དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའོ
Sanskrit title (Tibetan script, as in the text) ཤྲཱི་སརྦ་ཏ་ཐཱ་ག་ཏགུ་ཧྱ་ཏནྟྲ་ཡོ་ག་མ་ཧཱ་རཱ་ཛཱ་དྭ་ཡ་ས་མ་ཏཱ་བི་ཛ་ཡ་ནཱ་མ་བཛྲ་ཤྲཱི་ཝ་ར་མ་ཧཱ་ཀལྤཱ་དི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 82 · folio 278b
ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱ་ཨོཾ་བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཁཾ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱ་ན་ཧཱུྃ་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། །སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་དྷ་རོ་ཨཱ་ཛྷཱ་པ་ཡ་ཏི་སརྦ་བི་ལྟཾ་ཀྵ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ།
ཨོཾ་ཨཱཿ བཛྲ་མུད་ག་ར་བཛྲ་ཨཱ་ཀོ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྱཱ་ཏ་ན་པཱུ་ཛ་སྒཱ་ར་ཎ་ཀ་རྨ་བཛྲི་ཎི་ཧཱུྃ་ཨཱཿ །ཨོཾ་ཨཱཿ བཛྲ་པུཎྜེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནི་ཪྻཱ་ཏ་ན་པཱུ་ཛ་སྥཱ་ར་ཎ་ཀ་རྨ་བཛྲཱི་ཎི་ཛྫཿ། ཨོཾ་ཨཱཿ བཛྲ་དྷཱུ་པེ་ཧཱུྃ། །ཨོཾ་ནམཿསརྦ་ཏ་ཐཱ་
ག་ཏ་ཨཱ་ཏྤ་ནཾ་ནི་རྱཱ་ཏ་ན་ཨ་ནུ་རཱ་ག་བཱུ་ཛ་སྒཱ་ར་ཎ་ཀ་རྨ་བཱ་ན་ཧཱུྃ་ཧོཿ །ཨོཾ་ཨཱཿ བཛྲ་དཱི་བ་ཧཱུྃ། ཨོཾ་ན་མཿ སརྦ་ཏཱ་ཐཱ་ག་ཏ་ཨཱ་ཏྨ་ནི་ནི་ཪྻཱ་ཏ་ན་སཱ་དྷུ་ཀ་ར་པཱུ་ཛ་སྥཱ་ར་ཎ་ཀརྨ་རུ་དྲི་ཨཱཿ །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ག་ཏ་ཀཱ་ཡ་ཨ་བྷི་ཥེ་ཀ་ཏ་ན་བྷྱོ་བཛྲ་མ་ཎི་ཨཾ། ཨོཾ་ཨཱཿ
བཛྲ་ནཻ་བི་དྱེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་སཱུ་ཪྻ་བྷྱོ་བཛྲ་ཏེ་ཛོ་ཛྭ་ལ་ཧི། ཨོཾ་ཨཱཿ བཛྲ་བཾ་ཤེ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཤ་པ་རི་བཱུ་ར་ཙིན་ཏྱ་མ་ཎི་བྷྲཱ་ཛཱ་གྲ་བྷྱོ་ཧི་མཾ། ཨོཾ་ཨཱཿབཛྲ་མཱུ་རཉྫེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲཱི་ཏི་པྲ་མཱ་ཪྻ་ཀ་རེ་བྷྱོ་བཛྲ་ཧ་སྱཻ་ཧ། ཨོཾ་ཨཱཿ བཛྲ་མུ་ཀུ་
ཊེ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏཱ་དྷ་རྨ་ཏ་ས་མཱ་དྷི་བི་སཱུ་ནོ་མི་མ་ཧཱ་དྷ་རྨཱ་སཱ་ཨ་ཀྲྀ་ཏི། ཨོཾ་ཨཱཿབཛྲ་ལཱ་སྱཻ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་པཱ་ར་མི་ཏཱ་ནི་ར་ཧ་རེ་སཱུ་ནོ་མི་མ་ཧཱ་གྷོ་ཥ་བྷུ་གེ་དྷཱཾ། ཨོཾ་ཨཱཿ བཛྲ་མཱ་ལཻ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཙ་ཀྲ་ཨ་ཀཱ་བྷ་ར་བ་དྷ་ཏི་སརྦ་པུ་ན་ན་
ཏ་ན་ཡཻ་ཏཱུ་ནོ་མི་སརྦ་མཎྜ་ལེ་ཧཱུྃ། ཨོཾ་ཨཱཿ བཛྲ་གཱི་ཏི་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ས་ན་ཏ་བྷ་ཤ་ཤུདྡྷ་སཾ་གཱི་ཏི་གྷ་ཡཾ་སྟུ་ནོ་ནི་བཛྲེ་བཛྲེ་བཾ། ཨོཾ་ཨཱཿ བཛྲ་ནྲྀ་ཏྱེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་དྷཱུ་བ་མེ་གྷ་སྤཱ་ར་ཎ་པཱུ་ཛ་ཀརྨ་ཀརྨ་ཨཱཿ ཨོཾ་ཨཱཿབཛྲ་ཨཱ་དརྴེ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པྕཥྤ་དྲ་ས་ར་སྣཱ་
པ་ཎ་པཱུ་ད་ཀརྨ་ཀི་རི་ཀི་རི་མཱཾ། ཨོཾ་ཨཱཿ བཛྲ་ར་སེ་ཧཱུྃ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་ཛྭ་ལ་སྤཱ་ར་ཎ་པཱུ་ཛི་ཀརྨ་བྷ་ར་བྷ་ར་མཱཾ། ཨོཾ་ཨཱཿ བཛྲ་སྤཱ་རྴེ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གྷ་ཎྜ་པས་མུ་དྲཱ་སྦཱ་ར་ཎ་པཱུ་ཛ་ཀ་རྨེ་ཀུ་རུ་ཀུ་རུ་མཱཾ། ཨོཾ་ཨཱཿ བཛྲ་དྷ་རྨ་ཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ །ཨོཾ་
Vol. 82 · folio 279a
ས་མ་ཡ་པཱུ་ཛ་སརྦ་ཀརྨ་ནི་རྨ་ཏ་སྟྭཾ། ཨ་ན་ཡ་སྭཱ། ཨ་ཧོ་སུ་ཁཾ། སཱ་དྷུ་སཱ་དྷུ། སུ་བཾ་ཧ་ཏ་ཏྭཱཾ། རཱུ་པོ་ཏྱ་ཧྱེ་ཨརྠ་པྲ་བ་ཏི། ཧ་ཧཱ་ཧཱུྃ་ཧ། སརྦ་ཀ་རི་དུཿཁ་ཚེ་དྷ། བུདྡྷ་བོ་དྷི་པྲ་ཏི་ཤ་སྟ། སུ་བ་ཤིཏྟཱ། ཤ་ཏྲཱུཾ་བྷ་ཀྵ། སརྦ་སིདྡྷི་མ་མ་ཧཱ་ར་ཏི། སུ་པོ་ཤོ་བྷ་ཤྲོ་སཱུ་ཁྱ་
སརྦ་པཱུ་ཛ་བྲ་ཧ་ད་ནི་ཕ་ལག་མི་སུ་ཏ་ཛ་གྲི །སུ་གནྡྷ་གི །ཨ་ཡ་ཧེ་ཛ། ཨ་ཡ་ཧཱི་ཧཱུྃ་ཧཱུྃ་ཧོ། སྥོ་ཊ་བཾ་གྷཎྜ་ཨ་ཨ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷ་རྨྨཱ། པ་རྃ་པ་ར་ཨ་ནུ་པྲ་བི་ཤྟ་སརྦ་དྷ་རྨཱ་ཨཱ་དྱཱ་ན་ཏ་ཨ་ནུ་པྲ་ཏི་ཥྵ་སརྦ་དྷ་རྨཱ། ཨོཾ་སུ་སཱུ་པྲ་ཏིཥྵ་ཏ་བཛྲ་སྭཱ་ཧཱ། ཨོཾ་སརྦ་དིང་པཱུ་ར་པཱུ་ར། སཱུ་ར་
སྦུ་ར་ཨཱ་བརྟ་ཡ་ཧོཿ། ན་མཿ ས་མནྟ་བྷ་དྲ་བུ་དྡྷཱ་ནཱཾ། ཨ་བི་ཤྨྱ་ཡེ་སྦཱ་ར་ཎ་ཉི་མཾ་ག་ག་ན་ཁཾ། དྷ་རྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མ་ནྟ། ས་རྦ་ཏ་ཐཱ་ག་ཏ་ཐཱ་ཨ་པ་རི་ཤོ་དྷ་ནི་མཎྜ་ལི་མཱ་མ་པྲ་ནི་ཏེ། སུ་བྱ་དྷི་ཛྙཱ་ན་བ་ལེན། སརྦ་ཏ་ཐཱ་ག་ཏ་བ་ལེནྟ། བནྡྷ་ས་སྠན་ན་བ་ལི་ན་ཙ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས་
དེ་བཞིན་གཤེགས་པའི་ཚོགས་རྣམས་དང་། །རིག་པའི་ལྷ་མོ་དུ་མའི་ཚོགས། །ཁྲོ་རྒྱལ་དུ་མར་བཅས་པ་ལ། །ཡེ་ཤེས་ཡོངས་སུ་དག་པ་ཡི། །གསང་བ་ཚད་མེད་རྒྱ་མཚོ་ཡི། །མཆོད་པ་མ་ལུས་ཚོགས་ཀྱིས་ནི། །ཀུན་དུ་བཟང་པོའི་ཚུལ་བསྟན་པ། །ནམ་མཁའི་ཁམས་
ནི་མི་ཟད་པའི། །ཀུན་ནས་ཀུན་དུ་སྤྲིན་གྱུར་པས། །རྣམ་དག་ཞིང་ཁམས་ཁེངས་གྱུར་པས། །འཇིག་རྟེན་ཁམས་ནི་མ་ལུས་པའི། །སངས་རྒྱས་མཆོད་ཅིང་སེམས་ཅན་དོན། །འཁོར་བ་སྟོངས་པར་མ་གྱུར་ཚེ། །བླ་མེད་མཆོད་པས་རྒྱས་པར་འགྱུར། །དེ་ཉིད་ཏིང་འཛིན་བསྟན་པ་
ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་གསག་སྔགས་དང་མཆོད་བ། །བསྟན་པའི་ལེའུ་སྟེ་དྲུག་ཅུ་བདུན་པའོ།། །།དེ་ནས་
བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་བླ་ན་མེད་པའི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་སྟོན་པ་གསང་བ་ཚད་མེད་པ་མངོན་པར་འབྱུང་བ་འདི་རབ་ཏུ་གསུངས་སོ། །དེ་ནས་གསང་བ་རྡོ་རྗེ་འཛིན། །དཀྱིལ་འཁོར་དུ་མའི་བདག་ཉིད་ཅན། །
Vol. 82 · folio 279b
བྱང་ཆུབ་མཆོག་ཏུ་གནས་པ་ཡི། །ཡེ་ཤེས་དྲི་མེད་དྲ་བ་གསུངས། །འགྲོ་ཀུན་འཁོར་བའི་མུན་པ་ཡི། །ཉོན་མོངས་རྟོག་པ་གཞོམ་པ་དང་། །ཚེ་འདིར་མཆོག་དོན་ཐོབ་བྱའི་ཕྱིར། །དགྱེས་པ་ཆེན་པོ་འདིར་གཞུག་བྱ། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །
གསང་བའི་དོན་ལ་གསོལ་བ་གང་། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐར་པའི་གྲོང་ཁྱེར་བསྟན་དུ་གསོལ། །དེ་སྐད་ལན་གསུམ་བརྗོད་པ་ཡི། །གཞན་དོན་ཚུལ་འདི་བསྟན་པ་སྟེ། །བསྙེན་པ་ཉེ་བར་སྒྲུབ་པ་དང་། །སྒྲུབ་པ་སྒྲུབ་པ་ཆེན་པོ་སྟེ། །རྣལ་
འབྱོར་བཞིར་ནི་བརྗོད་པ་ཡིན། །དང་པོའི་མཚན་ཉིད་གསང་བ་དང་། །ཉེར་སྤྱད་ཆོ་ག་ཚུལ་བཞིན་ཏེ། །བྱང་ཆུབ་སེམས་ལས་རབ་བྱུང་བ། །གསང་བ་ཚུལ་འདི་བསྟན་པའོ། །གསང་བ་ཆོ་ག་ངེས་བསྟན་བྱ། །ས་བཙལ་བ་དང་ས་བརྟག་པ། །ས་བསླང་ས་གཟུང་
ས་གནས་པ། །སྦྱང་དང་དག་བྱེད་རིམ་པས་བྱ། །རི་བོའི་ངོགས་དང་དབེན་གནས་དང་། །ཚལ་དང་སྐྱེ་བོ་མེད་གནས་པ། །དུར་ཁྲོད་ཆུ་ངོགས་གླིང་དག་དང་། །བྱིན་རླབས་ལྡན་སོགས་གནས་སུ་ཤིས། །ཤར་དང་ལྷོ་དང་ནུབ་དང་བྱང་། །རིམ་པས་དུས་ཀྱི་དབྱེ་བ་ཡིས། །
ཉམས་དགའ་བ་ཡི་ས་ཕྱོགས་སུ། །ཡེ་ཤེས་ལྡན་པས་ཉེ་བར་འགྲུབ། །སྣུམ་ཞིང་མཉམ་ལ་ཚྭ་སྒོ་མེད། །སྐྱོན་མེད་ཕྱོགས་ན་ཡིད་འོང་ཡིན། །རིང་དུ་བརྐོས་ས་སླར་ཁེངས་ཤིང་། །ལྷག་པར་འཕེལ་ན་ཤིས་པར་གྲགས། །ཕྱེད་གྱུར་མཉམ་དང་བྲི་དང་མཐོ། །རིམ་ཤེས་
ལྟོ་འཕྱེ་ཆེན་པོ་ཡི། །མདུན་ཕྱོགས་ལྟོ་བར་ཁ་བལྟས་བརྐོ། །ཡུལ་དེར་གནས་པའི་ལྷ་ཀླུ་དང་། །གང་ཡང་རུང་བ་ས་ལྷ་མོ། །མཆོད་བསྟོད་གཏོར་མ་སྔོན་འགྲོ་བས། །ངེས་པར་གནང་བ་བྱིན་པར་བསམ། །ཁྲོ་བོ་ཆེན་པོ་དུ་མ་དང་། །ཡང་ན་བདུད་རྩི་འཁྱིལ་བ་ཡིས། །
བསྲུང་ཞིང་བདག་ལ་མཆོག་སྩོལ་བར། །བསམ་པ་ཡེ་ཤེས་རྣལ་འབྱོར་ཡིན། །གཤེད་རྗེས་ས་ཡི་ལྷ་མོ་དག །བདག་ལ་གནང་བ་བྱིན་ནས་ནི། །བར་སྣང་བཞུགས་པ་དེ་ཉིད་ཀྱང་། །ཤིན་ཏུ་དགྱེས་པས་བརྟན་པར་བཞུགས། །ཐུན་མོང་བ་དང་ཁྱད་པར་གྱིས། །སྦྱང་བ་སྔོན་དུ་
Vol. 82 · folio 280a
འགྲོ་བ་ཡིན། །དེ་ནས་དཀྱིལ་འཁོར་དབུས་ཉིད་དུ། །ཁྱད་པར་ཞི་བའི་སྦྱིན་སྲེག་བྱ། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །སྔགས་བརྗོད་རེག་པས་གནས་པར་གྱུར། །དེ་ནས་སྤྱན་དྲང་མཆོད་བསྟོད་པ། །སྔོན་འགྲོ་གསོལ་བ་གདབ་པ་ནི། །དེ་བཞིན་
གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི། །གསང་ཆེན་དཀྱིལ་འཁོར་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་
མཆོག །གསང་ཆེན་དཀྱིལ་འཁོར་བཤད་དུ་གསོལ། །ཞི་བའི་མཆོག་ནི་ཆོས་ལས་བྱུང་། །སྤྱོད་པ་ཡེ་ཤེས་རྣམ་སྦྱངས་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །གསང་ཆེན་དཀྱིལ་འཁོར་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །སྤྲོས་མེད་
ཡེ་ཤེས་དག་པ་ཡི། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་སྐད་ཅེས་ནི་ཕྱོགས་བཞི་ནས། །གསོལ་བ་གདབ་ཅིང་ཕྱག་བྱས་ནས། །མཐོང་བ་གཟིགས་ཕྱིར་ཁྲོ་བོ་ཡིས། །ཤིན་ཏུ་ལྟ་སྟངས་བགེགས་གཟིར་ཞིང་། །བརྟུལ་
ཞུགས་དྲག་པོས་རྡོ་རྗེའི་གར། །རྡོ་རྗེ་སེམས་དཔའ་ཁྲོས་པས་བྱ། །དེ་ནས་བགེགས་ལ་བཀའ་བསྒོ་ཞིང་། །རོལ་པའི་སྒྱུར་བས་བལྟ་བར་བྱ། །གསང་སྔགས་ཕྱག་རྒྱར་བཅས་པ་ཡིས། །སློབ་མའི་བགེགས་དབྱུང་བར་ཆད་བསལ། །སྦྱིན་སྲེག་གཏོར་མ་སྔོན་འགྲོ་བྱ། །
ཁྲོ་བོའི་ཕུར་པས་གདབ་པ་དང་། །གཏོར་མས་བགེགས་བསལ་ཆོ་ག་བསྟན། །དེ་ནས་བསྒྲུབ་པ་ལྷག་པར་གནས། །ས་ཡི་ལྷ་མོ་ལྷག་གནས་པ། །ཕྱག་རྒྱ་བཅས་ཤིང་མཆོད་གྱུར་བས། །བསྐྱེད་ཅིང་བསྟོད་པ་བརྩམ་པར་བྱ། །ཨོཾ་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་
ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །མི་བཟད་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱ་ཕྱིར་བླ་མེད་པའི། །རྒྱལ་
Vol. 82 · folio 280b
བ་གསང་ཆེན་དཀྱིལ་འཁོར་བྲི། །དེ་ལྟར་ལན་གསུམ་བརྗོད་པ་ཡིས། །དེར་ནི་ཐིམ་པར་རྣམ་པར་བསམ། །དེ་ནས་དཀྱིལ་འཁོར་དེ་ཉིད་ཀྱི། །ཀུན་དུ་བདུད་རྩི་ལྔ་དང་ནི། །མ་ད་ནཾ་གིས་ལེགས་པར་བྱུག །རྡོ་རྗེས་དྲི་ཡི་ཐིག་ལེ་བྱ། །ལྷ་གནས་གོ་རིམས་ཤེས་
པར་བྱ། །མེ་ཏོག་སིལ་མས་གཏོར་བར་བྱ། །བསྐྱེད་ཅིང་བསྟིམ་དང་བཞུགས་པ་ལ། །སྤྱན་དྲང་དབང་བསྐུར་མཆོད་པ་དང་། །བསྟོད་པ་ལ་སོགས་སྔོན་འགྲོ་བྱ། །ལྷ་ལ་གསོལ་བ་གདབ་པར་བྱ། །གནང་བ་བྱིན་ནས་བཞུགས་སུ་གསོལ། །རྡོ་རྗེ་བུམ་པའི་
མཚན་ཉིད་ལྡན། །ཁྱད་པར་ལྡན་པ་རྩ་བ་ཡི། །ལྷ་གྲངས་དག་དང་མཉམ་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །ལས་བུམ་དང་ནི་བཀྲ་ཤིས་པའི། །བུམ་པ་དག་དང་ལྡན་པ་སྟེ། །འདི་དག་ཁ་རྒྱན་མགུལ་ཆིངས་ཅན། །སྙིང་པོ་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་
ལྔ་རིན་ཆེན་ལྔ། །ཆུ་ཀླུང་ཆུ་བཅས་ཁྱད་པར་ཏེ། །ཐ་དད་པ་དང་གཅིག་པ་ཡི། །ཏིང་ངེ་འཛིན་གྱིས་སྟ་གོན་བྱ། །ཁྱད་པར་བར་ཆད་བསྲུང་དོན་དུ། །བསྲུང་བའི་ཕུར་བུ་ཁྲ་བོར་བསྐྱེད། །མཆོད་བསྟོད་གཉིས་མེད་ལྡན་བྱས་ལ། །གཏོར་མ་ལྡན་པས་བཀའ་བསྒོ་བྱ། །
དེ་ནས་སློབ་མ་འཇུག་པའི་རིམ། །སྤྲོ་བ་བསྐྱེད་དང་གནང་བ་སྦྱིན། །སྡོམ་པ་དབོག་དང་བསྲུང་བ་གདགས། །སོ་ཤིང་དོར་བར་བྱ་བ་དང་། །དེ་ལྟས་ལུང་བསྟན་ཀུ་ཤ་ལས། །སྔས་དང་སྟན་སྦྱིན་གཟེངས་བསྟོད་ནས། །རྨི་ལམ་གདབ་ཕྱིར་ཉལ་དུ་གཞུག །སློབ་མས་
མཎྜལ་མེ་ཏོག་བྱས། །ཁྲུས་བྱས་ཕྱག་འཚལ་མདུན་གནས་ལ། །ཁྱད་པར་སྤྲོ་བསྐྱེད་རྗེས་འཇུག་བྱ། །རིགས་ཀྱི་སྡོམ་པ་སྦྱིན་པར་བྱ། །བླང་བ་བྱེ་བྲག་ཤེས་པར་བྱ། །རང་གི་ལུས་ཚད་མཉམ་པ་ཡི། །སུམ་སྒྲིལ་སྲད་བུ་བཙོས་པ་ཡིས། །གསང་སྔགས་བརྗོད་ཅིང་བཅིང་
བར་བྱ། །སོ་ཤིང་ཚད་ལྡན་གཏད་བྱས་པ། །ལྷོ་ཕྱོགས་ངོགས་སུ་མཎྜལ་ལ། །ལྷུང་བའི་རྗེས་སུ་བརྟག་པར་བྱ། །རྩྭ་མཆོག་བྱིན་པ་མི་སྨྲ་བར། །སེང་གེའི་སྟབས་ཀྱིས་ཉལ་བར་བྱ། །ནུབ་མོའི་རྨི་ལམ་ཅི་བྱུང་བ། །ཅི་བྱུང་ནང་པར་སྨྲ་བར་གྱིས། །ཁྱད་པར་གཟེངས་བསྟོད་
Vol. 82 · folio 281a
ཉལ་དུ་གཞུག །ནང་པར་རྨི་ལམ་ངན་གྱུར་གང་། །གསང་སྔགས་སྦྱིན་སྲེག་རིམ་པས་ཟློག །དེ་ནས་རྡོ་རྗེ་སློབ་དཔོན་དང་། །སྒོ་བཞིའི་ཕྱོགས་ཀྱི་རྣལ་འབྱོར་དང་། །ལས་ཀྱི་སྐྱེས་བུར་བཅས་པ་ཡིས། །མཆོད་བསྟོད་ལྷ་ལ་གསོལ་བ་གདབ། །མ་ལུས་
ཕྱོགས་བཅུར་བཞུགས་པ་ཡི། །དུས་གསུམ་སངས་རྒྱས་བདག་ལ་དགོངས། །རྡོ་རྗེ་འཛིན་པ་འདི་ཞེས་པས། །གསང་ཆེན་དཀྱིལ་འཁོར་འབྱུང་བ་ཡི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཤིག །དངོས་གྲུབ་མ་ལུས་བདག་ལ་གསོལ། །ཞེས་ནི་ལན་གསུམ་
བརྗོད་པར་བྱ། །དེ་ནས་ལས་ཀྱི་ཆོ་ག་ནི། །སར་པ་ལེགས་པར་བཀལ་བ་དང་། །ཚད་ལྡན་མཛེས་པའི་སྲད་བུ་ཡིས། །རང་འདོད་ལྷ་ཡི་གཟུགས་གནས་པས། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །ཁྱད་པར་ཡེ་ཤེས་ལྡན་པས་ནི། །སློབ་དཔོན་ཤར་ལྟ་སློབ་མ་ནུབ། །
སློབ་དཔོན་ལྷོར་འདུག་སློབ་མ་བྱང་། །གཉིས་པ་ཡང་ནི་གདབ་པར་བྱ། །ཚངས་པའི་ཐིག་ནས་བརྩམས་ནས་ནི། །མཁས་པས་ཆ་ཤས་གདབ་པར་བྱ། །མེ་ཡི་ཕྱོགས་སུ་གནས་པ་ཡིས། །བྱང་ལྟས་ཤར་གྱི་ཐིག་གདབ་བྱ། །རླུང་དུ་གནས་ཏེ་ལྷོར་བལྟས་པས། །ནུབ་
ཀྱི་ཐིག་ནི་གདབ་པར་བྱ། །དེ་ཉིད་ནས་ནི་བྱང་ངོས་གདབ། །མེར་གནས་ལྷོ་ཕྱོགས་ཐིག་བྱ་ཞིང་། །དེ་ནས་རླུང་གི་ཕྱོགས་སུ་བྱ། །བདེན་བྲལ་གནས་པས་དབང་ལྡན་བར། །ཚད་ལྡན་རིམ་པས་གདབ་པར་བྱ། །ཀུན་ནས་ཡོངས་སུ་ཟླུམ་པོ་ཡི། །ཕོ་བྲང་ལེ་ཙེ་
དགུ་པར་བྱ། །སོ་སོའི་ལྷ་ཁྱམས་དང་བཅས་པ། །སྒོ་བཞིས་ཀུན་ནས་བརྒྱན་པར་དགོད། །སྤྱི་ཁྱབ་ཕོ་བྲང་ནང་མ་ལ། །ལེ་ཙེ་ཉི་ཤུ་རྩ་ལྔ་པའི། །དཀྱིལ་འཁོར་སོ་སོར་ཤེས་པར་བྱ། །བར་ཁྱམས་ལ་ནི་དཀྱིལ་འཁོར་དྲུག །གསང་བའི་བདག་པོའི་དཀྱིལ་འཁོར་དང་། །
ཚངས་པ་ཆེན་པོའི་ཕོ་བྲང་སྟེ། །སུམ་ཅུ་གསུམ་དུ་བྲི་བར་བྱ། །བར་བར་ཤར་དུ་རྡོ་རྗེ་དང་། །འཁོར་ལོ་སངས་རྒྱས་ཀུན་རང་བཞིན། །ལྷོར་ནི་ནོར་བུ་རིན་ཆེན་འབར། །ནུབ་ཕྱོགས་པདྨ་ཨུཏྤལ། །བྱང་དུ་རལ་གྲི་རྒྱ་གྲམ་བཅས། །སྟོང་དག་གི་ནི་གནས་ཡིན་ནོ། །དེ་ནས་སྒོ་
Vol. 82 · folio 281b
བཞི་རྟ་བབས་བཅས། །བཅུ་དྲུག་ཀ་བས་བཏེག་པ་ཡི། །གཟུགས་སྒྲ་དྲི་རོ་ལྷ་མོ་དང་། །རིམ་པས་ཟུང་དུ་སྟེང་དུ་དགོད། །རུས་སྦལ་རྡོ་རྗེ་རྒྱ་གྲམ་བཅས། །རིན་ཆེན་པདྨ་ནོར་བུ་ཡིས། །སྦྲས་པ་བསྣོལ་མའི་སྟེགས་བྱེད་པ། །སྟེགས་བུ་དག་ལས་གླང་ཆེན་དང་། །
ཤ་ར་བྷ་དང་པདྨ་ཡི། །ལྕུག་ཕྲན་ཡལ་གར་བཅས་པ་ཡི། །བཀྲ་ཤིས་དང་ལ་ཟུང་གྱུར་པས། །མུ་ཏིག་ཆུན་འཕྱང་མཛེས་པས་བརྒྱན། །དེ་སྟེངས་རིན་ཆེན་བརྩེགས་པ་ལ། །བྱ་ཁྱུང་ལོགས་གནས་ཕྱིར་བལྟས་པའོ། །ཟུར་གཉིས་ཆུ་སྲིན་བསྣོལ་མ་དང་། །སེང་གེ་
ཤང་ཤང་དེ་སྟེང་དུ། །རུ་རུ་གཉིས་དང་ཆོས་འཁོར་ཆེ། །གདུགས་དང་བཅས་པས་ཀུན་ནས་བརྒྱན། །འདོད་ཡོན་པཉྩ་རེ་ག་དང་། །བ་ཀུ་ལ་ཡི་རྩིག་པའི་གསེང་། །རིན་ཆེན་ཤར་བུ་སྣ་ཚོགས་དང་། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །རིན་ཆེན་ཕ་གུ་བ་གམ་ཅན། །རྩེ་མོར་
མདའ་ཡབ་བཀོད་པ་ལ། །ཀྲ་མ་ཤཱིརྵའི་ཕྲེང་བ་དག །ཡོངས་སུ་བཀོད་པ་མཛེས་པར་གྱུར། །ཚད་མེད་ཐར་པའི་གྲོང་ཁྱེར་གྱི། །མཚན་ཉིད་ཡོངས་སུ་རྫོགས་པར་བསམ། །དེ་ནས་རིན་ཆེན་རྣམ་ལྔ་སོགས། །ནོར་བུའི་ཚོགས་ནི་དུ་མ་ཡིས། །བྱིན་གྱིས་བརླབ་ཅིང་ཚུལ་ཤེས་
པས། །ཉི་ཤུ་རྩ་ལྔའི་ཚོན་གྱིས་བྱ། །ཁྱད་པར་སྒྲུབ་ཅིང་རྒྱན་བཀོད་པ། །མཆོད་པ་དུ་མས་ཡོངས་སུ་བསྐོར། །སྒྲུབ་པ་ཆེན་པོ་སླར་བསྟན་པ། །དཀྱིལ་འཁོར་བསྒྲུབ་ནས་བདག་འཇུག་བྱ། །དེ་ནས་སློབ་མ་འཇུག་དོན་དུ། །ཡན་ལག་འདི་དག་ལྡན་པར་བྱ། །སྟོད་
གཡོགས་སྨད་གཡོགས་གཏད་པ་དང་། །གསོལ་བ་གདབ་ཅིང་གདོང་གཡོགས་བཅིང་། །མེ་ཏོག་ཕྲེང་གཟུང་སེམས་བསྐྱེད་ཅིང་། །དོན་དྲི་ཁས་བླངས་ནང་དུ་གཞུག །ཚོགས་བསགས་མནའ་བསྒག་དམ་ཆུ་བླུད། །དམ་བསྒྲག་བཀའ་བསྒོ་ཡེ་ཤེས་དབབ། །མེ་ཏོག་དོར་རྗེས་
