དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་མཱཾ་རཀྟ་ཡ་མཱ་རི་ཏནྟྲ་རཱ་ཛ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 83 · folio 242b
བུ་ཟོས་པ་ལས། སྲེག་པར་མི་བྱེད་དོ་ཞེས་གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་ཐུན་མོང་གི་སྨན་གྱི་ལེའུ་སྟེ་ཉི་ཤུ་པའོ།། །།ཀྱེ་བཅོམ་ལྡན་འདས་ཅི་ལྟར་དུས་བྱེད་པ་དང་། སེམས་ཅན་བྱེད་པར་ངེས་པ་དེ་རྣམས་ཀྱི་རྒྱུ་མཚན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། རྐང་པ་དང་
རྐན་ལ་ཕུག་ནས་མིག་ཏུ་ཟུག་པ་ལས་ཟླ་བ་གསུམ་གྱིས་གྲུབ་བོ། །རྣ་བར་ཕུག་པས་ཟླ་བ་བཞིས་སོ། །མཛོད་སྤུར་ཟུག་པ་ལས་ཉི་མ་གཅིག་གིས་སོ། །རྐང་པ་དང་རྐན་ལ་ཕུག་ནས་ལྟེ་བར་ཟུག་པ་ལས་ཟླ་བ་གསུམ་གྱིས་འཆིའོ། །རྐང་པ་དང་རྐན་ལ་ཕུག་ནས་སྣ་ལ་ཟུག་པ་ལས་ཟླ་བ་
གསུམ་གྱིས་སོ། །བཤང་བ་རབ་ཏུ་འཛག་པའི་དུས་མཚུངས་པར་སྦྲིད་པ་བྱུང་ན་ལོ་གཅིག་གིས་སོ། །ཤིན་ཏུ་དགའ་བའི་རབ་ཏུ་གལ་ཏེ་སྦྲིད་པ་བྱུང་བ་དང་མཚུངས་པར་མཐེ་ཆུང་ཐམས་ཅད་དུ་ཟུག་པ་ལས་ཟླ་བས་སོ། །སྙིང་དང་མགྲིན་པར་ཟུག་པ་ལས་ཕྱོགས་གསུམ་གྱིས་སོ། །
མཚུངས་པར་རྐན་ལ་གསུམ་ཟུག་པ་ལས་ཉི་མ་གསུམ་གྱིས་སོ། །རྐང་པའི་མཐེ་བོང་ནས་བརྩམས་ནས་ལྟེ་བའི་མཐར་ཐུག་པར་ཟུག་པ་ལས་ཟླ་བ་དྲུག་གིས་སོ། །སྣའི་རྩེ་མོར་ཟླ་བས་དེ་དེར་གྱུར་ན་མཚན་མོ་བདུན་གྱིས་འཆི་བའི་དུས་སུ་འགྱུར་རོ། །རྣ་བ་དག་གི་དྲིལ་བུའི་སྒྲ་ལས་ཟླ་བ་གསུམ་
གྱིས་སོ། །རྣ་བ་གཉིས་དང་སྨིན་མའི་དབུས་དང་ཀླད་པའི་རྩེ་མོ་རྣམས་སུ་སོ་སོ་སོ་སོར་ཟུག་པ་ལས་ཉི་མ་གཅིག་གིས་སོ། །སེན་མོ་ལ་དམར་བའི་མཆོག་ཏུ་མཐོང་བ་ལས་ཟླ་བ་དྲུག་གིས་སོ། །སོ་བསྐམས་པ་ལས་ཟླ་བ་དྲུག་གིས་སོ། །བྱས་པ་ཤེས་པར་འགྱུར་བ་ཉིད། །རྡོ་རྗེ་སྐྱེས་བ་དེ་བདག་
