འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ

Sanskrit title (Tibetan script, as in the text) ཨཱཪྻ་དྭ་ཡ་སམ་ཏཱ་བི་ཛ་ཡ་ཁྱཱ་བི་ཀལྤ་མ་ཧཱ་རཱ་ཛཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 82 · folio 58b

༄༅༅། །རྒྱ་གར་སྐད་དུ། ཨཱཪྻ་དྭ་ཡ་སམ་ཏཱ་བི་ཛ་ཡ་ཁྱཱ་བི་ཀལྤ་མ་ཧཱ་རཱ་ཛཱ། བོད་སྐད་དུ། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་

དུས་གཅིག་ན། བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་གནས། ལྷའི་ཁང་བཟང་ན་རིའི་རྒྱལ་པོ་རི་རབ་དགུ་བཅུ་རྩ་དགུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་སེམས་

དཔའི་གནས་ཐོབ་པ། རྡོ་རྗེའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཤ་སྟག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པ་ཉིད་ཀྱི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་

མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རི་རབ་དགུ་བཅུ་རྩ་དགུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་དང་ཐབས་ཅིག་གོ། །དེའི་ཚེ་དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱི་

Vol. 82 · folio 59a

རླབས་ཀྱིས་ལྷའི་རྒྱལ་པོའི་ཁང་བཟང་དེ་ནི། ནོར་བུ་རིན་པོ་ཆེའི་ཁང་བརྩེགས་དང་། ནོར་བུ་རིན་པོ་ཆེ་ཆེན་པོའི་ཏོག་དང་། ཁ་དོག་སྣ་ཚོགས་རྣམ་པར་བཀྲ་བའི་དར་དཔྱངས་དང་། འཕན་དང་། གདུགས་དང་། རྒྱལ་མཚན་དང་། བླ་བྲེས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཕྲེང་དང་།

དྲ་བ་དང་། དྲ་བ་ཕྱེད་པ་དང་། རྔ་ཡབ་དང་། མེ་ཏོག་གི་ཆུན་པོ་དང་། དྲིལ་བུ་དང་། དར་གྱི་ལྡ་ལྡི་རླུང་གིས་བསྐྱོད་པ་ལ་སོགས་པའི་རྒྱན་བཀོད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་བཞིན་དུ་ཀུན་ནས་མཛེས་པར་གྱུར་ཏོ། །སྟོན་པ་བཅོམ་ལྡན་འདས་ནི་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་པ་ཁྱད་པར་འཕགས་པ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཡོངས་སུ་རྫོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆོས་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་ཕྲིན་ལས་སྣ་ཚོགས་མཛད་པ། ཐུགས་རྗེ་ཆེན་པོའི་

བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་མཉམ་པ་ཉིད་ལ་དུས་གསུམ་དུ་རྟག་པར་བཞུགས་པ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་

ཀྱིས་བསྟོད་ཅིང་བསྔགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལ་བདག་གིར་མཛད་དོ། །གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་དང་ཐབས་ཅིག་སྟེ། དཔེར་ན་

ཏིལ་གྱི་གང་བུས་ཛམཱུའི་གླིང་ཡོངས་སུ་གང་བ་བཞིན་ནོ། །དེ་བཞིན་གཤེགས་པའི་སྐུ་རེ་རེ་ལས་ཀྱང་གཞལ་དུ་མེད་ཅིང་གྲངས་སུ་མ་མཆིས་པའི་དེ་བཞིན་གཤེགས་པའི་ཞིང་སྣང་བར་གྱུར་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་ཡང་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་མཆོག་ཏུ་

Vol. 82 · folio 59b

གསང་བའི་ཆོས་ཀྱི་སྒོ་འདི་ཉིད་སྟོན་པར་མཛད་དོ། །ཡང་དེའི་ཚེ་ན་ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྲིན་ལས་

རྗེས་སུ་སྐྱོང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱེད་པ་པོ་སྟེ། དེ་ལྟར་རང་གི་རིགས་ཀྱི་ཆོས་ལ་གནས་པའི་རྣལ་འབྱོར་རྗེས་སུ་འཛིན་པར་གནས་པ་ལས། འདུས་པ་ཆེན་པོའི་དབུས་སུ་རང་གི་ལུས་མི་སྣང་བར་མཛད་དོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་ཚོགས་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་མི་སྣང་བར་གྱུར་པ་གཟིགས་ནས་གསུང་དབྱངས་གཅིག་གིས་ཆེད་དུ་རྗོད་པ་འདིས་ཆེད་དུ་བརྗོད་དོ། །ཨེ་མ་ལག་ན་རྡོ་རྗེ་འཆང་། །བདག་ཅག་ཡོངས་ཀྱི་བྱེད་པ་པོ། །འདུས་པའི་དབུས་ནས་མི་སྣང་བ། །མགོན་ཁྱོད་ད་ལྟ་གང་དུ་

བཞུད། །ཅེས་གསུངས་ནས་ཐམས་ཅད་ཀྱང་སོ་སོའི་མི་ཤིགས་པ་རྡོ་རྗེ་རིན་པོ་ཆེ་མཆོག་གི་བྱིན་གྱིས་བརླབས་པའི་གནས་སུ་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ལྔ་ལས་བྱུང་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་

སྐུར་བཞེངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཉི་མའི་དཀྱིལ་འཁོར་ཆེན་པོར་སྣང་བ་དེ་དཔག་ཚད་སྟོང་ཕྲག་གི་ཚད་དུ་ཉི་མའི་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབས་ནས། དེའི་དབུས་སུ་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་

པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེ་བོ་ལ་གསོལ་བ་བཏབ་བོ།། །།རྡོ་རྗེ་ཆོས་ཕྱིར་ཁྱོད་ལེགས་སོ། །རྡོ་རྗེའི་སྤྱན་ཕྱིར་ཁྱོད་ལེགས་སོ། །རྡོ་རྗེ་ཡེ་ཤེས་ཕྱིར་ཁྱོད་ལེགས། །སངས་རྒྱས་ཡེ་ཤེས་ཕྱིར་ཁྱོད་ལེགས། །གོང་བཞིན་དུ་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་

ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་ལ་ཕན་པར་མཛད། །སེམས་ཅན་མགོན་ལ་གསོལ་བ་ནི། །ཁྱབ་བདག་ཐེག་པ་ཆེན་པོའི་ཚུལ། །ཐེག་པའི་མཆོག་ནི་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་

Vol. 82 · folio 60a

པ་རྣམས་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དེ་སྐད་མ་ཟེར་ཅིག །སྤྲོ་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་ཚུལ་ངེས་པར་བསྟན་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་གསུངས་སོ། །ཅིའི་རྒྱུས་རྡོ་རྗེ་འཛིན་རབ་ཏུ་གསུང་། བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་དགོངས། དེ་ཉིད་ཀྱི་ཚེ་འཁོར་ཆེན་པོའི་དཀྱིལ་འཁོར་དུ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་མཆོག་གི་དོན་གྱི་ཚུལ་ཆེན་པོ་འདི་ཐོས་ནས། རྣམ་པ་སྟོང་དུ་རྣམ་པར་བསྙིལ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ། ཁྱོད་

ཀྱིས་ཞི་བར་བྱིན་བརླབས་པས། །སངས་རྒྱས་རྣམས་ཀྱི་རྣམ་པ་ཅན། །ཁྱབ་བདག་དེ་ཉིད་རྡོ་རྗེ་ཅན། །བྱིན་རླབས་མཉམ་པར་ཀུན་དུ་སྤྱོད། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྤྱན་གདངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལེགས་སོ་བྱིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོའི་འོད་ཟེར་གྱིས་

བཀང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཉི་མའི་དཀྱིལ་འཁོར་ཆེན་པོ་བཞི་རབ་ཏུ་བྱུང་བར་གྱུར་ཏེ། ཤར་གྱི་ཕྱོགས་སུ་མི་ཟད་པའི་གཟུགས་འཛིན་མ་ཞེས་བྱ་བའི་ཉི་མའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་

ཤིན་ཏུ་བྱུང་བར་གྱུར་ཏོ། །ལྷོ་ཕྱོགས་སུ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་རྡོ་རྗེ་ཞེས་བྱ་བའི་ཉི་མའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་ཤིན་ཏུ་བྱུང་བར་གྱུར་ཏོ། །ནུབ་ཕྱོགས་སུ་འཆི་མེད་རྡོ་རྗེ་ཞེས་བྱ་བའི་ཉི་མའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་ཤིན་ཏུ་བྱུང་བར་གྱུར་ཏོ། །བྱང་ཕྱོགས་སུ་དོན་ཡོད་པའི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཉི་མའི་དཀྱིལ་

འཁོར་ཆེན་པོར་རབ་ཏུ་ཤིན་ཏུ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་སྟོན་ཏོ། །རྡོ་རྗེའི་སྤྱོད་པ་མངོན་པར་བརྩོན་པ་ཞེས་བྱ་བའི་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཀྱི་ཕྱོགས་བཅུ་རྣམས་སུ་དེ་བཞིན་ནོ། །དེ་བཞིན་དུ་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་དང་། དེ་བཞིན་དུ་ཡོན་ཏན་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དང་ཐབས་ཅིག་ཏུ་ཕྱོགས་བཅུར་བཞུགས་སོ། །འདི་ལྟ་སྟེ། ཡང་སྟོང་གསུམ་གྱི་སྟོང་ཆེན་

Vol. 82 · folio 60b

པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་རྣམས་མཁའ་སྣང་གི་འོད་ཟེར་གྱིས་གཡོགས་པར་གྱུར་ཏོ། །ཉི་མའི་དཀྱིལ་འཁོར་ཐམས་ཅད་ཀྱི་འོད་ཟེར་གྱིས་ལྷན་ཅིག་པ་དང་མཐུན་པ་ཙམ་དུའང་མི་བཟོད་པའི་འོད་ཟེར་དུ་བྱས་པ་དེ་ལྟ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་རྡོ་རྗེ་སེམས་དཔའི་འོད་

ཀྱིས་མོག་མོག་པོར་གྱུར་ནས་ཀུན་ཏུ་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་ན་རྡོ་རྗེ་ལ་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་སྤྲིན་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཀུན་ཏུ་བཟང་པོ་ཞེས་བྱ་བ་བསྐྱེད་དེ་ཅང་མི་གསུང་བའི་

རྣམ་པར་གནས་པར་གྱུར་ཏོ། །དེ་ནས་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་གི་ཐུགས་ལ་བཞག་ནས་ཡེ་ཤེས་ཀྱི་རིགས་དེ་བསྐྱེད་པ་གསང་ཆེན་དང་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསལ་བར་བྱེད་པའི་རྒྱུ་རང་གི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། ཡེ་ཤེས་ཀྱི་རིགས་རང་གི་ཏིང་ངེ་འཛིན་སྟོན་ཏོ། །ལོགས་བཞི་པ་ལ་ཟུར་བཞི་པ། །རིན་ཆེན་བཞི་དང་ཡང་དག་ལྡན། །འོ་མ་ཞོ་ནི་ཀུན་བཀྲམ་པར། །བྱས་ནས་བསམ་གཏན་ཡང་དག་བརྩམ། །དེ་ཡི་དབུས་སུ་པདྨ་ཆེ། །ཤེལ་དང་ཟླ་བ་མཉམ་པའི་འོད། །གསལ་བའི་དཀྱིལ་འཁོར་ཡང་

དག་ལྡན། །དཀྱིལ་འཁོར་རྒྱུན་དུ་བསྒོམ་པར་བྱ། །འབར་བ་འདུས་པ་དེ་རྣམས་སུ། །སངས་རྒྱས་གཟུགས་ནི་རྣམ་པར་བསྒོམ། །ཀུན་ནས་ཡོངས་སུ་ཟླུམ་པོ་ནི། །ཁྲུ་ནི་ཉི་ཤུ་བསམ་པར་བྱ། །ཆོ་ག་ཤེས་པས་དེ་དབུས་སུ། །རང་གཟུགས་དགེ་བ་བསྒོམ་པར་བྱ། །བདག་དང་བདག་གིར་རྣམ་རྟོག་

པ། །དོར་བའི་བསམ་གཏན་ཡང་དག་བརྩམ། །ཡེ་ཤེས་རིགས་ཀྱི་ཆོ་ག་ཡིས། །གསང་སྔགས་སེམས་ལ་རྗེས་དྲན་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཀུ་ལ་སྭ་བྷཱ་བཨཱཏྨ་ཀོ྅ཧཾ། འདིས་ཕྱག་རྒྱ་མཉམ་པར་འདུས་པས། སྡིག་པ་ཐམས་ཅད་ཡོངས་སུ་དོར་བར་བྱའོ། །འོད་ཟེར་སྟོང་ཕྲག་བཅུ་པ་ནི། །དང་པོར་བསམ་

ནས་དྲི་མ་དབྱུང་། །ཡེ་ཤེས་རིགས་ཀྱི་ཆོ་ག་ཡིས། །རིག་པའི་རྒྱལ་པོ་རྣམ་པར་བསྒོམ། །འོད་དཀར་ཕྲ་མོ་འབར་བ་ནི། །དེ་ནི་ཀུན་ཏུ་རྣམ་པར་དགོད། །ཐམས་ཅད་དེ་ཉིད་དུ་བྱ་སྟེ། བསྒོམ་པར་བྱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབང་བསྐུར་བའི་གསུངས་སོ། །རང་

Vol. 82 · folio 61a

ལུས་ཤིན་ཏུ་བརྟན་བྱས་ནས། །འོད་ཀྱི་ཚུལ་གྱི་ཆོ་ག་རྣམས། །སངས་རྒྱས་གཟུགས་ནི་འདུས་པས་ནི། །མཚོན་པས་རྡོར་སེམས་བསྐྱེད་པས་སོ། །ཆོ་ག་ཤེས་པས་རབ་བརྩམས་ན། །དེ་ཡི་དངོས་གྲུབ་རྙེད་མི་དཀའ། །རང་གི་

གཟུགས་ནི་མི་གཡོ་བར། །བྱས་ནས་རྡོར་སེམས་ཆོ་ག་རྣམས། །ཇི་སྲིད་ནམ་མཁའ་དགོངས་གྱུར་པ། །ཆོ་ག་ཤེས་པས་སྤྲོ་བར་བྱ། །སངས་རྒྱས་གཟུགས་དང་རང་གཟུགས་ཤིང་། །བྱས་ནས་ཀུན་སྦྱོར་མཚན་ཉིད་ཀྱིས། །རྣལ་འབྱོར་བསམ་

གཏན་དུས་སུ་ནི། །རྫོགས་བྱ་དེ་ལ་རབ་ཏུ་གཞུག །རང་གི་གཟུགས་དང་སངས་རྒྱས་གཟུགས། །ཇི་ལྟར་གནས་ལྟར་བློ་དང་ལྡན། །ཇི་ལྟར་རིགས་པར་སྦྱོར་བ་ནི། །རྡོ་རྗེ་སེམས་དཔར་བསྒོམ་པར་བྱ། །དེ་བཞིན་གཤེགས་པ་ཀུན་གྱི་རྗེ། །

བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །རང་ལུས་བསྒོམ་བྱ་རྣལ་འབྱོར་པ། །དེ་ཉིད་རྡོ་རྗེའི་ཚུལ་གྱིས་ནི། །རྡོ་རྗེ་དབྱེར་མེད་དེ་སྒོམ་མོ། །འོད་ལྔ་ཤིན་ཏུ་ཕྱུང་ནས་ནི། །བྱང་ཆུབ་སེམས་ནི་རྣམ་པར་

བསྒོམ། །སྙིང་གར། །སངས་རྒྱས་ཀུན་ནི་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཀུན་གྱི་རྗེ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །དཀྱིལ་འཁོར་ལྔ་ནི་བསམ་པར་བྱ། །

སངས་རྒྱས་གཟུགས་ནི་འདུས་པས་ནི། །བཀང་སྟེ་སྔགས་ནི་བསྒོམས་པ་ལས། །སངས་རྒྱས་གཟུགས་བརྙན་ལྟར་བྱས་ནས། །སྒོམ་པའི་བདག་ཉིད་ཅན་བསྒོམ་བྱ། །རང་གི་གཟུགས་ནི་དེར་བསམ་བྱ། །རྟོག་པ་བསྐྱེད་པའི་ཆོ་ག་ལས། །ཐུགས་ལ་

བྱང་ཆུབ་སེམས་ཀྱང་ནི། །བསྒོམ་བྱ་དེ་ལ་རྣལ་འབྱོར་སྐྱེས། །རྡོ་རྗེ་སེམས་དཔས་རྣམ་པར་བརྒྱན། །ཆོ་ག་ཤེས་པས་དབྱུང་བར་བྱ། །དེར་ཡང་རྡོ་རྗེ་སེམས་དཔའ་ལ། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་སངས་རྒྱས་

Vol. 82 · folio 61b

གཟུགས། །ཡི་གེ་ཕྲ་མོ་རྣམ་པར་བསྒོམ། །ཡི་གེ་རྣམས་སུའང་ཐམས་ཅད་དུ། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་བྱ། །དེ་རྣམས་དང་ནི་ཡི་གེ་གཉིས། །རང་གཟུགས་རྣམ་པར་མཉམ་བསྒོམ་ལ། །ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི། །མཁས་

པས་རང་གཟུགས་བསྒོམ་པར་བྱ། །ཇི་སྲིད་ནམ་མཁའ་འགོངས་གྱུར་པ། །ཞིང་འདི་ཁྱབ་པར་གཡོག་པར་བྱ། །ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི། །རྡོ་རྗེའི་རྣལ་འབྱོར་རྣམ་བསྒོམ་བྱ། །སྦྱོར་རྣམས་སུ། །སངས་རྒྱས་གཟུགས་

ནི་རྣམ་བསྒོམ་བྱ། །ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི། །འཇིག་རྟེན་ཁམས་འདིར་སྤྲོ་བར་བྱ། །ཇི་སྲིད་ནམ་མཁའ་འགོངས་གྱུར་པའི། །ཞིང་འདི་ཁྱབ་པར་གཡོག་པར་བྱ། །ཟླ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཉི་མའི་དཀྱིལ་འཁོར་སྒོམ་

པ་ལས། །ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་པ། །སངས་རྒྱས་གཟུགས་ནི་རྣམ་བསྒོམས་པས། །ཟླ་བའི་དཀྱིལ་འཁོར་རྣམ་བསྒོམ་པ། །ཟླ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །སངས་རྒྱས་གཟུགས་

ནི་རྣམ་བསྒོམ་པ། །ཆོས་ཀྱི་རྒྱལ། །པདྨའི་རྣལ་འབྱོར་ཆོ་ག་ཡིས། །སྒོམ་པ་ཐམས་ཅད་བརྟག་པར་བྱ། །སྒོམ་པ་ལ་སོགས་ཡོངས་འཛིན་ལས། །གཞན་དུ་མཆོད་བྱ་མིན་པ་ཉིད། །སངས་རྒྱས་གཟུགས་ནི་རྣམ་བསྒོམས་

ནས། །ཤིན་ཏུ་བརྟན་པར་བརྟན་པའི་སེམས། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །རྒྱུན་དུ་བདག་ཉིད་རྣམ་བསྒོམ་བྱ། །འདི་ནི་རྡོ་རྗེའི་ཚུལ་ཞི་བ། རྣོན་པོ་བཞི་དང་མཉམ་པའི་འོད། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་པས། །ཆོ་ག་ཤེས་

པས་དགང་བར་བྱ། །ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངས་སོ། །དེ་ནས་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ལས་ཕྱུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ནམ་

Vol. 82 · folio 62a

མཁའི་ཁམས་ཐམས་ཅད་བཀང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའི་སྤྲིན་རྣམས་ཀྱིས་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འདུད་པ་དང་ལྡན་པར་ཀུན་ཏུ་གནས་པར་གྱུར་ཏོ། །དེ་ནས་དེ་

བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་པར་གྱུར་ནས་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་སྤྲིན་ཆེན་པོ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་

རབ་ཏུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་ཀུན་ཏུ་གང་སྟེ། འོད་ཟེར་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཡང་དག་པར་བསྐུལ་བར་གྱུར་ཏོ། །དེ་ནས་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་

གཤེགས་པ་ཐམས་ཅད་བརྟན་པར་མཛད་ནས། ཡེ་ཤེས་ཀྱི་རིགས་འདི་རྒྱས་པར་བྱེད་པའི་རྒྱུ་རང་གི་གཟུགས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ནས། རང་གི་གཟུགས་ཀྱི་རྣམ་པའི་འོད་ཟེར་རྣམས་ཀྱིས་ཕྱུང་སྟེ་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་དམ་ཚིག་གི་སྙིང་པོ་ཡེ་ཤེས་རིགས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་གསུངས་སོ། །དེ་ཉིད་ཐམས་ཅད་བྱེད་བཞིན་པའི། །བསམ་གཏན་ཀུན་སྦྱོར་མཚན་ཉིད་ཀྱིས། །ཆོ་ག་ཤེས་པས་རབ་ཏུ་བརྩམ། །འདི་ནི་དེ་ཉིད་ཚུལ་དག་པའོ། །ཉི་མའི་དཀྱིལ་འཁོར་མཆོག་

གྱུར་པ། །ཁྲུ་ནི་སྟོང་ཕྲག་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཝ་ཡིག་དེ་ལ་བསྒོམ་པར་བྱ། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །མཐེ་ཆུང་མཐོ་ཙམ་བསམ་པར་བྱ། །འབར་བ་དེ་ལ་ཆོ་ག་ཤེས། །སྣ་ཚོགས་ཁ་དོག་རྣམ་པར་

བསྒོམ། །དེར་ནི་འབར་བ་ཡང་དག་སྐྱེས། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་བྱ། །ཕྱོགས་རྣམས་ཀུན་ཏུ་ཨོཾ་ཡིག་ནི། །ཁ་དོག་སྣ་ཚོགས་རྣམ་བསམ་བྱ། །རྣམ་སྣང་ལ་སོགས་རྣམ་བསྒོམས་པས། ཆོ་ག་ཤེས་པས་བསྐྱེད་པར་བྱ། ཉི་མའི་དཀྱིལ་འཁོར་

Vol. 82 · folio 62b

དབུས་གནས་པར། ཟླ་བའི་དཀྱིལ་འཁོར་སྒོམ་པའོ། །བདག་ཉིད་དེ་ལ་བསམ་པ་ནི། དགའ་བ་བསྐྱེད་པའི་ཆོ་ག་ལས། སྙིང་གི་དབུས་སོན་ཕྲ་མོ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ལ། །སྔགས་ཡིག་ཕྲ་མོའི་གཟུགས་རྣམས་ཀྱིས། །དེ་དེ་སེམས་

ལ་བསམ་པར་བྱ། །ཨོཾ་ཡིག་འོད་ཟེར་ཡང་དག་སྦྱོར། །འབར་བའི་ཕྲེང་བ་མཉམ་པའི་འོད། །སངས་རྒྱས་གཟུགས་སོགས་མཚན་ཉིད་ཀྱིས། །ཆོ་ག་ཤེས་པས་དབྱུང་བར་བྱ། །སངས་རྒྱས་གཟུགས་རྣམས་ཐམས་ཅད་དུ། །ཟླ་བའི་དཀྱིལ་འཁོར་

སྒོམ་པ་ནི། །སངས་རྒྱས་བསྐྱེད་པའི་ཆོ་ག་ལས། །རང་གི་གཟུགས་སུ་དེ་ལ་བྱའོ། །རྡོ་རྗེ་ཐུགས་སུ་ཆོ་ག་ལས། །ཉི་མ་ལྔ་ནི་དགོད་བྱ་བ། །སྔགས་པས་ཟླ་བའི་དཀྱིལ་འཁོར་ཅན། །དཔྲལ་བ་རུ་ནི་རྣམ་པར་བསྒོམ། །འོད་ཟེར་འབར་བ་མཉམ་པའི་

འོད། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །འཇིག་རྟེན་ཁམས་རྣམས་རིམ་པར་འདས། །སླར་ཡང་དེ་ལ་རབ་གཞུག་བྱ། །ཁྲུ་ཡི་ཚད་ལས་འདས་པ་ཡིས། །ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །

རང་གི་གཟུགས་ཉིད་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ། །ཡེ་ཤེས་ཀྱི་རིགས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །རང་གི་གཟུགས་ནི་བསྒོམ་བྱ་དགེ། །

ཟུར་དུ་རྣམ་སྣང་གཞག་བྱ་སྟེ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཆོ་ག་ཤེས་པས་གཟུགས་བཅུ་དྲུག །ཁ་དོག་བཞིར་ནི་རྣམ་བསམ་བྱ། །སྙིང་ག་རྣམས་དང་ཐམས་ཅད་དུ། །ལྷ་རྣམས་དེ་

ལ་བསྒོམ་པར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །རང་གི་གཟུགས་ལ་བགེགས་འཇོམས་པར། །སེམས་ལ་བརྟན་པར་བསྒོམ་པར་བྱ། ཧཱུྃ་ཡིག་དབུགས་ལས་ཕྱུང་ནས་ནི། །འོད་ཟེར་རྣམ་པར་རབ་ཏུ་གཞུག །ཅེས་བཅོམ་

Vol. 82 · folio 63a

ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །རང་གཟུགས་ལ་སོགས་མཚུངས་པའི་འོད། །ལྷ་རུ་སྐད་ཅིག་དེ་འགྱུར་རོ། །ཡི་གེ་རྣམས་ཀྱི་ཚད་ཀྱིས་ནི། །ཝ་ཡི་གཟུགས་ནི་རྣམ་བསྒོམ་བྱ། །སྔགས་པས་དབུས་

སུ་ཡི་གེ་ཉིད། བྱིན་ནས་ལས་ནི་ཀུན་ཏུ་བརྩམ། །སྔགས་པས་དཔྲལ་བའི་སྟེང་ནས་ནི། །ཇི་སྲིད་ལྟེ་བ་ཞེས་པར་དྲན། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོ་ལས་རྣམ་པར་འགོད་པའི་ལེའུ་དང་པོ་རྫོགས་སོ།། །།ཤིང་

རྟའི་འཁོར་ལོའི་ཚད་དུ་ནི། པདྨ་ཆེན་པོ་རྣམ་བསྒོམ་བྱ། ཉི་མའི་དཀྱིལ་འཁོར་དབུས་གནས་པར། པདྨའི་ཆུ་བ་དེ་རྣམ་བསྒོམ། །ལས་ཀྱི་རྡོ་རྗེ་ཡང་དག་བསྐྱེད། །རང་གཟུགས་དེ་ལ་བསྒོམ་པར་བྱ། །ལས་ཀྱི་རྡོ་རྗེ་རབ་བསྒོམས་པས། །རྡོ་རྗེ་

སེམས་དཔའ་མཉམ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །འོ་མ་དང་ཞོ་བྱས་ནས་ནི། །དབུས་སུ་པདྨ་རྣམ་པར་བསྒོམ། །རང་གཟུགས་སངས་རྒྱས་ལྟར་བྱས་ནས། །མཁས་པས་རང་གཟུགས་རྣམ་བསྒོམ་བྱ། །

ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །སླར་ཡང་དེ་ཉིད་སྦྱར་བྱ་སྟེ། །འོ་མ་དང་ཞོ་མཉམ་བྱས་ནས། །སྣ་ཚོགས་ཁ་དོག་མཉམ་པའི་འོད། །ཟླ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། ཉི་མའི་དཀྱིལ་འཁོར་བསྒོམ་པ་ནི། རང་གཟུགས་སངས་རྒྱས་མཚུངས་པ་

