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དོན་ཡོད་པའི་དམ་ཚིག་འབྱུང་བ་འོད་
ཟེར་ཡེ་ཤེས་ཀྱི་མཆོག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །རྡོ་རྗེ་སྣང་མཛད་རབ་བསྒོམས་ལ། །སྐུ་གསུམ་ཨོཾ་ཡིག་རབ་ཏུ་བསྒོམ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །
རྣམ་པར་སྣང་མཛད་མཉམ་པར་འགྱུར། །ལུས་དང་ངག་ཡིད་རྡོ་རྗེ་ཡིས། །རྣམ་པར་སྣང་མཛད་འདྲ་བའི་འོད། །དེ་ནི་ཡེ་ཤེས་རྫོགས་བྱང་ཆུབ། །སྐུ་གསུམ་མི་ཕྱེད་སྒྲུབ་བྱེད་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལུས་དང་ངག་དང་ཡིད་དམིགས་
པ་རྫོགས་པར་བྱང་ཆུབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རི་བོ་རྣམ་པར་དབེན་པ་དང་། །ཆུ་ཀླུང་འབབ་པ་རྣམས་དང་ནི། །དུར་ཁྲོད་ལ་སོགས་རྣམས་སུ་ཡང་། །བསམ་གཏན་བསྡུས་པ་འདི་དག་བྱ། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་སོགས། །རྡོ་རྗེ་ནམ་མཁའི་དཀྱིལ་གནས་བསམ། །མངོན་
ཤེས་ལྔ་པོའི་སྦྱོར་བ་ཡིས། །གནས་སུ་སངས་རྒྱས་མཆོག་རྣམས་བསྒོམ། །བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་དམ་ཚིག་རྡོ་རྗེ་མངོན་པར་མཁྱེན་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །འབར་བ་ལྔ་ཡིས་རྣམ་པར་བརྒྱན། །གནས་ལྔར་རབ་ཏུ་སྦྱོར་བ་ཡིས། །རྡོ་རྗེ་མངོན་
ཤེས་འདྲ་བར་འགྱུར། །མེ་སྟག་མང་པོ་འཁྲུག་པ་ཡི། །རང་སྔགས་འཁོར་ལོ་བསྒོམ་པར་བྱ། །རྡོ་རྗེ་ལྔ་ནི་སྦྱོར་བ་ཡིས། །རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར། །ནམ་མཁའ་རྡོ་རྗེའི་དཀྱིལ་གནས་པར། །འཁོར་ལོ་སངས་རྒྱས་འབར་འོད་འདྲ། །བསྒོམས་ནས་སངས་རྒྱས་འཇུག་པ་ཡིས། །
སངས་རྒྱས་གནས་དང་འདྲ་བར་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པའི། །རང་གི་ལུས་ལ་སྣང་མཛད་བཞག །སྙིང་གར་ཡི་གེ་ཨོཾ་བསམ་ལ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ། །དེའི་སེམས་འགོག་པའི་རྡོ་རྗེར་ཚུད། །གང་ཚེ་སྐྱེ་བར་འགྱུར་བ་དེ། །སངས་རྒྱས་
Vol. 81 · folio 108b
ཀུན་གྱི་མཆོག་སྒྲུབ་པ། །ཡིད་བཞིན་ནོར་བུ་དཔལ་ལྡན་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཧཱུྃ་བསྒོམས་ནས། །སེམས་ནི་ཐིག་ལེར་གྱུར་པར་བཞག །སངས་རྒྱས་དཀྱིལ་འཁོར་དབུས་གནས་པའི། །ཚེ་དཔག་མེད་པར་
རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཨཱཿབསམས་ཏེ། །རྡོ་རྗེ་ཐིག་ལེར་གཏོགས་པ་བཞག །འདི་དེ་དམ་ཚིག་མཆོག་གི་མཆོག །རྡོ་རྗེ་གསུམ་ནི་མི་ཕྱེད་བསྒོམ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །སངས་རྒྱས་དངོས་གྲུབ་འཐོབ་འགྱུར་བའི། །ནམ་མཁའ་རྡོ་རྗེ་དབྱིངས་གནས་པར། །བསྒོམ་བྱ་
གསལ་བའི་དཀྱིལ་འཁོར་ནི། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །བསམས་ན་དེ་ནི་བསྐལ་པར་གནས། །ནམ་མཁའ་རྡོ་རྗེ་དབྱིངས་གནས་པར། །བསྒོམ་བྱ་ཆོས་ཀྱི་དཀྱིལ་འཁོར་ནི། །ལུས་ངག་སེམས་ལ་ཡི་གེ་ཨཱཿ། །བསམས་ན་དེ་ནི་བསྐལ་པར་གནས། །ནམ་མཁའ་རྡོ་རྗེ་དབྱིངས་གནས་པར། །
བསྒོམ་བྱ་རྡོ་རྗེ་དཀྱིལ་འཁོར་ནི། །ལུས་ངག་སེམས་ལ་ཡི་གེ་ཧཱུྃ། །བསམས་ན་དེ་ནི་བསྐལ་པར་གནས། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདི་གང་ནས་བཟུང་སྟེ། །ཀློག་གམ་ཡང་ན་སེམས་ཀྱང་
རུང་། །དེ་ཡང་རྡོ་རྗེ་འཛིན་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པ་རྡོ་
རྗེ་འཛིན། །བསྐྱེད་པ་ཡེ་ཤེས་མཆོག་སྒྲུབ་པས། །དམ་ཚིག་རྡོ་རྗེ་གསུམ་དེ་ཉིད། །རྡོ་རྗེ་གསུང་གིས་བཀའ་སྩལ་པ། །མཁའ་དང་མཚུངས་པར་མཉམ་གྱུར་པ། །རྣམ་པར་མི་རྟོག་ངོ་བོ་ཉིད། །ཆོས་རྣམས་རང་བཞིན་དག་པ་ལ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །དགོན་པ་ཆེན་པོའི་ས་ཕྱོགས་
མཆོག །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་སྐྱེ་བོས་དབེན་པ་རུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །མྃ། ལུས་དང་ངག་སེམས་རྡོ་རྗེ་ལ། །འཇམ་པའི་རྡོ་རྗེ་རབ་ཏུ་བསྒོམ། །ལུས་དང་ངག་སེམས་ལ་སྤྲོ་བ། །འཇམ་པའི་རྡོ་རྗེ་འདྲ་བར་འགྱུར། །དཔག་ཚད་བརྒྱར་ནི་རྒྱ་ཆེ་བ། །
Vol. 81 · folio 109a
རྡོ་རྗེ་འབར་བའི་འོད་དེས་ནི། །སྣང་འགྱུར་དག་པའི་བདག་ཉིད་དེ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། །འཇམ་པའི་རྡོ་རྗེ་མཆོག་གི་དམ་ཚིག་མི་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་
ལས་བྱུང་། །བཤང་གཅི་དམ་ཚིག་ལྔ་རྣམས་ནི། །ལྕགས་གསུམ་དང་ནི་ལྡན་བྱས་ནས། །ཁར་བཅུག་ནས་ནི་བསྒོམ་པར་བྱ། །སངས་རྒྱས་ཀུན་གྱི་མི་ཕྱེད་པའི། །ཐུགས་ནི་དེ་རུ་རབ་ཏུ་བསྒོམ། །དེ་ནི་དེ་མ་ཐག་ཉིད་དུ། །འཇམ་པའི་རྡོ་རྗེ་འོད་འདྲར་འགྱུར། །རང་གི་སྔགས་ལས་འཁོར་
ལོ་ནི། །འོད་འཕྲོ་མདངས་མཆོག་ཅན་བསྒོམས་ནས། །སངས་རྒྱས་ཐམས་ཅད་བཞུགས་པའི་གནས། །བསྒོམས་ན་སངས་རྒྱས་མཉམ་པར་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །དེ་ཡི་རྗེས་སུ་འབྲང་བར་འགྱུར། །ཐམས་ཅད་རྡོ་རྗེ་འཛིན་དང་འདྲ། །འདི་
ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས། །དཀྱིལ་འཁོར་དབུས་སུ་རབ་བསྒོམས་ལ། །རྡོ་རྗེ་ཀུན་གྱི་གནས་ཡིན་པར། བསམས་ན་རྡོ་རྗེ་འདྲ་བར་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །ཕྲ་རབ་རྡུལ་རྣམས་ཇི་སྙེད་པའི། །དེ་སྙེད་ཀྱི་ནི་བུད་མེད་
རྣམས། །ཡོན་ཏན་ཅན་གྱི་གནས་སུ་འགྱུར། །དྲག་པོ་དག་གིས་ཕྱག་བྱས་པ། །ཁམས་གསུམ་རྡོ་རྗེ་ཆེན་པོར་འགྱུར། །རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །པདྨ་ཆེན་པོ་འདབ་བརྒྱད་པ། །རང་སྔགས་རྡོ་རྗེ་བསམས་ནས་སུ། །ཆོས་རྣམས་ཀུན་གྱི་གནས་ཡིན་པ། །རྡོ་རྗེ་ཆོས་