ལ་གསོལ། །འདམ་སྐྱེས་འདབ་མ་གསུམ་པ་ནི། །གེ་སར་སྦྲང་རྩིས་བརྒྱན་པ་མཐོང་། །ཨེ་མ་བདེ་བ་ལྡན་པའི་ཞིང་། །ཆགས་པ་སངས་རྒྱས་ཉེ་བར་མཛེས། །ཆགས་ཅན་རྣམས་ཀྱིས་བདེ་བ་ཞི། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ཡིད་ནི་འདོད་ཆགས་ཀྱིས་དཀྲུགས་པས། །བུད་
མེད་གན་རྐྱལ་བསྒྱེལ་ནས་ནི། །ཕྲག་པར་རྐང་པ་ཟུང་བྱིན་ནས། །འོག་དང་སྟེང་དུ་ངེས་བརྟགས་ནས། །དེ་ཡི་པདྨ་རྒྱས་པ་ཡི། །པདྨའི་བུ་གར་འཇུག་པར་བྱེད། །པདྨའི་འདབ་མར་ཤའི་སྙིང་པོ། །ལྡན་པར་རྡོ་རྗེ་དེ་བཅུག་ནས། །ཇི་ལྟར་བདག་གི་ནུར་ནུར་བོ། །བྱེ་བ་ཉིས་སྟོང་འབུམ་
Vol. 83 · folio 243a
རྣམས་ཀྱིས། །དབུས་སུ་སེམས་ལ་རབ་མཆོད་བྱ། །བདག་ལ་རླུང་པང་སྙིང་པོ་ལས། །སྙིང་པོ་བླ་མེད་རྡོ་རྗེའི་རྩེར། །རཀྟ་བན་དྷུ་ཀ་དང་ལྡན། །བློ་ལྡན་དེ་དེར་བརྗོད་སྨྲ་བྱེད། །སླར་ཡང་སེམས་དཔའ་གཅིག་བསྒོམ་བྱ། །བདེ་བ་གཡོ་མེད་དམ་པའི་སེམས། །དེ་ལས་སོ་སོར་
མཆོག་སྦྱིན་ནས། །དགའ་བའི་སྐད་ཅིག་ཉིས་འགྱུར་ཉིད། །ཇི་སྲིད་རབ་བརྗོད་འདི་ལྟ་བུའི། །གཟུགས་སྐུ་སྐད་ཅིག་ཙམ་བསམ་བྱ། །བུད་མེད་རི་མོ་བསྐྱེད་མའང་ཅིག །འགྲོ་བ་རྣམས་ཀྱི་ཡང་གསུམ་མོ། །བདེ་བ་སྦྱིན་པ་ཞི་བར་རིག །ཅུང་ཟད་འདིར་ནི་རྟོག་པར་བྱེད། །ཁ་དྲག་ཆེད་དུ་
སྡིག་ལས་གནས། །དེ་དེས་གཏིང་དཔག་དཀའ་བ་ཅན། །ངུ་འབོད་དུ་ནི་རྟག་ཏུ་བརྡུངས། །རྣམ་མང་སྲེག་ཅིང་འོ་དོད་འབོད། །ལུས་ནི་བསྐལ་བ་གསུམ་དུ་གནས། །བུད་མེད་ཡོན་ཏན་བརྗོད་ཅི་དགོས། །སེམས་ཅན་ཀུན་ལ་ཡོངས་སུ་འཛིན། །སྙིང་རྗེས་ཉིན་མོར་བྱེད་པ་ལས། །བུད་མེད་སེམས་
ཀྱིས་སོ་སོར་གནས། །ནུབ་པར་གྱུར་པ་ལེགས་ཤེས་ཤིང་། །ཡོངས་སུ་ཤེས་པའང་རྒྱས་པར་བྱེད། །གལ་ཏེ་དེ་ལྟའི་སློང་མོའི་གཟུགས། །གཞན་མིན་རྡོ་རྗེ་རྣལ་འབྱོར་མ། །དེ་ཡི་ནུབ་དང་མཐོང་བ་ནི། །ས་དང་ས་ལ་རིང་བ་ལས། །གང་གིས་དྲན་པར་བྱེད་ཙམ་གྱིས། །སྐད་ཅིག་དེ་ལས་བདེ་བ་