ནི། ཆོ་ག་ཤེས་པས་དབྱུང་བར་བྱ། རང་གི་གཟུགས་དང་ཐམས་ཅད་དུ། ལྷ་ལ་སོགས་པ་རྣམ་སྒོམ་བྱེད། ཁྲུ་གང་ཙམ་ལས་འདས་པར་ནི། ཉི་མའི་དཀྱིལ་འཁོར་བསྒོམ་པ་ནི། །བགེགས་རྣམས་འཇོམས་པ་ལྟར་བྱས་ནས། །འཇིག་རྟེན་

ཁམས་སུ་འདི་སྤྲོ་བྱ། །རང་གི་ཕྱག་རྒྱ་སྙིང་ག་རུ། །བསམས་ནས་ཉི་མའི་དཀྱིལ་འཁོར་དབུས། །སངས་རྒྱས་རྣམ་པར་ཆོ་ག་ཤེས། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་དབུས་ཡི་གེ་བྱིན་ནས་ནི། །འཇིག་རྟེན་ཁམས་ནི་འདིར་སྤྲོ་བྱ། །གདུལ་བ་ལ་

Vol. 82 · folio 63b

སོགས་ཅན་བྱས་ནས། །སླར་ཡང་དེ་ཉིད་ལ་སྦྱར་བྱ། །ཁྲུ་གང་ཙམ་ལས་འདས་པར་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་རལ་གྲི་ཡང་དག་བསྐྱེད། །འཇིག་རྟེན་ཁམས་ནི་ཡོངས་བགྲོད་བྱ། །པདྨ་དཀར་པོའི་འོད་འབར་ཏེ། །བྱང་ཆུབ་སེམས་

ཀྱིས་རྣམ་པར་བརྒྱན། །དབུས་སུ་རང་གི་ལྷ་ཡི་གཟུགས། །གཞོགས་སུ་བཙུན་མོ་དགོད་པར་བྱ། །ཆོ་ག་ཤེས་པས་དེ་ལྟར་གཟུང་། །རང་གི་རྡོ་རྗེ་དེ་ལ་གཞུག །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སངས་རྒྱས་དེ་ཉིད་ཀྱིས་མཆོད་བྱ། །ཞེས་

བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངས་སོ། །ཇི་སྲིད་ཡང་དག་ཐོབ་སྦྱོར་སྐྱེས། །སྔགས་པས་སླར་ནི་བསྡུ་བར་བྱ། །མཐོ་གང་ཙམ་ལས་འདས་པར་ནི། །ཉི་མའི་དཀྱིལ་འཁོར་བསྒོམ་པ་ནི། །རང་གཟུགས་ཤིན་ཏུ་བརྟན་བྱས་ནས། །ལྷ་ལ་སོགས་པ་

རྣམ་པར་བསྒོམ། །སྙིང་གར་སྔགས་ཀྱི་ཡིག་བྱིན་ནས། །སངས་རྒྱས་ཀུན་ནི་མཆོད་པར་བྱ། །མཐོ་བདུན་ཙམ་ལས་འདས་པར་ནི། །དཀྱིལ་འཁོར་བཞི་ནི་སྒོམ་པར་བྱེད། །ལྷ་ཡི་གཟུགས་ཀྱི་དབུས་གནས་པར། །སྙིང་གར་དེ་ལ་བསྒོམ་པར་བྱ། །ཞེས་

བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་གསུངས་སོ། །རང་གཟུགས་སྤྱན་ཞེས་བྱ་བར་ནི། །བྱས་ནས་སངས་རྒྱས་རྣམ་པར་བསྒོམ། །ཐུགས་ཀ་ཉིད་དང་ཐམས་ཅད་དུ། །མཁས་པས་རང་གཟུགས་བསྒོམ་པར་བྱ། །དེ་རུ་སྙིང་པོའི་ཚུལ་གྱིས་ནི། །སེམས་

དཔའི་རྣལ་འབྱོར་རྣམ་པར་བསྒོམ། །རྒྱང་གྲགས་ཙམ་ལས་འདས་པར་ནི། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་བྱ། །གཟུགས་ཀྱིས་ནམ་མཁའ་འགོངས་པར་ནི། །སྙིང་པོ་རྣམས་ལས་ཡང་དག་བསྐྱེད། །རྒྱང་གྲགས་ཙམ་ལས་འདས་པར་ནི། །གསལ་བའི་

དཀྱིལ་འཁོར་བསྒོམ་པ་ནི། །རང་གི་རྣལ་འབྱོར་ལེགས་བརྟན་བྱས། །སངས་རྒྱས་ཡང་དག་རྣལ་འབྱོར་བསྒོམ། །རྒྱང་གྲགས་ཙམ་ལས་འདས་པར་ནི། །བྱང་ཆུབ་སེམས་ནི་རྣམ་པར་བསྒོམ། །ལྷ་ནི་ཡང་དག་བསྐྱེད་ནས་ནི། །སྔགས་ཀྱི་ཡི་གེ་རྣམ་པར་

Vol. 82 · folio 64a

བསྒོམ། །མཐོ་གང་ཙམ་ལས་འདས་པར་ནི། །པདྨའི་ཚུལ་དུ་རྣམ་པར་བསྒོམ། །རང་ལུས་དྲི་མ་མེད་བྱས་ནས། །གསལ་བའི་དཀྱིལ་འཁོར་བསྒོམ་པའོ། །དེ་དབུས་ལེགས་པར་བརྟན་བྱས་ནས། །རང་གཟུགས་དང་ནས་དང་པོར་

བསྒོམ། །འོད་དཀར་འབར་བའི་ཕྲེང་བ་སོགས། །པདྨ་ལྔ་པོ་རྣམ་བསྒོམ་བྱ། །དེ་ཡི་དབུས་སུ་རང་གཟུགས་དང་། །གཞོགས་སུ་བཙུན་མོ་དགོད་པར་བྱ། །རང་གི་ཁུ་བ་དེང་སོགས་འབྱུང་། །ཆོ་ག་ཤེས་པས་སྤྲོ་བར་བྱ། །སངས་རྒྱས་གཟུགས་

ཀྱིས་ནམ་མཁའི་ཁམས། །ཀུན་ཏུ་གང་བར་བསྒོམ་པ་ནི། །རང་གཟུགས་རལ་གྲི་ལྟར་བྱས་ནས། །ཀུན་གྱི་སྙིང་གར་དགོད་པར་བྱ། །རང་གཟུགས་སངས་རྒྱས་ཡང་དག་སྦྱོར། །མཚན་ཉིད་ལ་སོགས་ཆོག་རིམ་གྱིས། །བྱང་ཆུབ་སེམས་དཔས་

ནམ་མཁའི་ཁམས། །ཡང་དག་གང་བར་རྣམ་བསྒོམ་བྱ། །རང་གཟུགས་ཞགས་པ་ཡང་དག་སྦྱོར། །ཁྱབ་བདག་སངས་རྒྱས་གཟུགས་དགོད་བྱ། །ཇི་སྲིད་ནམ་མཁའི་དཀྱིལ་འཁོར་དུ། །ཆོ་ག་ཤེས་པས་དགུག་པར་བྱ། །རང་གཟུགས་སངས་རྒྱས་

ཡང་དག་སྦྱོར། །བྱང་ཆུབ་སེམས་སུ་རྣམ་སྒོམ་མོ། །སྔགས་ཀྱི་ཡི་གེ་སོགས་སྦྱོར་གྱིས། །དེ་ཡི་རྣམ་པར་མྱུར་བསྒོམ་བྱ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །འོད་ཟེར་འབར་བས་རྣམ་པར་བརྒྱན། །རང་གཟུགས་སངས་རྒྱས་མཚུངས་པར་ནི། །

ཆོ་ག་ཤེས་པས་དབྱུང་བར་བྱ། །རང་གཟུགས་དེ་ལ་གཟུགས་གནས་པར། །འབར་བའི་ཕྲེང་བ་མཉམ་པའི་འོད། །སྤྱན་ཞེས་བྱ་བ་ཡིད་དགའ་བ། །ཆོ་ག་ཤེས་པས་དབྱུང་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སྤྱན་ནི་སྙིང་གར་རྣམ་པར་

དགོད། །ཆོ་ག་ཤེས་པས་འོད་རྣམ་པར། །རྡོ་རྗེ་སེམས་དཔའ་རབ་གཞུག་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རང་གཟུགས་མྱུར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །ལྷ་ཡི་རྣམ་པར་ཡང་དག་སྦྱོར། །

Vol. 82 · folio 64b

བསྒོམ་བྱ་བརྩོན་པ་གཞན་མིན་ནོ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། རྡོ་རྗེ་སེམས་དཔར་ཡང་དག་བསྐྱེད། ལྕགས་ཀྱུའི་རྣམ་པ་ཞགས་པ་སོགས། བྱས་ནས་སློབ་མ་རབ་གཞུག་བྱ། །རྡོ་རྗེ་སེམས་དཔར་ཡང་དག་བསྐྱེད། རང་གཟུགས་སྙིང་གར་

རྣམ་དགོད་བྱ། །དགོད་པ་བྱས་ནས་ལག་སོགས་ཀྱིས། །དེ་ནས་གྲངས་ནི་ཡང་དག་བརྩམ། །བཟླས་པ་སོགས་སམ་བཏུང་བྱ་བ། །བློ་ལྡན་དེས་ནི་དེ་བྱའོ། །སྒྲུབ་པོ་རྣམས་ཀྱི་རྣམ་བཟླས་བྱ། །གཞན་དུ་ཡང་དག་གྲུབ་མིན་ཉིད། །བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་དེ་སྐད་ཅེས་གསུངས་སོ། །རང་གི་གཟུགས་ནི་ཡང་དག་བསྐྱེད། །དབུས་སུ་རང་གི་རིགས་སྒོམ་མོ། །མཐར་ཡང་དགྲ་དང་བགེགས་འཇོམས་པར། སྙིང་པོ་དེ་རུ་བསྒོམ་པར་བྱ། འདི་རྣམས་

ཀྱི་ནི་ཆོ་ག་ཡིས། སྒོམ་པ་ལ་སོགས་ཆོ་གའི་རིམ། ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི། རིག་པའི་རྒྱལ་པོ་རྣམ་བསྒོམ་བྱ། །འབར་བའི་ཕྲེང་བ་འཁྲུགས་འབར་བའི། །ཁྲོ་བོའི་གཟུགས་སུ་བསྒོམ་པར་བྱ། །ཁ་དོག་གང་དེ་ཁོ་ནར་བརྗོད། །དེ་ཉིད་

མཐར་ཐུག་དེ་ཉིད་བརྗོད། །དེ་ཉིད་དེ་ཡིས་བསམ་པར་བྱ། །གཞན་དུ་གྲུབ་པ་མིན་པ་ཉིད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ། །རང་གཟུགས་དཀྱིལ་འཁོར་བྱས་ནས་ནི། །དབུས་སུ་

འབར་བ་མཉམ་པའི་འོད། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །དེ་ཉིད་ཤེས་པས་སྙིང་གར་དགོད། །དེ་ལ་བདག་ཉིད་ཡང་དག་བསྐྱེད། །དེ་ཡི་རང་བཞིན་དེར་བརྩམ་བྱ། །རང་གཟུགས་པདྨའི་དབུས་གནས་པར། །སྣང་བྱེད་ལ་སོགས་

མཉམ་པའི་འོད། །སྙིང་གར་ཡི་གེ་བྱས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །རྡོ་རྗེ་སེམས་དཔའ་འདུས་པ་ལ། །སངས་རྒྱས་གཟུགས་སུ་རྣམ་བསྒོམ་བྱ། །རིག་པའི་ཚུལ་དུ་ཡང་དག་བསྐྱེད། །དངོས་གྲུབ་ཐམས་ཅད་ཀུན་ཐོབ་འགྱུར། །

Vol. 82 · folio 65a

དེ་ཕྱིར་སྔགས་པས་ཁྱད་པར་གྱི། །རིག་པའི་ཚུལ་ནི་མཆོག་ཏུ་འགྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་གསུངས་སོ། །ཐམས་ཅད་དེ་ཉིད་བྱ་བ་ནི། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །

གཟུགས་ནི་རྣམ་སྣང་མཛད་བསམས་ནས། །སྙིང་གར་སྔགས་ནི་རྣམ་བསྒོམ་བྱ། །དེ་ཉིད་སྔགས་སུ་རྗེས་སུ་དྲན། །རིག་པའི་ཚུལ་གྱི་ཆོ་ག་ལས། །སློབ་དཔོན་ཡིད་ནི་དགའ་བ་རུ། །ཆོ་ག་ཤེས་པས་དབྱུང་བར་བྱ། །སྙིང་ག་རྣམས་དང་ཐམས་ཅད་དུ། །

ཟླ་བའི་དཀྱིལ་འཁོར་བསྒོམ་པའོ། །རང་གི་གཟུགས་ནི་ཡང་དག་བསྐྱེད། དེ་ལ་རལ་གྲི་ལ་སོགས་བསྒོམ། ཆོ་ག་ཤེས་པས་ཡང་དག་བསྐྱེད། འབར་བ་ལྔ་ནི་རྣམ་བསྒོམ་བྱ། །གཟུགས་དང་ཁ་དོག་རྣམ་པར་ཤེས། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་གྱིས་དེ་སྐད་ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཡེ་ཤེས་རིགས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་

ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ནས་དེ་རྣམས་ཀྱང་དཀྱིལ་འཁོར་ཆེན་པོ་འདུས་པ་རྣམས་སུ་རང་གི་གཟུགས་སུ་གཞག་གོ། །བསྡུས་པའི་རིགས་ཀྱི་ཏིང་

འཛིན་གྱིས། །ལེའུ་བཀའ་རྣམས་སྩལ་པར་མཛད། །འོ་མ་དང་ཞོར་བསམས་ནས་སུ། །འཕགས་པའི་དམ་ཚིག་བཞི་པོ་དང་། །དབུས་སུ་སྔགས་པས་ཨུཏྤལ། །བསྒོམ་བྱ་གཞན་དུ་མི་བསམ་མོ། །ཡེ་ཤེས་དཀྱིལ་འཁོར་ཡང་དག་སྦྱོར། །དེ་ཡི་སྟེང་

དུ་རྣམ་བསྒོམ་བྱ། །ཁྲོ་བོའི་རྣམ་པ་ཡང་དག་བསྐྱེད། །འོད་ཟེར་ཡང་དག་སྦྱོར་བ་བསྒོམ། །དེར་ནི་འོད་ཟེར་འདུས་རྣམས་སུ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་དེར་རང་གཟུགས། །དབུས་སུ་ཡང་དག་གཞག་བསྒོམ་བྱ། །བཅོམ་

Vol. 82 · folio 65b

ལྡན་འདས་དམ་ཚིག་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། གསང་སྔགས་རྒྱལ་པོ་འདི་ཡིས་ནི། །རང་གི་རྣམ་རྟོག་ཡོངས་དོར་བྱ། །རང་གཟུགས་ཧཱུྃ་ཡིག་ཅེས་བརྗོད་པ། །བྱས་ན་ཀུན་ཏུ་རྣམ་བསྒོམ་བྱ། །ཆོ་ག་

ཤེས་པས་དེ་རྣམས་སུའང་། །ཧ་ཡིག་མཐར་ཐུག་རྣམ་བསམ་བྱ། །རང་གཟུགས་ལ་སོགས་མཚུངས་པའི་འོད། །ལྷ་དེ་སྐད་ཅིག་དེ་ལ་འགྱུར། །གསལ་བའི་དཀྱིལ་འཁོར་ཡང་དག་སྦྱོར། །སྙིང་གར་དེ་ལ་རྣམ་བསམ་བྱ། །ཆོ་ག་ཤེས་པས་གསང་སྔགས་

ཡིག །ཆོ་ག་མཐོང་བས་བསྒོམ་པར་བྱ། །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །གནས་ལྔར་ཡང་དག་སྦྱར་བྱ་བ། །རྩེ་མོ་ལྔ་རུ་རྣམ་བསྒོམ་བྱ། །སྔགས་ཀྱི་ཡི་གེ་ཐམས་ཅད་དུ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །སངས་རྒྱས་

གཟུགས་ནི་རྣམས་བསྒོམས་པས། །ཆོ་ག་ཤེས་པས་སྤྲོ་བར་བྱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་གཙོ་བོས་དེ་སྐད་ཅེས་གསུངས་སོ། །རང་གཟུགས་སེམས་དཔའི་ཚུལ་གྱིས་ནི། །སེམས་དཔའི་མཚན་མར་བསྒོམ་པར་བྱ།

སངས་རྒྱས་ཞིང་རྣམས་ཀུན་ཏུ་ནི། ཆོ་ག་ཤེས་པས་སྤྲོ་བར་བྱ། རང་གཟུགས་སེམས་དཔའི་ཚུལ་གྱིས་ནི། ལྷ་ཡི་སྙིང་གར་བསྒོམ་པར་བྱ། །སངས་རྒྱས་གཟུགས་དེ་དབྱུང་བར་བྱ། །འཇིག་རྟེན་ཁམས་འདིར་སྤྲོ་བར་བྱ། །རང་གཟུགས་ཡེ་ཤེས་ཞེས་

བརྗོད་པ། འབར་བའི་ཕྲེང་བས་རྣམ་པར་བརྒྱན། །བྱང་ཆུབ་སེམས་སུ་དེ་ཕྱུང་ནས། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། །རང་གི་གཟུགས་ཞེས་བརྗོད་པ་ནི། །འབར་བའི་ཕྲེང་བ་མཉམ་པའི་འོད། །རང་གི་གཟུགས་ཀྱི་འོད་ཟེར་གྱིས། །ཞིང་འདིར་ཁྱབ་པར་

རྣམ་བསྒོམ་བྱ། །རང་གཟུགས་ལྕགས་ཀྱུར་བཅས་བྱས་ནས། །རང་གི་གཟུགས་ཀྱི་ལག་པར་དགོད། །ཆོ་ག་ཤེས་པས་བཀུག་ནས་ཀྱང་། །སངས་རྒྱས་གཟུགས་ལ་རབ་གཞུག་བྱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེ་བོས་དེ་སྐད་ཅེས་

Vol. 82 · folio 66a

གསུངས་སོ། །རང་གཟུགས་གཟུགས་ཀྱི་ཚུལ་གྱིས་ནི། །གསང་སྔགས་ཡི་གེ་རྣམ་པར་བསྒོམ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་པས། །ཆོ་ག་ཤེས་པས་སྤྲོ་བར་བྱ། །བྱང་ཆུབ་སེམས་སུ་རང་གཟུགས་ནི། །དེ་ཉིད་སྒོམ་པས་བསྒོམ་

པར་བྱ། །བགེགས་ནི་སྔགས་ལ་ཡང་དག་བསྐྱེད། །འཇིག་རྟེན་ཁམས་སུའང་སྤྲོ་བར་བྱ། །མི་སྡུག་གཙིགས་ཤིང་འཇིགས་པ་ནི། །བགེགས་ཀྱི་དགྲ་དེ་དབྱུང་བར་བྱ། །བྱང་ཆུབ་སེམས་སུ་དེ་ཕྱུང་ནས། །འཇིག་རྟེན་ཁམས་འདིར་སྤྲོ་བར་བྱ། །རང་གཟུགས་

ཉི་མའི་དབུས་གནས་པར། །རྣོན་པོ་འབར་བས་རྣམ་པར་བརྒྱན། །ལས་ཀྱི་རྡོ་རྗེ་ཤིན་ཏུ་མཛེས། །ཆོ་ག་ཤེས་པས་དབྱུང་བར་བྱ། །དང་པོའི་རྣལ་འབྱོར་ཡང་དག་བསྐྱེད། །ཤིན་ཏུ་བརྟན་པ་བརྟན་པའི་སེམས། །ཆོ་ག་ཉེ་བར་མཐོང་བ་ཡིས། །དང་པོའི་རྣལ་འབྱོར་

ཡང་དག་བརྩམ། །རང་གཟུགས་ཨུཏྤལ་ར་བསམས་ནས། །སྣ་ཚོགས་འོད་ཟེར་མཉམ་པར་ལྡན། །ལྷ་ཡི་གཟུགས་སུ་ཡང་དག་སྦྱོར། །དེ་ཡི་སྟེང་དུ་རྣམ་བསྒོམ་བྱ། །ཇི་སྲིད་ནམ་མཁའི་དཀྱིལ་འཁོར་དུ། །སྔགས་པས་འཇིག་རྟེན་གསུམ་དུ་སྤྲོ། །སངས་རྒྱས་

གཟུགས་ནི་ཡང་དག་བསྐྱེད། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡིད་དགའ་བ་ནི་བསྒོམ་པར་བྱ། །ཐོ་བའི་རྣམ་པ་ཡང་དག་སྦྱོར། །ཆོ་གས་རྟག་ཏུ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་སོགས་གསུངས་པས། །

ཇི་ལྟར་རིགས་པར་པི་ཊུའི་ཏ། །རང་གཟུགས་གསལ་བ་འབར་བའི་འོད། མཱ་མ་ཀཱི་སོགས་རྣམ་བརྒྱན་པས། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །འཇིག་རྟེན་གསུམ་དུ་ཡང་སྤྲོ་བྱ། །རྡོ་རྗེ་ཡེ་ཤེས་ཡང་དག་བསྐྱེད། །ཁྲོ་བོ་ཡང་དག་སྦྱོར་བསྒོམས་

པས། །རང་གཟུགས་འབར་བ་མཚུངས་པ་ཡིས། །ཆོ་ག་ཤེས་པས་སྤྲོ་བར་བྱ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །མཁས་པས་རང་གི་གཟུགས་བསྒོམ་བྱ། །རྩེ་མོ་ལྔ་ཡི་རྡོ་རྗེ་ཆེ། །འཇིག་རྟེན་ཁམས་སུ་ཡང་སྤྲོ་བྱ། །ཁྲོ་བོའི་གཟུགས་

Vol. 82 · folio 66b

སུ་ཡང་དག་བསྐྱེད། །རང་གི་སྔགས་ཀྱི་ཡི་གེས་བརྒྱན། །སངས་རྒྱས་གཟུགས་སུ་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་འཁོར་ལོ་ལྷའི། །འོད་ཟེར་ཚུལ་དུ་རྣམ་བསྒོམ་བྱ། །བཅོམ་ལྡན་འདས་རྡོ་རྗེའི་རང་བཞིན་གྱིས་དེ་སྐད་ཅེས་གསུངས་སོ། །རང་གཟུགས་འཁོར་

ལོའི་ཚུལ་གྱིས་ནི། །འབར་བའི་ཕྲེང་བས་རྣམ་པར་བརྒྱན། །རང་གཟུགས་སངས་རྒྱས་དང་མཚུངས་པ། །ཆོ་ག་ཤེས་པས་དབྱུང་བར་བྱ། །རང་གཟུགས་འཁོར་ལོའི་ཚུལ་གྱིས་ནི། །རལ་གྲིའི་འོད་ཟེར་གྱིས་བརྒྱན་པ། །འབར་བའི་ཕྲེང་བ་འཁྲུགས་

གསལ་བ། །ཀུན་ནས་རྣམ་པར་འཕྲོ་བའོ། །པདྨ་རང་སྙིང་དབུས་གནས་པར། །བྲམ་ཟེ་ཚངས་པ་རྣམ་པར་བརྒྱན། །བྱང་ཆུབ་སེམས་སུ་ཡང་དག་བསྐྱེད། །དེ་ལ་སྔགས་ཀྱི་ཡི་གེ་དགོད། །སྙིང་པོ་ཨུཏྤ་ལར་བསམས་ནས། །སྣ་ཚོགས་འོད་ཟེར་

རྣམ་པར་བརྒྱན། །ཆོ་ག་ཤེས་པས་བྱང་ཆུབ་སེམས། །བསམས་ནས་སྔགས་གསུམ་རྣམ་བསྒོམ་བྱ། །སྙིང་གའི་དབུས་སོན་ཕྲ་མོ་ནི། །ཨིནྡྲ་ནཱི་ལ་མཚུངས་པའི་འོད། །ཡེ་ཤེས་སྦྱོར་བ་ཀུན་བསྐྱེད་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །

རང་གཟུགས་ཕྲ་མོའི་དབུས་གནས་པར། །སྣ་ཚོགས་འབར་བ་མཉམ་པའི་འོད། །སྙིང་པོར་ཡི་གེ་བསམས་ནས་ནི། །རང་གཟུགས་དེ་ལ་བསྒོམ་པར་བྱ། །བཅོམ་ལྡན་འདས་རྡོ་རྗེ་ཡེ་ཤེས་ཀྱིས་དེ་སྐད་ཅེས་གསུངས་སོ། །ཁྲུ་གང་ཙམ་ལས་འདས་པ་ཡི། །ཕྲ་

མོའི་དཀྱིལ་འཁོར་བསྒོམ་པ་ནི། །རང་གཟུགས་ཡི་གེར་ཡང་བྱས་ནས། །རྡོ་རྗེ་འབར་བར་རྣམ་བསྒོམ་བྱ། །ཁྲུ་གང་ཙམ་ལས་འདས་པ་རུ། །ཡེ་ཤེས་དཀྱིལ་འཁོར་བསྒོམ་པ་ནི། །དབུས་སུ་གཟུགས་ནི་ཡང་དག་བསྐྱེད། །བསམས་ནས་བཟླས་པ་

བརྩམ་པར་བྱ། །ཁྲུ་གང་ཙམ་ལས་འདས་པར་ནི། །ཉི་མའི་དཀྱིལ་འཁོར་བསྒོམ་པ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །བསམས་ནས་བཟླས་པ་བརྩམ་པར་བྱ། །ཁྲུ་གང་ཙམ་ལས་འདས་པ་རུ། །ཆོས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། །བགེགས་

Vol. 82 · folio 67a

དགྲར་ཡང་དག་བསྐྱེད་བསམས་ནས། །བཟླས་པ་ཀུན་ཏུ་བརྩམ་པར་བྱ། །མཐོ་གང་ཙམ་ལས་འདས་པ་རུ། །ཡེ་ཤེས་དཀྱིལ་འཁོར་སྒོམ་པ་ནི། །རྣམ་སྣང་མཛད་ཀྱི་གཟུགས་བསམས་ནས། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། །མཐོ་གང་

ཙམ་ལས་འདས་པ་རུ། །པདྨའི་དཀྱིལ་འཁོར་སྒོམ་པ་ནི། །དབུས་སུ་གཟུགས་ནི་ཡང་དག་བསྐྱེད། །གཞོགས་སུ་སངས་རྒྱས་ཡང་དག་བསྒོམ། །རྒྱང་གྲགས་ཙམ་ལས་འདས་པར་ནི། །ཕྲ་མོའི་དཀྱིལ་འཁོར་སྒོམ་པ་ནི། །དབུས་སུ་གཟུགས་ནི་ཡང་དག་

བསྐྱེད། །འཇིག་རྟེན་ཁམས་འདིར་སྤྲོ་བར་བྱ། །བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་དེ་སྐད་ཅེས་གསུངས་སོ། །རྒྱང་གྲགས་ཙམ་ལས་འདས་པར་ནི། །ཟླ་བའི་དཀྱིལ་འཁོར་སྒོམ་པ་ནི། །སངས་རྒྱས་གཟུགས་ནི་ཡང་དག་བསྐྱེད། །གཞོགས་སུ་བཙུན་

