དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའོ

Sanskrit title (Tibetan script, as in the text) ཤྲཱི་སརྦ་ཏ་ཐཱ་ག་ཏགུ་ཧྱ་ཏནྟྲ་ཡོ་ག་མ་ཧཱ་རཱ་ཛཱ་དྭ་ཡ་ས་མ་ཏཱ་བི་ཛ་ཡ་ནཱ་མ་བཛྲ་ཤྲཱི་ཝ་ར་མ་ཧཱ་ཀལྤཱ་དི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 82 · folio 103a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་ཏ་ཐཱ་ག་ཏགུ་ཧྱ་ཏནྟྲ་ཡོ་ག་མ་ཧཱ་རཱ་ཛཱ་དྭ་ཡ་ས་མ་ཏཱ་བི་ཛ་ཡ་ནཱ་མ་བཛྲ་ཤྲཱི་ཝ་ར་མ་ཧཱ་ཀལྤཱ་དི། བོད་སྐད་དུ། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་

གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ཡི། །དུས་གཅིག་ཚེ་ན་བཅོམ་ལྡན་འདས། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །རྡོ་རྗེ་བཙུན་མོ་རྣམས་ཀྱི་ནི། །བྷ་ག་ལ་ནི་སྙོམས་པར་ཞུགས། །གསང་བ་ལས་ཀྱང་ཆེས་གསང་བ། །གསང་བ་ཆེན་པོ་འདི་ལྟ་སྟེ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་

བདག །གསང་བ་པ་རྣམས་མ་ལུས་པའི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །བྱང་ཆུབ་སེམས་ཀྱི་སྙིང་པོ་ཆེ། །ཆོས་ཀུན་མཉམ་པ་ཉིད་དགོངས་པའི། །མཉམ་ཉིད་གཉིས་སུ་མེད་པའི་གནས། །སྤྱོད་པ་མཉམ་པ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་

ཞུགས་ཏེ། །དེ་ཉིད་ངང་ལ་གནས་པ་ཡིས། །འཁོར་གྱི་དཀྱིལ་འཁོར་དཔག་མེད་ལ། །གཟིགས་ཤིང་མི་ཕྱེད་རྡོ་རྗེ་ལས། །མ་གཡོས་ལྷམ་མེ་ལྷང་ངེར་གནས། །མི་འགྱུར་གསང་བ་འདུས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རིག་པའི་

ལྷ་མོ་རྫུ་འཕྲུལ་ཅན། །སྣ་ཚོགས་འཁོར་རྣམས་འདུས་པ་སྟེ། །རྣལ་འབྱོར་དབང་ཕྱུག་ཚོགས་རྣམས་ལས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཀུན་ཏུ་བཟང་པོས་གསོལ་བ་བཏབ། །རང་གི་སྟན་ལས་ལངས་ནས་ནི། །བླ་གོས་ཕྲག་བར་གཟར་

གྱུར་པས། །པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ཏེ་སྤྱིས་བཏུད་ནས། །གསང་བ་ཞེས་ནི་གང་ལ་བྱ། །ཆེས་གསང་བ་ནི་ཇི་ལྟ་བུ། །གསང་བ་ཆེན་པོ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །

Vol. 82 · folio 103b

འཁོར་རྣམས་ཀུན་ལ་རྗེས་བརྩེ་བས། །རྡོ་རྗེ་གསང་བ་ཀུན་བདག་ཉིད། །རྡོ་རྗེའི་གསུང་གིས་བཀའ་སྩལ་པ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ནི་སྣང་བ་ཆེ། །རང་བཞིན་འོད་གསལ་ཡོངས་སུ་དག །ནམ་མཁའི་དབྱིངས་བཞིན་དྲི་མ་མེད། །

སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རྒྱུ་དང་མི་རྒྱུའི་དངོས་བདག་ཉིད། །དཀྱིལ་འཁོར་བསྡུས་དང་སྤྲོས་པའི་ཚུལ། །བསྐྱེད་དང་གནས་དང་སྡུད་པར་མཛད། །ཉན་ཐོས་རང་རྒྱལ་ལ་སོགས་ལས། །གསང་བ་བྱ་བ་སྤྱོད་པ་སྟེ། །ཕ་རོལ་ཕྱིན་པའི་མདོ་སྡེ་ལས། །

གསང་བ་རྣལ་འབྱོར་རྒྱུད་དུ་གྲགས། །ཕྱི་ནང་གསང་བའི་རིམ་ཤེས་པས། །གསང་ཆེན་རྣལ་འབྱོར་བླ་མེད་རྒྱུད། །ཐབས་དང་ཤེས་རབ་གཉིས་མེད་པ། །སྟོང་པ་སྙིང་རྗེ་དབྱེར་མེད་ཕྱིར། །བདེ་ཆེན་བྱང་ཆུབ་སེམས་མཆོག་གསང་། །དེ་ཉིད་དཔལ་

ལྡན་འདུས་པ་སྟེ། །ཟབ་དང་རྒྱ་ཆེའི་སྙིང་པོ་ཉིད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཉིས་མེད་མཉམ་པ་རོ་གཅིག་པས། །ཕྱག་རྒྱ་ཆེན་པོའི་གནས་འདི་ནི། །ཐུན་མོང་མ་ཡིན་རྒྱལ་པོ་ཆེ། །དམ་ཚིག་སྤྱོད་པའི་གནས་འདི་ཡིན། །ལེགས་

སོ་ལེགས་སོ་སེམས་དཔའ་ཆེ། །ཀུན་དུ་བཟང་པོ་ལེགས་པར་ཉོན། །རྒྱུད་རྣམས་ཀུན་དུ་མ་བཤད་ཅིང་། །ཁྱད་པར་དངོས་གྲུབ་འབྱུང་བའི་གནས། །རིམ་པ་བླ་ན་མེད་པའི་ཆོས། །སྙིང་པོ་ཁྱོད་ལ་བསྟན་པར་བྱ། །ཨེ་མའོ་སངས་རྒྱས་ཀུན་གྱི་

གསང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བྱང་ཆུབ་སེམས་མཆོག་བླ་ན་མེད། །རང་འབྱུང་ཡེ་ཤེས་བདེ་བའི་མཆོག །འདོད་ཆགས་ཅན་གྱི་སྐྱེས་བུ་རྣམས། །རབ་ཏུ་གདུལ་བའི་དོན་ཆེད་དུ། །གསང་བའི་སྤྱོད་པ་མཆོག་གི་ཆོས། །གཞུང་ཉུང་

རྟོགས་པར་སླ་བའི་དོན། །འདུས་པ་ཆེན་པོ་རྡོ་རྗེའི་ཚིག །རྟོགས་དཀའ་སངས་རྒྱས་སྤྱོད་ཡུལ་པས། །སྡོམ་པ་གསང་བ་རྒྱས་གདབ་ཕྱིར། །དྲི་མེད་ཡེ་ཤེས་འབྱུང་གནས་གཏེར། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །

Vol. 82 · folio 104a

རྡོ་རྗེ་འཆང་བ་ཆེན་པོའི་ཡུལ། །ཐབས་ལས་མ་ལུས་སངས་རྒྱས་འབྱུང་། །འདི་ཉིད་གསང་བའི་ཆོས་ཉིད་ཅན། །སྐུ་ཡི་གསང་བ་མ་སྐྱེས་པ། །སེམས་ཅན་ལུས་དང་སྣང་བ་ཁྱབ། །གསུང་གི་གསང་བ་མ་འགགས་པས། །ཐམས་ཅད་

སྒྲ་དང་དབྱེར་མི་ཕྱེད། །ཐུགས་ཀྱི་གསང་བ་སྐྱེ་བ་མེད། །ཕྱག་རྒྱ་ཆེན་པོ་ལམ་གྱི་མཆོག །འཁོར་འདས་ཆོས་དང་རོ་གཅིག་པས། །སྦས་པ་གསང་བ་མི་ཤེས་རྣམས། །ལུས་དང་ངག་དང་སེམས་རྣམས་ནི། །དྲི་མས་ཁེབས་པའི་རང་བཞིན་གྱིས། །

འགྲོ་བ་ལྔ་སོགས་དག་ཏུ་འཁོད། །གསང་བའི་ཡི་གེའི་དོན་མ་མཐོང་། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་ག་མཐའ་ན་ཛྷའི་མཐའ། །ད་དྷའི་

མཐའ་དང་མ་མཐར་བཅས། །དེ་དེ་རྩ་བའི་ཡི་གེ་གསུམ། །ཐོག་མཐའ་གསང་བ་ཨེ་དང་བྃ། །དུས་གསུམ་རྡོ་རྗེའི་ཡི་གེའི་གནས། །འབྱུང་དང་འབྱུང་ལས་གྷུར་སྒྲར་བཅས། །འདུས་པ་འདི་ནི་སྦས་པའོ། །རྣལ་འབྱོར་རྒྱུད་ཚུལ་སྣ་ཚོགས་རྣམས། །

རྩ་བའི་དཀྱིལ་འཁོར་ངེས་པ་ཡིས། །དུ་མ་ཉིད་དུ་དབང་བསྐུར་བས། །ཐབས་དང་ཤེས་རབ་སྤྱོད་པ་ཡི། །ཡེ་ཤེས་འབར་བའི་ཕུང་པོ་ཡིན། །ཐབས་དང་ཐབས་ལས་བྱུང་བ་ཡི། །ཁྱད་པར་རིམ་པ་གང་གིས་ནི། །མདོ་དོན་མངོན་པར་བསྡུས་པ་

ཡིན། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿ། ཨ་ནི་སྐྱེ་བ་མེད་པའི་ཚུལ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །དབྱངས་ཀྱི་ཡི་གེ་ཐ་མའི་བར། །སྟོང་ཉིད་ནམ་མཁའི་ཆོས་རྣམས་ཀྱིས། །བདེ་བར་གཤེགས་པའི་གསུང་

རབ་མཆོག །སྙིང་པོའི་ཡན་ལག་དག་ཏུ་བཤད། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །དཔལ་ལྡན་འདུས་པའི་སྣོད་ཡིན་ཏེ། །དེ་བས་འདི་ནི་རྒྱུད་ཀྱི་རྩ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་

Vol. 82 · folio 104b

རྡོ་རྗེ་སོགས། །རྣམ་པ་སྣ་ཚོགས་སྟོན་པ་ནི། །སྙིང་པོ་ཀུན་ལས་འདི་བསྡུས་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོའི་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་

པར་རྒྱལ་བ་ལས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འདུས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་

སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་དབང་ཕྱུག་མཆོག་རྣམས་ཀྱིས། །ངེས་པར་བགྲོད་པའི་ལམ་གྱུར་པ། །རྡོ་རྗེའི་གསུང་གིས་བཀའ་སྩལ་དོན། །བསྒྲུབ་བྱ་སྒྲུབ་བྱེད་དོན་བཤད་གསོལ། །ཅེས་གསོལ་བ་བཏབ་པས་རྡོ་རྗེ་འཛིན་པ་

ཆེན་པོས་ཇི་ལྟ་བར་མཁྱེན་ཅིང་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཀྱི་སྒོ་ལ་འཇུག་པ་ངོ་བོ་ཉིད་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་དེ་བཞིན་གཤེགས་པའི་འཁོར་འདུས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་

བཀའ་སྩལ་ཏོ། །རང་བཞིན་དག་ཅིང་བདག་མེད་པའི། །ཆོས་ཀྱི་དབྱིངས་ནི་སྤྲོས་དང་བྲལ། །སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་ནི། །རང་འབྱུང་དག་པར་འཆར་བ་ཡིན། །རྣལ་འབྱོར་རྣམས་ལ་དངོས་གྲུབ་ཀྱི། །འབྲས་བུ་ཉམས་སྣང་སྣ་ཚོགས་པའོ། །

ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལས་དང་ཉོན་མོངས་སྡུག་བསྔལ་འབྱུང་། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཕྲིན་ལས་དག་པའི་སྟོབས་སུ་འཆར། །དེ་

ཉིད་གཞན་དུ་མི་རྙེད་དེ། །ཤེས་རྒྱུད་གཅིག་གིས་བསྡུས་པའི་ཕྱིར། །འབྲེལ་བ་ཅན་དུ་བརྗོད་པར་བྱ། །ཁྱད་པར་ཆོས་ནི་བརྟག་དཀའ་བའོ། །སྟོང་གསུམ་ཞིང་འདི་སྤྲུལ་པ་ཡི། །དཀྱིལ་འཁོར་རྒྱ་ཆེ་འཇིག་རྟེན་ཁམས། །གསལ་བ་དྲི་མ་མེད་པ་སྟེ། །དག་

Vol. 82 · folio 105a

པ་རང་འབྱུང་ངོ་བོ་ཉིད། །སྣ་ཚོགས་ཆོས་ཉིད་གཅིག་པ་ལས། །ཀུན་དུ་ཁྱབ་པ་དགའ་བའི་གཟུགས། །རང་བཞིན་སངས་རྒྱས་རྡོ་རྗེའི་སྐུ། །སྤྲོ་བསྡུའི་སྤྲིན་གྱིས་ཀུན་ཏུ་ཁྱབ། །ཕྱོགས་བཅུ་འོད་ཀྱི་ཕྲེང་བ་ཡི། །སྣང་བས་རྒྱས་པ་འཕྲོ་

ཞིང་འཁྲུགས། །གསལ་དང་གསལ་མིན་གཉིས་ལྡན་པའི། །རིན་ཆེན་པདྨའི་ཕྲེང་ལྡན་པས། །ཕྱོགས་རྣམས་ཀུན་དུ་དུས་གསུམ་གྱི། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཆེ། །རིགས་ལྔར་འབྱུང་བ་རྣམས་དང་ནི། །ཕྱོགས་ཀྱི་དབྱེ་བས་གནས་པ་

ཡི། །ལྷ་རྣམས་ཐམས་ཅད་འབྱུང་བ་ནི། །ཡང་དག་ཏིང་འཛིན་དབྱེ་བ་ཡིས། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ཡིད་བཞིན་ནོར་བུའི་དམ་ཚིག་སྟེ། །རིགས་ལྔར་གྱུར་པ་འདི་དག་གིས། །འདོད་དང་ཐར་པ་རབ་བསྒྲུབས་པས། །དཀྱིལ་

འཁོར་ཡོངས་སུ་རྫོགས་པར་འགྱུར། །དག་དང་མ་དག་གྱུར་པ་རྣམས། །འདིར་ནི་རིགས་ལ་གནས་པ་སྟེ། །རགས་དང་ཕྲ་བའི་ཆ་བརྟེན་པས། །ལུས་སེམས་ཆོས་ནི་རབ་ཏུ་དབྱེ། །ལུས་ནི་ནམ་མཁའ་ལྟ་བུ་སྟེ། །སེམས་ནི་སྒྱུ་མའི་རྣམ་པར་འབྱུང་། །

ངག་ནི་བྲག་ཅ་ལྟ་བུ་སྟེ། །དབྱེར་མེད་རྡོ་རྗེ་ལྷན་ཅིག་སྐྱེས། །རྟེན་དང་བརྟེན་པ་དབྱེར་མེད་པས། །ཐམས་ཅད་ཆོས་ཉིད་སེམས་ལ་གནས། །སེམས་ཅན་སངས་རྒྱས་གཉིས་སུ་བཏགས། །སྣོད་བཅུད་སྣང་བའི་ཡུལ་རྣམས་དང་། །བརྟན་གཡོ་ཁམས་

གསུམ་རང་རིག་པ། །སྲིད་གསུམ་མ་ལུས་ཆོས་ཉིད་དེའི། །སྣང་བ་གཟུགས་དང་སྒྲ་ལ་སོགས། །དྲི་དང་རོ་དང་རེག་བྱ་དང་། །ཐམས་ཅད་ཆོས་ཉིད་བག་ཆགས་འབྱུང་། །རྒྱུ་ལས་འབྲས་བུ་བསྐྱེད་པའི་ཕྱིར། །གཅིག་ལས་དུ་མའི་ཆོས་ཀུན་ཤར། །

དུ་མ་ཉིད་དུ་དམིགས་མེད་དེ། །ཐམས་ཅད་སྟོང་ཕྱིར་མ་སྐྱེས་པའོ། །དེ་སྐད་ཅེས་གསུངས་པ་དང་། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་རབ་ཏུ་དགའ་ཞིང་

Vol. 82 · folio 105b

ཡི་རངས་ཏེ། བདེ་བ་དང་ཡིད་བདེ་བ་བླ་ན་མེད་པ་ཐོབ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལ་རབ་ཏུ་གནས་པར་གྱུར་ནས་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རང་ལུས་སྒྱུ་མར་གྲུབ་པ་དག །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །དབང་

པོའི་གཞུ་དང་མཚུངས་པ་ཉིད། །སྟོང་པ་ཉིད་ནི་རྡོ་རྗེའི་སྐུ། །ལུས་ནི་རང་བཞིན་མི་དམིགས་པས། །དག་པ་ཆེན་པོ་ཡེ་ཤེས་ལུས། །ངག་ནི་བྲག་ཅའི་སྒྲ་དང་མཚུངས། །བརྗོད་པའི་དུས་ན་སྟོང་པ་སྟེ། །པི་ཝང་སྒྲ་བཞིན་རྟེན་འབྲེལ་གྱིས། །རང་

གྲག་བརྗོད་པ་ཐ་སྙད་ཙམ། །སེམས་ནི་རང་འབྱུང་དག་པ་ལ། །ཡེ་ཤེས་ཆེན་པོ་རང་གནས་ཉིད། །རྒྱུ་རྐྱེན་ཚོགས་པ་བྲལ་བ་ལས། །སྣང་བ་ཙམ་དུའང་མི་གནས་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་ཆོས་ཐམས་ཅད་ལ་ཟབ་

པའི་ཚུལ་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་རྡོ་རྗེ་བླ་ན་མེད་པའི་དོན་བཀའ་སྩལ་པ། མ་སྐྱེས་མི་འགག་རོལ་པར་གང་འབྱུང་བ། །བྱང་ཆུབ་སེམས་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཐབས་དང་

ཤེས་རབ་གཉིས་མེད་སྟོན་པའི་སྐུ། །སྒྱུ་འཕྲུལ་རྒྱལ་པོ་བདེ་ཆེན་འདི་ཉིད་དེ། །ཆོས་རྣམས་ཐམས་ཅད་རང་བཞིན་འོད་གསལ་བ། །མཚན་མ་མེད་ཅིང་མི་འགྱུར་འཇའ་ཚོན་ལྟར། །གཉིས་མེད་གཉིས་སུ་མེད་མིན་མཉམ་པའི་སྐུ། །ཤིན་ཏུ་དྲི་མེད་ནམ་

མཁའི་ངོ་བོ་ཉིད། ཧཱུྃ་བཛྲ་དྷྲྀཀ །བྷྲཱུྃ་ཛི་ན་ཛིཀ །ཏྲཱྃ་རཏྣ་དྷྲྀཀ །ཧྲཱིཿཨ་རོ་ལིཀ །ཁྃ་པྲཛྙཱ་དྷྲྀཀ །ལྃ་དྭེ་ཥ་ར་ཏི། མྃ་མོ་ཧ་ར་ཏི། པྃ་རཱ་ག་ར་ཏི། ཏྃ་བཛྲ་ར་ཏི། ཡ་ཡ་མཱནྟ་ཀྲྀཏ། མ་པྲཛྙཱནྟ་ཀྲྀཏ། ཏ་པདྨཱནྟ་ཀྲྀཏ། ཀ་བིགྷྣའནྟ་ཀྲྀཏ། རྡོ་རྗེ་རིན་ཆེན་པདྨ་

དང་། །འཁོར་ལོ་བསྣམས་པའི་འོད་འཕྲོ་བ། །དཀྱིལ་འཁོར་རྫོགས་ཚུལ་ལྷ་རྣམས་ཀུན། །ཡབ་ཡུམ་བདེ་བ་ཉིད་དུ་བཞུགས། །དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་

Vol. 82 · folio 106a

ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་རྡོ་རྗེ་གསུམ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་གཉིས་སུ་མེད་པའི་

ཡེ་ཤེས་སྟོན་པར་མཛད་པའི་ཕྱིར། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཉིད་ཀྱིས་ཆོས་ཐམས་ཅད་ལས་རྣམ་པར་རྟོག་པ་མེད་ཅིང་རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་འདུས་པ་རྣམས་ལ་ཡང་དག་པའི་སྣང་བ་སྟོན་

པར་མཛད་པའི་ཕྱིར་འདི་གསུངས་སོ། །ཆོས་རྣམས་མི་འགྱུར་ནམ་མཁའ་བཞིན། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བླ་མ་ཉིད་དུ་སྟོན་པར་མཛད། །སྔགས་ཀྱི་སྤྱོད་པ་སྤྱོད་མཆོག་གིས། །གསང་བའི་

