འཕགས་པ་རྨི་ལམ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་སྭཔྣ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 39 · folio 231b

ནི་བར་ཆད་མང་བ་ཡིན་པས་དེས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་ཞིང་དད་པར་ཡང་བྱ། བྱ་བ་ཐམས་ཅད་ལ་དད་པའི་སྦྱིན་པས་མོས་པར་ཡང་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །གང་གིས་མཚན་མའི་བྱ་བ་

དེ་དག་བྱི་དོར་མ་བྱས་པར་མཐོང་ན་དེ་ནི་ས་དང་པོར་རོ། །གང་གིས་བྱི་དོར་བྱས་པར་མཐོང་ན་དེ་ནི་ས་གཉིས་པར་རོ། །གང་གིས་རྒྱན་གྱིས་བརྒྱན་པར་མཐོང་ན་དེ་ནི་ས་གསུམ་པར་རོ། །འཁོར་བཞི་པོ་དག་འདུས་ན་དེ་ནི་ས་ལྔ་པར་རོ། །ལྷའི་འཁོར་དག་འདུས་ན་དེ་ནི་ས་དྲུག་པར་རོ། །

རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན། གདུགས་རྙེད་ན་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱང་ཡོད། བར་ཆད་ཀྱང་མང་། མི་ཆོམས་པ་ཡང་ཡིན་ནོ། །དེས་ནི་ཆོས་སྨྲ་བ་ལ་བརྙས་པར་མི་བྱ་སྟེ། དེས་ན་དེའི་

ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །དེ་ལ་ལོ་མའི་གདུགས་ཀྱིས་ནི་ས་དང་པོར་རོ། །འོད་མའི་གདུགས་ཀྱིས་ནི་ས་གཉིས་པར་རོ། །གྲོ་བའི་གདུགས་ཀྱིས་ནི་ས་གསུམ་པར་རོ། །རས་ཀྱི་གདུགས་ཀྱིས་ནི་ས་བཞི་པར་རོ། །

ཁྲ་བོས་ནི་ས་ལྔ་པར་རོ། །དྲིལ་བུ་གཡེར་ཀས་ཡོངས་སུ་བསྐོར་བས་ནི་ས་དྲུག་པར་རོ། །རིན་པོ་ཆེའི་དྲ་བས་གླགས་པས་ནི་ས་བདུན་པར་རོ། །བདུད་ཀྱི་ལས་དང་། མངོན་པར་མི་བརྩོན་པ་ནི་མ་གཏོགས་སོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་

ལམ་ན་བདག་སྐྱེ་བོ་ཕལ་པོ་ཆེའི་དབུས་ན་འདུག་སྟེ་ཆོས་སྟོན་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་དུ་བལྟ་སྟེ། དེས་ས་དག་ལ་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ཡང་། ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་ཞིང་། དེས་སྤོབས་པ་ཡོངས་སུ་བཙལ་བར་བྱ་སྟེ།

སྤོབས་པ་རྙེད་ནས་ཀྱང་རྣམ་པར་ངེས་པར་སྒྲུབ་པའི་ལུང་དབོག་པར་བྱའོ། །དངོས་པོ་ཐམས་ཅད་ལ་ཡང་ལྷག་པར་ཞེན་པ་མེད་པར་བྱ་ཞིང་། དེས་དངོས་པོ་རྙེད་པ་ལ་ཡང་ཡང་དག་པར་དགའ་བར་འགྱུར་བའི་ངང་ཚུལ་ཅན་དུ་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་

Vol. 39 · folio 232a

ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །སྦྱིན་པའི་གཏམ་སྟོན་པར་ཀུན་ཏུ་ཤེས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ནི་ས་གཉིས་པར་རོ། །ཐོས་པའི་གཏམ་གྱིས་ནི་ས་གསུམ་པར་རོ། །སྦྱངས་པའི་ཡོན་ཏན་དང་ཡོ་བྱད་

བསྙུངས་པའི་གཏམ་གྱིས་ནི་ས་བཞི་པར་རོ། །སྙོམས་པར་འཇུག་པའི་གཏམ་གྱིས་ནི་ས་ལྔ་པར་རོ། །ལེགས་པར་སྦྱར་བ་ཡོངས་སུ་རྗོད་པའི་གཏམ་གྱིས་ནི་ས་དྲུག་པར་རོ། །བདག་མེད་པའི་གཏམ་གྱིས་ནི་ས་བདུན་པར་རོ། །ཡེ་ཤེས་བཀོད་པའི་གཏམ་གྱིས་ནི་ས་བརྒྱད་པར་རོ། །སངས་རྒྱས་བཀོད་