མཐོང་བ་དྲི། །སྤྱི་གཙུག་མེ་ཏོག་ཕྲེང་བ་གདགས། །གདོང་གཡོགས་བཀྲོལ་ནས་ལྷ་ངོ་བསྟན། །དཀྱིལ་འཁོར་རྣམ་དག་དོན་བསྟན་ཅིང་། །འདོད་ལྷ་ངོས་གཟུང་རིགས་ཤེས་བྱ། །འདི་དག་ཆོ་ག་རྟོགས་པར་བྱ། །རྒྱུ་དང་འབྲས་བུའི་ལམ་འཇུག་པས། །སེམས་བསྐྱེད་མཆོག་ཏུ་
Vol. 82 · folio 282a
དམིགས་ལྡན་ཞིང་། །ཚད་མེད་བློ་བསྐྱེད་བསླབ་པར་བྱ། །གསང་བར་ཡེ་ཤེས་རྡོ་རྗེར་བསླབ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཀྱི། །བྱིན་གྱིས་བརླབ་པ་ལྔ་བྱ་སྟེ། །རྡོ་རྗེ་འཁོར་ལོ་པདྨ་དང་། །རིན་ཆེན་རལ་གྲིའི་སྤྲོ་བསྡུ་དང་། །
རིགས་ལྔ་ལྷ་མོ་ལྔར་བཅས་ལས། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །མ་ལུས་འདུས་པའི་ལྷ་ཚོགས་ཀུན། །ཡེ་ཤེས་ཆེན་པོའི་བྱིན་བརླབས་ཀྱིས། །དངོས་གྲུབ་སྐལ་བ་འབབ་པར་མཛོད། །རྟགས་དང་བརྡ་དང་མཚན་མ་ཀུན། །རྣམ་པ་ཡོངས་སུ་ཤེས་པར་བྱ། །ཞི་
བའམ་ནི་རྒྱས་པ་ཡི། །སྦྱིན་སྲེག་ཉེ་བར་དབུལ་བར་བྱ། །ཐུན་མོང་དང་ནི་ཁྱད་པར་གྱི། །ཕྱག་བྱ་སློབ་མ་མདུན་གནས་ཏེ། །ལྷ་སྲས་ཉིད་དུ་བསྐྱེད་བྱ་སྟེ། །ཤར་ནས་འཇུག་པའི་ཚུལ་གྱིས་ནི། །མེ་ཏོག་ཕྲེང་བ་དང་པོར་སྦྱིན། །མཎྜལ་མེ་ཏོག་སྔོན་འགྲོ་བས། །མདུན་
གནས་དེ་ལ་དབང་བསྐུར་སྦྱིན། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་བྱིན་བརླབས་པ། །བདག་ཅག་བསྐྱབ་པའི་དོན་གྱི་ཕྱིར། །གསང་བའི་སྙིང་པོ་དེང་བདག་གསོལ། །ལན་གསུམ་བར་དུ་གསོལ་བ་གདབ། །བླ་མེད་དབང་ནི་བསྐུར་མཛད་དེ། །རྡོ་རྗེ་གསང་
ཆེན་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ལས་བྱུང་བ་སྦྱིན་པར་བྱ། །དེ་ནས་གང་དུ་རྡོ་རྗེ་དཔལ་མཆོག་ཆེན་པོ་འདུས་པ་གསང་བའི་དཀྱིལ་འཁོར་ཆེན་པོར་དབང་ཡང་དག་པར་བསྐུར་བར་བྱ་སྟེ། དེ་བཞིན་གཤེགས་པ་སྟོང་མངོན་པར་འབྱུང་བ་
དེ་དག་ཀྱང་ཡེ་ཤེས་ཀྱི་སྣང་བ་ལས་ཡང་དག་པར་འབྱུང་བའི་རྡོ་རྗེ་རིན་པོ་ཆེའི་སྡོང་པོ་དུ་མ་ལས་སྣ་ཚོགས་པའི་པདྨ་འབར་བ་དུ་མས་རྒྱས་པ་ཁ་ཕྱེ་བ་ལ་སེང་གེའི་ཁྲི་དང་བཅས་པ་གསང་བ་འཛིན་པ་པོ་དང་། ལྷ་ཚངས་པ་ཡང་རེ་རེ་ཞིང་དུ་གནས་པ་ལས་འདི་ལྟ་སྟེ། རྡོ་རྗེའི་རིགས་ཉིས་
བརྒྱ་ཕྲག་གཅིག་དང་། རིན་པོ་ཆེའི་རིགས་ཉིད་བརྒྱ་ཕྲག་གཅིག་དང་། པདྨའི་རིགས་ཉིས་བརྒྱ་ཕྲག་གཅིག་དང་། ལས་ཀྱི་རིགས་ཉིས་བརྒྱ་ཕྲག་གཅིག་དང་། དེ་བཞིན་གཤེགས་པའི་རིགས་ཉིས་བརྒྱ་ཕྲག་གཅིག་སྟེ། འདི་རྣམས་དེ་བཞིན་གཤེགས་པ་རེ་རེའི་སྐུའི་བ་
Vol. 82 · folio 282b
སྤུའི་བུ་ག་ལས་ཀྱང་འོད་ཟེར་བྱེ་བ་ཕྲག་དུ་མ་བྱུང་སྟེ། དེ་རེ་རེ་ལས་ཀྱང་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་ཆེན་པོས་ཁྱབ་པར་བྱས་ཤིང་མཛད་པ་མཐའ་ཡས་པའི་རོལ་པ་མངོན་པར་འབྱུང་བར་མཛད་དོ། །ཐམས་ཅད་ཀྱང་བླ་ན་
མེད་པའི་ཐེག་པ་ལ་འཛུད་པར་མཛད་དེ། མཆོག་ཏུ་སྐྱབས་སུ་འགྲོ་བ་སྟོན་ཅིང་འཇིག་རྟེན་པའི་ལྟ་བ་ལ་མངོན་པར་ཞེན་པ་དག་ལ་ནི་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་མངོན་པར་དབང་སྐུར་བར་བྱེད་དོ། །ཉན་ཐོས་ཀྱི་ཐེག་པ་
ལ་མོས་པ་རྣམས་ལ་ནི་ཆོས་ཐམས་ཅད་བདེན་པ་བཞིའི་སྒོ་ནས་དབང་སྐུར་བར་བྱེད་དོ། །རང་རྒྱལ་བའི་ཐེག་པ་ལ་མོས་པ་རྣམས་ལ་ནི་རྟེན་ཅིང་འབྲེལ་བ་བཅུ་གཉིས་ཀྱི་སྒོ་ནས་དབང་སྐུར་བར་བྱེད་དོ། །དེ་དག་གི་ལམ་དང་ལྟ་བ་དང་སྤྱོད་པ་ཡང་དག་པར་བསྟན་ཅིང་དེ་དག་གི་ཚུལ་གྱིས་
འདུལ་བར་བྱེད་དོ། །གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་མོས་པ་རྣམས་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། སྦྱིན་པ་ཆེན་པོ་གཏོང་བའི་སྒོ་ནས་དབང་སྐུར་བར་བྱེད་དོ། །ཚུལ་ཁྲིམས་ཡོངས་སུ་མི་ཉམས་པའི་སྒོ་ནས་དབང་སྐུར་བར་བྱེད་
དོ། །བཟོད་པ་ལ་གནས་པའི་སྒོ་ནས་དབང་སྐུར་བར་བྱེད་དོ། །བརྩོན་འགྲུས་རྒྱུན་མི་འཆད་པའི་སྒོ་ནས་དབང་སྐུར་བར་བྱེད་དོ། །བསམ་གཏན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྒོ་ནས་དབང་སྐུར་བར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་
ཀྱི་ངོ་བོ་ཉིད་ཤེས་པས་དབང་སྐུར་བར་བྱེད་དོ། །དེ་དག་ཀྱང་ཚད་མེད་གྲངས་མེད་པའི་ནམ་མཁའི་ཁམས་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་སྟོན་ཅིང་དབང་སྐུར་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ལ་ནི་ཚད་མེད་པ་བཞིའི་སྒོ་ནས་ཆོས་སྟོན་ཅིང་དམིགས་པ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ཆོས་ཐམས་ཅད་ལ་དོན་དམ་པའི་བདེན་པ་རྣམ་པར་དག་པའི་ཚུལ་གྱིས་དབང་སྐུར་བར་བྱེད་དོ། །ཆོས་ཐམས་ཅད་ལ་མི་གནས་པའི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའི་ཚུལ་
Vol. 82 · folio 283a
གྱིས་དབང་སྐུར་བར་བྱེད་དོ། །འདིར་ནི་རིན་པོ་ཆེའི་གཞལ་ཡས་ཁང་ཞིང་ཁམས་རྣམ་པར་དག་པར་དཔལ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་འབྱུང་བའི་སྒོ་ནས་དབང་སྐུར་བར་བྱེད་དོ། །བླ་ན་མེད་པའི་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པ་ལ་ནི་ཐབས་དང་
སྟོབས་དང་ཡེ་ཤེས་དང་སྨོན་ལམ་རྣམ་པར་དག་པའི་ཚུལ་གྱིས་ཕྱིར་མི་ལྡོག་པའི་ལམ་ལས་བཅུའི་རྣམ་པར་དག་པའི་ཚུལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡོངས་སུ་དབང་སྐུར་བར་བྱེད་དོ། །གང་དེ་སངས་རྒྱས་ཀྱིས་མི་འདུལ་ཞིང་དུས་ལ་མ་བབ་པ་དེའི་ཚེ་འཁོར་ལོས་སྒྱུར་བའི་
རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་དཔུང་ཆེན་པོ་བཞི་དང་བཅས་པ་ཐམས་ཅད་ལ་དགེ་བ་བཅུའི་ལས་ཀྱི་ལམ་མངོན་པར་འབྱུང་བས་བསྟན་ཅིང་དབང་སྐུར་བར་བྱེད་དོ། །དེ་བཞིན་གཤེགས་པའི་རིགས་དེ་དག་ཀྱང་བསྡུས་པའི་ཚུལ་གྱིས་ཉི་ཤུ་རྩ་ལྔ་པོ་རེ་རེ་ལས་ཡང་ལྔ་ལྔར་རིགས་
བརྒྱའི་སྒོ་ནས་དབང་སྐུར་བར་བྱེད་དོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ལ་ནི་སངས་རྒྱས་རིགས་ལྔའི་ཚུལ་གྱིས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་པའི་སྣང་བས་རིག་མ་དང་ལྷ་མོའི་ཚོགས་དུ་མས་འདོད་པའི་ལོངས་སྤྱོད་མི་ཟད་པ་ཡོངས་སུ་དག་པ་ལ་དགྱེས་
པས་ཡོངས་སུ་སྤྱོད་པར་མཛད་ཅིང་ཁྲོ་བོའི་རྒྱལ་པོ་དུ་མ་དང་། བྱང་ཆུབ་སེམས་དཔའ་སོ་སོའི་རིགས་དང་བཅས་པས་རིག་པ་དང་བརྟུལ་ཞུགས་བརྟན་པར་བྱེད་པ་དང་། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བླ་ན་མེད་པ་ཁྱད་པར་དུ་བསྟན་ཏོ། །དེ་བཞིན་གཤེགས་པའི་ཚོགས་
འདུས་པ་ཆེན་པོ་བླ་ན་མེད་པ་ལ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཆུད་པར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཚད་མེད་པ་ཆོས་ཀྱི་ཕོ་བྲང་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་གསང་བ་ཡོངས་སུ་རྫོགས་པ་སྐུ་གསུང་ཐུགས་ཡོན་
ཏན་ཕྲིན་ལས་དུ་མས་བདག་ཉིད་དུ་དབང་བསྐུར་བར་མཛད་པའི་དཔལ་རྡོ་རྗེ་འཆང་ཆེན་པོས་ཕྱག་མཚན་དང་ཞལ་ལ་སོགས་པའི་རྣམ་པར་སྣང་བར་གྱུར་པ་ནི་འོད་ཟེར་དཔག་ཏུ་མེད་པ་བཀྱེ་བ་དེ་དག་ཚུར་བསྡུས་པས་བཅོམ་ལྡན་འདས་ཉིད་ཀྱི་སྐུའི་དཀྱིལ་འཁོར་དང་། དེ་བཞིན་
Vol. 82 · folio 283b
གཤེགས་པ་དེ་དག་སོ་སོའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བར་བྱས་ཤིང་འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་པས་སྙིང་པོའི་དཀྱིལ་འཁོར་དུ་རིགས་ཀྱི་འཁོར་ལོ་ནམ་མཁའ་ལ་གསལ་བར་སྣང་བ་བཀོད་པའི་དཀྱིལ་འཁོར་དང་ཐ་དད་པ་མེད་པའི་སྦྱོར་བས་ཐམས་ཅད་
གཉིས་སུ་མེད་པ་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་བདེ་བ་ཆེན་པོའི་བདེ་བའི་སྒྱུ་མའི་སྒྲས་བཀུག་པའི་ཞིང་ཁམས་ཡོངས་སུ་སྦྱངས་པའི་སྐུ་རྣམས་སོ་སོའི་སྤྱི་བོ་ནས་ཞུགས། རྩ་དབུ་མ་བརྒྱུད་དེ་ཡུམ་གྱི་པདྨར་བྱོན། དེ་ནས་གྱེན་དུ་གཤེགས་ཏེ་ནམ་མཁའི་ཁམས་མ་ལུས་པ་
ཁེངས་པའི་ལྷ་ཚོགས་རྣམས་ཀྱིས་དབང་སྐུར་བར་བྱེད་དོ། །དེ་ཡང་བར་སྣང་གི་ཕྱོགས་མཚམས་ཁྱབ་པར་བྱས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་མེད་པ་ཐམས་ཅད་ལ་གསང་བ་ཆེན་པོའི་དབང་སྐུར་བར་བྱེད་དོ། །སངས་རྒྱས་སྤྱན་མའི་རྣམ་པ་ཡིས། །ས་ཡི་
ཁམས་རྣམས་དབང་བསྐུར་ཏེ། །རྡོ་རྗེའི་ལུས་སུ་བྱིན་གྱིས་བརླབས། །མཱ་མ་ཀཱི་ཡི་བདག་ཉིད་ཀྱིས། །ཆུ་ཡི་ཁམས་ལ་དབང་བསྐུར་ཏེ། །རྡོ་རྗེ་དག་བྱེད་བྱིན་གྱིས་བརླབས། །ལ་ལ་གོས་དཀར་མོར་སྣང་བས། །དྲོད་ཀྱི་ཁམས་ནི་དབང་བསྐུར་ཏེ། །རྡོ་རྗེའི་འོད་དཔུང་
བྱིན་གྱིས་བརླབས། །ལྷ་མོ་སྒྲོལ་མའི་བདག་ཉིད་ཀྱིས། །གཡོ་བ་དབུགས་ལ་དབང་བསྐུར་ཏེ། །རྡོ་རྗེ་སྐྱོང་བྱེད་མར་བྱིན་བརླབས། །ལྷ་མོ་གཟུགས་ཀྱི་རྡོ་རྗེ་མས། །སྣ་ཚོགས་གཟུགས་རྣམས་དབང་བསྐུར་བས། །སྣང་སྟོང་གཉིས་སུ་མེད་པར་བསྒྱུར། །ལྷ་མོ་སྒྲ་ཡི་རྡོ་རྗེ་
མས། །སྣ་ཚོགས་སྒྲ་ཡིས་དབང་བསྐུར་བས། །གྲག་སྟོང་གཉིས་སུ་མེད་པར་གྱུར། །དྲི་ཡི་རྡོ་རྗེ་ལྷ་མོ་ཡིས། །སྣ་ཚོགས་དྲི་ཡིས་དབང་བསྐུར་བས། །གསལ་སྟོང་གཉིས་སུ་མེད་པར་གྱུར། །ལྷ་མོ་རོ་ཡི་རྡོ་རྗེ་ཡིས། །སྣ་ཚོགས་བཅུད་ལེན་དབང་བསྐུར་བས། །མྱོང་
སྟོང་གཉིས་སུ་མེད་པར་གྱུར། །ལྷ་མོ་རེག་བྱ་རྡོ་རྗེ་མས། །འཁོར་འདས་རེག་བྱའི་དབང་བསྐུར་བས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས། །བདེ་སྟོང་གཉིས་སུ་མེད་པར་གྱུར། །མིག་གི་རྣམ་ཤེས་ས་སྙིང་པོ། །རྣ་བའི་རྣམ་ཤེས་གསང་འཛིན་པ། །སྣ་ལ་ནམ་མཁའི་
Vol. 82 · folio 284a
སྙིང་པོ་དང་། །ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ། །ལུས་ལ་སྒྲིབ་པ་རྣམ་པར་སེལ། །ཡིད་ལ་ཀུན་དུ་བཟང་པོས་སོ། །ཉོན་མོངས་ཅན་ཡིད་བྱམས་པ་སྟེ། །ཀུན་གཞི་འཇམ་པའི་དབྱངས་ཀྱིས་ནི། །དེ་ལྟར་བྱིན་བརླབས་དབང་བསྐུར་ཏེ། །རྣམ་ཤེས་
བརྒྱད་ནི་དག་ཕྱིར་རོ། །དངོས་པོར་འཛིན་པའི་རྟོག་པ་དག །འཇོམས་བྱེད་ཁྲོ་བོའི་རྒྱལ་པོ་བཅུས། །ཚིགས་ཚོགས་དགེ་པར་དབང་བསྐུར་རོ། །དེ་ལྟར་ཕྲིན་ལས་ཚུལ་གྱིས་ནི། །གསང་བ་བླ་ན་མེད་པར་གྱུར། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་
པོས་ནི་སྲིད་པ་དང་ཞི་བ་མཉམ་པ་ཉིད་གཉིས་སུ་མེད་པ། ཐོག་མ་དང་བར་དང་ཐ་མར་རྒྱུན་མི་འཆད་པ། ཆོས་ཐམས་ཅད་ལ་འདུ་འབྲལ་མེད་ཅིང་ཐ་དད་པར་རྟོག་པ་མེད་པ། འགྲོ་བ་དང་འོང་བ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ། དབྱིངས་
དང་ཡེ་ཤེས་ཟུང་དུ་འཇུག་པ། མཉམ་པ་ཉིད་མི་གནས་པ་བདེ་བ་ཆེན་པོའི་ཚུལ་དུ་ཡང་དག་པའི་སྙིང་པོའི་གསང་བ་ཆེན་པོའི་དབང་བསྐུར་བར་གྱུར་ཏོ། །འདི་ལྟར་ཡང་དག་པ་དབང་བསྐུར་བ་འདི་བསྟན་པ་ན་སོ་སོའི་སྐྱེ་བོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུས་
མངོན་པར་སངས་རྒྱས་པའི་དོན་ལ་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཅུས་ཚེ་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་འོག་མིན་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བརྗོད་ཀྱིས་མི་ལང་བ་རྣམས་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་སྐུ་གསུམ་གྱི་རོལ་མོ་མངོན་པར་སྟོན་ཅིང་མི་ཟད་པའི་ངང་ལས་ཡང་དག་པར་རྫོགས་པར་འཚང་རྒྱ་བ་དང་། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱའི་བར་དུ་ཡང་
རྣལ་འབྱོར་གྱི་དབང་ཕྱུག་དུ་མའི་སྐུར་བསྟན་ནས་ཐོགས་པ་མེད་པར་དེ་བཞིན་གཤེགས་པ་ཉིད་དུ་མངོན་པར་སྤྱོད་པར་མཛད་དོ། །དེ་ནས་གསང་བ་འཛིན་པ་པོས། །གསང་ཆེན་ཡེ་ཤེས་དབང་བསྐུར་བ། །མཉམ་ཉིད་བདེ་བ་ཆེན་པོ་ཡིས། །ཡེ་ཤེས་དྲི་མེད་
Vol. 82 · folio 284b
དབང་བསྐུར་བའོ། །རྡོ་རྗེ་དང་ནི་དྲིལ་བུ་དང་། །ཅོད་པན་ཉི་ཤུ་རྩ་ལྔ་ཡིས། །རིག་པའི་དབང་ནི་སྟོན་པར་མཛོད། །བླ་མ་རྡོ་རྗེ་འཛིན་པར་གྱུར། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པའི། །མི་བསྐྱོད་རང་བྱུང་བྱང་ཆུབ་
སེམས། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བའོ། །དཔལ་ལྡན་རྣམ་པར་སྣང་མཛད་འོད། །འཁོར་ལོ་འདུས་པའི་རྒྱལ་ཆེན་པོར། །རྡོ་རྗེ་རྟག་པ་ཡེ་ཤེས་ཅན། །དེ་བཞིན་གཤེགས་པས་དབང་བསྐུར་རོ། །དཔལ་ལྡན་ཡིད་བཞིན་གཏེར་འཆང་བ། །དབང་ཕྱུག་
ཆེན་པོ་ཆགས་པ་མེད། །རིན་ཆེན་འབྱུང་གནས་ནོར་བུ་འཛིན། །རིན་ཆེན་རིགས་ཀྱི་དབང་བསྐུར་རོ། །དཔལ་ལྡན་པདྨ་འབར་བའི་མདངས། །རབ་འབར་རྒྱལ་བའི་སྤྱན་འཆང་བ། །འོད་དཔག་མེད་པ་ཐུབ་པ་ཆེ། །པདྨ་རིགས་ཀྱི་དབང་བསྐུར་རོ། །དཔལ་
ལྡན་སངས་རྒྱས་ཕྲིན་ལས་སྐུ། །ཡེ་ཤེས་རྒྱལ་པོ་སྒྱུ་འཕྲུལ་ཆེ། །གདོན་མི་ཟ་བ་ཐོགས་པ་མེད། །ལས་ཀྱི་རིགས་ཀྱི་དབང་བསྐུར་རོ། །ཨོཾ་ན་མཿ །སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་ར་ཏྣ་ཨ་བྷི་ཥིཉྩ་སམ་ཡ་ཤྲི་ཡེ་ཧཱུྃ། ཨོཾ་ནམཿསརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་བུདྡྷཱ་ཨ་བྷི་ཥིཉྩ་
སམ་ཡ་ཤྲི་ཡེ་བྲུྃ། ཨོཾ་ནམཿ སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་ར་ཏཱ་ཨ་བྷི་ཥི་ཉྩ་ས་མ་ཡ་ཤྲི་ཡ་ཨོཾ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་པདྨ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲི་ཡེ་ཧྲཱིཿ། ཨོཾ་ན་མཿ །སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་བཛྲ་ཀརྨ་ཨ་བྷི་ཥིཉྩ་སམ་ཡ་ཤྲི་ཡེ་ཁཾ། དེ་ཡང་ཆུའི་དུས་སུ་ནི་མི་
བསྐྱོད་པའི་བུམ་པའི་ཆུས་བཀྲུ་བར་བྱེད་དོ། །རིན་ཆེན་གྱི་ནི་མེ་ཏོག་ཕྲེང་བ་རྣ་ལྟག་གཡས་པར་རོ། །པདྨ་ཡི་ནི་བུམ་པ་རྡོ་རྗེ་དང་བཅས་པའོ། །ལས་ཀྱི་ནི་རོལ་མོ་སྣ་ཚོགས་སྒྲོགས་པའོ། །དེ་བཞིན་གཤེགས་པ་ནི་བཀྲ་ཤིས་དུ་མའོ། །རིན་ཆེན་འབྱུང་ལྡན་གྱི་ནི་དབུ་རྒྱན་རྩེ་
ལྔ་པ་ཉིད་དོ། །རྡོ་རྗེ་མི་བསྐྱོད་པ་ནི་བུམ་ཆུས་ཆར་དབབ་པའོ། །པདྨའི་ནི་རྡོ་རྗེ་བུམ་པའི་སྟེང་དུ་བཅས་པའོ། །ལས་ཀྱི་ནི་སྒྲ་སྒྲོགས་པའོ། །བརྟག་པའི་བཀྲ་ཤིས་བརྗོད་པ་ཉིད་དོ། །སྣང་བ་མཐའ་ཡས་ཀྱི་ནི་རྡོ་རྗེ་འབར་བ་གཏད་པའོ། །རྡོ་རྗེའི་ནི་ཁྲུས་ཆར་རོ། །རིན་པོ་ཆེའི་
Vol. 82 · folio 285a
ནི་མེ་ཏོག་རབ་ཏུ་གཏོར་བའོ། །ལས་ཀྱི་ནི་སྒྲ་བརྙན་གྱི་ཚོགས་སོ། །སངས་རྒྱས་ཀྱི་ནི་གསང་སྔགས་བརྗོད་པའོ། །དོན་ཡོད་གྲུབ་པ་ནི་དྲིལ་བུ་གཏད་པའོ། །རྡོ་རྗེའི་ནི་ཁྲུས་ཆར་རོ། །རིན་པོ་ཆེའི་ནི་མེ་ཏོག་ཆར་རོ། །པདྨའི་ནི་རྡོ་རྗེ་དང་བཅས་པའི་ལོ་མས་སོ། །སངས་རྒྱས་ཀྱི་
ནི་ཚིགས་སུ་བཅད་པ་བརྗོད་པའོ། །རྣམ་པར་སྣང་མཛད་ཀྱི་ནི་གསང་མཚན་གདགས་པའོ། །རིན་ཆེན་གྱི་ནི་མེ་ཏོག་སྤྱི་བོར་རོ། །པདྨའི་རྡོ་རྗེ་མགོ་ཐོག་ཏུའོ། །ལས་ཀྱི་ནི་དྲིལ་བུ་མགོ་ཐོག་ཏུའོ། །རྡོ་རྗེ་ནི་རྡོ་རྗེ་དྲིལ་བུ་བསྣོལ་བས་མགོ་ཐོག་བཞག་ཅིང་བུམ་
ཆུས་གཏོར་བ་ཉིད་དོ། །དེ་ལྟར་རིགས་ཀྱི་དབྱེ་བས་ཉི་ཤུ་རྩ་ལྔའི་བར་དུ་རབ་ཏུ་ཤེས་པར་བྱ་བ་ཉིད་དོ། །གསང་སྔགས་དང་། རིག་སྔགས་དང་གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་སྣ་ཚོགས་པ་ལྟ་བས་ནི་ཀུན་དུ་སྐུའི་དབང་ངོ་། །གསང་སྔགས་དང་རིག་སྔགས་དང་གཟུངས་
སྔགས་དུ་མའི་སྔགས་བརྗོད་པ་དང་སྒྲ་དུ་མས་ནི་ཀུན་དུ་གསུང་གི་དབང་ངོ་། །གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀྱི་སྙིང་པོ་དང་ཏིང་ངེ་འཛིན་དུ་མས་ནི་ཀུན་དུ་ཐུགས་ཀྱི་དབང་ངོ་། །ཆོས་ཀྱི་རྒྱལ་པོ་མངོན་པར་ཐོབ་པར་འདོད་པས་ནི་རྡོ་རྗེ་སློབ་དཔོན་གྱི་
དབང་བསྐུར་བར་བྱའོ། །གསང་བའི་དམ་ཚིག་སྦྱིན་པར་བྱའོ། །སྤྱོད་པ་བརྩམ་པར་འདོད་པ་ལ་ནི་བརྟུལ་ཞུགས་ཀྱི་དབང་བསྐུར་བར་བྱའོ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ཇི་ལྟར་ཐབས་ཀྱིས་འདུལ་གྱུར་པ། །ཆོས་
ཀྱི་འཁོར་ལོ་རབ་ཏུ་བསྐོར། །གཞན་དག་དྲུག་དང་བླ་མ་ནི། །དགེ་སློང་རྡོ་རྗེ་འཛིན་པ་ཡིས། །ཆོས་གོས་རི་དགས་རྣ་བ་ལྟར། །མར་མེ་མཛད་དཔལ་ཕྱག་རྒྱ་ལས། །གསང་བ་ཆེན་པོའི་ཚུལ་བསྟན་པས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཐུབ་པ་དེ་བཞིན་གཤེགས་