ཚུལ་འདི་སྤྱད་པ་ན། །གང་སྤྱོད་དེ་ཡིས་ཡེ་ཤེས་འཐོབ། །ཚུལ་འདི་ཤིན་ཏུ་འདའ་དཀའ་བའོ། །མཁའ་དང་མཚུངས་པ་མཉམ་འགྱུར་བས། །རྣམ་པར་མི་རྟོག་ངོ་བོ་ཉིད། །ཆོས་རྣམས་རང་བཞིན་དག་པ་ལས། །ཡང་དག་སྐུ་ནི་རབ་ཏུ་འབྱུང་། །

ཨོཾ་སྭ་བྷཱ་བ་ཤུད་དྷཱཿསརྦ་དྷ་རྨཱཿསྭ་བྷཱ་བ་ཤུད་དྷོ྅ཧྃ། ཨོཾ་ཡོ་ག་ཤུད་དྷཱཿསརྦ་དྷརྨཱཿཡོ་ག་ཤུད་དྷོ྅ཧྃ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། །དག་པའི་སྔགས་ཀྱི་སྒྲ་རྣམས་དང་། །སྔགས་དང་རླུང་དུ་སྦྱར་བ་ཉིད། །རང་བཞིན་དག་པའི་ཡེ་ཤེས་

ལྔ། །ཆོས་རྣམས་ཡི་གེ་སྟོང་པར་བརྗོད། །རྡོ་རྗེ་མི་བསྐྱོད་རྒྱལ་མཆོག་ནི། །ཞེ་སྡང་ཅན་གྱི་གདུལ་བྱ་ལ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱིས། །གཏུམ་ཞིང་གདུག་པ་ཐམས་ཅད་འདུལ། །དཀོན་མཆོག་དཔལ་གྱི་རྒྱ་ཆེན་གྱིས། །ང་རྒྱལ་ཅན་གྱི་

གདུལ་བྱ་རྣམས། །རིན་ཆེན་རིགས་ཀྱི་དཀྱིལ་འཁོར་གྱིས། །སེར་སྣས་འཇུངས་པ་ཐམས་ཅད་བཏུལ། །ཚེ་དཔག་མེད་ཀྱིས་འོད་བྱེད་ཀྱིས། །འདོད་ཆགས་ཀྱིས་ནི་བཅིངས་པ་རྣམས། །པདྨ་རིགས་ཀྱི་དཀྱིལ་འཁོར་གྱིས། །སྲེད་པ་ཅན་གྱི་གདུག་པ་

Vol. 82 · folio 106b

བཏུལ། ཐོགས་མེད་གྲུབ་པའི་རྒྱལ་མཚན་གྱིས། ཤིན་ཏུ་ཕྲག་དོག་ཆེ་རྣམས་ལ། ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱིས། །སེམས་ཅན་མ་རུངས་ལས་ཅན་བཏུལ། །སངས་རྒྱས་དཀྱིལ་འཁོར་ཡངས་པས་ནི། །རྨོངས་དང་མ་རུངས་མཆེ་བ་ཅན། །

དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཆོག །གཏི་མུག་མུན་པར་ཚུད་རྣམས་བཏུལ། །དཀྱིལ་འཁོར་ལྔ་ཡི་སྦྱོར་བ་ཡིས། །དེ་ཉིད་རིགས་ནི་ལྔ་རུ་བཤད། །ཤིན་ཏུ་བསྡུས་པའི་སྦྱོར་བས་ནི། །ཐུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་མཆོག །ཁྲུ་ནི་བཅུ་

གཉིས་ཚད་མཉམ་པ། །ངོས་བཞི་དག་ལ་མཉམ་པ་ཡིས། །བཅུ་གཉིས་ས་ནི་མངོན་རྫོགས་པས། །བཅུ་གསུམ་པ་ལ་གནས་པ་ཡིན། །གསུང་གི་དཀྱིལ་འཁོར་བླ་ན་མེད། །ཁྲུ་ནི་ཉི་ཤུ་མཉམ་པ་སྟེ། །ངོས་རེ་ལ་ཡང་ལྔ་ལྔར་བརྗོད། །རླུང་བཅུ་

སྔགས་བཅུར་གནས་པ་ནི། །བློ་གྲོས་ལྡན་པས་ཤེས་བྱ་སྟེ། །དེ་བརྗོད་པས་ནི་མཆོག་ཏུ་བརྗོད། །སྐུ་ཡི་དཀྱིལ་འཁོར་ཁྲུ་བཅུ་དྲུག །ངོས་རེར་བཞི་བཞིར་ལྡན་པ་ལས། །བདེན་པ་བཅུ་དྲུག་རྟོགས་པ་ཡིས། །ཡེ་ཤེས་སྐད་ཅིག་དེ་སྙེད་དོ། །མི་

བསྐྱོད་རྡོ་རྗེ་འཛིན་པ་དང་། །ཚེ་དཔག་མེད་པའི་སྣང་བ་དང་། །རྡོ་རྗེ་རྟག་པ་ཆེན་པོ་སྟེ། །བསྡུས་པ་སྐུ་གསུང་ཐུགས་རྡོ་རྗེ། །ལུས་ངག་ཡིད་ནི་རྣམ་དག་ཕྱིར། །ཡང་དག་དོན་དུ་སྣང་བའོ། །གཅིག་ནས་གསུམ་དང་རིགས་ལྔ་སྟེ། དགུ་དང་བཅུ་གསུམ་

ཉི་ཤུ་ལྔ། སུམ་ཅུ་རྩ་གཅིག་བར་དག་ཏུ། རྩ་བའི་དཀྱིལ་འཁོར་དག་ཏུ་འགྱུར། །རིགས་ལྔ་དག་ལས་འབྱུང་བ་ནི། །དེ་རེ་ཉི་ཤུར་དབྱེ་བ་ཡིས། །ཕྱི་དང་ནང་གི་བདག་ཉིད་ལས། །ཉི་ཤུ་རྩ་ལྔར་ཡང་དག་པས། །དམ་པའི་རིགས་ནི་བརྒྱ་རུ་འགྱུར། །

དེ་བཞིན་གཤེགས་ཚོགས་མཐའ་ཡས་པས། །འདུས་པ་ཆེན་པོ་འདིར་བརྗོད་བྱས། །རྣལ་འབྱོར་པ་རྣམས་ཤེས་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་

Vol. 82 · folio 107a

ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བའི་དཀྱིལ་འཁོར་བླ་ན་མེད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ཆོས་ནི་སྟོན་པ་ལ། །གསང་བ་ཆེན་

པོ་རྣམ་པར་རྒྱལ། །རྒྱུད་འདི་ཡང་དག་སྟོན་པར་མཛད། །རྡོ་རྗེ་དམ་ཚིག་གསུམ་གྲུབ་མཆོག །སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུ་རྒྱ་མཚོར་གྱུར། །ཕུང་པོ་ལྔ་རྣམས་སངས་རྒྱས་

སྐུ། །དེ་བཞིན་གཤེགས་པའི་བདག་ཉིད་ཅན། །སྲ་བ་ས་ཡི་ཁམས་ཡིན་ཏེ། །ཞུ་བ་ཆུ་ཡི་ཁམས་སུ་འདོད། །དྲོ་བ་མེ་ཡི་ཁམས་ཡིན་ཏེ། །རྒྱུ་བ་རླུང་དུ་རབ་ཏུ་བསྒྲགས། །མི་ཤིགས་པ་ནི་ཐིག་ལེར་གསུངས། །བདེ་བ་ནམ་མཁའི་ཁམས་

ཡིན་ནོ། །གཟུགས་ནི་ཐོགས་པར་བཅས་པ་སྟེ། །ཚོར་བ་རྣམ་པ་གསུམ་དུ་འགྱུར། །འདུ་ཤེས་དམིགས་པར་བཅས་པ་སྟེ། །འདུ་བྱེད་ལུས་ངག་ཡིད་སྦྱོར་བ། །རྣམ་ཤེས་སྒྱུ་མས་དོན་སྒྲུབ་བྱེད། །རེག་པ་ལས་ནི་ས་ཡིན་ཏེ། །ལྷ་མོ་སྤྱན་དུ་ཤེས་

པར་བྱ། །དྲོ་བ་མེ་རུ་རབ་ཏུ་གྲགས། །གོས་དཀར་མོར་ནི་ཤེས་པར་བྱ། །སྡུད་པར་བྱེད་པ་ཆུ་ཡིན་པས། །མཱ་མ་ཀཱི་ཡི་ངོ་བོར་འགྱུར། །འགྲོ་བའི་བྱ་བ་བསྐྱོད་པ་རླུང་། །སྒྲོལ་མའི་ངོ་བོར་བརྗོད་པར་བྱ། །ཐིག་ལེ་སྣང་བྱེད་བདེ་སྐྱོང་མ། །བདེ་བ་

རྡོ་རྗེ་རེག་བྱ་མ། །དེ་ཉིད་བདེ་ཆེན་ཡེ་ཤེས་ནི། །སྐད་ཅིག་ཙམ་དུ་ཉམས་མྱོང་བས། །ཕྲལ་དུ་ཡིད་ཆེས་བྱེད་ཡིན་ཏེ། །ལོག་རྟོག་མ་ལུས་འཇོམས་པ་པོ། །དངོས་དང་དངོས་མེད་ལོག་རྟོག་དག །བགགས་ནས་རྣམ་པར་མི་རྟོག་པས། །བསྐལ་

པ་སྟོང་ཕྲག་དུ་མར་ཡང་། །གནས་ནས་ཡེ་ཤེས་སྦྱོར་བར་བྱེད། །དེ་ཡང་ཅུང་ཟད་གོམས་བྱས་པས། །གོང་ནས་གོང་དུ་ཁྱད་པར་འགྲོ། །ཞེས་གསུངས་པ་དང་། འཁོར་འདུས་པ་དེ་དག་ཐམས་ཅད་ལ་རང་བཞིན་གྱིས་བྱིན་གྱིས་བརླབས་པས་

Vol. 82 · folio 107b

ཡང་དག་པའི་ཡེ་ཤེས་ཁྱད་པར་དུ་གྱུར་པ་བླ་ན་མེད་པ་ལས་མངོན་དུ་གྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། །གང་དང་གང་གིས་འཆིང་བ་རྣམས། །དེ་ཉིད་

ཤེས་པས་གྲོལ་གྱུར་ཏེ། །འདི་ལ་ངེས་པར་འཁོར་བ་ཡི། །རྒྱ་མཚོའི་ནང་ནས་དྲི་མེད་འཐོབ། །སེམས་ཅན་རྣམས་ཀྱི་ཡེ་ཤེས་ཀྱིས། །རྒྱུད་ནི་ངེས་པར་གྲོལ་འགྱུར་བ། །ཁྱད་པར་ལས་ནི་རྟོགས་པས་ན། །ཚེ་འདིར་སངས་རྒྱས་གནས་སུ་འགྲོ། །གང་

དུ་ཡང་དག་བླ་མ་ཡི། །དྲིན་གྱི་ཡེ་ཤེས་ཡན་ལག་བདུན། །ཕྲ་བའི་ཡོན་ཏན་མངོན་དུ་བྱེད། །སྐུ་གསུམ་དབྱེར་མེད་ལ་ཕྱག་འཚལ། །འདི་ལྟར་གྱུར་པའི་རྣལ་འབྱོར་པ། །ཚེ་འདིར་འབྲས་བུ་ཐོབ་པས་ན། །མི་རྟོག་ཏིང་འཛིན་ལ་གནས་པས། །དཔའ་

བོ་རྣལ་འབྱོར་དབང་ཕྱུག་ཚོགས། །རིང་ན་བཞུགས་ཀྱང་གཟིགས་འགྱུར་ཏེ། །དོན་ཀུན་སྒྲུབ་པར་བྱེད་པའོ། །དགའ་དང་དགའ་བྲལ་དག་གི་དབུས། །མཚན་ཉིད་དམིགས་པ་བརྟན་པར་གྱིས། །ཐུན་ནམ་ཟླ་ཕྱེད་ཟླ་བ་ལོ། །བསྐལ་པར་ཡེ་ཤེས་ཆེ་ལ་

སྦྱོར། །མི་རྟོག་པ་ཡི་ཏིང་འཛིན་གྱིས། །སྒྲིབ་པ་རང་དག་ལྷུན་གྱིས་གྲུབ། །བདེ་བ་ཆེན་པོ་མངོན་བྱས་པས། །སྟོབས་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །དེ་ལས་བྱུང་

བའི་ཐབས་བསྟན་པས། །བདེ་བའི་ཁྱད་པར་འབྱུང་བར་འགྱུར། །རྒྱུ་ཡི་ཡན་ལག་བདུན་འབྱུང་བ། །བླ་མས་བརྟེན་པའི་རྟེན་འབྲེལ་གྱིས། །ཡེ་ཤེས་དབབ་པས་སྦས་པའི་ཚུལ། །ཡེ་ཤེས་མཐོང་བ་ལུས་དང་ངག །རྟགས་འཆར་སྒྲིབ་པ་རང་བདག་

སྟེ། །བྱིན་གྱིས་བརླབས་ལས་འཆར་བ་ཡིན། །བླ་མ་སློབ་མའི་ཁྱད་པར་དག །ཡེ་ཤེས་དབང་དང་ཅུང་ཟད་ཀྱིས། །ཡེ་ཤེས་མཐོང་བའི་སྤྱོད་ཡུལ་ཡིན། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་ནི། །བློ་ལ་གསལ་བར་རང་ལུས་ལ། །མཚན་དང་

Vol. 82 · folio 108a

དཔེ་བྱད་ལྡན་པར་བཞུགས། །ཁ་སྦྱར་ཨེ་བྃ་རྣམ་པ་གཉིས། །ཐབས་དང་ཤེས་རབ་རྩ་ཡི་གནས། །བདེ་བ་ཆེན་པོ་ཐིག་ལེ་ཡིས། །འདུ་འབྲལ་མེད་པའི་ཡེ་ཤེས་ཅན། །སྙིང་རྗེ་ཆེན་པོ་ཚད་མེད་བདུད་རྩིའི་རྩ། །རྒྱུན་མི་འཆད་

པར་བདེ་བའི་བྱང་སེམས་འབབ། །ཕྲིན་ལས་སྟོབས་ནི་གཞན་དོན་ཐོགས་པ་མེད། །དེ་དག་དོན་དུ་ཡང་དག་རང་བཞིན་མེད། །སྟོང་ཉིད་རྟོགས་པས་དངོས་ལ་ཆགས་མི་འགྱུར། །འདི་ནི་རྒྱུ་ཡི་དུས་ཞེས་བྱ་བ་སྟེ། །ལམ་གྱི་དུས་ནི་དབང་གི་ཡེ་ཤེས་ཏེ། །

མཚན་ལྡན་རིག་མ་ཡོངས་སུ་དག་པ་ལ། །ས་ཕྱོགས་གཙང་ཞིང་རབ་ཏུ་དབེན་པའམ། །རྒྱལ་ཉིད་སྐྱེས་གཞི་ཞི་བའི་གནས་རྣམས་སུ། །བཤང་གཅི་ཆུ་ལ་སོགས་པ་བྱུག་པའམ། །རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། །ནུ་མའི་དབུས་བར་སྤྱི་གཙུག་

མཐའ་ཡི་བར། །ཆོ་ག་ཤེས་པས་ཡང་ན་རྐང་པའི་བར། །ལྟེ་བ་རྐེད་པ་གསང་བར་རྒྱལ་བའི་སྲས། །རིགས་ལྔ་རྣམས་ནི་རབ་ཏུ་དགོད་པར་བྱ། །རབ་ཏུ་དགེ་བའི་ཆོས་ནི་དྲི་མ་མེད། །རྣམ་པར་མི་རྟོག་ཡེ་ཤེས་མཚུངས་མེད་པ། །ཐབས་དང་ཤེས་རབ་

སྦྱོར་བ་འདི་ཡིས་ནི། །བདེ་ཆེན་མཆོག་ཏུ་དག་པ་འདིར་ཐོབ་བྱེད། །འབྲས་བུའི་ཡན་ལག་བདུན་ནི་ཐ་མར་བརྗོད། །རང་བྱིན་བརླབ་པའི་ལམ་གྱིས་གང་ཐོབ་པ། །མཚུངས་མེད་འདྲེན་པ་བླ་མེད་ངོ་བོ་ཉིད། །ནུས་པ་བརྟན་དང་རྫོགས་པ་མངོན་གྱུར་

པའོ། །རྡོ་རྗེ་གསུམ་པ་དེ་བཞིན་གཤེགས་པའི་གསང་། །གནས་ནི་གནས་ཀྱི་རྣམ་པར་བསྒོམ་པར་བྱ། །སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་སྤྲས་པ། །ཆོ་ག་འདི་ཡིས་བསྒྲུབ་པ་ཉིད་དུ་བྱ། །འགྲུབ་པའི་འབྲས་བུ་ནུས་པ་བརྟན་པ་ཡིས། །ཚེ་

འདིར་སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དོན་

Vol. 82 · folio 108b

བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་གཟིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་གྱི་ཕྱིར་ཡང་དག་པར་སྣང་བའི་ཡེ་ཤེས་རྣམ་པར་སྤྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསང་བ་འདི་ལྟ་བུ་གསུངས་སོ། །འཁོར་བ་དག་ལ་མི་གནས་པའི། །ཡེ་ཤེས་རྡོ་རྗེ་ཁྱོད་

ཉོན་ཅིག །དངོས་པོ་དངོས་མིན་དང་བྲལ་བ། །དངོས་པོ་གཉིས་ཀ་སྤོང་བ་ནི། །གཉིས་སུ་མེད་པའི་ཆོས་ཞེས་བྱ། །དག་དང་མ་དག་སྤང་བྱར་མེད། །གཟུགས་དང་སྟོང་པའི་བར་དུ་ཡང་། །དབུས་སུ་མཉམ་པར་གནས་པ་ཡིས། གཙང་དང་

མི་གཙང་དབུས་སུ་ནི། །མ་འདྲེས་པ་དེ་མཉམ་པར་སྦྱོར། །རྟེན་དང་བརྟེན་ཅན་དབུས་སུ་ནི། །མཉམ་པ་ཉིད་ཀྱིས་རྒྱལ་བ་འབྱུང་། །ལུས་ནི་མཉམ་པར་གནས་པ་དང་། །ངག་དང་སེམས་ཀྱང་མཉམ་གྱུར་པས། །མཉམ་པར་ལྟ་བ་མཐོང་བ་རྣམས། །

ཡེ་ཤེས་མཉམ་པར་རྣམ་པར་རྒྱལ་བ་ཞེས་གསུངས་སོ། །ཀུན་དུ་བཟང་པོ་སེམས་དཔའ་ཆེ། །ཇི་ལྟར་མཉམ་པར་ལྟ་བ་དང་། །གཉིས་སུ་མེད་པའི་ཆོས་དག་ནི། །བདག་གིས་ཇི་ལྟར་འཚལ་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡེ་ཤེས་

རང་བཞིན་གཉིས་མེད་ཆོས། །དུ་མ་མ་ཡིན་གཅིག་མིན་ཏེ། །གསང་བའི་རིམ་པ་བླ་ན་མེད། །དང་པོ་ལས་ཀྱི་རྣལ་འབྱོར་གྱིས། །ལམ་གྱི་རིམ་པ་རབ་སྦྱོར་བས། །ཅིག་ཅར་འཇུག་པ་ཕྱག་རྒྱ་ཆེ། །ཟུང་དུ་འཇུག་པའི་རིམ་པ་ཉིད། །བདེ་བ་ཆེན་པོར་རྟོགས་

པར་བྱ། །ཆོས་རྣམས་ཡོངས་སུ་རྫོགས་པ་ནི། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཏིང་འཛིན་རོ་མཉམ་རྡོ་རྗེ་ཡིས། །གསང་ཆེན་གཉིས་མེད་རྒྱལ་བ་འདིར། །གནས་པ་རྩ་དང་གཡོ་བ་རླུང་། །མི་ཤིགས་ཐིག་ལེའི་ངོ་བོ་ཉིད། །རང་ལུས་རྡོ་རྗེའི་རང་

Vol. 82 · folio 109a

བཞིན་ལ། །བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། །ས་ལམ་རྫོགས་ཚུལ་ལུགས་འབྱུང་དང་། །ལུགས་ལས་བཟློག་པ་རིམ་མིན་པས། །རྒྱུད་དུ་སྦས་པ་རྣམས་གསལ་བ། །དེ་ཉིད་ངེས་པར་བསྟན་པ་ནི། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །

ཞེས་གསུངས་པ་དང་། འཁོར་གྱི་དཀྱིལ་འཁོར་དེ་དག་ཤིན་ཏུ་རྨད་དུ་བྱུང་བའི་ཚུལ་ཟབ་མོ་ལ་ངོ་མཚར་སྐྱེས་ཏེ་སླར་གསོལ་པ། ཡེ་ཤེས་ཐོབ་པའི་ལུས་ཅན་དག །ཚེ་འདི་ཉིད་དུ་སངས་རྒྱས་པ། །འདི་ཉིད་རྣལ་འབྱོར་ཇི་ལྟ་བུ། །མི་གཙང་ལུས་ལས་ཇི་ལྟར་