དང་འདྲ་བར་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །ཕྲ་རབ་རྡུལ་རྣམས་ཇི་སྙེད་པའི། །སངས་རྒྱས་མཆོད་མཆོག་དཀྱིལ་འཁོར་དུ། །དག་པའི་བདག་ཉིད་འཇོག་པར་བྱེད། །པད་མོ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །གསུམ་གྱི་ཀལྤའི་དམ་ཚིག་ནི། །ཡེ་ཤེས་ལྔ་ལྡན་བསྟེན་ཅིང་
གནས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་རྣམ་གསུམ་བསྙེན་བཀུར་བྱེད། །འོད་ཟེར་ལྔ་ཡི་མདོག་འདྲའི་འོད། །རང་གི་སྔགས་ལ་རལ་གྲི་བསྒོམ། །མིག་ཡངས་ལག་ན་ཐོགས་ནས་ནི། །རྡོ་རྗེ་གསུམ་རིག་འཛིན་པར་འགྱུར། །ཁམས་གསུམ་ཆེན་པོས་མཆོད་བྱ་དང་། །
Vol. 81 · folio 109b
ཚངས་དབང་ལྷ་མིན་ཕྱག་བྱས་པ། །སྟོང་གསུམ་ན་ནི་གཅིག་པུ་བ། །གསང་བ་འཛིན་པའི་མཆོག་ཏུ་འགྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སེམས་ཀྱིས་གང་ཞིག་འདོད་པ་ནི། །རྡོ་རྗེ་ཐུགས་ལས་རབ་ཏུ་བྱུང་། །དེ་ལྟ་བུ་ཡི་དངོས་གྲུབ་སྟེར། །རལ་གྲི་ཐམས་ཅད་དམ་པ་ཞེས་བྱ་བའི་ཏིང་ངེ་
འཛིན་ཏོ། །ཨོཾ་ཡིག་རིལ་བུ་ཙ་ན་ཀའི། །འབྲུ་ཚད་དུ་ནི་བསམས་ནས་ནི། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཁ་རུ་བསྒོམ་པར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །བྱང་ཆུབ་སེམས་དཔའི་འོད་འདྲར་འགྱུར། །ཉི་མ་ཤར་བའི་འོད་འདྲ་ཞིང་། །འཛམ་བུ་ཆུ་བོའི་གསེར་གྱི་མདོག །ཨཱཿ
ཡིག་རིལ་བུ་ཙ་ན་ཀའི། །འབྲུ་ཚད་ཙམ་དུ་བསམས་ནས་ནི། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཁ་རུ་བསྒོམ་པར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །བྱང་ཆུབ་ཡེ་ཤེས་འོད་འདྲར་འགྱུར། །ཉི་མ་ཤར་བའི་འོད་འདྲ་ཞིང་། །འཛམ་བུ་ཆུ་བོའི་གསེར་གྱི་མདོག །ཧཱུྃ་ཡིག་རིལ་བུ་ཙ་ན་
ཀའི། །འབྲུ་ཚད་ཙམ་དུ་བསམས་ནས་ནི། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཁ་རུ་བསྒོམ་པར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །རྡོ་རྗེའི་སྐུ་དང་འོད་འདྲར་འགྱུར། །ཉི་མ་ཤར་བའི་འོད་འདྲ་ཞིང་། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །མཁའ་དབྱིངས་གསལ་བའི་དཀྱིལ་གནས་པའི། །རྣམ་
པར་སྣང་མཛད་རབ་ཏུ་བསྒོམ། །ལག་ཏུ་འཁོར་ལོ་རབ་བསྒོམས་ན། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །འཁོར་ལོ་ཆེན་པོའི་རིགས་བསྒོམས་ཏེ། །སངས་རྒྱས་སྐུ་ནི་རབ་སྦྱོར་བས། །ཡེ་ཤེས་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །
ཡེ་ཤེས་མི་བསྐྱོད་རབ་བསྒོམས་ཏེ། །ལག་ཏུ་རྡོ་རྗེ་རྣམ་བསྒོམས་ན། །རྡོ་རྗེའི་རིག་པ་འཛིན་པར་འགྱུར། །རྡོ་རྗེ་ཆེན་པོའི་རིགས་བསྒོམས་ཏེ། །རྡོ་རྗེའི་སྐུར་ནི་རབ་སྦྱོར་བས། །རྡོ་རྗེ་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་རིན་ཆེན་དབུས་གནས་པར། །རིན་
ཆེན་རྡོ་རྗེ་རབ་ཏུ་བསྒོམ། །ལག་ཏུ་རིན་ཆེན་རབ་བསྒོམས་ན། །རིན་ཆེན་རིག་པ་འཛིན་པར་འགྱུར། །རིན་ཆེན་ཆེན་པོའི་རིགས་བསྒོམས་ནས། །རིན་ཆེན་སྐུར་ནི་རབ་སྦྱོར་བས། །རིན་ཆེན་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་ཆོས་ཀྱི་དབུས་གནས་
Vol. 81 · folio 110a
པར། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ལག་ཏུ་པདྨོ་རབ་བསྒོམས་ན། །པདྨོའི་རིག་པ་འཛིན་པར་འགྱུར། །པདྨོ་ཆེན་པོའི་རིགས་བསྒོམས་ནས། །ཆོས་ཀྱི་སྐུར་ནི་རབ་སྦྱོར་བས། །པདྨོའི་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་དམ་ཚིག་
དབུས་གནས་པར། །དོན་ཡོད་ཡེ་ཤེས་རབ་ཏུ་བསྒོམ། །ལག་ཏུ་རལ་གྲི་རབ་བསྒོམས་ན། །རལ་གྲིའི་རིག་པ་འཛིན་པར་འགྱུར། །དམ་ཚིག་ཆེན་པོའི་རིགས་བསྒོམས་ཏེ། །དམ་ཚིག་སྐུར་ནི་རབ་སྦྱོར་བས། །དམ་ཚིག་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །རྩེ་གསུམ་
ཡེ་ཤེས་ལྕགས་ཀྱུ་སོགས། །རྡོ་རྗེའི་ཁྱད་པར་གྱིས་བསྒྲུབས་ན། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས། །བསམ་གཏན་དེས་ནི་འགྲུབ་པར་འགྱུར། །བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང་། །མཚན་
མ་གཅིག་དང་ཞི་གནས་སུ། །རྡོ་རྗེ་དགུག་པའི་ཁྱད་པར་གྱིས། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ནི། །རྡོ་རྗེ་ཅན་གསུམ་སྦྱོར་བསམས་ནས། །སྐུ་དང་གསུང་ཐུགས་ལྕགས་ཀྱུ་ནི། །སངས་རྒྱས་ཡེ་ཤེས་བློ་ལྡན་གྱི། །རླུང་གི་དཀྱིལ་འཁོར་མཆོག་གནས་པ། །
སངས་རྒྱས་དགུག་པ་དམ་པ་ཡིན། །དམ་ཚིག་ལས་བྱུང་ཕྱོགས་བཅུ་པ། །རྡོ་རྗེས་བཀུག་ནས་ཉེ་བར་སྤྱོད། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་རྡོ་རྗེ་དགུག་པའོ། །རྣམ་པར་སྣང་མཛད་འཁོར་ལོ་ཆེ། །རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི། །རྡོ་རྗེ་པདྨ་ལ་སོགས་པས། །དམ་ཚིག་དགུག་
པའི་མཆོག་ནི་བྱ། །ཁམས་གསུམ་གྱི་དམ་ཚིག་དགུག་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ། །ལག་ཏུ་སྐུ་དང་གསུང་ཐུགས་ནི། །ཀྱོ་བ་ལ་སོགས་རབ་ཏུ་བསྒོམ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །དེ་ནི་གནས་ལས་བྱེད་པར་འགྱུར། །རྣམ་པ་ཀུན་གྱི་
མཆོག་ལྡན་པའི། །རྡོ་རྗེ་སྐུ་ནི་རྣམ་བསྒོམས་ཤིང་། །ལྕེ་ཡི་རྡོ་རྗེའི་སྦྱོར་བས་བསྒོམ། །རྡོ་རྗེའི་གསུང་དང་འདྲ་བར་འགྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ། །ལག་ཏུ་བསྒྲུབ་བྱ་བསམས་ན་ནི། །རྡོ་རྗེ་དང་ནི་འདྲ་བར་འགྱུར། །གསང་
Vol. 81 · folio 110b
གསུམ་དམ་ཚིག་མཆོད་པའི་མཆོག །མཆོད་པས་མཆོད་ནས་རབ་བསྒྲུབ་འདི། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བསྡུས་པ་ཡིན། །བཅོམ་ལྡན་འདས་གསང་བ་ཆེན་པོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོད་
