དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའོ

Sanskrit title (Tibetan script, as in the text) ཤྲཱི་སརྦ་ཏ་ཐཱ་ག་ཏགུ་ཧྱ་ཏནྟྲ་ཡོ་ག་མ་ཧཱ་རཱ་ཛཱ་དྭ་ཡ་ས་མ་ཏཱ་བི་ཛ་ཡ་ནཱ་མ་བཛྲ་ཤྲཱི་ཝ་ར་མ་ཧཱ་ཀལྤཱ་དི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 82 · folio 162b

གང་དུ་སངས་རྒྱས་འོད་ཟེར་སྣང་བས་ཁྱབ། །དེ་ཉིད་འདོམ་གང་འོད་ནི་དཔའ་རླབས་གཉིས། །གཉིས་མེད་གཅིག་ཏུ་དག་པས་དབུ་མ་ཉིད། །དབྱེར་མེད་ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སངས་རྒྱས་

ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཤིང་མཆོག་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རིན་ཆེན་བརྟན་པའི་ལྗོན་པའི་ཤིང་། །དེ་ཉིད་བྱང་ཆུབ་སེམས་ལས་བྱུང་། །སྐྱེས་པ་སེམས་བསྐྱེད་རྟེན་གྱུར་

པས། །རང་བྱུང་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞི་བ་སངས་རྒྱས་ཐམས་ཅད་ཀྱི་ཉན་ཐོས་ཆེན་པོ་རྣམས་ཀྱིས་དཔག་པར་དཀའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཟབ་པ་ཤིན་ཏུ་ཞི་བའི་གནས། །རྡུལ་མེད་རྙོག་པ་མེད་པའི་ཐུགས། །བསམ་གཏན་རྡོ་རྗེ་ཚད་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རབ་གསལ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཉན་ཐོས་དགྲ་བཅོམ་པ་ཆེན་པོ་

རྣམས་ཀྱིས་བརྟག་པར་དཀའ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གནས་པ་མེད་པའི་གནས་གྱུར་པ། །ཁྱུ་མཆོག་ཆེན་པོ་བྱང་ཆུབ་སེམས། །རང་གཞན་མི་ཕྱེད་མི་དམིགས་པས། །དེ་ཉིད་ཚུལ་འདི་

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ཁ་ལོ་སྒྱུར་བ་སངས་རྒྱས་ཐམས་ཅད་ཀྱི་གནས་རྒྱུན་དུ་ཞུགས་པ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

འཁོར་བའི་རྒྱུན་འདི་མྱ་ངན་འདས། །དེ་ཉིད་སྤང་དུ་མེད་པས་ན། །ཡེ་ཤེས་ཤེས་རབ་རབ་གནས་པས། །དག་པ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགེ་བའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཕྱིར་མི་འོང་བ་རྣམས་

Vol. 82 · folio 163a

ཀྱིས་རྟོགས་པར་དཀའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་ཕྱིར་ལྡོག་པ་མེད་པའི་སེམས། །འདི་ནི་ཡེ་ཤེས་ཆེན་པོའི་ངང་། །བླ་ན་མེད་པ་སྙིང་པོའི་སྐུ། །དེ་བཞིན་ཉིད་ཀྱི་ཚུལ་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཙུག་ན་རིན་པོ་ཆེའི་འོད་སངས་རྒྱས་ཐམས་ཅད་ཀྱི་ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་གསུམ་སྣང་བ་

སེམས་ཡིན་ཕྱིར། །སེམས་དེ་སྟོང་ཉིད་རྒྱུ་མེད་པས། །གང་དུ་དྲི་མེད་གཞན་དོན་འབྱུང་། །འདི་ནི་ཚུལ་ཆེན་གསང་བ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་སྙེམས་བྲལ་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་ཟད་པ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་

བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཟག་མེད་འབྱུང་བ་མེད། །ཁམས་དང་དབང་པོ་ཡུལ་མེད་པར། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རང་རྒྱལ་བ་ཐམས་ཅད་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ལུས་ཀྱི་ཀུན་དུ་སྤྱོད་པ་ཡི། །རྫུ་

འཕྲུལ་སྣང་བ་བསྟན་ནས་འདུལ་བྱེད་པ། །རང་འབྱུང་བསམ་གཏན་ཐོབ་སྟེ་ལྟོས་མེད་པ། །གསང་བ་འདིར་གནས་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཚངས་པས་དམིགས་སུ་

མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐོག་མ་མེད་ཅིང་མཐའ་མེད་པས། །སྲིད་རྩེར་མི་གནས་དབང་ཕྱུག་ཆེ། །དངོས་པོ་མེད་ཅིང་རྟག་པ་ཆེ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

Vol. 82 · folio 163b

དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་གནས་བརྒྱ་བྱིན་གྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མ་འཁྲུག་རྟོག་པ་མེད། །ཡེ་ཤེས་རྒྱལ་

བ་ཀུན་གྱི་ཡུལ། །གཟུགས་སོགས་ཡུལ་ནི་རྟོག་ཏུ་མེད། །ཐམས་ཅད་དག་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞི་བའི་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལྷ་དྲག་པོས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཉོན་མོངས་འཆིང་བདག་པ་ཡི། །སྲེད་ལེན་རྐྱེན་གོལ་ལོག་པས་ན། །དམིགས་མེད་ཡེ་ཤེས་གསང་བ་ཉིད། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དགའ་

བའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཁྱབ་འཇུག་གིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་ནས་གང་དུ་ཁྱབ་བྱ་ངོ་བོས་སྟོང་། །ཐམས་ཅད་བདག་མེད་སྟོང་པ་ཞི་བའི་ཕྱིར། །སེམས་ཅན་

ཁམས་མེད་འཇུག་པར་མི་གནས་པས། །ཡེ་ཤེས་ཆེན་པོའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་གཅན་ལྷའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་ལྷ་མ་ཡིན་རྣམས་ཀྱི་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ས་འོག་ས་སྟེང་དང་། །ས་བླ་རྣམས་སུ་བསྟན་པ་ཡི། །དངོས་གྲུབ་བདུད་རྩི་ཐོབ་བྱེད་པས། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་ན་ཚོད་བཟང་པོ་སངས་རྒྱས་ཐམས་ཅད་

ཀྱི་ཡེ་ཤེས་གསང་བ་ཀླུ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །དུག་མེད་གདུག་པ་རྣམ་བྲལ་བས། །སྐྱོན་མེད་གཙང་བའི་རང་བཞིན་ཅན། །

Vol. 82 · folio 164a

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷ་དགའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མངོན་པར་རོལ་པ་སྲིན་མོ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདག་མེད་མཉམ་པ་ཉིད་ཐོབ་པས། །གྲུབ་པ་མེད་པའི་གནས་ལ་ནི། །འཆི་མེད་ཡེ་ཤེས་ཚུལ་མཆོག་གིས། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་

ཆེན་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱིས་སྦས་པ་ཡེ་ཤེས་ནམ་མཁའི་བུ་མོ་རྣམས་ཀྱིས་དམིགས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མཁའ་ལ་སྤྱོད་འགྲོ་བའི། །གྱ་གྱུར་སྤྱོད་པའི་ཡེ་ཤེས་ཅན། །དེ་ཉིད་དེ་

ཞེས་རྣམ་བརྟགས་པས། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གནོད་སྦྱིན་རྣམས་ཀྱིས་རྟོགས་པར་དཀའ་བ་ཐམས་ཅད་ཀྱི་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རིན་ཆེན་གཏེར་འཆང་མཛོད་པོ་ཆེ། །ནོར་གྱི་རྒྱ་མཚོ་མཐའ་ཡས་པས། །དེ་ཉིད་ས་དབང་བདེ་གཤེགས་རྒྱལ། །གསང་བ་དམ་པ་བཀའ་སྩལ་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་གནས་པའི་དཔལ་སངས་

རྒྱས་ཐམས་ཅད་ཀྱིས་སྦས་པ་འཇིག་རྟེན་པ་ཐམས་ཅད་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྐྱེ་དགུའི་ཆོས་ལས་དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐྱེས་བུ་ཆེན་པོ་ཐམས་ཅད་ཀྱི། །ཡེ་ཤེས་གནས་ནི་

མཉམ་མེད་པས། །རང་གཞན་མི་ཕྱེད་བྱང་ཆུབ་ཆེ། །སེམས་དཔའ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །གང་དུ་འགྲོ་ལ་གནས་གྱུར་པའི། །གསང་ཆེན་འདིར་ནི་གནས་གྱུར་ན། །གང་ལའང་དྲི་མར་མི་འགྱུར་ཞིང་། །དགག་པར་བྱ་བ་ཅི་ཡང་མེད། །ལས་རྣམས་ཐམས་ཅད་

Vol. 82 · folio 164b

བྱས་ཀྱང་ནི། །རང་བྱུང་སྐུར་ནི་རྣམ་པར་གྲོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དག་པའི་སྐྱེས་བུ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་

ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཆོད་རྟེན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་མེད་ཡེ་ཤེས་དག་པའི་གནས། །རིན་ཆེན་ཕུང་པོ་གསལ་

བ་ཡི། །དང་ཞིང་ཡིད་འཕྲོག་འབྱུང་བའི་གཞི། །ས་ལེ་སྒྲིབ་མེད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྐྱེ་བའི་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །མངོན་པར་འབྱུང་བ་འཕགས་པའི་ལམ། །ཉེས་པ་སྤོངས་པའི་ཚུལ་མཆོག་གིས། །རྣམ་པར་མཐོར་གཤེགས་འོག་མིན་ཏེ། །ཟབ་པ་བརྗོད་མེད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་བཟང་པོ་མཐོང་བ་སངས་

རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱལ་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཆོས་ཀུན་མཉམ་དང་མི་མཉམ་པ། །ཀུན་མཁྱེན་ཀུན་འགྲོ་ཐམས་ཅད་པ། །དྲི་མེད་ཚུལ་འདི་བསྟན་

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་འཇིག་རྟེན་འོད་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་གནས་པ་གཅིག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཀུན་གྱི་རང་བཞིན་

འཛིན། །མི་གནས་མྱ་ངན་འདས་པ་པོ། །མཉམ་ཉིད་འགྲོ་བའི་དོན་མཛད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ཀུན་རྟོག་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

Vol. 82 · folio 165a

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཅིག་དང་དུ་མའི་རང་བཞིན་གནས། །ཆེར་མི་གཡོ་བ་རང་བཞིན་མེད། །རྩོལ་མེད་འབྱུང་བདག་པ་ཡི། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐལ་

ལྡན་ཤིང་རྟ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དཔེ་བྱད་ལས་འདས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བཅོམ་ལྡན་སོ་སོ་རང་རིག་པ། །གཙོ་བོ་དཔེ་བྲལ་ཡེ་ཤེས་ཏེ། །བདག་པོ་ཀུན་འགྲོ་ཀུན་ཁྱབ་པས། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་རྒྱལ་བ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་མི་དམིགས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །བྱེད་པ་པོ་དང་འཕྲོག་པ་རང་མེད། འདི་ནི་དཔལ་ལྡན་རང་བྱུང་སེམས། །དངོས་པོ་གསལ་དང་མི་གསལ་མཛད། །ཡེ་ཤེས་སྣང་བའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགའ་བ་བཀོད་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོ་བླ་ན་

མེད་པ་བདེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཉིས་མེད་གཉིས་ལས་གྲོལ་བ་ཡི། །ཡེ་ཤེས་རང་ལས་སྐྱེ་བར་འགྱུར། །དེ་ཉིད་མངོན་རྒྱུ་སྤོང་བྱེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་གདེགས་པར་མཛད་པའི་དཔལ་སངས་རྒྱས་ཐམས་ཅད་སྣང་བ་ཡང་དག་པ་རྡོ་རྗེ་གཉིས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མེད་པ་སྒོམ་པ་མིན། །དངོས་པོར་ཡང་དག་བསྒོམ་དུ་མེད། །གང་དུ་

རོ་མཉམ་མཆོག་གི་དངོས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་

Vol. 82 · folio 165b

ཅན་ཀུན་གྱི་བསམ་པ་འདི། །འཇིགས་པ་མེད་པའི་ངང་གནས་ན། །བསམ་གྱིས་མི་ཁྱབ་གཉིས་མེད་གནས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་འོད་འཕྲོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བློ་གྲོས་

མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤེས་རབ་མཁའ་ལ་རྣམ་པར་གནས། སྙིང་རྗེས་སད་པའི་མདའ་ཡིས་ནི། བདེ་བ་ཆེན་པོའི་རྣམ་པར་འབིགས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་རི་བོའི་རྒྱལ་མཚན་རྣམ་པར་གྲོལ་བའི་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་དང་ཤེས་རབ་ཏིང་ངེ་འཛིན། རྣམ་གྲོལ་མཐའ་ལ་མི་གནས་པའོ། །དགོས་པ་ཀུན་གྱི་

འཆིང་བ་བྲལ། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྤོས་བཟངས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མི་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཉིས་

མེད་བདེ་བ་མཆོག་ཏུ་ཞི། མཁའ་མཉམ་རྟོག་པ་ལས་གྲོལ་བ། གཉིས་མེད་རྣམ་དག་ཆོས་ཀྱི་དབྱིངས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་བསྟན་སངས་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པའི་དབྱིངས་རྡོ་རྗེ་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། རྣལ་འབྱོར་དབང་ཕྱུག་གནས་པ་ཆེ། བརྟན་གཡོ་དག་པའི་ཚུལ་མཆོག་གིས། དབྱེར་མེད་ཚུལ་འདི་དག་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་བདུད་དཔུང་ཐམས་ཅད་ཕམ་པར་མཛད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟོག་པ་ངན་པས་བརྟགས་པ་ཡི། ཕྱི་རོལ་ཡུལ་ནི་

Vol. 82 · folio 166a

རྫས་སྟོང་པས། ཐབས་དང་ཤེས་རབ་རྣམ་དག་ཉིད། ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་ནོར་བུ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དྲ་བ་གཅོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདེ་བ་ཆེན་པོ་གཅིག་ཉིད་ཀྱི། ནང་དུ་སྣོད་བཅུད་དངོས་པོའི་ཆོས། ཀུན་རྫོབ་བདེན་པས་སྟོང་བའི་ཕྱིར། འདུས་པ་དེར་གནས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བཟང་པོས་བྱིན་བས་སངས་རྒྱས་ཐམས་ཅད་

ཀྱི་འཁོར་བའི་འདམ་རྫབ་སྐེམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་གཉིས་མེད་ངང་གནས་པ། །རང་བཞིན་བརྟག་ཚོགས་རབ་ཞི་བས། །སྣང་གསུམ་ཡེ་ཤེས་དག་གྱུར་བའི། །བྱང་ཆུབ་ཚུལ་འདི་བསྟན་

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་བླ་མ་སངས་རྒྱས་སྲིད་པའི་ཚང་ཚིང་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱི་རོལ་ང་རྒྱལ་ལོག་བཅོམ་སྟེ། །ཡེ་ཤེས་གཅིག་པུ་བདག་དག་

པས། །རང་བྱུང་བསམ་པ་རྣམ་པར་དག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱིས་ལོག་རྟོག་འཇོམས་པའི་རི་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་ཏུ་རྟོག་པ་རབ་སྤངས་ནས། །འདོད་ཆགས་ཆགས་བྲལ་ཡེ་ཤེས་ལས། །དབུ་མར་དམིགས་པར་མི་འགྱུར་ཏེ། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ཟླ་བ་སངས་རྒྱས་ཐམས་

ཅད་ཀྱི་འབྱུང་གནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་ནས་ནི་བྱང་ཆུབ་འགྱུར། །འདིར་ཉིད་ཐ་དད་རྟོག་མིན་ཞིང་། །གཟུགས་དང་རྣམ་ཐར་སྒོ་ཐིམ་པས། །ཆོས་རྒྱུན་ཐོབ་

Vol. 82 · folio 166b

ཕྱིར་བསྟན་པའོ། །ཞེས་གསུངས་སོ། །འགྲོ་བ་རྣམས་ཀྱི་བདེ་བ་རྟགས་དང་བཅས་འབྱུང་བ། །གང་ཡིན་མཚན་མ་སྤངས་པར་གྱུར་པའི་ཕྱིར། །རང་བྱུང་ངོ་བོ་ཡེ་ཤེས་བདག་ཉིད་དེ། །རྟོགས་པས་སྟོང་པའི་བདེ་བ་མི་ཟད་ཡིན། །རླུང་གི་རྟོག་པའི་རྗེས་སུ་འཇུག་པ་

ནི། །བདེ་བ་རང་སེམས་ངོ་བོ་དམ་པས་ནི། །ཚིམ་འགྱུར་དེ་ལས་གཞན་དུ་གཡོ་མི་འགྱུར། །ཐབས་དང་ཤེས་རབ་བདག་ཉིད་གནས་པ་ཡིན། སངས་རྒྱས་ཐམས་ཅད་ཀྱིས་དམ་པའི་མཛོད་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བསྟན་པའི་དོན་ཏོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་བདེ་བ་མི་འགྱུར་བའི་དོན་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ། །དེ་ནས་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚུངས་པ་མེད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་གསང་བ་དྲི་མ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་

གཤེགས་ཀུན་འདུས་པ་ཡི། །སངས་རྒྱས་སྤྲོ་བསྡུའི་འཁོར་ལོ་ཡིས། །རྩེ་མོར་གྱུར་པའི་ཕྱག་རྒྱ་ཡིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་པར་སྐྱེས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་ཆོས་རྡོ་རྗེ་

རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་བྱུང་ཡེ་ཤེས་ཞི་བའི་དངོས། །དག་པ་རྣམ་དབེན་མངོན་པར་འབྱུང་། །ཕུན་སུམ་ཚོགས་པ་ལམ་གྱུར་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དཔེ་མེད་པའི་ཚོགས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རིགས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་གེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ལྷ་དང་ལྷ་མོ་དང་། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །

Vol. 82 · folio 167a

ཡེ་ཤེས་ལས་སྐྱེས་མཚུངས་མེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པའི་བཤེས་གཉེན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་རིགས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གདུག་པ་ཅན་རྣམས་གདུལ་བྱའི་ཕྱིར། །སྙིང་རྗེས་གཏུམ་པའི་ང་རོ་ཡིས། །ཚར་གཅད་པ་ཉིད་བླ་མེད་བསྒྲལ། །དེ་ཉིད་གསང་བའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདེན་པའི་རྒྱལ་

པོ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་ལ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྷ་དང་ལྷ་མིན་ལྟོ་འཕྱེ་དང་། གྲུལ་བུ་མ་ལ་སོགས་སྣ་ཚོགས་པས། །བསྟོད་ཅིང་མཆོད་པའི་ཡེ་ཤེས་