མྱོང་། །ཕྱོགས་ཉིད་ཡུལ་དང་བུད་མེད་ཉིད། །ལྷ་ཡི་གཟུགས་ཀྱིས་ཡང་དག་གནས། །ཕྱག་རྒྱ་དེ་ལ་ཕན་བྱས་ནས། །ཡིད་ལྡན་དེ་ལ་གནས་པར་བྱེད། །དེ་ཕྱིར་སྐྱོན་ལས་རྣམ་པར་གྲོལ། །ཡོན་ཏན་དམ་པ་ཀུན་ལ་མཁས། །བསོད་ནམས་བསོད་ནམས་བསོད་ནམས་ཆེ། །རབ་དང་བྱེད་པ་མཐར་
ཕྱིན་ཅན། །དེ་ཕྱིར་དེ་ལ་བརྟན་བལྟས་ནས། །དེ་མཆུ་སོ་ཡིས་བཙིར་བྱས་ཏེ། །རྣལ་འབྱོར་པ་ཤཱིཏ་སྒྲོགས་བྱེད་ཅིང་། །དེ་ལའང་སྟ་ཟུར་དུ་བྱ་བ། །རང་བདེ་འབྱུང་བ་བཅིང་བར་བྱ། །ས་མ་དམྦྷ་ཀ་ཉིད་ཀྱང་། །བཅིང་བ་འདས་ཚོགས་མིང་ཅན་ནོ། །བུང་བའི་དྲ་བ་བཅིངས་པ་ཡང་། །རྐང་པ་སྟེང་ནས་
འཁྲུལ་འཁོར་ལོ། །དེ་བཞིན་ཁོ་ནར་རུས་སྦལ་གྱི། །བཅིངས་པའང་ཀུན་ལས་བཟང་པོ་ཉིད། །དེ་ལ་སྐྱིལ་ཀྲུང་དབུས་སུ་ནི། །ལྔ་གསུམ་ཙོག་པུའི་གདན་དུ་ནི། །བྱས་ནས་དཔུང་པ་ཟུང་ལ་ནི། །དེ་ནས་བཅོམ་ལྡན་འདས་མ་ཡིས། །བཅོམ་ལྡན་འདས་ལ་དམ་པོ་ཡིས། །འཁྱུད་ནས་པདྨས་རྡོ་རྗེ་
Vol. 83 · folio 243b
ནི། །རྒྱས་པར་བྱས་ནས་རབ་གསོལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །སྒོམ་པ་ཅི་ལྟ་བུ་ཞིག་འགྱུར། །རྣལ་འབྱོར་བ་རྣམས་ཕན་དོན་དུ། །ཞུས་པ་འབྲས་བུ་བཅས་པར་མཛོད། །བཀའ་སྩལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་གང་། །རྣལ་འབྱོར་བརྩོན་པའི་རྣལ་འབྱོར་པ། །ཉིན་
མཚན་མཉམ་པའི་ཚུལ་དུ་ནི། །སེམས་གཅིག་གིས་ནི་བསྒོམ་པར་བྱ། །དགེ་ལེགས་གང་བསྒོམ་རྟག་བྱ་བ། །སྲིད་པའི་ངོ་བོས་ངེས་པར་རྒྱས། །ཤིན་ཏུ་བརྟན་ཞིང་མངོན་སྦྱོར་བས། །ཇི་བཞིན་ཁོ་ནར་གསལ་བར་འགྲོ། །དེ་ནས་མ་དང་བུ་མོའམ། །རྣལ་འབྱོར་མ་དང་ཚ་མོ་དང་། །གཞན་ཡང་ཉེ་དུ་མོ་
རྣམས་ཀུན། །གཏུམ་མོ་དེ་བཞིན་བྲམ་ཟེ་མོ། །མི་མོའི་ཚོགས་ནི་འདི་དག་སྦྱིན། །ཆོ་ག་བཟང་པོས་ཀུན་བསྙེན་བྱ། །ཇི་ལྟར་དབྱེ་བ་མི་ཤེས་པ། །དབྱེ་བས་རྗེ་བཙུན་ཆོག་ཤེས་པ། །སྒྲུབ་པོ་མནར་མེད་འཁྲིད་པར་བྱེད། །འདིར་ནི་འཇིག་རྟེན་འགལ་བ་ཉིད། །འཇིག་རྟེན་ཕ་རོལ་བདེན་པ་བཅོམ། །དེ་