མོ་དགོད་པར་བྱ། །བཙུན་མོ་རྣམས་ནི་ཐམས་ཅད་དུ། །འོད་ཟེར་ལྔ་ནི་རྣམ་བསྒོམ་བྱ། །མེ་ཏོག་ཡིད་དགའ་འདི་རྣམས་ཀྱིས། །ཆོ་ག་ཤེས་པས་མཆོད་པར་བྱ། །འཕྲོག་བྱེད་དྲི་ཡི་སྤྲིན་ལ་སོགས། །བསམས་ནས་སངས་རྒྱས་མཆོད་པར་བྱ། །བཅོམ་

ལྡན་འདས་རྡོ་རྗེའི་སྤྱན་གྱིས་དེ་སྐད་ཅེས་གསུངས་སོ། །ཆོ་ག་ཤེས་པས་བཙུན་མོ་ནི། །སེར་པོ་ལྟ་བུར་བསམས་ནས་ནི། །སངས་རྒྱས་སྲས་པོ་འདུས་པ་ནི། །རྣལ་འབྱོར་བསྐྱེད་དེ་བསྒོམ་པར་བྱ། །དེ་དབྱུང་ཇི་ལྟ་བར་བཀོད་ལ། །རྡོ་རྗེ་སེམས་དཔའ་རྣམ་

བསྒོམ་བྱ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །རིགས་ཀྱི་དབྱེ་བ་བསྒོམ་པར་བྱ། །རྒྱང་གྲགས་ཙམ་ལས་འདས་པར་ནི། །ཡེ་ཤེས་ཕྲ་མོ་རྣམ་པར་བསྒོམ། །རང་གཟུགས་གཟུགས་ཀྱི་ཚུལ་གྱིས་ནི། །དབུས་སུ་ཡང་དག་བཞག་བསྒོམ་བྱ། །ཆོ་ག་

ཤེས་པས་རྡོ་རྗེའི་རྩེར། །རྣམ་པ་ལྔ་རུ་རྣམ་བསྒོམ་བྱ། །དཀར་པོ་ཡེ་ཤེས་རིགས་རབ་བརྗོད། །ནག་པོ་བསྡུས་པའི་རིགས་སུ་དྲན། དམར་པོ་པདྨའི་རིགས་ཤེས་བྱ། སེར་པོ་འདོད་པའི་རིགས་སུ་དྲན། །མཛེས་པའི་གཟུགས་ནི་རབ་གསལ་བར། །

Vol. 82 · folio 67b

རིགས་ནས་སྣ་ཚོགས་རྒྱན་གྱིས་བརྒྱན། །པདྨ་རབ་ཏུ་རྒྱས་བྱས་ནས། །རང་གི་རྡོ་རྗེ་དེ་ལ་གཞུག །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་གསུངས་སོ། །དེ་ལྟར་བྱས་པས་གང་ལྡན་པ། །དེ་ལྡན་ཡེ་ཤེས་རྙེད་པར་དཀའ། །རང་གཟུགས་ཤིན་ཏུ་

བརྟན་བྱས་ནས། །བསམ་གཏན་བརྩོན་པར་རབ་ཏུ་གཞུག །མཛེས་ལྡན་མ་དགའ་ལྟ་བ་ན། །གཟུགས་དང་ལྡན་པར་དེ་འགྱུར་རོ། །བཙུན་མོ་མཐོང་བ་ཙམ་གྱིས་ནི། །འཐུང་འགྱུར་འདིར་ནི་ཐེ་ཚོམ་མེད། །རྡོ་རྗེ་སེམས་དཔས་ཞིང་འདིར་ནི། །ཡོངས་

སུ་གང་བར་རྣམ་བསྒོམ་བྱ། །སངས་རྒྱས་གཟུགས་ནི་བརྟན་བྱས་ནས། །རྡོ་རྗེས་རྣམ་པར་ལྟུང་བར་བྱ། །བཅོམ་ལྡན་འདས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པས་དེ་སྐད་ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་

པོ་ལས་རིགས་བསྡུས་པའི་ཏིང་ངེ་འཛིན་གྱི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཆོས་ཀྱི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་བཀའ་སྩལ་ཏོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཐམས་ཅད་དུ་ནི་དེ་ཉིད་བྱ། །ཆོས་ཀྱི་

དཀྱིལ་འཁོར་རྣམ་བསྒོམ་པ། །ཆོ་ག་ཤེས་པས་རབ་ཏུ་བརྩམ། །ཆོས་ཀྱི་ཀུན་སྦྱོར་མཚན་ཉིད་ཀྱིས། །རྣམ་པར་རྟོག་པ་ཡོངས་དོར་བྱ། །གསང་སྔགས་དབྱེ་བ་བརྗོད་ནས་ནི། །ཐམས་ཅད་རྣལ་འབྱོར་རྣམ་བསྒོམ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་

ཀོ྅ཧྃ། དམ་ཚིག་ཆེན་པོའི་རྣལ་འབྱོར་ཉིད། །ཆོ་ག་ཤེས་པས་ཡང་དག་བརྗོད། །དངོས་པོ་ཐམས་ཅད་ཡང་དག་བསྐྱེད། །དངོས་མེད་བསྒོམ་བྱ་མིན་པ་ཉིད། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་དེ་སྐད་ཅེས་གསུངས་སོ། །བློ་གྲོས་ལྡན་པས་

པདྨ་བསམ། །པདྨ་རཱ་གའི་དབང་མཚུངས་པ། །དཀྱིལ་འཁོར་དེ་ལ་བསམ་བྱ་བ། །གཟུགས་བརྙན་དབུས་སུ་རྣམ་བསྒོམ་བྱ། །རིག་པའི་རྒྱལ་པོ་ཡང་དག་བསྐྱེད། །འབར་བའི་ཕྲེང་བ་མཚུངས་པའི་འོད། །འབར་བ་འདུས་པ་དེ་རྣམས་སུ། །འཇིག་རྟེན་

Vol. 82 · folio 68a

དབང་ཕྱུག་རྣམ་བསྒོམ་བྱ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་དེ་སྐད་ཅེས་གསུངས་སོ། །ནམ་མཁའི་ཁམས་ནི་ཀུན་ཏུ་དགང་། །སླར་ཡང་དེ་ཉིད་ལ་བསྡུ་བྱ། །རང་གི་གཟུགས་དང་ཟླ་དབུས་གནས། །སྣ་ཚོགས་ཁ་དོག་

མཚུངས་པའི་འོད། །སྙིང་ག་རུ་ནི་རྣམ་བསྒོམས་ནས། །ལྕེ་ལ་གསང་སྔགས་བསྒོམ་པའོ། །རང་གཟུགས་དེ་ཡི་དབུས་གནས་པར། །སངས་རྒྱས་ཡེ་ཤེས་རྣམ་པར་བརྒྱན། །འཇིག་རྟེན་དབང་ཕྱུག་ཡང་དག་བསྐྱེད། །འཇིག་རྟེན་ཁམས་འདིར་སྤྲོ་བར་བྱ། །

རིག་པའི་རྒྱལ་པོ་ཡང་དག་བསྐྱེད། །པདྨའི་དཀྱིལ་འཁོར་དབུས་སུ་ནི། །འཇིག་རྟེན་དབང་ཕྱུག་རབ་བསྒོམས་ནས། །གཟུགས་ཀྱིས་ནམ་མཁའ་འགེངས་པར་བྱེད། །ཆོས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །འཇིག་རྟེན་དབང་ཕྱུག་རབ་བསྒོམས་ནས། །རྡོ་རྗེ་

སེམས་དཔའ་ཡང་དག་བསྐྱེད། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ། །ཆོས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །ཇི་ལྟར་རིགས་པར་གནས་ལྔ་རུ། །ཁྱབ་

བདག་འཇིག་རྟེན་དབང་ཕྱུག་དགོད། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་དེ་སྐད་ཅེས་གསུངས་སོ། །སྙིང་གའི་དབུས་སོན་ཕྲ་མོ་ནི། །ཆོས་ཀྱི་དཀྱིལ་འཁོར་མཆོག་གྱུར་པ། །ཆོས་དེར་ཡང་དག་བསྐྱེད་ནས་སུ། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། །

སྙིང་གའི་དབུས་སོན་ཕྲ་མོ་ནི། །ཆོས་ཀྱི་དཀྱིལ་འཁོར་དྲི་མེད་པ། །པདྨ་དེ་ལ་རྣམ་བསྒོམས་ཤིང་། །སངས་རྒྱས་གཟུགས་ནི་རྣམ་བསྒོམས་ནས། །སངས་རྒྱས་གཟུགས་རྣམས་ཐམས་ཅད་དུ། །འཇིག་རྟེན་དབང་ཕྱུག་རྣམ་བསྒོམ་པའོ། །བཅོམ་ལྡན་

འདས་ཆོས་འཆང་བས་དེ་སྐད་ཅེས་གསུངས་སོ། །སྙིང་གའི་དབུས་སོན་ཕྲ་མོ་ནི། །ཆོས་ཀྱི་དཀྱིལ་འཁོར་མཆོག་གྱུར་པ། །སངས་རྒྱས་ལྔ་ནི་རྣམ་བསྒོམས་ནས། །དེར་ཡང་དེ་བཞིན་བསྒོམ་པར་བྱ། །ལྟེ་བའི་དབུས་སོན་ཕྲ་མོ་ནི། །ཆོས་ཀྱི་དཀྱིལ་

Vol. 82 · folio 68b

འཁོར་མཆོག་གྱུར་པ། །རང་གཟུགས་ལ་སོགས་རྣམ་བསྒོམས་པས། །ཆོ་ག་ཤེས་པས་བསྐྱེད་པར་བྱ། །མཐོ་གང་ཙམ་ལས་འདས་པར་ནི། །ཆོས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཆོ་ག་ཤེས་པས་རིམ་པ་བཞིན། །འཇིག་རྟེན་ཁམས་སུ་མཆོད་པར་བྱེད། །

བཅོམ་ལྡན་འདས་ཆོས་འཆང་བས་དེ་སྐད་ཅེས་གསུངས་སོ། །རྒྱང་གྲགས་ཙམ་ལས་འདས་པར་ནི། །ཆོས་ཀྱི་དཀྱིལ་འཁོར་སྒོམ་པ་ནི། །འཇིག་རྟེན་དབང་རབ་བསྒོམས་པ་ཡིས། རང་གི་གཟུགས་ནི་རྣམ་བསྒོམ་བྱ། །རྒྱང་གྲགས་ཙམ་ལས་འདས་པར་

ནི། །པདྨའི་དཀྱིལ་འཁོར་སྒོམ་པ་ནི། །གཞོགས་སུ་བཙུན་མོ་བྱས་ནས་སུ། །སངས་རྒྱས་གཟུགས་ནི་མཆོད་པར་བྱ། །གསལ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཆོས་ཀྱི་དཀྱིལ་འཁོར་སྒོམ་པ་ནི། །འཇིག་རྟེན་ཁམས་ནི་ཀུན་ནས་སུ། །ཆོ་ག་ཤེས་

པས་མཆོད་པར་བྱ། །གསལ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པ་སྟེ། །ཉི་མའི་དཀྱིལ་འཁོར་མཆོག་བྱས་ནས། །རང་གི་གཟུགས་ནི་དགོད་པར་བྱ། །སྔགས་པས་སྟེང་གི་རིམ་པར་ནི། །ཇི་སྲིད་ནམ་མཁའ་

འགེངས་པ་ཞེས། །པདྨ་རཱ་གའི་འོད་མཉམ་པའི། །པདྨ་ལྔ་ནི་རྣམ་བསྒོམས་ནས། །ཆོ་ག་ཤེས་པས་རང་གཟུགས་ནི། །དབུས་སུ་ཡང་དག་གནས་བསྒོམ་བྱ། །སངས་རྒྱས་གཟུགས་ནི་ཀུན་འབྱུང་བ། །ཤར་དུ་རྣམ་པར་བསྒོམ་པར་བྱ། །ལྷོར་ནི་

བསྡུས་པ་ཞེས་བྱས་ནས། །རྣལ་འབྱོར་ཡང་དག་བརྩམ་པར་བྱ། །ནུབ་ཏུ་ཆོས་འཆང་བྱས་ནས་ནི། །བྱང་དུ་འདོད་པ་འབྱུང་བའོ། །འཁོར་ལོ་ཡེ་ཤེས་རིགས་ཞེས་བརྗོད། །རལ་གྲི་ཆོས་ཀྱི་རིགས་ཞེས་དགོངས། །རྡོ་རྗེ་བསྡུས་པའི་རིགས་སུ་གྲགས། །

རྩེ་གསུམ་འདོད་པའི་རིགས་སུ་བཤད། །ནམ་མཁའི་ཁམས་ནི་ཀུན་གང་བར། །བྱས་ནས་ཁྱབ་བདག་ཆོས་འཆང་བ། །ལག་ཏུ་རལ་གྲི་ཡང་དག་བསྐྱེད། རང་གཟུགས་ཀྱིས་ནི་གཞོམ་པར་བྱ། །འདོད་མཆོད་ཀྱིས་ནི་འཇོམས་བྱས་ནས། །ཆོས་ཀྱི་

Vol. 82 · folio 69a

དབྱིངས་ཀྱི་ཆོ་ག་རིག །ལག་ཏུ་མདུང་ནི་ཡང་དག་བསྐྱེད། །རང་གཟུགས་ཀྱིས་ནི་ཕྱེ་མར་བརླག །གསལ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཡེ་ཤེས་རིགས་ནི་ཟློག་པར་བྱེད། །ཡེ་ཤེས་དཀྱིལ་འཁོར་ཚུལ་གྱིས་ནི། །བསྡུས་པའི་རིགས་

ནི་རྣམ་ལྟུང་བྱེད། །ཆོས་ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི། །ཆོས་ཀྱི་རིགས་ནི་ངེས་ལྟུང་བྱེད། །ཟླ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཆེན་པོའི་རིགས་ནི་ངེས་ལྟུང་བྱེད། །ཉི་མའི་དཀྱིལ་འཁོར་ཚུལ་གྱིས་ནི། །རིགས་ཀུན་ངེས་པར་ལྟུང་བར་བྱེད། །

བཅོམ་ལྡན་འདས་རྡོ་རྗེ་འཆང་བས་དེ་སྐད་ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོར་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཏེ་ལེའུ་བཞི་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་

དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་རང་གི་རྡོ་རྗེ་ཆེན་པོ་ལ་བཞག་ནས་ཡེ་ཤེས་ཀྱི་རིགས་ལ་སོགས་པ་ཅན་དེ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་རབ་ཏུ་བཅུག་ཅིང་བརྟན་པར་བྱས་ནས། དཀྱིལ་འཁོར་ཆེན་པོ་དེ་རྣམས་སུ་རང་

གི་གཟུགས་ཀྱི་རྣམ་པས་ཀུན་ཏུ་གནས་པ་དང་། གཟུགས་ཆེན་པོ་ལྷ་ཆེན་པོའི་ལྷའི་རྣམ་པར་ཡང་དག་པར་སྦྱར་ནས། འདོད་པའི་རིགས་ཀྱི་ཏིང་ངེ་འཛིན་འདི་གསུངས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་ལས་ནི། །ཐམས་ཅད་དེ་བཞིན་ཁོ་ནར་བྱ། །

ཆོ་ག་ཤེས་པས་རབ་བརྩམ་བྱ། །གཞན་དུ་བསྒོམ་བྱ་མིན་པ་ཉིད། །འདོད་པའི་རིགས་ཀྱི་ཆོ་ག་ཡིས། །གསང་སྔགས་རིག་པ་རྗེས་དྲན་བྱ། །ཨོཾ་ཀཱ་མ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཇི་ལྟར་རིགས་པར་བརྗོད་ནས་ནི། །རྣལ་འབྱོར་འདི་ནི་ཡང་དག་བརྩམ། །

ཀར་ནི་ཀཱ་ར་མཚུངས་པའི་འོད། །པདྨ་ཆེན་པོ་ཡང་དག་བསྐྱེད། །དེ་ཉིད་དཀྱིལ་འཁོར་བྱས་ནས་ནི། །རང་གི་གཟུགས་ནི་དགོད་པར་བྱ། །འདོད་མཆོད་གཟུགས་ནི་ཀུན་བསྐྱེད་ནས། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། རང་གཟུགས་འདོད་མཆོད་

Vol. 82 · folio 69b

ཚུལ་གྱིས་ནི། །གཟུགས་ཀྱིས་ནམ་མཁའ་འགེངས་པར་བྱེད། །སྣ་ཚོགས་འབར་བས་རྣམ་བརྒྱན་པའི། །ཚངས་པའི་གཟུགས་ནི་ཡང་དག་མནན། །འདོད་མཆོད་གཟུགས་ནི་ཀུན་བསྐྱེད་ནས། །འཇིག་རྟེན་ཁམས་སུ་འདི་སྤྲོ་བྱ། །ཆོ་ག་ཤེས་པས་རེ་རེ་

བར། །གཟུགས་གསུམ་རྣམ་པར་བསྒོམ་པར་བྱ། །བཅོམ་ལྡན་འདས་འདོད་པའི་མཆོད་པས་དེ་སྐད་ཅེས་གསུངས་སོ། །ཁྲུ་གང་ཙམ་ལས་འདས་པར་ནི། །པདྨ་ཆེན་པོ་རྣམ་བསྒོམ་པ། །ཚངས་པའི་གཟུགས་ཀྱིས་སྲིད་པ་འདིར། །ཆོ་ག་

ཤེས་པས་སྤྲོ་བར་བྱ། །ཁྲུ་ནི་བརྒྱ་ཕྲག་འདས་པར་ནི། །པདྨ་ཆེན་པོ་རྣམ་བསྒོམ་བྱ། །འདོད་མཆོད་གཟུགས་ནི་ཡང་དག་དབྱུང་། །སངས་རྒྱས་དེ་ཉིད་ལ་བསྒོམ་བྱ། །ཁྲུ་ནི་བརྒྱད་བརྒྱ་འདས་པར་ནི། །པདྨ་ཆེན་པོ་རྣམ་བསྒོམ་བྱ། །ཁྱབ་འཇུག་

གཟུགས་ནི་ཡང་དག་བསྐྱེད། །སངས་རྒྱས་ལ་སོགས་དེར་བསྒོམ་བྱ། །སངས་རྒྱས་གཟུགས་ནི་ཡང་དག་བསྐྱེད། །ཚངས་པའི་གཟུགས་ཀྱིས་འདི་སྤྲོ་བྱ། །ཆོས་ཀྱི་གཟུགས་ནི་ཡང་དག་བསྐྱེད། །ཁྱབ་འཇུག་གཟུགས་ཀྱིས་འདི་སྤྲོ་བྱ། །སེམས་དཔའི་

གཟུགས་སུ་བརྟན་བྱས་ནས། །འདོད་མཆོད་མཚུངས་པའི་གཟུགས་རྣམས་ཀྱིས། །འཇིག་རྟེན་ཁམས་ནི་ཀུན་ཏུ་ཡང་། །ཆོ་ག་ཤེས་པས་སྤྲོ་བར་བྱ། །ཁྲུ་གང་ཙམ་ལས་འདས་བར་ནི། །ཚངས་པའི་གཟུགས་ཀྱིས་རྣམ་བསྒོམ་པ། །སྙིང་གར་དེ་རྣམས་ཡང་

དག་བསྐྱེད། །སངས་རྒྱས་གཟུགས་སུ་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་སངས་རྒྱས་གཟུགས། །གཟུགས་ལ་གཟུགས་སུ་རྣམ་བསྒོམ་བྱ། བཅོམ་ལྡན་འདས་འདོད་པའི་མཆོད་པས་དེ་སྐད་ཅེས་གསུངས་སོ། །ཁྲུ་གང་ཙམ་ལས་འདས་པར་ནི། ཁྱབ་

འཇུག་གཟུགས་ནི་རྣམ་སྒོམ་པ། སྙིང་གར་དེ་རྣམས་ཀུན་བསྐྱེད་ནས། སངས་རྒྱས་གཟུགས་སུ་རྣམ་བསྒོམ་བྱ། །སངས་རྒྱས་གཟུགས་རྣམས་ཐམས་ཅད་དུ། །འདོད་པའི་མཆོད་པ་མཚུངས་པའི་གཟུགས། །སྒེག་པའི་རྒྱན་གྱིས་བརྒྱན་གྱུར་པ། །

Vol. 82 · folio 70a

ཆོ་ག་ཤེས་པས་དབྱུང་བར་བྱ། །ཇི་སྲིད་གཟུགས་སུ་ཡང་དག་སྦྱོར། །དེ་སྲིད་དུ་ནི་བཙུན་མོར་འགྱུར། །བཅོམ་ལྡན་འདས་འདོད་པའི་མཆོད་པས་དེ་སྐད་ཅེས་གསུངས་སོ། །རིགས་ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི། །གཟུགས་སུ་བསྐྱེད་

ནས་བསྒོམ་པར་བྱ། །ཆོ་ག་ཤེས་པས་དང་པོའི་སྦྱོར། །མཉམ་པར་གཞག་པས་བསྒོམ་པར་བྱ། །ནམ་མཁའི་ཁམས་ནི་ཀུན་བཀང་བར། །མཁས་པས་དེ་ལྟར་བསམས་བྱས་ནས། །བརྗོད་པའི་རྣམ་པས་གསོལ་བ་བཏབ། །མཉམ་པར་བཞག་པས་

དེ་ལྟུང་བྱ། །ཆོ་ག་ཤེས་པས་ལྷའི་རྣམ་པ། །སངས་རྒྱས་འོད་དང་མཉམ་པའི་གཟུགས། །ཇི་ལྟར་རིགས་པར་སྔགས་པས་སྦྱིན། །གཞན་དུ་འགྲུབ་པར་མི་འགྱུར་རོ། །ཆོ་ག་ཤེས་པས་ལྷ་མོ་ལྷའི། །རང་གི་གཟུགས་ནི་རྣམ་བསྒོམ་བྱ། །གཞན་དུ་

རྡོ་རྗེ་སེམས་དཔའ་རྣམས། །དཀར་སོགས་ཆོ་ག་འབྱུང་བ་ཡི། །སྒེག་པའི་རྒྱན་གྱིས་བརྒྱན་གྱུར་པའི། །རང་གཟུགས་རྣོན་པོའི་ཚུལ་གྱིས་ནི། །ཆོ་ག་ཤེས་པས་ལྷ་མོ་དེར། །བྱས་ནས་མཚོན་བྱ་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་རྡོར་པདྨ། །ཀུན་

སྦྱོར་ཆོ་ག་འབྱུང་བ་ཡིས། །རིགས་ཀྱི་གཟུགས་ནི་ཀུན་བསྐྱེད་ནས། །རང་གི་ཁུ་བས་དེ་ནི་མཆོད། །རྒྱལ་བ་ཆུ་སྐྱེས་རིགས་ཀྱི་ལྷ། །གཞན་དུ་གྲུབ་པ་ཉིད་མི་འགྱུར། །ཕྱག་ན་རྡོ་རྗེའི་རིགས་བརྗོད་པའི། །ལྷ་ཉིད་གྲུབ་པ་ཉིད་མི་འགྱུར། །དང་པོ་དང་མཐར་

ཐམས་ཅད་དུ། །འདི་ནི་ཐུན་མཚམས་བཞི་རུ་བྱ། །རྒྱལ་བ་ཆུ་སྐྱེས་རྡོ་རྗེ་སྐྱེས། །གཞན་དུ་འགྲུབ་པ་མིན་པ་ཉིད། །མ་མོའི་གཟུགས་ནི་ཀུན་བསྐྱེད་ནས། །འོད་ཟེར་སྣ་ཚོགས་མཉམ་པའི་འོད། །རང་གཟུགས་འདོད་མཆོད་ཚུལ་གྱིས་ནི། །ཁམས་གསུམ་

པར་ཡང་སྤྲོ་བར་བྱ། །འདོད་པའི་མཆོད་པ་མཚུངས་པའི་གཟུགས། །སྲིང་མོ་བཞིར་ནི་ཡང་དག་སྦྱོར། །གཟུགས་ཀྱི་མཚན་ཉིད་ཚུལ་གྱིས་ནི། །མཉམ་པར་བཞག་པས་སྨྲ་བར་བྱ། །གེ་སར་སེར་པོ་དང་མཚུངས་པའི། །ཚངས་པའི་གཟུགས་ནི་རྣམ་བསྒོམས་

Vol. 82 · folio 70b

ནས། །ཆོ་ག་ཤེས་པས་སངས་རྒྱས་གཟུགས། །བྱས་ནས་དེ་ནི་རབ་བསྒོམ་བྱ། །བཅོམ་ལྡན་འདས་རྡོ་རྗེ་ཆོས་འཆང་བས་དེ་སྐད་ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། འདོད་པའི་རིགས་ཀྱི་

ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་བ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་དཀྱིལ་འཁོར་དུ་བཞག་ནས་རང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་

རྒྱལ་བའི་རྟོག་པ་ཆེན་པོར་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་གི་ཡེ་ཤེས་མཆོག་གི་ལེའུ་འདི་བཀའ་སྩལ་ཏོ། །བློ་ལྡན་འདོད་པ་ཐམས་ཅད་ལ། །རྣམ་རྟོག་བྱ་བ་མིན་པ་ཉིད། །སངས་རྒྱས་ཐམས་ཅད་འཇོམས་པ་ནི། །སེམས་ལ་སྨད་བྱ་མིན་པ་ཉིད། །དགའ་

དང་རྩོད་པའི་མཚན་ཉིད་ཀྱིས། །སངས་རྒྱས་ཐམས་ཅད་བསླུ་བ་དང་། །གཞན་དུ་ང་ལ་ལྷའོ་ཞེས། །སེམས་ནི་བརྟན་བྱ་མིན་པ་ཉིད། །སངས་རྒྱས་ཀུན་གྱི་རྫས་གང་ཡིན། །སྐྱེ་བ་མེད་པའི་ཡོན་ཏན་འབྱུང་། །སེམས་ནི་ཤིན་ཏུ་བརྟན་བྱས་ལ། །བཙུན་

མོ་ལ་སོགས་རྣམ་པར་བསྒོམ། །འཇིག་རྟེན་གསུམ་པའི་དབང་ཕྱུག་མ། །རིག་མ་ཆེན་མོ་སྤྱན་མར་གྲགས། །དེ་ཡང་བཙུན་མོར་བྱས་ནས་ཀྱང་། །ཀུན་ཏུ་ཉེ་བར་ལོངས་སྤྱད་དོ། །ཆོ་ག་ཤེས་པས་ཡེ་ཤེས་རིགས། །ལྷན་ཅིག་འཇོམས་པར་ཡང་དག་

བརྩམ། །སྲོག་ཆགས་རྣམས་ཀྱི་དགེ་འཇོམས་པ། །བསྡུ་བའི་དོན་ནི་རྟག་ཏུ་བྱ། །ཆགས་ལ་ཆགས་པས་སྦྱོར་བྱ་བ། །ཆོས་ཀྱི་རིགས་ལ་རྟག་ཏུ་བྱ། འདོད་མཆོད་རིགས་ནི་མཚུངས་པ་ལ། །རྟག་ཏུ་བརྫུན་ཡང་སྨྲ་བར་བྱ། །ཀུན་ལ་རང་དེ་ལྟར་འདི་བྱ། །གཞན་