གནས། །རིན་ཆེན་འཁོར་ལོ་བརྗོད་པ་ཡིན། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཀའ་ཐུབ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེའི་ནོར་བུ་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །དེ་ནས་ཡེ་ཤེས་ནོར་བུ་ནི། །སྣ་ཚོགས་འདོད་པ་དོན་བྱེད་པ། །དཔག་མེད་ཡོན་ཏན་འབྱུང་བའི་དབྱིངས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷུན་པོའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་པདྨའི་ཕྲེང་བ་རྗེས་སུ་

དྲན་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་འདམ་སྐྱེས་མེ་ཏོག་དང་། །ཆུ་སྐྱེས་པདྨ་གསལ་བ་ཡང་། །འབར་བ་ཁ་ཕྱེ་འོད་ཁྱབ་པས། །དག་པ་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་

ནས་དེ་བཞིན་གཤེགས་པ་ཡོན་ཏན་བརྩེགས་པ་སངས་རྒྱས་ཐམས་ཅད་ཀྱི་ལས་ཀྱི་རལ་གྲི་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་རྟོག་པ་གཅོད་པ་དག །རྣམ་པར་བདུད་

Vol. 82 · folio 167b

ཚོགས་རབ་འཇོམས་པས། །ཡེ་ཤེས་མེ་འོད་རྒྱས་པ་ཡིས། །ཀུན་དུ་རྒྱས་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཆོད་པར་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྣ་ཚོགས་འདུལ་བ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་འབི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །བདེ་གཤེགས་རྒྱལ་བརྒྱ་མཚོའི་དྲུང་། །གསང་བ་མི་ཟད་མཆོད་པའི་གཞི། །དེ་ཉིད་ཀུན་དུ་ཁྱབ་བྱེད་པས། །གསང་བ་དག་པའི་མཆོད་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་གྲགས་པ་

སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་དེ་བཞིན་གཤེགས་པ་ཡི། །སྐུ་ཡི་འདུལ་བ་མཐའ་ཡས་པ། །སྣ་ཚོགས་ཞིང་ཁམས་སྤྱོད་མཛད་པ། །དེ་ཉིད་ཚུལ་འདི་

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྦྱིན་པའི་འོད་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་བརྗོད་པ་ཀུན་གྱི་

གཞི། །ཐབས་དང་ཤེས་རབ་སྒྲ་རྣམས་ལས། །སྣ་ཚོགས་སྐད་དུ་ཆོས་སྟོན་པ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གློག་འབྱིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དག་པར་བྱེད་པ་ཁྲུས་ཡིན་ཏེ། །སྒྲིབ་བ་འཕྱག་བྱེད་སྤྱོད་ལམ་དུ། །ཐལ་སྦྱར་འདུད་པས་བག་ཡོད་ལམ། །དྲན་ལྡན་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདེན་

པར་གསུངས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རིན་ཆེན་སྣ་བདུན་རང་བྱུང་བའི། །ཡོན་ཏན་སྒྱུ་རྩལ་སྣ་ཚོགས་པ། །ཐམས་ཅད་བསམ་པའི་སྟོབས་ཡིན་པས། །

Vol. 82 · folio 168a

དེ་ཉིད་གསང་བའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཚོ་བྱེད་གསུང་བ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་རྡོ་རྗེ་རྗེས་སུ་དྲན་པ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་བཟང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྣ་ཚོགས་དབང་པོའི་རིམ། །དེ་ཉིད་ཐབས་ཚུལ་ཐ་དད་པས། །ལྡོག་པའི་དབྱེ་བ་དུ་མར་བསྟན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ན་ཚོད་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་

འཛིན་གྱི་སྒོ་མཐའ་ཡས་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རིགས་ཅན་སྣ་ཚོགས་དུ་མའི་སྣང་བ་ལ། །ཡེ་ཤེས་རང་འབྱུང་འགག་པ་མེད་པར་ནི། །ཐུགས་རྗེ་ཆེན་པོ་མི་ཟད་སྟོབས་ལ་འབྱུང་། །སངས་རྒྱས་

ཀུན་གྱི་ཕྲིན་ལས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་པའི་ཚོགས་ཅན་སངས་རྒྱས་ཐམས་ཅད་ཀྱི་ཁྲོ་བོ་རྗེས་སུ་དྲན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་གདུག་པ་

འདུལ་བྱེད་པ། །འབྱུང་པོ་མ་ལུས་ཙར་གཅད་ཅིང་། །རྗེས་སུ་གཟུང་ཕྱིར་ཁྲོ་བར་བསྟན། །དེ་ཉིད་ཐུགས་རྗེའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་ངེས་པའི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་རྗེས་སུ་དྲན་པར་ཞེས་བྱ་བའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་དམིག་པས་འཇུག་མེད་པར། །སྣ་ཚོགས་ཁམས་གསུམ་སྐྱེ་གནས་པ། །མི་གཡོ་ངག་ལས་སྣང་མེད་པར། །ཆོས་དབྱིངས་གཅིག་པར་ཚུལ་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས་སངས་རྒྱས་ཐམས་ཅད་ཀྱི་མ་སྐྱེས་པ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་གི་སྐྱེ་བས་བསྡུས་པའི་དངོས། །སྟོང་ཉིད་གཅིག་ཏུ་མ་སྐྱེས་པས། །སྐྱེ་བ་

Vol. 82 · folio 168b

མེད་པའི་ཚུལ་ཅན་ཏེ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱལ་པ་དགྱེས་པ་སངས་རྒྱས་ཐམས་ཅད་ཀྱི་རིག་པ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ངོ་མཚར་སྣ་ཚོགས་འཕྲུལ་བ་ཡི། །གཟོ་ཡི་གནས་དང་གསོ་སྦྱོང་སོགས། །མཁྱེན་པས་ཐབས་ལ་མཁས་པར་བྱ། །དེ་ཉིད་ཡེ་ཤེ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་རྗེས་སུ་དྲན་

པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བློ་སྣང་ཡུལ་དག་དབང་པོ་ཡིས། །དུ་མའི་དངོས་པོ་སྣང་བ་ལ། །ལྡོག་པ་དང་ནི་རྗེས་སུ་འགྲོ། །དེ་ཉིད་གསང་བའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །ལུས་གནས་ཆ་

ཤས་མེད་པར་རྟོགས། །ངེས་འབྱུང་དེ་བཞིན་ཆ་ཤས་མེད། །ཆ་ཤས་ཅན་དང་ཆ་མེད་པ། །ཤེས་ནས་འདིར་གྲོལ་ཐེ་ཚོམ་མེད། །དངོས་པོ་ཐམས་ཅད་མཉམ་པ་སྟེ། །མྱུར་དུ་འཇུག་པ་དཀའ་བ་ཉིད། །དཔེ་དང་གཏན་ཚིགས་རྣམས་པར་སྤངས། །རང་བཞིན་གྱིས་ནི་འོད་

གསལ་ཞིང་། །གཉུག་མ་འདིར་ནི་སྣང་བ་སྟེ། །སྤྱོད་པའི་ཡུལ་ལས་འདས་པ་ཡིན། །རྩོད་མེད་ཞི་བ་མཚོན་བྱ་མེད། །ངེས་པའི་ཆོས་ཀྱི་དབྱིངས་ལ་གནས། །སྐལ་བ་མེད་ཅིང་རྒྱུ་བ་མེད། །ཤིན་ཏུ་སྟོང་ཞིང་རྡུལ་མེད་པས། །སྒྲ་ལས་འདས་ཤིང་ཡོན་ཏན་སྤངས།།

དངོས་པོ་ཀུན་གྱི་རང་བཞིན་ཅན། །ཡེ་ཤེས་ཀྱི་སྣང་བ་རྒྱས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། །འགྲོ་

བ་འདུལ་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་

Vol. 82 · folio 169a

དངོས་པོ་རྣམ་དག་པས། །ཡུལ་རྣམས་སྒྱུ་མའི་མཚན་ཉིད་ཅན། །དུས་གསུམ་གཅིག་པར་བསྡུས་པ་ཡིས། །ཐམས་ཅད་མཁྱེན་པར་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་གྲགས་པའི་མཆོག་སངས་རྒྱ་ཐམས་ཅད་ཀྱི་

ཚུལ་ཁྲིམས་ཕྱི་རོལ་ཏུ་ཕྱིན་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་སྦྱོང་བའི་ཚུལ་ལས་ནི། །ཚུལ་བཞིན་མ་ཡིན་རྣམ་གཅད་ཅིང་། །དབེན་པ་ཉོན་མོངས་ལས་ལྡོག་གང་། །ཚུལ་འདི་གསང་བ་

ཐོབ་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་རབ་ཞུགས་སངས་རྒྱས་ཐམས་ཅད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལུས་གང་ཡིད་ཀྱི་ལས་རྣམས་

ལ། །བྱང་ཆུབ་སེམས་དཔའ་གཞན་དོན་དུ། །དཔག་མེད་དཀའ་སྦྱད་ཁུར་བྱེད་པ། །ཡེ་ཤེས་བཟོད་པ་ཆེན་པོ་ཡིན། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ནོར་བུའི་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་བརྩོན་འགྲུས་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱིར་མི་ལྡོག་པར་གཞན་དོན་དུ། །བྱང་ཆུབ་སེམས་ཀྱི་བརྩོན་པ་ཡིས། །ཚད་མེད་དབུགས་འབྱིན་ཆེན་པོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་

བ་དྲག་ཤུལ་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་རྡོ་རྗེ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་བསམ་གཏན་བཞི་གནས་ཤིང་། །ཡེ་ཤེས་བསམ་གཏན་མཆོག་སྤྱོད་པས། །

ཕྱི་ནང་རྩོལ་མེད་ངང་ལས་ནི། །བྱང་ཆུབ་སེམས་ཀྱི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་བ་ཐུབ་པ་བརྟུལ་ཞུགས་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་

Vol. 82 · folio 169b

འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱིས་སེམས་གསུངས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །སྙིང་པོ་བྱང་ཆུབ་མཆོག་སེམས་ལས། །ཐ་དད་རྒྱས་ཐེབས་གཅིག་པའི་སྐུ། །ཡེ་ཤེས་དེ་ཉིད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་འགྲོ་བས་ཀུན་དུ་མཆོད་པ་སངས་རྒྱས་ཐམས་ཅད་ཀྱི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་དྲི་མེད་དགེ་བ་ནི། །རྟེན་འབྲེལ་སྣ་ཚོགས་སྤྱོད་པའི་དང་། །རྐྱེན་ལས་འབྱུང་

བ་བླ་ན་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་ཚོགས་འཆང་བ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་ཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་སེམས་འདི་

གསུངས་སོ། །བདུད་ཚོགས་རྣམས་ལས་ནས་རྒྱལ་བ། །དེ་ཉིད་ཡེ་ཤེས་རླུང་ལས་ནི། །ཟག་མེད་ཞི་བས་མཆོག་ཏུ་བདེ། །གཉིས་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་བ་འཇིག་རྟེན་བླ་མ་སངས་རྒྱས་ཐམས་ཅད་

ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཞིང་ཁམས་རྣམས་དག་རྣམས་དང་མ་དག་དང་། །གདུལ་དཀའི་སེམས་ཅན་རྣམས་ཕྱིར་འདུལ་བར་ནི། །ཕུང་བ་མེ་ཏོག་བཞིན་

དུ་རབ་འཇུག་པ། །བྱང་ཆུབ་སེམས་དཔའ་འབྱུང་བའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གླང་ཆེན་སེང་གེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་མི་ཟད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །ཡེ་ཤེས་གང་དུ་འདུ་བ་ཡི། །ཡེ་ཤེས་མངོན་པར་འབྱུང་བ་གང་། །དེ་ཉིད་ཆགས་མེད་རྣམ་དག་པས། །བྱང་ཚུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་དབང་ཕྱུག་

Vol. 82 · folio 170a

གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་རྒྱས་པའི་གནས་བསྟན་པ། །རྣམ་པར་འཕྲུལ་པའི་དབང་ཕྱུག་གིས། །ལྷུན་གྲུབ་ཕྱག་རྒྱས་རབ་རྒྱས་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སྤོང་བའི་རྡོ་རྗེ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་སྤྱོད་པ་སྣ་ཚོགས་ལ། །བདེ་བར་གཤེགས་པ་

མཚུངས་མེད་སྤྱོད། །འདི་ནི་སྔགས་ཀྱི་སྤྱོད་མཆོག་སྟེ། །དེ་ཉིད་གསང་བའི་ཚུལ་ཐོབ་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་གཅན་བྲལ་བ་སངས་རྒྱས་ཐམས་ཅད་ཀྱི་དཔལ་གྱི་བེའུ་རབ་ཏུ་རྒྱས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

བར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་དཔལ་གྱི་སྟོབས་མཆོག་སྟེ། །དྲི་མེད་ཆུ་སྐྱེས་ཡོངས་འཛིན་པ། །ཕྲ་བ་གེ་སར་མཆོག་ཐོབ་པས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

ཡོན་ཏན་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱི་རྡུལ་མེད་པའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པ་ཀུན་དུ་དྲི་མ་མེད། །བསྐྱོད་པ་མེད་ཅིང་འཛིན་བྲལ་བས། །ཆོས་ཉིད་དང་དུ་རོ་མཉམ་

པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་མངའ་དབང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འབྲུག་སྒྲ་དབྱངས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཆོས་རྣམས་ཀུན་གྱི་སྣང་བ་ནི། །རྟོགས་དཀའ་བདག་མེད་མཚན་མ་མེད། །བྱམས་པའི་རང་བཞིན་གཞན་ཕན་བརྩོན། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་

Vol. 82 · folio 170b

འཇམ་དབྱངས་ཀ་ལ་བིད་ཀའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚངས་པའི་དབྱངས་ལྡན་གསུང་གི་གནས། །ཡན་ལག་དྲུག་ཅུ་ཐོགས་མེད་དུ། །འགྱུར་བའི་བརྗོད་པ་ལས་སྐྱེས་པའི། །སྐད་དུ་ཡེ་ཤེས་ཚུལ་བསྟན་

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དགྱེས་བའི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་པར་མ་བཞག་སྟོང་བ་ཡིས།།

རྟག་ཏུ་མཉམ་པའི་ཚུལ་གནས་ནས། །འགྱུར་མེད་སྣ་ཚོགས་ཁྱབ་བྱེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་འཁོར་བའི་ཆུ་ཀླུང་སྐེམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྲིད་པ་འདི་ཉིད་སྦང་མེད་པར། །མི་གནས་མཉམ་པའི་ངང་ལས་ནི། །བདག་མེད་སེང་གེའི་སྒྲ་སྒྲོགས་པ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་

པ་རླུང་ཤུགས་བཅུ་པ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐྱེ་གནས་འབྱུང་ལས་གྱུར་པ་ལ། །འདོད་པའི་སྣང་བ་འགྲོ་ཞིང་ལྡིང་། །དེ་ཉིད་སེམས་ཅན་

གནས་མཐོང་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྟོབས་ལ་དགྱེས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ལྷ་ཀླུ་ཐམས་ཅད་ཀྱིས་མཆོད་པ་རྡོ་རྗེ་ཞེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མཆོད་ཕྱིར་ཡེ་ཤེས་ཀྱི། །ཆགས་མེད་ཀུན་ཏུ་བཟང་པོ་ཡི། །བདེན་པའི་བྱིན་བརླབས་ཐོགས་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་བའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་

Vol. 82 · folio 171a

གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་རྣལ་འབྱོར་ཆེན་པོའི་འབུལ་བ་དོན་ཡོད་པའི་མཆོག་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་གསང་

བ་གསུམ་གྱི་མཐར། །རྡོ་རྗེ་བཀོད་པ་སྙིང་པོ་ཆེ། །གསང་བ་དམ་པ་བཀའ་སྩལ་པ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ཡེ་ཤེས་སྣང་བ་བསྟན་པའོ། །རང་ལུས་ལྷར་གསལ་བྱང་ཆུབ་སེམས། །གང་དུ་སྲོག་དབུས་བཞུགས་པ་ན། །ཨཱ་ལི་ཀཱ་ལི་མཉམ་

སྦྱོར་བས། །མན་ངག་གིས་ནི་རླུང་བསྡུས་ཏེ། །དེ་ཚེ་བཟླས་པ་བརྟན་གྱུར་པས། །དེ་ཉིད་ཡེ་ཤེས་མཆོག་ཐོབ་འགྱུར། །མི་གཡོ་མི་རྟོག་ཕྲ་བའི་སེམས། །མི་མངོན་གསལ་མིན་དབུ་མར་བཞུགས། །དེ་ཉིད་རྣལ་འབྱོར་མཆོག་ཅེས་བྱ། །སྟོང་པ་ཉིད་དང་མཉམ་

སྦྱོར་བས། །དེ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ཉིད་གསལ་བས་བདེ་བ་ནི། །སྒྱུ་མ་གོམས་པས་འཆང་བར་འགྱུར། །ཇི་སྲིད་སྒྱུ་མ་ལ་གསལ་བ། །དེ་སྲིད་གོམས་པས་འཇུག་པར་བྱ། །རབ་ཏུ་གསལ་བའི་གནས་ཐོབ་པས། །རང་དགེའི་ཡེ་ཤེས་ཐོབ་པར་འགྱུར། །

དེ་ཉིད་ཡེ་ཤེས་བདེ་ཆེན་པོ། །ཐིག་ལེའི་གཟུགས་ཅན་གཅིག་པུ་ཉིད། །སྙིང་དབུས་མི་ཤིགས་སེམས་གཅིག་བདག །དེ་ཉིད་ཡེ་ཤེས་རང་སྟོང་པ། །སྒྱུ་མར་ངོ་བོ་ཉིད་ཀྱིས་གསལ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་པས། །ཡེ་ཤེས་འབྱུང་བའི་རྡོ་རྗེའི་བློས། །

མཁས་པས་མཐོང་བས་བརྟག་པར་བྱ། །ཐོག་མཐའ་མེད་པའི་ཡེ་ཤེས་ནི། །མ་བྱུང་བཅོས་མིན་ལྷན་ཅིག་སྐྱེས། །རང་རིག་གནས་ནི་འདིར་ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་ཆེན་པོ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་

ཏོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་དཔལ་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སེང་གེའི་སྒྲ་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཡེ་ཤེས་ས་གཞི་ལས། །སྣ་ཚོགས་མྱུ་གུ་བསྐྱེད་

Vol. 82 · folio 171b

པའི་རྒྱུ། །རྟེན་འབྲེལ་ཚོགས་ཕྱིར་ཐོབ་པ་ཉིད། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་སྟོབས་དཔལ་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་རྒྱལ་པོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་མཉེས་པར་བྱེད་པའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདོད་པའི་ལོངས་སྤྱོད་སྣ་ཚོགས་པ། །རིན་ཆེན་བདུན་དང་ཉེ་བདུན་གྱིས། །བརྒྱན་ཞིང་མཆོད་པས་བདེ་དེ་ཐོབ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