ཕྱིར་ཀུན་ཏུ་རབ་འབད་པས། །བློ་བཟང་ལེགས་པས་ཡང་དག་བརྩམ། །མཁའ་འགྲོ་མ་སྔགས་བཞིན་སྦས་ནས། །ཇི་ལྟར་སངས་རྒྱས་ཀྱིས་གསུངས་པའི། །ཡིད་དང་རྗེས་མཐུན་ཕྱོགས་སུ་ནི། །ཉེ་བར་འཚེ་བ་ཀུན་སྤངས་ཏེ། །རང་སེམས་དགའ་བའི་འདོད་པ་མོ། །རབ་དང་དེ་དག་ཡང་དག་
བླངས། །དབེན་ཞིང་དུབ་པ་མེད་བྱས་ནས། །ཇི་སྲིད་རྙེད་པའི་གོས་དང་ནི། །གཉིས་ཀྱིས་བརྟན་པར་བསྒོམ་པར་བྱ། །བློ་བཟང་ཕན་ཚུན་སྦྱོར་བ་ལས། །བུད་མེད་རང་ལ་མངོན་ཕྱོགས་བྱས། །ཞུགས་ནས་གཉིས་དག་ཕན་ཚུན་དུ། །ཆགས་པས་བརྟན་པར་བརྟག་པར་བྱ། །དེ་
ནས་བལྟ་དང་ཁར་བརྗོད་པ། །རྩེ་གཅིག་ཡིད་ཀྱིས་གནས་པར་བྱ། །དེ་བཞིན་དེ་ཉིད་ལས་བརྗོད་བྱ། །བདེན་པའི་གཟི་བརྗིད་ཤིན་ཏུ་བྱེད། །དེ་ཡི་བུ་དང་ཁྱིམ་ཐབ་ཁྱོད། །བདག་ལ་སྤུན་དང་ཕ་ཞིང་པ། །ཁྱོད་ངའི་མ་དང་ཆུང་མ་སྟེ། །རྣལ་འབྱོར་མ་དང་ཚ་མོ་དང་། །སྐྱེས་
བུ་བདུན་གྱི་འབངས་ང་ཡིན། །ཁྱོད་ཞལ་ཅན་གྱི་འབངས་དང་བྲན། །སྨྲ་བ་དེ་འདྲར་བརྗོད་པར་བྱ། །བདེ་བ་གཟི་བརྗིད་བྱེད་པའི་མཆོག །ཁྱོད་ངའི་ཕ་མ་ཆུང་མ་དང་། །རྣལ་འབྱོར་མ་དང་ཚ་མོ་དང་། །ང་ནི་ཁྱོད་ཀྱི་དུས་ཀུན་འབངས། །མདུང་ཐུང་རྣོན་པོ་མཆོག་ཏུ་གཞོལ། །བརྩེ་
Vol. 83 · folio 244a
བའི་མ་ཡིས་བདག་ལ་གཟིགས། །བསྙེན་པའི་ལྟ་བས་ངེས་རྟོགས་པས། །དེ་བདག་སྐྱེས་བུ་མཐོང་ནས་ནི། །ཡང་དང་ཡང་དུ་འོ་བྱས་ནས། །ཡི་གེ་གསུམ་ནི་སྟེར་བར་བྱེད། །རྡོ་རྗེའི་སྦྲང་རྩི་མཚུངས་པའི་ཁྲག །པདྨ་ས་འཇིགས་པར་བྱའོ་དེའི། །
མཐོང་ནས་མིག་ནི་རྣམ་པར་འཁྲུལ། །གདོང་ཡང་དྲི་ཡིས་བྱུགས་བྱས་ནས། །དེ་ནས་ནུ་མར་བཙིར་བར་བྱ། །བསྟན་པར་ཀུན་ཏུ་ཁར་དེའི་ཁར། །རེག་ནས་ཁ་རུ་སྦྱིན་པར་བྱེད། །གཡོ་བར་བྱེད་ཅིང་སྨྲ་བར་བྱ། །དེ་ཡིས་འདི་འདྲར་བརྗོད་པར་བྱ། །བདག་གི་ཨ་རུནྡྷཏྟེ་ནི། །