པའི་གཙོ། །རྐང་གཉིས་གཙོ་བོར་འབྱུང་བར་འགྱུར། །མི་འཇིགས་ཕྱག་རྒྱ་སྦྱིན་མཛད་དེ། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །དབང་མཆོག་ཐོབ་པ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་གྱུར། །ཁམས་གསུམ་གྱི་
Vol. 82 · folio 285b
ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་བསྟན་པ་དང་། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིས། །དེང་འདིར་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དེ་ནས་གསང་བའི་དཀྱིལ་འཁོར་དུ། །རིག་མ་རྣམ་
པར་གཞུག་བྱ་ཞིང་། །བླ་ན་མེད་པའི་བླ་མ་ལས། །བདུད་རྩི་དག་པའི་བློ་བླང་བྱ། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །བདེ་བའི་བྱང་ཆུབ་སེམས་ཀྱི་རྒྱུན། །རང་འབབ་ཡེ་ཤེས་བཅུད་ཀྱིས་ལེན། །འཆི་མེད་ཡེ་ཤེས་དབང་བསྐུར་བ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །
བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་བཟང་པོས། །བུ་ཁྱོད་དབང་ནི་བསྐུར་བར་བྱ། །དེ་ཉིད་ལོངས་སྤྱོད་རྩལ་སྦྱངས་ཏེ། །གསུང་གི་རྡོ་རྗེ་རབ་བསྒྲུབ་ཕྱིར། །རྟོག་མེད་བདེ་བའི་གནས་ལས་སྐྱེས། །དྲི་མེད་གསང་བའི་དབང་བསྐུར་
བའོ། །དེ་ནས་རིག་མའི་དབྱེ་བ་ནི། །ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །གླང་པོ་ཅན་དང་རི་དགས་མ། །དུང་ཅན་མ་དང་སྣ་ཚོགས་ཅན། །པདྨ་ཅན་ནི་རིམ་ཤེས་པས། །ཕྱག་རྒྱའི་དབང་ནི་ཐོབ་བྱེད་ཡིན། །ལས་ཀྱི་ཕྱག་རྒྱ་མ་ཤེས་རབ་མ་སྟེ། ལོ་བཅུ་གཉིས་
མ་འམ། བརྒྱད་གཉིས་མའམ། བཅུ་གཉིས་གཉིས་མའི་རིམ་པ་སྟེ། དེ་ཡང་གནས་དང་ཉེ་བའི་གནས་ལ་སོགས་པར་སྐྱེས་པའམ། སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་སྟོབས་ལས་གྲུབ་ཅིང་ཡེ་ཤེས་ཀྱི་རྒྱུ་མཐུན་ལས་བྱུང་བའམ། དབུས་ཀྱི་ཡུལ་དུ་སྐྱེས་པ།
དབང་པོ་ཚང་པ། ཡན་ལག་ཉིང་ལག་ཡོངས་སུ་རྫོགས་ཤིང་མཚན་དང་ལྡན་པ། དབང་བསྐུར་བ་ཐོབ་ཅིང་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས་པ་ལས་ཨ་བདྷཱུ་ཏཱི་སྟོན་པའམ། སྟོན་པའི་ནུས་པ་དང་ལྡན་པའི་རྣལ་འབྱོར་མ་དེ་ལས་ཀུན་འདར་གྱི་སྣ་རྩེ་ལས་བསྐྱོད་པའི་
བདེ་བ་ལས་དགའ་བ་དང་། མཆོག་དགའ་དང་དགའ་བྲལ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ལས་ཡེ་ཤེས་མངོན་སུམ་དུ་ཉམས་སུ་མྱོང་བ་སྐྱེད་ཅིང་། དེ་ལས་ཐོབ་པ་དེས་སྣང་གྲགས་བརྟན་གཡོ་མ་ལུས་པ་ལ་རྒྱས་བཏབ་པའི་ཡེ་ཤེས་རོ་གཅིག་པའི་ངང་དུ་རྟག་ཏུ་
Vol. 82 · folio 286a
གནས་པར་བྱ། དེས་ནི་གསང་བའི་སྤྱོད་པ་ལ་གནས་ན་ཤིན་ཏུ་མྱུར་བ་ཉིད་དུ་རྡོ་རྗེ་སེམས་དཔའ་འགྲུབ་པར་བྱེད་དོ། །ཆོས་ཀྱི་ཕྱག་རྒྱ་ནི་འོད་ཀྱི་རིག་མ་ལས་བྱུང་བ་རང་སྣང་བའི་ལྷ་མོ་ལས་རྟོགས་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་ནི་ལྷན་ཅིག་
སྐྱེས་པའི་ཡེ་ཤེས་བྱིན་བརླབས་བླ་མའི་བརྒྱུད་པ་ལས་ཐོབ་པར་བྱེད་དོ། །དམ་ཚིག་གི་ཕྱག་རྒྱ་ནི་ཐབས་དང་ཤེས་རབ་མི་ཕྱེད་པའི་ཡེ་ཤེས་ལས་འདའ་བ་མེད་པར་སྤྱོད་པ་སྟེ། གསང་བ་ཟབ་དང་རྒྱ་ཆེ་བའི། །ཡེ་ཤེས་རབ་ཏུ་མི་གནས་པ། །ཞི་གནས་ལྷག་མཐོང་
རོ་གཅིག་ཏུ། །བླ་མེད་གསང་ཆེན་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྲས་བཅས་འབྱུང་བའི་དཀྱིལ་འཁོར་དུ། །དཔལ་མཆོག་འདིར་ནི་གང་བསྟན་པ། །རྡོ་རྗེ་འཛིན་པའི་སྤྱོད་ཡུལ་དུ། །རིགས་ཀྱི་དབྱེ་བ་བསྡུས་པའི་ལམ། །
བསམ་མི་ཁྱབ་པའི་ཁྱད་པར་གང་། །བྱ་བ་སྤྱོད་པའི་ཚུལ་ཀུན་གྱི། །རྒྱུད་སྡེ་སྣ་ཚོགས་ལྷ་རྣམས་ཀྱི། །དབང་བསྐུར་རབ་ཏུ་ཐོབ་པས་ན། །གཉིས་སུ་མེད་པའི་རྒྱལ་ཞེས་བརྗོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་
བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དབང་བསྐུར་བ་ཆེན་པོ་ཚད་མེད་པ་རྡོ་རྗེའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །གསང་བདག་པའི་ཚུལ་གནས་ཏེ། །ཕྲིན་ལས་སྣ་
ཚོགས་སྦས་པ་ཡི། །དེ་ཉིད་རབ་ཏུ་བསྟན་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གསང་བའི་དབང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་ཚུལ་ཡང་དག་པར་དབང་བསྐུར་བ་རྡོ་རྗེའི་ཏིང་ངེ་འཛིན་མི་ཕྱེད་པ་སྟེ། དཔལ་གསང་
བ་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཐུ་བོར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་ཀྱིས་གྲོགས་ཚངས་པར་མཚུངས་པར་སྤྱོད་པར་བལྟ་སྟེ། ཁྲོ་བོའི་རྒྱལ་པོ་དུ་མས་ནི་
Vol. 82 · folio 286b
ཡང་དག་པར་སྲུང་བར་བྱེད་དོ། །ལྷ་མོའི་ཚོགས་རྒྱ་མཚོས་ནི་ཀུན་ནས་དེ་ལ་ཡོངས་སུ་མཆོད་པར་བྱེད། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། གུ་ལང་ལ་སོགས་པ་དུ་མ་ལྷ་མ་བརྒྱད་དང་། རྒྱལ་པོ་ཆེན་པོ་བཞི་
འཁོར་དང་བཅས་པ་དཔག་ཏུ་མེད་པ་དུ་མ་རྣམས་ཀྱིས་ཡོངས་སུ་བསྲུང་བ་དང་བསྐྱབ་པ་དང་མཆོད་པའི་རྟེན་དུ་བྱེད་ལ། དངོས་པོ་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་དོ། །དེའི་ཕྱིར་དེའི་གནས་ཀྱི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། འདི་ཉིད་ནི་བྱང་ཆུབ་སེམས་
དཔའ་ཀུན་དུ་བཟང་པོའི་དགེ་བའི་རྩ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྙིང་པོར་བླ་ན་མེད་པར་གནས་པ་ཀུན་དུ་བཞག་པོའི་སྤྱོད་པ་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་གནས་པ། དཀྱིལ་འཁོར་དུ་མའི་སྒོ་ནས་སེམས་ཅན་གྱི་
བསམ་པ་རྫོགས་པར་བྱ་སྟེ། གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒོ་མང་པོ་ཚད་མེད་པ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱ་བ་དང་། ཡང་དག་པར་དབུགས་དབྱུང་བ་དང་།
གཟེངས་བསྟོད་པ་དང་། ལུང་བསྟན་པ་ཐོབ་པར་བྱེད་པས་འབྲས་བུའི་ལམ་ལས་མངོན་པར་དགའ་བས་རྒྱས་པར་བྱེད་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པས། །ཡང་དག་ཡེ་ཤེས་
མཚན་ཉིད་ཅན། །གཉིས་མེད་མཉམ་པ་ཉིད་སྦྱོར་བས། །སྣ་ཚོགས་དུ་མ་ལས་འཕྲོ་བ། །འཇིག་རྟེན་ཁམས་ནི་མ་ལུས་པར། །དཔག་མེད་འོད་ཟེར་ཚོགས་ལས་ནི། །དབང་བསྐུར་གྱུར་པའི་ལྷག་པའི་ལྷ། །འགྲོ་བ་ཀུན་གྱི་རང་བཞིན་གྱིས། །ལུས་ངག་
ཡིད་ལ་གནས་ནས་ནི། །ཡེ་ཤེས་རྡོ་རྗེའི་རྒྱུན་ལས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དབྱེར་མེད་ངོ་བོ་ཉིད་གཅིག་པ། །བདེ་བ་ཆེན་པོའི་ངང་བཞུགས་པས། །རྡོ་རྗེ་བཙུན་མོའི་བྷ་ག་ལས། །མཉམ་པར་སྦྱར་བའི་ཡན་ལག་གིས། །བདེ་དང་བདེ་ཆེན་ལྷན་
Vol. 82 · folio 287a
ཅིག་སྐྱེས། །དཔལ་མཆོག་རང་བྱུང་ཕྱག་རྒྱ་ཆེ། །འདི་ལས་བཅོམ་ལྡན་འདས་བདག་བྱེད། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །ཡང་དག་དབང་ནི་སྐུར་བྱེད་པ། །དེ་ཉིད་བླ་མ་ཡིན་པར་བརྗོད། །འདིར་དབང་སྐུར་བའི་རྣལ་འབྱོར་པ། །
སློབ་དཔོན་དེ་ལས་གཅེས་པ་ཡི། །སྲོག་ནི་གཞན་དུ་ཡོད་མ་ཡིན། །རྡོ་རྗེ་བྱང་ཆུབ་སེམས་ཉིད་དང་། །ཐ་དད་མེད་ཕྱིར་བླ་མ་ནི། །རྒྱུན་དུ་མཆོད་ཅིང་བསྟེན་བྱར་གསུངས། །དངོས་པོ་ཐམས་ཅད་ཡོངས་སུ་ནི། །བླ་མ་ལ་ནི་ངེས་པར་དབུལ། །འདིས་ནི་
དངོས་གྲུབ་མ་ལུས་པའི། །འབྱུང་གནས་དེ་བཞིན་གཤེགས་པར་བསྟན། །དཔལ་ལྡན་དབུས་ཀྱི་གནས་གྱུར་པ། །འཁོར་ལོ་མཆོག་གི་འཁོར་ལོ་ཉིད། །བླ་མ་མཆོག་ལ་དུས་རྟག་ཏུ། །སྤྱི་བོས་བཏུད་དེ་ཕྱག་བྱར་འོས། །འདི་ནི་སྤྱོད་པ་བསྟན་པ་ལ། །
ཟབ་པ་ཡི་ནི་སྤྱོད་པ་དང་། །དེ་བཞིན་རྒྱ་ཆེ་བ་ཡི་ཚུལ། །གཉིས་མེད་བདེ་བ་ཆེན་པོ་ཡིས། །བརྟུལ་ཞུགས་ཚུལ་འདི་བསྟན་པའོ། །ལྷ་མོ་ཉི་ཤུའི་བདག་ཉིད་ཀྱིས། །འདོད་པའི་ཡོན་ཏན་ཀུན་རོལ་པ། །འདིར་ནི་རྒྱ་ཆེར་གྱུར་པ་སྟེ། །སྟོང་ཆེན་རབ་ཏུ་འཇོམས་མ་
དང་། །སོ་སོར་འབྲང་དང་རྨ་བྱ་ཆེ། །ཚལ་འཛིན་མ་དང་རྗེས་འཛིན་མ། །ཙུན་ད་དང་ནི་རལ་གཅིག་མ། །ནོར་རྒྱུན་མ་དང་རིན་ཆེན་སྒྲོན། །འོད་ཟེར་ཅན་དང་དུག་སེལ་མ། །རི་ཁྲོད་ལོ་མ་ཅན་དང་ནི། །གཙུག་ཏོར་རྣམ་པར་རྒྱལ་མ་དང་། །མཐའ་ཡས་སྒོ་དང་
རྡོ་རྗེ་ལྕགས་སྒྲོག་མ། །ཤེས་རབ་འཕེལ་བྱེད་ལས་སྒྲིབ་སེལ། །ཡེ་ཤེས་མི་ཟད་ཟ་མ་ཏོག །སངས་རྒྱས་ཆོས་ཀྱི་མཛོད་དང་ནི། །ཀུ་རུ་ཀུ་ལླེ་གདུགས་དཀར་མོ། །འདི་དག་གཟུངས་ཀྱི་ལྷ་མོར་བརྗོད། །ཟབ་པའི་སྤྱོད་ཚུལ་བླ་ན་མེད། །ལྷ་མོ་དགུ་དང་ལྷན་ཅིག་ཏུ། །
གསང་བའི་ཡེ་ཤེས་རོལ་པ་ནི། །མགོན་པོ་ཀུན་དུ་སྤྱོད་པའོ། །གཉིས་མེད་ཡེ་ཤེས་བདེ་བ་ཆེ། །ལྷ་མོ་ལྔ་དང་བཅས་པ་ཡི། །ཚོགས་ཀྱི་དཀྱིལ་འཁོར་འདུས་པ་ནི། །མཉམ་བཞག་ཆེན་པོའི་སྤྱོད་པ་ཡིན། །འདི་དག་སྤྲོས་བཅས་སྤྱོད་པ་དང་། །སྤྲོས་མེད་ཡེ་ཤེས་ཚུལ་
Vol. 82 · folio 287b
གྱུར་པ། །ཤིན་ཏུ་སྤྲོས་པ་མེད་པས་ནི། །འདོད་དང་བསམ་པ་འཇུག་པ་དང་། །དུས་ཀྱི་ཁྱད་པར་རྣམ་དབྱེ་བས། །བྷུ་སུ་ཀུ་དང་ཀུན་དུ་བཟང་། །རིག་པའི་བརྟུལ་ཞུགས་སྤྱོད་པ་ཡིས། །ཉོན་མོངས་ཉེ་བའི་ཉོན་མོངས་དག །ཚར་བཅད་པ་དང་རྗེས་འཛིན་
གྱི། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །བརྟན་གཡོ་དབང་དུ་སྡུད་པའི་ཕྱིར། །བག་མེད་འཚེ་བ་རྣམ་སྤངས་པས། །ཐམས་ཅད་སྒྱུ་མའི་ཚུལ་སྦྱོར་བ། །སྟོང་ཉིད་ཡེ་ཤེས་ཤེས་རབ་མས། །ཁྱོགས་དང་བརླབས་དང་ཁྱུང་ལྡིང་དང་། །བཀལ་བ་དང་ནི་
བསྐྱོད་པ་ཡིས། །ཚངས་པར་སྤྱོད་དང་བདེ་བར་རོལ། །དེ་ནས་གསང་བའི་ཚུལ་གནས་མ། །རྫོགས་པར་རླུང་གི་རྣལ་འབྱོར་བསླབ། །རྣལ་འབྱོར་རྟག་ཏུ་མཉམ་བཞག་ལས། །འཇུག་པའི་རླུང་ནི་བགྲངས་བྱ་ཞིང་། །ཇི་སྲིད་འབུམ་གྱི་བར་དུ་ནི། །སྒྲ་དང་
བྲལ་བར་རྟག་ཏུ་བཟླས། །སྒྲུབ་པོས་སྒྲ་དང་བལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ན། །འཆི་བདག་འཇོམས་པར་འགྱུར་བ་སྟེ། །ཡེ་ཤེས་ལྔ་ཡི་བར་དག་ཏུ། །འཆི་བ་བསླུས་པར་ཐེ་ཚོམ་མེད། །རྟག་ཏུ་ནང་པར་ཐོ་རངས་དུས། །སྟོང་ཕྲག་གཅིག་
ཏུ་ཆགས་མེད་པར། །དེ་ཉིད་རྡོ་རྗེ་བཟླས་བྱས་པས། །བར་དུ་གཅོད་ལས་བཟློགས་པས་ན། །དེ་ཕྱིར་རླུང་གི་རྣལ་འབྱོར་ལ། །ཀུན་དུ་མཉམ་བཞག་གནས་པར་བྱ། །དེ་ཉིད་བུམ་པ་ཅན་བཅིངས་པས། །བདུད་ལས་རྣམ་པར་རྒྱལ་བ་འཐོབ། །དེ་ཉིད་རིག་
པས་ལུས་ཀུན་ལས། །ལུས་ཀྱི་ཁོང་སྟོང་རྩ་སྦུབས་དག །རླུང་གིས་ངེས་པར་དག་བྱས་པས། །དེ་ཉིད་རྔུབ་པ་དང་བཅས་པས། །ཁྱད་པར་འཇོམས་པ་རླུང་གི་ལས། །དབུ་མ་ཉིད་དུ་གནས་པ་ནི། །འབྱུང་བ་ཟག་པ་མེད་པ་དང་། །ཤིན་ཏུ་བདེ་བསྐྱེད་བྱེད་
ཡིན། །རླུང་གིས་སེམས་ནི་སྐྱོན་མེད་པར། །རབ་ཞི་འབྱུང་བ་ལྡོག་པ་དག །གཅིག་ཏུ་གནས་པར་བྱེད་པའི་ལས། །འདི་ནི་རྣལ་འབྱོར་ལམ་དུ་གསུངས། །སྒོ་ལྔའི་རླུང་ནི་བསྡུ་བ་ཡང་། །དབང་པོ་ནང་དུ་ཟློག་པ་ལས། །ཕྱི་རོལ་ཉེ་བར་དམིགས་མི་འགྱུར། །
Vol. 82 · folio 288a
འདི་ནི་ཡིད་ཀྱི་རླུང་ཟིན་པའོ། །གཡོ་བཅས་རྣམས་ལ་རེངས་བྱེད་པ། །སྲོག་ནི་བརྟན་པའི་ཚུལ་གྱིས་སུ། །འགྱུར་བ་མེད་པར་གྱུར་པ་གང་། །སྣང་བའི་རླུང་ནི་བརྟན་པའོ། །བརྟན་པའི་ཡལ་ག་རླུང་གི་ལམ། །རབ་ཏུ་གཏོད་པའི་
སྦྱོར་བ་ཡིས། །སྲོག་རྩོལ་འབོག་པར་གྱུར་པ་ན། །གཡོ་མེད་བརྟན་པ་ནུས་པ་ཐོབ། །ཚད་དང་གྲངས་ལས་འདས་པ་ཡི། །མཉམ་མེད་ཀུན་འདར་མར་གནས་པས། །རྟོག་པ་མ་ལུས་ནུབ་པའི་ཚེ། །ཉོན་མོངས་བདུད་ལས་རྒྱལ་བ་ཉིད། །རྟོག་པ་
ཀུན་ལས་མི་གཡོ་བ། །དེ་ཉིད་ཡེ་ཤེས་རྒྱལ་བ་ཆེ། །སྐྱིལ་ཀྲུང་གཅིག་ལ་གནས་བྱས་ཏེ། །བྱང་ཆུབ་ཤིང་ལ་རྒྱབ་རྟེན་ནས། །མཉམ་བཞག་ཉེ་བར་བཅིངས་པ་ལ། །བསྡམས་གྲོལ་ཁྱད་མེད་གྱུར་པ་དང་། །ཁ་ཟས་གོས་ཀྱི་རྩོལ་མེད་པ། །ཕུང་པོའི་བདུད་
ལས་རྒྱལ་བ་ཡིན། །རླུང་ནི་རྒྱུ་བ་མི་ཚོར་དང་། །དབུ་མར་འབྱུང་བ་བརྟན་པ་ཡིས། །དངོས་རྣམས་སྒྱུ་མར་མཐོང་བ་ཡིས། །ལྷ་ཡི་བུ་ཡི་བདུད་ལས་རྒྱལ། །རང་རིག་ཡེ་ཤེས་ཀྱིས་དག་པ། །ཉོན་མོངས་དུག་གསུམ་རླུང་དག་ལ། །ཚར་བཅད་པས་ནི་འཇིག་རྟེན་ལྷའི། །
གཟུགས་དག་འགས་པར་བྱེད་པ་ཡིན། །རྗེས་གཟུང་བས་ནི་སླར་སྡུད་པ། །གཅིག་ཏུ་བྱེད་པ་འདི་ལས་འགྲུབ། །ནང་དུ་ཟླ་བའི་རླུང་བཟུང་ནས། །འཁྲུལ་འཁོར་དྲག་སྤྱོད་གཏུམ་པ་ཅན། །ཨཱ་ལི་ལས་བྱུང་དག་པ་ལས། །ཟླ་བས་འཕོ་བར་མི་ནུས་སོ། །གསང་
བ་བཟློག་པའི་ཏིང་འཛིན་ལས། །ཆུ་ཚོད་ལྔ་ཡི་བར་དག་ཏུ། །ཉི་མའི་རླུང་ལ་ཀཱ་ལི་ཡིས། །བཅིངས་པས་ཉི་མ་འཕོ་མི་འགྱུར། །གཟུང་དང་འཛིན་པ་རྣམ་བྲལ་བར། །རགས་པ་སྒྲ་ཞེས་བཤད་པ་ཉིད། །ཕྲ་བ་སེམས་ཀྱི་རྣམ་པ་ལས། །རྣམ་རྟོག་རི་བོ་བཅོམ་
པའི་ཕྱིར། །ཕྱི་རོལ་རི་བོ་འཇོམས་པ་དང་། །ཐལ་བར་ཡང་ནི་བྱེད་ནུས་པ། །བསམ་པ་ཕུན་སུམ་ཚོགས་པས་སོ། །དུག་གསུམ་ལས་ནི་རང་བཞིན་རྣམས། །ལོག་རྟོག་དྲི་མ་མ་ལུས་པ། །གཞོམ་བྱེད་མི་གཡོར་གནས་བྱས་ནས། །དཔུང་ཆེན་དེངས་པར་ཐེ་ཚོམ་མེད། །
Vol. 82 · folio 288b
འཁོར་བའི་ཆོས་ཉིད་སྤངས་པ་ན། །དུག་ཉིད་བདུད་རྩིར་སྒྱུར་བ་དང་། །རང་བྱུང་བདུད་རྩི་སྦྱངས་གྱུར་པས། །བཀྲེས་སྐོམ་མེད་པར་འགྱུར་བ་ཡིན། །བསམ་པ་རྣམ་པར་དག་གྱུར་ལ། །དུག་སྦྲུལ་འཚེ་བར་མི་འགྱུར་ཏེ། །དེ་ལས་གཞན་དུ་བཟློག་པ་ཡིས། །དུག་སྦྲུལ་གཞན་ལ་སྤོང་
བར་བྱེད། །ཤིན་ཏུ་ཁྲོས་པར་གྱུར་ནས་ཀྱང་། །ཀླུ་རྣམས་ལ་ནི་བཀའ་བསྒོ་བས། །ལོག་པར་ལྟ་བའི་རྒོལ་བ་ཀུན། །དུག་སྦྲུལ་ཆེན་པོས་ཟ་བར་འགྱུར། །གལ་ཏེ་དད་གྱུར་དེ་དག་ལ། །ཏིང་འཛིན་སྤོ་བའི་སྦྱོར་བ་ཡིས། །དུག་རྣམས་སྐད་ཅིག་གཅིག་གིས་སེལ།།
ཡེ་ཤེས་རླུང་ལས་གྱུར་པ་ཡི། །འཕོ་མེད་མི་ཆོད་རྡོ་རྗེ་ལས། །སེམས་ཅན་གདུག་པའི་སྲོག་ཆགས་ཆེ། །སྟག་སོགས་ཁ་ནི་འཆིང་བར་བྱེད། །གང་དུ་ཐབས་དང་ཤེས་རབ་ལས། །མཉམ་སྦྱོར་ཁུ་བའི་རྣམ་པ་ནི། །བཙུན་མོའི་བྷ་ག་དེ་ལས་ནི། །བསྐྱིལ་
དང་བཟློག་པའི་སྦྱོར་བ་ཡིས། །གང་གཱ་ལ་སོགས་ཆུ་བོ་རྣམས། །གང་ཞིག་བཟློག་སྟེ་འབབ་པར་གྱུར། །རྩ་གསུམ་ལས་ནི་བྱུང་བ་དང་། །རྩ་ཕྲན་གཞན་ལས་འབབ་པ་དག །གལ་ཏེ་ཟློག་པར་གྱུར་པ་དག །ཤིན་ཏུ་ཆུ་བོ་སྐེམས་པར་བྱེད། །སྲིད་རྩེ་ལ་སོགས་
འཇིག་རྟེན་པའི། །བསམ་གཏན་ཏིང་འཛིན་གནས་བྱས་ལ། །དེ་ཉིད་སྟོང་པར་བཅུག་ན་ནི། །ལྷ་ཆེན་དག་ཀྱང་འཇིག་འགྱུར་ལ། །གཞན་དུ་ཨ་རྫ་ཀ་བཞིན་བྱེད། །དེ་ཉིད་དུ་ནི་གསང་ཆེན་གྱི། །ཕྲིན་ལས་ཕྲན་ཚེགས་བསྟན་པ་སྟེ། །རྒྱུད་ཀུན་དུ་ནི་མ་བསྟན་
ཅིང་། །སྦས་པ་ལྐོག་ཏུ་གྱུར་པ་ཡིན། །གཟུང་འཛིན་རྩ་ལས་རླུང་འཇུག་པས། །འཁོར་བའི་སྲིད་པ་སྐྱེད་པར་མཛད། །ཡང་དག་ཀུན་འདར་ཉིད་གནས་ན། །རྣམ་གྲོལ་ཞི་བ་མཆོག་ཐོབ་འགྱུར། །ལྟེ་བའི་གནས་སུ་སྲིད་ཞི་དག །སྣ་ཚོགས་འདུས་པར་
འབྱུང་གནས་ཏེ། །རྩ་བཅིངས་ལྷ་ཡི་བུ་ཡི་བདུད། །འབྱུང་པོ་བྱེ་བ་ལ་སོགས་པ། །ཕྱི་རོལ་དུ་ནི་འདུལ་བར་མཛད། །སྐྱོན་དག་ཡོན་ཏན་གྱུར་པས་ན། །མཚོན་ཆའི་ཆར་ལ་སོགས་པ་ཡང་། །རིན་ཆེན་མེ་ཏོག་དག་ཏུ་འབབ། །སྡུག་བསྔལ་བདེ་བར་ཤར་བའོ། །
Vol. 82 · folio 289a
སྙིང་གར་ཡང་དག་ཡོངས་གསོལ་བར། །མཚན་མའི་རྟོག་པ་ནུས་གྱུར་པས། །ཡིད་བཅིངས་པས་ནི་ཕྱི་རོལ་དུ། །ཉོན་མོངས་དྲི་མས་མི་གོས་པ། །སྤངས་པ་རྣམ་དག་ལམ་གནས་པས། །ཉོན་མོངས་བདུད་ནི་བཅོམ་པའི་ཕྱིར། །
མཉམ་པ་ཉིད་དུ་བཞུགས་པ་ལས། །རྣམ་པར་བསྐྱོད་པ་མི་མངའ་བའོ། །མགྲིན་པར་ལོངས་སྤྱོད་ཡོངས་གྲུབ་པས། །རླུང་བཅིངས་པས་ནི་རོ་དྲུག་ལ། །ལོངས་སྤྱོད་བཀྲེས་རྒུད་མི་མངའ་བ། །གནོད་པ་སྣ་ཚོགས་ཟིལ་གནོན་ཅིང་། །ཡན་ལག་
དྲུག་ཅུའི་དབྱངས་འབྱུང་ཞིང་། །ཕུང་པོའི་བདུད་ལས་རྒྱལ་བས་ནི། །མདངས་དང་འོད་ཟེར་ལྷག་པར་འབྱིན། །རླུང་འབོག་ཟག་མེད་གནས་ཐོབ་པའོ། །སྤྱི་བོ་གཙུག་ཏོར་འབྱུང་གནས་དེར། །ཐིག་ལེ་འགྱུར་བ་མེད་བརྟན་པས། །འཆི་བདག་བདུད་ལས་
རྒྱལ་བ་སྟེ། །དགེ་བ་ཡེ་ཤེས་དྲི་མེད་ལམ། །མཐར་ཕྱིན་རྣམ་པར་རོལ་པ་ཡི། །གསང་བ་བསམ་གྱིས་མི་ཁྱབ་པ། །བཅིངས་པ་མེད་ཅིང་གྲོལ་མེད་ལ། །འགྱུར་བ་མེད་པར་བཞུགས་པའོ། །ཉི་ཁྲི་དང་ནི་ཆིག་སྟོང་དང་། །དྲུག་བརྒྱ་བཅས་པས་རླུང་དག་ན། །