མཐུ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལུས་ཀྱང་སེམས་ལ་མི་གནས་ཏེ། །སེམས་ཀྱང་ངག་ལ་མི་གནས་ཏེ། །ཀུན་དུ་གནས་མེད་མཁའ་ལྟ་བུར། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་སྣ་ཚོགས་མཆོད་པའི་བཀྲ་ཤིས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཆོག་

སྩོལ་བཀྲ་ཤིས་རྒྱུན་དུ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐྱེས་བུ་དེ་ལ་སྩོལ་བ་སྟེར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདེན་པར་སྤྱོད་པ་སངས་རྒྱས་ཐམས་ཅད་ཀྱིས་བསིལ་བའི་ཆར་འབེབས་

པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་འདོད་ཆགས་ལ་སོགས་པས། །ཟིལ་གནོན་དེ་ལས་ཐར་བ་ཡི། །ཆར་བས་ཟུག་རྔུ་སེལ་བྱེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་དགེ་བའི་མཆོག་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུ་རྡོ་རྗེ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཞིང་ཁམས་ཀུན་ལ་ཁྱབ་གྱུར་པའི། །ལུས་ཅན་ཀུན་ལ་རྣམ་པར་སྣང་། །

Vol. 82 · folio 172a

དེ་ཉིད་རྡོ་རྗེའི་སྐུར་གྱུར་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱལ་པོའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་གསུང་རྡོ་རྗེ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་གསུམ་ཁམས་སུ་གྲགས་བྱེད་པ། །གླིང་ཀུན་སྐད་ཅིག་དབྱངས་ཀྱིས་སྟོན། །དུ་མར་དེ་ཉིད་སྟོན་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐར་རྒྱལ་སངས་རྒྱས་ཐམས་

ཅད་ཀྱི་ཐུགས་རྡོ་རྗེ་ངོ་བོ་ཉིད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་འཁོར་ལོས་སྒྱུར་བ་ཡི། །ཆོས་ཀྱི་འཁོར་ལོས་དབང་བསྐུར་བཞིན། །འགྲོ་ཀུན་ཡེ་ཤེས་དབང་བསྐུར་བའི། །དེ་ཉིད་ཚུལ་འདི་བསྟན་

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྒྱུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདས་དང་མ་འོངས་ད་ལྟར་གང་། །ཆོས་ཉིད་

མཉམ་པའི་དེ་བཞིན་ཉིད། །མཚུངས་མེད་ད་ལྟར་འདིར་རྟོགས་ན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གློག་གི་རྩེ་མོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་འཕྲུལ་བའི་སྤྱོད་པ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔག་མེད་སྒྱུ་མའི་ཆོ་འཕྲུལ་གྱིས། །མ་དག་དག་པར་གང་བསྒྱུར་བ། །ཐམས་ཅད་བློ་གྲོས་བཟང་པོ་ཐོབ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

ཡོན་ཏན་རྒྱ་ཆེན་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདུད་ཀྱི་འཆིང་བ་ལས་འདས་ཕྱིར། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་ཡིས། །ཁམས་

Vol. 82 · folio 172b

གསུམ་ཀུན་ལ་ཁྱབ་པར་བྱ། །དེ་ཉིད་གསང་བ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་འོད་སངས་རྒྱས་ཐམས་ཅད་ཀྱི་འཇིག་རྟེན་སྣང་བར་བྱེད་པ་རེ་རེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

འོད་གསལ་ཤིན་ཏུ་རྣམ་དག་པ། །དངོས་པོ་མ་སྤངས་ཡེ་ཤེས་ཆེ། །ཆོས་དབྱིངས་ཀློང་ན་བདེ་བར་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དཔལ་གྱི་འོད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་གདུགས་ཀྱིས་ཁྱབ་པར་བྱེད་

པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐྱེ་བས་བསྡུས་པའི་སེམས་ཅན་རྣམས། །སྐྱོབ་ཕྱིར་ཚད་མེད་གདུགས་ཀྱིས་ནི། །ཀུན་ནས་ཀུན་དུ་ཁྱབ་པར་བྱེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་བདུད་འདུལ་བར་མཛད་པ་སངས་རྒྱས་ཐམས་ཅད་ཀྱིས་བདུད་མ་ལུས་པ་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལོག་ལྟ་མ་ལུས་མུན་པའི་གཞི། །སངས་རྒྱས་ཡེ་ཤེས་སྒྲོན་

མེ་ཡིས། །སྐད་ཅིག་གཅིག་ལ་སེལ་མཛད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གོ་ཆ་བགོས་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་མཆོག་ཏུ་སྲ་བ་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །ཡན་ལག་བཞི་ལྡན་མཚོན་ཆ་མཆོག །དེ་ཉིད་བསྲུང་བ་བླ་ན་མེད། །ཕ་རོལ་རྒོལ་བ་བཟློག་པ་པོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ཕྱག་སངས་རྒྱས་ཐམས་ཅད་ཀྱི་ཁ་ལོ་སྒྱུར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱག་རྒྱ་སྣ་ཚོགས་ཐབས་རོལ་པ། །འབར་ཕྲེང་དུ་མའི་སྤྲོ་བ་ཅན། །མི་ཟད་ཡེ་ཤེས་བྱང་ཆུབ་སེམས། །སྟོང་ཉིད་དེ་ཉིད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་བཟང་པོ་སངས་

Vol. 82 · folio 173a

རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དུང་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར། །རབ་སྟོན་དམ་པའི་ཆོས་ཀྱི་སྒྲ། །རྣམ་པ་ཀུན་དུ་གྲགས་པའི་

དབྱངས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་མཐོན་པོ་སངས་རྒྱས་ཐམས་ཅད་ཀྱི་དམ་པ་ཆོས་ཀྱི་གཎྜཱི་རབ་ཏུ་བརྡུངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

གང་དུ་ཆོས་ཀྱི་དོན་སྟོན་པ། །ཚད་མེད་བསྡུ་དངོས་བཞི་དག་གིས། །སྡུད་ཅིང་གྲོལ་བྱེད་ཐེག་པའི་མཆོག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱ་མཚོའི་ས་འཛིན་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་རྔ་བོ་ཆེ་སྒྲོག་པ་

རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟོག་པ་མེད་པ་རིན་ཆེན་རྔ། །བདེ་གཤེགས་གསུངས་ནི་བསྟན་པའི་ཕྱིར། །རྟག་ཏུ་སྐུལ་བའི་སྒྲ་འབྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་དོན་གྱི་བློ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གདུལ་བྱའི་བསམ་པ་མཁྱེན་ནས་ནི། །རྟོག་མེད་

ཡེ་ཤེས་ཁམས་འཇུག་པས། །ཆོས་ཀྱི་འཁོར་ལོ་བསྟན་པ་ནི། །བྱང་ཆུབ་ཚུལ་མཆོག་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །རིག་པའི་ལྷ་མོ་སྣ་ཚོགས་དང་། །ཐབས་ཅིག་རོལ་པ་བསྟན་མཛད་དེ། །གསང་བ་གསུངས་པའི་

དོན་བརྗོད་དོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །དངོས་པོ་ཅི་བཞིན་རང་རིག་ལའང་། །རྒྱུ་འབྲས་བྱེ་བྲག་ཐ་དད་པ། །མ་འདྲེས་ཡེ་ཤེས་ཚུལ་དུ་གནས། །ནང་གནས་ཇི་བཞིན་ཕྱི་རོལ་འབྱུང་། །བར་མ་གསང་བ་མཆོག་སྤྱོད་པ། །རྨད་དུ་བྱུང་བ་ཆེན་པོ་སྟེ། །ངོ་བོ་ཉིད་ཀྱི་

Vol. 82 · folio 173b

ཡེ་ཤེས་གང་། །དེ་ཉིད་རྟོགས་པའི་རྣལ་འབྱོར་པ། །དེ་ཡི་རྗེས་སུ་འབྲང་བར་བྱེད། །དེ་ཉིད་གཉིས་སུ་མེད་པ་ཡི། །རྣལ་འབྱོར་གསང་བ་བདེ་བ་ཆེ། །རྒྱལ་བ་ཀུན་གྱི་འབྱུང་གནས་ཡིན། །བསྐྲད་དང་གསད་དང་དབྱེ་བ་དང་། །མངོན་སྤྱོད་ཀྱི་ནི་ལས་རྣམས་

ནི། །ཐབས་གཞན་མེད་པར་གྱུར་པ་ལ། །ཐོག་མ་དབུས་དང་མཐའ་རྣམས་སུ། །གང་གིས་སྙིང་རྗེ་མ་ཉམས་ལ། །དེ་ཉིད་དེ་ཡིས་བྱེད་པར་འགྱུར། །གཞན་དུ་བསྟན་པའི་དོན་ལས་དམན། །ཉེ་བར་འགྲུབ་པར་དཀའ་བར་གསུངས། །དེ་ཉིད་གསང་བའི་སྤྱོད་

ཡུལ་མིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཇུག་པའི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །།

དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་མཆོད་པའི་སྤྲིན་དུ་མས་མཆོད་ཅིང་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི། །གསང་བ་བསྡུས་པའི་དགོངས་རྒྱུད་དེ། །མི་ཕྱེད་ཡེ་ཤེས་མཆོག་སྒྲུབ་པ། །བཅོམ་ལྡན་སྙིང་པོ་བཤད་དུ་གསོལ། །ཞེས་ཞུས་ཤིང་གསོལ་བ་བཏབ་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་

ཀྱི་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ཅིང་བྱང་ཆུབ་སེམས་དཔའི་ཚོགས་འདུས་པ་ཆེན་པོ་དེ་དག་གི་སེམས་ཀྱི་ཀུན་དུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་དུ་ཡང་འདི་ལྟར་

ལྷན་ཅིག་གཡོ་བ་དང་ལྡན་པས་དབང་པོ་སྒོ་ལྔའི་རྗེས་སུ་མངོན་པར་འགྲོ་ལ་སྣང་བ་དབང་པོ་དོན་དང་བྲང་བ་དབང་པོ་དོན་དང་ཕྲད་པར་གྱུར་བ་མཆེད་པ་གསལ་བ་ལས་དབང་པོས་དངོས་པོར་དམིགས་པ་ཐོབ་པ་དང་ལྡན་པའོ། །གལ་ཏེ་སེམས་དེ་ཉིད་དངོས་པོའི་རང་བཞིན་དུ་མ་གྱུར་ན་དེ་ལྟ་ནའང་འདི་དག་སེམས་ཉིད་ཡིན་པས་

Vol. 82 · folio 174a

རྣམ་པ་ཐམས་ཅད་དུ་ཕྱི་རོལ་གྱི་དོན་སྐྱེ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་མ་ལུས་པའི་རང་བཞིན་འདི་དག་བརྟགས་པས་སྟོང་པའི་སེམས་ཉིད་དེ། སྐྱེ་བ་དང་འགག་པ་དང་བྲལ་ཞིང་རང་བཞིན་གྱིས་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་ཡོངས་སུ་གསལ་

བའོ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །ལུས་དང་སེམས་ནི་དབྱེར་མེད་དེ། །རྟེན་དང་བརྟེན་པ་འཇུག་ལྡོག་གིས། །ཀུན་གྱི་གནས་སུ་ཤེས་པར་བྱ། །མཁའ་དབྱིངས་རྡོ་རྗེ་སྟོང་ཉིད་དེ། །དབུས་གནས་མངོན་པར་བྱང་ཆུབ་བརྗོད། །དེ་ཉིད་མེ་ལོང་ཡེ་ཤེས་ལྡན། །

ཟླ་བའི་དཀྱིལ་འཁོར་རབ་ཏུ་བརྟག །ཉི་མ་མཉམ་ཉིད་ཡེ་ཤེས་ཏེ། །བདུན་དང་ལྡན་པའི་དབུས་ཉིད་དུའོ། །སྔགས་ནི་དབུས་སུ་གནས་གྱུར་གང་། །ས་བོན་སོ་སོར་རྟོག་པ་སྟེ། །མངོན་པར་བྱང་ཆུབ་པ་ཉིད་དོ། །རྡོ་རྗེ་ལ་སོགས་གང་གནས་པ། །སངས་རྒྱས་དཀྱིལ་འཁོར་

བསྒོམ་པར་བྱ། །ཡོངས་སུ་རྫོགས་པའི་སྐུ་གསུང་ཐུགས། །ཞལ་གསུམ་རྩ་གསུམ་བརྗོད་པར་བྱ། །སྐུ་གསུམ་ལུས་ངག་ཡིད་ཡིན་ཏེ། །དེ་ཉིད་མངོན་པར་བྱང་ཆུབ་བརྗོད། །རྣམ་པར་འཕྲོ་བར་བསམ་བྱ་སྟེ། །རྡོ་རྗེ་འཁོར་ལོ་པདྨ་དང་། །ནོར་བུ་རལ་གྲི་འབར་བ་

ལས། །འགྲོ་དྲུག་རྟོག་པ་གཅོད་ཕྱིར་ཏེ། །ཡེ་ཤེས་དྲུག་པའི་བདག་ཉིད་ཅན། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །བླ་མེད་མངོན་པར་བྱང་ཆུབ་བརྗོད། །ལུས་ངག་ཡིད་ནི་བྱང་ཆུབ་པ། །གསང་བ་དངོས་པོའི་དོན་ཡིན་ཏེ། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་

བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ངག་ནི་འབྱུང་བ་ལྔ་དག་དང་། །ཡི་གེ་སྒྲ་དང་སྔགས་རྣམས་ཏེ། །བརྗོད་པ་དང་ནི་དབྱངས་རྣམས་ཀྱིས། །ངག་གི་ཆོས་ནི་བསྡུས་པ་ཡིན། །སེམས་ནི་ཡེ་ཤེས་ལྔ་དག་དང་། །ཐིག་

ལེ་བདེ་བ་ཉིད་དང་ནི། །སྣང་བ་གསུམ་དང་མི་རྟོག་པས། །སེམས་ཀྱི་ཆོས་ནི་གནས་པ་ཡིན། །སྣ་ཚོགས་གཟུགས་ཅན་སེམས་ཀྱི་དངོས། །སྲིད་གསུམ་ཆོས་དང་ཆོས་མིན་དང་། །ས་འོག་ས་སྟེང་ས་བླ་བ། །སྐྱེ་གནས་འབྱུང་བ་བརྟན་གཡོར་བཅས། །སེམས་ཉིད་ལུས་ནི་

Vol. 82 · folio 174b

ནམ་མཁའི་ཁམས། །གཞི་དང་རྟེན་དང་ཁྱབ་བྱེད་པའོ། །མི་གསལ་ཕ་ཞིང་བརྟག་དཀའ་བས། །རྣམ་པར་ཤེས་པའི་སྣང་བ་ལ། །སྣང་བ་མངོན་པར་ཐོབ་པ་ལས། །བག་ཆགས་ས་བོན་ཡུལ་རྣམས་ཀྱིས། །ཐམས་ཅད་རང་ལས་འབྱུང་བ་ཉིད། །མི་གནས་ཡེ་ཤེས་ལུས་

ལ་གནས། །ཡེ་ཤེས་ལུས་ནི་འགག་མེད་དེ། །དངོས་མེད་སྟོང་པར་མི་འགྱུར་ཏེ། །ལུས་མེད་ལུས་ནི་རོ་མཉམ་པ། །ལུས་ལ་ཐོག་མ་དམིགས་སུ་མེད། །ཐ་མ་འགག་བ་མེད་པ་སྟེ། །གསང་བ་གསུམ་དུ་རྣམ་སྦས་པས། །དེ་བཞིན་གཤེགས་པའི་ཡེ་ཤེས་སྐུ། །འདི་ནི་

འཁོར་འདས་ཀུན་གྱི་རྩ། །ཉམས་དང་མྱོང་བ་དབྱེར་མེད་དེ། །ཞི་གནས་ལྷག་མཐོང་གཟུགས་ཅན་ཡིན། །བདེ་དང་གསལ་བ་མི་རྟོག་པས། །སྣང་བ་གསུམ་གྱི་རྣམ་པ་སྟེ། །དེ་ཉིད་ཞེན་པས་འཆིང་བས་ན། །སྲིད་པ་གསུམ་ནི་རྟག་པའི་དངོས། །ཕྲ་བའི་ལུས་

ངག་ཡིད་གསུམ་ལ། །གསང་བའི་སྐུ་གསུང་ཐུགས་ཡེ་ཤེས། །རྡོ་རྗེ་གསུམ་དུ་གསང་བ་ཉིད། །གསང་བ་བསམ་གྱིས་མི་ཁྱབ་པ། །འགྲོ་ཀུན་བདེ་གཤེགས་རང་བཞིན་ཅན། །ལུས་ནི་སྣ་ཚོགས་མི་བཟད་པས། །སྐུ་ཡི་གསང་བ་བསམ་མི་ཁྱབ། །དུ་མའི་

གཟུགས་ཀྱིས་སྟོན་པར་བྱེད། །འགྲོ་བ་ཆོས་ལམ་དཔལ་ལྡན་པས། །ངག་གི་བརྗོད་པ་མཐའ་ཡས་པ། །གསུང་གི་གསང་བ་བསམ་མི་ཁྱབ། །སྒྲ་དབྱངས་སོ་སོའི་སྐད་དུ་སྒྲོགས། །སེམས་ཅན་སངས་རྒྱས་སྙིང་པོ་ཅན། །སེམས་ནི་དྲན་རྟོག་དཔག་མེད་པས། །

ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །སེམས་ཅན་སྐུ་གསུང་དབྱེར་མེད་པས། །ལུས་ངག་ཡིད་གསུམ་མི་ཕྱེད་པ། །རྡོ་རྗེ་གསུམ་དུ་རྟག་གནས་པས། །དེ་ཕྱིར་རྒྱལ་བའི་ཡེ་ཤེས་སྐུ། །དབྱེར་མེད་བསམ་གྱིས་མི་ཁྱབ་པའོ། །གསང་བ་བསམ་གྱིས་མི་ཁྱབ་པ་

བརྗོད་དུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེ། །ཀུན་དུ་བཟང་པོས་ལེགས་ཞུས་པ། །རྣལ་འབྱོར་རྒྱུད་འདིར་གསུངས་པ་ཡི། །རླུང་གི་དབྱེ་དུས་མཚན་ཉིད་དང་། །སྤྲོ་བསྡུ་རིམ་པ་རྒྱུ་ཚུལ་དང་། །ཁྱད་པར་གསང་བ་བཤད་དུ་གསོལ། །