མཐོང་ཕྱིར་བཟའ་བ་རྣམ་སྣང་མཛད། །ཟླ་དྲུག་ལྟེ་བ་ཕྱིན་ཅི་ལོག །བུ་ག་ཐམས་ཅད་མཐོང་བའི་ཕྱིར། །ཧ་ཡིག་རེག་ཅིང་མཐོང་བ་ལས་ཕྱོགས་གསུམ་གྱིས་སོ། །མིང་མེད་ཀྱི་རྩ་བར་རི་མོ་ནག་པོ་མཐོང་བ་ལས་སོ། །ཡན་ལག་ཐམས་ཅད་བསིལ་བར་མཐོང་བ་ལས་
ཉི་མ་བཅྭ་བརྒྱད་ནའོ། །ཁྲུས་བྱས་པ་བྱས་མ་ཐག་བསྐམས་པ་ན་ཉི་མ་བཅུ་ཡིས་སོ། །ལུས་དྲི་ངན་པ་ལས་ཟླ་བ་གཉིས་ནའོ། །གཅིན་གཡོན་དུ་འཁོར་བ་ལས་མཚན་མོ་གསུམ་གྱིས་སོ། །ལུས་ཕྲ་མོར་མཐོང་བས་ཟླ་བ་དྲུག་གིས་སོ། །སྣའི་རྩེ་མོ་མ་མཐོང་བ་ལས་ཉི་མ་
གཅིག་ལའོ། །ཕྱོགས་ཀྱི་འདི་དག་ཤེས་པའི་ཕྱིར། །དེ་བཞིན་རྣལ་འབྱོར་པ་སྒོམ་དང་། །བསམ་གཏན་བརྩོན་པས་སྔགས་བཟླས་བྱ། །རྣལ་འབྱོར་པས་ནི་འབད་པས་བཀླག །བསྲུང་བ་ལྔ་སོགས་བཀླག་པ་ཡང་། །རང་ངམ་གཞན་གྱིས་བྱ་བའོ། །ཉིན་རེར་ཚོགས་ལ་ཟས་
དང་ནི། །དགེ་འདུན་ཟས་དང་དེ་བཞིན་གཞན། །དམན་དང་ཞན་ལ་རྗེས་བརྩེ་བས། །སེམས་ཅན་རྣམས་ལ་རྟག་ཏུ་བྱ། །ཞེས་པ་སྣ་ཚོགས་རྒྱུད་དུ་གསུངས། །ཞེས་སོ། །གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་ལེའུ་ཉི་ཤུ་གཅིག་པའོ།། །།ཀྱེ་བཅོམ་ལྡན་
འདས། མུ་སྟེགས་བྱེད་པ་རྣམས་ཐམས་ཅད་ལ་སྙིང་བརྩེ་བ་མེད་པར་འདོད་པའི་དོན་ལྷུར་ལེན་པ་དང་། གང་ཞིག་ངག་གདུག་པ་ཐམས་ཅད་དུ་གསོད་པ་ལྷུར་ལེན་པ་དེ་རྣམས་ཀྱི་བསམ་པ་ལ་ཐུགས་བརྩེ་བར་གྱུར་པས་དེ་དག་མངའ་བདག་གིས་བདག་ལ་གསུང་དུ་གསོལ། །དང་པོར་
Vol. 83 · folio 244b
གསོ་སྦྱོང་སྦྱིན་པར་བྱ། །ཕྱི་ནས་བསླབ་པའི་གནས་ལྔ་སྦྱིན། །བྱེ་བྲག་སྨྲ་བ་འབད་པས་བསླབ། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དགེ་བ་བཅུ་ལ་གོམས་གྱུར་ཅིང་། །བླ་མ་ལ་གུས་འདུལ་ལ་མོས། །དབུ་མའང་སློབ་ཏུ་བཅུག་ནས་ནི། །སྔགས་ནི་ཀུན་ཏུ་བརྩམ་པར་བྱ། །གསང་ལས་ཤིན་ཏུ་གསང་བའི་