ཐམས་ཅད་དབུ་མར་ཐིམ་པ་ནི། །མི་གནས་མྱ་ངན་འདས་པ་ཐོབ། །སྟེང་དང་འོག་ཏུ་རྒྱུ་བའི་རླུང་། །ཁ་སྦྱོར་དུ་ནི་གྱུར་པ་ལས། །སྦྱོར་བ་དེ་ལ་གོམས་བྱེད་ན། །དེས་ནི་འོད་གསལ་གོ་འཕང་གནས། །གང་གི་རྣལ་འབྱོར་
སྤངས་པ་དང་། །རླུང་གི་རྣལ་འབྱོར་སྤོང་བྱེད་པ། །དེས་ནི་བདེ་བ་མི་འཐོབ་ཅིང་། །སྐྱེས་བུ་ཐ་ཤལ་དེ་དག་བརླག །དུས་ཀུན་དུ་ནི་གཡོ་བ་ཡི། །རླུང་ལ་རྣམ་པར་གོམས་པས་ནི། །ལུས་སེམས་གནས་རྣམས་བྱིན་བརླབས་ཕྱིར། །ཀུན་དུ་སོན་པར་གྱུར་པའོ། །དེ་ལས་བདེ་དང་སྡུག་བསྔལ་
དང་། །མཐོ་རིས་ངན་སོང་གར་འཇུག་པ། །ལུས་ཀྱི་སྒོ་ནས་འཕོ་བ་ཉིད། །རང་དབང་དུ་ནི་འབྱུང་བར་བསྟན། །སྙིང་གའི་རྩ་ཡི་ཡན་ལག་ནི། །བརྒྱད་པོ་བཀྲ་ཤིས་ཡན་ལག་གྱུར། །དེ་ཉིད་ལྷ་མོ་ལུས་གནས་པས། །དཔལ་བེའུ་ལ་སོགས་མཛེས་པར་བྱེད། །
Vol. 82 · folio 289b
མགྲིན་པའི་གནས་སུ་སྐྱེས་པ་ཡི། །རྩ་ཡི་ཡན་ལག་འབྱུང་བ་ལས། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་རིགས་ལས་བྱུང་བ་ཡི། །སེམས་དཔའ་བཞི་བཞིར་ཡང་དག་འབྱུང་། །དེ་ཉིད་རྣལ་འབྱོར་རྒྱུད་དུ་བསྟན། །ལྟེ་བར་མངོན་པར་འབྱུང་བ་ཡི། །རྩ་ཡི་
ལྗོན་ཤིང་འདབ་རྒྱས་པ། །རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ། །དྲུག་ཅུ་རྩ་བཞིར་འབྱུང་བའོ། །སྤྱི་བོའི་གནས་སུ་སྐྱེས་པ་ཡི། །ཚུལ་ནི་ཡང་དག་སུམ་ཅུ་གཉིས། །མཁའ་གྲོས་སུམ་ཅུ་རྩ་གཉིས་དག །ཡུལ་དང་ཡུལ་དུ་འབྱུང་བ་ཡིན། །ནང་དུ་དབུ་མའི་ཁོང་
སྟོང་དུ། །དུ་བ་ལྟ་བུའི་སྣང་བ་འཆར། །དེ་ལས་རྣམ་པར་མངོན་གྱུར་པས། །གནོད་པ་སྲ་བའི་སྐྱོན་བྲལ་ཏེ། །རྩིག་པ་དག་ལ་མི་རྡུག་སྟེ། །བར་སྣང་བཞིན་དུ་ཐོགས་པ་མེད། །ནང་དུ་དབུ་མར་རང་བྱུང་བའི། །སྨིག་རྒྱུ་ལྟ་བུ་འཆར་བ་ནི། །བརྟན་
པས་ལུས་ལ་དབང་ཐོབ་བྱེད། །ཆུ་ལ་ས་བཞིན་བྱ་བ་ལ། །ངེས་པ་ཉིད་དུ་མངོན་པར་འབྱུང་། །ཀུན་འདར་མ་ཡི་སྟོང་པ་དེར། །འབྱུང་པ་མེ་ཡི་རང་བཞིན་ལས། །སྲིན་བུ་མེ་ཁེར་མཐོང་གྱུར་པ། །འབར་བ་དེ་ཉིད་བརྟན་པ་ལས། །བསྲེགས་ཀྱང་
མི་འཚིག་གྲོགས་སུ་འཆར། །བརྒྱལ་བར་གྱུར་པའི་བདེ་བར་འགྱུར། །དབུ་མའི་ཁང་པའི་མཐོངས་སུ་ནི། །མར་མེ་འབར་བ་གང་གིས་མཐོང་། །ཕྱི་ནང་རྟེན་འབྲེལ་འཛོམ་པ་ན། །སྣ་ཚོགས་རླུང་གི་སྟོབས་ཆེན་གྱིས། །བསྐྱོད་པར་མི་ནུས་ཕྲིན་
ལས་ཏེ། །གལ་ཏེ་མྱུར་བར་ཡེ་ཤེས་འགྲོ། །གལ་ཏེ་ཨ་བ་དྷཱུ་ཏཱིའི་ནང་། །གཞལ་ཡས་ཡེ་ཤེས་དག་པ་དེར། །ཐམས་ཅད་ནམ་མཁའ་ལྟ་བུ་ཡི། །སྟོང་པ་ཉིད་དུ་འཆར་བ་ལ། །ཡེ་ཤེས་སྤྲིན་མེད་ནམ་མཁའ་ལྟར། །ཆགས་མེད་མཁའ་ལ་
ལྡིང་བར་འགྱུར། །བུ་ག་དགུ་ནས་རྒྱུ་བའི་རླུང་། །རྣལ་འབྱོར་པས་ནི་མཉམ་ཟིན་པས། །བྱུང་བ་སྤངས་པས་གནས་པ་ཉིད། །དེ་ཚེ་དྲི་ཆེན་དྲི་ཆུ་དང་། །ངར་སྣབས་མི་འབྱུང་སྟོབས་སུ་འགྱུར། །སྐུ་ཡི་རྡོ་རྗེའི་རྟགས་ཡིན་ནོ། །གང་དུ་ལུས་ཀྱི་འབྱུང་བ་
Vol. 82 · folio 290a
བཞི། །མེ་རླུག་མགྲིན་པར་བརྟན་གྱུར་པས། །དེ་ཉིད་དུ་ནི་སྤྲུལ་པ་དང་། །སྟོད་ལས་མེ་འབར་འོད་ཟེར་སྟོད། །དགུག་པའི་ལས་ཀྱིས་འགྲུབ་པ་ཡིན། ཆུ་རླུང་སྙིག་གར་བརྟན་པ་ལས། །འབྱུང་བ་ཆུ་རུ་འབབ་བྱེད་ཅིང་། །ཀུན་དུ་སྡུད་པར་བྱེད་པ་
དང་། །ཞི་བ་སྨད་ནས་ཆུ་འབྲུབ་འཆར། །རླུང་གི་རླུང་ནི་ལྟེ་བ་རུ། །མཉམ་པར་ཟིན་ན་ཕྱི་རོལ་དུ། །དུ་མར་སྤྲུལ་པར་ནུས་པ་དང་། །རྡོ་རྗེ་རྐང་མགྱོགས་ཉིད་ཐོབ་བྱེད། །ས་ཡི་རླུང་ནི་གསང་གནས་སུ། །ཟིན་པ་དེ་ལ་རི་བོ་ལྟར། །མི་གཡོ་སྐྱིལ་ཀྲུང་མི་ཕྱེད་
ཅིང་། །གླང་པོ་ལྟ་བུའི་ནུས་པར་འགྱུར། །དེ་ཉིད་སྲོག་དང་རྩོལ་བ་རུ། །རབ་ཏུ་ཐིམ་ཕྱེད་རྡོ་རྗེ་ཡིན། །སྙིང་གི་རྩ་མདུད་གྲོལ་བ་ལས། །པདྨའི་འདབ་ལྟར་རྒྱས་པར་བྱེད། །སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས། །མཛོད་སྤུ་ཀུན་དུ་འབྱུང་བར་བྱེད། །འདིས་ནི་འགྲོ་
བའི་ལུས་ཀུན་ལ། །འཇུག་པ་རྫུ་འཕྲུལ་ཆེར་སྟོན་ཏོ། །འཕེལ་བར་བྱེད་པའི་རླུང་གིས་ནི། །ཡོན་ཏན་རྒྱས་པའི་གཏེར་ཐོབ་པས། །བུམ་པ་བཟང་པོ་གྲུབ་པའོ། །ཡོན་ཏན་དྲི་མ་མེད་པའི་རླུང་། །སྣ་ཚོགས་ལྷ་མོ་རོལ་བ་ཅན། །བཅུ་དྲུག་ཕྲག་ནི་བཞི་དག་ཏུ། །བརྒྱ་
ཕྲག་གཉིས་དང་ཉི་ཤུ་ལྔ། །དེ་ལས་ཀུན་དུ་སྤྱོད་པ་ཡིས། །གནོད་སྦྱིན་མོ་ལ་སོགས་པ་འགྲུབ། །འདིར་ནི་བདུད་རྩི་བཅུད་ལེན་དུ། །ཉམས་པ་མེད་པས་དབང་ཐོབ་པས། །མི་སྣང་བར་ནི་བྱེད་པ་ཡི། །རྡོ་རྗེ་བཅུད་ལེན་མཆོག་ཡིན་ནོ། །རྟོག་པའི་ཚོགས་ནི་བདེ་
དོན་དུ། །མི་རྟོག་ཡེ་ཤེས་རྒྱལ་པོ་རུ། །བསྒྱུར་བ་རླུང་གིས་བྱེད་པ་ཅན། །གསེར་འགྱུར་རྩི་ཡི་མཆོག་ཏུ་འགྱུར། །གང་དུ་དངོས་པོ་ཡོངས་བསྒྱུར་ནས། །བདེ་བ་ཆེན་པོར་སྤྱོད་པ་ཅན། །མི་རོ་ལུས་ལས་དངོས་གྲུབ་བརྟེན། །ཡེ་ཤེས་རོ་ལངས་དངོས་
གྲུབ་ཡིན། །ཆོས་ཀུན་སྒྲིབ་མེད་རང་གསལ་དུ། །རྒྱུ་འབྲས་མཚན་ཉིད་དོན་སྤྱོད་པས། །ས་འོག་གཏེར་མཐོང་ས་ལེ་བ། །དངས་པའི་ཏིང་འཛིན་ངང་ལས་བྱུང་། །ཏིང་འཛིན་ཡེ་ཤེས་ལོག་རྟོག་ལ། །རྣམ་གཅོད་རལ་གྲིའི་དངོས་གྲུབ་སྟེ། །གར་འདོད་དབང་
Vol. 82 · folio 290b
ཕྱུག་གྲུབ་པའི་རྒྱལ། །འདིར་ནི་རླུང་སེམས་སྦྱངས་པས་འགྲུབ། །དཔག་ཚད་བྱེ་བའི་ཕ་རོལ་དུ། །སྐད་ཅིག་གིས་ཕྱིན་ཉི་ཟེར་ཞོན། །དངོས་པོ་དུ་མའི་སྣང་བ་ལ། །སྒྱུ་མས་སྤྲུལ་པ་ཆེར་སྟོན་པས། །མཆིལ་ལྷམ་དངོས་གྲུབ་ཕྲ་མོ་ཡིན། །རགས་པ་
མཆོག་ནི་མཁའ་ལ་སྤྱོད། །གང་དུ་རིག་པ་འཛིན་པའི་གནས། །མཁའ་ལ་བརྟེན་པའི་ཕོ་བྲང་ལས། །དག་པའི་ཚུལ་གྱུར་ལུས་ཀྱིས་ནི། །ལོངས་སྤྱོད་རྫོགས་པའི་གཞལ་མེད་ལ། །ཁྱད་པར་མཁའ་སྤྱོད་ཞེས་བརྗོད་དོ། །ས་འོག་ལྷ་མིན་ཕུག་སྟོང་
ལས། །གང་དུ་བརྒྱུད་པ་རྙེད་ནས་ནི། །རི་རབ་ལ་ནི་མངོན་འཛེགས་ནས། །གནས་པ་ཐུན་མོང་མཁའ་སྤྱོད་དེ། །གཞན་དུ་རྣལ་འབྱོར་དབང་ཕྱུག་གི། །སྐྱིལ་ཀྲུང་རྡོ་རྗེར་སངས་རྒྱས་པ། །སྙིང་པོ་མི་འགྱུར་འབྱུང་གནས་ཡིན། །གནས་གཞན་ལོངས་སྤྱོད་
འཕགས་པའི་ཡུལ། །རི་རབ་ཞེས་བྱ་མི་ཡི་ལུས། །འབྱུང་བ་བཞིས་ནི་བསྡུས་པ་དག །རིན་ཆེན་སྣ་བཞིའི་རང་བཞིན་ཅན། །སུམ་ཅུ་རྩ་གཉིས་དཀྱིལ་འཁོར་བའི། །ལྷ་ཚོགས་དག་ཏུ་གྱུར་པ་སྟེ། །དེ་ཡི་རྡུལ་ཕྲན་ལུས་ལས་བྱུང་། །དེ་ཉིད་རྟེན་དང་བརྟེན་
པར་བཅས། །དེ་སྙེད་བཅས་པར་ཡང་དག་འབྱུང་། །དུར་ཁྲོད་བརྒྱད་དང་བཅས་པར་ནི། །འཁོར་ཡུག་འཇིག་རྟེན་སྤྲུལ་བདག །གེས་པར་འབྱུང་བ་བསྟན་པ་ཡིན། །དབུགས་རྒྱུ་ཞེས་བྱའི་རིག་པ་ནི། །དུར་ཁྲོད་དུ་ནི་མགོན་པོ་རོལ། །ཕྱི་ནང་
སྤྱོད་པའི་དབྱེ་བ་ཡིས། །ལུས་ཀྱི་གནས་སུ་ཀུན་དུ་རོལ། །མར་མེའི་ཚེ་དང་རབ་འབར་བཅས། །ཆུ་བོའི་རྒྱུན་ནི་འབར་པའོ། །རྩ་ནི་རྒྱས་པ་ཞིག་སྐྱོང་ལ། །རླུང་བཅུ་ཕྱགས་བཅུར་གནས་པ་ལས། །ཕྱོགས་མཚམས་དབྱེ་བས་ཕྱེ་བ་ཡིན། ཤིང་
ནི་རྡོ་རྗེ་ཅན་གྱི་རྩ། །དྲུང་ནི་སྤྲོས་པ་མེད་པ་སྟེ། །བྱང་ཆུབ་འོད་གསལ་ཞེས་བྱ་བ། །རྩ་ནི་དབུ་མ་ཉིད་ལས་སྟན། །རྟེན་དང་བརྟེན་པར་བཅས་པ་དང་། །སྲིད་ཞི་མཉམ་པར་སྤྱོད་པའོ། །འགྲོ་བ་ཀུན་ལ་ཁྱབ་པ་ཡི། །བླ་མེད་བྱང་ཆུབ་སེམས་ཀྱི་མཐུས། །ཞེ་སྡང་
Vol. 82 · folio 291a
གི་ནི་གཉེན་པོ་ཆེས། །ཁྱབ་འཇུག་འདུལ་བར་མཛད་པའོ། །བདག་ཉིད་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་ལྷ་རུ་གསལ་བ་ལས། །འདོད་ཆགས་རྟོག་པ་དང་བྲལ་བའི། །དབང་ཕྱུག་ཆེན་པོ་འདུལ་བའོ། །ཐ་མལ་རྟོག་པ་དག་ནས་ནི། །
ཞེན་མེད་སྐུ་རུ་གནས་པ་ཡིས། །ཚངས་པའི་རྒྱལ་པོ་འདུལ་བྱེད་པ། །གཏི་མུག་དག་པའི་ངོ་བོ་ཉིད། །རྡོ་རྗེ་ར་བ་ལ་སོགས་པས། །བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །ངེས་པར་འདུལ་མཛད་བསྲུང་བ་ཆེ། །བཀའ་ཡི་འཁོར་ལོ་བསྟན་པ་ཡིན། །ཚད་མེད་བཞི་ནི་གོམས་པ་
ཡི། །ཡེ་ཤེས་མཐུ་ཡིས་སྐར་མདའ་གཏོང་། །འདི་ཡིས་དགའ་རབ་དབང་ཕྱུག་ནི། །ཕྲག་དོག་བཅོམ་པས་དེ་བཞིན་གཤེགས། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །གསང་བ་འདིར་ནི་མངོན་བརྗོད་པས། །འདིར་ནི་སྐྱེས་བུ་གང་འཇུག་པ། །བློ་གྲོས་ལྡན་
པས་ཆོས་འབྱུང་བའི། །ཀུན་དུ་བཟང་པོ་ངེས་པར་ནི། །འགྲོ་བའི་དོན་དུ་བསྟན་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་ལས་
ཕྲན་ཚེགས་བསྟན་པ་དང་སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་དགུ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། །སངས་རྒྱས་ཀུན་བདག་མཆོག་མཁྱེན་པས། །གསང་བའི་ཡེ་ཤེས་བཀའ་སྩལ་ཏོ། །ནམ་
མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །དཀྱིལ་འཁོར་འཁོར་ལོ་བསམ་པ་ཡིས། །དཀྱིལ་འཁོར་གྱི་ནི་ངོས་རེ་ཞིང་། །དཔག་ཚད་རེ་ལ་ཆ་ཆེན་ཏེ། །ཉི་ཤུ་རྩ་ལྔའི་དབྱེ་བ་
ཡིས། །ལོགས་རེ་ལ་ནི་གནས་པ་སྟེ། །དཔལ་ལྡན་འདུས་པའི་དཔལ་མཆོག་ལས། །རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེ། །རྣམ་པར་མཁས་པར་རྟག་པར་ཡང་། །རིགས་རྣམས་རབ་ཏུ་དགོད་བྱ་བ། །སངས་རྒྱས་དང་ནི་ལྷ་མོ་དང་། །བྱང་ཆུབ་
Vol. 82 · folio 291b
སེམས་དཔའི་དཀྱིལ་འཁོར་བ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དང་། །ཁྲོ་བོའི་རྒྱལ་པོ་བཞིར་བཅས་པའི། །སོ་སོའི་དབུ་མས་གྱུར་པ་ཡི། །འདུས་པའི་དཀྱིལ་འཁོར་དགོད་པར་བྱ། །རེ་རེ་ཞིང་དུ་རིགས་ཀྱི་བདག །གསང་བ་རིགས་ཀྱི་བདག་
པོ་ཡིས། །རྒྱས་གདབ་དཀྱིལ་འཁོར་ཁྱད་པར་བྱ། །ལྷ་རྣམས་ཁྱམས་ལ་དགོས་པ་ནི། །ཁྲོ་བོ་དྲུག་དང་བཅས་པ་ཡི། །དཀྱིལ་འཁོར་གཉིས་ལས་བསྡུས་པ་ཡི། །ཚངས་པ་དང་ནི་གསང་འཛིན་གྱིས། །དཀྱིལ་འཁོར་ཡང་དག་འབྱུང་བས་
ན། །སུམ་ཅུ་རྩ་གསུམ་བརྗོད་པའོ། །དེ་བཞིན་གཤེགས་པ་སྟོང་དག་ནི། །དབུས་སུ་ཉེ་བར་གཟིགས་པ་གང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་འབར་བས་ཁྱབ་པ་དང་། །དེ་བཞིན་གཤེགས་པའི་འཁོར་ལོ་ནི། །ཕྱོགས་བཞིར་ཁྱབ་པར་གནས་
པ་སྟེ། །ཤིན་ཏུ་རྒྱ་ཆེའི་རྣམ་མ་ཡིས། །དཔག་ཚད་བྱེད་བའི་ཁྱོན་ཙམ་དུ། །གྲུ་བའི་ཤིན་ཏུ་གསལ་བ་ཡི། །མཛེས་བ་རྟ་བས་དང་ལྡན་པའི། །ཡོངས་སུ་རྫོགས་པའི་ཕོ་བྲང་ལས། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །འོད་ཟེར་ཕྲེང་བས་རྣམ་བརྒྱན་པ།།
གསལ་ཞིང་རང་བཞིན་དྲི་མ་མེད། །དམ་པའི་རིགས་ནི་བརྒྱལ་སོགས། །གསང་བ་རབ་ཏུ་མཆོད་པའི་ཕྱིར། །ཤེས་རབ་ཅན་ཀྱིས་གནས་སུ་བསམ། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །དེ་ལ་མཆོད་པ་རྒྱ་མཚོ་དབུལ། །དེ་ཉིད་ཕྱི་ནང་གསང་བ་ཡི། །རིམ་
པས་རབ་ཏུ་ཕྱེ་བ་ཡི། །ཕྱོགས་དང་དུས་ཀྱིས་གནས་པ་ཡི། །ལྷ་མོ་དྲུག་བརྒྱ་བདུན་ཅུ་དང་། །རྩ་ལྔ་ཡི་ནི་མཆོད་པ་ཉིད། །ངེས་པར་བསྡུས་པས་ཉིས་འགྱུར་དུ། །རིན་ཆེན་ན་བཟའ་ལ་སོགས་པས། །བྱང་ཆུབ་འདོད་པས་རྟག་ཏུ་མཆོད། །ཡེ་ཤེས་རྒྱ་མཚོ་
དུས་གསུམ་གྱི། །གནས་དེ་ཡིན་པར་རྣམ་པར་བསམ། །བདག་ནི་ཐུགས་ཀའི་ས་བོན་ལས། །འཆོད་པའི་སྤྲིན་རྣམས་སྤྲོས་ནས་ནི། །ཉེ་བར་གསང་བའི་རིམ་པ་ཡིས། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །རྟག་ཏུ་ལུས་ཀྱི་ལྷ་རྣམས་མཆོད། །དེ་ནས་དེ་ཉིད་འདུས་པ་ཡི། །
Vol. 82 · folio 292a
སྙིང་པོ་བསྐུལ་བ་བརྗོད་པར་བྱ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི། །ཁམས་ཀྱི་སངས་རྒྱས་ཐམས་ཅད་ཀུན། །སོ་སོའི་འཁོར་གྱི་དཀྱིལ་འཁོར་དུ། །དཔག་མེད་བྱེ་བ་ལ་གནས་ཏེ། །ཡེ་ཤེས་མངོན་པར་བརྩོན་གྱུར་ལ། །མི་ཟད་
ཁམས་ཀྱི་ཡེ་ཤེས་ལས། །འདོད་ཡོན་སྒྱུ་མར་རོལ་པ་ཡིས། །ཡོངས་སུ་སྤྱད་པ་སྤྱོད་བྱེད་པ། །དེ་ཉིད་རྣམ་པར་མི་རྟོག་པས། །བསྐུལ་བ་མེད་པས་མི་གཡོར་བཞུགས། །གང་དུ་གསང་བ་ལ་སྤྱོད་པའི། །རིག་འཛིན་མངོན་པར་བརྩོན་གྱུར་ལ། །སྤྱན་རས་
ཀྱིས་ནི་མི་གཟིགས་ཏེ། །གང་དུ་མངོན་པར་མི་འཚོ་ལ། །ཀྱེ་མ་རིགས་ཀྱི་བུ་འདི་དག །གསང་བ་དེ་བཞིན་གཤེགས་པ་ཡི། །གསང་ཆེན་སྤྱོད་པའི་ཚུལ་གནས་ལ། །ཡོངས་སུ་རྫོགས་པར་གྱུར་ཏེ་ཞེས། །སྦྱོང་པ་མེད་ཕྱིར་རྒྱུ་འདི་རུ། །སྙིང་པོ་རབ་ཏུ་
བསྐུལ་བར་བྱ། །གང་དུ་མི་མཛེད་ལ་སོགས་པ། །བྱེ་བ་ཕྲག་ནི་བརྒྱར་གནས་པའི། །སངས་རྒྱས་ཆོས་འཛིན་རྒྱལ་པོ་ནི། །སྤྲུལ་བའི་སྐུར་ནི་གྱུ་པ་ཡི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ། །དམིགས་པ་ཚིག་གི་ལམ་བརྗོད་པས། །གསང་སྔགས་མཆོག་གི་
སྙིང་པོ་ཡི། །སྙིང་པོར་རབ་ཏུ་གསང་བ་གསུངས། །གཟུགས་ཀྱི་ཁམས་ཉིད་ཨོཾ་དུ་བསྡུ། །འདོད་ཁམས་ཀྱི་ནི་ཨཱ་ལས་ཏེ། །གཟུགས་མེད་ཧཱུྃ་དུ་བརྗོད་པར་བྱ། །ཁམས་གསུམ་བདག་ཉིད་གཅིག་བའི་ངང་། །མཆོག་གི་ཁྱད་པར་གསང་བ་ཡི། །
སྙིང་པོ་བསྐུལ་བ་ཉིད་ཡིན་ནོ། །རྒྱལ་པ་དེ་བཞིན་གཤེགས་པ་ཡི། །དཀྱིལ་འཁོར་གསང་བའི་འབྱུང་གནས་ཉིད། །སྐུ་གསུང་ཐུགས་ནི་རོ་གཅིག་ཏུ། །དམ་ཚིག་ལ་ནི་དམིགས་པར་གསུངས། །སྤྱོད་ཡུལ་བྱུང་བ་ཨོཾ་ཡིན་ཏེ། །དམིགས་པ་
མེད་པ་ཨཱཿཡིན་ནོ། །མི་ཤིགས་ཧཱུྃ་དུ་གྱུར་པའི་ཕྱིར། །ཐ་དད་མེད་པའི་སྤྱོད་པའོ། །འདི་ནི་ལོངས་སྤྱོད་རྫོགས་སྐུ་ཡི། །སྙིང་པོ་མཆོག་ཏུ་བསྐུལ་བར་གསུངས། །གསང་བ་རིགས་ཀུན་བདག་པོ་ཡི། །རྡོ་རྗེ་འཛིན་པའི་རྒྱལ་པོ་ལ། །མི་གཡོག་ནས་
Vol. 82 · folio 292b
མེད་རྟག་པ་ལས། །གཅིག་ཏུ་གྱུར་བྱེད་དོན་དུ་ནི། །གསང་བ་སྐུ་ཡི་ངོ་བོ་ཨོཾ། །དྲི་མེད་འབྱུང་བ་སྐྱེ་མེད་ཨཱཿ། །རྟོག་མེད་སྟོང་ཉིད་ཡེ་ཤེས་ཧཱུྃ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །མི་ཕྱེད་གཅིག་གྱུར་ལམ་འདི་ལས། །རྒྱུན་མི་འཆད་དུ་བསྐུལ་
གྱུར་ན། །ཞག་བདུན་གྱིས་ནི་ཉེར་འགྲུབ་སྟེ། །དམ་པའི་རིགས་ནི་བརྒྱ་དག་གིས། །ཐུན་མོང་མ་ཡིན་གནས་པའོ། །ཡེ་ཤེས་ཡོངས་སུ་དག་པའི་གནས། །སྐུ་ཡི་སྙིང་པོ་རབ་ཏུ་བསྐུལ། །རང་གི་དཀྱིལ་འཁོར་བྱེ་བྲག་ཏུ། །རང་གི་རྡོ་རྗེ་
འཛིན་པ་ཡིས། །མ་འདྲེས་དག་པར་བསྐྱེས་པ་ལས། །རྣམ་པར་སྣང་བར་སྟོན་པའོ། །དེ་ཉིད་རིགས་ནི་ལྔ་དག་གི། །རྣལ་འབྱོར་ཡོངས་སུ་སྤྱོད་པ་ལས། །བླ་མེད་ཕྱག་རྒྱ་ཆེན་པོའི་གནས། །གསུང་གི་སྙིང་པོ་བསྐུལ་གྱུར་པས། །ཚད་མེད་
བྱང་ཆུབ་དང་ལས་བསྐུལ། །འདི་ནི་དམ་ཚིག་ཆེན་པོ་ཡིན། །མཆོག་ཏུ་གསང་བ་བདག་མེད་པས། །ས་གསུམ་དུ་ནི་ཁྱབ་པ་ཡིས། །བདེ་བ་ལྷན་ཅིག་སྐྱེས་པར་བསྐུལ། །དེ་ཉིད་དབྱེར་མེད་སྒྱུ་མའི་ལམ། །ཡི་གེ་མཆོག་གྱུར་གཅིག་བ་ལས། །རླུང་
སེམས་གཉིས་སུ་མེད་པར་ནི། །ཐུགས་ཀྱི་སྙིང་པོ་མཆོག་ཏུ་བསྐུལ། །གང་དུ་ལྷག་པའི་ལྷར་གྱུར་ཅིང་། །རྡོ་རྗེ་འཛིན་པར་གནས་པ་ལས། །འོད་ཟེར་ལྕགས་ཀྱུ་མ་འདྲེས་པ། །ཉི་ཤུ་རྩ་ལྔས་སྤྲོས་པ་ལས། །བསམ་གཏན་ཏིང་འཛིན་ཉེར་སྤྱོད་པ། །
སྤྱི་བོ་ནས་ནི་བསྐུལ་བར་མཛད། །འདི་ཉིད་དྲི་མེད་དབྱངས་གྱུར་པ། །འོད་ཟེར་ཁ་དོག་ལྔ་དག་གིས། །གསུང་གི་སྒོ་ནས་བསྐུལ་བ་གང་། ཡེ་ཤེས་སྤྲིན་ནི་འཕྲོ་བྱེད་པའོ། །འདིར་ནི་རྣལ་འབྱོར་དབང་ཕྱུག་གིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ཁྱད་པར་
ཐུགས་ལས་བསྐུལ་གྱུར་པ། །ས་གསུམ་དུ་ནི་ཁྱབ་བྱེད་ཡིན། །མི་ཕྱེད་རྡོ་རྗེ་སེམས་དཔའ་ནི། དངོས་གྲུབ་ཀུན་གྱི་གཏེར་གྱུར་ཕྱིན། །གྲུབ་བའི་རྡོ་རྗེ་འབར་བ་ཡིས། །ཐམས་ཅད་རོ་མཉམ་དང་དུ་བསྐུལ། །གང་དུ་རྣལ་འབྱོར་མཆོག་འདོད་པས། །རྡོ་རྗེ་དང་ནི་བྷ་ག་
Vol. 82 · folio 293a
དག །ཐབས་དང་ཤེས་རབ་ཚུལ་དག་ཏུ། །མཉམས་པར་སྦྱར་བའི་དབང་པོ་ཡིས། །སྙོམས་པར་ཞུགས་བའི་བདེ་ཐོབ་པས། །ཟླ་བ་དང་ནི་ཉི་མ་དག །རྩ་གཉིས་འདུས་པར་དབུ་མར་ནི། །གཅིག་ཏུ་གྱུར་པའི་དངོས་པོ་ཡིས། །སྲོག་རྩོལ་གཉིས་ཀྱི་
རླུང་དག་པ་དང་། །ཨེ་བྃ་ཁ་སྦྱོར་སྦྱར་བ་གང་། །དེས་ནི་ཆོས་ཀུན་མ་ལུས་ལ། །ཡོངས་སུ་རྒྱས་གདབ་གྱུར་པ་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་སྔགས་དམ་ཚིག་ཏིང་འཛིན་ཡིན། །རྡོ་རྗེ་འཛིན་པའི་དཀྱིལ་འཁོར་མ་ལུས་བའི་སྙིང་པོ་རབ་ཏུ་བསྐུར་
བ་བསྟན་པའི་ཏིང་ངེ་འཛིན་ཏོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །མི་ཕྱེ་ཡེ་ཤེས་རབ་བསྒྲུབ་པས། །འདུས་པའི་འཁོར་གྱི་དཀྱིལ་འཁོར་དུ། ཡང་དག་ཡེ་ཤེས་འདི་གསུངས་སོ། །འདོད་ཁམས་དབང་ཕྱུག་འཇིག་རྟེན་ན། །གོ་འཕང་ལ་ནི་བྱེད་འགྱུར་བ། །