Vol. 82 · folio 175a

དེ་ནས་རྒྱལ་པོ་རྡོ་རྗེ་འཆང་། །གསང་བའི་དབྱིངས་ནས་བཀའ་སྩལ་པ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། དེ་ནས་གཞན་ཡང་རབ་བཤད་པ། །དེ་ལ་རླུང་གི་མཚན་ཉིད་ནི། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བ་བཞི་ཡི་བྱེ་བྲག་གིས། །

མགོན་པོ་རྡོ་རྗེ་རེ་རེ་ལའང་། །སྤྱན་ལ་སོགས་པའི་ལྷ་མོ་ནི། །རེ་རེ་ལ་ཡང་བཞི་བཞི་སྟེ། །དཀྱིལ་འཁོར་བཞི་རུ་མངོན་པར་བརྗོད། །ཞི་རྒྱས་དབང་དང་མངོན་སྤྱོད་རྣམས། །མཁས་པས་ཤེས་ནས་སྤྱད་པར་བྱ། །རླུང་གི་བྱེ་བྲག་བསྟན་པ་ནི། །ཐོ་རངས་ཁྱབ་གནས་

དུས་ཡིན་ཏེ། །སྤྱི་བོའི་གནས་ལས་ཀུན་ཁྱབ་པས། །ཡི་གེ་ཨ་རུ་མངོན་པར་བརྗོད། །དེ་ནི་སྐུ་ཡི་བཟླས་པའོ། །ནམ་ནངས་ཐུར་སེལ་དུས་ཡིན་ཏེ། །གསང་བའི་གནས་སུ་འབྱུང་བས་ན། །ཨཱ་ཞེས་བརྗོད་པ་དབྱངས་ཡིན་ནོ། །རྡོ་རྗེ་གསུང་གི་བཟླས་པར་བརྗོད། །

ཉི་མ་ཤར་བ་མཉམ་གནས་རླུང་། །ལྟེ་བའི་གནས་སུ་བརྗོད་པ་ཡི། །ཨི་ཞེས་སྒྲ་ཙམ་དུ་བརྗོད་པས། །རྡོ་རྗེ་ཡོན་ཏན་བཟླས་པ་སྟེ། །ཅུང་ཟད་དྲོས་པས་དྲོད་ཡིན་ཏེ། །སྙིང་གའི་གནས་སུ་མི་ཤིགས་པས། །ཡི་གེ་ཨཱི་རུ་མངོན་པར་ནི། །རྡོ་རྗེ་ཐུགས་ཀྱི་བཟླས་པ་

སྟེ། །ཕྱེད་དུས་གྱེན་དུ་རྒྱུ་བ་ཉིད། །མགྲིན་པའི་གནས་ལས་བསྐྱེད་པས་ན། །ཨུ་ཞེས་ཐུང་རྒྱུ་ངག་ཏུ་གྱུར། །རྡོ་རྗེ་ཐོགས་མེད་བཟླས་པར་བཤད། །ཕྱེད་ཡོལ་དུས་སུ་རྒྱུ་བའི་རླུང་། །མིག་ལ་གནས་པའི་རྣམ་པ་ཡིས། །ཨཱུ་ཞེས་རབ་ཏུ་བརྗོད་པ་ཉིད། །རྡོ་རྗེ་

འདོད་ཆགས་བཟླས་པར་བརྗོད། །དགོངས་ཀ་རབ་ཏུ་རྒྱུ་བ་ཉིད། །རྣ་བ་ལ་ནི་རབ་གནས་པ། །ཨེ་ཞེས་ཀུན་གྱི་བརྡ་རུ་བརྗོད། །མཚན་མོའི་ཆ་ལ་རྣམ་པར་རྒྱུ། །སྣ་ཡི་རྣམ་ཤེས་ལྡན་པ་སྟེ། །ཨཻ་ཞེས་གསང་བ་སེར་སྣ་འཛིན། །རྡོ་རྗེ་གཏི་མུག་བཟླས་པར་བརྗོད། །

སྲོད་ལ་ཤིན་ཏུ་རྒྱུ་བ་སྟེ། །ལྕེ་ལ་མངོན་པར་དབང་བས་ན། །ཨོ་ཞེས་སྣ་ཚོགས་སྒྲ་བརྗོད་པ། །འགོག་པ་ཁྲོ་བོའི་བཟླས་པར་བརྗོད། །ནམ་ཕྱེད་ཡང་དག་རབ་རྒྱུ་བ། །བ་སྤུའི་ཚིགས་ཀུན་ཁྱབ་པས་ན། །ཨཽ་ཞེས་ཚིག་ཏུ་སྨྲ་བར་སྟོན། །འདི་ནི་དམ་ཚིག་

Vol. 82 · folio 175b

བཟླས་པར་གསུངས། །སྲོག་རྩོལ་དབུ་མར་འཇུག་པ་ནི། །ཨཾཿཞེས་བདེ་བར་ལྡན་པ་སྟེ། །རྩ་གཉིས་གཟུང་འཛིན་རླུང་འགགས་པས། །ཨཿཞེས་སྟོང་པའི་སྒོ་ཡིན་ནོ། །གུང་གཉིས་རྩ་བའི་རྩ་ཡིན་ཏེ། །གཞན་དུ་ཡན་ལག་ཉིད་དུ་འགྱུར། །ཨཱ་ལི་བཅུ་གཉིས་

དག་དང་འདྲེས། །དེ་དག་དབྱེ་བ་རིམ་པ་ཡང་། །བླ་མའི་ཁ་ལས་རྟོགས་པར་འགྱུར། །རླུང་གི་བྱེ་བྲག་བཤད་པ་ནི། །ཚེས་གཅིག་སྔ་དྲོ་ཟླ་བ་སྟེ། །སྟོང་པའི་སྲོད་ལ་ཉི་མ་རྒྱུ། །ཚེས་བརྒྱད་ཐོ་རངས་རླུང་ཉིད་དེ། །ཉི་ཤུ་གཉིས་ལ་ཆ་སྙོམས་པས། །དེ་ཡི་གྲངས་ནི་

བསྟན་པ་ལ། །ཆུ་ནི་ཉིས་བརྒྱ་ཉི་ཤུ་ལྔ། །ས་དང་མེ་དང་རླུང་དག་ལའང་། །དེ་ཉིད་བཞིན་དུ་མཉམ་པར་འབྱུང་། །དབྱུག་གུ་གཉིས་ལ་ཆུ་ཚོད་གཅིག །དེ་ལ་བཞི་བརྒྱ་ལྔ་བཅུ་ཡིན། །ཆུ་ཚོད་གཉིས་ལ་འཕོ་བ་གཅིག །དེ་ལ་དགུ་བརྒྱ་ཕྲག་གཅིག་སྟེ། །འཕོ་བ་གཉིས་ལ་ཐུན་

གཅིག་སྟེ། །དེ་ལ་སྟོང་དང་བརྒྱད་བརྒྱའོ། །ཐུན་ནི་རྣམ་པ་བཅུ་གཉིས་ཡིན། །དེ་ལ་ཉི་ཁྲི་ཆིག་སྟོང་སྟེ། །སྤྱིར་སྡོམ་ཉིན་ཞག་གཅིག་ལ་ནི། །འཕོ་བ་ཉི་ཤུ་རྩ་བཞི་ཡིན། །ཁྲི་ཕྲག་གཉིས་དང་སྟོང་དང་ནི། །དྲུག་བརྒྱ་འབྱུང་བར་རྒྱུ་བ་ཡིན། །ཆུ་ཚོད་སུམ་ཅུ་གཉིས་ལ་

ནི། །དབྱུག་གུ་དྲུག་ཅུ་རྩ་བཞི་ཡིན། །དེ་དག་འབྱུང་བ་འཛིན་པ་ནི། །ཆུ་སོགས་ཉི་ཤུ་རྩ་བཞི་རྒྱུ། །ཞི་བའི་ལས་ནི་ཉི་ཤུ་བཞི། །ས་ནི་ཉི་ཤུ་རྩ་བཞི་ལས། །དེ་ཡི་དུས་སུ་རྒྱས་པའི་ལས། །གཉིས་པའང་དེ་དང་མཉམ་པ་ལ། །དབང་དང་དྲག་པོའི་ལས་ལ་ཤིས། །

རླུང་གི་རིམ་པ་དེ་དག་ཀྱང་། །ལུགས་འབྱུང་དང་ནི་ལུགས་བཟློག་པ། །དགྲ་ཟུན་དུ་ནི་རྒྱུ་བ་དང་། །མ་དང་བུ་རུ་རྒྱུ་བ་དང་། །རང་ཐོག་ཏུ་ནི་རང་རྒྱུ་དང་། །གཞན་ཐོག་ཏུ་ནི་གཞན་རྒྱུ་དང་། །ཕོ་མོ་ཕྲད་པར་འབྱུང་བ་དང་། །མ་ནིང་དག་ཏུ་འབྱུང་བ་དང་། །བསྣོལ་མར་རྒྱུ་དང་རྐྱང་པ་

སྟེ། །དེ་དག་དོན་ནི་གསལ་རྙེད་འགྱུར། །ས་དང་ཆུ་རུ་ཕྲད་པ་སོགས། །དེ་བཞིན་གཞན་ལའང་སྦྱར་བར་བྱ། །གསལ་དང་མི་གསལ་རྣམ་པ་ཡིས། །དེ་ཡི་བྱེ་བྲག་ཤེས་པར་བྱ། །ཕྲིན་ལས་བཞི་ཡི་བྱེ་བྲག་གིས། །ཆུ་ཡི་རླུང་སྟེ་ངོས་གཟུང་བ། །ཕྱོགས་དང་དབྱིབས་

Vol. 82 · folio 176a

དང་མདོག་རྣམས་དང་། །རིང་ཐུང་རྒྱུ་བ་ཕྱི་ནང་གིས། །ལྷ་མོ་བཞི་དང་གནས་བཞི་དང་། །དལ་དང་རྩུབ་དང་སྦོམ་པ་དང་། །ཤིན་ཏུ་དྲག་པ་རྣམ་པ་བཞི། །ཆུ་ཡི་མཚན་ཉིད་འཛིན་པའི་དུས། །ཞི་བའི་ལས་ནི་བྱ་བར་བཤད། །ས་དང་མེ་དང་རླུང་དང་གསུམ། །

གོང་མ་དག་གིས་བསྒྲེ་བར་བྱ། །སྤྱིར་ནི་རླུང་གི་རྣམ་པ་ནི། །འབྱུང་བ་དྲག་པོའི་རང་བཞིན་ཡིན། །འཇུག་པ་དབང་དང་རྒྱས་པ་སྟེ། །གནས་པ་ཤིན་ཏུ་ཞི་བ་ཡིན། །ཐམས་ཅད་རླུང་གིས་བྱེད་པས་ན། །སྡིག་པ་མི་དགེ་ངན་སོང་ལྟུང་། །འཆི་དུས་འོག་སྒོ་གཉིས་ནས་ལྟུང་། །

འཕོ་བས་འབྲས་བུ་ངན་འགྲོ་ཡིན། །དགེ་བཅུ་སྤྱོད་པ་རླུང་གི་ལས། །མཐོ་རིས་ཐར་པ་རྣམས་ལ་ནི། །བགྲོད་པ་རླུང་གིས་བྱེད་པ་སྟེ། །ཚངས་པའི་སྒོ་ནས་མཁའ་སྤྱོད་དུ། །འཕོ་བར་འགྱུར་རོ་སེམས་དཔའ་ཆེ། །རླུང་འཁྲུགས་པས་ནི་ལས་རྣམས་འཁྲུགས། །ཞིང་

སོགས་འཁྲུགས་པས་ལས་མི་འགྲུབ། །རོ་སྙོམས་པས་ནི་ནད་མེད་ཅིང་། །ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་། །དབུ་མ་ལེགས་པའི་ལམ་བཟང་པོས། །ཕྱག་རྒྱ་ཆེན་པོའི་གནས་ཐོབ་ནས། །སྐུ་བཞི་ཡེ་ཤེས་ལྔ་འབྱུང་བ། །དཔལ་ལྡན་རྡོ་རྗེ་འཛིན་པ་འགྲུབ། །

རིག་འཛིན་མོས་པར་སྤྱོད་པ་སྟེ། །དང་པོ་ལས་ཀྱི་ས་ཞེས་པ། །འདོད་ཁམས་གནས་པའི་གཞི་ཡིན་ཏེ། །དེ་ཕྱིར་ལས་རྣམས་རླུང་གིས་བྱེད། །ཅེས་དཔལ་རྡོ་རྗེ་འཆང་གིས་སྤྱོད་པའི་གནས་གྲོལ་བའི་དོན་དུ་རབ་ཏུ་གསུངས་སོ། །སྲོག་དང་རྩོལ་བ་རབ་འཇུག་པས། །

གཡས་གཡོན་རྒྱུ་དང་ཁོང་ནས་འབྱུང་། །ཐབས་དང་ཤེས་རབ་ཆ་དག་གིས། །གསང་བ་འདིར་ནི་བརྗོད་པ་ཡིན། །ཟླ་བ་དང་ནི་ཉི་མ་ཡི། །རབ་ཏུ་དབྱེ་བ་བསྟན་པར་བྱ། །གཡོན་དང་གཡས་སུ་རབ་སྦྱོར་བས། །རིམ་པ་ཇི་བཞིན་རབ་ཏུ་རྒྱུ། །གཡོན་གྱི་མགྲིན་པ་ནས་

བརྩམས་ཏེ། །ལྟེ་བའི་དཀྱིལ་འཁོར་མཐར་གྱུར་པས། །ཟླ་བའི་རྩ་ནི་འོག་ཏུ་བལྟ། །ཤེལ་དང་ཨཱ་ལི་རབ་འབབ་པ། །གཡས་སུ་འང་ལྟེ་བ་ནས་བརྩམས་ཏེ། །མགྲིན་པའི་རྩར་ནི་གྱེན་བསྐྱོད་པ། །ཉི་མའི་རྩ་ནི་གྱེན་དུ་བལྟ། །དམར་དང་ཀཱ་ལི་འབྱུང་ཞིང་འབབ། །

Vol. 82 · folio 176b

འབྱུང་བྱེད་སྣ་ཡི་བུ་ག་ནས། །རྒྱུ་བ་རྩ་ཡི་མཚན་ཉིད་ཅན། །འཇུག་པ་གཡོན་ནས་ཐུར་དུ་འགྲོ། །འབྱུང་བ་གཡས་རྩ་གྱེན་དུ་བསྐྱོད། །ཇི་སྲིད་ཉི་མ་ཤར་པ་ནས། །ནུས་ཀྱི་བར་ལ་ཉིན་མོའི་ཆ། །ཇི་སྲིད་ནུབ་པ་ཉིད་གྱུར་པས། །ནམ་ནངས་པར་དུ་མཚན་མོའི་ཆ། །

མཚམས་ལས་བར་མར་གྱུར་པ་དང་། །ཉིན་མཚན་གཉིས་ལ་ཞག་གཅིག་སྟེ། །དེ་ལས་དུས་བཞིར་གནས་པ་ཡིན། །དེ་ལས་ཉིན་དང་མཚན་མོ་ཡིས། །ཐུན་ཚོད་བརྒྱད་དུ་འགྱུར་བ་ཡིན། །ཡན་ལག་བཅུ་དྲུག་དག་ཡིན་ཏེ། །ཐུན་ནི་ཕྱེད་ཕྱེད་དག་ཏུ་རླུང་། །སྣ་ཡི་བུ་གར་

ཡང་དག་རྒྱུ། །ཡར་ངོའི་ཚེས་གཅིག་ནས་བཟུང་ནས། །ཉིན་ཞག་གསུམ་དུ་ཐུན་ཕྱེད་ལ། །ཟླ་བའི་རླུང་ནི་རབ་རྒྱུ་བ། །དེ་ནས་གཞན་གསུམ་ཉི་མའི་རླུང་། །འདིས་ནི་གོ་རིམས་ཇི་སྲིད་དུ། །ཡར་ཚེས་བཅྭ་ལྔའི་བར་དུའོ། །མར་ངོའི་ཚེས་གཅིག་ནས་བཟུང་སྟེ། །ཉིན་ཞགས་གསུམ་

དུ་སྔ་དྲོའི་ཆ། །གྲགས་པ་ཉི་མའི་རླུང་རྒྱུ་བའོ། །དེ་བཞིན་ཚེས་ནི་བཅྭ་ལྔའི་བར། །ཐུན་རེ་ཡི་ནི་བཞི་པ་རྣམས། །ཆུ་ཚོད་དུ་ནི་བརྗོད་པ་ན། །ཉིན་ཞག་གཅིག་གི་དུས་ཀྱི་ཆ། །སུམ་ཅུ་རྩ་གཉིས་བརྗོད་པར་བྱ། །དེ་ལས་བསྒྲེས་པའི་དབྱུག་གུ་ནི། །དྲུག་ཅུ་རྩ་བཞིའི་གྲངས་ཀྱིས་ནི། །ཕྱེད་ཕྱེད་བསྟན་པས་དབྱུག་

གུ་ཡིན། །སྣ་རྩེའི་རླུང་གི་རྒུ་བ་དང་། །འབྱུང་དང་འཇུག་དང་གནས་པ་ལས། །དབུགས་གཅིག་ཏུ་ནི་བརྗོད་པ་ཡིན། །དེ་ཉིད་རླུང་གི་སྦྱོར་ཤེས་པས། །དབུགས་དྲུག་གྲོག་ཏུ་ཤེས་པར་བྱ། །སྲོག་ནི་ལྔ་བཅུ་ཐམ་པ་དང་། །དབུགས་གསུམ་རྐང་པ་དེ་དཔལ་ལྡན། །ཉི་མ་བྱང་དུ་

རྒྱུ་དུས་ཀྱི། །ཉི་མ་དང་པོའི་དབྱུག་གུ་ཡིན། །ཉི་མ་ལྷོར་ནི་འབྱུང་དུས་ཀྱི། །མཚན་མོ་ཡང་ནི་དེ་བཞིན་འགྱུར། །དབྱུག་གུ་རེ་རེ་འཕེལ་འགྲིབ་ནི། །དུས་ཀྱི་དབྱེ་བས་ཤེས་པར་བྱ། །དབུགས་ནི་དྲག་པོ་བཞི་ཆར་བཅས། །འཕོ་བ་སོ་སོའི་འཕེལ་འགྲིབ་ཡིན།།

དབུགས་ཀྱི་སུམ་ཆ་དེའི་བཞི་ཆའི། །དྲུག་ཆས་ཉི་མ་རེ་རེར་འགྱུར། །ཐུན་ནི་ཕྱེད་ཕྱེད་རྒྱུ་བ་ལས། །ཕྱིན་ཅི་ལོག་ཏུ་འཕོས་གྱུར་ན། །རྩོད་པ་ལ་སོགས་ངེས་འགྱུར་བས། །མཁས་པས་འདི་དག་ཡང་དག་བརྟག །ཉི་མ་བདུན་གྱི་བར་དག་ཏུ། །ཕྱིན་ཅི་