བསྒྲུབ་པར་བྱ། །བཤང་གཅི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་ཉིད་ཐོབ་པར་བྱ། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་
ཐམས་ཅད་འགྲུབ་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་དགུག་པའི་མཆོག་ཏུ་འགྱུར། །ཤ་རྣམས་ཐམས་ཅད་མ་རྙེད་ན། །ཐམས་ཅད་བསམས་པས་རྣམ་པར་བརྟག །རྡོ་རྗེའི་སྦྱོར་བ་འདི་བྱས་ན། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །རྣམ་པ་ཀུན་མཆོག་ལྡན་པ་
ཡི། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །དབུ་རྒྱན་རྡོ་རྗེ་མཆོག་འཛིན་པ། །སངས་རྒྱས་ཐམས་ཅད་མཉེས་འགྱུར་ལ། །འདི་ནི་དམ་ཚིག་ཚུལ་གྱི་མཆོག །དམ་ཚིག་མཆོག་གི་བྱ་བ་ནི། །དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག །དམ་ཚིག་ཐམས་ཅད་
ཀྱི་ཡེ་ཤེས་རྡོ་རྗེའི་ཟས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལྕེ་ནི་དམ་ཚིག་རྡོ་རྗེ་མཆོག །ཧཱུྃ་ཡིག་རྡོ་རྗེ་ཅན་བསྒོམས་ཏེ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །འདི་ནི་རྡོ་རྗེའི་ཚུལ་མཆོག་སྟེ། །ཨཱཿདང་ཨོཾ་གྱི་དམ་ཚིག་ཀྱང་། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་སེམས་
དཔའ་འདྲ་བར་འགྱུར། །རྡོ་རྗེ་དམ་ཚིག་བདུད་རྩིའི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་དམ་ཚིག་གསུམ་འགྲུབ་མཆོག །སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུའི་རྒྱ་མཚོར་འགྱུར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །རྡོ་
རྗེའི་བདག་ཉིད་སྣང་བར་བྱེད། །འཁོར་ལོའི་དམ་ཚིག་གྲུབ་པ་མཆོག །སངས་རྒྱས་སྐུ་དང་མཉམ་པར་འགྱུར། །གངྒཱའི་བྱེ་སྙེད་ཐམས་ཅད་དུ། །ཀུན་ནས་གྲུབ་པ་རྣམ་པར་སྤྱོད། །ཐམས་ཅད་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །ཐམས་ཅད་དམ་
Vol. 81 · folio 111a
ཚིག་གཟུགས་མཆོག་ནི། །རྡོ་རྗེ་སྐུ་ནི་རབ་བསྒོམས་པས། །མི་སྣང་གྱུར་པ་ཐམས་ཅད་ལ། །སྟོང་གསུམ་གཅིག་པུས་སྣང་བྱེད་པས། །སངས་རྒྱས་ཀུན་གྱི་འཕྲོག་པ་དང་། །ལྷ་མཆོག་བུ་མོ་དག་ལ་སྤྱོད། །གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། །རྡོ་རྗེ་གསུམ་གྱི་གནས་
བཞུགས་པ། །རང་ལག་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །གངྒཱའི་བྱེ་སྙེད་ཞིང་རྣམས་ན། །སྒྲ་གྲག་པ་ནི་ཇི་སྙེད་པ། །རྣ་བའི་དྲུང་ན་འཁོད་པ་བཞིན། །མངོན་ཤེས་ཁྱུ་མཆོག་གིས་ཐོས་འགྱུར། །གངྒཱའི་བྱེ་སྙེད་ཞིང་དག་གི །སེམས་ཅན་ཀུན་གྱི་
སེམས་རྣམས་ནི། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན། །རོལ་མོ་ལྟར་བྱུང་སེམས་རིག་འགྱུར། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །འཁོར་བར་གནས་པར་འབྱུང་བ་ཡི། །སྔོན་གྱི་གནས་ཀྱི་གཏན་ཚིགས་རྣམས། །ཞག་གསུམ་ལོན་པ་བཞིན་དུ་དྲན། །གངྒཱའི་བྱེ་མ་སྙེད་ཀྱི་སྐུ། །
སངས་རྒྱས་སྤྲིན་ལ་སོགས་བརྒྱན་པས། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །རྫུ་འཕྲུལ་མཆོག་གི་རྡོ་རྗེས་འགེངས། །བཅོམ་ལྡན་འདས་དམ་ཚིག་མངོན་པར་མཁྱེན་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་རྡོ་རྗེའི་སྤྱན་དང་། རྡོ་རྗེའི་སྙན་དང་རྡོ་རྗེའི་ཐུགས་དང་། རྡོ་རྗེའི་
གནས་དང་རྡོ་རྗེའི་རྫུ་འཕྲུལ་ལོ། །སངས་རྒྱས་མངོན་ཤེས་དོན་གྲུབ་ཅིང་། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །གངྒཱའི་བྱེ་སྙེད་གྲངས་མེད་པའི། །འཁོར་གྱིས་ཡོངས་སུ་བསྐོར་ནས་སུ། །རྡོ་རྗེའི་སྐུ་དང་གསུང་དང་ཐུགས། །འཇིག་རྟེན་ཁམས་ཀུན་རྣམ་པར་བཀྲོད། །བསྙེན་པའི་དམ་
ཚིག་སྦྱོར་བ་དང་། །ཉེ་བར་སྒྲུབ་པ་འབྱུང་བ་དང་། །སྒྲུབ་པའི་དོན་དུ་དམ་ཚིག་དང་། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཤེས་བྱས་རྡོ་རྗེའི་བྱེ་བྲག་གིས། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །བསྙེན་པ་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པ་གྲུབ་
མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་དཔྱད་པ། །སྒྲུབ་པ་བསྐུལ་བ་རབ་བརྗོད་པ། །སྔགས་དང་བདག་པོ་རྣམ་བསྒོམ་པ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །བསྙེན་པ་ཡེ་ཤེས་
Vol. 81 · folio 111b
བདུད་རྩིས་བྱ། །ཐམས་ཅད་དུ་ནི་རྟག་ཏུ་ཉིད། །འདི་གང་སྔགས་རྣམས་ཐམས་ཅད་ཀྱི། །སྔགས་དང་དེ་ཉིད་དོན་སྒྲུབ་པའོ། །དགོན་པ་ཆེན་པོའི་ས་ཕྱོགས་དང་། །རབ་ཏུ་སྐྱེ་བོས་དབེན་པ་དང་། །རི་བོ་ནགས་འདབ་ཆུ་ངོགས་སུ། །རྟག་ཏུ་དངོས་གྲུབ་ཐོབ་པར་འགྱུར། །བཅོམ་ལྡན་འདས་
རྡོ་རྗེ་སྒྲུབ་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟན་པས་བསྙེན་པར་བྱ། །རྡོ་རྗེ་སྐུ་གསུམ་མཉམ་དེ་ཡིས། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཐུན་བཞི་རྣམས་དང་རབ་སྦྱོར་བས། །གནས་ལྔར་བློ་དང་ལྡན་པ་ཡིས། །ཨོཾ་གྱི་ཡི་གེ་
བསྒོམས་ནས་ནི། །ཡེ་ཤེས་རྡོ་རྗེས་སྡོམ་པ་བསྟན། །ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེ་དམ་ཚིག་བསྒྲུབས་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞག་གྲངས་བྱེ་བྲག་རབ་དབྱེ་བས། །ང་ཡིས་རྒྱས་པར་རབ་ཏུ་བསྟན། །ཕྱོགས་ཀྱི་ནང་
ལས་དངོས་གྲུབ་གསུངས། །གསང་བ་མཆོག་ལས་བྱུང་རྣམས་ཀྱིས། །དེ་ལ་འདི་ནི་ཉེ་བར་བསྒྲུབ་པའི་སྡོམ་པའི་ཡུལ་ལོ། །སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་
བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །དེ་ལ་འདི་ནི་སྒྲུབ་པའི་སྡོམ་པའི་ཡུལ་ལོ། །ཆོས་ཉིད་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་