དུ་གྲུབ་པ་མིན་པ་ཉིད། །སངས་རྒྱས་གཟུགས་ནི་རྣམ་བསྒོམས་ནས། །སྙིང་གར་དེ་ནི་རྣམ་བསྒོམ་བྱ། །ཐམས་ཅད་དེ་བཞིན་ཁོ་ནར་བྱ། །གཞན་དུ་དེ་དག་མི་འགྱུར་རོ། །ཡེ་ཤེས་རིགས་ནི་རྣམ་འཇོམས་པས། །དགའ་ལྡན་རྣམས་སུ་ཉེ་བར་སྐྱེ། ཆོས་ཀྱི་

Vol. 82 · folio 71a

རིགས་ནི་རྣམ་བསྒོམས་པས། བདེ་ལྡན་དུ་ནི་སྐྱེ་བར་འགྱུར། །ཆོས་ཀྱི་རིགས་སོགས་དབྱེ་བ་ཡིས། །བསྡུས་པ་ཞེས་ནི་གྲགས་པར་འགྱུར། །འདོད་མཆོད་རིགས་ནི་འཇོམས་པ་ཡིས། །ཁམས་གསུམ་པ་ལ་སོགས་པར་འབྱུང་། །

གནས་མེད་ལུས་དང་བྲལ་བ་ཡི། །ལུས་དང་ལྡན་པས་གནས་པར་འགྱུར། །དེ་ཡི་གདོང་ནི་གཟི་རྒྱས་པར། །ཆོས་རྣམས་ཀུན་ཏུ་སྐྱེ་བར་འགྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེ་བོས་དེ་སྐད་ཅེས་གསུངས་སོ། །སེམས་ཅན་ཁམས་

ཀྱི་མཐར་ཐུག་པར། །བདག་ནི་རྡོ་རྗེ་ལྟ་བུར་བརྟན། །སྲིད་པ་སྒྲོལ་བར་ཡང་དག་སྦྱོར། སངས་རྒྱས་བཀའ་ཡིས་དགོད་པར་བྱ། ཡེ་ཤེས་དགེ་བ་ཀུན་འབྱུང་བ། །སངས་རྒྱས་ཆོས་ཚུལ་འདི་རྣམས་ཀྱིས། །སེམས་དཔའ་བསྡུས་པ་ཡང་དག་འབྱུང་། །གཞན་

དུ་མཆོད་བྱ་མིན་པ་ཉིད། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །ཡེ་ཤེས་ཆེན་པོ་ཀུན་བཏུས་པས། །སེམས་ལ་རྟག་ཏུའང་སྦྱར་བར་བྱ། །ཆོས་བསྡུས་པ་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་སེམས་ཆེན་པོ། །རྡོར་སོགས་མཚན་ཉིད་མིན་པ་ཉིད། །དེ་

བཞིན་དུ་ནི་ཡེ་ཤེས་ཀུན། །སྙིང་པོ་ཀུན་ལས་བཏུས་པ་འདི། །ཕ་རོལ་ཕྱིན་པ་བསྡུས་པ་འདིར། །སངས་རྒྱས་རྣམས་ཀྱི་བཙུན་མོར་བསྟན། །དེ་རྣམས་སངས་རྒྱས་ཐོབ་པར་འགྱུར། །ཀུན་སྦྱོར་མཚན་ཉིད་དེ་རྣམས་ཀྱིས། །སྒྲ་དྲི་རོ་ལ་སོགས་པ་རྣམས། །

ཇི་ལྟར་ནུས་པར་འབུལ་བར་བྱེད། །རང་གཟུགས་སངས་རྒྱས་ཚུལ་གྱིས་ནི། །དེ་ལ་དབུས་སུ་རྣམ་བསྒོམ་བྱ། །འོད་ཟེར་འབར་བ་འཁྲུགས་བྱས་ནས། །སྙིང་གར་དེ་རྣམས་རབ་གཞུག་བྱ། །བཅོམ་ལྡན་འདས་ཆོས་འཆང་བས་དེ་སྐད་ཅེས་གསུངས་སོ། །བསྡུས་པ་

ཞེས་རིགས་སུ་བརྗོད་པའི། །གར་མཁན་ཆེན་པོ་ཡང་དག་འབྱུང་། །དེ་ལ་ངོ་མཚར་གསོལ་བཏབ་པ། །དེ་ལ་འཇོམས་པར་བྱེད་པར་དགོངས། །ཕྱག་རྒྱ་ཆེན་པོའི་གོ་འཕང་བརྗོད། །མི་རྣམས་རིགས་ནི་བཞི་པོ་ཡང་། །བྱས་ནས་དམ་ཚིག་ཚུལ་གྱིས་ནི། །མཉམ་

Vol. 82 · folio 71b

པར་བཞག་པས་བསྒོམ་པར་བྱ། །སེམས་ནི་སེམས་ཅན་ཐམས་ཅད་ཀྱི། རང་བཞིན་ཕུལ་བྱུང་ཆེན་པོ་སྟེ། །རྣམ་རྟོག་དམ་ཚིག་ལ་གནས་པ། །སྐྱེ་བ་རྣམས་དང་དམན་པར་སྨྲ། །བསོད་ནམས་བསོད་ནམས་ཀྱིས་དེའི་ལུས། །གོས་པའམ་ཡང་ན་དེ་མིན་

ཉིད། །དེ་ལྟར་ཤེས་ནས་ཅི་རིགས་པར། །གཞན་དུ་བསྒོམ་བྱ་མིན་པ་ཉིད། །པདྨ་ཨུཏྤལ་ལ་སོགས་པ། །འདམ་སྐྱེས་ཡང་དག་བྱུང་མ་སྐྱེས། །སེམས་ལ་སོགས་པའི་མཚན་ཉིད་ཀྱང་། །དེ་ཉིད་ལ་ཀུན་ཤེས་པར་བྱ། །བྱང་ཆུབ་སེམས་ནི་བརྟན་པས་

ནས། །སངས་རྒྱས་རྣམས་ཀྱང་ཡོངས་སུ་གཟུང་། །རྡོ་རྗེ་དེ་ཉིད་ལས་སྐྱེས་ཏེ། །གཞན་དུ་འབྱུང་བ་མིན་པ་ཉིད། །སེམས་ཅན་གྱི་ནི་ས་རྣམས་ཀྱིས། །འགྲུབ་པར་འགྱུར་བར་གྲགས་པ་ཡིན། །དེ་བཞིན་གང་འདི་དག་པ་ཆེ། །ཡེ་ཤེས་ལྕགས་ཀྱུའི་ཚུལ་ཆེན་ནོ། །

བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོས་དེ་སྐད་ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་གི་ཡེ་ཤེས་མཆོག་གི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།དེ་ནས་བཅོམ་

ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ངེས་པར་བྱུང་ནས་ཀྱང་སེམས་དཔའ་ཆེན་པོའི་ཟླ་བའི་དཀྱིལ་འཁོར་བྱིན་གྱིས་བརླབས་པར་ཀུན་ཏུ་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་རྡོ་རྗེ་ཐམས་ཅད་ཀྱི་དམ་

ཚིག་གི་ཡེ་ཤེས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དང་པོའི་རྣལ་འབྱོར་དམ་ཚིག་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་འདུ་བར་བྱེད་པ་སྐྱེད་པ་དང་བཅས་པའི་གསང་ཆེན་བཀའ་སྩལ་ཏོ། །སངས་རྒྱས་གཟུགས་སུ་ཡང་དག་བསྐྱེད། །

འོད་ཟེར་སྣ་ཚོགས་མཚུངས་པའི་འོད། །འོད་ཟེར་སྙིང་པོ་སོགས་ཚུལ་གྱིས། །འཁོར་ལོ་དཀར་པོ་དང་མཚུངས་པ། །ཙ་ན་ཀ་ཡི་འབྲུ་ཚད་ཀྱིས། །ཀུན་ནས་ཡོངས་སུ་ཟླུམ་པོ་རུ། །སྔགས་པའི་དཔྲལ་བའི་སྟེང་དུ་ནི། །མཉམ་པར་བཞག་པས་བསྒོམ་པར་བྱ། །

Vol. 82 · folio 72a

ཆོ་ག་ཤེས་པས་ཟླ་བ་གཅིག །དེ་ཡིས་དེ་ལྟར་འདི་སྤྲོ་བྱ། །ནམ་མཁའ་ལ་སོགས་རབ་འབྱམ་དུ། །ཟླ་གཉིས་ནང་དུ་རྒྱས་པར་བྱ། །ཛཱ་ཏིའི་མེ་ཏོག་སོགས་གཡོགས་པར། །དཀྱིལ་འཁོར་དེ་རུ་རྣམ་བསྒོམ་བྱ། །མཚན་མ་ཕུལ་བྱུང་

བཅས་མཐོང་ནས། །མཚན་ཉིད་བརྗོད་པས་མཚོན་པར་བྱ། །འབར་བའི་ཕྲེང་བས་རྣམ་བརྒྱན་པའི། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ནས། །གང་དུ་དཀྱིལ་འཁོར་སོགས་ཚུལ་གྱིས། །ནས་ཙམ་དུ་ནི་བསྒོམ་པར་བྱ། །རྩེ་མོ་ལྔ་པའི་རྡོ་རྗེ་ཆེ། །སྣ་ཡི་རྩེར་

ནི་རྣམ་བསྒོམ་བྱ། །ཨིནྡྲ་ནཱི་ལ་སོགས་ཚུལ་གྱིས། །དེ་ཡི་ཁ་དོག་རྣམ་སྒོམ་མོ། །ཨུཏྤལ་ལ་སོགས་གཡོགས་པ་ལ། །དཀྱིལ་འཁོར་དེ་ལ་བསྒོམ་པར་བྱ། །ཀུན་ཏུ་དེ་ཉིད་བྱ་བ་ནི། །ཡེ་ཤེས་རིགས་ཀྱི་ཆོ་ག་ལས། །ཆོ་ག་ཤེས་པས་ཆོས་སེམས་དཔའ། །

བསྐྱེད་ནས་བསྒོམ་པར་བྱ་བ་འདི། །ནམ་མཁའི་ཁམས་ནི་ཀུན་བཀང་བར། །བྱས་ནས་འོད་ཟེར་ཡང་དག་བསྡུ། །རྒྱ་ཤུག་ཚི་གུའི་ཚད་ཀྱིས་ནི། །པདྨ་ཡང་དག་སྦྱར་བསྒོམ་བྱ། །པདྨ་རཱ་གའི་འོད་མཚུངས་པའི། །འདབ་མ་བརྒྱད་པ་རྣམ་བསྒོམས་ནས། །

ཇི་ལྟར་རིགས་པར་སྙིང་གར་དེ། །བསྒོམ་བྱ་གཞན་དུ་མི་བསམ་མོ། །ཐོག་མ་བར་ནི་རྣམ་སྤངས་ནས། །སྒོམ་པ་དེ་ཡི་དགོངས་པའོ། །མེ་ཏོག་པདྨ་སོགས་གཡོགས་པར། །དེ་ཕྱོགས་སུ་ནི་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་འདོད་མཆོད་པའི། །

སེམས་དཔའ་འོད་མཚུངས་བསྒོམ་པར་བྱ། །འོད་ཟེར་འབར་བས་རྣམ་བརྒྱན་པའི། །རྩེ་གསུམ་ཤིན་ཏུ་བརྟན་བྱས་ནས། །ཆོ་ག་ཤེས་བས་ནས་ཙམ་དུ། །བསམས་ནས་ལྟེ་བར་བསྒོམ་པར་བྱ། །ཀར་ནི་ཀཱར་སོགས་མེ་ཏོག་ཆེ། །སེར་པོ་འབར་

བ་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ། །ཀུན་ཏུ་རྣལ་འབྱོར་བཞི་རྣམས་སུ། །རྣམ་པ་བཞི་པོ་རྣམ་བསྒོམ་བྱ། །ཇི་སྲིད་ནམ་མཁའི་དཀྱིལ་འཁོར་དུ། །ཆོ་ག་ཤེས་པས་སྤྲོ་བར་བྱ། །གང་ཡང་སྔགས་

Vol. 82 · folio 72b

པས་ཟླ་གཉིས་སུ། །ཐུན་བཞིར་རྣམ་པར་བསྒོམ་པར་བྱ། །རྣམ་པར་དབེན་དང་ཡིད་འོང་དང་། །སྐྱེ་བོ་བྲལ་བར་བསྒོམ་པར་བྱ། །ཉ་དང་ཤ་སོགས་ཅན་བཟའ་ལ། །བརྟུལ་ཞུགས་ཅན་གྱིས་མར་སར་བཏུང་། བསླུས་པ་དང་ཡངས་ལ་འཇིགས། །དེ་ལྟར་གང་

འདི་བརྟུལ་ཞུགས་ཅན། །ཆོ་ག་ཤེས་པས་སངས་རྒྱས་གཟུགས། །དངོས་ཉིད་དུ་དེ་ལྟ་བར་བྱེད། །རང་གཟུགས་རྣམ་ཤེས་བྱ་མིན་ཉིད། །སྒྲ་ནི་ཉན་པར་བྱེད་མིན་ཉིད། །རྣམ་པ་གཉིས་སུ་དེ་ཡི་སེམས། །སྐྱེ་བ་མིན་ཞིང་ཡང་ཡང་མིན། །གང་ཞིག་

ཁོ་ནར་བསྒོམ་པར་བྱ། །གཞན་དུ་དེ་དག་མི་འགྱུར་ཉིད། །གསལ་བའི་དཀྱིལ་འཁོར་སྦྱོར་ལ་སོགས། །བསྐྱེད་ནས་དེ་ལ་བསྒོམ་པར་བྱ། །བདག་པོའི་རྣལ་འབྱོར་ཀུན་བསྐྱེད་ནས། །མཉམ་པར་བཞག་པས་བསྒོམ་པར་བྱ། འབྲས་བུའི་ཆོས་སུ་སྐྱེ་

འགྱུར་ཏེ། །གཞན་དུ་བསྐྱེད་པར་འགྱུར་མིན་ཉིད། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱིས་དེ་སྐད་ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དང་པོའི་ཡེ་ཤེས་ཀུན་ལས་བཏུས་པའི་ལེའུ་

སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་རང་གི་བ་སྤུའི་ཁུང་བུ་རྣམས་སུ་རབ་ཏུ་བཅུག་ནས་དམ་ཚིག་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་རང་གི་གཟུགས་བུད་མེད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་པ་ཁོ་ནར་བ་སྤུའི་ཁུང་བུ་རྣམས་ནས་མངོན་པར་བྱུང་བར་གྱུར་ཏོ། །དེ་ནས་

བཙུན་མོ་དེ་རྣམས་ཐམས་ཅད་ཀྱིས་ཡེ་ཤེས་ཆེན་པོའི་རིན་པོ་ཆེ་དེ་ཡི་མཆོད་པ་ཐམས་ཅད་ཀྱི་བཀོད་པས་ཡང་དག་པར་མཆོད་དེ། ནམ་མཁའི་ཁམས་ཐམས་ཅད་ཀུན་ཏུ་བཀང་ཞིང་སྣང་བར་བྱས་ནས་སྐུ་དང་གསུང་དང་ཐུགས་རྣམས་སུ་གནས་པར་གྱུར་ཏོ། །དེ་ནས་

Vol. 82 · folio 73a

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བཙུན་མོ་ཐམས་ཅད་ཀྱི་བྷ་ག་རྣམས་སུ་རང་གི་རྡོ་རྗེ་ཡང་དག་པར་སྦྱོར་བའི་རྣམ་པས་ཡང་དག་པར་སྦྱར་ནས། རང་གི་གཟུགས་དེའི་ཚད་དུ་བྱིན་གྱིས་རློབ་པར་བྱེད་པས་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱང་དེའི་ཚེ་ཚད་དེ་ཁོ་ན་བཞིན་དུ་མཁས་པ་རྣམས་ཀྱིས་སྔ་མ་ཇི་ལྟ་བའི་ཕྱག་ན་རྡོ་རྗེ་རིགས་ཐམས་ཅད་དམ་ཚིག་གི་ཡེ་ཤེས་དེ་ཁོ་ན་ཉིད་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཡེ་ཤེས་ཆེན་པོའི་དམ་ཚིག་བཀའ་སྩལ་ཏོ། །དཀྱིལ་འཁོར་བཞི་ཡི་ཚུལ་གྱིས་ནི། །དབུས་སུ་

སྔགས་སུ་རྣམ་བསྒོམ་བྱ། །སྙིང་གར་དཀྱིལ་འཁོར་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེ་བོས་དེ་སྐད་ཅེས་གསུངས་སོ། །དཀྱིལ་འཁོར་བཞི་ཡི་ཚུལ་གྱིས་ནི། །རྣམ་སྣང་

ལ་སོགས་རྣམ་བསྒོམ་པ། །དེ་ཉིད་ཀྱིས་ནི་ཀུན་བསྐྱེད་ནས། །དེ་ཉིད་མཆོད་པར་བྱེད་པར་འགྱུར། །དཀྱིལ་འཁོར་བཞི་ཡི་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །སངས་རྒྱས་གཟུགས་ནི་ཡང་དག་བསྐྱེད། །དེ་ཡི་མཆོད་པ་བྱེད་པར་

བཤད། །དཀྱིལ་འཁོར་བཞི་ཡི་ཚུལ་གྱིས་ནི། །རང་རིགས་ལ་སོགས་རྣམ་པར་བསྒོམ། །དབུས་སུ་གཟུགས་ནི་བརྟན་བྱས་ནས། །དེ་ཡི་མཆོད་པ་བྱེད་པར་བཤད། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །སྤྱན་ནི་ཡང་དག་བསྐྱེད་ནས་

སུ། །གསལ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །དམངས་རིགས་དཀར་མོ་རྣམ་བསྒོམ་བྱ། །ཀུན་སྦྱོར་ལ་སོགས་མཚན་ཉིད་ཀྱིས། །སྣ་ཚོགས་རྒྱན་དང་ཡང་དག་ལྡན། །ཨུཏྤལ་སྔོན་པོ་དང་མཚུངས་པའི། མཱ་མ་ཀཱི་ནི་རྟག་བསྒོམ་བྱ། །མེ་ཏོག་

ཆུན་སོགས་ཀྱིས་དོན་བཞིན། །ཇི་ལྟར་རིགས་པར་རྣམ་བརྒྱན་པ། །རིག་མ་ཆེན་མོ་དཀར་མོར་གྲགས། །ཁྲག་དང་མཚུངས་པར་བསམ་པར་བྱ། །ཡིད་ཀྱི་ཀུན་སྦྱོར་ཕུན་ཚོགས་ཀྱིས། །བསྡུས་པ་ཡིས་ནི་རྣམ་པར་བརྒྱན། །ཨུཏྤལ་ན་མཚུངས་སྐལ་

Vol. 82 · folio 73b

བཟང་མོ། །སྔགས་པས་རྟག་ཏུ་བསམ་པར་བྱ། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ། །མར་སར་ལ་སོགས་ཀུན་སྦྱོར་གྱིས། །ཡིད་དུ་འོང་བ་དེ་བསྒོམ་བྱ། །ཆང་ཉིད་ཡིད་ཀྱིས་སྦྱོར་བྱེད་པ། །གང་དེ་ཉིད་ནི་སྒོམ་བཞིན་དུ། །ཟླ་བའི་

དཀྱིལ་འཁོར་དབུས་སུ་ནི། །རང་གི་སྔགས་ཀྱིས་ཡང་དག་བསྐྱེད། །སྐྲོད་པར་བྱེད་པས་ཆོ་ག་ཀུན། །འདི་ནི་བསྐྱེད་ཅིང་བསྒོམ་པར་བྱ། །ལག་པས་མགྲིན་པ་ལ་སོགས་བཟུང་། །རྐང་པ་དེ་ལ་སྦྱར་བར་བྱ། །མེ་ཏོག་གཉིས་སོགས་མཚན་ཉིད་ཀྱིས། །

རང་གི་རྡོ་རྗེ་གཞུག་བསམ་བྱ། །ཟླ་བའི་དཀྱིལ་འཁོར་ཡང་དག་སྦྱོར། །ཁུ་བ་དེ་ལ་ལྟུང་བར་བྱ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ། །ནམ་མཁའི་ཁམས་ནི་ཀུན་བཀང་བར། །བྱས་ནས་དེ་ཉིད་ཀྱིས་བསྒོམ་བྱ། །མེ་

ཏོག་བཞི་ལ་སོགས་ཚུལ་གྱིས། །དེ་ལ་མཆོད་པར་བྱེད་ཅེས་དགོངས། །ཉེར་སྤྱོད་ལྔ་ཡི་མཆོད་པ་ཡིས། །མཆོད་བདག་ཀུན་སྦྱོར་ལས་མཆོད་བྱ། །དྲི་གཟུགས་རོ་དང་རེག་བྱ་ནི། །ཐམས་ཅད་དུ་དེ་ཉིད་ཀྱིས་སྦྱིན། །རྡོར་སེམས་རྣམས་ནི་

བློ་ལྡན་གྱིས། །སངས་རྒྱས་ཀུན་གྱིས་བསྐྱེད་པ་དང་། །མཉེས་དང་མཆོད་པར་རབ་ཏུ་བརྗོད། །དགྱེས་པར་ཡང་ནི་བརྗོད་པ་ཡིན། །འདི་ཡིས་གསང་སྔགས་གྲུབ་པ་ནི། །སྒྲུབ་པ་པོ་རྣམས་རྣམ་རྒྱལ་འགྱུར། །གསལ་བྱེད་རྒྱས་པ་སྒྲུབ་དོན་དུ།

སངས་རྒྱས་ཉིད་སོགས་ཡང་དག་འཐོབ། གལ་ཏེ་ཆོས་ཉིད་མི་འགྱུར་བ། འདི་ནི་སངས་རྒྱས་ཆོས་ཉིད་དོ། །སངས་རྒྱས་ཉིད་སོགས་ཡོངས་གཟུང་བ། གཞན་དུ་ཐོབ་པར་མི་འགྱུར་རོ། །སེམས་ཀྱི་མི་དགེ་བྱ་མིན་ཉིད། སྨད་བའི་ཀུན་སྤྱོད་བྱ་

མིན་ཉིད། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ཆོས་ཉིད་མི་འགྱུར་ཀུན་ལས་བཏུས། །གང་གཞན་བཙུན་མོ་རྣམས་ཉིད་ནི། །འདོད་པ་ཉེ་བར་ལོངས་སྤྱོད་པའོ། །ཉི་མའི་དཀྱིལ་འཁོར་སྦྱོར་བ་ནི། །ཇི་ལྟར་འོས་པར་མཆོད་བྱ་བ། །སྦྱིན་དང་ཚུལ་

Vol. 82 · folio 74a

ཁྲིམས་དེ་བཞིན་བཟོད། །བརྩོན་འགྲུས་སུ་ཡང་བསྟན་པར་བརྗོད། །འདི་ནི་སྔགས་པ་མཁས་པ་ཡིས། །ཆོ་གས་ལྷག་པར་གནས་པར་བྱ། །རང་གི་སྔགས་ནི་ཡང་དག་བརྗོད། །ཟླ་བ་ལྟ་བུར་སྦྱར་བར་བྱ། །དེར་ནི་རྡོ་རྗེ་ལ་བསྡུས་

པས། །སླར་ཡང་སྔགས་པས་གཞུག་པར་བྱ། །གཞོགས་སུ་རིན་ཆེན་རྣམ་བསྒོམ་པ། །ཟེའུ་འབྲུ་ཉིད་ལ་བྱ་བའོ། །དེ་རྣམས་ཁ་དོག་བསྡུས་པ་ཡིས། །རིགས་ཀྱི་དབྱེ་བ་རྟོགས་པར་བྱ། །རིགས་གསུམ་ལ་ཡང་ཐུན་མོང་དུ། །རྡོ་རྗེ་སེམས་དཔའི་

ཡོན་ཏན་འབྱུང་། །དེ་ཡི་ཡི་གེ་ཡང་དག་བསྐྱེད། །གཞུག་ལ་བསམ་གཏན་ལྷུར་ལེན་པས། །ལས་ཀྱི་དབྱེ་བ་སོགས་རྣམས་ཀྱིས། །བྱ་བའི་མཚན་ཉིད་དེ་རབ་གྲགས། །ཡེ་ཤེས་རིགས་ལ་ཨུཏྤལ་སྔོ། །བསྡུས་པ་ཤེས་པ་ལ་ཡང་གྲགས། །འདོད་

མཆོད་རིགས་ལ་པདྨ་དང་། །ཆོས་ཀྱི་རིགས་ལའང་དགོངས་པ་ཡིན། །ཆོ་ག་ཤེས་པས་ལོ་བཅུ་པའི། །བཙུན་མོ་ཡེ་ཤེས་རིགས་ལ་ཤེས། །བསྡུས་པ་ཞེས་ལ་བརྟག་བྱ་བ། །ཡོན་ཏན་མདངས་ལྡན་བཅུ་གཉིས་ལོ། །སྔགས་པས་རྟག་

ཏུ་ཆོས་ཤེས་པར། །བཅུ་དྲུག་ལོ་མ་ཀུན་ཏུ་བརྩམ། །ཀུན་ཏུ་འདོད་མཆོད་རིགས་ལ་ནི། །ཉི་ཤུའི་ལོ་ཅན་བསྟེན་པར་བྱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དཀྱིལ་འཁོར་གྱིས་དེ་སྐད་ཅེས་གསུངས་སོ། །ཇི་སྲིད་

ཁུ་བ་ཡང་དག་བསྡུས། །བཅུ་གཉིས་ལོ་དང་ལྡན་པར་བྱ། །མདོར་ན་གང་གང་འདོད་གྱུར་པ། །སྣ་ཚོགས་རྒྱན་དང་ཡང་དག་ལྡན། །མེ་ཏོག་ཆུན་པོ་སོགས་བརྒྱན་པ། །ཇི་ལྟར་རིགས་པར་བྱ་བ་ཡིན། །རྣམ་པར་སྣང་མཛད་སོགས་བྱས་ནས། །དེ་ནས་

མཆོད་པ་ཡང་དག་བརྩམ། །རིགས་ཀྱི་དབྱེ་བས་ལས་རྣམས་ནི། །ཙནྡན་གུར་གུམ་རབ་ཏུ་བརྗོད། །བདེ་བར་བཞུགས་ཤིང་མཛེས་བྱས་པ། །དཀྱིལ་འཁོར་དེ་ཉིད་ཀྱིས་དེ་བྱ། །ཐམས་ཅད་བསྡུས་པ་དེ་བྱ་བ། །ཇི་ལྟར་དབྱེ་བ་མི་ཤེས་ན། །གལ་

Vol. 82 · folio 74b

ཏེ་དབྱེ་བ་དེ་ཡིས་ནི། །སངས་རྒྱས་ཀྱང་ནི་འགྲུབ་མི་འགྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱིས་དེ་སྐད་ཅེས་གསུངས་སོ། །མཚན་རྣམས་ཀུན་གྱིས་བརྒྱན་པ་ཡིས། །རྒྱན་དུ་བྱས་པའི་བུ་མོ་བདུན། །བཅུ་དྲུག་ལོ་

ཡི་རྣམ་པ་དེ། །ཇི་སྲིད་བཅྭ་བརྒྱད་ལོ་ལེན་པར། །ཤིན་ཏུ་རིང་མིན་ཐུང་བ་མིན། །ཕྲ་མིན་དམན་པར་སྐྱེས་པའང་མིན། །མཚུངས་མེད་གཞོན་ནུ་མ་བསྒྲུབ་བྱ། །གཞན་དུ་འགྲུབ་པར་མི་འགྱུར་རོ། །ཆོ་ག་ཤེས་པས་དེ་བཟུང་ལ། །དེ་ཉིད་སྒྲུབ་ཐབས་