Vol. 82 · folio 177a

ལོག་ཏུ་རྒྱུ་བ་ནི། །དེ་ཚེ་རྩོད་པ་ཆེན་པོར་འགྱུར། །ཟླ་ཕྱེད་བར་དུ་ལོག་རྒྱུ་ན། །ནད་ཆེན་པོ་ནི་ཡང་དག་འབྱུང་། །ཟླ་བ་གཅིག་ཏུ་ལོག་རྒྱུ་ན། །སྙིང་བརྩེའི་གཉེན་ཕྱོགས་བརླག་པར་འགྱུར། །ཕྱེད་དང་གཉིས་སུ་ལོག་རྒྱུ་ཅན། །ཐུན་མོང་དུས་

སུ་ཤེས་པར་བྱ། །གཞན་ཡང་ཁྱད་པར་བཤད་བྱ་བ། །མཉམ་པོ་དྲུག་ཏུ་ཉི་མ་སོང་། །གང་ཚེ་སྐྱེས་པ་ཉི་མ་ཟླ། །དེ་ཚེ་རྒྱས་པ་ཞེས་བྱའི་དུས། །འཆི་བར་ངེས་པའི་དུས་ཡིན་ནོ། །དང་པོ་དུས་སྦྱོར་གང་ཤེས་པ། །གང་ཞིག་གཞན་ཡང་བདུན་དེའི་ཕྱིར། །

དེས་ནི་ཉི་མ་མཉམ་བདུན་སོང་། །མཉམ་པོ་དྲུག་ཅེས་བྱ་བར་བཤད། །ཉི་མའི་ལམ་ནི་ཐམས་ཅད་དུ། །རླུང་ནི་རྟག་ཏུ་རྒྱུ་བ་དག །རྒྱུན་མི་འཆད་པར་ཡང་དང་ཡང་། །མཁས་པས་དུས་ནི་མཚོན་པར་བྱ། །དུས་ཀྱི་སྐད་ཅིག་གང་ལ་རླུང་། །བསྒྲོད་པ་བཞིན་དུ་

འཇུག་གྱུར་ན། །དེ་ཡི་འཕོ་བ་རྫོགས་འགྱུར་ཚེ། །སྲོག་ནི་གཏང་བར་ཐེ་ཙོམ་མེད། །འདིར་ནི་འཆི་བདག་གཞོམ་འདོད་པས། །ཉིན་ཞག་གཅིག་གི་ཆུ་ཚོད་ཀྱི། །བརྒྱད་ཆ་རེ་རེའི་བར་དག་ཏུ། །སྲོག་དང་རྩོལ་བ་བསྡམས་ནས་ནི། །རྩ་གཉིས་ནས་ནི་འབྱུང་བ་དང་། །

འཇུག་པ་དབུ་མར་ལམ་གྱུར་པ། །སྦར་དང་སྲེག་དང་བཞུ་པ་དང་། །ཤིན་ཏུ་འབར་བའི་དུས་དག་ཏུ། །ལོ་དྲུག་པར་དུ་གནས་བྱས་ན། །འཆི་བདག་འཇོམས་པ་ཐེ་ཙོམ་མེད། །གཡས་ནས་ཆུ་ཚོད་བཞི་དག་དང་། །དེ་བཞིན་གཡོན་ནས་ཆུ་ཚོད་བཞི། །དབུ་མར་ཤིན་ཏུ་

བསྡམས་བྱས་ལ། །བདུད་ལས་རྣམ་པར་རྒྱལ་བ་ཐོབ། །རྡོ་རྗེ་གསང་བ་འཆི་བདག་འཇོམས་པ་དང་བདུད་ལས་རྣམ་པར་རྒྱལ་བར་བྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་གསང་བའི་བདག་པོ་ཡིས། །འདུས་པའི་འཁོར་ལ་བཀའ་སྩལ་བ། །སྦྱི་དང་ཁྱད་པར་ཚུལ་

གྱིས་ནི། །ངོ་བོ་རླུང་གི་ཆོས་རྣམས་ཀུན། །རྣམ་ཕྱེ་རིམ་པ་ཤེས་པར་བྱ། །སེམས་དཔའ་ཆེན་པོ་འདི་ཤེས་བྱོས། །འདི་དག་རྒྱས་པར་ཕྱེ་བ་ནི། །རྒྱས་པར་གྱུར་པ་ཁྲི་ཕྲག་བཅུ། །ཉོན་མོངས་ཕུང་པོ་དེ་སྙེད་དང་། །རླུང་དང་མཉམ་པར་འགགས་པ་ལས། །

Vol. 82 · folio 177b

ཆོས་ཀྱི་ཕུང་པོ་དེ་སྙེད་ཐོབ། །ས་རེ་ཐོབ་ཅིང་རླུང་འགག་ས་པས། །བཅུ་པའི་ས་ལ་གནས་པའི་ཚེ། །དམ་ཚིག་མངོན་དུ་གྱུར་པས་ན། །ཉོན་མོངས་ཐམས་ཅད་སྤངས་པ་ཡིན། །ས་བརྒྱད་པར་ནི་གྱུར་བའི་ཚེ། །ཉོན་མོངས་ཕུང་པོ་རགས་པ་ནི། །ཁྲི་ཕྲག་བརྒྱད་པོས་སྤངས་

བ་ན། ཕྱིར་མི་ལྡོག་པ་ཞེས་བརྗོད་དོ། །ལྷག་མ་དྲུག་བརྒྱ་སྟོང་ཕྲག་གཅིག །སྔ་མའི་གནས་སུ་རང་དག་སྟེ། །ལས་ཀྱི་རླུང་རྣམས་དག་པ་ཡིན། །ཁྲི་ཕྲག་གཉིས་ནི་ཟག་མེད་རླུང་། །ས་བཅུ་པ་ལ་ཕྱིན་དུས་སུ། །གྲངས་འབུམ་གྱི་ནི་རྣམ་པ་ཉིད། །དམ་

ཚིག་དག་ཏུ་བསྟན་པའོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ས་བཅུ་པོ་ལ་གནས་པ་ཡིས། །ཆོས་ཀྱི་སྤྲིན་དུ་གྱུར་པ་ཡིན། །ཕྱིན་ལས་རིགས་ལྔའི་བཟླས་པ་ཡིས། །ས་ལྔ་པ་ནི་མངོན་དུ་བྱེད། །ཁྲོ་བོ་དམ་ཚིག་བཟླས་པ་ཡིས། །དྲུག་པ་མངོན་དུ་གྱུར་བ་

ཐོབ། །དུས་གསུམ་དག་པའི་བཟླས་པས་ནི། །ལེགས་པའི་བློ་གྲོས་ཐོབ་པར་བྱེད། །དམ་ཚིག་མི་འདའ་བཟླས་པས་ནི། །ས་བཅུ་མངོན་དུ་གྱུར་པ་སྟེ། །རྒྱལ་བའི་རླུང་ལས་འཕོས་པས་ནི། །བསམ་མི་ཁྱབ་དུ་གྱུར་པ་སྟེ། །ཟག་པར་བཅས་པའི་རླུང་དག་ནི། །

རགས་པར་གནས་པ་དེ་སྙེད་ཡིན། །ཕྲ་བར་གྱུར་པའི་རོག་པ་ནི། །ཁྲི་ཕྲག་བརྒྱད་ལས་འདས་ནས་ནི། །སྟོང་ཕྲག་བཞི་བཅུ་འདས་པས་ནི། །སྤང་བྱ་དེ་སྙེད་དང་རྟོག་པ། །བག་ལ་ཉལ་བ་སྤོང་པ་ཡི། །བག་མེད་རླུང་ནི་ཁྲི་ཕྲག་གཉིས། །ཡེ་ཤེས་དམ་ཚིག་མངོན་

འབྱུང་བ། །འབུམ་དུ་བརྗོད་པས་བསྡུས་པའོ། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག །ལྷག་པ་དྲུག་བརྒྱར་བཅས་པ་གང་། །ལས་ཀྱི་རླུང་དུ་བརྗོད་པར་བྱ། །དེ་ཡང་བསྡུས་པས་ཐུན་གྲངས་ལ། །དུས་སྦྱོར་ཆེན་པོ་བཅུ་གཉིས་ཏེ། །དཀྱིལ་འཁོར་ཉི་ཤུ་རྩ་

བཞི་ཡིན། །རོ་ཧི་ཏ་དང་མོ་ཧི་ཏ། །བྷ་དྲ་པྲི་ཥ་བྷ་ཤ་བ། །ཀུར་མ་མ་ཁ་ར་ར་ཎྜ། །མི་ཀི་ར་དང་བི་དྲི་ཀ། །བྱཱ་ཀུ་ལི་དང་སྭ་པ་ན། །ཀཱ་མ་ན་རུ་བརྗོད་པར་བྱ། །འབྱུང་དང་འཇུག་དང་གནས་པ་དག །གཅིག་ཏུ་གྱུར་པ་དབུགས་ཡིན་ཏེ། །དབུགས་དྲུག་ཆུ་སྲང་གཅིག་

Vol. 82 · folio 178a

ཡིན་ཏེ། །ཆུ་སྲང་སུམ་ཅུ་དབྱུག་གུ་ཕྱེད། །དབུགས་དྲུག་གིས་ནི་དབྱུག་གུ་ཕྱེད། །དབྱུག་གུ་གཉིས་ལ་ཆུ་ཚོད་གཅིག །ཆུ་ཚོད་སུམ་ཅུ་རྩ་གཉིས་ལས། །ཐུན་ནི་རྣམ་པ་བརྒྱད་དུ་ཕྲི། །འཕོ་བའི་ཚུལ་ནི་བཅུ་དྲུག་གོ། །དབྱུག་གུ་དག་པའི་གནས་ཡིན་པས།།

དྲུག་ཅུ་རྩ་བཞིར་གནས་པའོ། །སྤྱིར་ན་སེམས་ཅན་ཁམས་ལ་ནི། །རྟོག་པ་བསམ་གྱིས་མི་ཁྱབ་པ། །དེ་སྙེད་ཡོད་ཕྱིར་ཤེས་པ་དེས། །རླུང་ཡང་བསམ་གྱིས་མི་ཁྱབ་པོ། །དེ་ཡང་བསྡུས་པའི་དོན་དུ་ནི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོད་པས། །རྣམ་པར་དབྱེ་བ་

མཁས་པ་ཡིས། །ཟག་བཅས་རླུང་ནི་རི་ཕྲག་བརྒྱད། །ལྷག་པ་སྟོང་ཕྲག་བཞི་ལས་ནི། །ཟག་པ་མེད་པའི་རླུང་གྱུར་པ། །ཁྲི་ཕྲག་གཉིས་ཀྱིས་དག་པ་ཡིན། །རླུང་རགས་པས་ནི་རྟོག་པའི་ཚོགས། །དེ་དང་མཚུངས་པར་འཇུག་པ་ཡིན། །རྟོག་པ་བཀའ་ཉལ་གྱུར་

བས། །རླུང་ནི་ཕྲ་བར་གྱུར་པ་སྟེ། །ཕྲག་རགས་རྟོག་པ་དག་བས་ནི། །རླུང་ནི་ཤིན་ཏུ་ཕྲ་བར་འགྱུར། །རྣམ་རྟོག་དང་ནི་རླུང་གཉིས་གང་། །མཚུངས་པར་མཉམ་པར་འབྱུང་འཇུག་ལས། །རླུང་གི་འཇུག་པ་འབྱུང་མེད་པར། །རྟོག་པ་འབྱུང་བར་མི་འགྱུར་བས། །

དེ་ཕྱིར་ལས་ཀྱི་རླུང་དག་ནི། །ཁྲི་ཕྲག་གཉིས་དང་སྟོང་དག་དང་། །དྲུག་བརྒྱ་དག་ཏུ་ཤེས་པར་བྱ། །ཡི་གེའི་དབྱེ་བའི་གནས་ཀྱིས་ནི། །རང་བཞིན་མངོན་པར་འབྱུང་བ་ཡིན། །ཡི་གེ་དང་ནི་རང་བཞིན་གཉིས། །གནས་དང་རྟེན་དུ་ཤེས་པར་བྱ། །ཡི་གེ་དག་པས་རྟོག་

པ་དག། །རྟོག་པ་འོད་གསལ་གནས་སུ་སྤྱོད། །ཡི་གེ་རྣམ་པ་ལུས་གནས་པས། །དྲུག་གསུམ་རང་བཞིན་རྒྱ་དྲུག་ཅུ། །ཉིན་མཚན་སྦྱོར་བས་འབྱུང་བས་ན། །ལུས་གནས་ཡི་གེ་བརྒྱ་དང་ནི། །དྲུག་ཅུ་གནས་ལས་འབྱུང་ཞིང་འཇུག །དེ་ཕྱིར་གསང་བའི་ཡི་གེ་

ཡིས། །ཐམས་ཅད་ཟ་ཞིང་ལྡིང་བར་འགྱུར། །གནམ་མཁའ་མཐའ་མེད་རྟག་པའི་དོན། །སེམས་ཅན་ཀུན་གྱི་གནས་ཆེན་པོ། །དཔལ་གྱིས་འབྱོར་པ་བླ་མེད་རྒྱལ། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ཨཱ་ལི་བཅུ་དྲུག་ཕྲག་གཉིས་ལས། །ཞེ་སྡང་

Vol. 82 · folio 178b

ལས་གྱུར་རྟོག་པ་འབྱུང་། །དེ་ཡི་རྩ་བ་ཐིག་ལེར་བཅས། །སུམ་ཅུ་གསུམ་དུ་གྱུར་པ་ཡིན། །ཀཱ་ལི་སུམ་ཅུ་རྩ་བཞི་དང་། །ཡ་ར་ལ་ཝ་དདྷ་སྟེ། །བཞི་བཅུ་མངོན་པར་གནས་པས་ན། །འདོད་ཆགས་རྟོག་པ་དེ་སྙེད་ཡིན། །ཟུང་གྱུར་དྲུག་ལྡན་ཐིག་ལེར་བཅས། །མཚན་

མ་བདུན་གྱིས་མཚོན་པའི་ཕྱིར། །དབུས་མ་ལ་བརྟེན་གཏི་མུག་པའི། །རང་བཞིན་མི་རིག་གྱུར་པའོ། །སྔ་མ་གཡས་རྩ་ལ་བརྟེན་པ། །སྐྱེས་པ་རྡོ་རྗེར་བཅས་གྱུར་བརྗོད། །གོང་དུ་གཡོན་རྩ་ལས་འབྱུང་བ། །བུད་མེད་པདྨའི་མཚན་མས་བརྗོད། །རྩ་ཡི་བྱེད་

བ་མི་འདྲ་སྟེ། །ཁམས་དང་རྣམ་ཤེས་འདུ་བ་ཡི། །རྟེན་དུ་གྱུར་ཕྱིར་རྩ་ཡིན་ཏེ། །རྣམ་པར་བཟློག་ན་གཉིས་སུ་འགྱུར། །ཐིག་ལེ་འཕོ་འགྱུར་ཕྱི་རོལ་བཞིན། །ཟླ་བ་ལུས་ལ་འཕོ་བ་སྟེ། །ཚེས་གཅིག་ལ་སོགས་རྐང་གཡོན་ནས། །མཐེ་བོ་སོགས་འཕེལ་

སྤྱི་བོར་གནས། །དེ་ནས་གཡས་ཀྱི་ཆ་ལ་ནི། །ཟླ་བ་རིམ་གྱིས་འགྲིབ་པར་འགྱུར། །འཕེལ་དང་འགྲིབ་པའི་ཁྱད་པར་གྱིས། །བཅྭ་ལྔ་བྱང་ཆུབ་སེམས་སྐྱེད་བྱེད། །དཀར་ཕྱོགས་ནག་པོ་རི་མ་ཤེས་བྱ། །སྤྱོད་པའི་ཚུལ་ནི་དེ་བདེར་སྤྱད། །གནམ་སྟོད་ཉི་མ་གསང་

བར་ཏེ། །ཟླ་བ་ཉ་གང་ཚེས་གཅིག་རྒྱས། །ཁྱད་པར་སྒྲ་གཅན་རིམ་ཤེས་བྱ། །བླ་ན་མེད་པ་རགས་པ་དང་ཕྲ་བའི་གནས་འཇུག་ལྡོག་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་གསང་བ་རབ་ཏུ་འཛིན་པ་པོས། །ཁྱད་པར་སེམས་གསུམ་རིམ་པ་བཀའ་

སྩལ་ཏེ། །སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་སྟེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། །མཆེད་པའི་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལས་

འཛིན་རྟོག་མ་ཞུགས་པ། །ཡེ་ཤེས་ཕྲ་བ་རླུང་ལྡན་མི་སྣང་བ། །ལྷན་ནེ་གནས་པ་སྐད་ཅིག་གཉིས་པ་ཡིན། །ཐོབ་པའི་ཆ་ནི་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུ་འང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་མིན། །ལྷམ་མེ་

Vol. 82 · folio 179a

གནས་པ་སྐད་ཅིག་གསུམ་པ་ཡིན། །ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། ཕྲ་རགས་རབ་གསལ་ཏིང་ངེ་འཛིན་དུ་གནས། །སྐད་ཅིག་བཞི་པ་མི་འགྱུར་ཁྱབ་བྱེད་ཡིན། །འོད་གསལ་བ་ནི་གསམ་གཏན་ཟག་པ་

མེད། །རྡུལ་མེད་ས་བོན་མེད་པས་མི་གཡོ་བ། །ལྷན་ཅིག་གནས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །སྒྱུ་མ་འདི་ཉིད་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་

བ་ལས། །འགས་པ་མེད་པའི་རོལ་པར་རང་བྱུང་བའོ། །ཟུང་འཇུག་བདེ་བ་ཆེན་པོའི་མཚན་ཉིད་ཅན། །ཆོས་དབྱིངས་ཆོས་ཉིད་དབྱེར་མེད་དག་པའི་སྐུ། །ཐ་དད་རྣམ་བྲལ་མི་ཕྱེད་ཡེ་ཤེས་ཏེ། །གསང་བ་ཆེན་པོའི་ལམ་ལས་འདིར་རྟོགས་བྱ། །ཐུན་མོང་དབང་

ཕྱུག་དང་ནི་རྟགས་བཅས་པ། །དབང་ཕྱུག་བརྒྱད་ལྡན་འཆར་བ་འདི་ཉིད་དོ། །ཕྲ་ཞིང་ཡང་ལ་ཕྲ་བར་ནུབ་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་ཅིང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་དུ་འཆར། །

སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །ཐུགས་ཀྱི་དབང་ཕྱུག་དེ་ཉིད་ཕྲིན་ལས་དང་། །རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། །གང་འདོད་བསྐྱེད་དང་ཁྱད་བར་དོན་བརྒྱད་དོ། །ཕུང་པོ་ཁམས་དང་སྐྱེ་མཆེད་བསྡུས་པ་ཡི། །ལྔ་པོའི་དབྱེ་བ་ལྔ་རུ་བྱས་