གནས་དེང་། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །དེ་ལ་འདི་ནི་སྒྲུབ་པ་ཆེན་པོའི་སྡོམ་པའི་ཡུལ་ལོ། །རྡོ་རྗེ་ཐུགས་འཛིན་དཔལ་
དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །ཐུགས་ཀྱི་རྡོ་རྗེས་མཛད་དུ་
Vol. 81 · folio 112a
གསོལ། །སངས་རྒྱས་རྡོ་རྗེ་སེམས་དཔའ་འམ། །ཡང་ན་ཆོས་ཀྱི་སེམས་དཔའང་རུང་། །གལ་ཏེ་རྨོངས་བདག་ཉིད་འདའ་ན། །ཚལ་བར་འགས་འདིར་གདོན་མི་ཟ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་
པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བདེ་གཤེགས་ཀུན། །ཡེ་ཤེས་རྡོ་རྗེ་མཆོག་འཛིན་དང་། །སེམས་ཅན་ཀུན་དོན་ཡང་དག་འབྱུང་། །བྱང་ཆུབ་
སེམས་དཔའ་བློ་ལྡན་གྱིས། །ཐུབ་པ་དོན་ཀུན་རྡོ་རྗེ་ཅན། །སྟོན་པ་ཆེ་ལ་ཕྱག་འཚལ་ནས། །དམ་ཚིག་དེ་ཉིད་མཁྱེན་པ་ལ། །མཆོད་དེ་རྡོ་རྗེའི་དབྱངས་འདི་གསུངས། །ཨེ་མའོ་སངས་རྒྱས་ཚུལ་རེ་བཟང་། །ཨེ་མའོ་བྱང་ཆུབ་ཚུལ་གྱི་མཆོག །ཨེ་མའོ་ཆོས་ཀྱི་ཚུལ་རེ་ཞི། །
ཨེ་མའོ་སྔགས་ཀྱི་ཚུལ་རེ་བསྟན། །མ་སྐྱེས་པ་ཡི་ཆོས་རྣམས་ནི། །ངོ་བོ་ཉིད་ཀྱིས་ཁྱད་པར་ཅན། །རྣམ་པར་མི་རྟོག་ཡང་དག་ལ། །ཡེ་ཤེས་འབྱུང་བར་རབ་ཏུ་གསུངས། །ཡིད་འོང་སྔགས་རྣམས་ཀུན་བསྡུས་པ། །རྡོ་རྗེ་བཟླས་པ་ཡེ་ཤེས་ཆེ། །སྐུ་གསུམ་མི་ཕྱེད་དཀྱིལ་
འཁོར་ནི། །སངས་རྒྱས་ཡེ་ཤེས་ཐོབ་འགྱུར་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བཟླས་པ་རྡོ་རྗེའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་བྱིན་གྱིས་རློབ། །རིགས་ནི་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་མཚན་ཉིད། །སྔགས་ཀྱི་བཟླས་པ་དེ་རིང་གསུངས། །ཡེ་
ཤེས་རྒྱ་མཚོ་གསན་པ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དུས་གསུམ་བྱུང་བ་རྣམས། །རྡོ་རྗེ་སྔགས་ནི་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཐོབ་འགྱུར་བ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ནམ་མཁའ་རྡོ་རྗེ་ཡེ་
ཤེས་བྱུང་། །བྱེད་སྐྱེད་དམ་པ་མཆོག་གི་གཙོས། །རྡོ་རྗེ་བཟླས་པ་འདི་གསུངས་སོ། །སྔགས་ཀུན་དོན་གྱི་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་མཚན་ཉིད། །དབྱེ་བ་གསུམ་གྱི་རྡོ་རྗེའི་མཐར། །བཀོད་པ་རྡོ་རྗེ་གསུམ་བརྗོད་བྱ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ། །སྤྲོ་བ་རྣམ་པ་
Vol. 81 · folio 112b
གསུམ་དག་བྱ། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསྒོམས་ནས་མཆོད་པའི་མཆོག་བརྟག་པ། །ཡེ་ཤེས་རྡོ་རྗེས་བྱས་ན་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །
བསམས་ནས་མཆོད་པའི་མཆོག་བརྟག་པ། །ཡེ་ཤེས་རྡོ་རྗེས་རབ་ཏུ་བྱ། །འདི་ནི་བྱང་ཆུབ་མཆོག་འཐོབ་པའོ། །ཡང་ན་དབྱེ་བ་རྣམ་གསུམ་གྱིས། །སོ་སོ་སོ་སོར་སྤྲོ་བར་བྱ། །སྐུ་དང་གསུང་ཐུགས་བདག་མེད་པ། །ཡེ་ཤེས་སེམས་ཀྱིས་ཡང་དག་སྤྲོ། །བརྗོད་ནས་རྡོ་རྗེ་སྤྲོ་བྱ་
ཞིང་། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །འདི་ནི་ཡེ་ཤེས་སྤྱན་ཕྱེ་བའི། །སངས་རྒྱས་རྣམས་ནི་ཀུན་གྱི་ཡིན། །སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་དང་དངོས་མེད་རྣམ་དཔྱད་པ། །སངས་རྒྱས་སྐུ་ཞེས་བྱ་བར་གསུངས། །དེ་ནི་སྐུ་ཡི་བཟླས་པར་བཤད། །གསུང་གི་དམ་ཚིག་རྫོགས་
བྱང་ཆུབ། །སྒྲ་དང་སྒྲ་མིན་རྣམ་དཔྱད་པ། །གསུང་གི་རྡོ་རྗེ་ཞེས་གསུངས་ཏེ། །དེ་ནི་གསུང་གི་བཟླས་པར་བཤད། །ཐུགས་ཀྱི་དམ་ཚིག་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་པ། །ཐུགས་ཀྱི་རྡོ་རྗེ་ཞེས་གསུངས་ཏེ། །དེ་ནི་ཐུགས་ཀྱི་བཟླས་པར་བཤད། །དོན་གྱི་རྗེས་
རྟོགས་བཟླས་པ་ནི། །ངོ་བོ་ཉིད་བྱུང་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་རྣམས་དཔྱད་པ། །དེ་ནི་རིན་ཆེན་བཟླས་པར་བཤད། །སངས་རྒྱས་ཞིང་ལས་ཐམས་ཅད་དུ། །སྐུ་ཡི་སྤྲིན་རྣམས་སྤྲོ་བ་ནི། །བཞུད་ཅིང་བྱོན་པ་རྡོ་རྗེའི་དོན། །དེ་ནི་དོན་ཡོད་བཟླས་པར་བཤད། །ཁྲོ་
བོའི་དམ་ཚིག་ཤེས་པ་ཡིས། །རང་གི་རྡོ་རྗེས་བསྒྲགས་དཀྱིལ་འཁོར། །སྔགས་ཀྱི་ཡི་གེའི་ཚིག་ཐོས་པ། །དེ་ནི་ཁྲོ་བོའི་བཟླས་པར་བཤད། །འདོད་པའི་དོན་གྱིས་མྱོས་གྱུར་པ། །སེམས་ཅན་ཀུན་ལ་ཕན་དགའ་མེད། །སེམས་ཅན་གཏི་མུག་གནས་ལ་འཇོག །དེ་ནི་གཏི་
མུག་བཟླས་པར་བཤད། །འདོད་ཆགས་རྡོ་རྗེ་ལས་བྱུང་ཚིག །ལུས་དང་ངག་སེམས་ལ་གནས་པ། །སེམས་ཅན་འདོད་ཆགས་མཚོར་གནས་བཞག །དེ་ནི་འདོད་ཆགས་བཟླས་པར་བཤད། །ཞེ་སྡང་རྡོ་རྗེ་ལས་བྱུང་སེམས། །ལུས་དང་ངག་སེམས་ལ་གནས་པ། །སེམས་ཅན་ཞེ་
Vol. 81 · folio 113a
སྡང་གནས་ལ་བཞག །དེ་ནི་ཞེ་སྡང་བཟླས་པར་བཤད། །དམ་ཚིག་རྡོ་རྗེ་གསུམ་དེ་ཉིད། །དམ་ཚིག་རྡོ་རྗེ་ཅན་དབུ་མ། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི། །མ་ནིང་བཟླས་པ་ཞེས་བཤད་དོ། །འདོད་ཆགས་དེ་ཉིད་དོན་བསྒོམ་པ། །རྡོ་རྗེ་བདག་པོ་ཐམས་ཅད་ནི། །སེམས་
ཅན་ཀུན་ལ་ཕན་འདོད་པའི། །འདོད་ཆགས་ལས་སྐྱེས་བྱང་ཆུབ་མཛད། །རིག་པ་ཆེན་པོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ། །གཏི་མུག་དམ་ཚིག་ལས་བྱུང་བ། །རིག་པའི་རྒྱལ་པོ་
རྡོ་རྗེ་ཅན། །མ་ནིང་དག་གི་གནས་གྲུབ་པ། །དངོས་གྲུབ་དམ་པ་རབ་ཏུ་སྟེར། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་རྣམས། །གསོད་པའི་དོན་གྱིས་སྒྲུབ་པ་པོ། །མཆོག་གི་ཆོས་ཅན་གྱིས་འགྲུབ་འགྱུར། །བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་
ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་འཁོར་ལོ་ཅན་གྱིས་ནི། །སྙིང་གའི་དབུས་སུ་འཁོར་ལོ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པ། །དབུས་སུ་འཁོར་ལོའི་དོན་བསྒོམ་མོ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་ནི། །སྙིང་གའི་དབུས་སུ་རྡོ་རྗེ་བསྒོམ། །རྡོ་