ཀྱིས་བསྒྲུབ་བྱ། །འཛམ་བུའི་གླིང་དུ་དབྱངས་སོགས་ཀྱི། །མཚན་ཉིད་ཐམས་ཅད་ཀྱིས་བརྒྱན་པ། །བཅུ་དྲུག་བསྒྲུབས་ན་ཆོ་ག་ཤེས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཁྲུ་བཞི་པ་ཡི་དཀྱིལ་འཁོར་ནི། །བྲིས་ནས་རྟག་ཏུ་བསྒྲུབ་པར་བྱ། །རིག་པའི་

ཚུལ་གྱི་ཆོ་ག་ཡིས། །མཁས་པས་འབུམ་ཕྲག་ལྔ་རུ་བཟླས། །མར་མེ་ལ་སོགས་ཚད་ཀྱིས་ཏེ། །གཞན་དུ་བསྒྲུབ་བྱ་མིན་པ་ཉིད། །བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀུན་ཏུ་སྣང་བས་དེ་སྐད་ཅེས་གསུངས་སོ། །ཁྲུ་ཡི་ཚད་ཀྱི་དཀྱིལ་འཁོར་དུ། །

རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །བདུད་རྩི་ཞེས་བྱའི་ཁྲོ་བོ་ཆེ། །བྱིན་ནས་ཡང་དག་ལས་རྣམས་བརྩམ། །ཆོ་ག་ཤེས་པས་དེ་རུ་ཡང་། །མཚན་མ་བཀོད་ནས་བསྒྲུབ་པར་བྱ། །དྲི་དང་མེ་ཏོག་སོགས་མཆོད་པ། །བྱས་ནས་བསྒྲུབ་བྱ་གཞན་དུ་མིན། །མཚོ་

དང་ཆུ་འགྲམ་ཡིད་འོང་དང་། །རི་བོ་དབེན་པ་རྣམས་སུ་ཡང་། །ཆོ་ག་ཤེས་པས་བསྡུས་པ་ཡིས། །རང་ཉིད་དཀྱིལ་འཁོར་བྲི་བར་བྱ། །རིན་ཆེན་ཀུན་གྱིས་མཆོད་པ་ནི། །རྡོ་རྗེ་སེམས་དཔའི་མཆོད་པ་སྟེ། །སྤྱན་རས་གཟིགས་ཀྱི་མགོན་པོ་ཡི། །མཆོད་པ་

ཞེས་ནི་དེ་ལ་བཤད། །ཐུན་ཚོད་དང་པོ་ལས་འདས་པར། །གཉིས་པར་ཡང་དག་ཉེར་གནས་པས། །རྣལ་འབྱོར་པ་ཡིས་སྒྲུབ་པར་བསྒྲུབ། །དེ་ཁོ་ཉིད་ཀྱང་འགྲུབ་པར་འགྱུར། །ཐུན་ཚོད་ཕྱེད་དུ་ཡང་དག་འབྱུང་། །ལྔ་ཡི་བར་མ་ཆད་རྣམས་སུའང་། །

Vol. 82 · folio 75a

ཕྱག་ན་རྡོ་རྗེས་བྱིན་བརླབས་པས། །སྒྲུབ་པོ་རྟག་ཏུ་འགྲུབ་པར་འགྱུར། །རིགས་ཀྱི་བདག་པོ་ལྟར་གྱུར་ནས། །འཇིག་རྟེན་ཁམས་ནི་ཀུན་ཏུ་ཡང་། །བཙུན་མོ་གྲངས་མེད་པོ་ཊི་ཡིས། །དངོས་གྲུབ་རྟོགས་ཕྱིར་རྣམ་པར་སྤྱོད། །

དེ་ཡི་བྱ་བས་སངས་རྒྱས་ཉིད། །རི་རབ་ཀྱི་ནི་རྡུལ་ཕྲན་གྱི། །ཕྱག་ན་རྡོ་རྗེ་ཀུན་འབྱུང་བ། །སེམས་ཅན་རྣམས་ཀྱི་བྱེད་པ་ཡིན། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་དམ་ཚིག་ཐམས་ཅད་ཀྱི་སྒྲུབ་ཐབས་ཆེན་པོ་གསང་

བའི་མཆོད་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་ཡང་དག་འདུས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་

ཅད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་བྱ་བའི་གསང་སྔགས་ཆེན་པོའི་དམ་ཚིག་སྒྲུབ་པ་པོ་རྣམས་ཀྱིས་སེང་གེ་རྣམ་པར་རོལ་པའི་དམ་ཚིག་གི་ཡེ་ཤེས་བྱེད་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བསྟན་

དུ་གསོལ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཚིག་ཉེ་བར་གསན་ནས། རྡོ་རྗེ་དེ་རང་གི་སྙིང་གར་བཞག་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ལ་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་རྒྱུ་ཅིའི་ཕྱིར་དེ་སྐད་གསུང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གང་ངེས་པར་བསྟན་ནུས་པ་ནི་མེད་དོ། །ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་ལ་ཡེ་ཤེས་ཀྱི་འོད་ཟེར་ཡང་

རྣམ་པ་སྟོང་དུ་རྣམ་པར་ཞིགས་པར་གྱུར་ཏོ། །གཞན་དུ་ནག་ལ་འགྱུར་ཞེས་སོ། །དེ་བཞིན་དུ་ནི་དེ་ལྟ་བུ་བྱས་ནས་དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་དང་སྤྱི་བོར་ཟླ་

Vol. 82 · folio 75b

བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་གཟུགས་སུ་གནས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡེ་ཤེས་ཀྱི་དམ་ཚིག་ཁོང་དུ་ཆུད་པ་ཞེས་བྱ་བའི་གསང་སྔགས་ཀྱི་དམ་ཚིག་བཀའ་སྩལ་ཏོ། །གྲངས་མེད་འབྱུང་པོ་ཐམས་ཅད་ནི། །དེ་ཉིད་སྦྱར་བས་གསད་

པར་བྱ། །སྐྱེ་བ་འདིར་ཉིད་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སངས་རྒྱས་བྱེ་བ་ཡོངས་རྫོགས་པ། །ཡེ་ཤེས་སྦྱོར་བས་གསད་པར་བྱ། །སྐྱེ་བ་འདིར་ཉིད་འགྲུབ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་ཐོབ་བར་འགྱུར། །པདྨ་ཆེན་པོའི་ཚད་ཀྱིས་

ནི། །སེམས་ཅན་ཕུང་པོ་རྣམས་གཞོམ་བྱ། །ཆོས་ཀྱི་དེ་ཉིད་ཏིང་འཛིན་གནས། །བཅོམ་པས་དངོས་གྲུབ་ཐོབ་པར་འགྱུར། །ཆོ་ག་ཤེས་པས་པདྨའི་ཚད། །འཇོམས་བྱེད་འདྲེན་པ་གསད་པར་བྱ། །འདོད་མཆོད་དེ་ཉིད་བསྒོམ་པ་ཡིས། །དེ་ཡིས་

དངོས་གྲུབ་ཆེ་ཞེས་བྱ། །བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ནམ་མཁའི་ཁམས་ནི་ཀུན་བཀང་བར། །མཚན་ཉིད་དེས་ནི་གསད་པར་བྱ། །དེ་ཉིད་ཡང་འདིར་སངས་རྒྱས་ཉིད། །སྐྱེ་བ་འདི་ཉིད་ཁོ་ན་ལ། །རྣམ་པ་སྣ་

ཚོགས་མཐའ་དག་འཐོབ། །སེམས་ཅན་སེམས་ནི་ཆོ་ག་ཡིས། །ཡང་དང་ཡང་དུ་སྦྱང་བར་བྱ། །གསོད་པའི་བདག་ཉིད་སོགས་འབྱུང་བ། །གཞན་དུ་འབྱོར་བར་མི་འགྱུར་ཉིད། །སེམས་ཅན་ཀུན་གྱི་སེམས་གང་ཡིན། །གསལ་བཞི་བ་འོད་

གསལ་བར། །སྣ་ཚོགས་དངོས་པོས་མ་གོས་པས། །སེམས་སུ་བརྗོད་པའི་དེ་ཉིད་བསྒོམ། །ཆོ་ག་ཤེས་པས་སངས་རྒྱས་ཡུམ། །དེ་ཉིད་ཉེ་བར་ལོངས་སྤྱོད་བྱ། །གསང་སྔགས་དགེ་བ་འབྱུང་བ་ཀུན། །གཞན་དུ་གྲུབ་པ་ཉིད་མི་འགྱུར། །དེ་དེ་སྔགས་

པ་མ་ལུས་པས། །མཆོག་གི་ཚོགས་ནི་ཡང་དག་དབྱུང་། །རྡོ་རྗེ་སེམས་དཔའ་དགེ་འབྱུང་བ། །གཞན་དུ་དགྱེས་པར་འགྱུར་མིན་ཉིད། །ཉེ་བར་ལོངས་སྤྱོད་བྱ་ཀུན་ཏུ། ཉེ་བར་ལོངས་སྤྱོད་ཀུན་བརྩམ་བྱ། །གཞན་དུ་གལ་ཏེ་བདག་རྨོངས་པས། །

Vol. 82 · folio 76a

མནར་མེད་ལྟ་བུར་འཚེད་པར་འགྱུར། །ཐམས་ཅད་བདག་ཉིད་བཟའ་བར་བྱ། །ཆང་དམ་གཟན་ཡང་རང་གིས་བཏུང་། །སངས་རྒྱས་ཀུན་གྱི་སྦྱིན་པར་འགྱུར། །མྱུར་དུ་འགྲུབ་པར་འགྱུར་བ་ཉིད། །ཤ་ཆེན་རྟག་ཏུ་བཟའ་བར་བྱ། །

ཏིལ་མར་ཡང་རུང་རང་བཏུང་བྱ། །ཆོ་ག་ཤེས་པས་བཤང་གཅིའང་རུང་། །བཟའ་བའི་བདག་ཉིད་ཅན་གྱིས་བཟའ། །རྨ་ཡི་སྒོ་ལས་བྱུང་བའང་མིན། །སངས་རྒྱས་སོགས་ལ་དབུལ་བར་བྱ། །མེ་ཏོག་དྲི་ཞིམ་སྤྲིན་ཆེན་པོ། །བྱས་ནས་ཐམས་ཅད་དོན་

ཇི་བཞིན། །སྔགས་པས་རྟག་ཏུ་སྨད་པ་ཡིས། །བཏུང་བ་ཉིད་ནི་འབྱུང་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་བློ་ཡིས་དམ་ཚིག་བརྗོད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་གནང་བར་བྱེད་པས་དེ་སྐད་ཅེས་

གསུངས་སོ། །སྔགས་པས་རྟག་ཏུ་དཀྱིལ་འཁོར་ནི། །བཤང་དང་གཅི་བས་སོ་སོ་རུ། །ཉལ་བར་བྱེད་པ་ལ་སོགས་སམ། །བསམ་པ་ཤིན་ཏུ་སྲ་བརྟན་བྱ། །བཤང་དང་གཅི་བས་བཀང་བ་ཡི། །གྲུ་བཞི་ཀུན་ཏུ་བསྐྱེད་ནས་ནི། །རང་གཟུགས་དེ་ཡི་

དབུས་སུ་ནི། །སྣ་རྩེར་ནས་ཀྱིས་དགང་བར་བྱ། །བཅོམ་ལྡན་སངས་རྒྱས་འབྱུང་བ་ནི། །དེས་ཆགས་བདག་པོ་དཀའ་བ་མིན། །གང་གཞན་གསུམ་པོ་བསྡུས་པ་ཡིས། །འདིར་གཞན་སོ་སོར་གནས་དེ་མིན། །ཆོ་ག་ཤེས་པས་ཕྱིས་འདིར་ནི། །བྱ་སྟེ་གཞན་

རྣམས་དང་སྦྱར་བྱ། །ཡེ་ཤེས་འཁོར་ལོས་བསྐུལ་བ་ཡིས། །དངོས་གྲུབ་ཡངས་པ་དེར་འགྲོ་འགྱུར། །རང་ངམ་གལ་ཏེ་གཞན་ཡང་རུང་། །དེ་ཉིད་སྦྱོར་བར་མི་བྱེད་དོ། །ཇི་སྲིད་ནམ་མཁའ་ཀུན་འབྱུང་བ། །སངས་རྒྱས་ཉིད་ནི་ཐོབ་མི་བྱེད། །ང་ནི་

མནར་མེད་ང་འཇིགས་རུང་། །ང་ནི་སྡུག་བསྔལ་ང་བདེ་བ། །ཞེ་སྡང་ང་ལ་དེ་བཞིན་རྨོངས། །ང་ནི་འདོད་ཆགས་སོ་སོར་གནས། །ཞེས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་

Vol. 82 · folio 76b

ཤེས་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བའི་མཆོག་ཏུ་གསང་ཆེན་གྱི་ལེའུ་སྟེ་དགུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པའི་འབྲས་བུ་དང་རྒྱུ་དག་གིས་རྡོ་རྗེ་སེམས་དཔའ་

ཐམས་ཅད་ཀྱི་བཅུད་ཀྱི་དམ་ཚིག་གི་གསང་ཆེན་བཀའ་སྩལ་པ། དགྲ་བཅོམ་ལ་ཕྱག་བྱ་མིན་ཉིད། །དགེ་སློང་ཡང་རུང་ཕྱག་བྱ་མིན། །སངས་རྒྱས་རྣམས་ཀྱི་སངས་རྒྱས་ཉིད། །ཐོབ་པ་ཕྱག་སྟེ་ཕྱག་བྱ་མིན། །རང་གཟུགས་སུ་ནི་རང་གཟུགས་ཀྱིས། །

བསམས་ནས་དེ་ཉིད་ཆོ་ག་ལས། །སྙིང་གར་རྡོ་རྗེ་སོགས་བྱས་ནས། །ཡང་དག་མཆོད་བྱར་དེ་སྦྱར་བྱ། །གལ་ཏེ་རྡོ་རྗེ་སེམས་དཔའང་རུང་། །ཁ་ཅིག་ཕྱིས་འདི་ལས་འགོངས་ན། །རང་གི་བྱང་ཆུབ་སེམས་སྨྲས་པས། །མགོ་བོ་ཚལ་བ་བདུན་དུ་

འགས། །བྷ་གར་ལིང་ག་རབ་བཞག་ནས། །གསང་སྔགས་ཡང་ནས་ཡང་དུ་བཟླ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །རང་གཟུགས་ལ་ནི་བསྒོམ་པར་བྱ། །སངས་རྒྱས་སློབ་དཔོན་དེ་ཉིད་འདི། །རྟག་ཏུ་བསྲུང་བའི་ཁྱད་པར་ལས། །གཞན་དུ་

སློབ་དཔོན་རྣམས་ཀྱིས་ནི། །སངས་རྒྱས་ཉིད་ནི་ཐོབ་མི་འགྱུར། །རང་གི་གཟུགས་སུ་རྣམ་བསྒོམས་ནས། །དེ་ཉིད་ལས་ནི་ཕྲ་མོའི་གཟུགས། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །སློབ་དཔོན་སངས་རྒྱས་སུ་བསྒོམ་བྱ། །སྒྲུབ་པོ་རྣམས་ཀྱི་ཡེ་

ཤེས་འདི། །དེ་ཉིད་དམ་ཚིག་འབྱུང་བའོ། །དམ་ཚིག་ལ་སོགས་སྦྱོར་བ་འདིས། །སངས་རྒྱས་ཀྱིའང་འགྲུབ་མི་འགྱུར། །དམ་རྒྱ་ཤིན་ཏུ་རྣལ་འབྱོར་གྱིས། །རང་གི་སྙིང་གར་གཟུགས་བསྒོམ་བྱ། །དེ་ལ་རྡོ་རྗེ་ཡང་དག་བསྐྱེད། །ཇི་སྲིད་འདོད་པས་

བརྟན་པར་བྱ། །དུས་ལ་ལྟོས་པ་ལ་སོགས་ལྡན། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཇི་སྲིད་དངོས་གྲུབ་བསྒྲུབ་བྱ་བ། །རྟག་ཏུ་དེ་ཡིས་བསྲུང་བར་བྱ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱིས་དེ་སྐད་ཅེས་གསུངས་སོ། །རང་གི་གཟུགས་ནི་ཡང་དག་

Vol. 82 · folio 77a

བསྐྱེད། རང་གཟུགས་ལ་སོགས་མཚན་ཉིད་ཀྱིས། །སྙིང་གར་བདུད་རྩིར་བརྗོད་པ་ནི། །དེ་ཡི་སྔགས་ནི་ཡང་དག་བརྩམ། །འདི་ཡང་དམ་ཚིག་ཡེ་ཤེས་ཏེ། །ཀུན་ཏུ་དྲི་མ་བསལ་བ་ཉིད། །འདོད་པའི་དངོས་གྲུབ་བརྟན་པ་ནི། །

བརྟུལ་ཞུགས་བརྩོན་པས་བསྲུང་བར་བྱ། །སངས་རྒྱས་ཐམས་ཅད་རྣམ་བསྒོམས་ནས། །བསྒྲུབ་བྱའི་རྣམ་པར་བསམ་པར་བྱ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །སྙིང་པོ་དེ་ལ་བསྒོམ་པར་བྱ། །ཆོ་ག་ཤེས་པས་འདི་རྟག་ཏུ། །དུས་གསུམ་དུ་ཡང་

བསྒོམ་པར་བྱ། །གལ་ཏེ་གཞན་དུ་བཟླས་བྱས་སམ། །བསྒྲུབ་ན་དེ་ནི་མ་ཡིན་ཉིད། །རིག་མ་གཟུགས་དང་གཟུགས་སོགས་ཅན། །འབར་བའི་ཕྲེང་བས་རྒྱན་བྱེད་པ། །སེམས་དཔའ་རིན་ཆེན་ཡང་དག་བསྐྱེད། །དེ་ཡི་ལག་ཏུའང་རྣམ་བསྒོམ་བྱ། །བསྡུས་པ་

ཡིས་ནི་བསྒོམ་བཞིན་དུ། །ཇི་སྲིད་དངོས་གྲུབ་རབ་མཐོང་བྱེད། །གཞན་དུ་གལ་ཏེ་བདག་རྨོངས་ན། །དེ་ཡི་སྦྱིན་པ་དེར་མི་འགྱུར། །ཤིན་ཏུ་རྣམ་བཀྲ་ཤིན་དྲི་མེད། །ཡེ་ཤེས་རིན་ཆེན་ཅོད་པན་དུ། །བཞག་ནས་སྒྲུབ་པ་ཡི་ནི་མཆོག །ས་སྟེངས་ལྷན་ཅིག་

རྒྱུ་བར་བྱེད། །རྡོར་སེམས་བདག་ཉིད་དངོས་གྲུབ་ང་། །རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས། །རྟག་ཏུ་རྡོ་རྗེ་ཡེ་ཤེས་ཆོས། །གོ་འཕང་དུ་ནི་བསྒྲལ་བར་བགྱི། །ཡེ་ཤེས་རྡོ་རྗེས་དངོས་གྲུབ་ང་། །བདུད་རྩི་ཞེས་སོགས་བྱིན་གྱིས་བརླབས། །ནམ་མཁའ་

མཆོག་ཏུ་ཕྲ་བ་ཡི། །བཟང་པོ་ང་ནི་རྣམ་དཔྱོད་བྱེད། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་གསང་

སྔགས་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་བྱིན་གྱིས་རློབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའ་སྐྱེ་སྒོམ་པ། །ཐུགས་ཀྱི་རྡོ་རྗེ་ཞེས་རབ་བརྗོད། །སེམས་ལ་དེ་ནི་བསྒོམས་ནས་ནི། །ཡེ་ཤེས་རྡོ་རྗེ་རབ་

Vol. 82 · folio 77b

གཞུག་བྱ། །རྡོ་རྗེ་རང་བཞིན་དག་པའི་དོན། །གསུང་གི་རྡོ་རྗེར་ཡོངས་སུ་བརྟག །དག་པའི་ཡེ་ཤེས་རྣམ་བསྒོམས་པས། །སྐུ་གསུང་དག་པར་རྣམ་བསྒོམ་བྱ། རྡོ་རྗེའི་བྱིན་རློབ་ཤིན་ཏུ་གསལ། མི་ཕྱེད་རྡོ་རྗེའི་སྐུ་ཉིད་དོ། །སངས་རྒྱས་སྐུ་ཡི་རང་

བཞིན་ཉིད། །ཆོ་ག་ཤེས་པས་བྱིན་གྱིས་བརླབ། །རྡོ་རྗེ་འདི་ཡིས་བྱིན་རླབས་པ། །འདི་ཡིས་བྱང་ཆུབ་ཐོབ་པར་བྱེད། །ཆོ་ག་ཤེས་པས་ཟླ་དྲུག་གིས། །སངས་རྒྱས་ཉིད་འདིར་ཐོབ་པར་གྱིས། །ཆགས་སྐྱེས་ཆོས་ཀྱིས་མ་གོས་པའི། །རྡོ་རྗེ་དེ་རྣམས་

ཐམས་ཅད་འབྱུང་། །དེ་ལྟར་དེ་ཉིད་ཆོག་བྱས་ནས། །དངོས་གྲུབ་ཐམས་ཅད་བསྡུས་པ་ཡིན། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཀུན་ཏུ་སྤྱོད་པའི་དམ་ཚིག་བཀའ་སྩལ་ཏོ། །མི་བསླུ་བ་ཡི་ཚུལ་གྱིས་ནི། །རྡོ་རྗེ་ཡེ་

ཤེས་གསུམ་འབྱུང་བས། །དེ་ཀུན་ཉེ་བར་ལོངས་སྤྱོད་པ། །སངས་རྒྱས་ཀུན་སྤྱོད་ཉིད་དུ་འགྱུར། །ནམ་མཁའི་ཁམས་ནི་ཀུན་བཀང་བའི། །སངས་རྒྱས་རྣམས་ནི་གལ་ཏེ་བཅོམ། །སྐྱེ་བ་འདིར་ཉིད་སངས་རྒྱས་ཉིད། །རྡོ་རྗེ་སློབ་དཔོན་བསྡུས་པའོ། །

ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་གཟུགས་ནི་ཡང་དག་བསྐྱེད། །མཁའ་ཁམས་སངས་རྒྱས་གཟུགས་ཀྱིས་ནི། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །སྙིང་གར་སྔགས་ནི་ཡང་དག་བསྐྱེད། །མཉམ་པར་བཞག་པས་བསྐུལ་བར་བྱ། །ཀུན་ཏུ་

དགྱེས་པའི་དམ་ཚིག་གང་། །རྡོ་རྗེ་སློབ་དཔོན་རྟག་བསྒོམ་བྱ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །རང་གི་སྔགས་ནི་ཡང་དག་བསྐྱེད། །མཁའ་ཁམས་གཟུགས་ཀྱིས་ཡང་དག་བཀང་། །སྙིང་གར་ཐམས་ཅད་རྣམ་བསྒོམ་བྱ། །དེ་ཉིད་དེ་ནི་བྱེད་བཞིན་

པས། །སངས་རྒྱས་བཀའ་ཉིད་གོ་འཕང་གནས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རང་གི་སྔགས་ནི་ཡང་དག་བསྐྱེད། །ཆོ་ག་ཤེས་པས་གཟུགས་རྣམ་པར། །གནས་ལྔ་རྣམས་སུ་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །

Vol. 82 · folio 78a

དེ་ཀུན་བསྐུལ་བྱ་བརྟུལ་ཞུགས་ཅན། །ཆོས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །རང་གི་སྔགས་ནི་ཡང་དག་བསྐྱེད། །ཅོད་པན་དུ་དེ་རྣམ་བསྒོམས་ནས། །མཆོད་པར་བྱ་ཞིང་བསྒོམ་པར་བྱ། །སངས་རྒྱས་སློབ་དཔོན་བདེ་ལྡན་གང་། །དེ་

ཉིད་རྣལ་འབྱོར་པའི་བདེ་དེ། །ཀུན་དུ་སྐྲག་པ་ཀུན་སྤངས་པའི། །སྔགས་པ་སེང་གེ་བཞིན་དུ་སྤྱོད། །སྐྱེ་བ་འདིར་ཉིད་སངས་རྒྱས་ཉིད། །སྐད་ཅིག་དེ་ལ་ངེས་སྦྱོར་བྱེད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་དེ་སྐད་

ཅེས་གསུངས་སོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་དམ་ཚིག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བས་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་

གསུང་དང་ཐུགས་དང་ཡེ་ཤེས་ཀྱི་མཆོད་པའི་སྤྲིན་གྱི་བཀོད་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་མཆོད་དེ་འདི་སྐད་ཅེས་གསོལ་ཏོ། །དངོས་གྲུབ་ཐམས་ཅད་བྱེད་བསམ་གཏན། །བསམ་གཏན་དཀྱིལ་འཁོར་མཆོག་གྱུར་པ། །དཀྱིལ་

འཁོར་ཆེན་པོ་མཆོག་གྱུར་པ། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བ་འདེབས་པར་བྱེད་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་བྱིན་གྱིས་

རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀུན་དུ་སྤྱོད་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་འདི་སྟོན་པར་མཛད་དོ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་ཡེ་ཤེས་ལྟ་བུ་སྟེ། །

སངས་རྒྱས་བྱང་ཆུབ་རབ་གསལ་བྱེད། །འོ་མ་དང་ཞོར་བསམ་བྱ་ཞིང་། །པདྨ་ཕྲ་མོས་ཉེ་བར་མཛེས། །སྣ་ཚོགས་མེ་ཏོག་ཆུན་པོས་གང་། །རབ་ཏུ་འབད་པས་བསྒོམ་པར་བྱ། །ལོགས་བཞི་པ་དང་ཟུར་བཞི་པར། །མཁས་པས་རབ་ཏུ་བརྟག་པར་གྱིས། །

Vol. 82 · folio 78b

ཛམ་བུ་ནཱ་ད་ཡང་དག་བྱུང་། །དེ་ལ་དབུས་སུ་བསྒོམ་པར་བྱ། །ཁྲུ་ནི་བཅུ་དྲུག་ཏུ་བྱ་བ། སངས་རྒྱས་སློབ་དཔོན་ཆོ་ག་གནས། ཆོ་ག་ཤེས་པས་གྲྭ་རྣམས་སུ། རྩེ་མོ་ལྔ་པ་རྣམ་བསྒོམ་བྱ། ཇི་ལྟར་རིགས་པའི་གནས་ལྔ་རུ། ཟླ་བ་ཡི་ནི་དཀྱིལ་འཁོར་བརྟག །

དཀྱིལ་འཁོར་རྣམས་ནི་སྒོམ་བྱེད་པ། ལག་པ་གཅིག་ཏུ་ཡང་དག་བསྐྱེད། ཇི་ལྟར་རིགས་པར་ཤར་གྱི་ནི། མི་བསྐྱོད་ཡོངས་སུ་བརྟག་པར་བྱ། ཆོ་ག་ཤེས་པས་ལྷོ་ཡི་ནི། དེང་ནི་རིན་ཆེན་དགོད་པར་བྱ། ནུབ་ཀྱི་དཔག་མེད་ཅེས་བརྗོད་པ། བྱང་

དུ་དོན་ཡོད་གྲུབ་པའོ། །ཆོ་ག་ཤེས་པས་སེར་པོའི་མདོག །དེ་ཉིད་སྒོམ་པས་བསྒོམ་པར་བྱ། དབུས་སུ་ཁྱབ་བདག་རྣམ་སྣང་མཛད། ཡང་དག་བསྐྱེད་ནས་བསྒོམ་པར་བྱ། སློབ་མའི་རྣམ་པར་ཐམས་ཅད་དུ། ཆོ་ག་ཤེས་པས་རྣམ་བསྒོམ་བྱ། རིག་པ་