འགྱུར། །རྣམ་རྟོག་ངན་པའི་བག་ཆགས་ཀྱིས། །དྲི་མས་བསླད་པས་འདི་མ་མཆིས། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་འཆང་གིས་དེར་བསྟན་པ། །དྲི་མ་བག་ཆགས་བཟློག་བྱའི་ཕྱིར། །ལམ་གཉིས་རང་གི་གསང་བའི་ཆོས། །འདིར་ནི་རྟོག་པ་ངན་

པའི་ཚོགས། །རགས་པ་དང་ནི་ཕྲ་བའི་ཆོས། །རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་པས་ལེགས་བལྟས་ཏེ། །རྣལ་འབྱོར་རྒྱུད་ནི་སྦྱང་བར་བྱ། །བླ་མའི་མན་ངག་ལམ་གྱིས་ནི། །སློབ་མ་ཡོངས་

སུ་སྨིན་བྱས་ཤིང་། །ཡེ་ཤེས་རྒྱུད་ལ་བསྐྱེད་པ་ཡིས། །ཅིག་ཅར་ལམ་གྱི་སྟོབས་ཀྱིས་ནི། །འདིར་ནི་ཡང་དག་རྫོགས་སངས་རྒྱས། །གོམས་པ་ཆུང་བའི་སྟོབས་ཀྱིས་ནི། །ཡོན་ཏན་མཐུན་སྣང་མ་གྱུར་ཏེ། །དྲི་ངའི་ལུས་ནི་རྒྱལ་བའི་སྐུ། །སེམས་ནི་

དྲི་མེད་པདྨ་ལ། །སྐྱོན་གྱི་འདམ་པས་མ་གོས་སོ། །ཇི་ལྟར་འདམ་པའི་ལུས་དག་ལས། །ཡེ་ཤེས་ལུས་ནི་རང་དགར་འབྱུང་། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ལམ། །རྫོགས་པས་གནས་ལུགས་མངོན་བྱས་ཏེ། །ཡེ་ཤེས་སྤྱོད་པས་རྣམ་སྦྱངས་པས། །

ཤིན་ཏུ་དྲི་མེད་དག་པར་འགྱུར། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཐབས་ཀྱི་མྱུ་གུ་དག་གིས་ནི། །བནྡུ་ཀ་ནི་རྒྱས་པ་བཞིན། །སྦྲང་རྩི་བདུད་རྩིའི་གནས་ཡིན་ཏེ། །ཡོན་ཏན་དྲི་མེད་དེ་ཉིད་ཀྱི། །མེ་ཏོག་རྒྱས་པའི་ཆུ་སྐྱེས་པའོ། །རྡོ་རྗེ་ཐེག་པར་སྦས་པ་ཡི། །

Vol. 82 · folio 109b

རྣལ་འབྱོར་མངོན་པར་སངས་རྒྱས་པ། །བདེན་གཉིས་ཟུང་འཇུག་རྟོགས་པ་ལས། །སྤྲོས་བྲལ་མཐའ་དང་བྲལ་བའི་ཆོས། །སྒོམ་པའི་ལམ་ཞེས་ས་རྣམས་བགྲོད། །སྐད་ཅིག་ཡེ་ཤེས་འཆར་ཚུལ་ལ། །གོམ་པ་གོམས་པའི་ལམ་གྱུར་པས། །སྐུ་བཞིའི་གོ་

འཕང་མངོན་དུ་བྱེད། །ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇམ་པའི་དབྱངས་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྒྲིབ་པ་ཐམས་

ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་ལ་སོགས་པ་རྣམས་བདེ་བ་དང་། ཡིད་བདེ་བ་དང་དང་བ་ཁྱད་པར་ཅན་ཐོབ་ནས་སྟན་ལས་ལངས་ཏེ། ཕྱག་དང་བསྐོར་བ་དུ་མ་བྱས་ཏེ་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རང་འབྱུང་རྒྱལ་བའི་གཞི། །རྡོ་རྗེ་

ཐེག་པ་གསང་བ་ལས། །ཕྱི་མའི་དུས་ན་གང་བྱུང་པའི། །རྣལ་འབྱོར་པ་རྣམས་དེ་བཞིན་གཤེགས། །ཤཱཀྱ་ཐུབ་པའི་བསྟན་པ་ལ། །སྙིགས་མ་ལྔ་ལྡན་དུས་དག་ཏུ། །རྡོ་རྗེའི་ཐེག་པ་གང་འཛིན་པ། །དེ་དག་སངས་རྒྱས་སྲས་ཉིད་འགྱུར། །རྡོ་རྗེ་སྐུ་གསུང་

ཐུགས་ལ་ངེས་གནས་པས། །བྱང་ཆུབ་སེམས་མཆོག་རྣམས་ལ་རྟག་མཆོད་བྱེད། །ཞེས་གསུངས་ཏེ། མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་ནས། བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཕྱག་རྒྱ་ཆེན་པོ་ངེས་པར་འབྱེད་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །

ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །གསང་བ་འཛིན་པ་ཐམས་ཅད་ལ། །མཆོག་ནི་སྟོན་ཕྱིར་ཡང་དག་བཞུགས། །ཨེ་མའོ་གསང་བའི་གནས་ཀྱི་མཆོག །ཨེ་མའོ་སྙིང་པོ་ཀུན་བསྡུས་པ། །ཨེ་མའོ་ཆོས་ཀྱི་གནས་ཞི་བ། །ཨེ་མའོ་རྡོ་རྗེ་རྣམ་པར་རྒྱལ། །

Vol. 82 · folio 110a

སྟོན་ཀའི་ནམ་མཁའ་སྤྲིན་མེད་པ། །ཟླ་བའི་འོད་ཟེར་ཀུན་གསལ་ལྟར། །གཟུང་འཛིན་སྤངས་པའི་ཡེ་ཤེས་ནི། །བདག་གཞན་བཅས་པས་སྣང་བའོ། །སྟོན་དུས་སྤྲིན་མེད་ནམ་མཁའ་ལ། །ཉི་མ་གསལ་བར་ཤར་བ་བཞིན། །

ཐབས་ཀྱི་ཡེ་ཤེས་གཉིས་པ་ནི། །དོན་དང་སེམས་བཅས་སྣང་བར་བྱེད། །སྤྲིན་མེད་མཁའ་དང་མུན་ལྟ་བུ། །སྣང་བྱེད་ཡེ་ཤེས་གོམས་བྱེད་པས། །རང་རིག་རྩལ་ལས་གྲུབ་པ་ཡི། །སྒྱུ་མའི་ལུས་ནི་ལེན་པར་བྱེད། །དེ་ཡང་ཡིད་ཀྱི་ལུས་ལྡན་པའི། །

རྣལ་འབྱོར་པ་ཡིས་ཁམས་གསུམ་དུ། །བདག་དང་གཞན་གྱི་དོན་བྱས་ནས། །མཐར་ནི་རང་གནས་བདེ་བར་འགྲོ། །སྒྱུ་མའི་ལུས་ཙམ་ལ་བརྟེན་ལ། །རིལ་པོར་འཛིན་དང་རྗེས་གཞིག་གིས། །དངོས་པོ་ཐམས་ཅད་བཅོམ་ནས་ནི། །དེ་ནས་དག་

པའི་ངང་དུ་གནས། །ཐོགས་པ་མེད་པའི་ཡེ་ཤེས་ཀྱིས། །སྣང་བ་ཐམས་ཅད་ནུབ་བྱས་ནས། །རང་འོད་རིག་མ་དབྱིངས་ཀྱི་དང་། །སྣང་བའི་ཡེ་ཤེས་ཁྱབ་པར་འགྱུར། །བདག་དང་གཞན་དུ་རྟོག་པ་ཡི། །རྣམ་རྟོག་དྲ་བ་བསལ་ནས་ནི། །བདག་མེད་

དམིགས་པ་མེད་པ་རུ། །མཉམ་ཉིད་ཡེ་ཤེས་ཁྱབ་པར་བྱེད། །སྣང་བ་མེད་པའི་ཏིང་ངེ་འཛིན། །སྣང་བ་ཙམ་ཡང་འཛིན་མེད་པར། །ཡང་དང་ཡང་དུ་དོན་དམ་པའི། །བདེན་པ་མངོན་དུ་བྱེད་པ་ཅན། །འཇའ་ཚོན་ལུས་ཀྱིས་འབད་མེད་པའི། །འདོད་པ་ཐམས་

ཅད་ནམ་མཁའ་ལས། །འབད་མེད་པར་ནི་སྩོལ་འགྱུར་ཏེ། །བདག་དང་གཞན་རྣམས་བདེ་བར་འཚོ། །རྡོ་རྗེ་འོད་ཀྱི་ལུས་བཟུང་ནས། །བདག་དང་གཞན་དོན་སྒྲུབ་འགྱུར་ལ། །དམིགས་པ་ཐམས་ཅད་ཟད་བྱེད་པས། །བགྲོད་མེད་གནས་སུ་བདེ་བར་

འགྱུར། །རང་འོད་ཡེ་ཤེས་ལྡན་པའི་སྐུ། །འཇའ་ཚོན་བཞིན་དུ་མཐའ་མི་དམིགས། །སྟོང་པ་གསུམ་ལ་འདས་པ་པོ། །ཐོགས་མེད་སྙིང་རྗེ་འབྱུང་བར་འགྱུར། །དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །

Vol. 82 · folio 110b

རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །དང་པོ་སྒྱུ་མ་ལྟ་བུ་ལ། །དང་པོ་སྨིག་རྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པར་ཟླ་བ་ལྟ་བུ་དང་། །གསུམ་པར་ཉི་མ་ལྟ་བུ་དང་། །

བཞི་པར་མུན་པ་ལྟ་བུ་ལ། །ལྔ་པ་སྤྲིན་མེད་ནམ་མཁའ་ལས། །མི་རྟོག་མཐའ་དབུས་མེད་པར་འཆར། །སྟོབས་དང་མི་འཇིགས་ལ་སོགས་པའི། །ཆེ་བའི་ཡོན་ཏན་རྣམས་བརྒྱན་པ། །བདེན་གཉིས་སྦྱོར་བ་ཟུང་འཇུག་སྐུ། །བདེ་བ་ཆེན་པོ་དེས་ཐོབ་འགྱུར། །

མཁའ་འདྲ་ཆོས་སྐུ་སྟོང་པ་ལས། །རྟོག་མེད་ཡེ་ཤེས་མཁའ་འདྲ་བ། །ཚོགས་དང་སྨོན་ལམ་སྟོབས་དག་གིས། །འབར་དང་བྲལ་བར་ལྷུན་གྱིས་གྲུབ། །ལོངས་སྤྱོད་རྫོགས་པའི་སྐུ་ལུས་ནི། །འབད་པ་མེད་པར་སྤྲུལ་པའི་སྐུ། །མཐའ་མེད་རྡུལ་བྲལ་ཇི་བཞིན་

པས། །སེམས་ཅན་དོན་ཀུན་སྒྲུབ་པར་མཛད། །གང་དག་གང་གིས་འདུལ་གྱུར་པ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་པའི་དབང་གིས་ཐ་དད་པར། །སེམས་ཅན་རྣམས་ནི་འདུལ་བར་འགྱུར། །ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་

བརྒྱན་པའི། །འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་འབར་བས་བཞུགས། །ཡིད་བཞིན་ནོར་བུའི་རྒྱལ་པོ་ལྟར། །འབད་མེད་བདག་དང་གཞན་གྱི་དོན། །ཆེ་བའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བདེ་བ་ཆེ་ལས་དེ་འབྱུང་འགྱུར། །རིམ་པ་ཐམས་

ཅད་ཀུན་རྫོགས་པའི། །མཉམ་པ་ཉིད་དུ་གནས་སེམས་ཀྱིས། །ཁམས་གསུམ་པ་རྣམས་འཇིག་བྱེད་པ། །ཐམས་ཅད་ནམ་མཁའ་བཞིན་དུ་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་

པོའི་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཏིང་ངེ་འཛིན་བླ་ན་མེད་པ་མཆོག་ཏུ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཆེ། །དབྱེར་མེད་བདེ་བ་སྟོན་པ་པོས། །གསུང་ནི་འདི་སྐད་

Vol. 82 · folio 111a

བཀའ་སྩལ་ཏོ། །མཉམ་ཉིད་ཡེ་ཤེས་སྟོང་པ་ཡིས། །བདག་ཉིད་གཟུགས་ནི་སྦྱང་བར་བྱ། །མཉམ་ཉིད་གནས་པས་ཐམས་ཅད་དུ། །ཡེ་ཤེས་ཅན་གྱིས་སྒོམ་གྱུར་པ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །གསང་བའི་ཡི་གེ་བདེར་གྱུར་པ། །

དེ་བཞིན་གཤེགས་པའི་གསང་ཆེན་ནི། །སེམས་ཅན་ཀུན་གྱི་ལུས་ལ་གནས། །དེ་ཉིད་ཡེ་ཤེས་སྣང་བ་པོ། །ཀོ་ཏ་ཀྵྱ། ཀོ་ཏ་ཝ། ཀོ་ཏ་ཀྵྱ་ཝ་དྷ། ཀོ་ཏ་བ་ཤ། ཀུ་ཏི་དྷ་རི། ཀོ་ལ་ཀྵྱ། ཀོ་ལ་ཝ། ཀོལ་ལོ་ཝ། ཀོ་ལ་ཝ་ཤུ། ཀོ་ལ་ཏཱཥྛ། གནས་བཅུ་སངས་

རྒྱས་ཀུན་གྱི་གསང་བ་ནི། །ཐབས་དང་ལམ་གྱི་ཁྱད་པར་སྐུ་གསུང་ཐུགས། །ལྟ་བ་སྒྲུབ་པ་སྤྱོད་ཚུལ་བླ་ན་མེད། །འབྲས་བུ་བྱང་ཆུབ་སེམས་ཀྱི་དབང་བསྒྱུར་བས། །སྟོབས་བཅུ་རྫོགས་པ་གང་ཡིན་རྣལ་འབྱོར་ཆེ། །སྙིང་པོ་འདི་ནི་རྒྱུད་རྣམས་ཀུན་དུ་སྦས། །དངོས་

པོར་འཛིན་པའི་སེམས་ཅན་རྣམས། །དངོས་པོའི་རྣལ་འབྱོར་འཇིག་འགྱུར་བའི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨའི་གདན་དག་བསམ་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བ་ལ་སོགས་དཀྱིལ་འཁོར་ཅན། །བླ་

མ་རྡོ་རྗེ་འཛིན་པ་དག །རྒྱལ་པོ་རོལ་པས་བསམ་པར་བྱ། །ལུས་དང་ངག་དང་ཡིད་རྣམས་ལ། །ཡེ་ཤེས་ཆེན་པོའི་དངོས་གྲུབ་གསོལ། །འཁོར་ལོ་འདི་ལྟར་བསྒོམས་པ་ཡིས། །ཤེས་རབ་འབར་བའི་ལུས་སུ་འགྱུར། །འོད་ཟེར་འབར་བ་མ་བུ་རུ། །དངོས་

པོས་དངོས་པོ་བསྒོམ་པར་བྱ། །མཆོད་པའི་མཚན་ཉིད་ཡོངས་ལྡན་པར། །སྟོང་པ་ཉིད་དུ་མཉམ་གནས་པས། །གཉིས་སུ་མེད་པ་རྣམ་རྒྱལ་བ། །ལྷག་པའི་ལྷ་ནི་བསྐྱེད་བྱ་སྟེ། །འཁོར་ལོ་འདི་ནི་བསྒོམ་པར་བྱ། །མཉམ་པར་བཞག་ནས་བསྒོམས་པ་ཡིས། །

འགྲུབ་པར་འདི་ལ་ཐེ་ཚོམ་མེད། །མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པོ་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གྲངས་སྔགས་ཀྱིས་ནི། །ཁམས་གསུམ་འགྲུབ་པར་ཐེ་ཚོམ་མེད། །རྣམ་ཤེས་ལས་ནི་སྔགས་འབྱུང་བ། །མཚན་ཉིད་དྲུག་ལྡན་

Vol. 82 · folio 111b

བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལ་བརྟུལ་ཞུགས་སྤྱད་པ་མེད། །སྔགས་མེད་བགྲང་ཕྲེང་འཛིན་པ་མེད། །གཟུང་དང་སྦྱང་བ་སྣ་ཚོགས་དག །གཅིག་ནས་གཅིག་ཏུ་ལྡོག་འགྱུར་ཏེ། །ཡ་ཡི་དོན་

གྱིས་གང་ཡང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་པོ་ཉིད། །རིམ་པས་འགྲོ་དོན་ལ་འཇུག་བྱ། །མེ་དང་རླུང་དང་དབང་ཚོན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་

གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི། །བྱིས་པའི་ཚུལ་བཞིན་སྤྱད་

པར་བྱ། །སྤྱོད་པའི་ཚུལ་ནི་བླ་མེད་པས། །ཡང་དག་ཡེ་ཤེས་རྒྱ་མཚོ་འཐོབ། །ཆོས་ཀྱི་རང་བཞིན་དག་པ་ནི། །རང་བཞིན་དག་ཅིང་ངོ་བོ་མེད། །དངོས་པོའི་རང་བཞིན་གང་མེད་དེ། །བྱང་ཆུབ་རྫོགས་པའི་རིམ་པ་བསྟན། །བྱང་ཆུབ་སེམས་དཔའ་ཀུན་དུ་

བཟང་། །ཡེ་ཤེས་ལྡན་པས་ཞུས་པའི་དོན། །དམ་ཚིག་དེ་ཉིད་སྟོན་པ་པོ། །ཐམས་ཅད་མཁྱེན་པས་འདི་སྐད་གསུངས། །སྐུ་གསུམ་མི་ཕྱེད་དཀྱིལ་འཁོར་དུ། །ཡིད་འོང་ཕྲེང་བ་ཀུན་བསྡུས་པ། །རྡོ་རྗེའི་བཟླས་བ་ཡེ་ཤེས་ཆེ། །བླ་ན་མེད་པའི་ཐབས་མཆོག་

ལས། །རྡོ་རྗེ་སྐུ་ཡི་བཟླས་པ་ཡིས། །སངས་རྒྱས་སྐུར་ནི་བྱིན་གྱིས་རློབ། །མཉམ་མེད་ཡེ་ཤེས་ཐོབ་པས་ན། །རྡོ་རྗེ་གསུང་གིས་ངག་བྱིན་རློབ། །ནམ་མཁའི་ངང་ལས་རང་བྱུང་བའི། །ཐུགས་ཀྱི་རྡོ་རྗེ་སེམས་ཉིད་ཀྱི། །གཉིས་མེད་ཡེ་ཤེས་རྟོགས་གྱུར་པས། །

ཟབ་དང་རྒྱ་ཆེའི་ཚུལ་གནས་པའོ། །འདིར་ནི་རྟོག་པ་རྣམ་སྤངས་ཏེ། །བརྟན་པ་དང་ནི་མྱུར་འགྲོ་ཉིད། །དེ་བཞིན་ཁྱི་དང་བ་ལང་དང་། །སྲོག་སོང་མི་སྟེ་བ་ལང་ཆེན་པོའི་ཤ། །སྣ་ཚོགས་ཤ་ཡི་སྦྱོར་བ་དང་། །ཁུ་བ་དང་ནི་རཀྟར་བཅས། །མི་བསྐྱོད་པ་དང་

Vol. 82 · folio 112a

རྡེའུ་ཆུང་བསྣམས་པའོ། །རོའི་སྟེང་དུ་གཡོན་བརྐྱང་བས་བཞུགས་པའོ། །ཡང་ན་རྒྱལ་པོའི་བཞུགས་སྟབས་སུ་རང་འོད་ཀྱི་ཐབས་ལ་འཁྱུད་པ། རུས་པའི་རྒྱན་གྱིས་བརྒྱན་པ་བསྒོམ་པར་བྱའོ། །དེ་ལྟའི་དཀྱིལ་འཁོར་རྒྱལ་དབང་པོ། །རྒྱུད་ཀུན་དུ་ནི་རྙེད་པ་དཀའ། །

ལུས་དང་བྷ་ག་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ནི་རབ་མཆོག་གོ། །ཡང་ན་སྙིང་པོ་དཀྱིལ་འཁོར་བསྟན། །རང་གི་བདེ་བ་ལེན་པའི་ཕྱིར། །མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཎ་ཡི་ཡི་འབྲུ་ལྟེ་བར་དྲན། །ཌ་ཡི་ཡིག་འབྲུ་གེ་སར་དག །ལ་ཡི་ཡིག་འབྲུ་དེ་