རྗེ་དཀྱིལ་འཁོར་དབུས་གནས་པ། །རྡོ་རྗེའི་སྔགས་དོན་བསྒོམ་པར་བྱ། །རིན་ཆེན་ཡེ་ཤེས་ཅན་གྱིས་ནི། །སྙིང་གའི་དབུས་སུ་རིན་ཆེན་བསྒོམ། །རིན་ཆེན་དཀྱིལ་འཁོར་དབུས་གནས་པ། །རིན་ཆེན་སྔགས་དོན་བསྒོམ་པར་བྱ། །པདྨ་ཡེ་ཤེས་ཅན་གྱིས་ནི། །སྙིང་གའི་
དབུས་སུ་པདྨ་བསྒོམ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པ། །པདྨའི་སྔགས་དོན་བསྒོམ་པར་བྱ། །རལ་གྲི་ཡེ་ཤེས་ཅན་གྱིས་ནི། །སྙིང་གའི་དབུས་སུ་རལ་གྲི་བསྒོམ། །དམ་ཚིག་དཀྱིལ་འཁོར་དབུས་གནས་པ། །རལ་གྲིའི་སྔགས་དོན་བསྒོམ་པར་བྱ། །དཀྱིལ་འཁོར་
ཀུན་གྱི་ངོས་རྣམས་སུ། །སངས་རྒྱས་ལྔ་རྣམས་དགོད་པར་བྱ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས། །སྤྲོས་ན་བྱང་ཆུབ་ཐོབ་པར་འགྱུར། །སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས། །སྤྲོ་བ་དང་ནི་བསྡུ་བར་བྱ། །
Vol. 81 · folio 113b
ལུས་ནི་སྐུ་ཡི་ངོ་བོ་ཉིད། །སེམས་ནི་ཐུགས་ཀྱི་ངོ་བོ་ཉིད། །ངག་ནི་གསུང་གི་རང་བཞིན་གྱིས། །མཆོད་ན་མཆོད་པའི་གནས་ཐོབ་འགྱུར། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །རྡོ་རྗེ་ལྔ་ནི་བསྒོམ་པར་བྱ། །སྐུ་གསུང་རྡོ་རྗེའི་དབུས་སུ་ནི། །རང་གི་བདག་པོའི་གཟུགས་བསམས་
ནས། །རང་གི་སྔགས་ཀྱི་རྡོ་རྗེའི་གཟུགས། །དཀྱིལ་འཁོར་རྣམ་པ་བཞི་དག་ནི། །ཁ་དོག་རྣམ་བཞིར་ཀུན་བརྟགས་ལ། །སྙིང་གར་སྔགས་ཀྱི་དོན་བསྒོམ་པ། །རྡོ་རྗེ་རྣམ་པ་བཞི་ཡི་ལས། །བསམ་གཏན་རྡོ་རྗེ་ཅན་དག་བྱེད། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །མཆོག་
ཏུ་རྟག་པ་གསང་ཆེན་ནོ། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །རྒྱས་པ་པདྨོ་རྡོ་རྗེ་ཅན། །དབང་ལ་རྣམ་པར་སྣང་མཛད་གནས། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི། །གསང་བ་སྐུ་གསུམ་ལས་བྱུང་བས། །སྤྲུལ་པ་སྔགས་རྣམས་ཐམས་ཅད་ཀྱི། །བྱ་བའི་རོལ་མོས་མཚན་
པའོ། །མ་དད་སྨྲ་བའི་སེམས་ཅན་དང་། །སློབ་དཔོན་རྡོ་རྗེ་ཅན་སྨོད་པ། །གདུག་པའི་སེམས་ཅན་གཞན་རྣམས་ལའང་། །རབ་ཏུ་བསྐུལ་བ་འདི་བྱའོ། །བཅོམ་ལྡན་འདས་ཡེ་ཤེས་ཆེན་པོ་འཁོར་ལོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །
སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ། །དགྲ་བོ་བསད་པར་བསམས་ནས་སུ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །རྡོ་རྗེ་རྩེ་ལྔ་ཞལ་བཞི་པ། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྡོ་རྗེ་སེམས་དཔར་རྣམ་པར་བསྒོམ། །དུས་གསུམ་དམ་
ཚིག་ལས་བྱུང་བའི། །སངས་རྒྱས་འཁོར་ལོ་རྣམ་བསྒོམས་ལ། །སངས་རྒྱས་འཁོར་ལོ་སྟོབས་པོ་ཆེ། །ལག་པ་གཡས་པས་འདི་བྱའོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །སངས་རྒྱས་སྐུ་ཡི་བྱེ་བྲག་གིས། །བསྡུས་ཏེ་གོང་བུའི་ཚུལ་གྱིས་སུ། །དེ་དག་རང་གི་ལུས་
ལ་གཞུག །སངས་རྒྱས་ཡེ་ཤེས་འཁོར་ལོ་ཅན། །སླར་ཡང་སྤྲོ་བར་རབ་ཏུ་བྱ། །ཁྲོས་པས་འཁྲུགས་པའི་ཁྲོ་བོ་བསམ། །མི་སྡུག་རབ་གསལ་འཇིགས་སུ་རུང་། །མཚོན་ཆ་སྣ་ཚོགས་མཆོག་འཛིན་པ། །གསོད་པའི་དོན་གྱི་མཆོག་སེམས་པ། །གདུག་པ་ཆེན་པོ་གསོད་
Vol. 81 · folio 114a
པར་བྱེད། །རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་། །སངས་རྒྱས་སྐུ་གསུམ་མཆོག་སྩོལ་བས། །རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གནས། །དངོས་གྲུབ་སྟེར་འགྱུར་རྨོངས་བདག་ཉིད། །འདི་ལ་ཐེ་ཚོམ་མི་བྱའོ། །འདི་ནི་ཉིན་ཞག་བདུན་བྱ་སྟེ། །སངས་རྒྱས་ཀྱིས་ཀྱང་མི་
འགྲུབ་བོ། །རྡོ་རྗེའི་དམ་ཚིག་ཡེ་ཤེས་ཀྱི་བཀའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འཁོར་ལོ་རྡོ་རྗེ་འབར་བས་བརྒྱན། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །དུས་གསུམ་དམ་ཚིག་ལས་
བྱུང་བ། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །རྡོ་རྗེ་མེ་སྟག་འཕྲོ་བ་ཅན། །དེ་ཡི་ཕྱག་ན་བསྣམས་པར་བསྒོམ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །རྡོ་རྗེའི་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་གྱིས་བསྡུས་ནས་ནི། །དེ་དག་བདག་གི་ལུས་ལ་གཟུད། །རྡོ་རྗེ་
ཐམས་ཅད་སྤྲོ་བ་ནི། །ཡེ་ཤེས་མཆོག་གི་གཉེན་གྱིས་བྱ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཆང་། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་དམ་ཚིག་ལས་འདས་ན། །རྡོ་རྗེ་ཀུན་ནས་
འབར་གཟུགས་ཀྱིས། །སྐུ་གསུམ་ལས་བྱུང་དགས་པར་བགྱི། །ཞིག་པར་འགྱུར་འདིར་གདོན་མི་འཚལ། །འཁོར་ལོའི་དམ་ཚིག་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། །གཤིན་རྗེ་གཤེད་ནི་
འཁོར་ལོ་ཆེ། །རང་གི་རྡོ་རྗེ་རབ་ཏུ་བརྟག །དུས་གསུམ་སངས་རྒྱས་སེམས་དཔའ་རྣམས། །སྐུ་གསུམ་དཀྱིལ་འཁོར་ལ་བཞུགས་པ། །སླར་ཡང་སངས་རྒྱས་གཤིན་རྗེ་གཤེད། །རྣམ་པ་འདྲ་བར་སྤྲོ་བར་བྱ། །སེམས་ཅན་དུས་གསུམ་ལ་བཞུགས་པ། །གདུག་སེམས་
ཅན་དང་དགྲ་བོ་རྣམས། །ཁྲོས་པས་ཐམས་ཅད་གསོད་པར་བསྒོམ། །འདི་ནི་རྡོ་རྗེ་བཀའ་དཀྱིལ་འཁོར། །དམ་ཚིག་ཐམས་ཅད་ལས་བྱུང་བ་གཤིན་རྗེ་གཤེད་ཀྱི་སྐུ་གསུམ་གྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའམ། །རང་སྔགས་དོན་གྱི་ཡོན་ཏན་ནམ། །
Vol. 81 · folio 114b
ཡང་ན་གཙུག་ཏོར་དམ་ཚིག་གིས། །བཀའ་ཡི་འཁོར་ལོ་སྦྱར་བར་བྱ། །སྔགས་ཀུན་བསྲུང་ཕྱིར་ཡེ་ཤེས་མཆོག །རྡོ་རྗེ་ཅན་གྱིས་བྱ་བ་སྟེ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །བྱང་ཆུབ་བསྲུང་བའི་དོན་ཞེས་བྱ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །
ནམ་མཁའི་རྡོ་རྗེའི་དབུས་གནས་པར། །རྣམ་པར་སྣང་མཛད་སྐུ་མཆོག་ལས། །འབྱུང་བའི་སྐུ་གསུམ་དམ་ཚིག་ཆོས། །བསམས་ནས་གདན་དེ་རབ་ཏུ་བརྟག །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །རང་སྔགས་ཡི་གེ་གནས་
ཡེ་ཤེས། །ཐུགས་ཀྱི་རྣམ་པར་བསྒོམ་པར་བྱ། །སླར་ཡང་སངས་རྒྱས་སེམས་ཙམ་དུ། །བསྒོམས་པ་རྣམས་ནི་རབ་ཏུ་བསྡུ། །ཐུགས་ཀྱི་རྡོ་རྗེར་བྱས་ནས་སུ། །སྐུ་གསུམ་ལ་ནི་དེ་དག་གཟུད། །བཅོམ་ལྡན་འདས་ནམ་མཁའི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེའི་
སྔགས་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །སངས་རྒྱས་རིམ་པར་བཀོད་ནས་ནི། །ཆུ་ཡི་སྟེང་དུ་བཅག་པར་བྱ། །རྐང་པ་མཉམ་བཞག་སྦྱོར་བ་ཡིས། །སྤྱི་བོའི་སྟེང་དུ་རྐང་པ་
བསྒོམ། །བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ཆུ་གཏེར་རྐང་པས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དབུས་སུ་དབང་ཆེན་དཀྱིལ་འཁོར་ནི། །བསམས་ཏེ་ཁྲོ་བོའི་རིགས་བཞག་ལ། །ལས་ཀྱི་རྡོ་རྗེ་གནས་གནོན་པ། །དེ་ཡི་སྤྱི་བོར་བསྒོམ་པར་
བྱ། །མུ་སྟེགས་ཐམས་ཅད་དང་། ཕས་ཀྱི་རྒོལ་བའི་འཁྲུལ་འཁོར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཁྲོ་བོའི་གཟུགས་གསུམ་རྡོ་རྗེ་མཆོག །གེ་སར་སེར་པོའི་མདོག་འདྲ་བ། །ཐམས་ཅད་རི་ཡི་རྒྱལ་པོ་ལྟར། །སྤྱི་བོར་བསམས་ནས་རབ་ཏུ་བསྒོམ། །སངས་
རྒྱས་དཔུང་ཡང་གནོན་བྱེད་ན། །མི་དབང་ལ་འདིར་ཐེ་ཚོམ་མེད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དཔུང་ཐམས་ཅད་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དགྲ་བོ་སྐྲག་པའི་དམ་ཚིག་
Vol. 81 · folio 115a
ལ། །བསམ་གཏན་འདི་ནི་རབ་ཏུ་བརྟག །སངས་རྒྱས་ཀྱིས་ཀྱང་གལ་ཏེ་བགྲོད། །གསལ་བར་འགྱུར་འདི་གདོན་མི་ཟ། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་དམ་ཚིག་གིས་འདི་སྐད་ཅེས་གསུངས་ཏེ། ཡི་གེ་ཧཱུྃ་ལས་ཕུར་བུ་ཡི། །ཚད་ནི་རྩེ་མོ་ལྔ་པ་སྟེ། །
རྡོ་རྗེ་ཕུར་བུར་བྱས་བསྒོམ་ལ། །སྙིང་གར་དེ་ཡིས་འདི་རབ་བསྒོམ། །སངས་རྒྱས་དཔུང་ནི་ཁྲོས་པ་ཡང་། །འཇིག་པར་འགྱུར་འདིར་གདོན་མི་ཟ། །དགྲ་རྨོངས་པ་གནོན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གྲོང་ཁྱེར་རམ་ནི་ཡང་ན་གྲོང་། །ལྗོངས་སུ་ཡང་
ནི་རབ་སྦྱར་བྱ། །ནད་ཀུན་སྤོང་བའི་ཞི་བ་ཡང་། །འདིས་ནི་རྟག་ཏུ་སྦྱར་བར་བྱ། །བར་སྣང་ལ་གནས་རྡོ་རྗེ་ནི། །རྩེ་མོ་ལྔ་པ་རྣམ་པར་བསྒོམ། །བསྐལ་པ་སྲེག་པ་ལྟར་བསམས་ལ། །སླར་ཡང་རབ་ཏུ་བསྡུ་བར་བྱ། །སྤྲོ་བ་དག་ཀྱང་སླར་བྱའོ། །རིན་ཆེན་ཡིད་བཞིན་ནོར་
བུའི་འོད། །ཆོས་ཀྱི་སྤྲིན་ནི་བསྒོམས་ནས་ཀྱང་། །དབང་བསྐུར་བ་ནི་ཡང་དག་བྱ། །རྡོ་རྗེའི་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །སྦྱིན་པའི་རྡོ་རྗེ་རབ་སྣང་བྱེད། །ཡིད་བཞིན་ནོར་བུ་དཔལ་ལྡན་འགྱུར། །དེར་ནི་སངས་རྒྱས་ཆོས་ཆེན་དང་། །རྡོ་རྗེ་
སེམས་དཔའི་སྤྲིན་སྤྲོ་བྱ། །བསྐལ་པ་གྲངས་མེད་གསུམ་ཡང་གནས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྐྱོན་མེད་སྐུ་ཡི་གསང་བའོ། །ནད་ཐམས་ཅད་མེད་པར་བྱེད་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་
ལས་བྱུང་དམ་བཅས་པ། །གནས་གང་དུ་ནི་བརྩམ་པར་བྱ། །འདི་ཡིས་བསམ་གཏན་སྦྱོར་བ་ཡིས། །གནས་ན་སངས་རྒྱས་བྱིན་གྱིས་རློབ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུར་རབ་བསྒོམས་ལ། །ཕྱོགས་བཅུའི་དཀྱིལ་འཁོར་མཆོག་རྣམས་ལ། །མེ་སྟག་འབར་
བ་འདྲ་བས་གདབ། །ཅེས་ཀྱང་གསུངས་སོ། །འགྲོ་བ་འདུལ་བ་ཞི་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །ཞི་བའི་དཀྱིལ་འཁོར་དམ་པ་བསམ། །རྣམ་པར་སྣང་མཛད་གཟུགས་བསམས་ནས། །རང་གི་ཐུགས་ཀར་དོན་གཉེར་
Vol. 81 · folio 115b
བཞག །མཁའ་དབྱིངས་སྤྱན་གྱི་མཆོག་རྣམས་ཀྱིས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །བསྡུས་ནས་འོད་ཀྱི་གོང་བུ་ཡིས། །ནད་པ་ལ་ནི་ཕབ་ནས་སུ། །སྤུ་ཁུང་རྩེ་བར་ནས་སངས་རྒྱས། །སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་སྤྲོ། །སངས་རྒྱས་སྤྲིན་རྣམས་དེ་ཡི་ཚེ། །
དེ་ལ་དབང་བསྐུར་རབ་ཏུ་སྩོལ། །དམ་ཚིག་རྡོ་རྗེ་ནད་པ་ཡིས། །སྐད་ཅིག་གིས་ནི་དཔལ་ལྡན་འགྱུར། །སངས་རྒྱས་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་རྡོ་རྗེའི་དབུས་གནས་པར། །དབང་ཆེན་དཀྱིལ་འཁོར་དམ་པ་བསམ། །ཆོས་འཛིན་
པ་ཡི་གཟུགས་བསམ་མོ། །ཐུགས་ཀར་དོན་གཉེར་གཞག་པར་བྱ། །མཁའ་དབྱིངས་གནས་ནི་ཉམས་དགའ་བར། །དཀར་མོ་ཞེས་བྱས་རབ་ཏུ་དགང་། །ཡིད་བཞིན་ནོར་བུ་རིན་ཆེན་འོད། །འོད་ཀྱི་གོང་བུ་བསྡུ་བར་བྱ། །འདི་དག་འདོད་པའི་ལུས་དང་ངག །
སེམས་ཀྱི་གནས་ལ་དབབ་པར་བྱ། །སྤུ་ཁུང་རྩེ་བར་ནས་རིན་ཆེན། །སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་སྤྲོ། །ཆོས་ཀྱི་སྤྲིན་ནི་བསྒོམ་བྱ་ཞིང་། །དབང་བསྐུར་བ་ནི་ཡང་དག་བྱ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །དེ་ནི་
ཡིད་བཞིན་ནོར་དཔལ་ལྡན། །སྦྱིན་པའི་རྡོ་རྗེ་རབ་སྣང་བའོ། །ཆོས་ཀྱི་སྤྲིན་གྱི་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་བསམ། །རྡོ་རྗེ་ནམ་མཁའ་ཆོས་མདུན་གཟུགས། །ཐུགས་ཀར་
འདོད་པ་གཞག་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ནམ་མཁའི་དཀྱིལ་འཁོར་ཡོངས་སུ་གང་། །འོད་ཟེར་ལྔ་ཡི་སྦྱོར་བ་ཡིས། །གཟི་བརྗིད་དེ་ལ་དབབ་པར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །སངས་རྒྱས་ཀུན་གྱི་ཐུགས་སུ་བྱོན། །འཇམ་དཔལ་
དང་ནི་མཉམ་ཞིང་གསལ། །གནས་ལས་བྱེད་པར་དེར་འགྱུར་རོ། །དགྱེས་པའི་བདག་ཉིད་ཅན་དབང་བསྐུར། །དགའ་སྟོན་ཆེན་པོ་སྩོལ་བར་མཛད། །མཐོང་བ་ཉིད་ཀྱིས་བྱུང་བ་ཡི། །འགྲོ་བ་ཐམས་ཅད་དབང་དུ་འགྱུར། །རིན་པོ་ཆེའི་དམ་ཚིག་གི་སྤྲིན་བཀོད་