པ་ལ། །དེ་བཞིན་གཤེགས་པ་སོ་སོར་བྱིན་གྱིས་རླབས། །འཁོར་བའི་ལས་རྣམས་དག་ནི་རྣམ་དག་པས། །དེ་བཞིན་དབང་པོའི་ཕྱི་རོལ་ཡུལ་བཅས་ལྡ། །རེ་རེ་ཞིང་ཡང་བདེ་གཤེགས་ལྡ་རྣམས་ཀྱི། །དེ་ལ་རང་རང་རྟག་ཏུ་བྱིན་གྱིས་རློབ། །ཡེ་ཤེས་

ལྔ་དང་གསུམ་དུ་གནས་པས་ཡང་དག་བསྡུས། །ཞེས་གསུངས་ཏེ། །གསང་བ་ཟབ་པའི་ཚུལ་བསྟན་པ་རྡོ་མི་ཕྱེད་པའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། ཐུགས་ཀྱི་གསང་བ་གསང་བ་

Vol. 82 · folio 179b

འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བསམ་མཉམ་པ་ཉིད་འབྱུང་བར་བསྟན་པར་གྱུར་པ་ཞེས་བྱ་བའི་ལེའུ་སྟེ་སོ་གཉིས་པའོ།། །།རྟག་པ་གསུམ་པ་རྡོ་རྗེ་གསང་བ་ཡེ་ཤེས་འབྱུང་བའི་རྒྱལ་པོ་ཞེས་བྱ་བ་རབ་ཏུ་གསང་བའོ། །དེ་

ནས་བཅོམ་ལྡན་བདེ་གཤེགས་ཀུན། །གསང་ཆེན་ཡེ་ཤེས་རྡོ་རྗེ་འཛིན། །སེམས་ཅན་དོན་དུ་ཡང་དག་འབྱུང་། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །དོན་ཀུན་ཐུབ་པ་རྡོ་རྗེ་འཛིན། །རྒྱལ་བ་དེ་ལ་བཏུད་བྱས་ཏེ། །གསང་བ་དམ་ཚིག་མཁྱེན་པ་ལ།།

མཆོད་ཅིང་བསྟོད་པས་གསང་ཆེན་གྱི། །རྡོ་རྗེ་དབྱངས་ནི་བཤད་པ་ཡིན། །ཨེ་མ་ཚུལ་བཟང་སངས་རྒྱས་པ། །དེ་ཉིད་རིགས་བརྒྱ་བསྡུས་པའི་སྐུ། །དེ་ཉིད་ཚུལ་མཆོག་བྱང་ཆུབ་པ། །རིགས་ཀྱི་སངས་རྒྱས་ལྡར་བསྡུས་པ། །བྱང་ཆུབ་སྙིང་པོ་ཚུལ་

ཞི་པ། །གསང་བ་རིགས་གསུམ་བླ་ན་མེད། །གསང་བའི་ཚུལ་ནི་གཅིག་པ་ཉིད། །རྒྱས་གདབ་རྡོ་རྗེ་སེམས་དཔའ་ཉིད། །ཡེ་ཤེས་རིམ་པ་ཉིད་དུ་བསྟན། །མ་སྐྱེས་པ་ཡི་རང་བཞིན་ལས། །ཁྱད་པར་ངོ་བོ་རང་བྱུང་བ། །ཡང་དག་རྣམ་པར་མི་

རྟོག་པས། །བླ་མེད་མངོན་པར་འབྱུང་བར་གགས། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཔལ་ལྡན་ཆོས་ཀྱི་རང་བཞིན་སྐུ། །རྟོག་པའི་དྲི་མ་འགག་བྱེད་པས། །སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་དུ། །ཕྲ་བའི་རྣམ་པར་

གཞུག་པར་བྱ། །དེ་ཉིད་རྣམ་ཤེས་འཕོ་བའི་དངོས། །གདན་བཅས་ས་བོན་ཐིམ་པར་བྱ། །སངས་རྒྱས་ཀུན་གྱི་བར་སྣང་ཁམས། །ཁྱབ་ཅིང་བཞུགས་པར་རབ་བསྒོམ་པ། །ཡི་གེ་གསང་བ་རང་སྔགས་ལ། །ཐེམ་པ་གཅིག་ཏུ་བསྡུ་བར་བྱ། །ཐུགས་

ཀྱི་ངོ་བོར་བསམ་པར་བྱ། །ཐམས་ད་སྒྱུ་མའི་སྦྱོར་བ་ཡིས། །དངོས་ཀུན་རང་བཞིན་མཚུངས་པར་བལྟ། །སངས་རྒྱས་ཐམས་ཅད་སེམས་སུ་ཡང་། །སླར་ཡང་བསྒོམས་ནས་དེ་རབ་བསྡུ། །གསང་བ་གཅིག་ཏུ་དབང་བྱ་ཡི། །འཕོ་བ་སྐུ་གསུམ་རིམ་པར་

Vol. 82 · folio 180a

འབྱུང་། །ཆོས་དབྱིངས་མཉམ་པའི་ཏིང་ངེ་འཛིན། །མི་ཤིགས་འོག་གི་གོང་བུ་ལས། །ནཱ་ད་ཙམ་དུ་སྣང་བ་གང་། །མི་འགག་རང་བཞིན་དག་པར་གནས། །གསང་བ་རྡོ་རྗེའི་རི་ཆེན་གྱི། །རབ་སྣང་བྱེད་པའི་ཏིང་འཛིན་བཤད། །དེ་ནས་དེ་བཞིན་

གཤེགས་པ་ཡོན་ཏན་མཐའ་ཡས་བསགས་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་རོལ་པ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་བདག་མེད་པ་ཡི་དངོས། །གཉུག་

མ་དབྱེར་མེད་སྟོང་ཉིད་དང་། །ཟད་པ་མེད་ཅིང་འཕེལ་མེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་འབར་བའི་ཚོགས་ན་སངས་རྒྱས་ཐམས་ད་ཀྱི་དྲི་མ་མེད་པའི་མེ་འོད་རིན་པོ་ཆེ་མངའ་

བ་སངས་རྒྱས་ཐམས་ཅད་ཀྱི་པདྨོ་རྣམ་པར་རོལ་པའི་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། །བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །སྐྱེ་མེད་སྙིང་གི་པདྨ་ལ། །ས་བཙན་རྫོགས་པའི་སྙིང་པོ་གང་།།

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་འབར་བའི་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་རང་བྱུང་གི་རྒྱལ་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཟླ་བའི་སྙིང་པོ་འོད་འཕྲོ་བ། །ཆུ་རྒྱུན་འབབ་པའི་ཟེར་ལྡན་གྱིས། །བསམ་པའི་ཡེ་ཤེས་རྒྱུན་གྱིས་ནི། །ཐོགས་མེད་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྲིད་པ་ལས་རྒལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་

ལ་རོལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣ་ཚོགས་དངོས་པོའི་ཆོས་ཉིད་ནི། །སྤྲོས་པ་མེད་ཕྱིར་སྣང་མེད་པས། །ཐེག་པ་མཆོག་གི་ཆོས་ཉིད་ཀྱིས། །གསང་བའི་ཚུལ་འདི་བསྟན་པའོ། །

Vol. 82 · folio 180b

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྲིད་པ་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས། །རྟག་དང་ཆད་བ་

ལས་གྲོང་ཞིང་། །ཡང་དག་དོན་མཐོང་རང་གྲོལ་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབྱངས་སྙན་པར་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །དྲི་མ་མེད་པའི་ཆོས་ཉིད་ནི། །གདོད་ནས་དག་པ་དེ་བཞིན་གཤེགས། །སྙིང་པོ་ཡེ་ཤེས་བྱང་ཆུབ་པས། །གསང་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་མེ་ཏོག་སངས་རྒྱས་

ཐམས་ཅད་ཀྱི་ཡེ་ཤེས་སེང་གེའི་རྩལ་རྡོ་རྗེ་ཞེས་བྱ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་ཆོས་ཀྱི་དབྱིངས་ཉིད་ལས། །ཐུབ་པ་དོན་ཀུན་རྡོ་རྗེ་འཛིན། །མཆོད་དེ་རྡོ་རྗེ་དབྱིངས་འདིར་གསུངས། །དེ་ཉིད་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚོགས་ཆེན་གཙོ་བོ་སངས་རྒྱས་ཐམས་ཅད་ཀྱིས་གནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཉིས་སུ་མེད་པས་འདུ་འབྲལ་

མེད། །རྣམ་ར་གྲོལ་བའི་ཕུང་པོ་ཅན། །བདེ་ཆེན་སྐུ་སྟེ་སྐྱོན་མེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེ་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཕུང་པོ་ལྔ་དག་པའི་སྟོབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། །བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །ཇི་སྲིད་འགྲོ་བའི་བྱ་བ་དག །འདུས་པ་ལས་ནི་སྐྱེ་བཞི་བ། །དེ་ཡང་ཡུལ་ལས་རབ་ཏུ་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཁྱིམ་

Vol. 82 · folio 181a

བདག་དྲག་ཤུལ་ཅན་གྱིས་བྱིན་པ་སངས་རྒྱས་ཐམས་ཅད་ཀྱི་གྲངས་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་ཉིད་མཉམ་པ་མེད་པ་ཡི། །རྡོ་རྗེ་ཟླ་བ་འདུས་ལས་འབྱུང་། །ཐ་དད་

དམིགས་པ་རབ་ཞི་བས། །དེ་ཉིད་ཚལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྐྱོབ་པ་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེ་འབྱུང་གནས་ས་ཆེན་ལྟར། །དེ་ཉིད་བདེན་མཐོང་ཆོས་ཀྱི་སྤྱན། །ཤེས་རབ་ཟབ་མོའི་སྤྱོད་ཡུལ་གང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་

མཐའ་ཡས་པའི་འོད་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཡོངས་སུ་དག་པར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཁྱེན་པ་དག་པ་ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ཏུ་རང་བྱུང་བས།།

འགྲོ་བའི་བསམ་པ་རྫོགས་མཛད་པ། །ཐུབ་པ་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོས་ཁྱབ་པར་མཛད་པས་སངས་རྒྱས་ཐམས་ཅད་ཀྱི་ཐོགས་པ་མེད་པའི་གནས་པ་སྤྱོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཟིལ་གནོན་ཆོས་ནི་གསང་བ་ཆེ། །མི་ཟད་རྒྱན་གྱི་སྒྲུབ་པའི་གཞི། །དེ་ཉིད་ངེས་པ་སྟོབས་གྱུར་པས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གྲགས་པའི་དཔལ་སངས་

རྒྱས་ཐམས་ཅད་ཀྱི་མཛད་པ་སྣ་ཚོགས་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་ཁམས་ནི་སྣ་ཚོགས་སུ། །འགྲོ་བ་འདུལ་བའི་ཐབས་ཀྱི་ཕྱིར། །རྣམ་རོལ་ཡེ་ཤེས་སྤྱོད་པ་ཡིས། །

Vol. 82 · folio 181b

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་གསལ་བའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་མི་འགག་པ་རོལ་པའི་སྒྲ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཞིང་

ཁམས་བྱེ་བས་ཁམས་བྱེ་བ་མཐའ་ཡས་པར། །མི་འགྱུར་རྡོ་རྗེའི་དབྱིངས་གཅིག་གིས། །ཐ་དད་དུ་མར་ཁྱབ་བྱེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པ་མཐའ་ཡས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པ་རྡོ་རྗེའི་

སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟག་པ་སྣ་ཚོགས་བསྡུས་པ་ཡི། །ཡེ་ཤེས་གཅིག་གིས་གནས་པ་ལས། །ཐ་དད་ཏིང་འཛིན་དག་པའི་ངང་། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་དོན་ཡོད་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཡུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་རྐུན་གྱི་སྐུ་གསུང་ཐུགས། །ཡེ་ཤེས་རྡོ་རྗེ་

རོ་གཅིག་པར། །ལན་ཚྭ་ཆུ་བཞིན་སྤྱོད་པ་ནི། །སྐལ་བཟང་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་དྲང་སྲོང་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི་དྲི་མ་མེད་པའི་རྡོ་རྗེ་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྷ་དང་མི་ཡི་སྟོན་པ་གང་། །རྐང་གཉིས་ཐམས་ཅད་མཁྱེན་པ་སྟེ། །མ་འོངས་བླ་མའི་གཟུངས་ཀྱི་ས་གནས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐྱེ་བའི་

དབང་པོ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་མི་ཟད་རྡོ་རྗེ་སངས་རྒྱས་ཐམས་ཅད་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྟན་གཡོ་མ་ལུས་སྣང་བའི་གཞི། །དེ་ཉིད་ཀུན་དུ་བསྒྱུར་བ་པོ། །དེ་ཉིད་

Vol. 82 · folio 182a

དེ་བཞིན་གཤེགས་པས་སྤྲུལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགེ་འདུན་བརྟན་པའི་བློ་སངས་རྒྱས་ཐམས་ཅད་ཀྱི་ཀླུ་དབང་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ།

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གདུག་པ་མ་ལུས་གདོན་བྱུང་བ། །དེ་ཉིད་རྟོག་པའི་དྲ་བ་ལས། །ཀུན་བྱུང་དག་པར་འདུལ་བྱེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །གསང་བའི་རྒྱལ་པོ་བཅོམ་ལྡན་གྱིས། །དེ་ཉིད་བྱང་

ཆུབ་སེམས་དཔའ་ལ། །རབ་ཏུ་བསྐུལ་ཏེ་བསྟན་པ་གང་། །རབ་ཏུ་ཉོན་ཅིག་རྡོ་རྗེ་འཛིན། །དཀྱིལ་འཁོར་གང་དུ་བསྒྲུབ་པ་ཡི། །གསང་བ་མངོན་པར་བྱང་ཆུབ་པ། །རྒྱུ་དང་རྟགས་དང་གོ་ཆ་དང་། །རྣམ་པ་ལྔར་ནི་བསྟན་པ་སྟེ། །འཇུག་པ་སྦྱོར་བའི་

རིམ་པ་ཡིས། །དམིགས་པ་བསྡུས་པ་ཉིད་ཡིན་ནོ། །རླུང་དང་སྔགས་དང་སྒྲ་ལས་ནི། །རྡོ་རྗེ་བཟླས་པའི་རིམ་པའོ། །གང་དུ་སེམས་ཀྱི་སྣང་བ་ལས། །རབ་དབེན་རི་པ་གཉིས་པར་བརྗོད། །རྨི་ལས་སྒྱུ་མའི་ཆོས་ཅན་ལས། །བདག་བྱིན་བརླབ་པའི་

རིམ་པར་གྱུར། །བསམ་གཏན་སྦྱོར་དང་འོད་གསལ་བ། །མངོན་པར་བྱང་ཆུབ་རིམ་པ་ཉིད། དེ་ལས་གཉིས་མེད་དེ་བཞིན་ཉིད། །རིམ་པ་ལྔ་པ་ཟུང་འཇུག་ལམ། །ལུས་སེམས་ངག་གི་ཆོས་བསྡུས་པས། །ཚུལ་གསུམ་མངོན་པར་བྱང་ཆུབ་པ། །དེ་ཉིད་ཡེ་

ཤེས་ལྔ་དག་ཏུ། །རིགས་ཀྱི་དབྱེ་བས་བསྟན་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཆོས་ཀྱི་ཚུལ་བསྡུ་བ་མངོན་

བར་བྱང་ཆུབ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱོགས་བཟང་རྟོག་སྐྱེས་བུ་ཁ་ལོ་སྒྱུར་བ་རྡོ་རྗེ་ཞེས་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐབས་དང་བསམ་པ་

Vol. 82 · folio 182b

གང་གང་གིས། །ལུས་སུ་འདི་སྤྱོད་པས་སྒྱུར་བས་ན། །སེམས་ནི་ཏིང་ངེ་འཛིན་གྱིས་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཞིན་གཤེགས་པ་ཡུལ་འཁོར་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཀུ་ཤའི་རྩེ་མོ་ལྟར་ཕྲ་མོ་རྡོ་རྗེ་ཞེས་

བ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཀུན་གྱི་ཕ་རོལ་པ་ཡི། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྐུ། །རང་རིག་ཉིད་ལས་ཐ་དད་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་བཀོད་མའི་ཆུ་འཛིན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདེ་གཤེགས་གདུང་ནི་རྒྱས་པ་གང་། །ཐུགས་རྗེ་དག་པའི་སྟོབས་ཡིན་

ཏེ། །འགྲོ་བ་གསོ་བའི་ཚུལ་གྱིས་ནི། །བྱང་ཆུབ་ཡེ་ཤེས་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རླུང་གི་ཤུགས་འཆང་བ་ལྟར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་སྨན་པའི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འགྲོ་བ་ཀུན་གྱི་འཁོར་བ་ཡི། །ནད་སེལ་ཐབས་མཆོད་བྱམས་པའི་དཔལ། །བརྩེ་སེམས་ཚད་མེད་སྲུང་བ་པོ། །ཟབ་པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་ལེགས་བསམ་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་བློའི་དྲི་མ་སེལ་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་བཞིན་རྟོག་པའི་དྲི་མ་རྣམས། །གཟུང་འཛིན་ཆོས་ཀྱིས་བསྡུས་པའི་དངོས།།

དབུ་མའི་ངང་དུ་རང་དག་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྣང་ལྡན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆུ་བོའི་རླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

Vol. 82 · folio 183a

སངས་རྒྱས་ཀུན་གྱི་ཆོས་ཀྱི་ལམ། ཚུལ་གཅིག་ཐེག་པ་གཅིག་པ་ཉིད། །བྱང་ཆུབ་ཆེན་པོ་བླ་ན་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་ཚོགས་ཆེན་པོ་སངས་རྒྱས་ཐམས་

ཅད་ཀྱི་གཞལ་མེད་ཀྱི་གནས་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་རང་བཞིན་སྟོང་བའི་དབྱིངས། །གཞི་མེད་རྩ་བྲལ་འདུས་མ་བྱས། །བརྗོད་མེད་ནམས་མཁའི་ངོ་བོ་ཉིད། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འབྲིབ་པ་མེད་པར་བསྲུང་བ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་རིན་པོ་ཆེའི་ཟོམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཆོས་དང་ཆོས་ཉིད་མེད་པ་སྟེ། །ཕ་རོལ་ཕྱིན་པ་མཉམ་པ་ཉིད། །སྣང་བ་མེད་ཅིང་རྣམ་པ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་གྱི་བློ་གྲོས་སངས་རྒྱས་ཐམས་ཅད་ཀྱི་བློ་གྲོས་སྣང་བ་བཀོད་

པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་མུན་པ་སེལ་མཛད་ཅིང་། །ས་གསུམ་གསལ་བར་བྱེད་པ་ཡི། །གློག་གི་འོད་ཀྱིས་འཆར་བ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསྙེངས་མེད་སངས་རྒྱས་ཐམས་ཅད་ཀྱིས་ཕེག་རྡོབ་པའི་སྒྲ་སྙན་ལྟ་བུར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆོས་ཀྱི་དོན་འབྱུང་བ། །བླ་ན་མེད་པ་བྱང་ཆུབ་སེམས། །ཡེ་ཤེས་

རྒྱུ་དང་འབྲས་བུར་སྟོན། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲོགས་བརྟན་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བའི་མིག་སྟོན་བ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །

Vol. 82 · folio 183b

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཅན་བསམ་པའི་དབང་གིས་ནི། །ལམ་གྱི་རིམ་པ་ཐམས་ཅད་པར། །འདམ་བཟངས་ཆུ་ཡི་བདུད་རྩི་ལྟར། །སྐལ་བཟངས་དེ་ཉིད་ཚུལ་ཤེས་བྱོས། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

འོད་གནས་མཚུངས་སངས་རྒྱས་ཐམས་ཅད་ཀྱི་གཞོན་ནུའི་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཀྱི་ཚུལ་ནི་ཞི་བ་ཉིད། །བཅུ་དྲུག་ཡེ་ཤེས་བརྒྱན་པ་ཉིད། །སྐད་ཅིག་བདེན་པ་བྱང་ཆུབ་པས། །

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བའི་ཞལ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཀུན་ནས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་བྱེ་བ་ཁྲག་

ཁྲིག་གིས། །ཀུན་དུ་དབང་བསྐུར་གྱུར་པ་ཡི། །སྐལ་བ་ཅན་ནི་ཀུན་ཏུ་བཟང་། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐར་པའི་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ། །བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །གང་དུ་རྟོག་པས་བརྟགས་པ་ཡི། །སྣང་བ་འདི་ནི་སྒྱུ་མ་ཙམ། །དེ་ཉིད་ལས་དང་བག་ཆགས་བྲལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ངོས་

བཟངས་སངས་རྒྱས་ཐམས་ཅད་ཀྱི་རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་ཤིགས་རྡོ་རྗེའི་སྐུ་ཉིད་ནི། །རྣམ་པ་དུ་མས་སྤུངས་པ་གང་། །ཕྲ་རབ་དབྱེར་མེད་དག་པའི་རྒྱལ། །བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་བཟངས་སངས་རྒྱས་ཐམས་ཅད་ཀྱི་དཔའ་བོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ཀུན་ཏུ་ཡེ་ཤེས་རྒྱལ་བ་ཡི། །དྲོད་དང་

Vol. 82 · folio 184a

རྟགས་ལས་འདས་པའི་ཆོས། །བསྒོམ་བྱ་མེད་ཅིང་དམིགས་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་གཟི་བརྗིད་སྣང་བ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་སྣང་བ་མེད་པ་རྡོ་རྗེ་ཞེས་

བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་། །དེ་ཉིད་ས་བཅུའི་དབང་ཕྱུག་སྟེ། །བདག་མེད་ཆོས་ལས་རང་བྱུང་བ། །བྱང་ཆུབ་ཚུལ་དི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་འཕགས་པ་ཆེན་པོ་མཆོག་གི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྤྲིན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དགོས་འདོད་ཐམས་ཅད་ཆར་བཞིན་དུ། །རང་སེམས་ནོར་

བུའི་རྒྱལ་པོས་འགྲུབ། །འདི་ཉིད་རིན་ཆེན་མཛོད་ཆེན་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པར་གནས་པ་སངས་རྒྱས་ཐམས་ཅད་ཀྱི་བསྐུལ་བ་ཚད་མེད་པ་བླ་མའི་སྙིང་པོ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་

ཀྱི་འབྱུང་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཀོན་མཆོག་གསུམ་གྱི་དཔལ་ལྡན་པ། །རང་རིག་ཡེ་ཤེས་གཅིག་ལ་རྫོགས། །རྒྱུན་དུ་བདེ་བ་སྟེར་བྱེད་པས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་བདེན་པར་སྟོན་པ་ཡང་དག་པའི་གནས་བློ་གྲོས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བགྲོད་མེད་ལམ་ནི་གཅིག་པའི་ཆོས། །ཡེ་ཤེས་མིག་གི་ཡུལ་

གྱུར་པས། །མཐར་ཐུག་སྙིང་པོ་བྱང་ཆུབ་མཆོག །རྒྱལ་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །འདིར་ནི་གསང་བའི་བཀའ་སྤྱོད་པའི། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡི། །དམ་ཚིག་ཡེ་ཤེས་བསྟན་པ་ལ། །གསང་བ་འཛིན་པ་རབ་སྟོན་ཅིང་། །

Vol. 82 · folio 184b

འདིར་ནི་སངས་རྒྱས་བསྟན་པ་ལ། །ཐེག་ཆེན་ཆོས་ལ་རབ་ཞུགས་ཀྱང་། །དེ་དོན་གསལ་བར་མི་ཤེས་པས། །གསང་བའི་ཚུལ་འདི་རྟོགས་དཀའ་སྟེ། །བརྡ་དང་དགོངས་པས་བཤད་པ་དང་། །ཇི་བཞིན་པ་དང་མིན་དྲང་དོན། །དངོས་པོའི་ཆོས་ལ་མི་སྤྱོད་པར། །སྒྲ་དང་

ཡི་གེའི་རྗེས་འབྲང་བའི། །ཕྱི་རོལ་བསྟན་བཅོས་ལ་དགའ་ཞིང་། །ཚིག་དོན་བདུད་རྩིའི་རྒྱབ་ཀྱིས་ཕྱོགས། །དེ་ལ་དངོས་གྲུབ་རྙེད་དཀའ་སྟེ། །གསང་བ་འཛིན་པ་སྤོང་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་

རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཡོངས་སུ་དག་པའི་གནས་རྡོ་རྗེའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་བཟངས་སངས་རྒྱས་ཐམས་ཅད་ཀྱི་གློག་གི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་

ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟེན་འབྲེལ་ཡང་དག་འབྱུང་བ་ལས། །ཀུན་རྫོབ་ཉིད་ཀྱི་ཆོས་ཉིད་ནི། །དབྱེར་མེད་དོན་དམ་རྣམ་པར་དབེན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྟོབས་སྦྱིན་བ་སངས་

རྒྱས་ཐམས་ཅད་ཀྱི་རིན་ཆེན་སྒྲོན་མེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་དག་མ་སྐྱེས་པས། །དེ་ཉིད་དངོས་པོར་མི་གནས་ཤིང་། །རང་བཞིན་འོད་གསལ་རྟག་པ་ཉིད། །བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་རི་དགས་ཀུན་དུ་རྒྱུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྡོ་རྗེ་ལམ་དུ་རབ་ཞུགས་ནས། །

ནོར་བུ་དྲི་མེད་ཟླ་བ་མེད། །སྐྱོན་གྱིས་མ་གོས་ཡེ་ཤེས་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་གི་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྟོག་པའི་དཔའ་རླབས་གཡོ་བ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

Vol. 82 · folio 185a

པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྡོ་རྗེ་གསང་བ་བླ་ན་མེད། །མཉམ་སྦྱོར་བདེ་བ་དྲི་མ་མེད། །མི་འཛག་མྱ་ངན་འདས་པར་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་

འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་རླུང་གི་ཤུགས་ཀྱིས་བསྐྱོད་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་མངོན་པར་མི་གནས་པ། །གཉིས་མེད་ཡེ་ཤེས་ཆོས་ཀྱི་རྒྱལ། །རྣམ་པར་མི་རྟོག་ཆགས་

མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྟེར་མཛད་སངས་རྒྱས་ཐམས་ཅད་ཀྱི་རྔ་སྒྲའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣང་སྲིད་

མ་ལུས་བཅོམ་ལྡན་འདས། །ཐམས་ཅད་སྟོང་པ་ཉིད་ལས་སྐྱེས། །དེ་ཉིད་ཡེ་ཤེས་རྒྱུ་འབྲས་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱིས་ཚིམ་པར་བྱེད་པ་ཞེས་བྱ་

བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་ཉིད་ནམ་མཁའི་ངོ་བོ་ཉིད། །སེམས་ཉིད་མཉམ་པར་མཚུངས་པས་ན། །མི་འགག་གོ་འབྱེད་ཁྱབ་གྱུར་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་དགུའི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་ཉིད་དངོས་པོ་མ་ཡིན་ཏེ། །དངོས་མིན་གྱུར་བའང་སྟོང་བ་མིན། །ངོ་བོ་ཉིད་

ནི་རྣམ་དག་པ། །སྟོང་ཉིད་ཡེ་ཤེས་ཚུལ་བསྟན་པའོ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པ་ཆེན་པོ་རྨད་དུ་བྱུང་བ་སངས་རྒྱས་ཀྱི་གདུལ་བྱ་སྨིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་

Vol. 82 · folio 185b

གསུངས་སོ། །འབྱུང་བ་བཞི་དག་ནམ་མཁར་ནས། །དེ་ཉིད་གང་ལའང་མི་གནས་ཏེ། །སེམས་ཅན་སངས་རྒྱས་ལ་བརྟེན་པ། །སངས་རྒྱས་མི་གནས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པའི་ཚུགས་པ་ཐུབ་པ་ཆེན་པོ་སངས་རྒྱས་

ཐམས་ཅད་ཀྱི་རྔ་སྒྲའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །གཟོད་ནས་མ་སྐྱེས་དག་པ་ཉིད། །སྲིད་ཞི་མཉམ་ཉིད་རྫོགས་སངས་རྒྱས། །འགྲོ་འོང་རྣམ་བྲལ་ཚུལ་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསྙེངས་མེད་སངས་རྒྱས་ཐམས་ཅད་ཀྱི་དཔགས་བསམ་གྱི་ཤིང་ལྟ་བུར་བསྐྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ས་བོན་མྱུ་གུ་དང་། །སྡོང་བུ་འདབ་མ་འབྲས་བུའི་

བར། །ཚུལ་བརྒྱད་འགྱུར་བའི་བྱེ་བྲག་གིས། །རྟེན་འབྲེལ་དེ་ཉིད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཉི་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་ལྗོན་པའི་ཤིང་ཆེན་པོ་ལྟར་རྒྱས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །འགྲོ་སྙིང་རྣམ་རྟོག་ཞེས་བྱ་གང་། །རང་རིག་བྱང་ཆུབ་སྙིང་པོའི་གནས། །དེ་ལས་ཡོན་ཏན་བརྗོད་མི་ལང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་

ལྷའི་སིལ་སྙན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་རྟག་བདག་མེད་ཞི་བ་ཡིས། །འདུ་ཤེས་སེམས་པ་སྔོན་རྒྱུ་ལས། །བག་ཆགས་སྤངས་པས་གནས་ཐོབ་གྱུར། །དེ་ཉིད་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་མཐུ་རྩལ་སངས་རྒྱས་ཐམས་ཅད་ཀྱི་སྒྲ་བུང་བ་ལྟ་བུར་ལྡིང་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་རིག་བྱེད་ལས་འདས་ཤིང་། །དེ་སྤངས་

Vol. 82 · folio 186a

བསམ་པའི་ལྡོག་པ་ཡིས། །དབྱེ་བས་ཐ་དད་ཤེས་པར་བྱ། །འདི་ནི་སྙིང་པོའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལ་དགྱེས་བ་སངས་རྒྱས་ཐམས་ཅད་ཀྱི་དཔལ་ཞིང་ཁམས་བཀོད་པ་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཀུན་གྱི་ཞིང་ཁམས་གང་། །སྣང་མཛད་རྒྱལ་པོའི་འོད་ཀྱི་སྐུས། །རྟེན་མཛད་ཡེ་ཤེས་སྣང་བ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

ཐུབ་པ་ལྷ་བདེན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྣང་བ་བཻ་ཌཱུརྱར་སྟོན་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འགྱུར་བ་མེད་པའི་རིན་པོ་ཆེ། །གཅིག་ཏུ་སྒྱུར་བར་བྱེད་པ་ཅན། །ནོར་བུ་རྟོག་པའི་བློ་བྲལ་བ། །

ངེས་པར་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་མུན་པ་སྨག་རུམ་སེལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་བའི་བའི་མུན་པ་

སེལ་བ་ཡི། །བྱིན་བརླབས་འོད་ཀྱི་སྒྲོན་མ་ཡིས། །སྣང་བ་སྟོན་ཅིང་འཇོམས་པ་གང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་ཡེ་ཤེས་ཀྱི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་རྟོག་པའི་རྒྱལ་པོ་དག་པ་ཞེས་བྱ་བའི་ཏིང་

ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྙིང་པོར་གྱུར་པ་རང་སྲོགས་ལས། །མི་ཤིགས་གོ་འཕང་གནས་སྤྱོད་པ། །དེ་ཉིད་རླུང་སེམས་དབྱེར་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་ཐུབ་པ་བཅིངས་པ་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་སྤྲོ་བ་དཔག་མེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་དབྱིངས་ཡེ་ཤེས་སྤྱོད་ཡུལ་བས། །མི་གནས་མི་དམིགས་མཉམ་པ་ཉིད། །

Vol. 82 · folio 186b

ཚད་མེད་རང་བྱུང་མི་རྟོག་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །ངེས་འབྱུང་རྣམ་པར་མི་གནས་པ། །འཁོར་བ་དག་པའི་སེམས་གནས་པ། །དེ་ཉིད་ཡེ་ཤེས་ཚུལ་གསུམ་གྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །གང་དུ་སྔོན་བྱུང་སངས་རྒྱས་དང་། །མ་འོངས་བྱོན་གྱུར་དེ་བཞིན་གཤེགས། །ད་ལྟར་ཕྱོགས་

བཅུའི་སངས་རྒྱས་རྣམས། །གསང་བ་འདི་ལས་ཡང་དག་འབྱུང་། །སེམས་ཀྱི་བསླབ་པ་ལ་ཕྱོགས་ཤིང་། །ཟབ་པ་རིག་པ་འཛིན་པ་དང་། །དེ་ཉིད་མདོ་སྡེར་གང་བསྟན་པ། །ཕྱི་ནང་གཉིས་སུ་བསྟན་པ་ཡིན། །གསང་བ་བླ་ན་མེད་པའི་དོན། །སྙིང་པོའི་དོན་རྣམས་སྟོན་

བྱེད་པ། །འབྲས་བུ་རྟོགས་པའི་ཡེ་ཤེས་ནི། །ཚེ་འདི་ཉིད་ལ་མངོན་གྱུར་པས། །ཐབས་ཀྱི་ཁྱད་པར་གྱུར་པ་སྟེ། །རྡོ་རྗེ་ཐེག་པ་ཞེས་བརྗོད་དོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་

ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བ་བླ་ན་མེད་བའི་དོན་ཡོངས་སུ་སྐྱོང་བའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཡེ་ཤེས་དོན་ཀུན་འཛིན་མཛད་པ། །དུས་གསུམ་བདག་པོ་དཔལ་ལྡན་པས། །གསང་བ་ཡེ་ཤེས་སྤྱོད་

པ་གསུངས། །གཉིས་མེད་མཉམ་པ་མི་འགྱུར་བ། །དུས་གསུམ་རྟག་ཏུ་རང་བྱུང་ཉིད། །སྐྱེ་བ་མེད་པ་ལས་སྤྲུལ་ཞིང་། །མ་སྐྱེས་རང་བཞིན་བརྗོད་དུ་མེད། །སངས་རྒྱས་ཀུན་གྱི་ཆོས་རྣམས་ནི། །ནམ་མཁའ་དང་ནི་མཉམ་གྱུར་པ། །རྣམ་པར་མི་རྟོག་ཡེ་ཤེས་ལས། །སྒྱུ་མ་ཙམ་དུ་

བསྟན་པ་ཡིན། །རྒྱུ་དང་ལམ་དག་འབྲས་བུར་ནི། །གནས་པ་བརྗོད་བྱ་དོན་གྱི་ཆོས། །དེ་ཉིད་ངེས་པར་དོན་སྟོན་པས། །རྗོད་བྱེད་སྒྲ་ཡི་ཕྱོགས་སུ་བཤད། །གསང་ཆེན་ཐེག་པ་སྙིང་པོའི་དོན། །རྒྱལ་པོ་ཆེ་བ་རང་ལ་གནས། །མཆོག་ཏུ་བརྟག་པ་འདུས་པ་སྟེ། །བདེན་གཉིས་ཟུང་

Vol. 82 · folio 187a

འཇུག་སྟོན་པའོ། །དེ་ནས་དེ་བཞིན་གཤེགས་པ་གཟིགས་པ་ལྷའི་དབང་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་ཉིད་གསང་བའི་ཡེ་ཤེས་ཆེ། །

སྙིང་པོ་ཕྱག་རྒྱ་ཆེན་པོའི་ངང་། །ཟབ་དང་རྒྱ་ཆེའི་ཚུལ་གནས་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་དབུ་སྒྱུ་མ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་

བ་ཀུན་འདུས་རིག་བའི་ངང་། །རྡོ་རྗེ་འཛིན་པའི་ས་གནས་པས། །སྐུ་བཞི་ཡེ་ཤེས་མཆོག་རྟག་པས། །དྲི་མེད་འདུལ་བའི་ཚུལ་མཆོག་གོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དལ་གྱིས་བཞུད་པ་སངས་རྒྱས་ཐམས་ཅད་ཀྱི་སེང་གེ་རྣམ་པར་བསྒྱིངས་པ་རྡོ་རྗེ་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་གཤེགས་པའི་བྱང་ཆུབ་སེམས། །འབད་པ་མེད་པར་འབྱུང་བ་ནི། །ཆོས་རྣམས་དབྱེར་མེད་གཅིག་པའི་སྐུ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་བརྟུལ་ཞུགས་དཀའ་ཐུབ་སངས་རྒྱས་ཐམས་ཅད་ཀྱི་དཔའ་བར་འགྲོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཐོང་ཆོས་དོན་ཡོད་སྙིང་པོ་ནི། །འབྲས་བུ་གྲུབ་པའི་རྐྱེན་འབྱུང་བ། །དེ་ཉིད་སད་བྱེད་

རྣམ་པར་ཐར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐམ་སར་གནས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་

ཅན་རྣམས་ཀྱི་བསམ་པ་ཡི། །སྤྱོད་ཡུལ་སྣ་ཚོགས་འབྱུང་བ་ན། །ཐར་བའི་ལམ་ལ་སྤྱད་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་བདེན་པ་དག་པ་རྡོ་རྗེ་སངས་