བདེ་འདྲ། །མ་ཡི་ཡིག་འབྲུ་རིན་ཆེན་གྲགས། །ཎ་ཡི་ཡིག་འབྲུ་མདུད་པར་བརྗོད། །ཌ་ཡི་ཡིག་འབྲུ་རིང་པོའི་དངོས། །ལ་ཡི་ཡིག་འབྲུ་བར་བརྗོད་དོ། །མ་ཡི་ཡིག་འབྲུ་ཤུ་ཀྲའི་གཟུགས། །ཎ་ཡི་ཡིག་འབྲུ་ཞུ་བའི་དངོས། །ཌ་ཡི་ཡིག་འབྲུ་འོད་དང་ལྡན། །ལ་

ཡི་ཡིག་འབྲུ་བདེ་བའི་གཟུགས། །མ་ནི་སྣང་བའི་འདུ་ཤེས་གྲགས། །ཎ་ཡི་ཡིག་འབྲུ་སྣང་བ་མཆེད། །ཌ་ནི་སྣང་བ་སྣང་བ་ཐོབ། །ལ་ནི་ཡང་དག་དྲི་མེད་མཆོག །མ་ཡི་ཡིག་འབྲུ་དགའ་བར་གྲགས། །ཎ་ཡི་ཡིག་འབྲུ་མཆོག་ཏུ་དྲན། །ཌ་ཡི་ཡིག་འབྲུ་དགའ་

བྲལ་དགའ། །ལ་ནི་ལྷན་ཅིག་སྐྱེས་པར་དྲན། །མ་ཡི་ཡིག་འབྲུ་ས་ཞེས་བྱ། །ཎ་ཡི་ཡིག་འབྲུ་ཆུ་རུ་བསྟན། །ཌ་ཡི་ཡིག་འབྲུ་དེ་ནི་མེ། །ལ་ཡི་ཡིག་འབྲུ་རླུང་གི་གཟུགས། །གཡོ་བའི་ཕྱིར་ནི་རླུང་དུ་བརྗོད། །ཡང་ན་ཁྱབ་པའི་ཕྱིར་ནི་དྲན། །ཡེ་ཤེས་རྙེད་པ་ཡི་

ནི་ཕྱིར། །བདེ་བ་ཡི་ནི་ཆེན་པོ་ལན། །ཡེ་ཤེས་ངོ་བོ་བདེ་བ་ཆེ། །དཀྱིལ་འཁོར་དུ་ནི་ཡང་དག་བཞུགས། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། །ཐིག་ལེ་ངོ་བོ་ཡི་གེ་བྲལ། །རྣམ་པ་ཐམས་ཅད་རྣམ་པ་མེད། །ཕྱག་རྒྱ་དང་ནི་སྔགས་དང་བྲལ། །སྔགས་ཆེན་

ཀུན་དགའ་ར་བའི་ལམ། །དབྱངས་དང་གསལ་བྱེད་དང་བྲལ་བ། །དྲི་མ་མེད་པ་བཅོས་མ་མེད། །རྒྱུ་མཚན་མེད་པ་གཞི་མེད་པ། །ཡང་དག་དྲི་མེད་གནས་དག་པ། །རང་བཞིན་གྲགས་པ་སྐྱེ་མེད་མཁའ། །དཔའ་བོའི་ངོ་བོ་གྲགས་པ་བདག །རྣམ་པ་ཀུན་དུ་ཡང་དག་

Vol. 82 · folio 112b

པ་དང་ནི་རྒྱ་ཆེ་བའི། །དཀྱིལ་འཁོར་ཆེན་པོ་བསྟན་དུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་སྣང་བའི་ཚུལ་ལས་བྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བ་ནི་རྡོ་རྗེ་དཀྱིལ་འཁོར་ཡེ་ཤེས་ལས་གྲུབ་པ་ཀུན་དུ་སྣང་

བར་བྱེད་པ་མཚུངས་པ་མེད་པའི་འོད་ཀྱིས་ཁྱབ་པ་བཀོད་པ་ཚད་མེད་པའི་ཕྲིན་ལས་ཡོན་ཏན་ཐམས་ཅད་རབ་ཏུ་འབྱུང་བའི་གནས་རིན་པོ་ཆེ་སྣ་ཚོགས་འདུས་པ་ལས་རང་བྱུང་བ། གྲུ་བཞི་སྒོ་བཞི་པ། རྟ་བབས་རིམ་པ་དུ་མས་མཛེས་པ། རྡུལ་མེད་ཅིང་རྣམ་པར་དག་

པའི་ཡེ་ཤེས་ལས་བྱུང་བ། སྒོ་ཕྱི་དང་ནང་གི་བདག་ཉིད་ཅན། ཕོ་བྲང་ནང་དུ་ནི་དྲི་མ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྡོ་རྗེའི་ཀ་བས་བཏེག་པ། རྡོ་རྗེ་རིན་པོ་ཆེའི་གདུང་གིས་བཅད་པ། དཀྱིལ་འཁོར་ཉི་ཤུ་རྩ་ལྔ་རབ་ཏུ་གནས་པ། ཁྱམས་ཕྱི་མའི་བར་

དུ་ནི་དཀྱིལ་འཁོར་དྲུག་དང་། བར་ཆད་སྲུང་བར་བྱེད་པ་འབྱུང་པོ་ཀུན་འདུལ་དང་། ཡེ་ཤེས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་རོ། །མཚམས་བཞིར་ནི་འཇིག་རྟེན་སྐྱོང་བ་བཞིའི་དཀྱིལ་འཁོར་ཏེ་བར་བར་དུ་ནི་སངས་རྒྱས་སྟོང་མངོན་པར་བྱང་ཆུབ་པའི་ཚུལ་

བླ་ན་མེད་པ་འཐོབ་པའོ། །རིན་པོ་ཆེ་སྣ་ཚོགས་དུ་མའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། ཡེ་ཤེས་ལྔའི་རྩིག་པས་འཁོར་ཡུག་ཏུ་ཀུན་དུ་འཁོར་བ། སྒོ་བཞི་གློ་འབུར་དུ་སྣང་བ། ཕྱི་ནང་མེད་པར་གསལ་བ། སོ་སོའི་བྱེ་བྲག་གི་དཀྱིལ་འཁོར་ནི་རྒྱས་ཤིང་

ཡངས་ལ་རྔ་མ་དང་མདའ་ཡབ་དག་གིས་མཛེས་པ། འདོད་པའི་ལྷ་མོ་རྣམས་ཀྱིས་ནི་བཀྲ་ཤིས་པའི་མཆོད་པ་དང་རོལ་མོ་སྣ་ཚོགས་ཀྱིས་ཁྱབ་པར་བྱེད་པར་ཀུན་དུ་རྒྱུ་ཞིང་གར་བྱེད་པས་མཆོད་པའོ། །རི་དགས་དང་། ཆོས་ཀྱི་འཁོར་ལོ་དང་། གདུགས་

དང་། བ་དན་དག་བསྒྲེང་བས་མཚན་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་དག་པའི་བདག་ཉིད་དུ་སྣང་བ་སྟོན་པར་མཛད་དོ། །འོག་མིན་བདེ་བ་ཅན་གྱི་ཕོ་བྲང་དག་པའི་སྤྱོད་ཡུལ་དུ་གྱུར་པ་དེ་ཉིད་དུ་དཔལ་རྡོ་རྗེ་འཆང་ཆེན་པོས་དཀྱིལ་འཁོར་ཆེན་པོ་

Vol. 82 · folio 113a

མཉམ་པ་ཉིད་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་ཕོ་བྲང་རང་བྱུང་བར་གྱུར་ཏོ། །དེ་དག་གི་ནི་སྤྱི་དང་བྱེ་བྲག་ཏུ། །དཀྱིལ་འཁོར་སུམ་ཅུ་རྩ་དྲུག་རབ་ཏུ་འབྱེད། །དཔལ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དང་། །རྣམ་པར་སྣང་མཛད་རིན་ཆེན་འོད་འཕྲོ་

དང་། །འོད་དཔག་མེད་པ་གདོན་མི་ཟ་བ་རྣམས། །ཕྱོགས་བཞི་དབུས་དང་རྣམ་པ་ལྔར་བཞུགས་སོ། །མཱ་མ་ཀཱི་དང་སྤྱན་མ་གོས་དཀར་དང་། །སྒྲོལ་མ་རྣམས་ནི་མཚམས་ཀྱི་དཀྱིལ་འཁོར་རོ། །བྱམས་པས་ཡི་སྙིང་པོ་ཤར་དུ་སྟེ། །ལྷོར་ནི་ལག་ན་རྡོ་རྗེ་

མཁའ་སྙིང་པོ། །ནུབ་ཏུ་འཇམ་དབྱངས་འཕགས་པ་སྤྱན་རས་གཟིགས། །བྱང་དུ་སྒྲིབ་པ་རྣམ་སེལ་ཀུན་དུ་བཟང་། །མཚམས་ཀྱི་གྲྭར་ནི་གཟུགས་སྒྲ་དྲི་རོ་བཞི། །ཕྱོགས་ཀྱི་སྒོ་སྐྱོང་ཁྲོ་རྒྱལ་ཆེན་པོ་བཞི། །ཕྱི་རོལ་མཚམས་བཞིར་མི་གཡོ་མགོན་པོ་དང་། །

འདོད་པའི་རྒྱལ་པོ་སྟོབས་ཆེན་དབྱུག་སྔོན་ཅན། །སྟེང་ཕྱོགས་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། །འོག་ཕྱོགས་གནོད་མཛེས་རྒྱལ་པོ་སྟེ། །ལྷོར་ནི་གསང་བའི་བདག་པོ་དང་། །བྱང་དུ་ཚངས་པ་ཆེན་པོའོ། །མཚམས་སུ་འཇིག་རྟེན་སྐྱོང་རྣམས་ནི། །ཤར་

ལྷོར་ཡུལ་འཁོར་སྐྱོང་བ་ལ། །ལྷ་ཆེན་བརྒྱད་ཀྱིས་བསྐོར་བ་དང་། །ལྷོ་ནུབ་འཕགས་སྐྱེས་པོ་ལ་ཡང་། །གཟའ་ཆེན་བརྒྱད་བཅས་གནས་པའོ། །མིག་མི་བཟང་ནི་ནུབ་བྱང་དུ། །ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའོ། །བྱང་ཤར་རྒྱལ་ཆེན་རྣམ་ཐོས་སྲས། །གནོད་

སྦྱིན་ཆེན་པོ་བརྒྱད་ཅེས་པའོ། །ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱིས་ནི། །ཚངས་པའི་རྒྱལ་པོ་ཡོངས་སུ་བསྐོར། །གསང་བའི་བདག་པོ་ཆེན་པོ་ལ། །ལག་ན་རྡོ་རྗེ་དྲག་པོའི་ཚོགས། །བརྒྱད་ཅེས་འཇིག་རྟེན་གསུམ་འདུལ་ཏེ། །འདི་དག་རྣམ་པར་བཤད་པའོ། །སངས་

རྒྱས་སྟོང་ཕྲག་གཅིག་ནི་ཁྱམས་སུ་བཀོད་པ་དག །ཤར་ཕྱོགས་ཉིས་བརྒྱ་བཞི་བཅུ་རྩ་ལྔ་དང་། །མངོན་དགའི་ཞིང་ཁམས་ཤེལ་གྱི་འོད་དུ་འབར། །ལྷོ་ཕྱོགས་ཉིས་བརྒྱ་བཞི་བཅུ་རྩ་ལྔ་དང་། །རྡུལ་དང་བྲལ་བ་བཻཌཱུརྱཡི་འོད། །ནུབ་ཕྱོགས་ཉིས་བརྒྱ་བཞི་

Vol. 82 · folio 113b

བཅུ་རྩ་ལྔ་པོ། །བདེ་བ་ཅན་ཞེས་པདྨ་ར་གའི་འོད། །བྱང་ཕྱོགས་རྔ་སྒྲ་སྒྲོགས་པ་གསེར་གྱི་མདོག །ཉིས་བརྒྱ་བཞི་བཅུ་རྩ་ལྔར་ཡོད་པ་དག །ཉི་ཤུ་དག་ནི་རྣམ་པ་མཚོན་ཕྱིར་གནས། །རིམ་པས་ཕྱོགས་སུ་གནས་པ་དག །རྒྱས་པའི་དབྱེ་བས་འདི་བཞུགས་

པའོ། །དཀྱིལ་འཁོར་དམ་པ་བླ་མེད་གཞལ་ཡས་ཁང་། །རྟེན་དང་བརྟེན་པ་མཉམ་མེད་ཆོས་ཀྱི་དབྱིངས། །དཔལ་ལྡན་གསང་བ་འདུས་པ་རྣམ་གསལ་བའི། །རྩ་བའི་ལྷ་ཚོགས་རྣམས་དང་སྤྲོས་པ་དག །འཇིག་རྟེན་འདས་པའི་སངས་རྒྱས་སྟོང་བཞུགས་ཤིང་། །

འཇིག་རྟེན་མགོན་པོ་ལག་ན་རྡོ་རྗེ་དང་། །ཚངས་པ་མི་མཇེད་བདག་པོ་ལ་སོགས་ཏེ། །རྒྱུད་འདི་ལ་ནི་སྨིན་པར་བྱེད་པའི་དབང་། །དཀྱིལ་འཁོར་ཆེན་པོ་ཁྲུ་ནི་བརྒྱད་ཅུ་བར། །ངོས་རེ་ཞིང་ནི་ཉི་ཤུར་མཉམ་པར་བརྗོད། །རྩ་བའི་དཀྱིལ་འཁོར་ལྷ་ཚོགས་སུམ་ཅུ་གཅིག །

དེ་དག་རེ་རེ་ལ་ཡང་དེ་ཉིད་ཀྱིས། །རིམ་བཞིན་རྣམ་པར་འགྱུར་བའི་དཀྱིལ་འཁོར་རོ། །ཐུབ་པའི་དབང་པོས་འདིར་ནི་གསལ་བར་བསྟན། །ལག་ན་རྡོ་རྗེའི་འཁོར་དང་རྡོ་རྗེ་ཡི། །དྲག་པོའི་རྣམ་པ་ཁྲོ་བོ་བརྒྱད་བཀོད་པའོ། །རྡོ་རྗེ་གཙུག་ཏོར་རྡོ་རྗེ་གནོད་སྦྱིན་དང་། །རྡོ་རྗེ་དྲག་

པོ་རྡོ་རྗེ་སྟོབས་ཉིད་དེ། །རྡོ་རྗེ་རྣོན་པོ་རྡོ་རྗེ་བེ་ཅོན་རྡོ་རྗེ་མཆེ་བའོ། །རྡོ་རྗེ་འཇིགས་བྱེད་ཚོགས་ཀྱིས་བསྐོར་བའོ། །ཚངས་པའི་རྒྱལ་པོའི་འཁོར་དུ་བསྟན་པ་ནི། །ལྷ་ཡི་དབང་པོ་བརྒྱ་བྱིན་རྡོ་རྗེ་ཅན། །གནོད་སྦྱིན་རྒྱལ་པོ་རཏྣ་ཀུ་བེ་ར། །ལྗོན་པ་རྟ་མགོ་གཙུག་ན་རིན་ཆེན་

བཅས། །ཐགས་བཟངས་རིས་དང་མཁའ་ལྡིང་རྒྱལ་པོ་དང་། །སྲིན་པོའི་རྒྱལ་པོ་དྲི་ཟར་བཅས་པའོ། །འདི་དག་གསལ་བར་ངེས་པར་མཚོན་པ་སྟེ། །སྙིང་པོ་བསྡུས་པའི་དཀྱིལ་འཁོར་འདི་ཉིད་དེ། །ཆོ་ག་ཕྲ་མོ་རིམ་པ་ཇི་བཞིན་དུ། །མདོ་རྒྱུད་རྟོགས་པ་རྣམས་

ལས་རྣམ་པར་རྒྱལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དཀྱིལ་འཁོར་ཆེན་པོ་གསང་བར་སྟོན་པའི་ལེའུ་སྟེ་བརྒྱད་པའོ།། །།

Vol. 82 · folio 114a

དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དེ་དག་ཐམས་ཅད་རང་གི་བ་སྤུའི་བུ་གར་ཐིམ་པར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་རྒྱལ་བ་འབྱུང་

བ་ཞེས་བྱ་བའི་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་དེ་བཞིན་གཤེགས་པའི་རང་གི་གཟུགས་རྣམས་བུད་མེད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ནས་དེ་ཉིད་ཀྱི་བ་སྤུའི་བུ་ག་

རྣམས་ལས་འཐོན་པར་གྱུར་ཏོ། །དེའི་ཕྱིར་བཙུན་མོ་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེའི་མཆོད་པ་ཐམས་ཅད་བཀོད་པས། དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་མཆོད་པ་ནི་ནམ་མཁའི་ཁམས་ཐམས་ཅད་གང་བར་བྱ་སྟེ། སླར་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་།

ཐུགས་རྡོ་རྗེ་རྣམས་ལ་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པའི་ལྷ་མོ་དེ་དག་བདེ་བ་ཆེན་པོའི་ཀུན་དུ་སྤྱོད་པས་ཡང་དག་པར་མཆོད་པ་བྱེད་པར་གྱུར་པ་ནི་ལ་ལ་ནི་སངས་རྒྱས་སྤྱན་ལྟ་བུ་སའི་བདག་མོའོ། །ལ་ལ་ནི་མཱ་མ་ཀཱི་ལྟར་ཆུའི་བདག་མོ་

ཉིད་དོ། །ལ་ལ་ནི་གོས་དཀར་མོ་ལྟར་མེའི་རྣམ་པའོ། །ལ་ལ་ནི་དམ་ཚིག་སྒྲོལ་མ་སྟེ་རླུང་གི་ཁམས་ལ་ཀུན་དུ་སྤྱོད་དོ། །དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྡོ་རྗེ་ལྟ་བུ་སྟེ། དུས་དང་རྣམ་པ་ཐམས་ཅད་ཏུ་ཡང་དག་པར་མཆོད་པའི་

རྒྱུན་གྱིས་མཆོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པ་འདི་ཐམས་ཅད་ཀྱི་སྔགས་དང་། བླ་ན་མེད་པ་འདི་ཉིད་ཀྱི་སྐུ་དང་

གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་སྭཱ་ཧཱ། རྡོ་རྗེ་འཛིན་གྱི་སྔགས་སོ། །ཨོཾ་ཨཱཿབཛྲ་སྤརྵེ་ཧཱུྃ་སྭཱ་ཧཱ། རིག་མ་བླ་ན་མེད་པའི་སྔགས་སོ། །ཨོཾ་ཨཱཿཛི་ན་ཛིཀ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཨཱ་རོ་ལི་ཀ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུྃ་སྭཱ་ཧཱ།

Vol. 82 · folio 114b

རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྔགས་སོ། །ཨོཾ་ཨཱཿདྭེ་ཥ་ར་ཏི་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿམོ་ཧ་ར་ཏི་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿརཱ་ག་ར་ཏི་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ར་ཏི་ཧཱུྃ་སྭཱ་ཧཱ། ལྷ་མོ་སྤྱན་ལ་སོགས་པ་བཞིའི་སྔགས་སོ། །ཨོཾ་ཨཱཿབཛྲ་རཱ་པེ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཤབྡ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱ་

བཛྲ་གན་དྷེ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་རཱ་སེ་ཧཱུྃ་སྭཱ་ཧཱ། གཟུགས་རྡོ་རྗེ་མ་ལ་སོགས་པའོ། །ཨོཾ་ཨཱཿབཛྲ་མེ་ཏྲི་ནཱ་ཐ་ཤྲི་ཡེ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཀྞི་ཏི་གརྦྷ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པཱ་ཎ་ཡེ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཨཱ་ཀཱ་ཤ་གརྦྷ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿ

མཉྫུ་ཤྲཱི་གྷོ་ཥཱ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿསརྦ་ནི་བར་ཎ་བིཥྐཾ་བྷི་ནེ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿས་མནྟ་བྷ་དྲཱ་ཡ་ཧཱུྃ་སྭཱ་ཧཱ། སེམས་དཔའ་ཆེན་པོ་རྣམས་སོ། །ཨོཾ་ཨཱཿཡེ་མཱནྟ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་ཨཱཿཔྲཛྙཱ་ནྟ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་ཨཱཿབདྨཱནྟ་ཀྲྀཏེ་ཧཱུྃ་ཕཊ། ཨོཾ་ཨཱཿབི་གྷྣནྟ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་ཨཱཿ ཨཱརྱ་ཨ་ཙལ་