དབང་དང་དེ་བཞིན་དགུག་པ་དང་། །བསྐྲད་དང་གསད་པ་ཉིད་དང་ནི། །རྨུགས་བྱེད་རེངས་བྱེད་རྨོངས་བྱེད་པ། །ཚིག་འཕྲོག་བྱ་དང་བརྒྱལ་བ་དང་། །སྣ་ཚོགས་གཟུགས་སུ་སྒྱུར་བ་དང་། །གཞོགས་སྐམས་བྱེད་དང་ནུས་མེད་དུ། །བྱེད་པ་ལས་ཀྱི་ཆོ་ག་ཡིན། །
འདི་དག་ཉེར་འགྲུབ་ཚུལ་འདི་ནི། །རྒྱུ་དང་མཚན་མ་ཐབས་དང་ནི། །ལས་དང་སྤྱོད་ཚུལ་རིམ་པ་སྟེ། །ཕྱག་རྒྱ་རིག་སྔགས་འཁྲུལ་འཁོར་ཏེ། །ལྟས་དང་ངེས་པར་ཟློག་པར་བྱེད། །རྣལ་འབྱོར་པས་ནི་གྲུབ་དཀྱིལ་འཁོར། །ཡེ་ཤེས་ཕྲིན་ལས་བསྟན་པའོ། །འདི་
གྲུབ་པ་ཡི་ངེས་པ་ཡང་། །རྡོ་རྗེ་སློབ་དཔོན་དག་གིས་ནི། །རྗེས་སུ་གནང་བ་བྱིན་པ་དང་། །དབང་གི་དུས་སུ་ཕྲིན་ལས་ཀྱི། །རིག་པའི་བརྟུལ་ཞུགས་ཐོབ་བས་འབྱུང་། །ལམ་དུ་ལྷག་པའི་ལྷ་ཡིས་ནི། །བརྟན་པས་བྱིན་གྱིས་བརླབ་པ་དང་། །རིག་
སྔགས་ཕྲེང་པ་འཛིན་པ་ལས། །གྲགས་བཤད་པ་ལས་བདུན་འགྱུར་དུ། །བསྙེན་པ་ཉེ་བར་གྲུབ་པར་འགྱུར། །ཁ་ཅག་ཕྲན་ཚེགས་ལས་རྣམས་ལས། །བཞི་འགྱུར་བསམ་གཏན་ལྡན་པས་འགྲུབ། །རླུང་གི་ནུས་པ་བརྟན་པ་དང་། །ལྟ་སྟངས་ཐོགས་
Vol. 82 · folio 293b
མེད་འབྱུང་བ་ཡི། །ཉེ་བར་འཚེ་བའི་གནོད་པ་དག །བལྟས་པ་ཙམ་གྱིས་ཞི་བ་ཡི། །རང་སེམས་གཉུག་མའི་ཤོས་པ་ལ། །དབང་ཐོབ་རྡོ་རྗེའི་སྟོབས་གྱུར་པས། །འབྱུང་བའི་སྐྱེ་མཆེད་ཟིལ་ནོན་ཕྱིར། །ལས་ཚོགས་ཐམས་ཅད་ངེས་བར་འགྲུབ། །
བྱང་ཆུབ་སེམས་ནི་རྗེས་དྲན་ཞིང་། །ཕ་རོལ་གནོད་བྱེད་གྱུར་པ་ཡི། །སྲིན་མོ་ཤ་ཟ་གཏུམ་མོ་དང་། །འབྱུང་པོ་དག་གིས་གནོད་པར་བཅས། །དེ་དག་ཀུན་ལ་དཔའ་པོ་ཡི། །རྡོ་རྗེ་སེམས་ཀྱིས་རབ་སྦྱར་ན། །གནོད་པར་ནུས་པ་མ་ཡིན་ཏེ། །མེ་དང་
ཆུ་དང་གཅན་གཟན་དང་། །རྒྱལ་པོའི་ཆད་པ་མི་རྒོད་དང་། །སེང་གེ་གླང་པོ་སྲིན་པོ་སྟེ། །འཇིགས་པ་བརྒྱད་སོགས་མི་འབྱུང་བྱེད། །སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །
ཞལ་གསུམ་ཕྱག་དྲུག་སྦྲུལ་གྱིས་བརྒྱན། །སྐུ་མདོག་ནག་པོ་འབར་བའི་སྐུ། །རང་གི་ཡུམ་དང་གཉིས་མེད་པ། །རང་གི་འཁོར་ལོའི་དབུས་གནས་པས། །ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདིས་ནི་རྡོ་རྗེ་ཅན་གྱི་བཀའ། །དཀྱིལ་འཁོར་ཀུན་གྱི་ལས་
རྣམས་ལ། །མ་ལུས་འགྲུབ་པར་བྱེད་པ་ཡི། །གསང་བ་ཉེ་བར་འགྲུབ་པ་ཡིན། །དེ་ནས་བཅོམ་ལྡན་དམ་ཚིག་ཆེ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཁྲོ་བོའི་ཚོགས་རྣམས་མ་ལུས་པ། །ཀུན་དུ་སྐྲག་པར་བྱེད་པ་ཡི། །
རྡོ་རྗེ་ཁྲོ་བོ་འཇིགས་བྱེད་པ། །ཉིད་ཀྱི་སྐུ་གསུང་ཐུགས་ལས་ཕྱུང་། །ཁྲོ་བོ་ཐོད་པའི་ཕྲེང་བ་ཅན། །ཁ་དོག་ནག་པོ་འཇིགས་ཆེན་པོ། །བདུད་དང་ལོག་འདྲེན་མ་རུངས་པ། །གང་གིས་གདུལ་དཀའ་འདུལ་མཛད་པ། །མེ་སྲིན་མ་ཧེའི་ཞལ་ཕྱུང་ཞིང་། །
གཙིགས་པ་ཁྲག་འཛག་ཁ་དོག་དམར། །སྟེང་དུ་མངོན་པར་ཕྱུང་བ་དང་། །དབང་ཕྱུག་བརྒྱད་དང་ལྡན་པའི་སྐུ། །རིགས་ཀྱི་ཞལ་དྲུག་འབར་བ་མངའ། །བཅུ་དྲུག་ཞབས་ཀྱིས་གཤིན་རྗེ་གནོན། །དེ་ཕྱིར་འཇིགས་བྱེད་ཆེན་པོར་བརྗོད། །ཚངས་པའི་རྒྱལ་
Vol. 82 · folio 294a
པོ་གདུལ་དོན་དུ། །སུམ་ཅུ་རྩ་བཞིའི་ཕྱག་རྒྱ་ཅན། །དབང་ཕྱུག་དྲུག་པོ་གདུལ་བའི་ཕྱིར། །གསང་བ་གྱེན་དུ་བསྒྲེང་བའོ། །ཁྱབ་འཇུག་གདུལ་ཕྱིར་མ་ཧེའི་ཞལ། །སྣ་ཚོགས་རྒྱན་གྱིས་སྤྲས་པ་དང་། །རང་གི་འཁོར་ལོར་དབུས་བཞུགས་
ཚེ། །ལྷ་མོ་རྡོ་རྗེ་བདེ་མ་དང་། །གཉིས་སུ་མེད་པར་གནས་པའོ། །དེ་ཉིད་ཞལ་གཅིག་ཕྱག་གཉིས་མ། །གྲི་གུག་ཐོད་པ་འཛིན་པ་ཡིས། །ལྗོན་ཤིང་འཛེག་ལྟར་སྦྱོར་བར་མཛད། །གསང་སྔགས་རྒྱལ་པོ་འདི་ཡིས་ནི། །བསམ་གྱིས་མི་ཁྱབ་གསང་བ་
འགྲུབ། །ཨོཾ་ཧྲཱིཿཥྜཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མེ་ཐབ་དང་ནི་དུར་ཁྲོད་རས། །གསལ་ཤིང་བསྐྱོན་དང་རྡོ་རྗེ་ཡི། །ཐོབ་རྡོ་རྗེའི་སྦྱོར་བ་དང་། །རྡོ་རྗེ་དགྲ་སྟ་ཐོད་ཚལ་དང་། །རླུང་གིས་ཁྱེར་བའི་རས་དག་གིས། །འདུས་པར་དགུག་དང་ངེས་སྟེར་བ། །
གསད་དང་རབ་ཏུ་བརྡུང་བ་དང་། །རྣམ་པར་མནན་དང་ཤིན་ཏུ་གསད། །ཆུ་བོ་བཟློག་དང་རླུང་བཅིང་བ། །ལས་ཀྱི་སྦྱོར་བ་བསྟན་པ་ནི། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །དེ་ལས་གཞན་དུ་གྱུར་པ་ཡི། །ལས་ཀྱི་སྦྱོར་བ་སྣ་ཚོགས་པ། །འདིར་ནི་མི་འགྲུབ་
གང་ཡང་མེད། །དེ་ལྟར་ཚར་བཅད་ལས་མཛད་ཅིང་། །ཐུགས་རྗེས་ཉེ་བར་མི་གཏོང་ཕྱིར། །ཞི་བའི་ཞལ་ནི་སྤྱི་གཙུག་ནས། །ཀུན་ནས་ནོར་བུའི་སྙིང་པོར་མཛད། །རྡོ་རྗེ་ཁྲོ་བོ་རབ་ཏུ་འབར་བ་དཀྱིལ་འཁོར་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལས་ཡང་དག་བསྟན་པའོ། །
གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དག་དང་། །ཚན་དོ་ཉེ་བའི་ཚན་དོ་དང་། །འདུ་ས་ཉེ་བའི་འདུ་ས་དང་། །འཐུང་གཅོད་ཉེ་བའི་འཐུང་གཅོད་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་དང་། །ཕྱི་ནང་བསླབ་པའི་ཚུལ་དག་གིས། །ས་ནི་བཅུ་གཉིས་
ཚུལ་དུ་བརྗོད། །གནས་ནི་སུམ་ཅུ་རྩ་གཉིས་སུ། །ཆོས་རྣམས་རྨི་ལམ་ཚུལ་འཆར་བ། །མི་སློབ་ཟུང་འཇུག་ཐོབ་བྱེད་ཕྱིར། །སྒྱུ་མ་ལྟ་བུའི་ཚུལ་དུ་འབྱུང་། །དེ་ཉིད་རིམ་པ་ཤེས་པར་བྱ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ཡན་ལག་བཅུ་གཉིས་དག་གྱུར་
Vol. 82 · folio 294b
པ། །ཚུལ་འདི་རྟོགས་པར་བསྟན་པའོ། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག །རིག་པ་དག་པས་སྐུ་རྡོ་རྗེ། །ཚོར་བ་སྲེད་པ་ལེན་པ་དག །མི་དམིགས་གསུང་གི་རྡོ་རྗེར་དག །སྲིད་པ་སྐྱེ་བ་རྒ་ཤི་རྣམས། །རྡོ་རྗེ་ཐུགས་ཀྱིས་དག་བྱེད་པའོ། །མ་
རིག་པ་དང་འདུ་བྱེད་དང་། །རྣམ་པར་ཤེས་པ་རྣམ་པ་གསུམ། །ཡེ་ཤེས་དག་པའི་ངོ་བོ་ཉིད། །དབྱེར་མེད་རང་འབྱུང་ངོ་བོར་གྱུར། །རྟོག་པ་མེད་པར་བདེ་བའི་རོ། །སྣང་བ་ངོས་བཟུང་མེད་པ་ཡི། །གཉིས་མེད་བདེ་བའི་རྣམ་པར་སྣང་། །བཅོམ་
ལྡན་ཡེ་ཤེས་སྐུ་གཅིག་ཏུ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ཡེ་ཤེས་རྡོ་རྗེ་རང་བྱུང་བའི། །དེ་ཉིད་དང་ལས་སྤྲུལ་པ་སྟེ། །སངས་རྒྱས་ཆོས་ཉིད་དག་པ་འདི། །རྒྱུ་དང་འབྲས་བུའི་སྣང་བ་ལ། །མི་འགག་
ལམ་ནི་མངོན་གྱུར་ཅིང་། །གསང་བ་རྫོགས་པའི་ལམ་དག་པས། །ཡང་དག་ཡེ་ཤེས་འབྱུང་བར་གནས། །འདི་དག་སངས་རྒྱས་སྐྱེས་བུ་སྟེ། །སྔགས་ཀྱི་རིག་པ་ཞེས་བསྒྲགས་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དམ་ཚིག་དག་གིས་
རྫོགས་གྱུར་བ། །གསང་བ་ཆེན་པོའི་ལམ་གྱུར་ནི། །སྔགས་ཀྱི་རིམ་པ་ཡན་ལག་བཞིས། །ལམ་གྱི་སྤྱོད་པའི་ཚུལ་མཆོག་གིས། །ཚེ་གཅིག་གིས་ནི་བྱང་ཆུབ་འཐོབ། །གསང་བའི་པདྨར་ཉི་མ་འཁྱིལ། །མཛོད་སྤུའི་གནས་སུ་བདུད་རྩི་ཡི། །ཟླ་བ་
སངས་རྒྱས་ཀུན་གྱི་ཉ། །སྲིད་དང་མྱ་ངན་འདས་ལས་གྲོལ། །གང་དུ་རྡོ་རྗེའི་དཀྱིལ་འཁོར་ལས། །ཞི་བར་བྱེད་པའི་རྣལ་འབྱོར་ནི། །མཱ་མ་ཀཱི་དང་གཉིས་མེད་པས། །ཚད་མེད་བུམ་པ་བཟང་པོ་འཐོབ། །རིན་ཆེན་ནོར་བུའི་དཀྱིལ་འཁོར་ལས། །རྣལ་འབྱོར་
རྒྱས་པའི་འཕེལ་བྱེད་པ། །སངས་རྒྱས་སྤྱན་གྱི་སྦྱོར་བ་ཡིས། །དཔག་བསམ་ཤིང་ཆེན་རབ་གྲུབ་པའོ། །པདྨ་འབར་བའི་དཀྱིལ་འཁོར་ལས། །སྔགས་པས་ཆགས་མེད་དབང་སྡུད་པ། །གོས་དཀར་ལྷ་མོ་ཡེ་ཤེས་ཆེ། །འདོད་འཇོའི་བ་ལྟར་རབ་གྲུབ་བྱེད། །རལ་
Vol. 82 · folio 295a
གྲི་འབར་བའི་དཀྱིལ་འཁོར་ལས། །གང་དུ་སྣ་ཚོགས་ཕྲིན་ལས་སྤྱོད། །རྡོ་རྗེ་སྒྲོལ་མའི་ཁྱད་པར་ལས། །ཅང་ཤེས་རྟ་ཡི་སྟོབས་ཀྱིས་བགྲོད། །འཁོར་ལོ་འབར་བའི་དཀྱིལ་འཁོར་དུ། །ཡེ་ཤེས་དེ་བཞིན་གཤེགས་པའི་རླུང་། །ཆོས་ཀྱི་དབྱིངས་ཀྱི་
དབང་ཕྱུག་མས། །བསམ་འཕེལ་ནོར་བུ་ཐོབ་བྱེད་པའོ། །རྒྱུ་བའི་རླུང་ནི་རབ་ཟིན་པས། །འཇིག་རྟེན་གསུམ་པོ་ཀུན་གྱི་ནི། །གཟུགས་གསུམ་ཕྲ་རགས་མེད་པར་ནི། །བློ་ཡི་ཡུལ་དུ་མཐོང་བར་བྱེད། །རབ་ཏུ་རྒྱུ་བ་རབ་ཟིན་པས། །ཕྱོགས་བཅུ་ཀུན་དུ་
ཁྱབ་གྱུར་པའི། །རྡོ་རྗེ་དྲི་ཡི་བྱེ་བྲག་ཀུན། །མ་ལུས་ཚོར་བར་གྱུར་པ་ཡིན། །མངོན་པར་རྒྱུ་བ་ཟིན་པས་ན། །ས་གསུམ་པོ་ནི་གྲག་པ་ཡིན། །སྒྲ་ཡི་ཚོགས་རྣམས་ཇི་སྙེད་པ། །དེ་ཀུན་དྲུང་ན་གྲག་བཞིན་འབྱུང་། །ཤིན་ཏུ་རྒྱུ་བ་ཟིན་པ་ཡིས། །རྡོ་རྗེ་རོ་ཡི་བྱེ་བྲག་
ཀུན། །མ་ལུས་ལུས་པ་མེད་པ་དག །མྱོངས་འགྱུར་རྡོ་རྗེ་འཛིན་པ་ཀྱེ། །ཡང་དག་རབ་ཏུ་རྒྱུ་བ་ནི། །ཤིན་ཏུ་བརྟན་པ་ཐོབ་པ་ལས། །སྲིད་ཞི་རེག་བྱར་གྱུར་པ་དག །དེ་ཡིས་ངེས་པར་ཚོར་བར་འབྱུང་། །གང་དུ་རྡོ་རྗེ་བརྟན་པ་ལས། །མི་ཕྱེད་སྲོག་ནི་གཅིག་
གྱུར་བ། །དེ་སྙེད་སྙིང་ལས་འོད་འབྱུང་བའི། །བསིལ་ཟེར་རྟ་བདུན་ཆ་མཉམ་པས། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །སྣ་ཚོགས་རྡོ་རྗེ་གར་བཅས་པའི། །ཐབས་དང་ཐབས་ལྡན་བསྐྱོད་པའི་རླུང་། །འདིས་ནི་མཁའ་ལ་རབ་ལྡིང་འགྱུར། །ཉིན་དང་མཚན་མོའི་
ཆ་ལས་ནི། །ཕྱག་རྒྱའི་ཤུ་ཏྲ་ལེན་བྱེད་པ། །གསང་བ་རྡོ་རྗེ་ནང་དུ་ནི། །བདེ་བ་སྐྱེས་པ་ཏིལ་འབྲུ་བཞིན། །དེ་ཉིད་ཡོངས་སུ་དག་པ་ནི། །ཀུན་འདར་མར་ནི་དེ་བཞིན་གཤེགས། །མཁའ་དང་ཐིག་ལེ་སངས་རྒྱས་སྐུ། །རབ་ཏུ་མཐོང་བྱེད་རྣལ་འབྱོར་ཆེ། །
བདེ་བ་ཉམས་པ་མེད་པ་ལས། །བཅུ་དྲུག་ཆ་ཡི་རིན་ཆེན་རྩེ། །རི་རབ་སྟེང་དུ་དབང་པོ་ནི། །ཐུར་བལྟས་སུམ་ཅུ་རྩ་གསུམ་པས། །རི་བོང་འཛིན་ཕྱིར་མི་ལྡོག་པས། །དེ་ཉིད་ཟག་མེད་ཁང་བཟངས་ན། །བདེ་བ་ཆེན་པོར་གནས་གྱུར་པའོ། །ཁམས་རྣམས་
Vol. 82 · folio 295b
ལས་ནི་གྱུར་པ་ཡི། །སྡུད་དང་འབར་དང་སྨིན་པ་དང་། །འདེགས་པ་བརྟན་བྱེད་འཁྲུལ་འཁོར་ལས། །ཟག་བཅས་རླུང་ནི་ལྡོག་པ་དང་། །ཟག་མེད་ཏིང་འཛིན་ཐོབ་པ་ལས། །སྦ་བ་སྦུབས་སུ་ནུབ་པ་དང་། །བརྟན་བྱེད་རྒྱུ་མཐུན་རྟགས་མཐོང་ཕྱིར། །
འཇུག་ཅིང་ལྡོག་པ་མེད་པས་ན། །དབུ་ཡི་གཙུག་ཏོར་དེ་ནས་འབྱུང་། །རང་གི་ངོ་བོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཐམས་ཅད་ཀུན། །སངས་རྒྱས་སྟོང་དང་གཉིས་བཅས་པའི། །རྣམ་འཕྲུལ་ཡེ་ཤེས་ལས་བྱུང་བའོ། །དེ་སྐད་ཅེས་ནི་གསུངས་
པ་དང་། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །ཀུན་དུ་བཟང་པོས་ལེགས་ཐོབ་པ། །གསང་བའི་དོན་ནི་འདི་ཞུས་ཡིན། །གང་དུ་སུམ་ཅུ་རྩ་གཉིས། །གནས་སོགས་དབྱེ་བ་ས་ཡི་ཆ། །དེ་ཉིད་ཉེ་བར་བསྟན་པ་དང་། །སྒྱུ་མའི་དཔེ་ནི་བཅུ་གཉིས་
ལས། །ཆོས་ཉིད་ཇི་ལྟར་རྟོགས་པར་འགྱུར། །རོ་ཧི་ཏ་ལ་སོགས་པ་ཡི། །དུས་སྦྱོར་བཅུ་གཉིས་དག་ལས་ནི། །ཁྱད་པར་ཇི་སྐད་ཐོབ་པའི་ཚུལ། །འདིར་ནི་ཉེ་བར་བསྟན་དུ་གསོལ། །དེ་ཉིད་རྡོ་རྗེ་འཛིན་པ་ཡིས། །ཁྱད་པར་དོན་དུ་བཀའ་སྩལ་པ། །གནས་ནི་
དུ་ལི་ར་ཡར་བརྗོད། །དེ་བཞིན་ཛ་ལན་དྷ་ར་དང་། །ཨཽ་ཌྱན་ཨར་བུ་ཏ་ཉིད་དེ། །རབ་ཏུ་དགའ་བའི་སར་བརྗོད་པའོ། །བ་གླང་བདག་པོ་ཉེར་གནས་ཏེ། །ར་མེ་ཤྭ་རི་ཉིད་དང་ནི། །དེ་བ་ཀོ་ཚ་མཱ་ལ་བ། །དྲི་མ་མེད་པའི་ས་རབ་གནས། །ཀཱ་མ་རཱུ་པ་ཨོ་ཊ་ནི། །ཞིང་
དུ་བརྗོད་པ་ངེས་པ་ཡིན། །འོད་འཕྲོའི་ས་ནི་ཐོབ་པ་བྱེད། །ཏྲི་ཤ་ཀུ་ཎི་ཀོ་ས་ལ། །ཉེ་བའི་ཞིང་སྟེང་ས་བཞི་པ། །ཀ་ལིང་ཀ་དང་ལམ་པ་ཀ །ཚན་དོ་ཧ་སྟེ་ས་ལྔ་པ། །ཀཉྩི་ཧི་མ་ལ་ཡར་ནི། །ཉེ་བའི་ཚན་དོ་སུ་དྲུག་པའོ། །པྲེ་ཏ་པུ་རི་ཁྱིམ་གྱི་ལྷ། །འདུས་པ་
ཅན་ཏེ་ས་བདུན་པ། །སཽ་རཱཥྚྲ་གསེར་གླིང་སྟེ། །ཉེ་བའི་འདུས་པས་བརྒྱད་པ། །ན་ག་ར་དང་སིནྡྷུ་སྟེ། །དུར་ཁྲོད་ས་ནི་དགུ་པ་ཡིན། །མ་རོ་ཀུ་ལུ་ཐ་འདི་དག །ཉེ་བའི་དུར་ཁྲོད་ས་བཅུ་པ། །ཆོས་ཀྱི་སྤྲིན་དུ་མངོན་པར་བརྗོད། །ཀོང་ཁ་ན་དང་ཁ་བའི་རི། །ཙ་རི་ཏྲ་དང་
Vol. 82 · folio 296a
ཀཾ་པོ་ཙེ། །འཐུང་གཅོད་ས་ནི་བཅུ་གཅིག་པ། །ཧ་རི་ཀེ་ལ་ཏཾ་བྷ་ལ། །ཙ་ར་སིང་ཧ་རི་ལྡན་པ། །ནི་རི་ཏི་པའི་གླིང་གྱུར་པ། །ཉེ་བའི་འཐུང་གཅོད་བརྗོད་པར་བྱ། །འདི་དག་ས་ནི་བཅུ་གཉིས་ཏེ། །ཁྱད་པར་འབིགས་བྱེད་གཞོན་ནུའི་གནས། །བཅུ་
གསུམ་པ་ཡི་ས་བརྗོད་ལ། །ཡོངས་སུ་གནས་པ་བདེ་བ་ཆེ། །ཁྱད་པར་གླིང་ནི་བཅུ་གཉིས་སུ། །གསང་བའི་རྒྱུད་རྣམས་བསྟན་པ་ནི། །ཀླ་ཀློའི་གླིང་ནི་བཅུ་གཉིས་སུ། །རྡོ་རྗེ་འཆང་གིས་བསྟན་པ་ཡིན། །ཐམས་ཅད་སྒྱུ་མའི་སྣང་བ་ལས། །ཡང་དག་ཏུ་ནི་སྟོན་
པར་བྱེད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་མེད་ཅིང་གནས་མེད་པས། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ལ་བླ་མེད་བྱོས། །འོན་ཀྱང་སངས་རྒྱས་རིགས་སྐྱེ་
བར། །འདིར་ནི་ཐེ་ཙོམ་ཡོད་མ་ཡིན། །ཆོས་རྣམས་སྤྲུལ་བ་ལྟ་བུ་སྟེ། །དེ་ཉིད་རྗེས་སུ་སྤྱད་པ་ན། །རྣམ་པ་ཀུན་དུ་ཞི་བ་ཡི། །ཚུལ་གནས་ལས་དང་མཉམ་པར་འབྱུང་། །འདི་ཉིད་མཐར་རྟོགས་ཤིན་ཏུ་དབེན། །རྣམ་པར་མི་རྟོག་བྱེ་བྲག་ལས། །ཁྱད་པར་བྱིན་
བརླབས་སྤྲུལ་པ་ཡིས། །དངོས་པོ་རྒྱས་འདེབས་གྱུར་པའོ། །ཆོས་རྣམས་སྒྲ་བརྙན་ལྟ་བུ་སྟེ། །བྲག་ཅ་ལྟ་བུར་རང་སྟོང་ཞིང་། །ཕྱི་ནང་མེད་པའི་རང་བཞིན་གྱིས། །བརྗོད་དུ་མེད་པའི་སྒྲ་རྣམས་ལ། །རྣམ་དག་སྒྲ་མེད་སྒྲར་འཇུག་མེད། །ཆོས་རྣམས་རང་བཞིན་
མེད་པའི་གནས། །མངོན་པར་སྟོན་པའི་ཚུལ་གནས་ཀྱང་། །དེ་ཉིད་སྒྲ་ལ་གནས་པ་མིན། །ཆོས་རྣམས་དྲི་ཟའི་གྲོང་ཁྱེར་ལྟར། །ཕྱི་དང་ནང་དང་བར་དུ་ཡང་། །དངོས་པོ་མེད་དེ་ངེས་པར་སྣང་། །སྒྲོ་སྐུར་མེད་དེ་ཐ་སྙད་འདས། །ཆོས་ཉིད་མངོན་པར་བསྒྲུབ་
དག་པས། །ཚད་མེད་བསླབ་པ་ནུས་མ་ཡིན། །ཆོས་རྣམས་ཆུ་ཟླ་ལྟ་བུར་ནི། །སྣང་བ་ངོས་གཟུང་མེད་པའི་དངོས། །ཡང་དག་གྲུབ་པར་གནས་མེད་དེ། །དེ་ཉིད་ཁྱབ་པས་སྟོང་པའི་སར། །གཟུང་མེད་བཅིང་དང་གྲོལ་མེད་པས། །ཡང་དག་སྣང་བ་འདིར་མཚོན་
Vol. 82 · folio 296b
རྣོ། །ཆོས་རྣམས་སྨིག་རྒྱུ་ལྟ་བུ་སྟེ། །གྲུབ་པ་མེད་པའི་དངོས་པོ་ལས། །དེ་ཉིད་ཆུར་མཐོང་འཁྲུལ་པའི་ལམ། །དེ་ལྟར་སྣ་ཚོགས་སྣང་བ་ཡང་། །གྲུབ་མེད་སྟོང་པའི་སྣང་བ་ལས། །གཞན་མེད་འཁྲུལ་བར་མ་བྱེད་ཅིག །ཆོས་རྣམས་རྨི་ལམ་ལྟ་བུ་
སྟེ། །རྨི་ལམ་དུ་ནི་འཇིག་རྟེན་དང་། །འཇིག་རྟེན་འདས་པ་མ་གྲུབ་སྟེ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །འཕོ་བ་མེད་ཅིང་སྐྱེ་བ་མེད། །ཀུན་ནས་ཉོན་མོངས་རྣམ་བྱེད་མེད། །དེ་ཉིད་མེད་བཞིན་སྣང་བ་ཡང་། །འགག་པ་མེད་པར་འབྱུང་
བའི་ཕྱིར། །རྣམ་དག་གནས་མེད་སྣང་བ་བྲལ། །དེ་ལྟར་ཆོས་ཀུན་རྨི་ལམ་དང་། །ངོ་བོ་ཉིད་གཅིག་ཤེས་བྱ་སྟེ། །རྨི་ལམ་གྱི་ནི་ཚུལ་དུ་ཡང་། །ཀུན་ནས་སྤྱོད་པས་ཁྱབ་པར་བྱ། །དངོས་སྣང་མ་ལུས་ཆོས་ཁྱབ་པ། །ཐམས་ཅད་རྨི་ལམ་རི་མོ་ལྟར། །དངོས་
མེད་སྣང་བར་བ་ཤེས་བྱ། །རྨི་ལམ་གྱི་ངོ་བོ་ཉིད་ཀྱི་ཚུལ་དང་། རྨི་ལམ་ལ་མངོན་པར་ཆགས་པ་སྤོང་བ་དང་། རྨི་ལམ་རབ་ཏུ་དབེན་པར་ཤེས་པ་དང་། རྨི་ལམ་གྱི་རང་བཞིན་ཤེས་པར་བྱ་བ་དང་། ཆོས་ཐམས་ཅད་ལ་རྨི་ལམ་ལྟ་བུར་བྱིན་གྱིས་རློབ་པ་དང་།
ཆོས་ཐམས་ཅད་རྨི་ལམ་དང་ཐ་མི་དད་པར་འཆར་བའི་དོན་དང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་འདུ་ཤེས་སྔོན་དུ་འགྲོ་བ་དང་། རྨི་ལམ་ཉིད་དུང་རྣམ་པར་མི་རྟོག་ཅིང་མི་སྤྱོད་པ་དང་། རྨི་ལམ་གྱི་འཇིག་རྟེན་ཁོག་དུ་ཆུད་པ་ལྟ་བུར་རབ་ཏུ་རྟོགས་པར་བྱ་བ་ཉིད་
ངོ་། །དེ་ཉིད་བླ་མེད་ཚུལ་འདི་རྟོགས་པར་བྱ། འདི་དག་རྨི་ལམ་ལྟ་བུར་ཁོང་ཆུད་ཅིང་། །ཆོས་ཀུན་སྲིད་པ་མ་ལུས་སྣང་བ་ཡང་། །རྨི་ལམ་ངོ་བོ་ཉིད་དུ་རབ་ཏུ་རྟོགས། །འདི་ནི་ཡུལ་དང་ཕྱོགས་ལ་མི་གནས་ཏེ། །རྨི་ལམ་རབ་ཏུ་ཞིལ་དེ་དག་གཞོལ། །རང་བཞིན་
མཁས་ཤིང་རྣམ་པར་རྟོག་མེད་ལྡན། །རྟོགས་པའི་ཡིད་ལྡན་སེམས་ལ་འགྱུར་བ་མེད། །ཀུན་དུ་རྨི་ལམ་ལྟ་བུར་ཤིན་ཏུ་སྤྱོད། །དུས་གསུམ་མ་ལུས་བག་ཆགས་གཟུགས་བརྙན་རྣམས། །ཤིན་ཏུ་ཉེར་འབྱུང་ལུས་འདས་སྦྱང་བར་བྱ། །རྨི་ལམ་སྒྱུ་མ་ལྟ་བུར་རབ་ཤེས་བྱ། །
Vol. 82 · folio 297a
དེ་ལུས་ཤི་མེད་འགྱུར་མེད་སྐྱེ་བ་མེད། །ཕྱོགས་རྣམས་ཀུན་དུ་ཡོད་མིན་མེད་པའང་མིན། །ཁམས་གསུམ་ཐམས་ཅད་རྨི་ལམ་ཚུལ་ལྟ་བུ། །འདི་ལ་རྣམ་པར་རྟོ་མེད་ཚུལ་བྱས་ཤིང་། །ཤིན་ཏུ་མཁས་དེའི་སེམས་ལ་བཅིངས་པ་མེད། །འགྲོ་ཀུན་