Vol. 82 · folio 187b

རྒྱས་ཐམས་ཅད་ཀྱི་སྟོབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསམ་གཏན་སྦྱོར་བ་སྒྱུ་མ་ཡིས། །ཉེ་བར་འགྲུབ་པ་ཡང་དག་པའི། །གསང་མཐའ་ཚུལ་འདི་ངེས་བསྟན་ཡིན། །དེ་ཉིད་སྤྱོད་པ་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་ཅན་སངས་རྒྱས་ཐམས་ཅད་ཀྱི་དྲང་སྲོང་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསོད་ནམས་མཐར་ཐུག་སྟོབས་ཆེན་པོ། །དགེ་བའི་རྩ་བ་བརྟན་ལས་འབྱུང་།།

འབྲས་བུ་བཞིས་ནི་ཐུབ་པའི་རྒྱན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགའ་མཛད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་པར་ཐར་པའི་སྒོ་བསྟན་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་

ཀྱི་སེམས་འདི་གསུངས་སོ། །དེ་ཉིད་སྟོང་ཉིད་མཚན་མ་མེད། །སྨོན་པ་མེད་པ་བྱང་ཆུབ་གཞི། །རྣམ་ཐར་ཡེ་ཤེས་འབྲས་ཐོབ་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་བཟང་པོ་སངས་རྒྱས་ཐམས་

ཅད་ཀྱིས་སྒྱུ་མ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་གང་སྐྱེ་བ་མེད་པ་དང་། །འགག་པ་མེད་པར་འབྱུང་བ་གང་། །བླ་མེད་གསང་བའི་དོན་བསྟན་པས། །དེ་ཉིད་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་སངས་རྒྱས་ཐམས་ཅད་ཀྱི་སྨིག་རྒྱུ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་གཟུགས་བརྙན་རྨི་ལམ་དང་། །སྤྲུལ་

པ་མཚུངས་པར་སྟོན་བ་གང་། །དེ་ཉིད་རང་བཞིན་འབྱུང་བའི་དངོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་

Vol. 82 · folio 188a

ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རྨི་ལམ་གཟུགས་སྣང་ལྟར། །བག་ཆགས་སྣང་བ་རང་དག་པར། །དྲི་མ་སྦྱང་ཕྱིར་བསྟན་པ་དག །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྣང་བའི་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཆུ་ཟླ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཅིག་གིས་དུ་མར་ཁྱབ་པ་ཡི། །ངོ་བོ་རང་སྟོང་ཐིག་ལེ་གཅིག །ཞེན་

མེད་ཕྱག་རྒྱ་འབྱུང་བ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚོགས་ཅན་འོད་སངས་རྒྱས་ཐམས་ཅད་ཀྱི་དྲི་ཟའི་གྲོང་ཁྱེར་ལྟ་བུར་འཆར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དག་པའི་ཡེ་ཤེས་ཡང་དག་པ། །བཅིངས་པ་མེད་ཅིང་གྲོལ་བའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐྲུན་པར་མཛད་པ་སངས་རྒྱས་

ཐམས་ཅད་ཀྱི་སྦྲུལ་བ་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སངས་རྒྱས་རྣམས་དང་ནི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་སྤྲུལ་དམན་པར་མོས་བ་འདུལ། །བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མདངས་འགྲོ་དཔལ་སངས་རྒྱས་ཐམས་ཀྱི་ཆུའི་ཆུ་བུར་ལྟ་བུར་མཁྱེན་པ་བླ་ན་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལན་

ཚྭ་རྒྱ་མཚོར་ཐིམ་པ་ལྟར། །དབའ་རླབས་ཞི་བའི་རང་བཞིན་གྱིས། །ཐོབ་མེད་ཡེ་ཤེས་སྦྱོར་དོན་འགྲོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་དོན་ལེགས་དེས་སངས་རྒྱས་ཐམས་ཅད་ཀྱི་མིག་ཡོར་སྟོང་

Vol. 82 · folio 188b

པའི་དངོས་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སད་པས་སད་བྱེད་པ། །ཀུན་ནས་ལྡང་བ་ཞི་བ་ཡི། །བསྙེངས་མེད་དོན་གསལ་བྱང་ཆུབ་པ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་ཁྱུ་མཆོག་ཚད་མེད་སངས་རྒྱས་ཐམས་ཅད་ཀྱི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྲིད་ལས་གྲོལ་ཞིང་བདེ་ཐོབ་དང་། མཆོག་

དོན་གནས་པ་དག་པའི་གནས། །བྱང་ཆུབ་ཚུལ་དག་འཁོར་ལོ་ཡིས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལག་བཟངས་སངས་རྒྱས་ཐམས་ཅད་ཀྱི་དབང་པོའི་གཞུ་དང་མཚུངས་པར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསྟན་པ་འདི་ནི་བྱང་ཆུབ་ལམ། །དེ་ཉིད་སྙིང་པོ་སྡོམ་པ་ཉིད། །བསླབ་པ་ཡོངས་དག་མཛའ་ཚོན་ལྟར། །ངེས་པའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་འོད་ཟེར་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གློག་གི་འོད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐུབ་པའི་རྫུ་འཕྲུལ་ཆེན་པོ་ནི། །གློག་ལྟར་འབྱུང་བའི་ཡིད་ཀྱིས་ནི། །ཀུན་དུ་ཕྲིན་ལས་བྱ་

བ་ལས། །འཇུག་བའི་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསམ་པས་བྱིན་སངས་རྒྱས་ཐམས་ཅད་ཀྱི་སྤྲིན་འཕྲོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། སངས་རྒྱས་

དུས་གསུམ་ཐམས་ཅད་དུ། །དྲི་མེད་རྟག་བར་འབྱུང་བའི་གཞི། །ལེགས་མཆོད་བསམ་པའི་རྒྱུན་བབ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། ཞེས་གསུངས་སོ། །དེ་ནས་གསང་བའི་རྒྱལ་པོ་ཆེ། །འབྲས་བུ་སྟོན་པའི་ལས་བྱུང་བ། །མི་ཕྱེད་ཡེ་ཤེས་མངའ་

Vol. 82 · folio 189a

བདག་འཆང་། །ཟབ་དང་རྒྱ་ཆེའི་ཚུལ་བསྟན་པའོ། །དེ་ཉིད་དཀྱིལ་འཁོར་ལོའི་ཆེ། །རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས། །གཟོད་ནས་དག་པའི་ཡེ་ཤེས་གནས། །ཐབས་གཞན་གྱིས་

ནི་སངས་རྒྱས་མེད། །གསང་ཆེན་བདེ་བའི་གོ་འཕང་ཅན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་། །ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། །

ཐེག་པའི་ལམ་རྣམ་པར་དག་པའི་གནས་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད་ནམས་རྒྱལ་པོའི་འོད་སངས་རྒྱས་ཐམས་ཅད་ཀྱི་དུལ་བའི་སྟོབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་

ཆུས་ཀྱི་སེམས་འདི་གསུངས་སོ། །རྟོག་པའི་དྲ་བ་བསལ་བ་ཡི། །ཡེ་ཤེས་རྣམ་ཐར་དག་པ་ཡི། །གསལ་པ་ཡོངས་དག་རྗེས་འགྲོ་བས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་དབྱངས་

སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་དབྱིངས་འབྱུང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བ་ཆོས་འབྱུང་ཡངས་པ་ཡི། །དག་པ་དྲི་མེད་གནས་ཀྱི་ཆ། །ཆ་དང་ཆ་མིན་རྣམ་སྤངས་བའི། །བྱང་ཆུབ་ཚུལ་

འདི་བསྟན་བའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའ་དག་པའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་དང་དངོས་མེད་ལས་

གྲོལ་ཞིང་། །འབར་བ་ཐིག་ལེ་ནཱ་ད་བྲལ། །ཡེ་ཤེས་སྐུ་སྟེ་རྣམ་དག་པས། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འབྱོར་ལྡན་འོད་ཀྱི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པའི་གནས་རྡོ་རྗེ་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་

Vol. 82 · folio 189b

འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱོགས་བཅུ་ཀུན་དུ་སྣང་བ་ཡི། །འོད་ཟེར་འཕྲོ་བས་འཁྲུགས་པ་ཡི། །ལྷ་མོ་གར་གྱིས་མཆོད་བྱེད་པའི། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་སེང་གེའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྷ་དབང་མི་རྣམས་ཀུན་ལ་ཡང་། །དེ་ཉིད་ཡེ་ཤེས་སྐལ་བ་ཅན། །བཟང་པོ་སྲིད་གསུམ་

སྤྱད་པར་བྱ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི་བདེ་བའི་གཞལ་མེད་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཆོས་རྣམས་ཀུན་དུ་མི་ཕྱེད་པའི། །ཐ་དད་བློ་ནི་རྣམ་སྤངས་ནས། །ཡང་དག་ཡེ་ཤེས་སྣང་བ་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་བ་འོད་སྲུང་སངས་རྒྱས་ཐམས་ཅད་ཀྱི་བཀྲ་ཤིས་གདུགས་ལྟ་བུ་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གླིང་རྣམས་ཀུན་གྱི་སེམས་ཅན་ཁམས། །བྱམས་པའི་གདུགས་ཀྱིས་ཁྱབ་བྱེད་པ། །མཐའ་སྐོར་བགྲང་མི་ལང་བར་སྟོན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གསལ་སངས་རྒྱས་ཐམས་ཅད་ཀྱི་ཉའི་ལྟོ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསམ་མི་ཁྱབ་པའི་ཆོས་ཀྱི་གནས། །འདྲེན་པ་བདུད་རྩི་སྤྱན་

ཡངས་པས། །ཐུགས་རྗེ་རྒྱུན་ཆད་མེད་པར་གཟིགས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་བགྲོས་སངས་རྒྱས་ཐམས་ཅད་ཀྱི་པདྨ་ལྟ་བུར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།

Vol. 82 · folio 190a

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་རྣམས་ཀྱི་བདེན་བའི་མཐུས། །དྲང་པོར་སྨྲ་བའི་ལྗགས་དབང་པོ། །གེ་སར་དམར་པོ་ལྟར་སྟོན་པས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་

བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་དུང་ལྟ་བུར་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚད་མེད་ཐུགས་ཀྱི་གཏེར་ཆེན་པོ། །རྣམ་པར་དཀར་བའི་ཆོས་ཕྱོགས་ཀྱིས།།

བར་མཚམས་མེད་པར་གནས་ཐོབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་བུམ་པ་ལྟ་བུ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །བདུད་ལས་རྣམ་པར་རྒྱལ་བ་ཡི། །བུམ་པ་ཆེན་པོས་དོན་བྱེད་པ། །ཐོག་མ་མེད་པའི་བྱང་ཆུབ་སེམས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཉི་མའི་འོད་སངས་རྒྱས་ཐམས་ཅད་ཀྱི་དཔལ་གྱི་བེའུ་

རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཚངས་དང་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་བར་བཅས་པ་ཡི། །མཆོད་ཅིང་རྡོ་རྗེའི་དབང་ཕྱུག་སྐུ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྷ་སྲིན་སྡེ་བརྒྱད་མ་ལུས་པའི། །ཀུན་གྱི་གཙུག་གི་ནོར་བུ་ལྟར། །

མི་ནུབ་དམ་པའི་གཙོ་བོ་ཡིས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་པར་མཛེས་པ་སངས་རྒྱས་ཐམས་ཅད་ཀྱི་ཞབས་དང་ཕྱག་གི་མཐིལ་འཁོར་ལོའི་མཚན་གྱིས་བརྒྱན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

Vol. 82 · folio 190b

པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐུབ་པས་འགྲོ་བའི་ངན་སོང་རྒྱུན། །ཡོངས་སུ་གཅོད་ཅིང་སྦྱོད་མཛད་པས། །རྣམ་པར་གནོན་པའི་མཆོག་མངའ་བའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་དཔའ་བོ་ཁེངས་མེད་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་སྒོ་ནས་འགྲོ་བ་བསྡུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་འགྲོ་བ་འདུལ་དོན་དུ། །ལུས་སྲོག་ཟས་དང་ལོངས་སྤྱོད་ཀྱིས། །ཀུན་

ལ་ཆགས་མེད་ཚུལ་དུ་བསྐྱང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྦྲང་རྩིའི་ཞལ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་སྙན་པར་སྨྲ་བའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །སྐབས་དང་འབྲེལ་བའི་དོན་འགྱུར་བས། །ཅུང་ཟད་ཡང་དག་དོན་སྦྱོར་བའི། །ཕན་པ་སྟེར་བའི་བྱང་ཆུབ་ཀྱིས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་འོད་དཔལ་སངས་

རྒྱས་ཐམས་ཅད་ཀྱི་དོན་མཐུན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཐོང་ན་མི་མཐུན་མེད་པ་ཡི། །དཔལ་གྱི་ཞིང་དུ་བགྲོད་པའི་ལམ། །ཡང་དག་དོན་ལ་སྦྱོར་བྱེད་པས། །

དེ་ཉིད་ཚུལ་འདིར་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གློག་འབྱིན་སངས་རྒྱས་ཐམས་ཅད་ཀྱི་དོན་སྤྱོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྨད་དུ་བྱུང་བའི་ཁྱད་པར་གྱིས།།

གཙོ་བོར་གཞན་དོན་སེམས་པ་གང་། །ཀུན་སྣང་དཔེ་མེད་མཁས་པ་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་མི་གནས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

Vol. 82 · folio 191a

སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རི་རབ་རིན་ཆེན་ལྷུན་པོ་ལྟར། །བརྗིད་ཅིང་དཔའ་བའི་ཐུབ་པའི་སྐུས། །སྤྲུལ་པ་དངོས་པོར་མི་གནས་པ། །དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་འཁྲུག་པ་མི་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཐོག་མ་མི་དམིགས་ཤིང་། །ཐ་མ་མེད་པའི་ཡེ་ཤེས་ལས། །རྣམ་

པར་དབེན་དོན་དག་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་གསང་བ་འཛིན་པ་པོས། །མ་འོངས་བྱང་ཆུབ་དོན་གྱི་ཕྱིར། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །སྐུ་གསུམ་སྙིང་པོ་བསྡུས་པའི་བདག །འགྲོ་དོན་སྤྱོད་ཕྱིར་འབྱུང་བ་

སྟེ། །སྟོབས་ཆེན་སྣ་ཚོགས་ནགས་ཁྲོད་དུ། །ཐུབ་པ་དཔལ་གྱི་རྒྱལ་པོ་སྟེ། །ཤཱཀྱའི་དགེ་སློང་ལི་ཙྪ་བཱི། །གཞོན་ནུ་འཕགས་པའི་བློ་ཅན་གྱིས། །རིམ་དང་ཅིག་ཅར་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་

དང་། ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། །གསང་བ་དག་པ་མཆོག་གི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་གྲགས་པ་སངས་

རྒྱས་ཐམས་ཅད་ཀྱི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་ཁམས་ཁ་ལོ་སྒྱུར་བྱེད་པ། །ཆོས་ཀྱི་རྒྱལ་པོ་དགེ་བའི་སྟོབས། །དཔུང་ཆེན་ཐབས་ལ་

མཁས་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་ཡོན་ཏན་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་

Vol. 82 · folio 191b

ཆུབ་ཀྱི་སེམས་འདི་གསུངས་སོ། །རང་སེམས་དག་པའི་ནོར་བུ་ནི། །ཡོན་ཏན་དུ་མ་འབྱུང་བའི་གཞི། །མི་ཟད་དགེ་བ་རྫོགས་ལས་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞིང་བཟང་

པོ་མཚུངས་མེད་སངས་རྒྱས་ཐམས་ཅད་ཀྱི་ཆོས་འཛིན་པའི་བཙུན་མོ་རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །མཉམ་མེད་བླ་མ་མཆོག་དགྱེས་པའི། །ཚུལ་འདི་དྲི་

མེད་འོད་དུ་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་རབ་རིབ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །འདམ་སྐྱེས་པདྨ་མདངས་ཐོན་ལྟར། །རང་རིག་གསལ་བའི་ཡེ་ཤེས་ཉིད། །སྐྱོན་གྱིས་མ་གོས་ཕྲ་བ་ཉིད། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤགས་པ་མངོན་པར་འཕགས་པ་སངས་རྒྱས་

ཐམས་ཅད་ཀྱི་སྣང་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲི་མེད་ཨུཏྤལ་འབར་བ་ལ། །རྙོག་པའི་དྲི་མས་མ་གོས་ལྟར། །རང་གྲོལ་བྱུང་བའི་ཡེ་ཤེས་མཚུངས། །དེ་ཉིད་ཚུལ་འདི་

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྦྱིན་བྱེད་འོད་འཕྲོ་སངས་རྒྱས་ཐམས་ཅད་ཀྱི་སྒྲོན་མེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཉམ་ཉིད་མི་འགྱུར་སྣང་

བ་བྲལ། །ཐོབ་མེད་ཐོབ་བྲལ་འགྲོ་འོང་མེད། །དབྲི་བ་དང་ནི་གང་མེད་པའི། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨོའི་དཔལ་སངས་རྒྱས་ཐམས་ཅད་ཀྱིས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་

Vol. 82 · folio 192a

པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་ལས། །འགྱུར་བ་མེད་ཅིང་འཕོ་བ་མེད། །རྣམ་པ་ཀུན་དུ་མཁའ་དབྱིངས་ཀློང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་རིན་ཆེན་བཀོད་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་སོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་ནི་མ་སྐྱེས་སྦྱོར་བའི་དངོས། །ཚད་མེད་ཏིང་འཛིན་སྦྱོར་བ་བོ། །

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀུན་དུ་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་འགག་པ་བྲལ་བ་ཡི། །ཆོས་ཉིད་

རང་བྱུང་ལྷུན་གྱིས་གྲུབ། །དེ་ནི་འགག་པ་མེད་པའི་དངོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་མཆོག་སངས་རྒྱས་ཐམས་ཅད་ཀྱི་རྡུལ་དང་བྲལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །དེ་བཞིན་ཉིད་ལས་དབེན་པ་ཡི། །དོན་དམ་དམིགས་པའི་ཡུལ་མིན་ཕྱིར། །འདྲེས་པ་རྡུལ་ཙམ་མེད་པ་ལས། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུགས་ཤིན་ཏུ་ཞུགས་པ་སངས་

རྒྱས་ཐམས་ཅད་ཀྱི་རི་བོ་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གནས་པ་མེད་པ་གནས་བའི་མཆོག །མཆོག་གྱུར་རང་བྱུང་མཁའ་ལ་ལྡིང་། །ཐུགས་སྟོབས་ཆོས་ཀུན་འབྲས་བུ་ཆེ། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྣང་བ་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་རི་རབ་ལྷུན་པོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཀུན་གྱི་ནམ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words