ཧཱུཾ་ཕཊ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧཱུཾ་ཕཊ། ཨོཾ་ཨཱཿནཱི་ལ་དཎྜ་ཧཱུཾ་ཕཊ། ཨོཾ་ཨཱཿམ་ཧཱ་བ་ལ་ཧཱུཾ་ཕཊ། ཨོཾ་ཨཱཿཨུཥྵིཥ་ཙཀྲ་བརྟི་ཧཱུཾ་ཕཊ། ཨོཾ་ཨཱཿསུཾ་བྷ་རཱ་ཛ་ཧཱུྃ་ཕཊ་ཅེས་ཁྲོ་བོའི་རྒྱལ་པོ་བཅུའི་སྔགས་རབ་ཏུ་གསུངས་སོ། །སྔགས་འདི་རྣམས་ཀྱི་ནུས་པ་ནི། །ཐོགས་པ་མེད་པ་ཉིད་ཡིན་ཏེ། །

འབྱིན་དང་སྡུད་པར་བྱེད་པས་ན། །གསང་བའི་སྔགས་འདི་ལེགས་པར་སྦས། །ཞེས་གསུངས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །གསལ་བ་སེམས་ཅན་ཀུན་གྱི་སེམས། །ཞི་བ་ཉིད་ནི་འོད་གསལ་བ། །དངོས་པོ་དུ་མས་མ་གོས་པ། །དེ་ཉིད་ཞེས་བྱ་

བདེ་བ་སྒོམ། །སངས་རྒྱས་སྐུ་ཡི་ཆོ་ག་ཤེས། །དེ་བཞིན་ཉིད་དུ་ཉེ་བར་སྤྱད། །གཞན་དུ་སྔགས་ལ་སོགས་པ་ཀུན། །དགེ་བ་འགྲུབ་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་

རྒྱལ་པོ་རྡོ་རྗེ་འཛིན། །ཐུབ་པ་ཆེན་པོ་ལོངས་སྤྱོད་རྫོགས། །གསང་བའི་དབང་ནི་རབ་ཏུ་གསོལ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཐམས་ཅད་ཆོས་ནི་སྟོན་པ་པོ། །མཆོག་ཏུ་དགའ་བ་བདག་མེད་པ། །རྒྱལ་བས་སྔོན་དུས་བསྟན་པ་ནི། སེམས་ཅན་མོས་པའི་

Vol. 82 · folio 115a

དོན་དུ་བཤད། བྱ་བ་སྤྱོད་པ་རྣལ་འབྱོར་མཆོག །རྟོག་པའི་རྣལ་འབྱོར་གསང་མཐའ་རུ། ཕྱི་ནང་གསང་བའི་དབྱེ་བ་ཡིས། ངས་ནི་རིམ་པ་གསུམ་དུ་བཤད། དམན་པ་མཆོག་དང་འབྲིང་རྣམས་ཏེ། ཐ་མ་མོས་སྤྱོད་ཚུལ་དག་ཏུ། །ཐེག་པ་ཆེན་

པོའི་ཚུལ་བསྟན་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་རྡོ་རྗེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཐམས་ཅད་བསྡུས་པའི་ཚུལ་གྱིས་གསང་བ་འདི་གསུངས་སོ། །ཐམས་

ཅད་ལུས་ལ་གནས་པ་རྡོ་རྗེའི་སྐུ། །མི་ཆོད་མི་ཤིགས་རང་བྱུང་ཕྲ་བའི་གནས། །རྟོག་པའི་རླུང་ཚོགས་འབྱུང་བའི་ངང་དུ་དག །རང་རིག་སེམས་ནི་གར་ཡང་གཡོ་མི་འགྱུར། །རྩ་ཡི་འཁོར་ལོ་བཅུ་ལ་གནས་འགྱུར་གང་། །རླུང་བཅུ་འོད་ཀྱི་སྣང་བ་ཁྱབ་བྱེད་ཅིང་། །མི་

ཤིགས་ཐིག་ལེ་རབ་ཏུ་དང་བ་ཡི། །བདུད་རྩི་རབ་རྒྱས་སྣང་བ་ཁྱབ་བྱེད་པའོ། །ཡི་གེ་སྒྲ་ཡི་རྣམ་པ་གར་ཡོད་པར། །དྲན་པ་སྐྱེད་བྱེད་སྲོག་གི་རྩ་བར་འགྱུར། །ཀུན་ལ་ཁྱབ་བྱེད་སྙིང་པོ་ཡེ་ཤེས་རླུང་། །རྟེན་དང་བརྟེན་པ་མཉམ་གནས་རིན་ཆེན་སེམས། །གསེར་དང་

གསེར་འོད་རབ་འབར་མཐའ་ཡས་བཞིན། །ཇི་ལྟར་རྒྱ་མཚོ་རབ་དངས་རྒྱ་ཆེ་ལ། །ཟླ་ཟེར་འོད་ཀྱིས་ཁྱབ་ཅིང་སྣང་བ་དང་། །ཉི་ཤར་མདངས་ཀྱིས་སྔ་ཕྱི་མེད་པར་འབྱུང་། །རྟོག་པ་མེད་ཅིང་མུན་པ་རང་སར་དག །བློ་ཡིས་སྣང་བ་རབ་ཏུ་རྒྱས་པར་གྱུར། །གང་དུ་ལུས་

ཅན་རྣམས་ཀྱིས་ནི། །འབྱུང་དང་བྱུང་ལས་གྱུར་པ་ཡི། །དངོས་པོའི་སྣང་བ་བཅིངས་པས་ན། །ཡིད་ཀྱིས་ལུས་ནི་བརྟག་དཀའ་བས། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི། །དེ་ཉིད་ཤེས་པའི་དཀྱིལ་འཁོར་ཏེ། །འདི་ནི་བསྒྲུབ་པ་དེ་ཉིད་ཡིན། །ཡིད་བཞིན་ནོར་

བུ་ལྟ་བུར་སྤྱད། །རྣམ་ཤེས་སྒྱུ་མའི་ཡེ་ཤེས་ལུས། །ཡོངས་སུ་རྫོགས་པ་རང་བྱུང་བ། །དེ་ཉིད་མི་ཤེས་བྱིས་པ་རྣམས། །སླར་ཡང་འཁོར་བའི་གནས་པའོ། །ཇི་སྲིད་འོད་གསལ་གནས་ཀྱི་ནུས། །འབྱུང་བ་ཐིམ་འགྱུར་རྟོག་པས་སྟོང་། །དེ་སྲིད་སྒྱུ་མ་ཕྲ་བའི་ལུས། །

Vol. 82 · folio 115b

རླུང་དང་རྣམ་ཤེས་ལྡན་པས་ནི། །འབྱུང་དང་འཇུག་དང་གནས་པར་བྱེད། །གཟུགས་ནི་དངོས་པོར་མ་གྲུབ་པས། །ཐོགས་མེད་རྒྱུ་ཞིང་མཚུངས་པར་ལྡན། །འོན་ཀྱང་བྱིན་རླབས་ནུས་པ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བཙུན་མོའི་བྷ་ག་དེར་མི་འཇུག །ཆོས་

དང་ཆོས་མིན་ལྡན་པར་འགྲོ། །རང་ལུས་ལུས་བྱུང་ཡེ་ཤེས་མེ། །ཐམས་ཅད་ཀུན་ནས་འབར་བ་ནི། །མེ་འོད་འབར་བ་མཉམ་པའི་འོད། །ཡེ་ཤེས་འཁོར་ལོ་བསྒོམས་ནས་ནི། །འོག་ནས་སྟེང་དུ་བློ་ཡིས་ནི། །རབ་ཏུ་དམིགས་པས་ཁ་བ་འབབ། །ཐམས་ཅད་

དུ་ནི་ཚིག་པར་བསམ། །ཕྱི་ནང་གསང་བའི་ཡེ་ཤེས་འོད། །ཉོན་མོངས་ཐམས་ཅད་རབ་བསྲེག་པ། །སངས་རྒྱས་ཉིད་དུ་འབྲས་བུ་སྨིན། །མཉམ་ཉིད་ཡེ་ཤེས་བསྐྱེད་པ་ནི། །བདག་ཉིད་ནམ་མཁའི་ངོ་བོར་འགྱུར། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །ཐབས་དང་

ཐབས་ལྡན་བྱང་ཆུབ་སེམས། །དུ་མ་ཉིད་དུ་མི་དམིགས་ཤིང་། །རྣལ་འབྱོར་དངོས་པོ་ལྡོག་པར་འགྱུར། རྣལ་འབྱོར་ཞེས་བྱ་རྫོགས་ལྡན་དུས། རྗེས་སུ་རྣལ་འབྱོར་གསུམ་ལྡན་ཏེ། ཤིན་ཏུ་རྣལ་འབྱོར་གཉིས་ལྡན་ཉིད། རྩོད་ལྡན་དུས་ནི་རྣལ་འབྱོར་ཆེ། །ཡོན་

ཏན་ཐམས་ཅད་རྫོགས་པ་དང་། །རྫུས་ཏེ་སྐྱེས་པ་དང་པོའི་མི། །འོད་ཀྱི་ལུས་ཙམ་གནས་པ་དག །ལྷ་ཡི་བདུད་རྩི་སྤྱོད་པའོ། །དེ་དག་ལུས་དེ་སྤངས་ནས་ནི། །ཤིན་ཏུ་ཕྲ་བའི་ཁམས་ཞུགས་ཤིང་། །སྒྱུ་མའི་ལུས་སུ་གནས་གྱུར་པས། །སྲིད་པ་མངོན་པར་ལེན་པར་

འདོད། །བག་ཆགས་དྲི་མས་ཀུན་བསླང་བའི། །འདོད་པ་ལོག་པ་མཐོང་བ་ཡིས། །ཆགས་པའི་ཡིད་ཀྱིས་ལུས་ལ་འཇུག །ཚོར་བ་རྣམ་གསུམ་མྱོང་བ་ཡིན། །ས་ཞག་རོ་དང་ཟས་གཞན་གྱིས། །ལུས་ཉིད་རགས་པ་ཉེར་ཐོབ་པས། །དང་པོའི་དངོས་པོ་ལོག་

གྱུར་ཏེ། །བུ་ག་དགུ་ལྡན་དྲི་ངའི་ལུས། །ཉོན་མོངས་ཀྱིས་ནི་དཀྲུགས་གྱུར་ཏེ། །བསོད་ནམས་སྟོབས་ཉམས་དམན་སར་ལྷུང་། །རྫུས་ཏེ་སྐྱེས་དང་དྲོད་གཤེར་དང་། སྒོ་ང་ལས་བྱུང་མངལ་ལས་སྐྱེས། །འདི་དག་རིམ་པ་རྣལ་འབྱོར་ཅན། །སྙིགས་མའི་དུས་སུ་རབ་ཏུ་

Vol. 82 · folio 116a

འབྱུང་། །ཇི་སྲིད་པདྨའི་སེམས་ཅན་གྱི། །ལུས་ནི་ཤིན་ཏུ་ཕྲ་བ་སྟེ། །རྣམ་ཤེས་ལུས་བྱུང་སྒྱུ་མར་གནས། །རིགས་དང་ལྡན་པས་དུས་གསུམ་ཤེས། །སྟོབས་ལྡན་དེ་ལ་རྟོག་པ་ཡོད། །རང་ཉིད་སྒྱུ་མར་མ་ཤེས་པས། །དངོས་འཛིན་བདུད་ཀྱིས་

གླགས་རྙེད་འགྱུར། །འདི་དག་རྒྱུན་ལས་བཟློག་པ་ན། །སྲིད་པ་ཉེ་བར་ལེན་མི་བྱེད། །སྐད་ཅིག་གསུམ་གྱིས་ཡེ་ཤེས་ཐོབ། །འཆི་མེད་བདེ་བའི་གནས་ཐོབ་སྟེ། །དག་པའི་སྐུས་ནི་འགྲོ་དོན་འབྱུང་། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་

གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོའི་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་མཆོད་པ་དང་གསང་སྔགས་མངོན་པར་འབྱུང་བ་རྡོ་རྗེ་སྒྱུ་འཕྲུལ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཆེན་པོའི་གསང་བ་ཆེན་པོའི་ཡེ་ཤེས་བླ་ན་མེད་པའི་ངང་ལས་རབ་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་

ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མེད་པས་སྒོམ་པ་མེད། བསྒོམ་པར་

བྱ་བ་བསྒོམ་བྱ་མིན། དེ་ལྟར་དངོས་པོ་དངོས་མེད་པས། སྒོམ་པ་དམིགས་པ་མེད་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་

Vol. 82 · folio 116b

པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་དག་མ་སྐྱེས་པས། ཆོས་དང་ཆོས་ཉིད་མེད་པ་སྟེ། ནམ་མཁའ་ལྟ་བུར་བདག་མེད་པས། བྱང་ཆུབ་ཚུལ་འདི་བསྟན་པའོ། །

ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཀུན་དུ་བྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱིས་གསུངས་སོ། །དེ་ནས་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའ་གནས་སུ་སྦྱོར་བ་

ཡིས། །དེ་ལྟར་དངོས་པོར་རབ་ཏུ་གྲགས། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲའི་རྒྱལ་པོ་གདོན་མི་ཟ་བདེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྡོ་རྗེ་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་བཅོམ་ལྡན་

Vol. 82 · folio 117a

འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བས་གསུངས་སོ། །དེ་ནས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོ་སྤྱན་མས་རྡོ་རྗེ་འཛིན་པ་ཐམས་ཅད་མཉེས་པར་བྱེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྲིད་མེད་མྱ་ངན་

འདས་མེད་པ། །འདི་ནི་རྡོ་རྗེ་བདེ་ཆེན་པོ། །སྒོམ་པ་མེད་ཅིང་བསྒོམ་པའང་མེད། །དགོས་པ་མཆོག་ཏུ་བསྒྲུབས་པས་བདེ། །ཞེས་གསུངས་སོ། །རྡོ་རྗེ་བཙུན་མོ་མཱ་མ་ཀཱིས་སངས་རྒྱས་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ། སྟོང་ཞིང་སྣང་མེད་གནས་ཀྱི་མཆོག །རྨི་ལམ་སྒྱུ་མའི་རང་བཞིན་ཅན། །སེམས་ཀྱི་རང་བཞིན་སྒོམ་པ་སྟེ། །ཇི་སྲིད་དུ་ཡང་མེད་པའོ། །ཞེས་གསུངས་སོ། །རྡོ་རྗེ་བཙུན་མོ་གོས་དཀར་མོས་སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པར་བྱེད་

པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དབྱངས་དང་ཡི་གེ་རྣམ་བྲལ་ཏེ། །དེ་ནི་སེམས་དང་ཐིག་ལེ་མིན། །འདི་ནི་དམ་པའི་བདེ་ཆེན་ཏེ། །དབྲི་ཞིང་བསྣན་པ་ཡོད་མ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་བཙུན་མོ་སྒྲོལ་མས་སངས་རྒྱས་ཐམས་

ཅད་ཀྱི་སྐུ་གསུང་ཐུགས་མི་སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་རྣམས་གཟུགས་བརྙན་རང་བཞིན་ཏེ། །དེ་བཞིན་བསྒོམ་བྱའི་དངོས་གང་ཡང་། །སྟོང་ཞིང་སྣང་མེད་གནས་མཆོག་སྟེ། །དེ་ཚེ་སྡིག་དང་བསོད་ནམས་དག །ཅེས་གསུངས་སོ། །

དེ་ནས་ལྷ་མོ་གཟུགས་རྡོ་རྗེ་དམ་ཚིག་མཆོག་གིས་མཆོད་པ་བླ་ན་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཔེར་ན་ཆུ་དང་ཟླ་བ་ནི། །བདེན་མིན་བརྫུན་པའང་མ་ཡིན་པ། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་འདི། །དང་ཞིང་གསལ་བའི་རང་བཞིན་ནོ། །

ཞེས་གསུངས་སོ། །ལྷ་མོ་སྒྲ་རྡོ་རྗེ་ནམ་མཁའི་འོད་ཀྱི་སྤྲིན་རྡོ་རྗེས་ཚིམ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྟོང་ཞིང་སྣང་མེད་གནས་གྱུར་པ། །རྨི་ལམ་སྒྱུ་མའི་རང་བཞིན་ཏེ། །སེམས་ཀྱི་ངོ་བོ་སྒོམ་པ་སྟེ། །ཇི་སྲིད་ཡང་དག་བདག་མེད་པའོ། །

Vol. 82 · folio 117b

ཞེས་གསུངས་སོ། །ལྷ་མོ་དྲི་རྡོ་རྗེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ཀུན་དུ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོས་འགྲོ་ཁྱབ་པ། །བདེ་བ་སྤངས་ན་རིགས་པ་མེད། །བདེ་བ་འབར་བས་སྲིད་པ་འཆིང་། །བདེ་བ་སུས་ཀྱང་བཟློག་མི་

ནུས། །ཞེས་གསུངས་སོ། །ལྷ་མོ་རོ་རྡོ་རྗེ་དམ་ཚིག་ཆེན་པོས་མཆོད་པ་ཀུན་དུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་རྣམས་བདེན་པ་མ་ཡིན་ཞིང་། །བརྫུན་པའང་མ་ཡིན་པ་ཡི་དོན། །བླང་དང་དོར་བར་བྱར་མེད་པ། །དེ་ཉིད་ཡེ་

ཤེས་མཆོག་ཏུ་བསྟན། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་རྡོ་རྗེ་སྤྲོ་བའི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསམ་གཏན་མེད་ཅིང་དངོས་པོ་མེད། །སྔགས་མེད་ལྷ་ཡང་མེད་པ་

ཉིད། །རྡོ་རྗེ་སེམས་དཔའ་རང་བྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐུ་རྡོ་རྗེ་ཞི་བའི་དམ་ཚིག་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡེ་ཤེས་ལྔ་ཡི་རབ་སྦྱོར་བས། །

བསོད་ནམས་མེད་ཅིང་སྡིག་པའང་མེད། །བྱང་ཆུབ་སེམས་འདི་བསྟན་པ་ཉིད། །དུ་མ་ཉིད་དུ་མི་དམིགས་སོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྡོ་རྗེ་དངོས་པོ་དང་དངོས་པོ་མེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་ཏེ། སྔགས་མེད་བཟླས་པའང་མེད་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །འགྲོ་བ་གསུམ་ཀུན་ཡོད་པ་སྟེ། །སྒོམ་པ་མེད་ཅིང་མངོན་རྟོགས་མེད། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ནམ་

མཁའི་སྙིང་པོ་ཏིང་ངེ་འཛིན་རྡོ་རྗེ་དམ་ཚིག་ལ་གཟིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དཔྱད་པས་འཇིག་རྟེན་གང་ནའང་མེད། །རྟག་ཏུ་འཇིག་རྟེན་ལྡན་པར་འཇུག །དག་པ་དང་ནི་གནས་དག་པའོ། །

Vol. 82 · folio 118a

ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་རྡོ་རྗེ་ཡེ་ཤེས་མཆོག་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐྱེ་བ་མེད་ཅིང་དམིགས་པ་མེད། །མི་ཕྱེད་ནམ་མཁའི་འབྱུང་གནས་ཏེ། །ཟབ་

ཅིང་རྒྱ་ཆེའི་རང་བཞིན་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་རྡོ་རྗེ་ཆོས་ཐམས་ཅད་ཀྱི་ཚུལ་གཅིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །དོན་དམ་ཀུན་རྫོབ་རྟེན་འབྲེལ་

ཙམ། །ཡང་དག་ཏུ་ན་གནས་པ་མེད། །ཆོས་རྣམས་དག་པ་ཡེ་ཤེས་ཆེ། །གནས་མེད་དམིགས་པ་མེད་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་ཆོས་ཐམས་ཅད་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །

རྒྱུ་དང་འབྲས་བུ་དག་པའི་ཆོས། །འགྲོ་ཞིང་ལྡོག་པའི་ཁྱད་པར་གྱིས། །རྟོག་པ་ཡང་དག་མི་དམིགས་པས། །སྤྲོས་མེད་གོས་པ་མེད་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཐམས་ཅད་དང་མཉམ་པ་རྡོ་རྗེ་མི་ཟད་པ་སྒྱུ་མར་རོལ་པ་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་དབྱིངས་ཡེ་ཤེས་ཁྱབ་པའི་སྐུ། །རྟོག་པ་མེད་ཅིང་དྲི་མ་མེད། །ཀུན་དུ་འབྱུང་ཞིང་དུས་གསུམ་དུ། །ཕྲ་ཞིང་བདག་མེད་ཚུལ་མཆོག་གོ། །ཞེས་གསུངས་སོ། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད། །རྡོ་རྗེ་འཁོར་

ལོའི་ཏིང་ངེ་འཛིན། །ཐམས་ཅད་ཆོས་ཉིད་དག་པ་ལས། །མི་རྟོག་ནམ་མཁའ་དྲི་མ་མེད། །སྣང་བ་སྣ་ཚོགས་རང་གྲོལ་བ། །སེམས་ཀྱི་མཚན་ཉིད་རྟག་ཏུ་མེད། །ཅེས་གསུངས་སོ། །གཞན་གྱིས་མི་ཐུབ་རྡོ་རྗེ་ཡིས། །མངོན་པར་བྱང་ཆུབ་ལ་ཞུགས་ཏེ། །སྒྱུ་མར་སྣང་