Vol. 81 · folio 116a
པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེར་སྲིན་པོ་ནི། །དྲག་ཅིང་ཁྲོ་ལ་རབ་གཏུམ་དང་། །ཝ་དང་སྣ་ཚོགས་བྱ་རོག་དང་། །བྱ་རྒོད་ཁྱི་ཡིས་གང་བར་བསྒོམ། །མེ་ཡི་དཀྱིལ་འཁོར་ལ་གནས་པའི། །དགྲ་བོ་རྣམས་ནི་རྟག་པར་བསྒོམ། །
སངས་རྒྱས་ཀུན་ལ་གནོད་བྱེད་པ། །བསམས་ནས་རྣལ་འབྱོར་སྦྱར་བར་བྱ། །རྒྱུ་མ་རུས་བཅུད་ཁྲག་ལ་སོགས། །ཀུན་གྱིས་དྲངས་པར་རྣམ་པར་བསྒོམ། །མཚོན་ཆ་སྣ་ཚོགས་ཐོགས་པས་མནན། །བསྒོམས་ན་དགྲ་རྣམས་འཆི་བར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་
པས་ཀྱང་། །གལ་ཏེ་འདི་ལྟར་རབ་བསྒོམས་ན། །ཟླ་ཕྱེད་ནང་དུ་རྫོགས་པ་ལ། །འཆི་བར་འགྱུར་འདིར་གདོན་མི་ཟ། །རྡོ་རྗེ་སྤྲིན་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པར་སྣང་མཛད་ཞལ་གསུམ་པ། །སྟོན་ཀའི་ཆུ་སྒོང་མདོག་འདྲ་བསམ། །
དཀར་པོ་ནག་པོ་རབ་ཏུ་དམར། །ཐོར་ཚུགས་དབུ་རྒྱན་དག་གིས་བརྒྱན། །རྡོ་རྗེ་ཅན་ནི་ཞལ་གསུམ་བསམ། །ནག་པོ་དཀར་པོ་དམར་པོའི་ཞལ། །འབར་བའི་ཐོར་ཚུགས་དབུ་རྒྱན་ཅན། །འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་པའོ། །འདོད་ཆགས་ཅན་ནི་ཞལ་གསུམ་བསམ། །
དམར་པོ་ནག་པོ་དཀར་བོའི་ཞལ། །ཐོར་ཚུགས་དབུ་རྒྱན་ལོངས་སྤྱོད་ཅན། །བསྒོམས་ན་ངེས་པར་འགྲུབ་པར་འགྱུར། །འཁོར་ལོ་རྡོ་རྗེ་པདྨོ་ཆེ། །གཡས་པའི་ཕྱག་ཏུ་རྣམ་པར་བསྒོམ། །རྡོ་རྗེ་ཕྱག་དྲུག་བཟང་པོ་ནི། །མཚོན་ཆ་སྣ་ཚོགས་བསྣམས་པར་བསྒོམ། །སེམས་
ཅན་ཀུན་ལ་ཕན་བཞེད་མ། །སྤྱན་མ་ཞལ་གསུམ་དག་ཏུ་བསམ། །དཀར་པོ་ནག་པོ་དམར་པོ་ཆེ། །མཛེས་པའི་གཟུགས་སུ་རབ་ཏུ་བསྒོམ། །མཁའ་སྐྱེས་སྤྱན་ནི་རྒྱལ་མོ་ཆེ། །དྲི་མ་མེད་ཅིང་ཞལ་གསུམ་པ། །གནག་དང་དམར་དང་དཀར་བའི་ཚུལ། །མཛེས་པའི་
གཟུགས་སུ་རྟག་ཏུ་བསྒོམ། །གསུང་རྡོ་རྗེ་སྤྱན་རྒྱལ་མོ་ཆེ། །དམར་གནག་དཀར་པོའི་རྣམ་པ་ཡི། །ཞལ་གསུམ་པ་ནི་མྱུར་དུ་འགྲུབ། །ཁ་དོག་མཛེས་པར་རབ་ཏུ་བསྒོམ། །རིག་མ་རྡོ་རྗེ་ཨུཏྤལ་བསྣམས། །ཞལ་གསུམ་རབ་ཏུ་གསལ་བའི་མདངས། །སེར་གནག་
Vol. 81 · folio 116b
དཀར་བའི་རྣམ་པ་ནི། །བསྒོམས་ན་ཡེ་ཤེས་ཐོབ་པར་འགྱུར། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཞལ་གསུམ་དྲག་པོའི་འོད་བཟང་བ། །རྣོན་པོ་འཇིགས་པའང་འཇིགས་པར་བྱེད། །ཁ་དོག་ནག་པོ་རབ་ཏུ་བསྒོམ། །གཞན་གྱིས་མི་ཐུབ་ཁྲོ་བོ་ཆེ། །དྲག་ཏུ་བཞད་པའི་སྒྲ་
འབྱིན་པ། །ཞལ་གསུམ་འོད་ཟེར་མང་པོ་དག །རབ་ཏུ་འཕྲོ་བར་རྣམ་པར་བསམ། །ཁྲོ་བོ་ཆེན་པོ་རྟ་མགྲིན་ནི། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཞལ་གསུམ་གདུག་པ་ཞབས་ཀྱིས་མནན། །སྦྱོར་བ་ཅན་གྱིས་རྟག་ཏུ་བསྒོམ། །རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ། །
འོད་ཟེར་འཕྲོ་བ་རབ་ཏུ་འཁྲུག །དྲག་པོ་རྡོ་རྗེ་འབར་བ་འདྲ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །འདོད་པའི་ཡེ་ཤེས་ཁྲོ་བོ་ཆེ། །ཞལ་གསུམ་པ་ནི་འཇིགས་པར་བྱེད། །ཕྱག་བཞི་འཇིགས་པར་བྱེད་པའི་མཆོག །ཊཀྐིའི་རྒྱལ་པོ་རབ་ཏུ་བསྒོམ། །སྟོབས་
པོ་ཆེ་ནི་རྡོ་རྗེ་ཆེ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །ཞལ་གསུམ་པ་ནི་རྟག་ཏུ་བསྒོམ། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཁམས་གསུམ་དག་ནི་འཇིགས་པར་བྱེད། །ཞལ་གསུམ་རྡོ་རྗེ་ལས་བྱུང་བ། །འབར་བ་རྣོན་པོ་ཅན་
དུ་བསྒོམ། །རྡོ་རྗེ་མི་གཡོ་ཁྲོ་བོ་ཆེ། །རྡོ་རྗེ་ལས་བྱུང་ཟུར་གྱིས་བལྟ། །ཞི་བ་རལ་གྲི་ཞགས་པ་བསྣམས། །བརྟུལ་ཞུགས་ཅན་གྱིས་ཞལ་གསུམ་བསྒོམ། །གཙུག་ཏོར་ཆེན་པོ་ཡི་གེ་གཅིག །འོད་ཟེར་དག་ནི་ཀུན་ཏུ་འཕྲོ། །ཞལ་གསུམ་འབར་བའི་འཁོར་ལོ་
ཅན། །བསམ་གཏན་འོད་བཟང་བསྒོམ་པར་བྱ། །གནོད་མཛེས་ཡེ་ཤེས་མཆོག་འཛིན་པ། །འཇིགས་པའི་རྒྱ་མཚོ་ཡང་དག་བྱེད། །ཞལ་གསུམ་འབར་བའི་འོད་འཕྲོ་སྐུ། །བསམ་གཏན་དཀྱིལ་འཁོར་བསྒོམ་པར་བྱ། །གཟི་བརྗིད་ཕུང་པོ་གཙུག་ཏོར་རྒྱལ། །
གང་གཞན་སྔགས་ཀྱི་འཁོར་ལོ་ཅན། །དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས། །སོ་སོ་སོ་སོར་བསྒོམ་པར་བྱ། །སྔགས་རྣམས་ཀྱི་ནི་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བཤད་པ་ཡིན། །ཁྲོ་བོ་དག་ནི་རེ་རེ་ཡང་། །ནམ་མཁའི་སྟེང་བས་ཤིན་ཏུ་འཕགས། །ནམ་
Vol. 81 · folio 117a
མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྣམ་པར་སྣང་མཛད་རྣམ་པར་བསམ། །གསལ་ཞིང་ཟླ་བ་བཞིན་ཞི་བ། །འོད་ཟེར་སྣ་ཚོགས་འདྲ་བའི་འོད། །མེ་ལོང་ལྟ་
བུར་ཡང་དག་བྱུང་། །ཁམས་གསུམ་དག་ནི་རྒྱན་གྱུར་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་དག །བསམས་ན་བྱང་ཆུབ་དེ་ཡིས་མཐོང་། །བསམ་གཏན་རྡོ་རྗེ་རབ་བསྒོམ་པ། །དེ་ཡིས་སངས་རྒྱས་ཆེ་བའི་བདག །འཇིག་རྟེན་ཐམས་ཅད་དབང་བྱེད་པ། །ཚེ་འདི་ཉིད་ལ་
ཐོབ་པར་འགྱུར། །རྣམ་པར་སྣང་མཛད་དམ་ཚིག་འབྱུང་བ་མཛེས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསམ། །
ཁྲོས་པ་གསལ་བའི་ལུས་དང་འདྲ། །འབར་བ་སྣ་ཚོགས་མཉམ་པའི་འོད། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞི་བའི་ཡེ་ཤེས་གནས་བསྒོམས་ན། །རྡོ་རྗེ་ཉིད་ནི་མྱུར་དུ་འཐོབ། །བསམ་གཏན་རྡོ་རྗེ་རབ་བསྐུལ་བ། །འདིས་ནི་
རྡོ་རྗེའི་བདག་ཉིད་ཆེ། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དམ་ཚིག་ཐམས་ཅད་འབྱུང་བ་མཛེས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་
གཟུགས་ནི་རབ་བསྒོམས་ལ། །ཆོས་ཀྱི་སེམས་དཔའ་རྣམ་པར་བསྒོམ། །གསལ་བའི་ལུས་འཛིན་ཞི་བ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འོད་ཟེར་སྤྲིན་ནི་འཁོར་ལོ་ཆེ། །རྣམ་པར་འཕྲོ་བ་རབ་ཏུ་བསྒོམ། །འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་
ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་བརྒྱན་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཆོས་ཀྱི་སེམས་དཔའ་འབྱུང་བའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་
Vol. 81 · folio 117b
གཟུགས་ནི་རབ་བསྒོམས་ལ། །སྤྱན་མ་མཆོག་ནི་རྣམ་པར་བསྒོམ། །ཞལ་མཛེས་སྤྱན་ནི་རབ་ཏུ་ཡངས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས། །བུད་མེད་སྒྱུ་མའི་མཆོག་ལྡན་པ། །ཁམས་གསུམ་དག་ནི་དབང་བྱེད་པ། །ཡེ་ཤེས་
དངོས་གྲུབ་ཐམས་ཅད་བྱེད། །འཁོར་ལོའི་ཡིད་བཞིན་ནོར་བུའི་འོད། །ཕྱག་ཏུ་འཁོར་ལོ་བསྒོམ་པར་བྱ། །སྤྱན་གྱི་དམ་ཚིག་ཕྱག་གི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་འོད་མཆོག་བསམ། །སངས་
རྒྱས་གཟུགས་ནི་རབ་བསྒོམས་ནས། །ནམ་མཁའ་རྡོ་རྗེ་མཆོག་རབ་བསྒོམ། །ཞལ་བཟང་སྤྱན་ནི་རབ་ཏུ་ཡངས། །ཨུཏྤལ་མཐིང་གའི་མདོག་འདྲ་བ། །མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས། །ནམ་མཁའ་དམ་ཚིག་མཆོག་རབ་བསྒོམ། །ཕྱག་ན་ཨུཏྤལ་སྔོ་དམར་
བསྣམས། །ཁམས་གསུམ་དག་གིས་ཕྱག་བྱས་པ། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །དངོས་གྲུབ་རྡོ་རྗེ་ཅན་གྱི་གསང་། །ནམ་མཁའ་ཡུམ་རིན་པོ་ཆེའི་འོད་ཀྱི་སྤྲིན་རྡོ་རྗེ་ཚིམ་པར་བྱེད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །
ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་ཆོས་མ་རབ་ཏུ་བསྒོམ། །ཞལ་བཟང་སྤྱན་ནི་རབ་ཏུ་ཡངས། །པདྨ་རཱ་གའི་མདོག་འདྲ་བ། །སྒྱུ་མས་མཚན་པའི་མཆོག་ལས་བྱུང་། །འདོད་ཆགས་ཆགས་པ་འཛིན་སྡུག་པ། །མཚན་
ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཕྱག་ན་ཨུཏྤལ་དམར་མཛེས་བསྣམས། །སངས་རྒྱས་ཐམས་ཅད་རབ་བསྒོམས་པ། །ཆོས་ཀྱི་ཡེ་ཤེས་འབྱུང་གནས་མཆོག །དམ་ཚིག་རྡོ་རྗེ་ཅན་གྱི་གསང་། །ཆོས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་
མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དངོས་གྲུབ་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །སྒྲོལ་མ་མཆོག་ནི་བསྒོམ་པར་བྱ། །ཞལ་བཟང་
Vol. 81 · folio 118a
སྤྱན་ནི་རབ་ཏུ་ཡངས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཁ་དོག་ལྗང་སེར་འདྲ་བའི་འོད། །བུད་མེད་སྒྱུ་མས་རབ་ཏུ་མྱོས། །རྡོ་རྗེ་ཏིང་ངེ་འཛིན་ལས་བྱུང་། །སེམས་ཅན་ཀུན་གྱིས་ཕྱག་བྱས་པ། །ཨུཏྤལ་ལྗང་སེར་དམར་བའི་མདངས། །ཕྱག་ན་
བསྣམས་པ་རབ་ཏུ་བསྒོམ། །དམ་ཚིག་སྒྲོལ་མ་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །གཤིན་རྗེ་གཤེད་མཆོག་རྣམ་པར་བསྒོམ། །འབར་
བའི་འོད་ཟེར་མང་པོ་འཕྲོ། །འཇིགས་པའི་དཀྱིལ་འཁོར་རབ་ཏུ་ཁྲོས། །སྤྱན་དམར་མཆེ་བ་རྣམ་པར་གཙིགས། །ཕྱག་ན་རལ་གྲི་བསྣམས་པར་བསྒོམ། །དབུ་རྒྱན་སྣང་མཛད་བཞུགས་བསྒོམས་ན། །རྡོ་རྗེ་ཅན་ནི་དགྱེས་པར་འགྱུར། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །
ཐམས་ཅད་ཁྲོ་བོའི་དམ་ཚིག་ཡིན། །གཤིན་རྗེ་གཤེད་སྤྲོ་བའི་སྣང་བ་བཀོད་པ་སྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །གཞན་གྱིས་མི་ཐུབ་རབ་ཏུ་
བསྒོམ། །འབར་བའི་འོད་ཟེར་མང་པོ་ཅན། །སྦྲུལ་གྱིས་བརྒྱན་ཅིང་སྐེ་རགས་ཅན། །ཞལ་ནི་རྣམ་པར་གཙིགས་ཤིང་བགྲད། །ཁ་དོག་དཀར་པོ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསམས་ན་རྡོ་རྗེ་ཅན་དག་དགྱེས། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །
ཐམས་ཅད་ཁྲོ་བོའི་དམ་ཚིག་གོ། །གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་རྟ་མགྲིན་རབ་ཏུ་བསྒོམ། །ཁྲོ་བོའི་
འོད་ཟེར་མང་པོ་དག །ཐམས་ཅད་དུ་ནི་རྣམ་པར་འཕྲོ། །གདུག་པ་ཐམས་ཅད་ཞབས་ཀྱིས་མནན། །ཁ་དོག་དམར་པོ་རྣམ་པར་བསམ། །རྫོགས་སངས་དཔག་མེད་དབུ་རྒྱན་ལ། །བསྒོམས་ན་རྡོ་རྗེ་ཅན་དག་མཉེས། །འདི་ནི་རྡོ་རྗེ་ཡེ་ཤེས་ཅན། །ཐམས་ཅད་ཁྲོ་བོའི་དམ་ཚིག་
Vol. 81 · folio 118b
ཡིན། །རྟ་མགྲིན་སྐྱེད་པ་འབྱུང་བ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་བདུད་རྩི་རབ་སྒོམ་པ། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེའི་
སྤྲིན་ནི་ཀུན་ཏུ་འཁྲུག །ཁྲོས་ཤིང་ཁྲོ་བཅས་གནག་པ་དང་། །མཆེ་བ་རྣོན་པོ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་རྡོ་རྗེ་ཅན་མཉེས་འགྱུར། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །བདུད་རྩིའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཊཀྐིའི་རྒྱལ་པོ་རབ་བསྒོམ་བྱ། །ཁྲོ་བོ་འཇིགས་པའི་ཆ་ལུགས་གཏུམ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །རྒྱན་
རྣམས་ཐམས་ཅད་ཡོངས་སུ་རྫོགས། །རྡོ་རྗེ་འོད་བཟང་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །བསམ་གཏན་རྡོ་རྗེ་རྫོགས་པར་བྱང་ཆུབ་པ་དགའ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །སྟོབས་པོ་ཆེ་ནི་རབ་ཏུ་བསྒོམ། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེ་གསུམ་གྱི་གནས་དཀྱིལ་འཁོར། །ཁྲོ་ཞིང་དྲག་པོ་
ཞགས་པ་འཛིན། །རྡོ་རྗེ་སྟོབས་ཅན་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །རྡོ་རྗེ་གསུམ་གྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་
དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སྔོན་པོ་རྣམ་པར་བསྒོམ། །ཁྲོ་བོ་འཇིགས་པའི་ཆ་ལུགས་ཅན། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །གཟུགས་ནི་རབ་ཏུ་གནག་ལ་རྣོ། །ནག་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words