ཆེན་མོ་སྤྱན་ལ་སོགས། གྲྭ་རྣམས་ཉིད་དུ་རྣམ་བསྒོམ་བྱ། ཆོ་ག་ཤེས་པས་བདུད་རྩི་ཞེས། སྒོ་རྣམས་ཀུན་ཏུ་བསྒོམ་པར་བྱ། དེ་རྣམས་ཁ་དོག་བསྡུས་པ་ཡིས། སོ་སོ་སོ་སོར་རྟོགས་པར་བྱ། དེ་རྣམས་ཀུན་གྱི་གཟུགས་རྣམས་སུ། རྡོ་རྗེ་སེམས་དཔར་

རྣམ་བསྒོམ་བྱ། འོད་ཟེར་ལྔ་པོ་ཡང་དག་བསྐྱེད། འདོད་ཡོན་ལྔ་རྣམས་བསྡུས་པ་ཡིས། ཁྱབ་བདག་ལ་ནི་དབུལ་བར་བྱ། སངས་རྒྱས་སློབ་དཔོན་ཆོ་ག་ལས། མཁའ་ཁམས་སངས་རྒྱས་ཀུན་གྱིས་ནི། ཡོངས་སུ་གང་བར་རྣམ་བསྒོམ་བྱ། །དེས་ནི་ཁུ་བ་

ཐམས་ཅད་ཀྱིས། །མཆོད་པ་སྒོམ་པར་གྲགས་པ་ཡིན། །དམ་ཚིག་ཐམས་ཅད་ཀྱི་དངོས་གྲུབ་ཅེས་བྱ་བ་བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་གདོན་མི་ཟ་བའི་དམ་ཚིག་ཅེས་བྱ་བའི་བསམ་གཏན་

གྱི་དཀྱིལ་འཁོར་གསུངས་པ། བློ་ལྡན་སངས་རྒྱས་སློབ་དཔོན་གྱིས། །དེ་བཞིན་ཉིད་དུ་ཐམས་ཅད་བྱ། །ཕྲ་མོའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཐམས་ཅད་དེར་ནི་རྣམ་བསྒོམ་བྱ། །ཤར་གྱི་ཆོས་རྣམས་ཀུན་གྱི་མཆོག །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །

Vol. 82 · folio 79a

སྔགས་པས་ལྷོ་རུ་བརྟག་པ་ནི། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །ནུབ་ཏུ་ཡེ་ཤེས་རྫོགས་བྱང་ཆུབ། །སངས་རྒྱས་སློབ་དཔོན་དགོད་པར་བྱ། །བྱང་དུ་ཐམས་ཅད་ཀུན་སྐྲག་པ། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །དབུས་སུ་ཁམས་

གསུམ་པ་མཉམ་པ། །རྡོ་རྗེ་གཟུགས་སུ་རྣམ་བསྒོམ་བྱ། །དཀར་པོའི་མདོག་ཏུ་རྣམ་བསྒོམས་ནས། །ནག་པོ་དབུས་སུ་བསྒོམ་པར་བྱ། །བཙུན་མོ་རྣམས་ནི་ཁ་ཕྱེ་ནས། །དེ་ཉིད་ལ་ནི་རྡོ་རྗེ་གཞུག །རྡོ་རྗེ་སེམས་དཔའི་དབང་ཕྱུག་མ། །གནས་བཞི་

རྣམས་སུ་འབད་པས་སོ། །ཇི་ལྟར་རིགས་པར་མདོག་ཀུན་དང་། །སངས་རྒྱས་གཟུགས་སུ་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་ཐམས་ཅད་དུ། །ཁྲོ་བོའི་མཆོག་ནི་རྣམ་པར་བསམ། །སྔགས་པས་འདོད་ཡོན་ལྔ་རྣམས་ཀྱིས། །སྔགས་ཀྱི་མཆོད་པ་ཡང་

དག་བརྩམ། །མཁའ་ཁམས་རྡོ་རྗེ་སེམས་དཔས་ནི། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །རྡོ་རྗེ་ཀུན་གྱི་ཁུ་སོགས་ཀྱིས། །མཆོད་པ་རུ་ནི་རྣམ་བསམ་བྱ། །གདོན་མི་ཟ་བའི་དམ་ཚིག་ཅེས་བྱ་བ་བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ།། །།

དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདོད་ཆགས་ཆེན་པོའི་ཆོས་ཞེས་བྱ་བ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་འདི་གསུངས་པ། ཆོས་

ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི། །ཐམས་ཅད་དེར་ནི་རྣམ་བསམ་བྱ། །ཆོ་ག་ཤེས་པས་ཤར་གྱི་ནི། །ཆོས་འཆང་འབར་བ་དགོད་པར་བྱ། །ལྷོ་རུ་ཡེ་ཤེས་ཆོས་ནི་དེང་། །སྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། །ནུབ་ཏུ་པདྨ་ལོངས་སྤྱོད་པ། །བྱང་དུ་ཆོས་

ཀྱི་དབྱིངས་ལས་སྐྱེས། །ཇི་ལྟར་རིགས་པར་བསྒོམ་བྱས་ནས། །དབུས་སུ་ཆོས་ཀྱི་དབང་ཕྱུག་དགོད། །དཀར་པོའི་མདོག་ཏུ་རྣམ་བསྒོམས་ནས། །དབུས་སུ་དམར་པོ་རྣམ་པར་བསྒོམ། །ཆོ་གས་ཆོས་ཀྱི་དབང་ཕྱུག་མ། །གྲྭ་བཞི་རུ་ནི་བསྒོམ་པར་བྱ། །ཁྲོ་

Vol. 82 · folio 79b

བོ་ཆེན་པོ་རྟ་ཞེས་པ། །སྒོ་རྣམས་ཉིད་དུ་རྣམ་བསམ་བྱ། །ཆོས་ཀྱི་རྣལ་འབྱོར་ཐམས་ཅད་ལ། །འདོད་ཡོན་ལྔ་ཡིས་མཆོད་པར་བྱ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །གཞོགས་སུ་རྣམ་པར་བསྒོམ་པར་བྱ། །ཁུ་བ་ཉིད་ཀྱིས་ནམ་མཁའི་ཁམས། །

རིན་ཆེན་གང་བར་རྣམ་བསམ་བྱ། །ཇི་ལྟར་རིགས་པར་ཆོས་ཀྱི་སྐུ། །དེ་ཉིད་སྦྱོར་བས་མཆོད་པར་བྱ། །འདོད་ཆགས་ཀྱི་ཆོས་ཞེས་བྱ་བའི་བསམ་གཏན་ཆེན་པོའི་གསང་ཆེན་རྫོགས་སོ།། །།དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་དམ་ཚིག་ཐམས་ཅད་འབྱུང་

བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདོད་ཆགས་ཐམས་ཅད་ཀྱི་ཚུལ་ཞེས་བྱ་བའི་བསམ་གཏན་གྱི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །སྐུ་ཡི་དཀྱིལ་འཁོར་ཚུལ་གྱིས་ནི། །ཐམས་ཅད་དེར་ནི་རྣམ་བསམ་བྱ། །ཤར་དུ་

དགྲ་རྣམས་ངེས་འཇོམས་པ། །སྣ་ཚོགས་མདོག་ཏུ་རྣམ་བསམ་བྱ། །ལྷོ་རུ་མེ་ཏོག་ཡང་དག་སྦྱོར། །ངོ་བོ་ཉིད་ཀྱིས་བསྒོམ་པར་བྱ། །ནུབ་ཏུ་ཡེ་ཤེས་ཡང་དག་དག །ཞི་བའི་གཟུགས་ནི་རྣམ་བསམ་བྱ། །བྱང་དུ་རྣམ་རྒྱལ་ཞེས་བྱ་ཡང་། །བརྩོན་

པའི་བསམ་པས་བསྒོམ་པར་བྱ། །དབུས་སུ་འདོད་མཆོད་ཡང་དག་སྦྱོར། །རང་གི་གཟུགས་ཀྱི་སྒོམ་པ་ལས། །ཆོ་གས་འདོད་པའི་དབང་ཕྱུག་མར། །བསམ་བྱ་སེམས་པའི་བདག་ཉིད་ཅན། །ཆོ་ག་ཤེས་པས་པདྨའི་ཕྱག །གྲྭ་རྣམས་ཉིད་དུ་རྣམ་

བསམ་བྱ། །འདོད་ཡོན་ཀུན་གྱིས་མཆོད་པ་ལ། །མཆོད་པར་བྱས་ནས་མཆོད་པར་བྱ། །རྡོ་རྗེ་སེམས་དཔའ་དེ་ཕྱུང་ནས། །གཞོགས་སུ་རྣམ་པར་བསམ་པར་བྱ། །ཁུ་བ་འདོད་མཆོད་ཚུལ་གྱིས་ནི། །བསྐྱེད་ནས་ཁྱབ་བདག་མཆོད་པར་བྱ། །འདོད་

པའི་སློབ་དཔོན་གྱིས་བརྟག་བྱ། །མཆོད་པ་ལ་སོགས་ཡོངས་སུ་གཟུང་། །འདོད་ཆགས་ཐམས་ཅད་ཀྱི་དམ་ཚིག་བསམ་གཏན་གྱི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། །།འདི་ཉིད་ཀྱི་ནི་དཀྱིལ་འཁོར་དུ། །སངས་རྒྱས་སློབ་དཔོན་རྟག་ཏུ་བྱ། །ཐམས་

Vol. 82 · folio 80a

ཅད་དུ་ཡང་དཀྱིལ་འཁོར་དུ། །རྡོ་རྗེའི་སློབ་དཔོན་གྱིས་བསྒོམས་ནས། །འདོད་པའི་སློབ་དཔོན་ཇི་གསུངས་པས། །བྱའོ་དཀྱིལ་འཁོར་གཞན་དུ་མིན། །དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་སྙིང་

པོ་ཀུན་དུ་སྐུལ་བར་བྱེད་པའི་དེ་ཁོ་ན་ཉིད་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཙུག་ཏོར་ཐམས་ཅད་ཀྱི་སྙིང་པོ་སྐུལ་བ་ཞེས་བྱ་བའི་བསམ་གཏན་གྱི་དཀྱིལ་འཁོར་འདི་གསུངས་སོ། །ཞོ་རུ་བྱས་པ་བསམས་ནས་ནི། །པདྨ་མཛེས་

པ་སོགས་བརྒྱན་པ། །ཤེལ་དེ་ཡི་ནི་དབུས་སུ་ནི། །ཐམས་ཅད་དུ་ནི་རྣམ་བསམ་བྱ། །ལོགས་བཞི་པ་ལ་གྲྭ་བཞི་པ། །སྒོ་བཞི་པར་ནི་རབ་ཏུ་བརྟག །ཆོས་ཀྱི་དཀྱིལ་འཁོར་རྣམ་པར་ནི། །དེ་ལ་དབུས་སུ་བསྒོམ་པར་བྱ། །སྔགས་པ་ཆོ་ག་ཤེས་པས་

དབུས། །འཁོར་ལོས་སྒྱུར་བ་དགོད་པར་བྱ། །ཆོ་ག་ཤེས་པས་རྣམ་སྣང་མཛད། །ཤར་ཉིད་དུ་ནི་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་བྱང་དུ་ནི། །གྱེན་འཕགས་ཞེས་བྱ་རྣམ་བསྒོམ་བྱ། །ལྷོ་རུ་དཔག་མེད་ཞེས་བྱ་ནི། །བསམ་པ་བརྟན་པས་བསྒོམ་པར་བྱ། །

ཇི་ལྟར་རིགས་པར་ནུབ་ཏུ་ནི། །གཟི་བརྗིད་ཕུང་པོ་རྣམ་བསྒོམ་བྱ། །བཙུན་མོའི་རྣམ་པ་མཚུངས་པ་ཡི། །ཆོས་ཀྱི་གཟུགས་ནི་ཡང་དག་བསྐྱེད། །མཚན་མ་རྡོ་རྗེ་སོགས་མཚན་ཉིད། །ཆོ་ག་ཡིས་ནི་དེ་རྣམས་སྦྱིན། །རིག་མ་ཆེན་མོ་སྤྱན་ལ་སོགས། །གྲྭ་

རྣམས་ཀུན་ཏུ་བསམ་པར་བྱ། །གཞན་གྱིས་མི་ཐུབ་ཁྲོ་བོ་ཆེ། །སྒོ་དང་སྒོར་ནི་རྣམ་བསྒོམ་བྱ། །རྡོ་རྗེ་སེམས་དཔའ་ཡང་དག་དབྱུང་། །དེ་ཁོ་ཉིད་གང་སྦྱར་བར་བྱ། །ཡེ་ཤེས་སྦྱོར་བས་ཐམས་ཅད་ལ། །འདོད་ཡོན་ལྔ་ཡིས་མཆོད་པར་བྱ། །ཁུ་བ་དེ་ལ་ཡང་

དག་བསྐྱེད། །མཆོད་པར་བྱེད་པ་བསྐྱེད་པར་བཤད། །མཁའ་ཁམས་གཙུག་ཏོར་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །གཙུག་ཏོར་གྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པའི་དཀྱིལ་འཁོར་རྫོགས་སོ།། །།དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་

Vol. 82 · folio 80b

འདོད་པའི་ཁམས་ཐམས་ཅད་དུ་མཉམ་པར་འཇུག་པ་འབྱུང་བའི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིགས་ཐམས་ཅད་ཀྱི་ཐུན་མོང་གི་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་བསམ་གཏན་གྱི་དཀྱིལ་འཁོར་ཆེན་པོ་འདི་

གསུངས་པ། ཆོ་ག་ཤེས་པས་སྣ་ཚོགས་མདོག །འོ་མ་དང་ཞོར་རྣམ་བསྒོམ་བྱ། །རིན་ཆེན་བཞི་ཡི་རང་བཞིན་དབུས། །རི་བོ་དེ་ལ་བསྒོམ་པར་བྱ། །ལོགས་བཞི་བ་ལ་གྲྭ་བཞི་པ། །སྒོ་བཞི་པར་ནི་རབ་ཏུ་བརྟག །པདྨ་ཨུཏྤལ་ཀུན་དུ་བཀྲམ། །

གཞོགས་རྣམས་སུ་ནི་རྣམ་པར་བསམ། །རིན་ཆེན་ཀུན་གྱི་གདན་དང་ནི། །རྟག་ཏུ་ཟླ་བའི་དཀྱིལ་འཁོར་ཉིད། །སངས་རྒྱས་སློབ་དཔོན་ཁྱད་པར་གྱིས། །བསམ་གཏན་བརྩོན་པས་སྦྱོར་བར་བྱ། །སྔགས་པས་ཉི་མའི་དཀྱིལ་འཁོར་ཅན། །དེ་ཡི་དབུས་

སུ་བསྒོམ་པར་བྱ། །མཐེ་ཆུང་མཐོ་ལས་འདས་པ་ལས། །སོར་བཞིའི་ངོས་དང་གྲྭ་རྣམས་སུ། །ངོས་རྣམས་སུ་ནི་རྟག་ཏུ་བྱ། །བདུད་རྩི་ཞེས་ནི་བསྒོམ་པར་བྱ། །འབར་བའི་ཕྲེང་བ་ལ་སོགས་གང་། །མི་སྡུག་མཆེ་གཙིགས་འཇིགས་པར་བྱེད། །

སྔགས་པ་ཟླ་བའི་དཀྱིལ་འཁོར་ཅན། །གནས་ལྔ་རྣམས་སུ་རྣམ་བསྒོམ་བྱ། །དབུས་སུ་རྡོ་རྗེ་རལ་གྲི་ནི། །ཤིན་ཏུ་རྣམ་འབྱེས་ཤིན་ཏུ་མཛེས། །འོད་ཟེར་འབར་བས་འཁྲུགས་ཤིང་འབར། །པདྨ་རཱ་ག་དབང་པོ་མཚུངས། །འོད་དཀར་འབར་བའི་ཕྲེང་བ་

གསལ། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །རལ་པའི་ཅོད་པན་ཀུན་རྫོགས་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་གྱུར་པ། །སངས་རྒྱས་སློབ་དཔོན་ཆོ་ག་ཡིས། །ཤར་ཕྱོགས་སུ་ནི་རྣམ་བསྒོམ་བྱ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐྱེད། །སྣ་ཚོགས་

རིན་ཆེན་རྣམ་བརྒྱན་པ། །འབར་བའི་ཕྲེང་བས་འཁྲུགས་ཤིང་འབར། །ཨུཏྤལ་སྔོན་པོ་དང་མཚུངས་པ། །ལྷོ་རུ་རྟག་ཏུ་སློབ་དཔོན་གྱིས། །བསྒོམ་བྱ་གཞན་དུ་མི་སྒོམ་མོ། །ཆོས་ཀྱི་རྡོ་རྗེ་ཡང་དག་བསྐྱེད། །པདྨ་རཱ་ག་མཚུངས་པའི་འོད། །མེ་ཏོག་ཆུན་པོ་

Vol. 82 · folio 81a

དམར་པོས་གང་། །ནུབ་ཕྱོགས་སུ་ནི་བསྒོམ་པར་བྱ། །འོད་ཟེར་འབར་བས་རྣམ་བརྒྱན་པའི། །འདོད་པའི་རྡོ་རྗེ་ཡང་དག་བསྐྱེད། །གསེར་དག་གི་ནི་ཡེ་ཤེས་རྫོགས། །བྱང་དུ་ཡང་ནི་བསྒོམ་པར་བྱ། །གྲྭ་རུ་ལྷ་མོ་རི་དབང་ཕྱུག །

ཇི་ལྟའི་གནས་སུ་རྣམ་བསམ་བྱ། །བུད་མེད་མཚན་ཉིད་ཡོངས་རྫོགས་པ། །མི་མོའི་རྒྱན་གྱིས་བརྒྱན་གྱུར་པ། །ཆགས་དང་ཆགས་བྲལ་སྐད་ཅིག་མ། །སྔགས་པས་ཡིད་འོང་བསྒོམ་པར་བྱ། །སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིག་མ་གཞན་

གྱིས་མི་ཐུབ་མ། །གཡས་བརྐྱང་ཞབས་ཀྱིས་མནན་པ་ཡི། །འཇིག་རྟེན་གསུམ་འཇིགས་འཕྲོག་པ་མོ། །དེ་རྣམས་ཐམས་ཅད་རང་གཟུགས་སུ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །སངས་རྒྱས་སློབ་དཔོན་དེ་རྟག་ཏུ། །འདོད་ཡོན་ལྔ་ཡི་མཆོག་

རྣམས་ཀྱིས། །འབུལ་བར་བྱེད་པ་རྟག་ཏུ་བྱ། །དེ་ལྟས་དགྱེས་འགྱུར་གཞན་དུ་མིན། །རང་གི་ཁུ་བ་ཡང་དག་བསྐྱེད། །མཆོད་པ་བསྐྱེད་པར་བཤད་པ་ཡིན། །གཟུགས་བརྙན་དེས་ནི་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །

དཔག་བསམ་ལྗོན་ཤིང་རིན་ཆེན་ཆེ། །ཡིད་བཞིན་ནོར་བུ་ཤིན་ཏུ་མཛེས། །རིགས་ཀྱི་དབྱེ་བ་ཤེས་པ་ཡིས། །དེ་རྣམས་ཁ་དོག་རྣམ་བསྒོམ་བྱ། །ཇི་སྐད་གསུངས་པའི་གཟུགས་དེས་ནི། །དབང་བསྐུར་བ་ནི་གཟུང་བར་བྱ། །ཆོ་ག་ཤེས་པས་དེ་ཡི་ཚེ། །

བྱ་བ་བུམ་པ་བསམ་པར་བྱ། །སངས་རྒྱས་གཟུགས་སོགས་ཐམས་ཅད་ཀྱིས། །མཆོད་བཞིན་པར་ནི་རྣམ་པར་བསམ། །ཡང་དག་སྦྱོར་བའི་མཚན་ཉིད་འདིས། །ཤིན་ཏུ་དབང་བསྐུར་མཉམ་པ་ཅན། །སྐྱེ་བ་འདིར་ཉིད་སངས་རྒྱས་ཉིད། །ཐོབ་སྟེ་འདིར་

ནི་ཐེ་ཚོམ་མེད། །རང་སྔགས་ཁྲོ་བོ་མཚུངས་པ་ཡི། །ཕན་པའི་སྦྱིན་པ་སྦྱིན་པར་བྱེད། །དེ་ནི་དུས་ཡུན་མི་རིང་བས། །དངོས་གྲུབ་སྐྱེ་བ་ལྟ་བུར་ཐོབ། །བློ་ལྡན་སངས་རྒྱས་སློབ་དཔོན་གྱིས། རྟག་ཏུ་དེ་ཡི་དམ་ཚིག་ནི། །གང་ཁོ་ན་ཡི་རིགས་འབྱུང་བ། །

Vol. 82 · folio 81b

འབད་པ་ཡིས་ནི་འདི་ལྟར་འོས། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོར་བསམ་གཏན་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ནམ་མཁའི་ཁམས་ཐམས་ཅད་ཡེ་ཤེས་

ཀྱི་སྣང་བས་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྐྱེད་པར་བྱེད་པའི་སྔགས་འདི་གསུངས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྭཱ་ནོད་བྷཱ་བཱ་ཡ་སྭཱ་ཧཱ། སྔགས་འདི་གསུངས་མ་ཐག་ཏུ་

སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བརྒྱ་སྟོང་ཕྲག་གཡོས་ཤིང་རབ་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ཀུན་ནས་ཀུན་ཏུ་སྣང་བའི་དམ་ཚིག་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ལ་

སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སྃ་གྲ་ཧ་ཛྙཱ་ནོད་བྷཱ་བཱ་ཡ་སྭཱ་ཧཱ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཆེན་པོ་འདི་གསུངས་མ་ཐག་ཏུ། དེ་ནས་གང་ནམ་མཁའི་ཁམས་ཐམས་ཅད་འོད་ཟེར་འབར་བ་ཆེན་པོས་ཀུན་དུ་སྣང་ཞིང་ཡང་དག་པར་མཐོང་བར་གྱུར་

ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་རང་བཞིན་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ། །ཨོཾ་དྷརྨ་ཛྙཱ་ནོད་བྷཱ་བཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་འདི་གསུངས་མ་ཐག་ཏུ། སངས་རྒྱས་

ཀྱི་ཞིང་གི་མཐར་ཐུག་པར་ཡེ་ཤེས་ཀྱི་རྗེས་སུ་མཐུན་པས་ཀུན་དུ་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་རང་བཞིན་གྱིས་དཔལ་ཀུན་འབྱུང་བ་ཡང་དག་བར་འབྱུང་བ་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ནས་སྔགས་འདི་གསུངས་སོ། །ཨོཾ་ཀཱ་མ་ཛྙཱ་ནོད་བྷཱ་བཱ་ཡ་སྭཱ་ཧཱ། དེ་བཞིན་ཉིད་དུ་ཀུན་ཤེས་ཕྱིར། །དེ་ཉིད་དུ་ནི་སྦྱར་བར་བྱ། །རང་གི་གཟུགས་ཀྱིས་བཞག་ནས་ནི། །དེ་ཀུན་དེ་ལ་བསྒོམ་པར་བྱ། །བསྐྱེད་པ་ལ་སོགས་ཀུན་འབྱུང་བ། །རང་གི་སྔགས་ཉིད་ཀྱིས་

Vol. 82 · folio 82a

ནི་བྱ། །མང་པོ་ཕན་ཚུན་ཡང་དག་སྦྱོར། །ཕྱག་རྒྱ་དེར་ནི་རྣམ་བསྒོམ་བྱ། །བློ་ལྡན་ཡེ་ཤེས་རིགས་ལ་ནི། །སོར་མོའི་རྣམ་པ་སྦྱོར་བར་བཤད། །རྡོ་རྗེའི་རྣམ་པས་ཀུན་སྦྱར་ནས། །རིན་ཆེན་རྣམ་པས་སྦྱར་བར་བྱ། །པདྨའི་རྣམ་པས་ཀུན་

སྦྱར་ནས། །འདི་ནི་ཆོས་ཀྱི་རིགས་སུ་བརྗོད། །རྩེ་གསུམ་རྣམ་པའི་དབྱེ་བ་ཡིས། །དེ་ཉིད་དུ་ནི་བཅིང་བར་བྱ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱིས་དེ་སྐད་ཅེས་གསུངས་སོ། །བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བ་སེམས་དཔའ་ཆེན་པོ་སྐྱེད་པར་

བྱེད་པའི་ལེའུ་བཅུ་གཉིས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དམ་ཚིག་འབྱུང་བ་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་

པོའི་དངོས་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་ཡང་དག་རབ་བཤད་བྱ། །དཀྱིལ་འཁོར་ཆེན་པོ་དམ་པ་འདི། །རྡོ་རྗེ་ཡེ་ཤེས་ལྟ་བུས་ཏེ། །དངོས་གྲུབ་ཆེན་པོ་ཞེས་བཤད་དོ། །སར་པ་ལེགས་པར་བཀལ་བ་ཡི། །ཚད་དང་ལྡན་

པ་མཛེས་པ་ཡི། །ཐིག་གིས་མཁས་པས་ཅི་ནུས་ཀྱིས། །དཀྱིལ་འཁོར་ལ་ནི་ཐིག་གདབ་པོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་དང་། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཆུན་པོས་བརྒྱན། །གྲྭ་ཡི་ཆ་རྣམས་

ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པར། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། །རྟག་ཏུ་བསྡུས་པའི་ཆོ་ག་ཡིས། །རིམ་པ་གསུམ་ནི་བྱ་བ་ཡིན། །ཆོ་ག་ཤེས་པས་ཤར་དུ་ནི། །ཡེ་ཤེས་ཞེས་ནི་དགོད་

པར་བྱ། །ལྷོར་ནི་འབད་པས་བསྡུས་པ་ཞེས། །བརྗོད་པ་རྟག་ཏུ་བྱ་བའོ། །ཆོ་ག་ཡིས་ནི་བྱང་ཕྱོགས་སུ། །ཆོས་ཀྱི་རིགས་ནི་རྟག་ཏུ་བྱ། །སྔགས་པས་འདོད་པ་ཀུན་རིགས་ལ། །གསུམ་པ་རུ་ཡང་མཉམ་པར་བྲི། །ཤར་དུ་སངས་རྒྱས་བཅོམ་

Vol. 82 · folio 82b

ལྡན་འདས། །རྒྱལ་བའི་གཙུག་ཏོར་གདུགས་དཀར་དང་། །རིག་མ་ཆེན་མོ་སྤྱན་དང་ནི། །མཛོད་སྤུ་ཡང་ནི་ཉེ་བར་རོ། །རྡོ་རྗེ་འཆང་གི་ལྷོ་རུ་ནི། །བདུད་རྩི་ཞེས་དང་སྟོབས་པོ་ཆེ། །རྡོ་རྗེ་ཁུ་ཚུར་མཱ་མ་ཀཱི། །ཉེ་བ་ཉིད་དུ་གཞག་པར་བྱ། །བཅོམ་ལྡན་འདས་