བ་རྨི་ལམ་ཚུལ། །རྟོག་དང་ནམ་མཁའ་དབྱེར་མེད་མཚན། །འདུ་འབྲལ་མེད་པའི་ཡེ་ཤེས་མཆོག །ཕྱག་རྒྱ་ཆེན་པོ་ཡང་དག་པའོ། །ཞེས་གསུངས་སོ། །ཁྲོ་བོ་པདྨའི་དམ་ཚིག་མཆོག །རིན་ཆེན་འབྱུང་གནས་ལ་བརྟེན་ཏེ། །ཆགས་པ་མེད་པའི་ཚུལ་མཆོག་གིས། །

Vol. 82 · folio 118b

སྐྱེ་མེད་རྟེན་འབྲེལ་རང་དག་པ། །ཆུ་རླབས་གཡོ་བ་རང་བཞིན་མེད། །གནས་པ་མེད་དེ་སྟོན་པ་པོ། །ཞེས་གསུངས་སོ། །ཁྲོ་བོ་བདུད་རྩི་འཁྱིལ་པ་དེས། །བྱིན་གྱིས་རློབ་པའི་ཡེ་ཤེས་ཚུལ། །འགྲོ་རྣམས་བྱང་ཆུབ་སེམས་རང་བཞིན། །ཁམས་རྣམས་

སྟོབས་སུ་གྱུར་པ་དག །དག་པ་བདེ་བའི་འབྱུང་གནས་ཏེ། །ཡེ་ཤེས་བརྟེན་པ་དེ་ལས་འབྱུང་། །ཞེས་གསུངས་སོ། །ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །མཁའ་དབྱིངས་ཏིང་འཛིན་ལ་ཞུགས་ཏེ། །རྟོག་པ་ཐམས་ཅད་དག་པའི་དབྱིངས། །ཆོས་རྣམས་ཐམས་ཅད་

རྐྱེན་ལ་བརྟེན། །རང་འབྱུང་ཡེ་ཤེས་ཐོབ་བྱེད་པ། །གནས་པ་མེད་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ཁྲོ་བོ་ཊཀྐི་རཱ་ཛ་རྒྱལ། །བསམ་གཏན་རྡོ་རྗེས་བརྟེན་པ་ཉིད། །ཡང་དག་ཡེ་ཤེས་དགའ་བས་བརྒྱན། །ལུས་དང་ལུས་མེད་བརྟེན་པ་མེད། །ཡེ་ཤེས་ལུས་ནི་དྲི་

མ་མེད། །རྟོག་པ་མེད་ཅིང་འགག་པ་མེད། །ཅེས་གསུངས་སོ། །ཁྲོ་བོ་རྡོ་རྗེ་དབྱུག་པ་འཛིན། །འཇིགས་པར་མཛད་པ་ཁྲོས་པའི་སྐུ། །སྙིང་རྗེ་ཆེན་པོས་གདུག་པ་འདུལ། །ཡེ་ཤེས་ཆེན་པོ་འབྱུང་བའི་རྒྱུ། །བྱམས་པའི་ཐུགས་ཀྱིས་ཁྱབ་པ་པོ། །སེམས་ཅན་མགོན་

པོ་དག་པའོ། །ཞེས་གསུངས་སོ། །གཙུག་ཏོར་དམ་ཚིག་ཁྲོ་བོ་ནི། །རིག་པའི་སྟོབས་མཆོག་ལ་གནས་པས། །བཀའ་ཡི་འཁོར་ལོ་རྒྱས་པ་པོ། །བསྟན་པའི་དོན་ནི་ཐོབ་པ་སྟེ། །ཉོན་མོངས་ཟད་བྱེད་ཡེ་ཤེས་མཆོག །གནས་པ་མེད་པས་སྟོན་པར་མཛད། །

ཅེས་གསུངས་སོ། །རྡོ་རྗེ་གནོད་མཛེས་ཁྲོ་བོ་ཆེ། །རབ་ཏུ་འབྱུང་གནས་ལ་བརྟེན་ནས། །ཡང་དག་སྟོབས་ནི་དག་པ་ཆེ། །ཆོས་ཀྱི་འབྱུང་གནས་འགག་པ་མེད། །རོལ་པའི་སྒྱུ་མ་སྟོན་པར་བྱེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །རྡོ་རྗེ་ཁྲོ་

བོ་སྟོབས་པོ་ཆེ། །སྐུ་གསུམ་མི་ཕྱེད་ལ་གནས་པས། །རྟོག་པས་མི་ཤིགས་བདུད་རྣམས་འཇོམས། །ཀུན་དུ་སྤྱོད་པ་ཀུན་དུ་སྤྱད། །ལོག་རྟོག་ཐམས་ཅད་གནས་སུ་དག །ཡེ་ཤེས་འབྱུང་གནས་ཆེན་པོའོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་

Vol. 82 · folio 119a

རབ་ཏུ་བརྟན་པ་ཡེ་ཤེས་ཀྱི་རོལ་བ་སྣ་ཚོགས་སུ་སྟོན་པ་རང་འབྱུང་བའི་རྒྱུད་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ཉིད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་

གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རབ་ཏུ་འབྱུང་བ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འདུས་ནས། སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་ཐམས་ཅད་དང་། ལྷ་མི་རྣམས་དང་། རིག་པའི་རྒྱལ་པོ་དང་། ཁྲོ་བོའི་ཚོགས་ཐམས་ཅད་ལ་ཡང་དག་པར་བསྟོད་པ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་

ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་སྐུ། །རྟག་པའི་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །མཉམ་མེད་དག་པ་མཆོག་གི་མཆོག །རྡོ་རྗེ་

སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །ཡེ་ཤེས་དག་པས་ཡང་དག་འབྱུང་། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་གྲུབ་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །གོས་པ་མེད་པའི་ཡེ་

ཤེས་ཅན། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །མོ་ཧ་ར་ཏིའི་སྔགས་ལས་སྐྱེས། །ས་ཡི་ཁམས་ནི་རྣམ་དག་ཅིང་། །དེ་བཞིན་གཤེགས་པའི་ཡུམ་གྱུར་པ། །ལྷ་མོ་སྤྱན་ལ་ཕྱག་འཚལ་ལོ། །དྭེ་ཥ་ར་ཏིའི་སྔགས་ལས་སྐྱེས། །ཆུ་ཡི་ཁམས་ནི་རྣམ་དག་པ། །རྡོ་རྗེ་

རིགས་ཀྱི་ཡུམ་གྱུར་ཅིང་། །མཱ་མ་ཀཱི་ལ་ཕྱག་འཚལ་ལོ། །རཱ་ག་ར་ཏིའི་སྔགས་ལས་བྱུང་། མེ་ཡི་ཁམས་ནི་རྣམ་དག་ཅིང་། པདྨའི་རིགས་ཀྱི་ཡུམ་གྱུར་བ། གོས་དཀར་ལྷ་མོ་ཕྱག་འཚལ་ལོ། །བཛྲ་ར་ཏིའི་སྔགས་ལས་སྐྱེས། །རླུང་གི་ཁམས་ནི་རྣམ་དག་པ། །

Vol. 82 · folio 119b

ལས་ཀྱི་རིགས་ཀྱི་ཡུམ་གྱུར་པ། །སྣ་ཚོགས་སྒྲོལ་མ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། །རྩ་རྒྱུས་ཁམས་ནི་དག་པའི་སྐུ། །ཉོན་མོངས་རྣམ་དག་བྱམས་པ་ནི། །རྒྱལ་བའི་རྡོ་རྗེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། །མིག་གི་

སྐྱེ་མཆེད་སྦྱོང་མཛད་ཅིང་། །ས་ཡི་སྙིང་པོ་དེ་བཞིན་གཤེགས། །སྐུ་ཡི་རྡོ་རྗེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །རྣ་བའི་སྐྱེ་མཆེད་རྣམ་དག་པ། །ཕྱག་ན་རྡོ་རྗེ་མཐུ་སྟོབས་ཅན། །ཐུགས་ཀྱི་རྡོ་རྗེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་

པོ་ནི། །སྣ་ཡི་སྐྱེ་མཆེད་སྦྱོང་གྱུར་པའི། །ནམ་མཁའི་སྙིང་པོའི་མཆོག་གྱུར་པ། །ཏིང་འཛིན་རྡོ་རྗེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ལྕེ་ཡི་སྐྱེ་མཆེད་དག་བྱེད་པ། །འཇིག་རྟེན་དབང་ཕྱུག་བླ་ན་མེད། །གསུང་གི་རྡོ་རྗེ་ཕྱག་འཚལ་ལོ། །

བྱང་ཆུབ་སེམས་དཔའ་ཞི་བ་ཆེ། །ཡིད་ཀྱི་སྐྱེ་མཆེད་རྣམ་དག་ཅིང་། །དག་པའི་སེམས་མཆོག་འཇམ་དབྱངས་སྐུ། །ནམ་མཁའི་རྡོ་རྗེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐེག་པ་ཆེ། །ལུས་ཀྱི་སྐྱེ་མཆེད་དག་པ་པོ། །སྒྲིབ་པ་ཐམས་ཅད་རྣམ་སེལ་མཛད། །

དམ་ཚིག་རྡོ་རྗེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་དབང་པོ། །འགྲོ་བའི་སེམས་རྒྱུད་སྦྱོང་མཛད་པ། །ཀུན་དུ་བཟང་པོ་ཡེ་ཤེས་རོལ། །ཆོས་དབྱིངས་རྡོ་རྗེ་ཕྱག་འཚལ་ལོ། །རྡོ་རྗེ་གཟུགས་ནི་ཡིད་དུ་འོང་། སྣང་སྟོང་ཀུན་དུ་རོལ་པ་ཡིས། ཆོས་རྣམས་

སྒྱུ་མའི་ཆོ་འཕྲུལ་སྟོན། གཟུགས་ཀྱི་ལྷ་མོ་ཕྱག་འཚལ་ལོ། །རྡོ་རྗེའི་སྒྲ་ནི་ཡིད་དུ་འོང་། །སྒྲ་དང་སྒྲ་མིན་ལས་གྲོལ་བ། །སྟོང་ཉིད་རང་སྒྲ་འབྱུང་བ་པོ། །སྒྲ་ཡི་ལྷ་མོ་ཕྱག་འཚལ་ལོ། །རྡོ་རྗེའི་དྲི་ནི་ཡིད་འོང་མཆོག །སངས་རྒྱས་ཐུགས་མཆོད་བདེ་བ་ཆེ། །ལོག་

པ་སད་པར་བྱེད་པ་པོ། །དྲི་ཡི་ལྷ་མོ་ཕྱག་འཚལ་ལོ། །རྡོ་རྗེ་རོ་ནི་དགའ་བའི་སྐུ། །དྲི་མེད་བདུད་རྩི་འཐོབ་བྱེད་ཅིང་། །དཀྱིལ་འཁོར་མ་ལུས་མཆོད་བྱེད་པ། །རོ་ཡི་ལྷ་མོ་ཕྱག་འཚལ་ལོ། །ཡ་མཱནྟ་ཀྲྀཏ་སྔགས་ལས་སྐྱེས། །སྐུ་ཡི་གསང་བ་ཁྲོ་བོ་ཆེ། །དབང་པོ་

Vol. 82 · folio 120a

མནན་ཅིང་ཤར་ཕྱོགས་བཞུགས། །གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །པྲཛྙཱནྟ་ཀྲྀཏ་སྔགས་ལས་སྐྱེས། །ཐུགས་ལས་སྐྱེས་པའི་ཁྲོ་རྒྱལ་ནི། །གཤིན་རྗེ་མནན་ཅིང་ལྷོ་ཕྱོགས་བཞུགས། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །པདྨཱནྟ་ཀྲྀཏ་སྔགས་

ལས་སྐྱེས། །གསུང་མཆོག་པདྨ་རང་འབྱུང་བ། །ཆུ་བདག་མནན་ཅིང་ནུབ་ཕྱོགས་བཞུགས། །གསུང་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད། །བིགྷནཱནྟ་ཀྲྀཏ་སྔགས་ལས་སྐྱེས། །ཕྲིན་ལས་སྣ་ཚོགས་མཛད་པ་པོ། །གནོད་སྦྱིན་མནན་ཅིང་བྱང་ཕྱོགས་བཞུགས། །

བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །རྣམ་པར་རྟོག་པས་མི་གཡོ་ཞིང་། །ཡེ་ཤེས་གསང་བའི་དོན་ལྡན་པའི། །ཁྲོ་རྒྱལ་བྱིན་ཟའི་སྟེང་བཞུགས་པ། །མི་གཡོ་མགོན་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་ཆེན་པོ་མི་བཟད་པས། །ལོག་འདྲེན་དཔུང་རྣམས་འཇོམས་

མཛད་པ། །ཁྲོ་རྒྱལ་བདེན་བྲལ་སྟེང་ན་བཞུགས། །འདོད་པའི་རྒྱལ་པོ་ཕྱག་འཚལ་ལོ། །གཏུམ་པོ་སྲིད་གསུམ་འཇོམས་མཛད་ཅིང་། །སྙིང་རྗེའི་སྟོབས་དང་ལྡན་པའི་སྐུ། །རླུང་བདག་སྟེང་གནས་ཁྲོ་བོ་ཆེ། །དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་

གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་གིས་དབང་བསྐུར་བ། །ཁྲོ་རྒྱལ་དབང་ལྡན་སྟེང་བཞུགས་པ། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །དུག་གསུམ་རྟོག་པ་དག་བྱས་ཤིང་། །སྣ་ཚོགས་སྒྱུ་མར་གར་མཛད་པ། །ཚངས་པའི་སྟེང་བཞུགས་ལྷ་ཡི་གཙོ། །འཁོར་

ལོས་སྒྱུར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ། །སྤྲོས་མེད་དེ་བཞིན་ཉིད་ལས་བྱུང་། །ཀཱ་ལ་ཀྲོ་དྷ་གནོན་མཛད་པ། །ཁྲོ་རྒྱལ་གནོད་མཛེས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ལས་རང་བྱུང་བ། །སངས་རྒྱས་ཀུན་གྱི་དེ་བཞིན་ཉིད། །སྒྱུ་མ་དག་ལ་སྤྲོས་

མེད་སྐུ། །འོད་གསལ་བདེ་བའི་བསམ་གཏན་ཉིད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས། །རླུང་སྔགས་ལས་བྱུང་རང་དག་ཅིང་། །ཐམས་ཅད་ཆོས་ནི་ཡོངས་རྫོགས་པར། །སྣང་བ་ཡེ་ཤེས་རང་བཞིན་ཚོགས། །སྤྲོ་དང་

Vol. 82 · folio 120b

བསྡུ་བ་ཉིད་གྱུར་པ། །ཟུང་འཇུག་ཏིང་འཛིན་ལ་འཇུག་གང་། །དབྱེ་བས་ཡེ་ཤེས་དག་པའི་གནས། །མཆོད་པས་ཡང་དག་ཐོབ་པར་འགྱུར། །དེ་ཉིད་བླ་མའི་སྐུ་ཉིད་དོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་

གསང་བ་འདུས་པ་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསང་བ་ཆེན་པོ་རབ་ཏུ་རྒྱས་པའི་མཆོད་ཅིང་བསྟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།རྡོ་རྗེ་མི་འགྱུར་བ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་དང་པོ་རྫོགས་སོ།། །།

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་བཀོད་པ་དུ་མར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ནས་དེ་

བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་བཞིན་གཤེགས་པ་དུ་མའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་གསང་བ་བླ་ན་མེད་པའི་རྡོ་རྗེ་མངོན་པར་རྫོགས་པའི་ཚུལ་མི་ཟད་པ་རྡོ་རྗེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་

ཅན་ནམ་མཁའི་མཐས་ཀླས་པར་གྱུར་པའི་ཁམས་བརྗོད་དུ་མེད་པའི་གནས་ཀྱི་ཆོས་ཉིད་དང་གཉིས་སུ་མེད་པ་མཉམ་པ་ཉིད་དུ་རབ་ཏུ་སྟོན་པ། རབ་འབྱམ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཚད་དང་རྒྱ་ཡོངས་སུ་ཆད་པ་མེད་པ་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་ཞིང་

ཁམས། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གནས་འགྱུར་བ་མེད་པར་གསང་བའི་འབྲུག་སྒྲ་སྒྲོགས་པའི་སྤྱོད་ཡུལ། རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་མངོན་པར་བསྔགས་པ་དང་། རྣལ་འབྱོར་མ་སྐུལ་བྱེད་མ་དང་། འོད་ཟེར་ཅན་དང་།

རལ་པ་གཅིག་མ་དང་། རི་ཁྲོད་ལོ་མ་ཅན་དང་། ཀུ་རུ་ཀུལླེ་དང་། རྡོ་རྗེ་དབྱངས་ཅན་མ་དང་། དྲི་མ་མེད་པའི་རྣམ་པར་རྒྱལ་མའི་གཙུག་ཏོར་དང་། གཙུག་ཏོར་མི་ཟད་པ་བསྔགས་པ་རྡོ་རྗེ་དང་། གཙུག་ཏོར་གདུགས་དཀར་མོ་ཅན་རྡོ་རྗེ་ལ་སོགས་པ་རི་རབ་སུམ་ཅུ་རྩ་

Vol. 82 · folio 121a

དྲུག་གི་རྡུལ་དང་མཉམ་པའི་རྣལ་འབྱོར་མའི་ཚོགས་རྣམས་དང་ལྷན་ཅིག་ཏུ། གསང་བའི་སྤྱོད་པ་རྨད་དུ་བྱུང་བ་ཡེ་ཤེས་བདེ་བ་ཆེན་པོའི་རོལ་པ་ལ་ཡོངས་སུ་སྤྱོད་དེ། དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་བདེ་བའི་

རོས་ཁྱབ་པར་བྱེད་ཅིང་རང་རང་གི་རིགས་ཀྱི་བདག་པོ་མཆོད་པར་བྱེད་དོ། །དེ་བཞིན་གཤེགས་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་འདུས་པ་དཔལ་མཆོག་ཆེན་པོ་སྙིང་པོའི་དཀྱིལ་འཁོར་འདི་རྟོགས་

པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་སྟོང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་མོ་དུ་མ་ལས་ཕྱུང་སྟེ། གསང་བ་ཆེན་པོའི་ཆོས་གནས་ཀྱི་དོན་མངོན་པར་བརྗོད་པ་རྒྱ་མཚོ་དང་མཚུངས་པ་སྟོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་ལོག་པར་དད་སེལ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་དམིགས་མེད་པར། །སྒྱུ་མ་ལྟ་བུར་བསྟན་པ་གང་། །

གསང་བའི་ཡེ་ཤེས་རང་འབྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱིས་རྣམ་པར་ཐར་པའི་རྡོ་རྗེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་

ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་བསམ་གྱིས་མི་ཁྱབ་པས། །བཅིངས་པ་མེད་ཅིང་གྲོལ་བ་མེད། །ཐམས་ཅད་རྣམ་པར་དག་པའི་དབྱིངས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུང་

གིས་རྡོ་རྗེ་མི་ཟད་པ་བྱམས་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རྨི་ལམ་མཚུངས་པ་ལས། །ནམ་མཁའ་ལྟ་བུར་བདག་མེད་པས། །དམིགས་པ་རྣམས་ལས་ཡོངས་གྲོལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

Vol. 82 · folio 121b

ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྒྱུ་མ་ལྟ་བུ་དམིགས་པ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་བཞིན་གྱིས་ནི་དག་པའི་བདག །སྲིད་གསུམ་མིག་འཕྲུལ་མཚུངས་

མེད་པར། སྟོང་པ་ཉིད་ནི་དག་པའི་དངོས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པས་གསང་བའི་ཡི་གེ་རྣམ་པར་དག་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །གང་དུ་ཆོས་དང་ཆོས་ཉིད་མེད། ཐམས་ཅད་རྣམ་པར་མི་རྟོག་པས། བརྗོད་པ་ཀུན་ལས་འདས་པ་སྟེ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེས་ཡེ་ཤེས་སྡོང་པོས་བརྒྱན་

པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ལ་རྟོག་པར་གྱུར་པ་མེད། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །དངོས་པོ་ཉིད་དུ་རྣམ་པར་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་རབ་རྩལ་གྱིས་དྲི་མ་མེད་པའི་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་བྱང་ཆུབ་སེམས་ཀྱི་གསང་། །ཆོས་ཀུན་སྙིང་པོ་རྡོ་རྗེའི་སྐུ། །ལྷུན་གྱིས་གྲུབ་པ་ཡེ་ཤེས་དབྱིངས། བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་ཀུན་ནས་གསལ་བའི་སྙིང་པོས་ཡེ་ཤེས་རྡོ་རྗེ་འབར་བ་མི་ཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་མི་