རྨི་ལམ་རང་བཞིན་ཚུལ་འདྲལ། །དེ་དག་མི་གནས་འཇིག་རྟེན་ལས་རབ་དབེན། །རྟེན་མེད་མི་རྟོག་འཇིག་རྟེན་རྣམ་རྟོག་མེད། །རྨི་ལམ་ཆོས་རྟོགས་མཁས་པས་སྤྱོད་པ་བྱ། །རྨི་ལམ་འགྲོ་བ་རྣམ་པ་དུ་མ་སྣང་། །ཐ་དད་རྣམ་པ་གཞན་དང་གཞན་དག་ཏུ། །བྱེ་བྲག་
རྣམ་མང་རྟོག་པ་ཡོངས་སུ་སྦྱང་། །དེ་ཉིད་ཚུལ་གྱིས་རྣམ་པ་རབ་ཏུ་རྟོགས། །མཚན་ཉིད་རྣམ་འདས་སྐལ་བ་མཉམ་པ་ཉིད། །གཅིག་ལས་རྣམ་མང་དུ་མར་གང་སྣང་ལྟོས། །རྣམ་བཀོད་རྣམ་པར་འགྲོ་བ་རབ་ཏུ་ཤེས། །ཀུན་ལ་རྨི་ལམ་འདྲ་བའི་ཆོས་ཅན་དང་། །
ཞིང་རྣམས་རྨི་ལམ་ཆོས་རྣམས་རྨི་ལྟར་བྱེད། །ཀུན་ཉོན་མོངས་དང་རྣམ་བྱང་ཚུལ་འདི་ལ། །རབ་ཏུ་རྟོག་མེད་རྨི་ལམ་སྤྱོད་པ་ཡིས། །ཡང་དག་འགྲུབ་པར་འགྱུར་བའི་ལམ་ཡིན་ཏེ། །རྨི་ལམ་སྨོན་ལམ་རྣམ་པས་གནས་མེད་པ། །དེ་ནི་ཆོས་རྣམས་ཀུན་ལ་མི་གནས་
སོ། །ཚུལ་འདི་ལ་ནི་ཅུང་ཟད་བྱེད་གནས་མེད། །འཇིག་རྟེན་འདི་འདྲར་འབྱུང་བ་ཤེས་ཤིང་དག །ཚུལ་རྟོགས་འགྲོ་ཀུན་མི་འཇིགས་ཆོས་ལ་སྦྱོར། །འདིར་སྦྱོང་སྲིད་པ་ཀུན་དུ་ཆུད་མི་ཟ། །རྨི་ལམ་བརྒྱུད་བཞིན་དེ་དག་རབ་ཏུ་ཤེས། །དེ་ཉིད་རྨི་ལམ་མཛད་པས་
སངས་རྒྱས་ཞིང་། །ཡོངས་སུ་སྦྱངས་ཤིང་སེམས་ཅན་སྨིན་བྱེད་ལ། །རྣམ་ཐར་སྒོ་ཐོབ་ཆོས་ཀྱི་འཁོར་ལོ་ཡིས། །ཚད་མེད་ཡེ་ཤེས་གཞལ་མེད་གནས་འདིར་འཐོབ། །ཆོས་ཐམས་ཅད་ལ་རྨི་ལམ་ཡང་དག་པའི་ཏིང་ངེ་འཛིན་མངོན་དུ་བསྟན་པ་སྟེ་མངོན་བར་འབྱུང་
པའོ། །ཆོས་རྣམས་དབང་པོའི་གཞུ་ལྟ་བུར། །རང་བྱུང་དངོས་པོ་མེད་པ་ཡི། །འོད་སྣང་དངོས་པོ་མེད་པ་ཡི། །འོད་སྣང་ལུས་ཀྱིས་སྤྲོས་བ་མེད། །བདེ་བཞི་བའི་གནས་ཞེས་བྱ། །ཆོས་རྣམས་ནམ་མཁའི་སྤྲིན་བཞིན་དུ། །སྟོང་བའི་ངང་ནས་ཀུན་ནས་ལྡང་། །རླུང་ལས་ཡང་དག་འབྱུང་བའི་
Vol. 82 · folio 297b
ཕྱིར། །ཉེར་ལེན་རང་སར་གྲོལ་བའི་གནས། །ཆོས་རྣམས་བར་སྣང་གློག་བཞིན་དུ། །རང་རིག་ཡིད་ཀྱི་རྣམ་ཤེས་ཀྱིས། །ཀུན་དུ་ཁྱབ་པར་རྒྱུ་བ་ནི། །རྩ་བ་ལས་རླུང་དག་པར་བྱ། །ཆོས་ཀུན་ཆུ་ཡི་ཆུ་བུར་ནི། །རྒྱ་མཚོ་ལས་བྱུང་ཇི་བཞིན་པར། །
ཆོས་ཉིད་སྣ་ཚོགས་རྒྱ་མཚོ་ལས། །རྟོག་པའི་དྲ་བ་དག་པར་བྱ། །ཆོས་རྣམས་སྒྱུ་མ་ལྟ་བུར་འཆར་བ་ཡང་། །གང་དུ་རླུང་སེམས་གཅིག་ཏུ་མ་དག་ན། །འཁྲུལ་པ་སྒྱུ་མ་ལྟ་བུར་དངོས་ལ་ཞེན། །དེ་ཉིད་སྲིད་པ་ཀུན་དུ་སྟོན་པ་ཡིན། །དེ་ཉིད་དག་པས་སྣང་
བའི་མངོན་ཞེན་བྲལ། །རྟོག་པ་ལོག་པས་བརྟན་གཡོ་སྒྱུ་མར་འཆར། །དངོས་རྣམས་ཀུན་ལ་ཆགས་པ་མེད་པ་ནི། །རྣམ་པ་སྣ་ཚོགས་སྒྱུ་མའི་ཚུལ་ཤེས་ཕྱིར། །སྒྱུ་མར་བཞི་སྤྲོས་པ་མེད་པ་སྟེ། །གནས་མེད་ཆོས་ཀྱི་དབྱིངས་ལ་དེ་གནས་བྱེད། །ཆོས་
རྣམས་ཀུན་དག་སྒྱུ་མ་ཐ་དད་མེད། །དབྱེ་བ་རྡུལ་ཙམ་དུ་ནི་དམིགས་མི་འགྱུར། །རང་ལུས་སྒྱུ་མའི་རྣམ་པར་རབ་ཤེས་པས། །འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །ཐམས་ཅད་གཟུགས་ནི་སྒྱུ་མའི་སྣང་བ་ལས། །མཁས་པ་སུ་དག་དེ་ལས་གཞན་དུ་སྤྱོད། །
དེ་ལྟར་སྒྱུ་མ་ཆགས་མེད་སྣ་ཚོགས་པའི། །གནས་ཀྱི་དབང་ཕྱུག་དེ་ལ་ཞེན་མི་བྱེད། །འཇིག་རྟེན་དངོས་དང་དངོས་མེད་གང་གནས་པ། །སྒྱུ་མའི་ཚུལ་གྱིས་གནས་པ་མེད་པར་གནས། །སྒྱུ་མ་ཉིད་དུ་ཡང་དག་རབ་གྲོལ་བས། །དེ་བཞིན་ཉིད་ལ་མཉམ་པར་གཞག་
བ་དང་། །རྗེས་ཐོབ་གཉིས་མེད་སྒོམ་དང་བསྒོམ་བྱ་བྲལ། །སེམས་མེད་དེ་ལ་སེམས་ལས་གཞན་པའི་ཆོས། །འཇིག་རྟེན་ཐ་སྙད་ཙམ་དུའང་མི་བརྗོད་དེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་སྒྱུ་མའི་སྐུ། །སྐྱེ་མེད་ནམ་མཁའི་སྒྱུ་མ་འདི་ལ་ལྟོས། །ཐམས་ཅད་སྟོང་ཉིད་གཟུགས་
ཀྱི་གླང་པོ་དང་། །ཤིང་རྟ་མ་ཧེ་འཁོར་ལོས་སྒྱུར་རྒྱལ་གྱི། །རིན་ཆེན་བདུན་དང་དཔུང་ཆེན་ཐམས་ཅད་ཀུན། །སྒྱུ་མའི་གཟུགས་ཉིད་དེ་ཡི་འབྲས་བུ་ལས། །གང་དུ་འབྱུང་ཞིང་གང་དུའང་སོང་བ་མེད། །འགྲོ་འོང་གནས་སྒྱུ་རྒྱུ་འབྲས་སྒྱུ་མའི་ཆོས། །འདི་ནི་ལྗོན་ཤིང་
Vol. 82 · folio 298a
རིན་ཆེན་འབྲུ་འབབ་ཅིང་། །འཛམ་བུའི་ཆུ་བོས་ཤིང་གི་འབྲས་བུ་ཡང་། །མི་མཉམ་མཉམ་མེད་དུས་གསུམ་ཕྱོགས་བཅུ་པོ། །རྒྱལ་བའི་ཞིང་ཁམས་སྒྱུ་མའི་བཀོད་པས་སྦྱོང་། །སེམས་ཅན་སྒྱུ་མར་ཚོགས་གཉིས་རབ་རྫོགས་པས། །
འབྲས་བུ་སྐུ་བཞི་སྒྱུ་མའི་ཡེ་ཤེ་ཅན། །འདི་ལྟར་གང་ཤེས་འདི་ནི་མི་སྐྱེ་བའི། །ཆོས་ལ་བཟོད་པ་ཐོབ་པར་རིག་བར་བྱ། །ཕྱིར་མི་ལྡོག་པའི་ས་ལ་གནས་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའོ། །རོ་ཧི་
ཏ་སྙེ་བརྒྱལ་བར་བྱེད། །མོ་ཧེ་ཏེ་ནི་ཡན་ལག་འབྱུང་། །བྷ་དྲ་བཀྲ་ཤིས་བྱེད་པའོ། །བྲེ་ཤ་པ་ནི་དགེ་བསྟེར། །བི་ཤ་པ་ནི་འདུས་པ་ལ། །ཀུརྨཱ་པ་ལ་འཚོ་བ་སྐྱོང་། །མ་ཀ་ར་དྷ་ནྡྷ་བ་ནི། །མི་ཕྱེད་དབང་པོ་འབྱུང་པའོ། །མ་སྐར་ནི་དག་པར་བྱེད། །བི་ཏྲི་ཀ་ནི་རྣམ་
པར་རྒྱལ། །བྷ་ཀུ་ལ་ནི་རྟེན་པ་སྟེ། །སྭབྣ་ཞེས་པ་བྲབ་གང་། །ཀ་མ་ནི་ཞེས་རྒྱན་ཡིན་ཏེ། །འདི་དག་ལུས་ངག་ཡིད་དག་ལ། །དཀར་ཕྱོགས་བདེ་བ་འཕེལ་བྱེད་ཡིན། །དེ་ལས་རྣམ་པར་བཟློག་པ་ནི། །ནག་ཕྱོགས་མ་རུངས་མངོན་བརྩོན་པ། །བར་མས་
གཏི་མུག་རྨོངས་པར་གནས། །རྣལ་འབྱོར་བས་ནི་འདིར་ཤེས་པས། །ལས་རྣམས་ཐུན་གྱིས་འདིར་དག་པས། །བཅུ་གཉིས་དག་ཏུ་བསྟན་པ་ཡིན། །ཁྱད་པར་བསྡུས་པའི་ཚུལ་ཤེས་པས། །རྒྱུ་དང་ཐབས་དང་ཁྱད་པར་གྱི། །བླ་མེད་ཡེ་ཤེས་ཚུལ་འདི་བསྟན། །
འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །དེ་ཉིད་རྣམ་པར་འཁྲུས་གྱུར་པས། །རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ། །ལུགས་སུ་འབྱུང་བས་འཁོར་བ་ཡིན །ཆོས་ཉིད་སྣ་ཚོགས་འཁོར་ལོར་ནི། །ལམ་དུ་སྦྱོང་བར་རིམ་ཤེས་བྱ། །ལོག་པས་ལྟ་དང་བརྟུལ་ཞུགས་
འཛིན། །དེ་འབྲལ་གོལ་བས་ཐར་པ་མེད། །དམན་པས་མངོན་མཐོང་སྤྱོད་པ་ལས། །དཀར་པོའི་ཕྱོགས་གནས་སྐྱབས་གསུམ་ལས། །མོས་པས་ཉན་རབ་ཞི་བའི་ལམ། །ངལ་བསོ་ཙམ་ལས་རྣམ་དག་མིན། །ཁྱད་པར་བྱང་ཆུབ་སེམས་དཔའི་ལམ། །རྩ་བ་
Vol. 82 · folio 298b
ས་བོན་བྱང་ཆུབ་སེམས། །དེ་ལས་རིན་ཆེན་ལྗོན་ཤིང་གི། །པད་སྡོང་ལོ་འདབ་མེ་ཏོག་རྒྱས། །འབྲས་བུ་བདེ་གཤེགས་ཡིད་བཞིན་ནོར། །དགོས་འདོད་དྲི་མ་མེད་པའི་གཏེར། །རྟེན་འབྲེལ་ལུགས་བཟློག་ཆོས་འབྱུང་བའི། །ཟབ་དང་རྒྱ་ཆེའི་སྙིང་པོ་ནི། །
གྲུབ་མཐའ་དུ་མ་རྟོགས་པའི་གནས། །དེ་ནི་ཡང་དག་གནས་མི་འཐོབ། །གསང་བ་རྡོ་རྗེ་ཐེག་པ་ལས། །རྒྱུད་སྡེའི་སྙིང་པོ་འདུས་པའི་དོན། །དུག་ལྔའི་རྟོག་པ་སྤྱངས་གྱུར་པས། །དབང་དང་ལས་ཀྱི་རིམ་པ་ལས། །སྐུ་གསུམ་ས་ཡི་དབང་ཕྱུག་འཐོབ། །
ཕྱི་ནང་སྤྱོད་པའི་དོན་གནས་ལ། །དམ་ཚིག་གནས་པའི་ཚུལ་བཞིན་སྤྱོད། །སྤྱི་དང་ཁྱད་པར་སྐུ་གསུམ་དང་། །སྐུ་བཞི་ཡེ་ཤེས་རྫོགས་པའི་གནས། །མངོན་པར་བྱང་ཆུབ་ལྔ་དང་ནི། །དྲུག་པ་དང་པོའི་མགོན་པོ་ལས། །ཡེ་ཤེས་རྒྱ་མཚོ་སྤྲིན་འཕྲོ་བས། །
རིགས་ནི་བརྒྱ་དང་སྟོང་དག་ཏུ། །སྤྲོས་དང་སྡུད་པ་གསང་ཆེན་གྱི། །གཅིག་པ་མི་ཟད་སེམས་བསྐྱེད་པ། །བྱང་ཆུབ་སེམས་འདི་བསྟན་པ་ཡང་། །དཀྱིལ་འཁོར་སྙིང་པོར་འབྱུང་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་
གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སྙིང་པོ་མཆོག་ཏུ་བསྐུལ་བ་དང་ཡོངས་སུ་དག་པར་སྟོན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་
ཐུགས་ཀྱི་མཆོད་པ་གསང་བ་བླ་ན་མེད་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རབ་ཏུ་ཕྱུང་ངོ་། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །བདག་གི་ཁུ་བ་ལ་སོགས་པས། །ཆོ་ག་བཞིན་དུ་ཀུན་མཆོད་ན། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །
རིག་མ་གཟུགས་བཟང་མདངས་དང་ལྡན། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པར་བསྒོམ་པར་བྱ། །ཡི་གེ་ཧཱུྃ་
Vol. 82 · folio 299a
དང་ཨོཾ་དག་དང་། །ཨཱཿདང་ཕཊ་ཀྱང་རབ་ཏུ་བསྒོམ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡིས། །པདྨ་རྡོ་རྗེ་རྩེ་གཅིག་པ། །འབར་བཅས་ཟླ་འོད་བཞིན་དུ་དགར། །ཡིད་དུ་འོང་བ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་
རྒྱས་དངོས་གྲུབ་ཐོབ་པར་འགྱུར། །བྷ་ག་ལ་ནི་ལིངྒ་གཞག །སངས་རྒྱས་གཟུགས་ནི་རྣམ་བསམས་ནས། །བ་སྤུའི་བུ་ག་ཐམས་ཅད་ནས། །རང་རིགས་ལས་བྱུང་རབ་ཏུ་སྤྲོ། །འདི་ནི་བདེ་བ་མཆོག་གྱུར་པ། །གསང་བ་ཡེ་ཤེས་གྲུབ་པའི་གཙོ། །
དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་བྱ། །རབ་ཏུ་དབེན་པའི་ས་ཕྱོགས་སུ། །དཀྱིལ་འཁོར་བདུད་རྩི་ལེགས་བྱུགས་པ། །ཤེས་རབ་ཡུམ་གྱི་བྷ་ག་ཡི། །དཀྱིལ་འཁོར་པདྨའི་དབྱིབས་གནས་པ། །ཁ་དོག་དམར་པོ་ཨེ་ཡི་དབྱིབས། །དེ་ལ་གསང་བའི་ལྷ་
ཚོགས་ཀྱི། །ཐིག་ལེ་དཀར་པོ་སུམ་ཅུ་གཅིག །བཾ་གྱི་རྣམ་པར་བརྗོད་པ་ཡིན། །དེར་འཇུག་ཆོ་ག་བརྟག་པ་ཡིས། །མཁས་པས་རིམ་པ་ཤེས་པར་བྱ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་གདོལ་བའི་རིགས་ཅན་ལས། །སྨེ་ཤ་
ཅན་ནི་བཅུ་གཉིས་མ། །ལང་ཚོར་ལྡན་ཞིང་སྒེག་པ་དང་། །བཞིན་བཟངས་མིག་དཀྱུས་རིང་བ་ནི། །མཁས་པས་མཚན་ཉིད་ཡོངས་ཤེས་པས། །རིག་མ་ཡོངས་སུ་སྦྱངས་པ་གཞུག །བླ་མ་ལ་ནི་དབུལ་བྱ་ཞིང་། །གང་དུ་མཎྜལ་མེ་ཏོག་དང་། །མཆོད་པ་ཡེ་
ཤེས་སྔོན་བྱས་ཏེ། །བྷ་གའི་དཀྱིལ་འཁོར་དེ་ཉིད་དུ། །རྡོ་རྗེ་སློབ་དཔོན་གསང་བ་འཛིན། །མེ་ཏོག་བཅས་པའི་ལྷ་མོ་ལ། །མཉམ་པར་ཕྱག་བྱ་གསོལ་བ་གདབ། །མགོན་པོ་གསང་པ་འཛིན་པ་པོ། །སེམས་དཔའ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་
ཀུན་གྱི་ཡེ་ཤེས་ཆེ། །ཐམས་ཅད་སྟོང་བ་བླ་ན་མེད། །མཚན་ཉིད་ཉམས་མྱོང་གཅིག་པ་ཉིད། །རྡོ་རྗེ་གསང་བས་བདག་ལ་སྩོལ། །ལས་དང་སྐྱེ་བ་ལས་གྲོལ་བའི། །ཚེ་འདིར་བྱང་ཆུབ་མཆོག་ཐོབ་ལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་དུ་སྐྱབས་མ་
Vol. 82 · folio 299b
མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་པོ། །དེ་བས་བློ་མཆོག་མཉེས་པར་མཛོད། །དེ་ལྟར་གསོལ་བ་གདབ་པ་མཆོག །དམ་པ་དེས་ནི་ཐོབ་གྱུར་ནས། །དཔལ་ལྡན་བླ་མ་ཡོན་ཏན་མཚོས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །བཞིན་ནི་རབ་ཏུ་དང་གྱུར་
ནས། །རང་གི་བརྩེ་བར་རབ་དགའ་ཞིང་། །གསང་བ་རྒྱུད་ལས་བདེ་ཐོབ་པ། །བཟང་པོའི་དམ་ཚིག་དཀྱིལ་འཁོར་བསྟན། །དེ་ནས་སློབ་དཔོན་སྙོམས་ཞུགས་ནས། །ཀ་ལ་ཤའམ་དུང་ཆོས་སུ། །བྱང་ཆུབ་སེམས་ནི་རབ་དབྱུང་སྟེ། ཨོཾ་ཨཱཿབཛྲ་དྷཱྀཀཱ་ཧཱུྃ། །
བཟང་པོའི་ཕྲེང་བ་ཉེ་བར་བྱིན། །དེ་ནས་སློབ་མ་དེ་ལ་ནི། །རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་ཏེ། །རྒྱལ་པའི་ཕྱག་རྒྱར་བཅས་པ་ཡིས། །དམ་ཚིག་གསང་བ་སྦྱིན་གྱུར་པ། །རྡོ་རྗེ་ཅན་ནི་ཕྱེད་དུས་སུ། །དབང་བསྐུར་བ་ནི་སྦྱིན་པར་བྱ། །བཀྲ་ཤིས་སྒྲ་ནི་
བསྒྲགས་པ་དང་། རོལ་མོའི་སྒྲ་སྐད་སྣ་ཚོགས་ཀྱིས། །དཀྱིལ་འཁོར་འཁོར་ལོའི་རྒྱལ་པོ་ཡིས། །ཁམས་གསུམ་རྡོ་རྗེས་དབང་བསྐུར་བ། །སློབ་མ་འདུད་ཅིང་ཐལ་སྦྱར་བ། །འདིར་ནི་རབ་ཏུ་བསྐུར་བ་ཡིས། །ཁྱད་པར་ནང་དུ་ངེས་དབང་བསྐུར། །ཕྲེང་
བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མིང་དང་ནི། །སློབ་དཔོན་དག་དང་གནང་བ་སྦྱིན། །དབུགས་དབྱུང་གཟེངས་བསྟོད་ལུང་བསྟན་པས། །དབང་བསྐུར་རིམ་པ་འདི་སྦྱིན་བྱ། །དེ་ནས་བདག་བྱིན་བརླབ་པའི་རིམ། །བཅུད་དུ་བྱ་བའི་ཐབས་བསྟན་
པ། །ཀུན་རྫོབ་བདེན་པ་ཡང་དག་སྦྱིན། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །ཁྱད་པར་བདེ་ཆེན་དབང་བསྐུར་བ། །རིག་མ་དག་པར་སྦྱངས་པ་དང་། །མཎྜལ་མེ་ཏོག་བཅས་པ་ཡིས། །དེ་ནས་གསོལ་བ་གདབ་པར་བྱ། །སླར་ཡང་བླ་མས་གསང་བ་
བརྗོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་
Vol. 82 · folio 300a
གྱིས། །བདག་ལ་ངེས་པར་དབང་བསྐུར་ཅིག །དེ་ལྟར་ལན་གསུམ་བརྗོད་ནས་ནི། །བླ་མ་ལ་ནི་བཀའ་སྩལ་ཞུ། །ལྷ་མོ་གཟུགས་བཟང་མདངས་ལྡན་པ། །ལོ་གྲགས་བཅུ་གཉིས་ལོན་རྙེད་ལ། །རིགས་ཀྱི་སྦྱོར་བས་རབ་བསྒོམས་ཏེ། །བདག་
གི་ཁུ་བས་མཆོད་པར་བྱ། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེས། །དེ་ཡི་ལག་པ་དེར་གཏད་དེ། །གཟུགས་མ་ཤིན་ཏུ་ཉམས་དགའ་འདི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་པདྨ་རབ་སྦྱོར་བའི། །བདེ་བ་དམ་པ་ཡང་དག་མྱོང་། །བདེ་བ་
དཔག་མེད་འབྱུང་བའི་གཞི། །ཡེ་ཤེས་ཆེན་པོ་འདིར་རྟོགས་བྱ། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འདི་ལས་གཞན་པ་མཆོག་མེད་དེ། །འགྲོ་བ་གསུམ་པོ་དག་རིག་པར། །དགའ་བ་ཡང་དག་རྟོགས་པར་གྱིས། །དེ་བས་ནམས་ཡང་འདི་དང་ནི། །
ཁྱེད་ཀྱིས་བྲལ་བར་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་དེ། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་ནས་དྲི་ཞིམ་མེ་ཏོག་སྤྲས། །གཅེར་བུ་ཆུ་སྐྱེས་སྟོན་པར་མཛད། །བཤང་
གཅི་ལ་སོགས་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ། །རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨར་འོ་བྱེད་དང་། །ཇི་ལྟར་སྤྲོ་བར་བྱེད་དམ་ཅི། །ཇི་ལྟར་བདེ་བར་སྨྲོས་ཤིག་བུ། །དེ་ནི་ཉེ་བར་གཟུང་བྱ་བ། །བཤང་གཅིའི་བདུད་རྩི་བཟའ་བྱ་བ། །
བུད་མེད་རྟག་གུས་གུས་ཅིས་མི་བགྱིད། །གསང་བའི་པདྨར་འོ་བྱེད་པ། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །དེ་ནི་ཉེ་བར་གནས་པ་ཡིས། །གསང་བའི་ཚིག་འདི་བརྗོད་པར་འགྱུར། །ཨེ་མ་ཧོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་
སྟེན་པ། །དེ་ཡི་མདུན་བདག་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོར་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་པ་ཨཱ་ཏྨ་ཀོ྅་ཧྃ། འདོད་
Vol. 82 · folio 300b
ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །བདེ་ཆེན་རང་བྱུང་ཕྱག་རྒྱའི་དབུས། །རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི། །ནོར་བུའི་ནང་དུ་བརྟག་པར་བྱ། །རྒྱུ་མཐུན་ལ་སོགས་
བདེ་བ་ལས། །ཡེ་ཤེས་སྐྱེ་བས་དེ་བཞིན་དུ། །དྲི་མ་མེད་པའི་དོན་དུ་ནི། །ཐོབ་པ་སྦྱོར་བ་ལས་བྱུང་བ། །བྷ་གར་ལིངྒ་གཞག་བྱ་སྟེ། །བྱང་ཆུབ་སེམས་ནི་དབྱུང་མི་བྱ། །ཁམས་གསུམ་མ་ལུས་ཐམས་ཅད་ལས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །
མི་འགྱུར་མཆོག་ཏུ་བདེ་འཐོབ་པའོ། །ཚངས་སྤྱད་བརྟན་པས་གནས་པ་ནི། །ཡོངས་སུ་སྡོམ་པ་རིག་པ་འཛིན། །རྣལ་འབྱོར་དབང་ཕྱུག་གར་མཁན་ཏེ། །སྡོམ་པ་བཅོམ་ལྡན་ཡང་དག་འཛིན། །འདིར་ནི་རིམ་པ་འདི་ཤེས་བྱ། །ཤ་ཆེན་དམ་ཚིག་མཆོག་གིས་ནི། །
རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །རྡོ་རྗེའི་རིགས་ལས་ངེས་བསྟན་པའི། །སྤྱད་བྱ་སྟོབས་ལྡན་མཆོག་འདི་ཡིན། །གྷོ། སངས་རྒྱས་རིགས་ནི་དག་པ་ཡི། །ལྷ་མོ་རྣམས་ཀྱིས་བྱིན་བརླབས་པ། །བ་གླང་ཤ་ཡི་རིགས་དག་པས། །རྡོ་རྗེ་དགུག་པའི་དམ་ཚིག་ཡིན།།
ཀུ། ཟ་བྱེད་འཐུང་ཞིང་ཀུན་དུ་རྒྱུ། །རིན་ཆེན་རིགས་ལ་དེས་འབྱུང་བའི། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དྷ། མྱུར་དུ་འགྲོ་ཞིང་ཤུགས་དང་ལྡན། །པདྨའི་རིགས་ཀྱིས་བྱིན་བརླབས་པའི། །རྟ་ཤ་དག་གི་དམ་ཚིག་
གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཧ། གཡུལ་དུ་དཔའ་ཞིང་མི་ལྡོག་པ། །ལས་ཀྱི་རིགས་ཀྱིས་བྱིན་བརླབས་པའི། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་དག་ཐོབ་འགྱུར་རོ། །མུ། པདྨའི་རིགས་ཀྱིས་བྱིན་བརླབས་པའི། །རྟ་ཤ་དག་གི་
དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཧ། གཡུལ་དུ་དཔའ་ཞིང་མི་ལྡོག་པ། །ལས་ཀྱི་རིགས་ཀྱིས་བྱིན་བརླབས་པའི། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་དག་ཐོབ་འགྱུར་རོ། །མུ། ཕྱག་རྒྱ་ཆུ་ཡི་རྣམ་པ་ལས། །ཞེ་སྡང་དཔའ་བོ་རྡོ་རྗེ་
Vol. 82 · folio 301a