རྒྱུད། །མྱུར་དུ་ཕུན་སུམ་ཚོགས་པའི་རྒྱུ། །ཆོ་གའི་སྦྱོར་བ་འདིས་མྱུར་དུ། །བསླབ་པ་ཐོས་ནས་སྤྱོད་ཡུལ་བཟང་། །བདུད་བཞི་རྣམས་སྤངས་རྣལ་འབྱོར་པས། །ལྷ་ཡི་སྦྱོར་བས་གནས་པར་བྱ། །སྟ་རེས་གཅོད་པ་དང་ཐོད་ལེ་ཀོར་བྱས་ནས་ཉི་མ་གཟས་ཟིན་པའི་དུས་སུ་མི་བསྐྱོད་པས་གཏོར་ཏེ། དེ་
ནས་རྐང་པ་གཉིས་ཀྱིས་མནན་ནས་སྔགས་བཟླས་པར་བྱའོ། །གསང་སྔགས་འབུམ་ཕྲག་གཅིག་བཟླས་ན་ཐིག་ལེ་འཆིང་ངོ་། །གཤིན་རྗེའི་སྟོབས་སུ་འགྲོ་སྟེ་དེ་གསལ་བར་བྱེད་དོ། །བདག་གི་ལྟེ་བར་བསྒོམ་པའི་མན་ངག་གོ། །གང་གང་སྐད་ཅིག་ལས་བརྩམས་ཏེ། །དེ་ཡི་ཉི་མས་བསྒྲུབ་པར་
བྱ། །ཉི་མ་ལྔ་ཡི་མཐར་ཐུག་བྱ། །ལོག་པར་སྨྲ་བའི་འཇིག་རྟེན་ལས། །ལེགས་སྦས་རབ་ཏུ་གསལ་བ་ནི། །དེ་ཉིད་འདུས་པའི་རྣལ་འབྱོར་མཆོག །རྣལ་འབྱོར་མ་ཀུན་དེ་ཉིད་བསྟན། །བཟླས་བརྗོད་འབུམ་ཕྲག་གཅིག་ཏུ་བརྗོད། །བརྟུལ་པོ་ཡིས་ནི་འབུམ་ཕྲག་ལྔ། །གང་ཞིག་རྒྱུད་དུ་
གསུངས་རང་གི། །རང་བཞིན་ལས་ནི་འབུམ་ཕྲག་བཞི། །དེ་ནས་ཤིན་ཏུ་ཆུང་བ་འདི། །ལྷ་མོ་དེ་ཀུན་གསལ་བར་བསྟན། །དཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།རང་གི་རྒྱུད་འདི་མི་ཤེས་པར། །རྒྱུད་དང་རྒྱུད་དུ་ངེས་བརྗོད་པ། །
གལ་ཏེ་འཚོ་བའི་བསམ་པ་ཡིས། །སྟོང་པའི་ས་ལ་དེ་འཁོར་རོ། །དཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།སྐད་གཉིས་སྨྲ་བ་ཆེན་པོ་ཐར་པ་ལོཙྪ་བའི་བཀའ་དྲིན་གྱིས་བསྐྱངས་པ། བོད་ཀྱི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས། ཆོས་ཀྱི་རྗེ་ཁྲོ་ཕུ་ལོཙྪ་བའི་
གདན་ས་གནས་གསར་དགོན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱུད་འདི་འགྱུར་ལས་འབད་པའི་བསོད་ནམས་ཀྱིས། །ནག་པོའི་རྩ་ལག་མ་ལུས་ཀུན་བཅོམ་སྟེ། །བསྟན་པའི་བྱ་བ་ཡིད་བཞིན་འགྲུབ་པ་དང་། །མཐར་ཐུག་འཇམ་པའི་རྡོ་རྗེ་ཉིད་གྱུར་ཅིག། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words