འགྱུར་སྣང་བ་མེད། དག་པའི་ངོ་བོ་རོ་མཉམ་པ། ཕུང་པོ་ལྔ་ལྡན་ཉིད་ཀྱི་ངང་། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་གཉིས་པ་ཀུན་དུ་སྣང་བའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་བསྐུལ་

Vol. 82 · folio 122a

བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་རང་གི་སེམས་རྟོགས་བྱ། དེ་ཉིད་ཆོས་ཀུན་རྩ་བ་སྟེ། སྙིང་པོ་འདི་ཉིད་སྦས་པར་གནས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་ལེགས་སྣང་པས་རང་དག་པར་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་གང་འགྱུར་དབྱིངས་ཉིད་ལ། ཡེ་ཤེས་རྒྱལ་བ་ཀུན་གྱི་ཐུགས། དམ་པ་

འདི་ནི་འདུས་པར་གསུངས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འགྲོ་བའི་དེད་དཔོན་རྒྱལ་པོས་འགྲོ་བ་སེམས་ཅན་ཐམས་ཅད་ཡང་དག་པར་སྒྲོལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཇི་ལྟར་པདྨ་ཆུ་ཀླུང་ལས། །རབ་ཏུ་སྐྱེ་བ་ཟིལ་འཕྲོ་བ། །དེ་ཉིད་སྡོང་བུ་འདིར་རྟོགས་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལག་ཆེན་རྒྱལ་པོས་འགྲོ་བ་

ཐམས་ཅད་ཡང་དག་པར་འདུལ་བའི་ཏིང་ངེ་འཛིན་མི་ཟད་པའི་ཚུལ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་མེད་ནམ་མཁའ་ཡངས་པ་ནི། །ཀུན་ལ་གནས་ཤིང་མི་འགྱུར་བ། །དྲི་མ་མེད་ཅིང་འབར་བའི་འོད། །བྱང་ཆུབ་ཚུལ་འདི་བསྟན་

པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོབས་མི་ཟད་པའི་དཔལ་གྱི་རི་རབ་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མི་ཕྱེད་རྡོ་རྗེ་ནི། །སྟོང་ཉིད་བྱང་ཆུབ་སེམས་རྡོ་རྗེ། །

སྙིང་རྗེའི་སྙིང་པོ་དྲན་པར་བརྗོད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོས་དྲན་པའི་སྙིང་པོ་རིན་པོ་ཆེའི་སྣང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

Vol. 82 · folio 122b

སོ། །འདིར་ནི་ཆོས་རྣམས་སྟོང་པ་ཉིད། །ཆུ་དང་ཟླ་བ་མཚུངས་པ་སྟེ། །སྒྱུ་མ་ཉིད་དུ་འགག་མེད་འཆར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩི་སྨན་མི་ཟད་པའི་ཡེ་ཤེས་སྟོབས་ཀྱི་རྒྱལ་པོས་

ཕུན་སུམ་ཚོགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྣང་ལ་རང་བཞིན་མེད། །སྟོང་པ་མཁའ་དང་མཚུངས་པ་སྟེ། །རོལ་པ་རང་འབྱུང་མཉམ་པ་ཉིད། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྙན་པའི་ཏོག་ཆེན་པོས་འོད་མི་ཟད་པའི་འབྱུག་གནས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་ཉིད་རྒྱལ་བའི་འབྱུང་གནས་ཏེ། རྟོག་པའི་

དྲ་བ་རྣམ་གཅོད་པ། རང་ལས་འཆར་གྱི་གཞན་ལས་མིན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཆེན་པོ་མི་ཟད་པའི་དཔལ་གྱིས་ཟླ་བ་ཀུན་དུ་སྟོན་པར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འགྲོ་ཀུན་བརྟན་དང་གཡོ་བ་ཡི། །དངོས་པོ་མཉམ་ཉིད་རྫོགས་སངས་རྒྱས། །གཅིག་དང་དུ་མར་དམིགས་སུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་རྣམ་པར་གྲོལ་བའི་ཕུང་པོས་ཡེ་ཤེས་ཀྱི་སྤྲིན་རྣམ་པར་བཀོད་པ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་པ་ཉིད་ལ་ཀུན་རྟོག་བྲལ། །དུས་གསུམ་མཁྱེན་པ་དུས་མི་དམིགས།

ཡང་དག་ཉིད་དུ་ཀུན་གྲོལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཀྱི་རྒྱལ་པོ་མི་ཟད་པའི་སྣང་བས་ཆོས་ཐམས་ཅད་ཡང་དག་པར་ཁྱབ་པ་མི་འགྱུར་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

Vol. 82 · folio 123a

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་རྣམ་བྲལ་མུན་པ་མེད། གང་དུ་རྟོག་ལས་རྣམ་གྲོལ་ཞིང་། གྲོལ་བའི་རྒྱུ་ནི་བདེན་པས་སྟོང་། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ཉི་མའི་སྙིང་པོས་ཀུན་དུ་ཁྱབ་པར་བྱེད་པ་ཞེས་བྱ་བའི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་རྩེ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འབྱུང་དང་འབྱུང་ལས་གྱུར་པ་གང་། །དེ་ཉིད་སྲོག་ཆགས་སྲོག་གྱུར་པ། །སེམས་ཅན་བྱང་ཆུབ་

སྙིང་པོ་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་འཕྲོ་བའི་རྒྱལ་མཚན་གྱིས་སྙིང་པོ་ཀུན་དུ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

གང་དུ་བདུད་ཀྱི་ཚོགས་ཀུན་ཡང་། །རང་གི་སེམས་ལས་བྱུང་བས་ན། །ཕྱི་རོལ་ཉེ་བར་དམིགས་སུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་ལ་འདི་ལྟ་སྟེ། ས་བླའི་ལྷ་དང་། རྒྱལ་ཆེན་རིས་བཞིའི་ལྷ་དང་།

སུམ་ཅུ་རྩ་གསུམ་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། འཐབ་བྲལ་གྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། གཟུགས་ན་སྤྱོད་པའི་འོག་མིན་གྱི་ལྷའི་བར་གྱི་མེ་ཏོག་གི་རྣམ་པ་ལ་འདི་ལྟ་སྟེ། པདྨ་དང་། ཨུཏྤལ་དང་། ཀུ་མུ་ད་དང་། པུན་

ད་རཱི་ཀ་དང་། པདྨ་གེ་སར་དང་། ཛིམ་པ་ཀ་དང་། ན་དི་ཀེ་ས་ར་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ལ་སོགས་པ་སྟེ། འདབ་མ་ལྔ་པ་དང་། བདུན་པ་དང་། བརྒྱད་པ་དང་། བཅུ་པ་ནས་འདབ་མ་སྟོང་དང་ལྡན་པའི་

བར་དུ་མེ་ཏོག་གིས་མངོན་པར་གཏོར། རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་ཅིང་ལྷའི་བུ་དང་ལྷའི་བུ་མོ་རྣམས་མངོན་པར་རབ་ཏུ་དགའ་བའི་ཡིད་ཀྱིས་ཡོངས་སུ་མཆོད་པར་བྱེད་དོ། །ཀུན་དུ་མཆོད་པར་བྱེད་དོ། །ལེགས་པར་རབ་ཏུ་མཆོད་ཅིང་ལྷའི་དབྱངས་ཀྱིས་ལེགས་

Vol. 82 · folio 123b

སོ་ཞེས་རྗོད་པར་བྱེད་དོ། །དེ་ནས་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མཆོད་པ་ལ་འོང་སྐད་ལྷའི་རྒྱལ་པོ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་བཟངས་ལྡན་དང་། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་དང་། མིའམ་

ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱི་བུ་མོ་ཡིད་འཕྲོག་མ་དང་བཅས་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རཏྣ་ཀུ་བེ་ར་དང་། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་འཁོར་དང་བཅས་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་ལུས་སྟོབས་ལྡན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་བ་

འཁོར་དང་བཅས་པ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པས་སོ་སོ་ནས་མཆོད་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་མགོ་བོས་ཕྱག་བྱས་ཤིང་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཤིང་ནམ་མཁའ་ལས་སོང་སྟེ་མི་སྣང་བར་

གྱུར་ནས། སྐད་ཅིག་ཙམ་གྱིས་སོ་སོའི་གཞལ་ཡས་ཁང་དུ་སྟན་ལ་གནས་པར་གྱུར་ཏོ། །དེ་ནས་ས་གསུམ་དུ་ཁྱབ་པའི་འོད་ཀྱི་སྣང་བ་ཆེན་པོ་མི་ཟད་པ་བྱུང་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་རེག་པར་གནས་པས་ཁྱབ་པར་བྱས་ཏེ་སླར་ལོག་ནས་བདག་ཉིད་

ཀྱི་སྐུ་ལུས་ཀྱི་བ་སྤུའི་བུ་གར་མངོན་པར་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་འདུས་པ་ཆེན་པོ་གསང་བའི་

མཆོད་པ་ཐོག་མར་བསྟན་པ་སྟེ་ལེའུ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་བཟངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འཁོར་ལོའི་སྙིང་པོ་རྡོ་རྗེ་ཀུན་དུ་ཁྱབ་པར་བསྐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ། །གཉིས་མེད་ཡེ་ཤེས་རང་བཞིན་ཅན། །ཡེ་ཤེས་སྣང་བ་མི་ཟད་པའི། །འོད་གསལ་བརྗོད་དུ་མེད་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་

Vol. 82 · folio 124a

པ་མྱ་ངན་མེད་པའི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པདྨོ་རིན་པོ་ཆེ་འབྱུང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་བྱང་ཆུབ་དམ་པའི་གཞི། །ལུགས་འབྱུང་ཆོས་ཀྱི་རང་

བཞིན་དབྱིངས། །ལུགས་ཟློག་གསང་བ་ཉེར་བསྟན་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་རྒྱལ་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱ་མཚོ་ཆེན་པོ་ཡེ་ཤེས་ཀྱི་འབྱུང་གནས་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་མེད་ཅིང་དཔེ་མེད་པ། །མཚོན་པ་ཙམ་གྱིས་རྟོགས་དཀའ་བ། །འཛུབ་ཀྱིས་ཟླ་མཚོན་བཞིན་དུ་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རབ་རྩལ་ཟླ་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་མེད་མྱུ་གུ་བསྐྱེད་པ་ཡི། །ས་བོན་འདིས་ནི་ཀུན་ཁྱབ་པ། །

ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུའི་ཕྲེང་བ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ལ་རབ་ཏུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་བ་འདི་ནི་རགས་པའི་ལམ། །མཆེད་པ་འདི་ནི་ཕྲ་བ་སྟེ། །ཐོབ་པ་མཆོག་ཏུ་གྱུར་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་

གནས་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་པ་དངོས་པོ་ཡུལ་གྱིས་བྲལ། །ལུས་ཀྱིས་སྟོང་པ་རྟེན་འབྲེལ་འབྱུང་། །ཤིན་ཏུ་སྟོང་

Vol. 82 · folio 124b

པ་ཕྱི་ནང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་པར་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྱུ་མའི་སྤྲུལ་པ་དུ་མར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་མཐུན་གང་ཡིན་བྱེད་པ་སྟེ། །འབྲས་བུ་དབང་སྒྱུར་རྣམ་པར་སྨིན། །དྲི་མ་མེད་པ་ལྷན་ཅིག་སྐྱེས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་སྣང་བའི་འོད་མི་གཡོ་

བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་འཕྲོ་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་རྐྱེན་ཉེ་བར་ལེན་པ་དང་། །ལྷན་ཅིག་བྱེད་པའི་སྤྱོད་པ་ཅན། །མཚན་ཉིད་མེད་པའི་ངོ་བོ་ཡི། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐུ་དཔུང་ཡང་དག་ལྡན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་རྣམ་པར་འཕྲུལ་པ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །ཀུན་དུ་བརྟགས་པའི་རྣམ་པ་ཅན། །དེ་ཡི་དྲི་མ་རྣམ་སྦྱངས་ཏེ། །འཇུག་པ་དང་ནི་ལྡོག་པ་ཡིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོས་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀུན་དུ་སྣང་བ་དམ་པའི་རྒྱན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་འདི་གཞན་གྱི་དབང་དུ་བརྗོད། །སྤྱི་དང་ཁྱད་པར་དབྱེ་བ་མེད། །སྐྱེ་བ་མེད་ཕྱིར་བརྗོད་པར་བྱ། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་སྙིང་པོ་གློག་གི་འོད་ཟེར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཉིད་

Vol. 82 · folio 125a

ཡོངས་སུ་གྲུབ་པ་ལས། །ངོ་བོ་བདེན་པར་འགྱུར་བ་མེད། །ཕ་རོལ་ཕྱིན་པའི་ཚུལ་མཆོག་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨིན་མཚམས་ཀྱི་མཛོད་སྤུ་རབ་ཏུ་རྒྱས་པའི་

དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་པས་ནི་ཀུན་དུ་སྟོན། །འདས་པའི་ཡེ་ཤེས་དག་པའི་ལམ། །མི་འགྱུར་བ་ནི་ཕྱག་རྒྱུ་ཆེ། །

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྟན་ལྡན་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗོན་ཤིང་རྒྱས་པའི་བསིལ་གྲིབ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །འདོད་ཁམས་སྒྲ་དང་དངོས་པོས་སྟོང་། །གཟུགས་ཀྱི་ཁམས་ནི་ལུས་ཀྱིས་སྟོང་། །གཟུགས་མེད་ཁམས་ནི་ཡིད་ཀྱིས་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷའི་

དཔལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱམས་པ་ཆེན་པོའི་གདུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པ་ཀུན་དུ་འབྱུང་བ་དག །ཡེ་ཤེས་རིག་ལ་རྣམ་དབྱེ་བས། །དམན་པ་མཆོག་དང་བར་མ་སྟེ། །

རིགས་ནི་ཆོས་ཀྱི་དབྱིངས་ལ་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུལ་དཀའ་བ་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་གྲུ་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་ཆོས་ཉིད་གཅིག་པའི་ཕྱིར། །འདི་ནི་ཐེག་མཆོག་ཡངས་པའི་ལམ། །གྲུབ་པ་ཀུན་དུ་སྤྱོད་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་

Vol. 82 · folio 125b

གྱི་རྒྱལ་མཚན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བ་ཆེན་པོ་ཡང་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་སྐུ་དེ་བཞིན་ཉིད་ཡིན་ཏེ། །ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་བརྗོད། །སྤྲུལ་སྐུ་སྣ་ཚོགས་འགྲོ་

དོན་བྱེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲ་གཅན་ཡེ་ཤེས་ཀྱི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཏང་སྙོམས་ཚད་མེད་པ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐུ་གསུམ་གཅིག་ཏུ་བསྡུས་པ་ནི། །ཐ་དད་རྟོག་པ་སྤང་བའི་ཕྱིར། །སྙིང་པོ་ཡེ་ཤེས་གྱུར་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚོགས་ཅན་

འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བུམ་པ་བཟང་པོ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་བླ་མེད་ཁྱད་པར་བ། །ཟུང་འཇུག་འབྲས་བུ་རབ་གྱུར་པས། །རིམ་གཉིས་གཅིག་ཏུ་སྦྱོར་བ་ཉིད། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཁང་བཟངས་བཀོད་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །སྙིང་པོ་ཀུན་དུ་བསྐུལ་པ་ནི། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་པས། །མྱུར་དུ་མངོན་པར་འཚང་རྒྱའི་ལམ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚིག་བསྟན་གྱིས་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་དྲན་པ་ཡང་དག་པར་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱང་ཆུབ་སེམས་ཀྱི་ཡི་གེ་གསུམ། །སྤྲོ་དང་བསྡུ་བ་མི་བྱེད་པས། །བསྐུལ་བ་ཕྲིན་ལས་སྤྱོད་པ་མིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

Vol. 82 · folio 126a

ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི། །དེ་ཉིད་ཤེས་པའི་གནས་ཡིན་ཏེ། །འདི་ནི་སྒྲུབ་པའི་དེ་ཉིད་ཡིན། །ཡིད་བཞིན་ནོར་བུ་ལྟ་བུར་སྤྱོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་

རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པའི་ཀུན་དུ་སྤྱོད་པའི་སྣང་བ་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འགྱིང་བ་དཔལ་གྱི་སྡེས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་གླང་པོའི་སྟོབས་མཆོག་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྟན་པ་དང་ནི་གཡོ་བ་ཡི། །སྲོག་ནི་རླུང་ལ་བརྟེན་པ་ཡིན། །ཁྱབ་ཅིང་སྙིང་པོར་ལྡན་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་མཛད་མི་འཁྲུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་རབ་ཏུ་སྣང་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་བྱང་ཆུབ་

སེམས་དཔའ་དང་། །རིག་མ་ལྷ་མོ་ཁྲོ་ཚོགས་བཅས། །ཐུགས་ཀ་ནས་ནི་བསྐུལ་བ་ཤིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་ཆེན་འབར་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་

པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་གྲོལ་སྙིང་པོ་དུ་མའི་ཕུང་པོ་དག །བཅིངས་པ་མེད་ཅིང་རྣམ་པར་འཐོར་མེད་པ། །ཚུལ་འདི་ཐམས་ཅད་རྒྱུ་དང་འབྲས་བུར་འབྱུང་། །བྱང་ཆུབ་ཚུལ་འདི་ངེས་པར་

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བཟང་པོ་ཡོངས་སུ་རྒྱས་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

Vol. 82 · folio 126b

གསུངས་སོ། །སངས་རྒྱས་རྣམས་ནི་ཡེ་ཤེས་སྐུ། །བཀྲ་ཤིས་དགེ་བའི་མཚན་གྱིས་སྤྲས། །དེ་ཉིད་ཀུན་གྱི་རྣམ་པར་སྟོང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྡོམ་པ་རབ་ལྡན་དགྱེས་པས་སངས་རྒྱས་

ཐམས་ཅད་ཀྱི་དཔེ་བྱད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྡོམ་པ་ཐམས་ཅད་སྙིང་པོ་ནི། །འདིར་ནི་ཐབས་དང་ཤེས་རབ་ཉིད། །གཉིས་མེད་དེ་བཞིན་གཤེགས་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྙེམས་པས་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྲིད་གསུམ་བརྟན་དང་གཡོ་བ་ཡི། །དངོས་པོ་མི་

དམིགས་སྣང་མེད་པ། །ཆོས་ཉིད་མཉམ་པ་ཉིད་གྱུར་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ལམ་དུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་རོ་མཉམ་གཅིག་པའི་བདག །རྒྱུ་དང་འབྲས་བུར་བསྟན་པ་ཡིན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་པདྨའི་སྤྱན་རྒྱས་པ་ཞེས་བྱ་བའི་སངས་རྒྱས་དུ་མའི་རྗེས་སུ་འགྲོ་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྤྱན་ལྔ་ཡེ་ཤེས་སྤྱོད་ཡུལ་དུ། །གཉིས་སྣང་ཐམས་ཅད་ནུབ་ནས་ནི། །ཟུང་འཇུག་ཡེ་ཤེས་མི་

གནས་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོབས་ཀྱི་སྡེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་ཀྱི་དཔུང་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

Vol. 82 · folio 127a

སོ། །སྐྱེ་བ་མེད་ཅིང་གནས་མེད་པ། །རང་འབྱུང་རང་བཞིན་རང་གནས་པ། །གཉུག་མ་རྒྱུན་ཆད་མེད་པའི་དང་། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་འོད་ཟེར་གྱིས་སངས་རྒྱས་

ཐམས་ཅད་ཀྱི་འབར་བའི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཡེ་ཤེས་འོད་ཟེར་གྱིས། །སྙིང་གི་པདྨོ་སད་མཛད་པ། །དེ་ཉིད་མི་འགྱུར་བདེ་བ་ཐོབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཡེ་ཤེས་དགྱེས་པར་སྤྱོད་པས་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་མངོན་པར་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་གསུམ་མ་ལུས་སངས་

རྒྱས་ཞིང་། །དབྱེར་མེད་ཡེ་ཤེས་རྒྱས་པའི་ཐུགས། །འགྲོ་བའི་མཚན་མ་དམིགས་སུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་དཔའ་བར་འགྲོ་

བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚོགས་དྲུག་རང་སྣང་རྟོག་པ་མེད། །རྣམ་ཤེས་བརྟགས་པ་རྣམ་བྲལ་བ། །གཟུང་འཛིན་ཀུན་ལས་རྣམ་གྲོལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་ཚངས་པ་སྣང་བས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཀུན་ནས་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དོན་དམ་རྣམ་པར་མི་དམིགས་པ། །ཡོད་མེད་མཐའ་ལས་འདས་པ་སྟེ། །གཟིགས་བྱར་

མེད་ཅིང་རྟག་ཏུ་སྟོང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མི་ཟད་པས་བདེ་བས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་ལ་རང་བཞིན་