ཀྱི་བྱང་དུ་ནི། །པདྨ་འཆང་བ་ཞི་བ་བསྐྱེད། །ཁྲོ་གཉེར་རིམ་པར་ལྡན་པ་དང་། །རིག་མ་ཆེན་མོ་དཀར་ཞེས་དང་། །ཁྲོ་གཉེར་ཅན་མའང་མཉམ་པར་བྲི། །ཆོ་ག་ཤེས་པས་དེ་དབུས་སུ། །རིག་མ་མི་ཐུབ་ཅན་མ་བྲི། །ཕྱག་རྒྱ་ཐམས་ཅད་ཉིད་དུ་ནི། །རྩེ་མོ་

ལྔ་པ་རྣམ་བསྒོམ་བྱ། །དཀྱིལ་འཁོར་གསུམ་པར་སློབ་དཔོན་གྱིས། །ཡ་དྲི་ཙྪ་ཡས་སཱུ་ཏྲཾ་བྲི་བར་བྱ། །སྒོ་རྣམས་ཐམས་ཅད་ཉིད་དུ་ནི། །རྡོ་རྗེ་ལྕགས་སྒྲོག་ལ་སོགས་བྲི། །ཇི་ལྟར་རིགས་པར་ཕྱོགས་ཀུན་དུ། །འཇིག་རྟེན་སྐྱོང་བ་དགོད་པར་བྱ། །ཤར་

ཕྱོགས་དབང་པོ་ལྷ་རྒྱལ་དང་། །འདོད་པ་སྤྱོད་པའི་ལྷ་རྣམས་དང་། །གནས་གཙང་མ་ཡང་དགོད་པར་བྱ། །མེ་ཕྱོགས་ཀུན་དུ་མེ་ཡི་ལྷ། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །ལྷོ་ཕྱོགས་ཡི་དགས་རྣམས་ཀྱི་བདག །གཤིན་རྗེ་དང་ནི་མ་མོ་བདུན། །བདེན་བྲལ་

ཕྱོགས་སུ་ཡི་དགས་ཀྱི། །དབང་པོ་དང་ནི་འབྱུང་བོ་ཀུན། །ནུབ་ཀྱི་ཕྱོགས་སུ་ཀླུ་ཡི་བདག །ཆུ་ལྷ་དང་ནི་ཀླུ་རྣམས་ཀུན། རླུང་གི་ཕྱོགས་སུ་རླུང་ལྷ་དང་། །རིག་པ་འཛིན་པ་ཐམས་ཅད་དང་། །བྱང་གི་ཕྱོགས་སུ་གནོད་སྦྱིན་བདག །ལུས་ངན་དང་ནི་

གནོད་སྦྱིན་ཀུན། །དབང་ལྡན་ཕྱོགས་སུ་དབང་ཕྱུག་ནི། །འབྱུང་པོ་ཀུན་གྱི་བདག་པོ་དང་། །ཇི་སྐད་གསུངས་པའི་ཆོ་ག་ཡིས། །བུམ་པ་དགོད་དང་གདན་སོགས་བྱ། །ལྷ་རྣམས་ཀུན་གྱི་རྒྱལ་པོ་ནི། །དེར་ནི་དགོད་པར་བྱ་བ་ཡིན། །མཁས་པས་མེ་

ཏོག་དྲི་སོགས་ཀྱིས། །མཆོད་པའི་ཆོ་ག་བྱས་ནས་ནི། །མཉེས་པའི་རིགས་པས་མཉེས་པར་བྱ། །དེ་ལྟར་རྒྱས་འགྱུར་གཞན་དུ་མིན། །འདིར་ནི་སྔོན་མཐར་དེ་རྣམས་ཀྱི། །ཉ་དང་ཆང་སོགས་རབ་སྦྱིན་བྱ། །ཆོ་ག་ཤེས་པས་གསང་བའི་མཆོད། །སྒོ་བཞི་

Vol. 82 · folio 83a

རྣམས་སུ་བརྟག་པར་བྱ། །ཁུ་བ་དེར་ནི་གཟུང་བྱས་ནས། །ཐམས་ཅད་དུ་ནི་དབུལ་བར་བྱ། །རིག་མའི་ཚུལ་གྱིས་ཆོ་ག་ཡིས། །དེ་ནི་ཡང་ཡང་དགྱེས་པར་བྱ། །མཁས་པས་དགའ་བའི་རྣམ་པ་ཡིས། །ཐོག་མར་གཏོར་མ་

སྦྱིན་པར་བྱ། །ཆོ་ག་ཤེས་པས་འཕྲོག་མ་ཡི། །གཉིས་པ་རུ་ནི་ཡང་དག་གཟུང་། །སྔགས་པས་ཁྱད་པར་གསུམ་པ་རུ། །སངས་རྒྱས་རྣམས་ཀྱི་སྦྱིན་པར་བྱ། །དེ་ཉིད་བརྗོད་པ་དེ་ཡིས་ནི། །གང་གསུངས་སྦྱིན་སྲེག་ལས་རྣམས་བྱ། །དེ་ཚེ་སློབ་

མ་དབང་བསྐུར་བའི། །ལས་རྣམས་སོ་སོར་བསྒྲུབ་པར་བྱ། །དེ་གཞན་བསམ་པས་བུམ་པ་རུ། །རྡོ་རྗེ་སེམས་དཔའི་རབ་སྦྱོར་གྱིས། །ལྷག་མའི་སངས་རྒྱས་ཞེས་བྱ་བར། །དེ་ཉིད་རིགས་པར་ཡང་དག་བསྐྱེད། །རྟག་ཏུ་སངས་རྒྱས་སློབ་དཔོན་གྱིས། །

དེ་ཡི་ཚུལ་འདི་སྨྲ་བར་བྱ། །སངས་རྒྱས་ཀུན་གྱི་དམ་ཚིག་གང་། །ལམ་གསུམ་ལམ་ནི་འཇུག་བྱེད་པ། །དབང་བསྐུར་ཆེན་པོ་དེ་ཡི་ནི། །ནམ་མཁའ་ཇི་སྲིད་ཡང་དག་འབྱུང་། །ཁྱད་པར་དུ་ཡང་འདིར་སྨྲས་པ། །བདག་གི་ཡང་འདི་ཡང་དག་འབྱུང་། །ཡིད་

བཞིན་རིན་ཆེན་ནོར་བསྟེན་ནས། །དེ་ཉིད་འབྱུང་བས་འདིར་དབང་བསྐུར། །གཞན་ཡང་གལ་ཏེ་སེམས་ཅན་གང་། །མཐོང་བར་འགྱུར་ཞེས་བྱ་བ་ཉོན། །སྐྱེ་བ་བདུན་གྱི་ནང་དུ་ས། །ཐོབ་ཅིང་ཕྱག་འོས་མཆོག་ཏུ་འགྱུར། །སངས་རྒྱས་སློབ་དཔོན་གང་ཉིད་དུ། །

ཡེ་ཤེས་རྒྱ་མཚོ་གནས་པར་འགྱུར། །ཐུབ་ཆེན་དེ་ཉིད་ཤེས་པ་གང་། །རྟག་ཏུ་སངས་རྒྱས་མཆོད་པར་བྱེད། །སངས་རྒྱས་སློབ་དཔོན་ཇི་གསུངས་པ། །དེ་ཡིས་རང་གི་སློབ་མ་དེའི། །དམ་ཚིག་ལྔ་པོ་བྱིན་ནས་ནི། །རབ་ཏུ་འབད་པས་སྨྲ་བར་བྱ། །སངས་

རྒྱས་ཀུན་གྱི་དམ་ཚིག་ཆེ། །དཀྱིལ་འཁོར་དེ་ཉིད་ཤེས་དཀྱིལ་འཁོར། །སྒྲུབ་པོ་རྣམས་ཀྱིས་ཅི་འདྲ་དེར། །ཡིད་བཞིན་ནོར་བུ་ལྟ་བུར་བླང་། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་

Vol. 82 · folio 83b

ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོ་བའི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་

ལྡན་འདས་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ་ནམ་མཁའི་ཁམས་ཐམས་ཅད་དུ་སེམས་ཀྱིས་གང་བར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རབ་ཏུ་སྩལ་ཏོ། །དེ་ནས་

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྒྲུབ་པའི་མཆོག་ཅེས་བྱ་བ་རིག་མའི་ཚུལ་ལ་སོགས་པའི་ལས་ཅན་གསུངས་པ། ཁྲུ་ནི་སུམ་ཅུའི་ཁྱོན་ཙམ་དུ། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །ཨིནྡྲ་ནཱི་ལ་མཚུངས་

པའི་འོད། །འོད་ཟེར་འབར་བ་དེ་ཕྱུང་ནས། །ནམ་མཁའ་རུ་ནི་འདི་བྱ་བ། །བསམ་གཏན་སྦྱོར་བས་བསམ་པར་བྱ། །འཛམ་བུའི་གླིང་ནི་ཐམས་ཅད་དུ། །འོ་མ་དང་ཞོས་ཀུན་དུ་འཁྲུགས། །ཤིང་རྟའི་འཁོར་ལོའི་ཚད་ཀྱིས་ནི། །པདྨས་གཡོགས་པར་རྣམ་

བསྒོམ་བྱ། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །དྲག་ཏུ་དགོད་པ་ཆེན་པོ་སོགས། །རྟག་ཏུ་དེ་ཡི་དཀྱིལ་འཁོར་གྱི། །དེ་ཡི་གཟུགས་ནི་རྣམ་བསྒོམས་ནས། །ཁྲོ་ཆེན་ཁྲོ་གཉེར་རིམ་པར་ལྡན། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །ཇི་ལྟར་རིགས་པར་

ཀུན་བསྐྱེད་ནས། །སྒོམ་པར་བྱེད་པ་དེ་དེར་བཤད། །ཁྲོ་བོ་ཆེན་པོ་དབྱུག་པ་སྔོ། །འཇིག་རྟེན་གསུམ་འཇིག་འཕྲོག་བྱེད་པ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སུ། །འཇོམས་པ་པོ་ནི་རབ་ཏུ་གནས། །ཇི་སྐད་གསུངས་པའི་གཟུགས་གསུམ་གྱིས། །

ནམ་མཁའི་ཁམས་ནི་ཀུན་དུ་གང་། །ཡི་གེའི་གཟུགས་ནི་ཀུན་བསྐྱེད་ནས། །བདག་ཉིད་སྙིང་གར་རྣམ་བསམ་བྱ། །སྙིང་གའི་གཟུགས་ནི་དེ་རྣམས་སུ། །ལྷ་ཡི་རྣམ་པར་སྒོམ་པར་བྱེད། །སླར་ནི་སྔགས་པས་བསྡུ་བར་བྱ། །དེ་ཉིད་ལ་ནི་གཞུག་

Vol. 82 · folio 84a

པར་བྱ། །ཆོ་ག་ཤེས་པས་བསྐལ་པའི་མེར། །བསམས་ནས་བསམ་གཏན་ཡང་དག་བརྩམ། །ཟླ་འོད་ལྟ་བུར་འབར་བ་ནི། །བཙུན་མོ་རྟག་ཏུ་བསྒོམ་པར་བྱ། །ལྷ་ཉིད་ཡང་དག་བསྐྱེད་ནས་ནི། །དེ་ཡི་དབུས་སུ་རྣམ་བསྒོམ་བྱ། །

རང་གཟུགས་སྙིང་གར་བསམས་ནས་ནི། །དེ་ཡི་དབུས་སུ་རྣམ་བསྒོམ་བྱ། །རང་གཟུགས་སྙིང་གར་བསམས་ནས་ནི། །ཧ་ཡིག་ཏུ་ནི་རྣམ་བསྒོམ་བྱ། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །འདི་ནི་དང་

པོའི་བསམ་གཏན་བརྗོད། །རབ་ཏུ་འབད་པས་བསྒོམ་པར་བྱ། །རྟག་ཏུ་རིགས་ཀྱི་བདག་པོ་ཡིས། །བསྐལ་པར་བསྲེགས་པར་རྣམ་བསྒོམས་ནས། །སྔགས་པས་དེ་ཡི་རྣམ་པ་དེར། །བསམ་གཏན་བརྩོན་པས་བསྒོམ་པར་བྱ། །སངས་རྒྱས་གཟུགས་

ཀྱི་རབ་སྦྱོར་གྱིས། ཟླ་བའི་དཀྱིལ་འཁོར་སྒོམ་པ་ནི། །རང་གི་གཟུགས་ཀྱིས་ཀུན་བསྐྱེད་ནས། །བ་སྤུའི་ཁུང་བུར་འདི་སྤྲོ་བྱ། །ཇི་སྐད་གསུངས་པའི་གཟུགས་གསུམ་གྱིས། །ནམ་མཁའི་ཁམས་ནི་ཀུན་ཏུ་བཀང་། །འོད་ཟེར་ལྔ་ཡི་རབ་སྦྱོར་གྱིས། །

རང་ལུས་སུ་ནི་རབ་གཞུག་བྱ། །རིག་མའི་རྒྱལ་མོ་སོགས་སྦྱོར་བས། །དེ་རྣམས་ཐམས་ཅད་ཡོངས་བརྟག་བྱ། །སངས་རྒྱས་ཀུན་གྱི་མཁའ་ཁམས་ནི། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །རང་ལུས་སུ་ནི་རྣམ་བསྒོམས་ནས། །ཐམས་ཅད་

དེར་ནི་རབ་གཞུག་བྱ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་རིག་མའི་ཚུལ་ལ་སོགས་པའི་ལས་ཅན་གྱི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་

གསང་སྔགས་ཐམས་ཅད་ཀྱི་གསང་ཆེན་རིག་མའི་ཚུལ་གྱི་ལས་གསུངས་པ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །དཔག་ཚད་ཀྱི་ནི་གྲངས་ཀྱི་ཁྱོན། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །གསལ་བ་གསལ་

Vol. 82 · folio 84b

བར་མཚུངས་བསམས་ནས། །དབུས་སུ་བདག་ཉིད་རྣམ་བསམ་བྱ། །འབད་པས་གནས་ལྔ་རྣམས་སུ་ནི། །རྣམ་སྣང་མཛད་ཆེན་གཟུགས་བསམས་ནས། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །དེ་རྣམས་ཐམས་ཅད་ཡོངས་བརྟག་བྱ། །སྙིང་གར་

རྡོ་རྗེ་སེམས་དཔའ་ནི། །ཡང་དག་བསྐྱེད་ནས་རྣམ་བསྒོམ་བྱ། །ཆོ་ག་ཤེས་པས་ཉི་རྣམ་པར། །ནམ་མཁའི་ཁམས་ནི་གང་བར་བྱེད། །ལྷ་ལ་སོགས་པའི་སྦྱོར་བ་ཡིས། །སླར་ཡང་དེ་ནི་རབ་གཞུག་བྱ། །དེ་ཉིད་ཚུལ་ནི་དགེ་བ་འདི། །རིགས་ཀྱི་དབྱེ་བས་

རྟོགས་པར་བྱ། །གཞན་དུ་གསང་བའི་བསམ་གཏན་ནི། །རྣམ་པར་སྤངས་པས་འགྲུབ་མི་འགྱུར། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ཆེན་པོར་རིག་མའི་ལས་ཀྱི་ལེའུ་སྟེ་བཅུ་བཞི་པ་རྫོགས་སོ།། །།དེ་ནས་

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལྷ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཚུལ་བཟླས་པའི་ཆོ་ག་སྟོན་པར་མཛད་དོ། །ནམ་མཁར་འཕྲུལ་ནི་སྟོན་པར་རམ། །གང་དུ་སེམས་ནི་རབ་དགྱེས་བྱེད། །དབང་ཆེན་དཀྱིལ་འཁོར་བསམས་ནས་ནི། །རང་གི་དཀྱིལ་འཁོར་

མཆོད་བསྒོམ་བྱ། །མེ་ཏོག་བཟང་པོ་དེ་དབུས་སུ། །དེ་ཉིད་སྦྱོར་བས་བསྒོམ་པར་བྱ། །རང་གཟུགས་ཕྱག་རྒྱ་ཆེན་པོ་ནི། །བསྒོམ་བྱ་གཞན་དུ་བརྩོན་མི་བྱ། །སྙིང་གའི་དབུས་སོན་ཕྲ་མོ་ནི། །དྲི་མེད་ཡེ་ཤེས་དཀྱིལ་འཁོར་ནི། །གསལ་བ་འོད་དཀར་འབར་

ལ་སོགས། །ཆུ་ཡི་རྣམ་པར་དགོད་པར་བྱ། །དེ་ལ་སྔགས་ཀྱི་ཡི་གེའི་ཚིག །དང་པོ་གསང་བ་རྣམ་བསྒོམ་བྱ། །རྩེ་མོ་ལྔ་བ་རྣམ་བསྒོམས་ནས། །སླར་ཡང་དེ་ཉིད་ལ་སྦྱར་བྱ། །བློ་དང་ལྡན་པས་གནས་ལྔ་རུ། །གཟུགས་བརྙན་ཡང་ནི་ཡང་དག་བསྐྱེད། །

དེ་ཉིད་ཡི་གེའི་ཚུལ་མཐུན་པས། །བསམ་གཏན་འབྱུང་བ་བསྒོམ་པར་བྱ། །ཆོ་ག་ཤེས་པས་ཡིག་རྣམས་ཀྱི། །ཕྲེང་བ་བསྐྱེད་ནས་བསྒོམ་པར་བྱ། །ནས་ཀྱི་ཚད་འདི་ཐམས་ཅད་དུ། །བསམ་གཏན་འབྱུང་བ་བསྒོམ་པར་བྱ། །རབ་ཏུ་འབད་པས་འོག་དེར་ནི། །

Vol. 82 · folio 85a

རྟག་ཏུ་ནམ་མཁའ་གང་བར་བྱ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །གང་བ་དེ་ལ་གྲགས་པ་ཡིན། །ཡི་གེ་གཅིག་གི་གསང་སྔགས་ཀྱི། །རང་གཟུགས་རྣམ་པར་བསྒོམ་པར་བྱ། །རིགས་ཀྱི་བདག་པོ་འབྱུང་བ་ནི། །ཡི་གེ་གསུམ་གྱི་རྟག་

ཤེས་བྱ། །ཡི་གེ་ལྔ་ལ་སོགས་གཟུང་བས། །ཇི་སྲིད་ཡི་གེ་འབྱུང་བའོ། །འོད་དཀར་འབར་བའི་ཕྲེང་བ་སོགས། འབར་བའི་ཕྲེང་བ་མཉམ་པའི་འོད། །རིགས་ཀྱི་དབྱེ་བས་ལས་རྣམས་ཀྱི། །ཐོག་མ་ཐ་མ་འདི་བྱའོ། །ཨུཏྤལ་སྔོན་པོའི་འདབ་རྣམ་པར། །

ཨིནྡྲ་ནཱི་ལ་མཚུངས་པའི་འོད། །འོད་ཟེར་འབར་འཁྲུགས་གཙོ་བོའི་ཡུམ། །ཡིད་ཀྱིས་བསམས་པས་འགྲུབ་པར་འགྱུར། །པདྨ་རཱ་ག་དབང་མདོག་འོད། །དམར་པོ་འབར་བ་མཚུངས་པའི་འོད། །འཇིག་རྟེན་ཁམས་ནི་ཀུན་ནས་སུ། །ཆོ་ག་ཤེས་པས་སྣང་བར་

བྱ། །གེ་སར་སེར་པོ་དང་མཚུངས་པ། །སེར་པོ་འོད་ཟེར་འབར་ལ་སོགས། །སྒོམ་པའི་གོ་འཕང་གིས་བསྒོམ་བྱ། །ཐེ་ཚོམ་མེད་པར་བསྒྲུབ་པར་བྱ། །དེ་ཉིད་འབྱུང་བ་གང་གསུངས་པ། །རང་གཟུགས་ཡང་དག་བསྐྱེད་ནས་ནི། །སྙིང་གར་མེ་ཏོག་

བསམས་ནས་ནི། །དཀྱིལ་འཁོར་དེ་ལ་བསྒོམ་པར་བྱ། །ཆོ་ག་ཤེས་པས་དེའི་སྟེང་དུ། །སྙིང་པོ་ཕྱག་རྒྱ་རྣམ་བསྒོམ་བྱ། །ཇི་ལྟའི་གོ་འཕང་ཀུན་བསྐྱེད་ནས། །ཡེ་ཤེས་དེ་ཉིད་རྣམ་བསྒོམ་བྱ། །བྷ་གར་ཨ་ཡིག་ངེས་ཕྱུང་ནས། །སངས་རྒྱས་མཆོད་

པ་ལ་སོགས་བྱ། །འཇིག་རྟེན་ཁམས་ནི་ཀུན་ནས་སུ། །ཆོ་ག་ཤེས་པས་སྤྲོ་བར་བྱ། །ཐོག་མ་བར་དང་ཐ་མར་ནི། །སླར་ཡང་བསྡུ་བར་བསམ་པར་བྱ། །ཟླ་འོད་ལྟ་བུར་ཡང་དག་སྦྱོར། །རང་ལུས་སུ་ཡང་བསྒོམ་པར་བྱ། །འདི་ནི་དེ་ཉིད་ཚུལ་དགེ་བ། །

རིགས་གསུམ་དུ་ཡང་རྟོགས་པར་བྱ། །བྱ་དང་བྱེད་པ་ཡང་དག་སྦྱོར། །སྒོམ་པ་དེ་ནི་འགྲུབ་པར་བྱེད། །སེམས་ཀྱི་ཀུན་སྦྱོར་མཚན་ཉིད་ཀྱིས། །གལ་ཏེ་ཆགས་ལ་ཆགས་པར་འགྱུར། །བསམ་གཏན་འདུས་ལ་རབ་ཞུགས་ནས། །དེ་ལ་གཞུག་པར་བསྒོམ་

Vol. 82 · folio 85b

པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་པོ། །སྒྲུབ་པོ་རྣམས་ཀྱི་དེ་ཉིད་འདི། དངོས་གྲུབ་བསྒྲུབ་ལ་དམ་ཚིག་མཆོག །སངས་རྒྱས་གཟུགས་སུ་རྣམ་བསྒོམས་ནས། རལ་པའི་ཅོད་པན་འཛིན་བཞིན་པ། སངས་རྒྱས་སློབ་

དཔོན་ཡང་དག་བསྐྱེད། སྙིང་གར་དེ་ནི་དགོད་པར་བྱ། རང་སྔགས་མཆོག་གི་ཕྱག་རྒྱ་ནི། བསམས་ནས་དེ་ཡི་སྙིང་གར་དགོད། འཐུང་དང་ཟ་བའི་དུས་རྣམས་སུ། ཉེ་བར་ལོངས་སྤྱོད་བྱེད་རྣམས་སུའང་། དྲི་དང་གཟུགས་སོགས་བྱ་བ་རྣམས།

འདི་ནི་དེ་ཁོ་ན་ཉིད་བརྗོད། ལྷ་སྦྱོར་སངས་རྒྱས་སློབ་དཔོན་གྱི། རང་གི་བདེ་བ་རྟག་ཏུ་ནི། ཆོ་ག་ཤེས་པས་དབུལ་བར་བྱ། གཞན་དུ་འགྲུབ་པར་བྱེད་མིན་ཉིད། འདི་ནི་སྔགས་རྣམས་ཐམས་ཅད་ཀྱིས། བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད།

ཡེ་ཤེས་རྣམས་ནི་ཀུན་གྱི་གསང་། སྔགས་ཀྱི་དངོས་གྲུབ་བྱེད་དེ་ཉིད། རང་གཞན་སེམས་ཅན་ཐམས་ཅད་ཀྱི། འཆི་བ་དེ་བཞིན་འཕྲོག་པར་བྱེད། དེ་བཞིན་རང་གཟུགས་བསམས་ལ་སོགས། བསྟེན་དང་ཡོན་རྣམས་ཀུན་དང་ལྡན། འདི་དེ་སངས་

རྒྱས་ཐམས་ཅད་ཀྱི། སངས་རྒྱས་ཡེ་ཤེས་རབ་སྒྲུབ་པའོ། །རྡོ་རྗེ་སེམས་དཔའ་རབ་སྒྲུབ་པས། རྡོ་རྗེ་ཡེ་ཤེས་སྤྲུལ་པའོ། །གནས་བཞི་རྣམས་ཀྱི་ཀུན་སྦྱོར་གྱིས། ལྷ་ཡི་སྦྱོར་བ་མཚུངས་པ་ལ། ཆོ་ག་ཤེས་པས་གཟུང་བར་བྱ། རིག་པ་འཛིན་པར་དེ་

བརྗོད་བྱ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། དེ་ཉིད་བྱ་བ་དྲི་མེད་བཟང་། དེ་ཡི་སྔགས་ཀྱི་སྐུ་བྱེད་པ། བསྡུས་པ་ཡིས་ནི་བསྒོམ་པར་བྱ། ཐུན་བཞིར་བསམ་གཏན་འདི་ཉིད་ནི། དེ་ཉིད་དམ་ཚིག་གར་མཁན་ནོ། །ཐམས་ཅད་དུ་ནི་རིགས་དབྱེ་བ།

བསྡུས་པ་ཡིས་ནི་བསྒོམ་པར་བྱ། སངས་རྒྱས་གཟུགས་ནི་རྣམ་བསྒོམས་ནས། འཁོར་ལོ་དེ་ཡིས་རྣམ་བསྒོམ་བྱ། རང་ལག་ཏུ་ནི་ཡང་དག་བསྐྱེད། ཇི་སྲིད་སྲོག་དེ་གཏང་མི་བྱ། རྡོར་སེམས་ལ་སོགས་སྒོམ་བྱེད་པ། བསྡུས་པ་ཡིས་ནི་རིགས་གསུམ་

Vol. 82 · folio 86a

དུའམ། རྡོ་རྗེ་སེམས་དཔས་བྱིན་བརླབས་པས། སྒྲུབ་པོས་རྟག་ཏུ་བསྒྲུབ་པར་བྱ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། དངོས་གྲུབ་ཐམས་ཅད་རབ་སྒྲུབ་པའོ། །སྔགས་རྣམས་ཀུན་གྱི་མཉེས་པ་དང་། དངོས་གྲུབ་དམ་ཚིག་སྟོན་པ་

པོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་འདི་སྟོན་

པར་མཛད་དོ། །དམ་ཚིག་དཀྱིལ་འཁོར་དུ་གསུངས་པ། གང་དེ་ཐམས་ཅད་ཉིད་བྱ་དེ། ཤར་དུ་རང་གི་ཕྱག་རྒྱ་ཡིས། མི་བསྐྱོད་པ་ནི་དགོད་པར་བྱ། ལྷོ་རུ་དེ་ལ་ཆོ་ག་ལས། རིན་ཆེན་འབྱུང་ལྡན་བྲི་བར་བྱ། ཆོ་ག་ཤེས་པས་ནུབ་ཏུ་ནི། འོད་

དཔག་མེད་ནི་མཉམ་པར་བྲི། ཆོ་ག་ཤེས་པས་བྱང་ཕྱོགས་སུ། དོན་ཡོད་གྲུབ་པ་མཉམ་པར་བྲི། དབུས་སུ་རྟག་ཏུ་བསྡུས་པ་ཡིས། སངས་རྒྱས་སློབ་དཔོན་ཀུན་ཏུ་བྲི། རྩེ་མོ་ལྔ་པའི་རྡོ་རྗེ་ཆེ། འབར་བའི་ཕྲེང་བས་རྣམ་བརྒྱན་པ། རྣམ་ཀུན་