འཛིན། །བཤང་གཅི་དམ་ཚིག་མཆོག་འདི་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །བྷི། བཞི་མཉམ་ལུས་ལས་འབྱུང་བའི་གནས། །གཏི་མུག་འདྲེན་པ་འཁོར་ལོ་ཆེ། །རྣམ་སྣང་དམ་ཚིག་མཆོག་གིས་ནི། །ཡིད་བཞིན་ནོར་བུའི་
དཔལ་ལྡན་འགྱུར། །མཿ། སྒོ་དགུ་ནས་བྱུང་རྒྱུངས་པ་དང་། ཀླད་པ་རྐང་དུ་བཅས་པ་ལས། །རིན་ཆེན་ང་རྒྱལ་འཛིན་པའི་སྐུས། །འདིས་ནི་པདྨའི་མདངས་ཅན་འགྱུར། །རཱ་ཛའི་བུ་གར་རང་བྱུང་བའི། །རཱ་ག་འབར་བའི་འོད་ཅན་ནི། །འདོད་ཆགས་ཆེན་པོའི་
འབྱུང་གནས་ལས། །འཛམ་བུའི་ཆུ་པོའི་འོད་ལྟར་འགྱུར། །ཤུ། ལུས་ཀུན་ལས་ནི་འབྱུང་བའི་རྒྱུ། །ཀུན་ད་ལྟ་བུའི་བྱང་ཆུབ་སེམས། །ལས་ཀྱི་ཕྲིན་ལས་རལ་གྲི་ཆེ། །ཕྲན་ལས་སྣ་ཚོགས་དབང་ཐོབ་འགྱུར། །མྃ། ཀུན་དུ་མྱོས་བྱེད་བཅུད་བསྡུས་པའི། །སྙིང་
པོ་འཆི་མེད་རྟོག་མེད་པའི། །ཡེ་ཤེས་འབྱུང་གནས་ཁུ་བ་འདི། །རྣལ་འབྱོར་པ་ཡི་གྲོལ་བའི་རྒྱུ། །འཇིག་རྟེན་ཀུན་དུ་རྒྱལ་བྱེད་པ། །གསང་བ་དག་པའི་དམ་ཚིག་གནས། །ཧཱུྃ་བྷྲཱུྃ་ཏྲཱྃ་ཧྲཱིཿཁྃ་ལྃ་མྃ་པྃ་ཏྃ་ཨཱཿ། །སྒྲོན་མེ་ལྔ་ནི་རྣམ་དག་པས། །ཡིད་བཞིན་ནོར་
བུ་མཆོག་སྟེར་བྱེད། །དུག་ལྔ་བདུད་རྩིར་དག་པས་ནི། །ཡེ་ཤེས་ལྔ་ཐོབ་ཕྱིར་མི་ལྡོག །འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན། །རང་གི་སྔགས་ཀྱིས་རབ་བསྒོམས་ནས། །སངས་རྒྱས་ཐམས་ཅད་གཞུག་པར་བྱ། །འདིས་ནི་གསང་བ་འཛིན་པར་འགྱུར། །
གསང་བ་ཤེས་རབ་ལ་བརྟེན་པའི། །སྦྱངས་པའི་ཡོན་ཏན་དག་པ་ནི། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་གནས། །འདི་དག་རིམ་པས་སྦྱང་བར་བྱ། །ཇི་བཞིན་གཞི་ལ་སྤྱོད་པ་ལས། །དངོས་པོའི་གནས་ལུགས་ལ་མ་གྱུར་པའི། །ཐབས་དང་ཤེས་རབ་རོལ་བས་ནི། །
འདོད་ཡོན་ལམ་དུ་བྱེད་པའོ། །གང་དུ་ཕྱག་དར་ཁྲོད་པ་ཡི། །གོས་འཆང་སྤྱོད་པ་ཀུ་སུ་ལུ། །བསྐུས་ཏེ་བོར་བའི་སྨན་ཟ་བས། །འདིར་ནི་སྣ་ཚོགས་ཆོས་སུ་སྤྱད། །སྤྱོད་ལམ་ཀུན་དུ་འདྲིས་པ་ལས། །ཕྱིང་བུ་ཚལ་པ་ཙམ་འཛིན་པ། །འདི་ནི་ཕྱོགས་མེད་གོས་
Vol. 82 · folio 301b
ཅན་ཏེ། །རྣམ་པ་ཐལ་བ་ཡིས་བྱུགས་ཡིན། །གང་དུ་ཆོས་གོས་གསུམ་པ་ནི། །སྟོད་གཡོགས་གླང་པོའི་པགས་པ་དང་། །མི་ཡི་པགས་པ་ཉིད་ལ་རྟེན། །སྨད་དཀྲིས་སྟག་གི་ཀོ་བས་དཀྲིས། །ཕྱིས་མི་ལེན་པ་ལན་ཅིག་སྟེ། །སྤྲོས་པ་
གཅོད་པར་བྱེད་པ་ཡིས། །བྱིན་གྱིས་མ་བརླབས་ཟས་དང་གོས། །སྐད་ཅིག་ཙམ་དུ་སྟེན་མི་བྱེད། །རང་ཉིད་ལྷན་ཅིག་ཕྱག་རྒྱར་བཅས། །སྣོད་གཅིག་ཟ་བའི་གཙང་སྦྲ་ལས། །དུ་མར་འབྱུང་བ་མ་ཡིན་པ། །ཚོགས་ཀྱི་འཁོར་ལོ་གཅིག་ཏུ་གྲགས། །
ལམ་གྱི་བཞི་མདོའམ་ཤིག་གཅིག་དྲུང་། །གདུག་པ་མ་ལུས་གདུལ་དོན་དུ། །ཕྱག་རྒྱར་བཅས་པའམ་གཅིག་ཏུ་ཡང་། །བརྟུལ་ཞུགས་སྦྱོར་བས་གནས་པར་བྱེད། །ཆུ་གླིང་རི་སུལ་བླ་གབ་མེད། །དེར་ནི་གཅེར་བུའི་རོལ་པ་ཡིས། །བདུད་རྩི་ཟ་ཞིང་
རིག་མ་དང་། །གཅིག་པར་གནས་པའི་སྤྱོད་པ་ཆེ། །ཁ་ཊྭཱཾ་ཌ་མ་རུར་བཅས་ཤིང་། །ཐོད་པའི་ཚལ་བུས་རྫས་ཁྱེར་ཏེ། །ཤིན་ཏུ་གསང་བས་སྤྱོད་པ་ནི། །བསམ་མཐར་གནས་པ་དབེན་པའོ། །དུར་ཁྲོད་རབ་སོན་དགེ་འདུན་སར། །ཆོས་ཀུན་བདག་མེད་མི་རྟོག་པས། །
རྟོག་པ་དེ་བས་གནས་པ་གང་། །དུར་ཁྲོད་པ་ཞེས་བརྗོད་པའོ། །ཐ་དད་མེད་པའི་ཏིང་འཛིན་གྱིས། །དུ་མའི་སྣག་བ་རོ་མཉམ་པས། །ཀུན་དུ་བསོད་ནམས་བྱེད་པ་དག །རོ་སྙོམས་ཡེ་ཤེས་སྤྱོད་པ་ཡིན། །འདི་དག་ལྡན་པའི་རྣལ་འབྱོར་པ། །དགེ་སློང་
ཆེན་པོར་ཤེས་པར་བྱ། །ཚངས་པར་སྤྱོད་པ་མི་ལྡོག་པས། །ཀུན་དུ་ཡེ་ཤེས་འབྲལ་མི་བྱེད། །འཇིག་རྟེན་སྒྱུ་མའི་སྣང་བ་ལས། །ཆགས་པ་མེད་པའི་དགྲ་བཅོམ་པ། །བྱང་ཆུབ་སེམས་དཔའི་ཚུལ་འཐོབ་པའོ། །གསང་བ་སྦྱངས་བའི་ཚུལ་འདི་ནི། །
གཞན་དུ་རྟོགས་པར་མི་འགྱུར་བ། །རྡོ་རྗེ་འཛིན་པས་བསྟན་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས། །མཆོག་ཏུ་གསང་བའི་
Vol. 82 · folio 302a
དབང་དང་། སྤྱོད་པ་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཆོས་རྣམས་ཐམས་ཅད་མི་འགྱུར་ཏེ། །ཐམས་ཅད་དབང་བསྐུར་ཡེ་ཤེས་མཆོག །ཡེ་ཤེས་དཀྱིལ་འཁོར་གསང་བ་བཤད། །
ཞིང་འདིར་རིན་ཆེན་འདུན་དག་གིས། །མཁས་པས་ཁྱབ་པར་ཡོངས་བཀང་སྟེ། །ཁྱད་པར་ཡེ་ཤེས་བདེ་དོན་དུ། །ཤེས་རབ་ལྡན་པས་བླ་མར་དབུལ། །དེ་མདུན་ཡན་ལག་རྣམ་དག་པས། །དཔེ་མེད་རོལ་བས་དབུལ་བར་བྱ། །ཁུ་བ་བྱུང་བས་རང་
ལུས་ལས། །དཀྱིལ་འཁོར་ལྷ་ཚོགས་སྤྲོ་བ་སྟེ། །རིགས་ཀྱི་ལྷ་རྣམས་ཆོ་ག་བཞིན། །ལུས་ལ་ཉེ་བར་དགོད་པའོ། །ཡེ་ཤེས་འབྲས་བུ་ཐོབ་འདོད་པས། །གཉིས་སུ་མེད་པར་བཏུང་བར་བྱ། །དེ་བཞིན་གཤེགས་པའི་འཁོར་ལོའི་ཚོགས། །བསྡུ་བ་ཉིད་ཀྱིས་
ཉེར་གསད་པ། །འདི་ནི་དངོས་གྲུབ་རྒྱ་མཚོ་ཡི། །བླ་མེད་འབྲས་བུ་ཐོབ་འགྱུར་བའོ། །མཁའ་དབྱིངས་རྡོ་རྗེ་སྟོང་པ་ཉིད། །དབུས་གནས་མངོན་པར་བྱང་ཆུབ་བརྗོད། །དེ་ཉིད་མེ་ལོང་ཡེ་ཤེས་ལྡན། །ཟླ་བའི་དཀྱིལ་འཁོར་རབ་ཏུ་བརྟག །ཉི་མ་མཉམ་
ཉིད་ཡེ་ཤེས་ཏེ། །བདུན་དང་ལྡན་པའི་དབུས་ཉིད་དོ། །སྔགས་ནི་དབུས་སུ་གནས་གྱུར་གང་། །ས་བོན་སོ་སོར་རྟོག་པ་སྟེ། །མངོན་པར་བྱང་ཆུབ་པ་ཉིད་དོ། །རྡོ་རྗེ་ལ་སོགས་གང་གནས་པ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཡོངས་སུ་
རྫོགས་པའི་སྐུ་གསུང་ཐུགས། །ཞལ་གསུམ་རྩ་གསུམ་བརྗོད་པར་བྱ། །སྐུ་གསུམ་ལུས་ངག་ཡིད་ཡིན་ཏེ། །དེ་ཉིད་མངོན་པར་བྱང་ཆུབ་བརྗོད། །རྡོ་རྗེ་འཁོར་ལོ་པདྨ་དང་། །ནོར་བུ་རལ་གྲི་འབར་བ་ལས། །རྣམ་པར་འཕྲོ་བ་བསམ་པ་སྟེ། །བླ་མེད་ཡེ་
ཤེས་བྱང་ཆུབ་བརྗོད། །སྤྲོ་དང་སྡུད་པར་བྱེད་པའོ། །རྣམ་པའི་མཆོག་ནི་ཀུན་ལྡན་པ། །སྐད་ཅིག་གཅིག་ལ་རབ་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་བསྐྱེད་པ་ཅན། །ཕྱག་རྒྱའི་
Vol. 82 · folio 302b
ཚོགས་སུ་བརྟགས་པ་ཡིས། །རིམ་གྱིས་གཟུགས་ནི་རྫོགས་བྱེད་པ། །དེ་ནི་བསྐྱེད་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །དེ་ནས་གསང་བའི་དངོས་བསྡུས་པའི། །ཡེ་ཤེས་བསམ་གཏན་གཉིས་ཀྱིས་ནི། །བདག་དང་བདག་
གིར་འཛིན་པ་ཡི། །དངོས་པོ་སྲེག་བྱེད་ཡེ་ཤེས་མེད། །བསམ་གཏན་གཉིས་པོས་གཅིག་ཏུ་ཡང་། །སྟོང་ཉིད་ངང་དུ་གནས་བྱེད་པའོ། །རིལ་པོར་འཛིན་པའི་ཏིང་འཛིན་གྱིས། །གཟུང་བའི་རྟོག་པ་སྤོང་བྱེད་ཅིང་། །ཤེས་རབ་ཟབ་མོའི་ངོ་བོ་ཉིད། །
དེ་ཉིད་བསྡུ་བའི་ཚུལ་གྱིས་ནི། །སྒྱུ་མའི་ལུས་ཀྱི་སྣང་བ་ཉིད། །དངོས་པོའི་ཆོས་ཉིད་སྟོང་ཉིད་འཇུག །རྗེས་སུ་གཞིག་པས་ཏིང་ངེ་འཛིན། །འཛིན་པའི་རྟོག་པ་འཇོམས་བྱེད་པ། །ཐབས་ཉིད་རྒྱ་ཆེའི་རང་བཞིན་ཅན། །དེ་ཉིད་སྤྲོས་པའི་ཚུལ་བསྟན་པས། །
སྟོང་ཉིད་གཅིག་ཏུ་གནས་པ་ནི། །ཀུན་ཁྱབ་ཡེ་ཤེས་མཁའ་མཉམ་འགྲོ། །སྟོང་ཉིད་ཡེ་ཤེས་ཆེན་པོའི་མེས། །རང་བཞིན་རྟོག་པའི་གནས་ངན་ལེན། །མངོན་རྒྱུ་བག་ཆགས་བཅས་པ་ཡི། །རང་བཞིན་བརྒྱ་དང་དྲུག་ཅུ་དང་། །ཐོག་མཐའ་མེད་པའི་བྱང་
ཆུབ་སེམས། །རང་འབྱུང་ལྷན་ཅིག་སྐྱེས་པའི་ངང་། །དངོས་དང་དངོས་མིན་རྟོག་པའི་ཚོགས། །སྣང་བ་ཙམ་དུ་འཛིན་མེད་པར། །སྟོང་ཉིད་འོད་གསལ་ནམ་མཁའ་ལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པས། །བདེ་བར་གཤེགས་པའི་ངང་དུ་འགྲོ། །དེ་
ཉིད་ཀུན་ཁྱབ་ཀུན་གྱི་གནས། །བརྗོད་དུ་མེད་པའི་ཆོས་ཀྱི་སྐུ། །ཐམས་ཅད་འོད་གསལ་མངོན་བྱང་ཆུབ། །དེ་ལྟར་མ་རྟོགས་མ་རིག་པས། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །དེ་དག་རབ་ཏུ་མི་ཤེས་ཤིང་། །ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་
རབ་ཏུ་བསགས་བྱེད་པ། །དེ་དག་སྔོན་གྱི་ལས་ཀྱིས་ནི། །སྐྱེ་དང་འཆི་བར་ཡང་དག་འབྱུང་། །རིག་པ་འོད་གསལ་དབྱིངས་གནས་ཀྱང་། །འགྱུ་བྱེད་རླུང་ལས་མ་རིག་བྱུང་། །དེ་ལས་སྣང་བ་དང་པོ་དང་། །མཆེད་པ་དག་དང་ཐོག་པ་དག །ལུགས་སུ་
Vol. 82 · folio 303a
འབྱུང་བས་རྣམ་ཤེས་ལ། །རླུང་གི་སྤྱོད་པ་ཤིན་ཏུ་འཁྲུལ། །ང་དང་བདག་ཏུ་འཛིན་པ་ཉིད། །ཡིད་ཀྱི་རྣམ་ཤེས་འགྱུར་བ་ཡི། །རླུང་ལས་ཀུན་དུ་འཁྲུལ་པའི་ལས། །འབྱུང་བ་དེ་ཉིད་ཁོ་ན་ལ། །མ་རིག་རྨོངས་པས་ལྟུང་བ་ནི། །བླ་མ་མེད་ཕྱིར་
འཁྱམས་པའོ། །ཀུན་དུ་བརྟགས་པའི་མ་རིག་པ། །དངས་སྙིགས་གཉིས་སུ་རླུང་གིས་ཕྱེ། །དངས་མ་སྟོང་ཉིད་ཡེ་ཤེས་སེམས། །ཀུན་གཞི་རང་བྱུང་ཆོས་ཉིད་གནས། །སྙིགས་མའི་སྣོད་བཅུད་ཁམས་གསུམ་དུ། །དུག་གསུམ་ངང་ལས་འབྱུང་བ་ནི། །སྲོག་
འཛིན་རླུང་ལས་ཞེ་སྡང་སྐྱེས། །གྱེན་རྒྱུ་ལས་ནི་འདོད་ཆགས་བྱུང་། །གཏི་མུག་ཁྱབ་བྱེད་དུས་ཀུན་དུ། །འབྲལ་བ་མེད་པས་གནས་པ་ཡིན། །དེ་ནས་མེ་དང་མཉམ་པ་ལས། །ཕྲག་དོག་འབྱུང་བར་གྱུར་པ་ཡིན། །ཐུར་སེལ་ལས་ནི་ང་རྒྱལ་དང་། །སེར་སྣ་
མངོན་པར་བྱུང་བ་ཡིན། །རླུང་རྣམས་གང་ལས་འབྱུང་བ་ནི། །རིག་པ་ཀུན་དུ་རྟེན་གྱུར་པ། །ས་བོན་ཆ་ལས་འབྱུང་བཞི་གནས། །དེ་ལས་རྩ་བའི་རླུང་དུ་བྱུང་། །ཕྱི་རོལ་འོད་ལྔའི་སྣང་བ་ལས། །ཞེན་པས་རྒྱུ་འབྲས་ལ་རྨོངས་ཤིང་། །མ་རིག་པས་ནི་དེ་དག་
ལས། །རྟེན་འབྲེལ་བཅུ་གཉིས་ཚུལ་དུ་འཁོར། །དུག་གསུམ་ལས་ནི་རྩ་གསུམ་སྟེ། །ཆགས་སྡང་དབང་གིས་ཕོ་མོར་བྱུང་། །དེ་ཕྱིར་སྔོན་གྱི་ལས་ཀྱིས་ནི། །སྐྱེ་བ་དང་ནི་འཆི་འཕོར་འགྱུར། །རབ་ཏུ་དངས་པ་རྣམ་པར་ཤེས། །འོད་གསལ་བྱང་ཆུབ་གནས་
འདི་ཡིན། །ཅུང་ཟད་ཙམ་དུ་དངས་པ་ལ། །བདེ་བ་ལས་ནི་འདོད་པར་གྱུར། །གསལ་བས་གཟུགས་ཁམས་ཀུན་དུ་སྐྱེ། །མི་རྟོག་པས་ནི་གཟུགས་མེད་དུ། །ངེས་པར་འཆར་བ་ཆོས་ཉིད་ཅན། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན། །ཁམས་ནི་སྙིགས་མར་
གྱུར་པ་ལས། །ཀུན་དུ་འཕོ་ཞིང་རྒྱུ་བྱེད་པའི། །ནུས་པ་ཡོན་ཏན་ཅུང་ཟད་ཅན། །བསྐལ་པ་དང་པོའི་མི་ལྟར་འབྱུང་། །ཡུལ་གྱིས་འདོད་ཆགས་སད་པ་ལས། །ཚོགས་པ་མ་རྙེད་དེ་སྲིད་དུ། །བར་མ་དོ་ཡི་སྲིད་པར་གནས། །སྲིད་པར་ལྟུང་བའི་སེམས་ཅན་ནི། །བགྲོད་
Vol. 82 · folio 303b
པས་འགྲོ་བ་ཇི་བཞིན་དུ། །ལས་ཀྱི་དྲ་བའི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་འཇོམས་པར་བྱེད། །དེ་ཉིད་རྒྱུ་རྐྱེན་སྔོན་འགྲོ་བས། །ཉེར་ལེན་འཇུག་པར་འདོད་པ་དང་། །རང་དབང་མེད་པར་འཇུག་པ་དང་། །སྐྱབས་གནས་ཚོལ་བའི་ཡིད་འགྲོ་བས། །འཕེན་
པ་སྟོབས་བྱུང་འཇུག་པར་འགྱུར། །གལ་ཏེ་མི་རུ་སྐྱེ་བ་ན། །ཕ་མའི་ཀུན་དུ་འཁྲིག་མཐོང་པས། །སྡུག་བསྔལ་ཉིད་ཀྱིས་གདུངས་གྱུར་ཏེ། །བཞོན་པར་བཅས་པའི་མྱུར་འགྲོ་ལྟར། །རླུང་གི་བཞོན་པ་ལ་བརྟེན་ཏེ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །
ཤིན་ཏུ་མྱུར་བར་འོངས་གྱུར་པ། །དགའ་དང་བཅས་པའི་བསམ་པ་ཡིས། །བདེ་བའི་ངང་དུ་སེམས་ཞེན་པས། །ཁ་ཡི་ལམ་ནས་ཐུར་དུ་འཇུག །ངན་འགྲོའི་གནས་ལ་ཕ་ཡི་ནི། །བཤང་བའི་ལམ་ནས་ཁང་བཟངས་སུ། །མཐོང་ནས་ཀུན་དུ་འཇུག་
པར་འགྱུར། །དུས་དེར་ཕ་མ་གཉིས་དང་ནི། །དུས་གཅིག་བདེ་བ་མྱོང་བྱས་པའི། །རྩ་ཕྲན་སྟོང་ཕྲག་བདུན་ཅུ་ལས། །རབ་བརྒྱུད་དེ་ཡི་སྐད་ཅིག་ལ། །ཨཱ་ལི་ཀཱ་ལིར་ཞུགས་གྱུར་ཏེ། །མཆོག་ཏུ་དགའ་བ་ཡང་དག་འཐོབ། །ཁུ་བ་དང་ནི་ཁྲག་བཅས་
པའི། །དབུས་སུ་བར་དོའི་ཤེས་པ་ནི། །འདུས་པ་ཐིག་ལེའི་གཟུགས་སུ་གནས། །དང་པོའི་རྣམ་པ་ནུར་ནུར་པོ། །དེ་ལས་མེར་མེར་པོ་རུ་གྱུར། །ལྟར་ལྟར་པོ་དང་གོར་གོར་པོ། །རླུང་རྣམས་ཀྱིས་ནི་བསྐུལ་གྱུར་པས། །ཤ་ཡི་རྣམ་པ་མཁྲང་གྱུར་དུ། །
ལྔ་པའི་དུས་སུ་རྐང་ལག་འགྱུ། །ཡན་ལག་ལྔ་ནི་དོད་གྱུར་པས། །བདུན་དུ་གྱུར་ཚེ་མཚན་མ་དང་། །སྐྲ་དང་སེན་མོ་བ་སྤུའི་ཚོགས། །མཁྲང་བའི་ཆ་ཤས་རྫོགས་གྱུར་པའོ། །བརྒྱད་པའི་དུས་སུ་ཆེར་རྟགས་ཤིང་། །ཟླ་བ་དགུ་ན་ལུས་ཀུན་རྫོགས། །བཅུ་པ་
ཡུལ་གྱི་རྩོལ་བ་བྱེད། །ནུར་ནུར་རང་བཞིན་མི་བསྐྱོད་པ། །མེར་མེར་པོ་ནི་དཀོན་མཆོག་དཔལ། །ལྟར་ལྟར་པོ་ནི་འོད་དཔག་མེད། །གདོན་མི་ཟ་བ་གོར་གོར་པོ། །རྣམ་སྣང་མཁྲང་གྱུར་དག་ཏུ་བརྗོད། །གནས་སྐབས་འབྱུང་བ་ལྔ་ལྡན་པ། །ཆུ་དང་རླན་གྱིས་
Vol. 82 · folio 304a
སྡུད་པ་དང་། །དྲོད་དང་མེ་ཡིས་སྨིན་པར་བྱེད། །ལས་ནི་བརྟན་དང་བསྐྱེད་པ་ལས། །རླུང་གིས་གཡོ་ཞིང་འཕེལ་བར་བྱེད། །ནམ་མཁའ་ཀུན་དུ་རྟེན་གྱུར་པའོ། །དྲི་ཆུ་ཁྲག་ནི་འདུས་པ་ཡི། །དྲི་ཆུའི་ཆ་ནི་མི་བསྐྱོད་ཞུགས། །བཞི་
མཉམ་རྣམ་པར་སྣང་མཛད་དེ། །ཁྲག་ནི་འདོད་ཆགས་མེད་པའི་ཆ། །ཤ་ནི་རིན་ཆེན་རྒྱལ་པོ་ཉིད། །ཁུ་བ་གདོན་མི་ཟ་བའི་ལུས། །ཟླ་བ་མེ་ལོང་ཡེ་ཤེས་ཏེ། །ཉི་མ་མཉམ་པ་ཉིད་གྱུར་པ། །ས་བོན་རྣམ་པ་སོ་སོར་རྟོག །ཕྱག་མཚན་ལས་ནི་དེ་ཉིད་དེ། །
ཐམས་ཅད་གཅིག་གྱུར་ནན་ཏན་བརྗོད། །ལུས་ཀྱི་གོང་བུ་བསྡུས་པ་ཡིས། །སྟོང་ཉིད་ཆོས་དབྱིངས་ཡེ་ཤེས་བརྗོད། །མངོན་པར་བྱང་ཆུབ་ལྔ་ཡིས་ནི། །བསྐྱེད་དང་གནས་དང་སྡུད་པར་མཛད། །དེ་ཉིད་ཡེ་ཤེས་ཡོངས་དག་པ། །སངས་རྒྱས་ལྔ་ཡི་བྱང་
ཆུབ་སེམས། །གསང་བ་མཆོག་ཏུ་བསྟན་པ་ཡིན། །སྐྱེ་གནས་དབུས་སུ་རྩ་གཉིས་ནི། །གཡས་དང་གཡོན་ན་དེ་བཞིན་གནས། །གཡོན་ནས་ཁུ་བ་དེ་བཞིན་ཏེ། །གཡས་ན་དེ་བཞིན་ཁྲག་ཡིན་ན། །དེ་དག་གཅིག་ཏུ་གྱུར་པ་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་
ནོ། །ལས་ཀྱི་ས་བོན་དབང་ཐོབ་པས། །རླུང་གིས་ཡང་དག་བསྒྱུར་ནས་ནི། །ཆོས་ཀྱི་འབྱུང་གནས་པདྨའི་སྣོད། །གདོང་ནི་ངེས་པར་ཕྱོགས་པར་གྱུར། །དཀུ་གཡས་སུ་ནི་བརྟེན་ནས་སུ། །ཙོག་བུར་མངོན་པར་ཕྱོགས་ཏེ་གནས། །དཀུ་གཡོན་ཡང་དག་
བརྟེན་ནས་ནི། །ཤེས་རབ་གཡས་སུ་མངོན་པར་ཕྱོགས། །ས་བོན་ལྷུང་བས་དུས་ཀྱིས་ནི། །མཁས་པས་དུས་ཀྱིས་སྐད་ཅིག་ལས། །ངེས་པར་བརྟག་པར་བྱ་བ་ཡིན། །གཡོན་ནས་རླུང་ནི་རྒྱུ་བ་ན། །ཐམས་ཅད་དུ་ནི་སྐྱེས་བུར་བྱེད། །གཡས་ནས་ངེས་པར་རྒྱུ་བ་ནི། །
ཀུན་དུ་བུ་མོར་འབྱུང་བ་ཡིན། །ཐབས་དང་ཤེས་རབ་ཆ་ལས་ནི། །བཟློག་པའི་གོ་རིམས་ཤེས་པར་བྱ། །གཉིས་ཀའི་དབུས་སུ་རྒྱུ་བས་ན། །མ་ནིང་དང་ནི་ཟ་མར་འབྱུང་། །འདི་དག་འགྱུར་བ་ངོ་ཤེས་པས། །ཐོབ་པ་མཚན་ཉིད་བརྟག་པར་བྱ། །འདི་ལྟར་གསང་བའི་
Vol. 82 · folio 304b
ལུས་འབྱུང་བ། །བསྐྱེད་དང་གནས་པ་འཇིག་ཚུལ་དུ། །འདིར་ནི་རྒྱས་པར་བསྟན་པའོ། །དེ་ལྟར་བཅོམ་ལྡན་མགོན་གསུངས་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཐམས་ཅད་དགྱེས་པ་བསྐྱེད་གྱུར་ཅིང་། །ཀུན་དུ་བཟང་པོའི་ཚུལ་འདི་ཞུས། །
མངོན་པར་བྱང་ཆུབ་ཡེ་ཤེས་ལས། །རིགས་ཀྱི་ཁྱད་པར་འབྱུང་བའི་དོན། །འགྲོ་བ་སངས་རྒྱས་རྣམ་པ་ཅན། །ངོ་བོ་ཉིད་ཤེས་སྙིང་པོའི་གནས། །རྡོ་རྗེ་འཛིན་པས་གང་གསུངས་པ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམས་ནི་ཕུང་པོ་རུ། །རགས་
དང་ཕྲ་དང་ཤིན་ཏུ་ཕྲ། །ལུས་འདི་དངོས་པོའི་ཚུལ་རྟོགས་པས། །ཕུང་པོར་ངེས་པར་སྐྱེས་པ་ཡིན། །སྲིད་པ་སྐྱེ་བའི་རིམ་ཤེས་པས། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འདི་ནི་རྣམ་པ་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་གི་གཉེན་གྱིས་
གསུངས། །དེ་དག་སྒྲིབ་པ་རྣམ་སེལ་སོགས། །ཀུན་གྱིས་ཐོས་ཤིང་ཁོང་ཆུད་ལ། །ལེགས་སོ་ལེགས་སོ་ཞེས་བརྗོད་ཅིང་། །ངོ་མཚར་གྱུར་ཅིང་རྨད་བྱུང་བའི། །དགོངས་པ་ཅང་ནི་མི་གསུང་བཞུགས། །འདི་དག་ཆོས་ཀུན་རབ་ཏུ་ཞི་ཞིང་གཉིས་མེད་པ། །
ཕྱོགས་བཅུ་ཀུན་ནས་སྣང་བའི་རྒྱལ་བ་དེ་བཞིན་གཤེགས། །དུས་གསུམ་སེམས་ཅན་ཁམས་རྣམས་འདུལ་བའི་དབང་བསྐུར་བ། །ལམ་རྒྱུད་མ་ལུས་གནས་ལས་གྲོལ་བྱེད་མཆོག་འདིར་རྒྱལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་
གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་ཁམས་བསྐྱེད་པ་དང་བསྡུ་བའི་དོན་བསྟན་པའི་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །
གསང་བ་དཔལ་ལྡན་བྱང་ཆུབ་སེམས། །སྲིད་ཞི་མཉམ་པར་སྡུད་མཛད་པ། །འབར་བ་དྲག་པོས་ཚུལ་འདི་གསུངས། །དཔལ་ལྡན་ཡིད་བཞིན་ནོར་བུའི་གནས། །སྤྱོད་པ་སྦྱིན་པའི་ཚུལ་བསྟན་པ། །གསང་བ་འགྲོ་བའི་དགོས་འདོད་སྐོང་། །ནོར་སྟེར་ལྕམ་དྲལ་
Vol. 82 · folio 305a
འདིར་བསྟན་པའོ། །ཛཱྃ་ཀྵྦིྃ། འཕགས་པ་ཡིད་བཞིན་ནོར་བུའི་མདོག །ཞལ་གསུམ་ཕྱག་དྲུག་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་སྤྲས་པ། །སྐུ་མདོག་ལས་བྱུང་རིགས་འཕྲོ་བས། །དོན་གྲུབ་རྒྱལ་པོས་དབུ་བརྒྱན་པ། །གཡས་པ་སྔོ་