Vol. 82 · folio 127b

མ་གྲུབ་པས། །མི་རྟག་གཡོ་བ་དངོས་ལ་ནི། །བདེན་པ་དམིགས་སུ་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་སྦྱིན་པས་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེས་བསྙེལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ནི་དྲི་མར་བཅས་པ་དག །བག་ཆགས་རྟོགས་པས་རབ་དཀྲུགས་པ། །ས་ལེར་བཞག་པས་རང་དངས་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་བརྟན་པར་གཤེགས་པས་འགྲོ་བའི་བློ་རང་ཆགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་འབྱུང་ཡེ་ཤེས་ནམ་མཁའ་ནི། །ཐ་སྙད་རྣམས་ལས་ཡོངས་གྲོལ་བ། འཆར་བ་

མེད་ཅིང་ནུབ་པ་མེད། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་མཐོང་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་རྒྱས་པའི་ཉི་མའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དད་དང་ལྡན་པའི་སྐྱེ་བོ་ནི། ཤེས་རབ་སྣང་བ་རབ་བསྐུལ་ནི། མུན་པ་ལ་ནི་སྣང་བ་བཞིན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་སྦྱིན་པས་སངས་

རྒྱས་ཐམས་ཅད་ཀྱི་རི་རབ་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་རྟོག་དྲི་མ་སྤངས་ཞིང་གསལ་བ་ཡི། །ཀུན་ནས་ཀུན་དུ་འཇུག་པའི་ཡིད་དག་ཀྱང་། །རྒྱུན་ལས་བཟློག་ན་རང་བཞིན་མེད་པར་འགྲོ། །ངེས་པར་

གསང་བ་བྱང་ཆུབ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟང་སྐྱོང་གིས་འགྲོ་བ་ཐམས་ཅད་ཀྱི་མུན་པ་སེལ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་མི་དམིགས་

Vol. 82 · folio 128a

མཚན་མ་མེད། །བསམ་གཏན་ཏིང་འཛིན་གནས་མེད་པར། །མཉམ་རྗེས་མི་དམིགས་གྲོལ་བའི་མཐའ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བོས་སངས་རྒྱས་ཐམས་ཅད་ཀྱི་ཟབ་

མོའི་སྤྱོད་ཡུལ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བའི་གནས་ནི་སྒྱུ་མ་སྟེ། །སྒྱུ་མ་ཙམ་དུའང་མི་གནས་པ། །ཡེ་ཤེས་མངོན་པར་འབྱུང་བས་ན། །ངོ་བོ་ཉིད་ཀྱི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །

སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །དུས་གསུམ་སངས་རྒྱས་གང་འདས་དང་། །མ་བྱོན་ད་ལྟར་བཞུགས་པ་དག །ཕྱོགས་བཅུ་ཆོས་ཀྱི་དབྱིངས་བཅས་པར། །དཔག་མེད་དུག་ལྔའི་རྟོག་ཚོགས་ལྡན། །སྐྱེ་བོ་ཤིན་ཏུ་གཏུམ་པ་དང་། །ཆགས་དང་སེར་སྣས་འཇུངས་པ་དང་། །རྨོངས་

དང་མ་རུངས་ལས་བརྩོན་རྣམས། །རྒྱུད་ལྔའི་འཁོར་བའི་འཁོར་ལོ་ལས། །སྒྲོལ་མཛད་དཀྱིལ་འཁོར་ཆེན་པོ་ལྔ། །རྒྱུན་མི་འཆད་པར་དོན་སྤྱོད་ཅིང་། །སྣ་ཚོགས་ཐབས་ཀྱིས་འདུལ་མཛད་པ། །དེ་དང་དེ་ཡི་སྐུར་བསྟན་ནས། །རིས་མཐུན་ལམ་དུ་སྟོན་མཛད་དེ། །ཐམས་ཅད་

དབྱེར་མེད་དག་པར་འགྱུར། །འདི་ཉིད་བསྡུས་པའི་བདུད་རྩི་སྟེ། །རྡོ་རྗེ་ཕྲེང་བར་འགྱུར་བ་དང་། །དགོངས་པ་ལུང་སྟོན་གསང་བའི་རྒྱུད། །ཡེ་ཤེས་རྡོ་རྗེ་བསྡུས་པ་ནི། །ཁྱད་པར་སྟོན་པ་འཕགས་པའི་ཆོས། །བཞིས་བསྡུས་ལྷ་མོའི་གསང་ཆེན་དང་། །ཐུན་མོང་མ་ཡིན་སྟོན་པ་

ཡི། །གསང་བ་བླ་མེད་རྒྱུད་འདིར་ངེས། །སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྟན་པ་མཆོག་གི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་

པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བསྟན་པ་མི་ཕྱེད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཆི་མེད་བདུད་རྩི་རྒྱལ་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བདུད་རྩི་

Vol. 82 · folio 128b

འབར་བ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་ལས་གཞན་མེད་དེ། །སྣང་ཞིང་གསལ་བར་གྱུར་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེ་རྒྱལ་མཚན་གྱིས་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྣམ་པར་སྤྲོ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་རང་རིག་ཉམས་མྱོང་ལྟར། །གལ་ཏེ་སེམས་ཉིད་མ་ཡིན་

ན། །འབྲེལ་པ་མེད་ཕྱིར་སྣང་མེད་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བས་སངས་རྒྱས་ཐམས་ཅད་ཀྱི་བཀོད་པ་ཀུན་དུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །ཆོས་ཉིད་དང་ནི་སེམས་ཉིད་དག །གང་དུ་རྟོག་པས་དཔྱད་གྱུར་ཀྱང་། །གཅིག་དང་དུ་མར་མི་དམིགས་པས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོས་སངས་རྒྱས་

ཐམས་ཅད་ཀྱི་མཁྱེན་པ་མི་ཟད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྤྱོད་ཡུལ་ཤིན་ཏུ་ཟབ་པས་ན། རང་སེམས་བྱང་ཆུབ་སྙིང་པོ་ཅན། གདོད་ནས་དག་པ་དེ་ཉིད་དེ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཆོག་ཏུ་དགའ་བའི་རྒྱལ་པོས་སངས་རྒྱས་ཀྱི་གདུལ་བྱ་སྣ་ཚོགས་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཟབ་དང་རྒྱ་ཆེན་དབྱེར་མེད་པས། །སྣང་སྟོང་ཐ་

དད་མེད་པར་འདྲེས། །སངས་རྒྱས་ཞེས་ནི་དེ་ལ་གསུངས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མིའི་ཁ་ལོ་སྒྱུར་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

Vol. 82 · folio 129a

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་བཅས་རང་རིག་ལྟོས་མེད་ཕྱིར། །རང་འབྱུང་ཡེ་ཤེས་དེ་ཉིད་དེ། །རིག་པའི་ཕྱིར་ན་གསལ་བ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་དགྱེས་པར་གཤེགས་པས་སངས་རྒྱས་ཀྱི་ཟབ་པའི་སྤྱོད་ཡུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་ཡིན་ཕྱིར་མི་རྟོག་པ། །རྐྱེན་སྐྱེས་གཞན་དབང་ཡིན་པའི་ཕྱིར། མི་རྟོག་རྟོག་པ་བྱེད་མེད་

པས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆུ་ལྷའི་ལྷས་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཉིད་རྣམ་པར་མི་རྟོག་

པས། གསལ་ལ་རྟོག་མེད་ཡེ་ཤེས་ཉིད། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཅན། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ལག་གིས་སངས་རྒྱས་ཐམས་ཅད་ཀྱི་བདུད་ཀྱི་བ་དན་རྣམ་པར་གནོན་

པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་འོད་གསལ་ནམ་མཁའ་འདི། །གདོད་ནས་མ་བཅོས་པར་རྟོགས་གང་། །སངས་རྒྱས་གཞན་དུ་བཙལ་མི་དགོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་ལག་པས་སངས་རྒྱས་ཐམས་ཅད་ཀྱི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གློ་བུར་དྲི་མ་བྱུང་གྱུར་ཀྱང་། །རང་བཞིན་དག་པའི་ངོ་བོ་ལ། །

གོས་དང་མ་གོས་མེད་པར་གསལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་མཁྱེན་པས་སངས་རྒྱས་ཐམས་ཅད་ཀྱི་གླང་པོའི་རྩལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་

Vol. 82 · folio 129b

སེམས་འདི་གསུངས་སོ། །ཡོད་མེད་གཉིས་ཀ་ལས་འདས་པས། །ཕན་ཚུན་ལྟོས་པ་མ་གྲུབ་ཕྱིར། །ཚུ་རོལ་མ་གྲུབ་ཕ་རོལ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་རྒྱལ་པོས་སངས་

རྒྱས་ཐམས་ཅད་ཀྱི་ཀུན་ནས་སྣང་བ་ཏོག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡོད་མེད་ཐ་དད་མ་གྲུབ་སྟེ། །གཉིས་ཙམ་དུ་ཡང་མེད་པའི་ཕྱིར། །རྣམ་པར་བརྗོད་མེད་དམིགས་པ་བྲལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལེགས་པའི་སེང་གེས་སྲིད་གསུམ་ཐམས་ཅད་ལྷང་ངེར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མའོ་སེམས་ཉིད་དྲི་མེད་ཀྱིས། །རྣམ་འཕྲུལ་

གཟུགས་སྐུ་བསྡུས་པ་ཡི། །ཞིང་ཁམས་རྣམ་པར་དག་པར་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡིད་བཟངས་ཀྱིས་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཀྱིལ་འཁོར་རྣམ་འཕྲུལ་སྣ་ཚོགས་པ། །ངོ་མཚར་བ་ཡི་རྣམ་འཕྲུལ་དག །ནམ་མཁའི་མཐས་ཀླས་ཁྱབ་པར་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་ཞིག་སྒྲུབ་པ་གང་བསྒྲུབ་ལ། །དེ་སྒྲུབ་པ་ལ་གནས་མེད་མེད། །བསྒྲུབ་པར་བྱ་བ་སྒྲུབ་མ་ཡིན། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་སྙིང་པོས་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་འོད་ཟེར་རབ་ཏུ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

Vol. 82 · folio 130a

གསང་བ་མི་ཟད་ཆོས་ཀྱི་དབྱིངས། །ཡེ་ཤེས་རྡོ་རྗེ་རོལ་པར་བསྟན། །བླ་མེད་གནས་ནི་ཚུལ་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲགས་ཆེན་གྱིས་པདྨའི་སྙིང་པོ་ཀུན་དུ་

རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བའི་འདམ་ལས་སྐྱེས་པ་ཡི། །རང་སེམས་པདྨའི་སྡོང་བུ་ནི། །ཟིལ་པར་ལྡན་པ་དྲི་མ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་གཙུག་ན་ནོར་བུས་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་རབ་ཏུ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་ནས་ཀུན་དུ་སངས་རྒྱས་ཀྱི། །ཞིང་འདིའི་སྙིང་པོ་དད་པ་སྟེ། །མོས་དང་

བརྩོན་འགྲུས་སྟོབས་དེ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲག་ཤུལ་ཅན་ཞེས་བྱ་བའི་ཟབ་པའི་སྙིང་པོ་གཞལ་མེད་ཁང་རྣམ་པ་དུ་མར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ས་འདི་ཀུན་གྱི་བརྟེན་པ་བཞིན། །བྱང་ཆུབ་སེམས་ལ་ཀུན་བརྟེན་ཀྱང་། །གནས་པ་མེད་ཅིང་འགྲོ་འོང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་

སྟོབས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་མཐའ་ཡས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ནམ་མཁའ་ཀུན་དུ་གནས་མེད་པ། །དེ་བཞིན་རྟོག་བྲལ་དྲི་མེད་སེམས། །སངས་རྒྱས་ཀུན་གྱི་ཐུགས་ཡིན་

ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །ཤེས་བཞིན་སྨོན་ལམ་དབང་གིས་ནི། །མངལ་འབྱུང་རིམ་པ་གང་ཡིན་དང་། །ཞིང་དང་ཞིང་དུ་སོ་སོར་ཡང་། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །འདིར་ནི་ཡང་དག་བརྟུལ་ཞུགས་འཛིན། །གཞོན་ནུའི་

Vol. 82 · folio 130b

རོལ་པ་ཐམས་ཅད་དང་། །དེ་བཞིན་བཟོ་གནས་ཡང་དག་བསྟན། །ཐམས་ཅད་རྡོ་རྗེའི་རང་བཞིན་ལས། །རྣལ་འབྱོར་པས་ནི་རྟག་ཏུ་སྤྲོས། །འདིར་ནི་སྔོན་ཆད་མ་བྱུང་མེད། །སྔོན་གནས་པ་ནི་སྦྱར་མི་བྱ། །དེ་བཞིན་གཤེགས་ཀུན་མཛད་པ་ནི། །ཐམས་ཅད་རྡོ་རྗེའི་

དངོས་གཞི་ལ། །དུས་གསུམ་ལམ་གྱི་མཐར་ཐུག་པས། །ཐམས་ཅད་འདི་བཞིན་བལྟ་བར་བྱ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སྐུ་གསུང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་

བ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་རོལ་པ་སྟོན་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྗོན་པ་དྲི་མ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་བཅུ་མངོན་པར་འབྱུང་བ་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་མི་རྟོག་མི་དམིགས་པ། །རང་འབྱུང་ལྷན་ཅིག་སྐྱེས་པ་ཡིས། །སྙིང་པོ་སྒྱུ་མའི་སྣང་བ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་ཀུན་རྫོབ་དག་པ་ལ། །བརྟན་གཡོར་བཅས་པའི་སྣང་བ་

ནི། །རང་བཞིན་མེད་པ་ཉིད་དུ་སྣང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤེས་རབ་རྣམ་པར་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ཉིད་སྒྱུ་མའི་རྣམ་པ་དངོས། །དེ་ཉིད་ཀུན་རྫོབ་སྟོང་ཉིད་དོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

Vol. 82 · folio 131a

ལེགས་པའི་གནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་མར་སྟོན་པའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣ་ཚོགས་སྒྱུ་མ་འཁོར་འདས་དག །སེམས་ཉིད་དག་དང་མ་དག་པའི། །སྣང་བ་བག་

ཆགས་ཁྱད་པར་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་རྒྱ་མཚོས་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །ཡིད་བཞིན་ནོར་བུ་རང་ལས་རྙེད། །དེ་ཉིད་སངས་རྒྱས་ཀུན་གྱི་གསང་། །བླ་མ་སངས་རྒྱས་དྲིན་གྱིས་རྙེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡན་ལག་སྐྱེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་ལ། །ཡོད་མེད་མཐའ་ལས་འདས་པ་སྟེ། །མི་རྟོག་ཡེ་ཤེས་ཀུན་རྫོབ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་མཐའ་ཡས་པ་སངས་རྒྱས་ཀྱི་ཞིང་མི་འཇིགས་པ་བཞི་འབྱུང་བའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སྐུ་གསུམ་འདུལ་བའི་ཞིང་། །

མ་ལུས་ལུས་པ་མེད་པ་རྣམས། །ཐམས་ཅད་བྱང་ཆུབ་སེམས་ཀྱི་རྒྱན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་དམ་པས་བཀྲ་ཤིས་དགའ་བས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སྟོང་གསུམ་མ་ལུས་རྒྱལ་བའི་ཞིང་། །རྡོ་རྗེ་སེམས་དཔའི་སྐུ་ལ་རྫོགས། །ཐམས་ཅད་བ་སྤུའི་ཚོགས་ལས་ཀྱང་། །སྤྲོས་ནས་བྱང་ཆུབ་སེམས་གསུངས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་

Vol. 82 · folio 131b

བཞིན་གཤེགས་པ་མཁྱེན་ལྡན་སངས་རྒྱས་ཐམས་ཅད་ཀྱི་དགྱེས་པ་ཆེན་པོས་ཡོངས་སུ་སྤྱོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། གསང་བ་བདེ་ཆེན་བྱང་ཆུབ་སེམས། དེ་བཞིན་གཤེགས་

པའི་ཚུལ་མཆོག་སྟེ། །སྙིང་པོའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྟོབས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་མཐའ་ཡས་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སངས་རྒྱས་

ཐམས་ཅད་ཀྱི་གསང་ཆེན་གྱི་ཚུལ་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནའང་སྐྱེ་བ་མེད། །གསང་བའི་ཚུལ་ཆེན་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

བརྟུལ་ཞུགས་བརྟན་པ་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་མ་ལུས་པའི་དབྱིངས་ལ་ཡང་དག་པར་དབང་བསྐུར་བའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་གནས་

པའི་ཆོས། །གནས་ཙམ་ཉིད་ན་གནས་པ་མེད། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཀྲ་ཤིས་འབྱུང་བས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ནམ་མཁའ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་རྫོགས་སངས་རྒྱས་ཀྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་ཙམ་ཉིད་ན་དམིགས་པ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་བདེ་བའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་སྲིད་པའི་ཆུ་ཀླུང་སྐེམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །འགྲོ་འོང་མེད་ལས་འགྲོ་དང་འོང་། །

Vol. 82 · folio 132a

འགྲོ་ཉིད་ནའང་འགྲོ་བ་མེད། །གསང་པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་རྟོག་པ་རང་འབྱུང་བ། །རྟོག་ཙམ་ཉིད་ནའང་རྟོག་མི་གནས། །ཐ་དད་མེད་པའི་ཚུལ་མཆོག་གིས། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

སྲེད་མེད་ཀྱི་བུས་རྒྱལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རོལ་པ་ལྡིང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བཅིངས་པ་མེད་ཅིང་གྲོལ་དུའང་མེད། །ལྷན་ཅིག་སྐྱེས་པ་རྣམ་གྲོལ་བ། །ཡེ་ཤེས་བརྗོད་པ་དང་

བྲལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལག་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་རྩེ་མོའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །ཆོས་ཀུན་བརྗོད་དུ་མེད་པ་སྟེ། གསང་བ་ཟབ་པའི་གནས་ཉིད་ལ། བརྗོད་ཙམ་ཉིད་ན་བརྗོད་དུ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཁོར་ལོས་

སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དོན་དམ་རྟོག་པའི་ཡུལ་མིན་ཕྱིར། །ཆོས་སྐུ་ཡེ་ཤེས་ངོ་བོ་ཉིད། །རང་རིག་ཡེ་ཤེས་སྒྱུ་མའི་དངོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

བཅོམ་ལྡན་འདས་ཡོན་ཏན་བདེ་སྤྲོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྔ་སྒྲ་ཀུན་དུ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་པོ་དཔུང་བཅས་ཡན་ལག་ལྡན། །ཕ་རོལ་རྒོལ་བ་བཟློག་པ་བཞིན། །ཡེ་ཤེས་རྒྱལ་

Vol. 82 · folio 132b

པོ་སྟོབས་ཆེན་ལྡན། །དྲི་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཚངས་པས་བྱིན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་གཎྜཱི་ཕྱོགས་བཅུར་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཐེག་པ་སྣ་ཚོགས་དྲང་བའི་ཕྱིར། །ལམ་འདི་རིམ་པར་བསྟན་པ་ཡིན། །གསང་བའི་ཐེག་པ་གཅིག་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་

དུང་འབུད་པ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་རྨད་དུ་བྱུང་བའི་ཆོས། །གསང་ཆེན་ཐེག་པ་མཆོག་གཅིག་པུ། །མ་ལུས་དུས་གསུམ་རྒྱལ་བའི་ལམ། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་སྤྱན། །གཟིགས་

པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་དང་། སྤྱོད་ཡུལ་དང་། ཟབ་པ་དང་། རྒྱ་ཆེ་བའི་དེ་ཁོ་ན་ཉིད་ཆོས་ཉིད་ནམ་མཁའ་ཡོངས་སུ་དག་པའི་རང་བཞིན་ལས་ཏིང་ངེ་འཛིན་

བསམ་གྱིས་མི་ཁྱབ་པ་ལ་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ། ཕྱོགས་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཁྲི་ཕྲག་དགུ་བཅུ་རྩ་དགུ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྨྲས་པ། གང་དུ་དཔལ་རྡོ་རྗེ་འཛིན་པས་གསུངས་པའི་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་ནི་རང་བཞིན་མེད་པའོ། །རྟེན་འབྲེལ་ལས་

སྐྱེས་པའི་ཆོས་ཐམས་ཅད་ནི་མ་སྐྱེས་པ། མ་འགགས་པ། དམིགས་སུ་མེད་པ་སྟེ། གནས་པ་མེད་ཅིང་རང་བཞིན་མེད་པ་སྟོང་པ་ཉིད་དེ། དེ་ཡང་དངོས་པོ་བར་དངོས་པོ་མེད་པ་གཉིས་སུ་དབྱེར་མེད་པ་སྟེ། མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་སེམས་དཔའ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words