སངས་རྒྱས་སློབ་དཔོན་གྱིས། རབ་ཏུ་འབད་པས་བསྒྲུབ་པར་བྱ། ཕྱག་རྒྱ་རྣམས་ནི་ཐམས་ཅད་དུ། ཨུཏྤལ་སྔོན་པོ་མཚུངས་པའི་འོད། །རྩེ་མོ་བཅུ་གཅིག་ཆེན་པོ་ཡི། །རྡོ་རྗེའི་རྣམ་པར་ཀུན་ཏུ་བྲི། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ཕྱག་

རྒྱ་ཐམས་ཅད་ཀུན་ཏུ་བྲི། །མཁས་པས་ཕྱག་རྒྱ་ཆེན་པོ་ནི། །འཁོར་ལོས་སྒྱུར་བ་ཞེས་བཤད་དོ། །སྙིང་པོའི་དཀྱིལ་འཁོར་གྲྭ་རྣམས་སུ། །པདྨ་དང་ནི་ཨུཏྤལ་བྲི། །རིན་ཆེན་བཞི་ཡི་ཁ་དོག་ཏུ། །དེ་རྣམས་དབུས་སུ་མཉམ་པར་བྲི། །འདོད་པས་ལྷ་རྣམས་ཐམས་

ཅད་ཀྱི། །ལྷ་གཞན་དེ་ནི་ཡང་དག་འབྱུང་། །སྒོ་རུ་བདུད་རྩི་འབྱུང་བ་དང་། །མཐུན་པ་རུ་ནི་མཉམ་པར་བྲི། །དཀར་པོ་ནག་པོ་དེ་བཞིན་དམར། །སེར་པོ་ལྗང་གུ་ཉིད་དང་ཡང་། །རྟག་ཏུ་བསམ་གཏན་གདན་ལ་གནས། །དེ་ལ་དགོད་པར་བྱ་བ་ཡིན། །ཆོ་

Vol. 82 · folio 86b

ག་ཤེས་པས་དེ་རེ་རེར། །འཇོམས་བྱེད་བདག་ཉིད་ཅན་གྱིས་གཞོམ། །དེ་ལ་རྟག་ཏུ་གསང་བའི་མཆོད། །སྒོ་བཞི་རུ་ནི་རབ་ཏུ་བརྩམ། །སློབ་མས་མ་དང་ཆུང་མ་མཆོག །སྲིང་མོ་དང་ནི་བུ་མོ་བྲི། །ཆོ་ག་ཤེས་པས་ལོངས་སྤྱད་བྱ། །དཀྱིལ་འཁོར་དེ་

ཡི་དབུས་སུ་ནི། །རྒྱལ་བྱེད་རྒྱལ་བའི་རིགས་དེ་ལ། །ཕྱག་རྒྱ་དགོད་པར་རབ་ཏུ་གྲགས། །ཛིཿརྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །ཛཱཿཡིག་རྣམ་པར་རྟག་ཏུ་བྱ། །ཛཿཕྱག་ན་པདྨའི་རིགས་བྱུང་ལ། ཨཱཿཡིག་དག་ནི་རྟག་ཏུ་བྱ། །ཨཱཿ འདོད་པའི་

རིགས་ཀྱི་ཆོ་ག་ལས། །ཇི་ལྟར་རིག་པའི་ཨཱཿཡིག་གོ། །ཨཱཿ། དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་སྒྲུབ་པ་དང་ཉེ་བའི་སྒྲུབ་པ་སྟོན་པར་མཛད་དོ། །ཉ་ཆང་བཟའ་

བའི་གསང་མཆོད་སོགས། །མངོན་དགྱེས་གྱུར་ནས་གང་དུ་སེམས། །སེམས་ཅན་མི་ལྡན་གནས་པར་བྱེད། །དེ་ལ་དམ་ཚིག་ཆེན་པོ་ཡི། །རྣལ་འབྱོར་བརྩམ་པར་བྱ་བ་སྟེ། །དེ་ཡི་སངས་རྒྱས་སོགས་དངོས་གྲུབ། །ཟླ་བ་གཅིག་གིས་དེ་མཐར་ཕྱིན། །ཡེ་

ཤེས་འཁོར་ལོས་བསྐུལ་བ་ཡིས། །དེ་ཚེ་དེ་བཞིན་འགྲུབ་པར་འགྱུར། །ཐོག་མར་ཟླ་བ་གསུམ་དུ་ནི། །དང་པོའི་རྣལ་འབྱོར་བརྩམ་པར་བྱ། །ཕྱག་ན་རྡོ་རྗེའི་རིགས་འབྱུང་ལ། །འདིར་ནི་སྔགས་ཆེན་བསྒྲུབ་པར་བྱ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རིགས་

ལ་སོགས་པ་རྣམས་ཀྱིས་དངོས་གྲུབ་ཀྱི་དམ་ཚིག་རིན་པོ་ཆེ་འཆིང་བར་བྱེད་པ་གསུངས་པ། རྣམ་པར་སྣང་མཛད་ཅེས་གཟུགས་སུ། །དེ་རུ་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཙཀྲྃ་ཞེས་བརྗོད་ན། །འཁོར་ལོའི་རིག་པ་འཛིན་པར་འགྱུར། རྣམ་པར་སྣང་

མཛད་ཅེས་བཤད་པར། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཁཌྒཾ་ཞེས་བརྗོད་ན། །རལ་གྲིའི་རིག་པ་འཛིན་པར་འགྱུར། །རང་ཉིད་རྣམ་པར་སྣང་མཛད་ཅེས། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་པདྨཾ་ཞེས་བརྗོད་ན། །པདྨའི་

Vol. 82 · folio 87a

རིག་པ་འཛིན་པར་འགྱུར། །རང་ཉིད་རྣམ་པར་སྣང་མཛད་ཅེས། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཏྲི་ཤཱུ་ལཾ་ཞེས་བརྗོད། །རྩེ་གསུམ་རིག་པ་འཛིན་པར་འགྱུར། །རྣམ་པར་སྣང་མཛད་ཅེས་བཤད་པར། །དེར་ནི་

བདག་ཉིད་ཡང་དག་བསྐྱེད། །རང་སྔགས་བཛྲཾ་ཞེས་བརྗོད་ན། །རྡོ་རྗེའི་རིག་པ་འཛིན་པར་འགྱུར། །རང་ཉིད་རྣམ་པར་སྣང་མཛད་ཅེས། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཨཾ་ཀུ་ཤཾ་བྱས་ན། །ལྕགས་ཀྱུ་ཞེས་པར་མངོན་བརྗོད་འགྱུར། །

རང་ཉིད་རྣམ་པར་སྣང་མཛད་ཅེས། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་པཱ་ཤཾ་ཞེས་བརྗོད་ན། །ཞགས་པའི་རིག་པ་འཛིན་པར་འགྱུར། །ཕྱག་རྒྱ་ཆེ་སོགས་མཚན་ཉིད་ཀྱིས། །རང་གི་གཟུགས་ནི་ཡང་དག་བསྐྱེད། །དེ་ཉིད་ཡིད་བཞིན་ནོར་

བུ་མཆོག །རིགས་གཞན་དབྱེ་བས་རྟོགས་པར་བྱ། །འདི་ནི་དམ་ཚིག་སྒྲུབ་ཐབས་ཏེ། །སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། །སྐྱེ་བ་འདིར་ནི་གྲུབ་པར་འགྱུར། །རང་སྔགས་དྲིལ་བུའི་ཚུལ་གྱིས་ནི། །རང་ཉིད་བདག་པོ་རང་ཉིད་དུ། །ཁྲུ་གང་ཙམ་དུ་ཡང་

དག་བསྐྱེད། །སངས་རྒྱས་ཀྱིས་ཀྱང་མཐོང་མི་འགྱུར། །ཆོ་ག་ཤེས་པས་གཞི་རྣམས་ཀྱིའང་། །དེ་ཉིད་སྦྱོར་བས་བསྒོམ་པར་བྱ། །གཟུགས་ཀྱི་དབུས་སུ་རྣམ་བསྒོམས་ནས། །མྱུར་དུ་འགྲུབ་འགྱུར་གཞན་དུ་མིན། །གཟུགས་སུ་སྦྱོར་བའི་མཚན་ཉིད་

ཀྱིས། །དེར་ནི་བདག་ཉིད་ཡང་དག་བསྐྱེད། །རང་སྔགས་ཨུཏྤལ་ལྃ་བྱས་ནས། །ཡེ་ཤེས་རིག་པ་འཛིན་པར་འགྱུར། །ཟླ་བའི་དབུས་སུ་རྣམ་བསྒོམས་ནས། །ནམ་མཁའི་སྟེང་དུ་ཡང་དག་བརྩམ། །སྙིང་གར་རྡོ་རྗེ་ཡང་དག་བསྐྱེད། །ཡེ་ཤེས་རིག་པ་འཛིན་

པར་འགྱུར། །ཟླ་བའི་གཟུགས་ནི་ཡང་དག་བསྐྱེད། །རྡོ་རྗེ་རིན་ཆེན་རྣམ་བསྒོམ་བྱ། །ཇི་སྲིད་དག་པའི་བདག་ཉིད་འདོད། །དེ་སྲིད་མཁའ་ལ་འགྲོ་བར་འགྱུར། །ཟླ་བའི་གཟུགས་སུ་ཡང་དག་བསྐྱེད། །རྡོ་རྗེ་པདྨ་ལག་པར་དགོད། །པདྨའི་སྤྱན་ནི་བསྒོམ་

Vol. 82 · folio 87b

པར་བྱ། །ས་བདུན་གྱི་ནི་དབང་ཕྱུག་འགྱུར། ཟླ་བའི་གཟུགས་ནི་རྣམ་བསྒོམས་ནས། འབར་བའི་ཕྲེང་འཁྲུགས་པའི་འོད། སངས་རྒྱས་གཟུགས་ནི་ཀུན་བསྐྱེད་ནས། སངས་རྒྱས་རིག་པ་འཛིན་པར་འགྱུར། རྡོ་རྗེའི་གཟུགས་སུ་རྣམ་བསྒོམས་ནས།

སངས་རྒྱས་ལྔ་རུ་རྣམ་བསྒོམ་བྱ། །འོད་ཟེར་ལྔ་ཡིས་ཀུན་བཀང་ནས། །སངས་རྒྱས་སྐུ་དང་མཚུངས་པར་འགྱུར། །བི་སྟ་ར་ཤཿཉི་མའི་གཟུགས་སུ་རྣམ་བསྒོམས་ནས། །ལས་ཀྱི་རྡོ་རྗེ་སྙིང་གར་དགོད། །རང་གི་སྔགས་ནི་ཡང་དག་བསྐྱེད། །རྡོ་རྗེའི་སྐུ་དང་

མཉམ་པར་འགྱུར། །ཟླ་བའི་གཟུགས་ནི་རྣམ་བསྒོམས་ནས། །བཛྲོ྅་ཧྃ་ཞེས་བསྒོམ་པར་བྱ། །སྙིང་གར་རྩེ་མོ་ལྔ་པའམ། །རྡོ་རྗེའི་སྐུ་དང་མཉམ་པར་འགྱུར། །ཟླ་བའི་གཟུགས་སུ་རབ་བསྒོམས་ནས། །རྡོ་རྗེ་འབར་བས་རྣམ་བརྒྱན་པ། །རྡོ་རྗེ་སེམས་དཔའ་

རང་གི་གཟུགས། །སེམས་དཔའི་གཟུགས་ནི་འཛིན་པར་འགྱུར། །ཟླ་བའི་གཟུགས་སུ་ཡང་དག་བསྐྱེད། །འཁོར་ལོ་འབར་བས་རྣམ་བརྒྱན་པ། རང་གི་གཟུགས་ནི་སངས་རྒྱས་གཟུགས། སངས་རྒྱས་གཟུགས་ནི་འཛིན་པར་འགྱུར། ཟླ་བའི་

གཟུགས་ནི་ཡང་དག་བསྐྱེད། །པདྨ་འབར་བས་རྣམ་བརྒྱན་པ། རང་གི་གཟུགས་ནི་ཆོས་ཀྱི་གཟུགས། ཆོས་ཀྱི་གཟུགས་ནི་འཛིན་པར་འགྱུར། ཟླ་བའི་གཟུགས་ནི་ཡང་དག་བསྐྱེད། །དཀར་པོ་འབར་བས་རྣམ་བརྒྱན་པ། །འདོད་པའི་མཆོད་པ་རང་གི་

གཟུགས། །འདོད་མཆོད་གཟུགས་ནི་འཛིན་པར་འགྱུར། །དང་པོར་ཡི་གེ་གཅིག་པ་སོགས། །རིག་པའི་རྒྱལ་པོ་སྟོབས་པོ་ཆེ། །རིགས་ཀྱི་བདག་པོའི་ཕྱག་རྒྱ་ཡིས། །རང་གི་ཕྱག་རྒྱ་སོགས་བསྒོམས་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རུ། མཆོག་ཏུ་ཕྲ་

བའི་བདག་ཅན་བྱ། དེ་ཉིད་དམ་ཚིག་དབུས་སུ་ནི། རྡོ་རྗེའི་གཟུགས་ནི་སྒོམ་པའོ། །ཉི་མའི་གཟུགས་ནི་རྣམ་བསྒོམས་ནས། མུ་དྲོ྅ཧྃ་ཞེས་སྒོམ་པ་ནི། །སྙིང་གར་སྔགས་ཡིག་བྱས་ནས་ནི། བསྐྱེད་དེ་འདིར་ནི་ཐེ་ཚོམ་མེད། སྔགས་པས་ཉི་མའི་དཀྱིལ་

Vol. 82 · folio 88a

འཁོར་ཅན། །བསམས་ནས་དབུས་སུ་གཟུགས་བསྒོམ་བྱ། །རྡོ་རྗེའི་གཟུགས་ནི་ཡང་དག་བསྐྱེད། །བསམ་གཏན་འབྱུང་བས་བསྐྱེད་པར་འགྱུར། །ཉེ་སྒྲུབ་ཆོ་ག་བྱས་ནས་ནི། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །རྡོ་རྗེ་སེམས་དཔའི་

ཆོ་ག་ལས། །དེ་ཡིས་འཇིག་རྟེན་གསུམ་སྒྲུབ་འགྱུར། །དང་པོར་རང་གནས་རི་གནས་སུ། །ཟླ་བ་དྲུག་ཏུ་བཟླས་བྱས་ནས། །སྒྲུབ་པ་པོ་ཡིས་རྟག་ཏུ་བསྒྲུབ། །རྡོ་རྗེ་སེམས་དཔའ་ལྷག་པར་གནས། །ཇི་ལྟར་ཀླུ་མོ་ལྷའི་བུ་མོ། །མི་མོའམ་ཡང་ན་ལྷ་མིན་མོ། །

ཇི་ལྟར་རིགས་པར་བཀུག་ནས་ནི། །གསང་བའི་མཆོད་པ་ཡང་དག་བརྩམ། །རྣམ་པར་དབེན་དང་ཡིད་འོང་དང་། །ནགས་དང་དགོན་པ་རྣམས་སུ་ཡང་། །དེ་རུ་བཀུག་ནས་ཉེར་ལོངས་སྤྱོད། །འདོད་ཡོན་ལྔ་ཡི་མཆོག་རྣམས་ཀྱིས། །ཡེ་ཤེས་རྡོ་རྗེ་རབ་

བསྐུལ་བས། །དམ་ཚིག་མཉན་པར་བྱ་བ་ཡིན། །རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་། །ཆོ་ག་ཤེས་པས་དགུག་པར་བྱ། །རང་གི་ཕྱག་རྒྱ་དེ་རྣམས་གཟུགས། །རང་གི་བརྗོད་པ་དེ་རྣམས་སྔགས། །དེ་ཉིད་ཕྱག་རྒྱ་བཅིངས་ནས་ནི། །རང་གི་སྔགས་འདི་

བཟླས་པར་བྱ། །མཚན་མོ་ཕྱེད་དུ་ཇི་ལྟར་བྱ། །ཉི་མའི་གུང་ལའང་དེ་བཞིན་བརྗོད། །ལྕགས་ཀྱུའི་སྙིང་པོ་དེ་ཉིད་ཀྱིས། །དེ་རྣམས་རབ་ཏུ་བསྒྲུབ་པར་བྱ། །བསྐལ་པ་བསྲེག་པ་ལྟར་བསམས་ནས། །རྡོ་རྗེ་མཚུངས་པས། །སྙིང་པོས་ལྕགས་

ཀྱུ་སྦྱར་བྱས་ནས། །བཀུག་ལ་དབང་དུ་བྱ་བ་ཡིན། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །དེ་བཞིན་ཉིད་དུ་རྟ་མགྲིན་དང་། །རྡོ་རྗེའི་དབྱུག་དང་བཅོམ་ལྡན་འདས། །འཇིག་རྟེན་གསུམ་གྱི་བདག་པོར་བརྗོད། །ཁྲོ་བོ་ཆེན་པོ་མི་གཡོ་བ། །ཁྲོ་གཉེར་ཅན་ཡང་གང་

ཞིག་འགྱུར། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཁམས་གསུམ་པ་ཡང་དབང་དུ་བྱེད། །བདུད་རྩི་ཞེས་བྱའི་ཁྲོ་བོ་ཆེ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པ། །སངས་རྒྱས་ཀྱང་ནི་སྐྲོད་པར་བྱེད། །རིག་མ་ཆེན་མོ་དྲི་སོགས་ནི། །

Vol. 82 · folio 88b

བཅས་པའི་ཕྱག་རྡོར་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་། །ཁམས་གསུམ་པ་ཡང་འབེབས་པར་བྱེད། །ཕོ་ཉ་ཆེན་པོ་རྡོར་སེན་མོ། །རབ་གཏུམ་ལ་སོགས་རྡོ་རྗེ་ཅན། །ནམ་མཁའི་ཁམས་ཀུན་གང་བ་ཡི། །དུག་ནི་སྐད་ཅིག་ལས་འཇོམས་

བྱེད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ་ཚིག་ཐམས་ཅད་རྣམ་པར་སྐྲོད་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གཤིན་རྗེ་མཐར་བྱེད་ཅེས་བྱ་བའི་རྡོ་རྗེའི་སྔགས་འདི་གསུངས་སོ། །ན་མོ་བཛྲ་ཛྙཱ་ནཱ་ཡ།

ས་མ་ཡ་ས་ཏྭཱ་ནཱྃ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། མ་མ་ཀཱརྱཾ་བྷཉྫབྷཉྫ། སརྦ་བིགྷྣའཾ་ད་ཧ་ད་ཧ། སརྦ་བི་ནཱ་ཡ་ཀཱཾ། མཱུརྡྷ་ཌ་ཀ་ཛཱི་བི་ཏཱནྟ་ཀ་ར། མ་ཧཱ་བི་ཀྲྀ་ཏ། རཱུ་པི་ཎེ་པ་ཙ་པ་ཙ། སརྦ་དུཥྚཱཾ། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་ར་བནྡྷ་བནྡྷ། སརྦ་གྲ་ཧཱཾ། ཥ་ཌ་མུ་ཁ་

ཥཌ་བྷུ་ཛ། ཥཌ་ཙ་ར་ཎཱཾ། རུ་དྲ་མཱ་ན་ཡ། བིཥྞུ་མཱ་ན་ཡ། བྲཧྨཱ་དྱཱཾ་སརྦ་དེ་བཱ་མཱ་ན་ཡ། མཱ་བི་ལམྦ་མཱ་བི་ལ་མྦ། ལ་ཧུ་ལ་ཧུ། མཎྜ་ལམ་དྷྱེ། བྲ་བེ་ཤ་ཡ། ས་མ་ཡ། མ་ནུ་སྨ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་པ་ཙམ་ལ་བཅོམ་

ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་ཉིད་སྣ་ཚོགས་པའི་གཟུགས་འཛིན་པར་གྱུར་ནས། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དུ་གནས་པར་གྱུར་ཏོ། །རང་

གི་གཟུགས་ཀྱིས་ནམ་མཁའི་ཁམས་ཀུན་ཏུ་བཀང་ནས། ཆེད་དུ་བརྗོད་པས་ཆེད་དུ་རྗོད་པར་མཛད་དོ། །ཨེ་མའོ་སྔགས་རྣམས་ཀུན་གྱིས་ནི། །རྡོ་རྗེ་མི་ཕྱེད་བླ་ན་མེད། །དེ་བཞིན་གཤེགས་པའི་རྡོ་རྗེ་གང་། །ས་ཡི་གོང་བུར་འགྱུར་བར་བྱེད། །

དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ངོ་བོ་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་སྒྱུ་མར་བརྗོད་པ་ཞེས་བྱ་བའི་སྔགས་འདི་སྟོན་པར་མཛད་དོ། །ཨོཾ་བཛྲ་ཁུ་ར་བི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། དེ་ནས་འདི་ནི་གསུངས་

Vol. 82 · folio 89a

ཙམ་ལ། །བཅོམ་ལྡན་ཆོས་འཆང་དེ་ཉིད་ནི། །དེ་བཞིན་གཤེགས་ཀུན་ཀུན་སྐྲག་པའི། །ཆེད་དུ་བརྗོད་འདི་ཆེད་རྗོད་མཛད། །ཨེ་མའོ་སྔགས་རྣམས་ཐམས་ཅད་ཀྱི། །རྣམ་ཀུན་དེ་ཉིད་སྟོན་པ་པོ། །འཇོམས་བྱེད་རྡོ་རྗེ་རྒྱལ་མཚན་

གྱིས། །སངས་རྒྱས་ཐམས་ཅད་བཞག་པར་གྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནམ་མཁའི་ཁམས་ཐམས་ཅད་ཀུན་དུ་སྣང་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྔགས་ཆེན་པོ་འདི་སྟོན་པར་

བྱེད་དོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷྭནྶ་ས་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་འདི་གསུངས་པ་ཙམ་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་ནམ་མཁའི་ཁམས་ཐམས་ཅད་ཀུན་དུ་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་

ལོའི་འོད་ཟེར་གྱིས་ཀུན་དུ་བཀང་ནས་ཆེད་དུ་བརྗོད་པས་ཆེད་དུ་རྗོད་པར་མཛད་དོ། །ཨེ་མའོ་སྔགས་རྣམས་ཀུན་གྱིས་ནི། །སྔགས་ཀྱི་ཚུལ་གྱི་བདག་ཉིད་ང་། །སངས་རྒྱས་ཀུན་གྱི་སངས་རྒྱས་ཉིད། །ཟླ་བ་དྲུག་གིས་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་

འདས་སླར་ཡང་ནམ་མཁའི་ཁམས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཚུལ་གསལ་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མི་གཡོ་བ་ཞེས་བྱ་བའི་སྔགས་འདི་གསུངས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ་ཨ་ཙ་ལ་ཀཱ་ན་ཧེ་ཧེ་མོ་ཧ་ཡ་མོ་ཧ་ཡ།

ཧ་ས་ཧ་ས། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤ། མ་ཧཱ་བ་ལ་མནྟྲ་ཙ་ལ་དྷུ་ན་དྷུ་ན། ཏི་ན་ཏི་ན། ཁཱ་ད་ཁཱ་ད། བིགྷནཱཾ་མཱ་ར་ཡ་མཱ་ར་ཡ། དུཥྚཱ་ན་བྷཀྵ་ཡ་བྷ་ཀྵ་ཡ། སརྦཱཾ་ཀ་ར་ཀ་ར། ཀི་རི་ཀི་རི། མ་ཧཱ་བི་ཥ་མ་བཛྲཱ་སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཏྲི་བ་ལི་ཏ་རདྷཱ་ནརྟ་

ཀཿཨཱྃ་ཧཱྃ་ཨཱྃ་ཨཱྃ་ཧཱྃ། ཨ་ཙ་ལ་ཙ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཨེ། ས་མནྟི་ཀ་ཏྲཱ་ཊ། མ་ཧཱ་བ་ལ། སཱ་ཏ་ཡ། ཏྲཱྃ་ཧཱྃ་མཱྃ་ཤུདྷྱནྟུ་ལོ་ཀ་སྟུཥྱ་སྟུ། བཛྲཱི་ན་མཤྩནྡ་པྲ་ཏི་ཧ་ཏ་བ་ལེ་བྷྱོ་ཛྭཱ་ལ་ཡ་ཏྲཱ་ཊ། ཨ་ས་ཧ་ན་མཿས་ཧཱ། དེ་ནས་མངག་གཞུག་གི་ཁྲོ་བོ་འདི་གསུངས་

Vol. 82 · folio 89b

པ་ཙམ་ལ། བཅོམ་ལྡན་འདས་གཟུགས་སྣ་ཚོགས་འཆང་ཆེན་པོ་དེ་ཉིད་ཐམས་ཅད་ཡང་དག་པར་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་ཆེད་དུ་བརྗོད་པ་འདི་ཆེད་དུ་རྗོད་པར་མཛད་དོ། །ཨེ་མའོ་སྔགས་རྣམས་ཀུན་

གྱི་ནི། །དེ་ཉིད་འབྱུང་བ་བསྟན་པ་ང་། །རྡོ་རྗེ་མི་ཕྱེད་རང་བཞིན་གྱིས། །ཡེ་ཤེས་རྟོག་གིས་སྐྱེད་པར་བྱེད། །དེ་ནས་བཅོམ་ལྡན་འདས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་དུ་སྐྲག་པར་བྱེད་པའི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་

ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཆེན་པོ་ཁྲོ་གཉེར་ཅན་ཞེས་བྱ་བའི་སྔགས་འདི་གསུངས་སོ། །ན་མོ་བྷ་ག་བ་ཏྱཻ་བྷྲྀ་ཀུ་ཊྱཻ། ཨོཾ་བྷྲྃ་ཀུ་ཊྀཏ་རངྒ་བཛྲྀ་མྦྷི་ཏ་བཛྲ་མ་ཧཱ་བ་ལ་ཧཱུྃ་ཕཊ། དེ་ནས་འདི་གསུངས་པ་ཙམ་ལ་འདོད་ཆགས་ཆེན་པོ་དེ་ཉིད་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཀུན་གྱི་ཆོས་ཀྱིས་ཀུན་དུ་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་གནས་པ་ཆེད་དུ་བརྗོད་པ་འདི་ཆེད་དུ་རྗོད་པར་མཛད་དོ། །ཨེ་མའོ་སྔགས་རྣམས་ཀུན་གྱི་ནི། །ཆོས་ཀྱི་འདོད་ཆགས་ཀུན་བསྡུས་པ། །

རྡོ་རྗེ་ཡེ་ཤེས་ལྟ་བུ་སྟེ། །སྔགས་ཀྱི་དངོས་གྲུབ་ཅེས་བཤད་དོ། །དེ་ནས་བཅོམ་ལྡན་འདས་སླར་ཡང་ཀུན་ནས་སྤྲོ་བའི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྟོབས་པོ་ཆེ་ཞེས་བྱ་བའི་སྔགས་འདི་གསུངས་སོ། །ཨོཾ་

བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷཱ་ནྶ་ཡ་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་འདི་གསུངས་པ་ཙམ་ལ་བཅོམ་ལྡན་འདས་གསང་བ་ཆེན་པོ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་གང་ཡིན་

པ་ཆེད་དུ་བརྗོད་པ་འདི་ཆེད་དུ་རྗོད་པར་མཛད་དོ། །ཨེ་མའོ་སྔགས་རྣམས་ཀུན་གྱི་ནི། །རྡོ་རྗེའི་དབྱེ་བ་བླ་ན་མེད། །དེ་ཉིད་དམ་ཚིག་ཀུན་དུ་དག །རྡོ་རྗེ་ཡིད་བཞིན་ནོར་བུར་བཤད། །དེ་ནས་བཅོམ་ལྡན་འདས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མི་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words