ཞིང་གཡོན་དམར་བ། །དང་པོ་གཉིས་ཀྱིས་ནེའུ་ལེ་ཡི། །ཁ་ནས་སྐྱུག་བྱེད་ནོར་བུ་འཛིན། །གཡས་གཡོན་གཞན་གྱིས་རྒྱལ་མཚན་དང་། །བཱི་ཛ་པུ་ར་རིན་ཆེན་གྱི། །བཟང་པོའི་སྣོད་བཅས་འཛིན་པར་བསམ། །དེ་ལས་གསང་བ་བདུད་རྩིའི་ཆུ། །རྩ་ལམ་ལག་
མཐིལ་བརྒྱུད་ནས་ནི། །དབུལ་བ་མཁས་པ་དག་གིས་བྱ། །ཉིན་རེ་ཞིང་དུ་མཆོད་བྱས་ནས། །དེ་ལ་དངོས་གྲུབ་ངེས་སྟེར་བྱེད། །འཕགས་མ་ནོར་ལྡན་མ་བསྐྱེད་པ། །ཞལ་གསུམ་ཕྱག་དྲུག་གུར་ཀུམ་མདོག །གཡས་དཀར་གཡོན་དམར་ལྗང་སྤྱན་གསུམ། །
དང་པོ་པི་ཙུ་ད་ལ་དང་། །གཡོན་པས་འབྲུ་ཡི་སྙེ་མ་འཛིན། །ལྷག་མས་བུམ་པ་པདྨ་སྣོད། །ཡིད་བཞིན་ནོར་བུ་དཔལ་བེའུ་འཛིན། །འདི་ནི་རིན་ཆེན་སྣ་ཚོགས་པའི། །ཕྲེང་བ་འོད་འཕྲོ་བསམ་པར་བྱ། །དེ་ལས་སྤྲོ་དང་བསྡུ་བ་ནི། །གནོད་སྦྱིན་མོ་ནི་རྣམ་མང་པོ། །
ཟླ་བ་བཟང་དང་རབ་བཟང་མ། །བདེ་སྦྱིན་མ་དང་སྟོབས་ཆེན་མོ། །ལྷ་མོ་བཀྲ་ཤིས་སྦྱིན་པ་མོ། །དཔལ་སྦྱིན་མ་དང་དོན་གྲུབ་མ། །རབ་དགྱེས་བདེ་སྦྱིན་མི་འཁྲུགས་མ། །ཡང་དག་རྒྱན་མ་འདི་རྣམས་ཏེ། །འཁོར་ལོས་ཡོངས་སུ་ལེགས་བསྐོར་མ། །རིན་ཆེན་
གཞལ་ཡས་ཁང་གནས་པའི། །ལྷ་མོ་རྣམས་ལ་དུས་གསུམ་དུ། །བསྲེག་སྤོས་དབུལ་ཞིང་ཕྲིན་ལས་གཞོལ། །འདི་ནི་གསང་བ་མ་ལུས་པའི། །གནོད་སྦྱིན་མོ་ཡི་རྟོག་པར་གསུངས། །འདི་ལས་འདའ་བར་བྱེད་པ་ནི། །གསང་བ་ཚུལ་གནས་མ་ཡིན་ན། །
དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། །འཇིག་རྟེན་དབང་ཕྱུག་རྒྱལ་བ་ཡི། །གསུང་གི་རྣམ་པར་འཕྲུལ་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །འདི་ཉིད་དེ་མ་ཐག་ཕྱུང་ནས། །ཡེ་ཤེས་དམ་པ་བཀའ་སྩལ་ཏོ། །ཧྲིཿཤིན་ཏུ་དབེན་ཞིང་རབ་ཏུ་ཉམས་དགའ་
Vol. 82 · folio 305b
བར། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱ། །དེ་ཉིད་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་རབ་ཏུ་བསྒོམ་པར་བྱ། །དེ་ཡི་དབུས་གནས་ས་བོན་དམར་པོར་འཕྲོ། །དེ་ལས་སྤྲོ་བསྡུའི་འོད་ཀྱི་སྣང་བ་
ལས། །མ་ལུས་འགྲོ་ཚོགས་ལེགས་པར་སྦྱངས་ནས་ནི། །དག་པར་བྱེད་པའི་ས་བོན་ལ་ཞུགས་ཏེ། །པདྨ་གེ་སར་འོད་བཅས་ཡོངས་གྱུར་པས། །སྐད་ཅིག་དེ་ལས་རྗེ་བཙུན་སྤྱན་རས་གཟིགས། །ཞལ་གསུམ་ཕྱག་དྲུག་པདྨ་རཱ་གའི་མདངས། །གཡས་པ་
ཀུནྡ་ཨུཏྤལ་སྔོ་འདྲ་གཡོན། །རིན་ཆེན་སྣ་ཚོགས་རྒྱན་སྤྲས་ཐུགས་རྗེ་ཅན། །དང་པོ་གཉིས་ཀྱིས་ཡེ་ཤེས་རིག་མ་ལ། །རྡོ་རྗེ་སེ་གོལ་སྦྱོར་བས་འཁྱུད་པར་མཛད། །བར་མས་པདྨ་སྡོང་བུ་ནོར་བུ་འཛིན། །ཐ་མས་རལ་གྲི་འཁོར་ལོ་བསྣམས་པའོ། །དར་གྱི་ཅོད་པན་སྣ་
ཚོགས་ཀྱིས་བརྒྱན་མཛེས། །དེ་ཡི་ཐུགས་ཀར་ཟླ་བ་ལ་གནས་པ། །རང་སྲོག་ས་བོན་ཧྲིཿཡིག་རྣམ་པར་བསམ། །དེ་ཡི་འོད་ཟེར་མ་ལུས་ཚོགས་འཕྲོས་པས། །འགྲོ་བ་མ་ལུས་དོན་ནི་ཕུན་ཚོགས་པའོ། །རྟོག་པའི་རྙོག་མ་མ་ལུས་སེལ་བྱེད་པ། །ཐུབ་པའི་དབང་
པོ་ཕྱོགས་མཚམས་རབ་འཕྲོས་པས། །སྣ་ཚོགས་ནོར་བུ་འགྲོ་བའི་དོན་མཛད་ནས། །སླར་འདུས་རང་ལ་ཕྱུང་བའི་དཀྱིལ་འཁོར་པའི། །འཁོར་ལོའི་ལྷ་ཚོགས་དུ་མ་བསམ་པར་བྱ། །རྡོ་རྗེ་ཆེན་པོའི་སྙིང་པོ་ཡི། །ཁ་དོག་དཀར་པོ་རྣམ་པར་བསམ། །ཧཱུྃཿའོད་ཀྱི་སྤྲིན་
གྱིས་ཤིན་ཏུ་འབར། །ཟླ་བའི་འོད་ཟེར་བཞིན་དུ་བསིལ། །གནས་བཞི་དག་ཏུ་སྦྱོར་བ་ཡི། །དེ་མ་ཐག་ཏུ་འབྱུང་བར་བྱེད། །ལན་གསུམ་ལེགས་པར་བསྒོམས་པས་ནི། །སྐྱུག་པ་དག་ཏུ་རྣམ་བསམས་ནས། །ནམ་མཁའ་གང་བའི་དུག་ཀུན་ཡང་། །དེ་མ་ཐག་ཏུ་མེད་པར་
བྱེད། །འདི་ནི་དངོས་ཀྱི་དུག་ཞི་བར་བྱེད་པའོ། །ཨཱཿ འབྲས་དང་ཕོལ་མིག་འབྲུམ་བུ་དང་། །གང་གཞན་ནད་དུ་བཤད་པ་རྣམས། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །བསམ་པ་ཙམ་གྱིས་མེད་པར་འགྱུར། །པདྨ་འབར་བ་འདབ་བརྒྱད་པ། །དེ་ཡི་དབུས་སུ་དུག་བསམས་
Vol. 82 · folio 306a
ནས། །འོད་ཟེར་ལྔ་ནི་རྫོགས་པར་སྤྲོ། །དུག་བསྡུ་བ་ནི་ཁ་དོག་ནག །བསྐུལ་བའི་ཞི་བྱེད་དཀར་པོ་ཡིན། །བསམ་གཏན་གནས་ནི་གསང་བ་གང་། །ཡེ་ཤེས་དྲི་མེད་གསང་ཆེན་ཡིན། །དེ་ལ་འདིས་ནི་ཉེ་བའི་དུག་ཐམས་ཅད་དྲང་བའི་སྙིང་པོའོ། །གང་དུས་
བདག་ཀླུ་ལས་གྱུར། །གནོད་པ་ངན་པ་བྱུང་གྱུར་པ། །འདིས་ནི་སྐད་ཅིག་དག་གིས་ཀྱང་། །ངེས་པར་ཞི་བར་བྱེད་པ་ཡིན། །དཔལ་ལྡན་སེང་གེ་སྒྲ་སྦྱོར་བས། །གདུག་པའི་འཚེ་བ་ཞི་བྱེད་པ། །པད་སྡོང་ཐོད་པ་བདུད་རྩི་བཅས། །དེ་ནི་མེ་ཏོག་རབ་བཀང་བ། །ཏྲི་ཤཱུལ་
ས་གསུམ་གནས་ལས་སྐྱོབས། །རྒྱལ་པོ་རོལ་པའི་ཚུལ་བསྟན་པའོ། །ཐུགས་རྗེས་དུག་སེལ་བར་མཛད་པ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོའི་རྡོ་རྗེ་
གསུམ་གྱི་གསང་བ་གསང་བ་གསུམ་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུངས་པའོ། །ནམཿས་མནྟ་ཀཱ་ཡ་བཱ་ཀྩི་ཏྟ་བཛྲཱ་ནཱཾ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ། ཙཀྲ་བིརྟི། བིཙཱུར། ཞུཥྵཱིཥ་བི་ཛ་ཡ། ཙཀྲ་བི་རྟིཿ། བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཨ་མུ་ཀྃ་མཱ་ར་ཡ་ཕཊ། དེ་
ནས་འདི་ནི་གསུངས་ཙམ་གྱིས། །རིག་པའི་རྒྱལ་པོ་རྗེས་སུ་དྲན། །སངས་རྒྱས་རྡོ་རྗེ་སྐུ་གསུམ་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས། །ཞགས་པ་རྡོ་རྗེ་ལྕགས་ཀྱུ་འཛིན། །སངས་རྒྱས་འགུགས་པ་དམ་ཚིག་ཡིན། །སངས་རྒྱས་སྐུ་གསུམ་སྦྱོར་བ་ཡིན། །འཁོར་ལོ་ཆེན་པོའི་སྦྱོར་
བ་ཡིས། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །རྟག་ཏུ་ངེས་པར་འགུགས་པར་འགྱུར། །འདི་ནི་ཡེ་ཤེས་མེ་སྦྱོར་བས། །སྤར་བའི་དངོས་གྲུབ་གནས་ཐོབ་བྱེད། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྡོ་རྗེ་ལྕགས་ཀྱུའི་འོད་ཟེར་གྱིས། །སྔགས་
རྣམས་ཐམས་ཅད་འགུགས་པའི་མཆོག །རྡོ་རྗེ་ལས་བྱུང་ཐམས་ཅད་པ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །རབ་ཏུ་མཛེས་མའི་མཆོག་རྣམས་ཀྱིས། །སྙིང་གར་རྡོ་རྗེ་འབར་བར་སྦྱར། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །སྐུ་གསུང་
Vol. 82 · folio 306b
ཐུགས་ཀྱི་རྡོ་རྗེའམ། །རང་སྔགས་དོན་གྱི་ཡོན་ཏན་གྱིས། །གཙུག་ཏོར་འཁོར་ལོས་སྒྱུར་སྦྱོར་བས། །བཀའ་ཡི་འཁོར་ལོ་སྦྱར་བར་བྱ། །སྔགས་ཀུན་བསྲུང་ཕྱིར་ཡེ་ཤེས་མཆོག །རྡོ་རྗེ་ཅན་གྱིས་བྱ་བ་སྟེ། །འདི་ནི་རྡོ་རྗེ་མ་ལུས་པའི། །བྱང་ཆུབ་སྲུང་བའི་དོན་ཆེན་བྱ། །བཅོམ་ལྡན་
འདས་ཀྱི་སྐུ་ཡེ་ཤེས་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་རྟ་མགྲིན་དུ་བསྒོམ་པ། །ཁྲོ་བོའི་འོད་ཟེར་མང་པོ་དག །ཐམས་ཅད་དུ་ནི་རྣམ་པར་འཕྲོ། །ཀླུ་རྣམས་མ་ལུས་
ཞབས་ཀྱིས་མནན། །མཐོང་བ་དང་ནི་རེག་པ་དང་། །ཁ་རླངས་དུག་རྣམས་ཞི་བྱེད་པ། །ཀླུ་རྣམས་ཀྱིས་ནི་རྒྱན་དུ་བྱས། །ཁ་དོག་འབར་བ་དམར་བའི་སྐུ། །རྫོགས་སངས་དཔག་མེད་དབུ་རྒྱན་ཅན། །བསམས་ན་རྡོ་རྗེ་ཅན་འདི་མཉེས། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །ཁྲོ་བོ་ཀུན་གྱི་དམ་ཚིག་
སྟེ། །གསང་བ་ཉེ་བར་བསྟན་པ་ཡིན། །དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས་ཚེ་དཔག་ཏུ་མེད་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་པདྨོ་འབྱུང་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རབ་ཏུ་ཕྱུང་ངོ་། །ཨོཾ་ནམཿས་མནྟ་ཀཱ་ཡ་བཱ་ཀྩི་ཏྟ་
བཛྲཱ་ཎཱཾ། ཨོཾ་ཤྲཱི་བཛྲ་ཀྲོ་དྷ་པ་དྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་བ་ཧཱུྃ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཆོས་ཀྱི་རྡོ་རྗེ་ཆེ་མཆོག་སྐྱེས། །དེ་ནས་འཇིགས་ཤིང་བརྒྱལ་བར་འགྱུར། །ཡེ་ཤེས་རྒྱལ་པོ་རྗེས་སུ་དྲན། །མཁའ་དབྱིངས་དུག་གིས་ཡོངས་གང་བ། །རྡོ་རྗེ་ཧ་ལ་ཧ་ལ་
འོད། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ཡིས། །དུག་རྣམས་སྐད་ཅིག་གིས་མེད་བྱེད། །རྡོ་རྗེ་རྟ་མཆོག་བསྐྱེད་པ་འབྱུང་བ་རྡོ་རྗེས་གསུངས་སོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་བདུད་རྩི་བཅུད་
གྱུར་མཆོག །འབར་བའི་འོད་ཟེར་འཕྲོ་བ་ཅན། །རྡོ་རྗེ་སྤྲིན་ནི་ཀུན་དུ་འཁྲུགས། །ཁྲོས་ཤིང་ཁྲོ་བཅས་གནག་པ་དང་། །མཆེ་བ་རབ་ཏུ་རྣོ་བ་ནི། །རྔ་སྒྲའི་དམ་ཚིག་དབུ་བརྒྱན་པ། །བསྒོམས་ན་ཁྲོ་བོ་མཆོག་འདི་མཉེས། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱིས། །འདའ་བར་དཀའ་བའི་
Vol. 82 · folio 307a
དམ་ཚིག་ཡིན། །བཅོམ་ལྡན་འདས་སྐུ་རྡོ་རྗེའི་དམ་ཚིག་གི་འོད་ཟེར་སྟུག་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁྲོ་བོ་མི་འཆི་གསང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་འདི་རབ་ཏུ་ཕྱུང་ངོ་། །ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿ
བིགྷྣཱ་ནྟ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུ་རབ་ཏུ་བསྒོམ། །འབར་བ་མེ་སྟག་འཕྲོ་བ་ཡིས། །ཕྱོགས་བཅུའི་དཀྱིལ་འཁོར་ལ་གདབ་བྱ། །རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །གདུག་ཅིང་ཁྲོ་བ་ཚར་གཅད་ལ། །སངས་རྒྱས་གཟུགས་ཀྱི་
དངོས་གྱུར་པ། །རྡོ་རྗེའི་སྦྱོར་བས་བྱས་པ་ན། །སྤྱི་བོ་དང་ན་མགྲིན་པ་དང་། །སྙིང་ག་ནས་ནི་རྐང་པའི་བར། །རྡོ་རྗེ་ཕུར་བུས་རབ་ཏུ་བསྒོམ། །དམ་ཚིག་འདི་ལས་འདའ་མི་བྱ། །འདི་ནི་ཕུར་བུའི་རྣམ་པར་འཕྲུལ། །བསམ་གཏན་རྡོ་རྗེ་ཕུར་བུ་ཡིས། །སངས་རྒྱས་དག་ཀྱང་ངེས་པར་
འདེབས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུས་བཏབ་ན་མེད་པར་འགྱུར། །མི་ཡི་རུས་པའི་ཕུར་བུ་ནི། །རྡོ་རྗེ་སྐུ་ཡི་ཕུར་བུ་སྟེ། །གཏི་མུག་གནས་ལ་གདབ་པར་བྱ། །ཕོ་རླུང་དག་པའི་གནས་གྱུར་པའོ། །སེང་ལྡེང་རྩ་ལི་ཕུར་བུ་ནི། །རྡོ་རྗེ་གསུང་གི་ཕུར་བུ་སྟེ། །འདོད་
ཆགས་གནས་ལ་གདབ་བྱ་བ། །མོ་རླུང་དག་པའི་གནས་གྱུར་པའོ། །ལྕགས་ལས་བྱས་པའི་རྡོ་རྗེ་གཅེས། །རྡོ་རྗེ་ཐུགས་ཀྱི་ཕུར་པ་སྟེ། །མ་ནིང་རླུང་ནི་གནས་གྱུར་བྱེད། །ཞེ་སྡང་གནས་ལ་ངེས་གདབ་ཡིན། །དངོས་པོ་ཐ་དད་འཛིན་པ་ཡི། །ཡེ་ཤེས་སྐུ་གསུམ་འཇིག་བྱེད་
འགྱུར། །རྡོ་རྗེ་སེམས་དཔའ་མཉམ་བཞག་པ། །རྡོ་རྗེ་གསུམ་གྱི་སྐུ་ཡི་མཐར། །རིག་མའི་བྷ་གའི་དཀྱིལ་འཁོར་གནས་གྱུར་པ། །དེ་དག་གསལ་བར་དམིགས་ནས་ནི། །ལྷ་རྣམས་གནད་ལ་དབབ་བྱ་བ། །བྱིན་རླབས་ཤིན་ཏུ་མྱུར་འདོད་པས། །འོད་འཕྲོ་འཁྲུག་ཅིང་མདངས་
ལྡན་པའི། །གཟུགས་བརྙན་རྡོ་རྗེ་ཕུར་བུ་ཡི། །བྷ་ག་ལ་ནི་ངེས་གདབ་པ། །འདི་ཉིད་སྐུ་གསུང་ཐུགས་གྱུར་པའི། །རྡོ་རྗེ་ཕུར་བུའི་སྦྱོར་བ་ཅན། །སྐུ་གསུང་ཐུགས་གསུམ་ལྷ་བསྐྱེད་པ། །གནས་གང་དུ་ནི་སྙོམས་འཇུག་པས། །ཕུར་བུས་གདབ་པར་གྱུར་པ་ཡིན། །གསང་བའི་པདྨ་
Vol. 82 · folio 307b
ཉམས་དགའ་བར། །རྡོ་རྗེ་ཕུར་བུ་ལིང་ག་ཡི། །བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས། །བདུད་རྩི་འབབ་པས་ཕུར་གདབ་ཡིན། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །རང་གི་ཕྱག་རྒྱའི་བྷ་གར་ནི། །བདེ་བས་ཕུར་བུ་ངེས་པར་འདེབས། །དེ་ཡི་དེ་མ་ཐག་ཏུ་ཡང་། །ཕུང་
པོ་ཁམས་དང་སྐྱེ་མཆེད་དང་། །ལུས་ཀུན་ལ་ནི་གནས་གྱུར་པའི། །ལྷ་རྣམས་བདུད་རྩིའི་ཆ་དག་ཏུ། །ངེས་པར་ཞུ་བས་དེ་ལས་བསྐུལ། །ཤིན་ཏུ་ཞུ་བར་གྱུར་པ་ལས། །བྱང་སེམས་བདེ་བའི་ཁུ་བ་དག །སྣང་བ་དཀྱིལ་འཁོར་བདག་ཉིད་དེ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་
ཆེ། །ཕུར་བུས་བཏབ་ན་ངེས་པར་འཆི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །གསང་བའི་ཚུལ་ལ་གནས་པ་ཡིས། །རྩ་རླུང་བྱང་ཆུབ་སེམས་རྣམས་ནི། །བདེ་སྟོང་གཉིས་མེད་གྱུར་པས་ན། །འཆི་བ་ཞེས་ནི་བརྗོད་པ་ཡིན། །ཕྱི་རོལ་ནད་གདོན་ཉོན་མོངས་དག །བདུད་བཞི་བཅོམ་པས་
ལྡང་བར་འགྱུར། །གསང་བ་དམ་པ་བསྡུས་པ་ཡིས། །སྙིང་པོ་མཆོག་ཏུ་འབྱུང་བ་ཉིད། །རྡོ་རྗེ་ཕུར་བུ་བསྟན་པ་གདབ་པར་བྱ་བའི་ཏིང་ངེ་འཛིན་བསྟན་པའོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །འགྲོ་བའི་གནོད་པ་ཞི་བྱེད་པ། །བཀའ་ཡི་འཁོར་ལོ་རྒྱས་པ་པོ། །དེ་ཉིད་དང་
ལ་གནས་པར་གྱུར། །བཅོམ་ལྡན་རྣམ་པར་སྣང་མཛད་དཔལ། །སྐུ་ཡི་རྣམ་པར་འཕྲུལ་པ་ནི། །ངེས་འབྱུང་རྡོ་རྗེའི་ཏིང་འཛིན་ལ། །སྙོམས་པར་ཞུགས་ཏེ་ཚུལ་འདི་གསུངས། །འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །རྡོ་རྗེ་སེམས་དཔའ་མཉམ་བཞག་ནས། །རྡོ་རྗེ་གསུམ་
གྱི་སྐུ་ཡི་མཐར། །གཟུགས་བརྙན་བསམས་ནས་སྦྱང་བར་བྱ། །སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི། །ནམ་མཁའི་དབྱིངས་ཀྱི་དབུས་བསམས་པ། །སྔགས་ཀྱི་རྡོ་རྗེ་རྣམ་པ་བཞི། །འདིས་ནི་རྡོ་རྗེ་གནས་གསུམ་བྱེད། །ཆོས་ཉིད་ཡེ་ཤེས་ངང་ལས་བསྡུས་པ་ཡིས། །སྟོང་ཉིད་བྱང་ཆུབ་
སེམས་ཀྱི་ངང་ཉིད་ལས། །རང་བྱུང་རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་གཙོ་བོ་སྤྲོ་དང་བསྡུས་བྱས་ལ། །ཧཱུྃ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱ་བ། །གུར་ཀུམ་བཟང་པོའི་མདོག་ཅན་དམར་སེར་ལ། །གཡས་དང་གཡོན་པའི་ཞལ་ནི་དཀར་དང་སྔོ། །སྣ་ཚོགས་རྒྱན་གྱིས་རྣམ་པར་
Vol. 82 · folio 308a
བརྒྱན་པ་ཡི། །ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་། །མདངས་ལྡན་རལ་གྲི་དང་ནི་ཨུཏྤ་ལ། །ཤེས་རབ་མདའ་གཞུ་ལེགས་པར་འཛིན་པ་མཛད། །དེ་ཉིད་ཤིན་ཏུ་གསལ་བའི་སྐུ་རུ་བསྒོམ། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་བྱིན་བརླབས་པའི། །ས་བོན་རྒྱས་
གདབ་དེ་འདྲ་གཉིས་མེད་བསྟིམ། །ཡེ་ཤེས་དབང་བསྐུར་དམ་པས་རྒྱས་གདབ་བྱ། །མ་ལུས་རིགས་ཀྱི་འཁོར་ལོ་སྤྲོ་བ་ཡི། །ཚུལ་གནས་ཡེ་ཤེས་སྤྱོད་པ་གོ་འཕང་ཉིད། །ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང་། །ནམ་མཁའི་སྙིང་པོ་འཇིག་རྟེན་དབང་ཕྱུག་དང་། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བར་
བཅས། །དཔལ་ལྡན་ཀུན་དུ་བཟང་པོ་ཞེས་བྱ་བ། །དེ་དག་མིག་ལ་སོགས་པ་གྲངས་བཞིན་དུའོ། །གཟུགས་དང་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་དང་ནི་ཆོས་དབྱིངས་རྡོ་རྗེ་དང་། །ས་དང་ཆུ་དང་མེ་དང་རླུང་རྣམས་ནི། །ངོ་བོ་ཉིད་གྱུར་སྤྱན་ལ་སོགས་པར་གྲགས། །གཟུགས་དང་ཚོར་བ་དེ་བཞིན་
འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ། །རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་ཏེ། །རྡོ་རྗེ་ས་བོན་གྱིས་ནི་དབྱུང་བར་བྱ། །ཀྵིཾ་ཛྲྃ་ཁྃ་གྃ་ཁྲཱྃ་སྃ་ཞེས་བཤད་པ། །འདི་དག་མིག་ལ་སོགས་པ་རྣམས་ཀྱི་ཡིན། །ཛཿཧཱུྃ་བྃ་ཧོཿཁྃ་རྃ་ཞེས་བཤད་པ། །དེ་དག་གཟུགས་ཀྱི་རྡོ་རྗེ་
ལ་སོགས་པའོ། །མཱྃ་ལཱྃ་པཱྃ་ཏཱྃ་ཞེས་བྱ་བཞིར་བཤད་པ། །དེ་དག་སྤྱན་ལ་སོགས་པ་རྣམས་ཀྱི་ཡིན། །བྷྲཱུྃ་ཨྃ་ཛྲྃ་ཁྃ་ཨོཾ་ཞེས་བྱ་བ་དག །རིམ་པ་ཇི་བཞིན་རྟག་པ་ལ་སོགས་པའི། །རང་རང་གི་ནི་ངོ་བོ་རྣམ་དག་པ། །རིམ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་གྱུར། །དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་
བུར་ནི། །ཆོས་ཉིད་ཀྱིས་ནི་ཕན་ཚུན་ཁྱད་པར་མེད། །ཕྱིན་ཅི་ལོག་གི་རྟོག་པ་ལས་གྲོལ་བས། །བྱ་བ་མ་ལུས་པར་ནི་རྫོགས་པར་བྱ། །ཐུབ་པའི་འཁོར་ལོ་མ་ལུས་མཆོད་པར་བྱ། །མཆོག་འདི་དེ་དག་ཀུན་དུ་རབ་ཏུ་དབུལ། །ཟས་ལ་སྤྱོད་ཚེ་སྙིང་གའི་ཟླ་བ་ཡི། །འཁོར་ལོའི་གཙོ་བོ་རང་གི་
གསང་སྔགས་ཀྱིས། །ཀུན་དུ་དམིགས་ཏེ་བྱང་ཆུབ་སེམས་ཀྱིས་ནི། །ངོ་བོ་ཉིད་གྱུར་འོད་དང་ལྡན་པར་བསམ། །དངོས་པོ་དེ་དག་གསུམ་གྱིས་བཟླས་བྱ་སྟེ། །ཐམས་ཅད་མཉམ་པ་ཉིད་དུ་རྣམ་དག་པ། །དེ་ཉིད་སྐུ་ཡི་རྡོ་རྗེ་ལ་སོགས་པ། །ལྷ་རྣམས་ཀུན་དུ་ཚིམ་པ་ཉིད་དུ་བྱ། །ཕྱི་ཡི་སྦྱིན་སྲེག་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words