པའི་གཏམ་གྱིས་ནི་ས་དགུ་པར་རོ། །ལུས་ཀྱི་ཚད་ཀྱི་གཏམ་གྱིས་ནི་ས་བཅུ་པར་རོ། །ས་དང་པོ་ལ་ནི་ཡོ་བྱད་ལ་རྩོལ་བ་དང་བཅས་པའོ། །ས་གཉིས་པ་ལ་ནི་ཚུལ་ཁྲིམས་ལ་རྩོལ་བ་དང་བཅས་པའོ། །ས་གསུམ་པ་ལ་ནི་འོད་ལ་རྩོལ་བ་དང་བཅས་པའོ། །ས་བཞི་པ་ལ་ནི་ནོར་བདུན་ལ་རྩོལ་བ་

དང་བཅས་པའོ། །ས་ལྔ་པ་ལ་ནི་མི་གནས་པ་ལ་རྩོལ་བ་དང་བཅས་པའོ། །ས་དྲུག་པ་ལ་ནི་རྣམ་པར་གཏན་ལ་དབབ་པ་ལ་རྩོལ་བ་དང་བཅས་པའོ། །ས་བདུན་པ་ལ་ནི་ངེས་པ་ལ་རྩོལ་བ་དང་བཅས་པའོ། །ས་བརྒྱད་པ་ལ་ནི་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ལ་རྩོལ་བ་དང་

བཅས་པའོ། །ས་དགུ་པ་ལ་ནི་སྤྱོད་པ་ལ་རྩོལ་བ་དང་བཅས་པའོ། །ས་བཅུ་པ་ལ་ནི་ཚད་མེད་པ་ལ་རྩོལ་བ་དང་བཅས་པའོ། །དེའི་ས་དང་པོ་ལ་ནི་དགེ་བའི་རྩ་བ་ལ་བར་ཆད་ཡོད་དོ། །ས་གཉིས་པ་ལ་ནི་ཚུལ་ཁྲིམས་ལ་བར་ཆད་ཡོད་དོ། །ས་གསུམ་པ་ལ་ནི་མངོན་པར་བརྩོན་པ་ལ་བར་ཆད་ཡོད་དོ། །

ས་བཞི་པ་ལ་ནི་དམིགས་པ་ལ་བར་ཆད་ཡོད་དོ། །ས་ལྔ་པ་ལ་ནི་རྣམ་པ་ལ་བར་ཆད་ཡོད་དོ། །ས་དྲུག་པ་ལ་ནི་ཟབ་མོའི་བཟོད་པ་ལ་བར་ཆད་ཡོད་དོ། །ས་བདུན་པ་ལ་ནི་རྣམ་པར་འབྱེད་པའི་ཡེ་ཤེས་ལ་བར་ཆད་ཡོད་དོ། །ས་བརྒྱད་པ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བར་ཆད་ཡོད་དོ། །ས་དགུ་པ་

ལ་ནི་རྣམ་པར་ཤེས་པའི་ཚོགས་ལ་བར་ཆད་ཡོད་དོ། །ས་བཅུ་པ་ལ་ནི་ཞིང་ཡོངས་སུ་དག་པར་བྱ་བ་ལ་བར་ཆད་ཡོད་དོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གྲོང་ཁྱེར་ན་གནས་པར་བྱེད་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པོ་དག་ལ་ཕྱིར་

Vol. 39 · folio 232b

མི་ལྡོག་པར་ལུང་བསྟན་དུ་ཉེ་བ་ཡིན་ཏེ། དེས་ནི་ཟབ་མོ་ལ་མོས་པའི་གང་ཟག་ལ་བསྟེན་པར་བྱ་ཞིང་། བསྙེན་བཀུར་བྱ། མཆོད་པར་བྱའོ། །ཆོས་ལ་ཐེ་ཙོམ་མང་ཞིང་སྒྲིབ་པ་ཡོད་པས་དེས་ཆོས་སྨྲ་བ་ལ་བསྟེན་ཅིང་བསྙེན་བཀུར་བྱེད། མཆོད་པར་བྱེད་ན་འགྱོད་པ་སེལ་བར་འགྱུར་ལ། དེས་ན་

དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །དེ་ལ་ས་དང་པོ་ལ་གནས་པ་ནི་སངས་རྒྱས་སུ་འགྱུར་རམ། འོན་ཀྱང་མི་འགྱུར་སྙམ་དུ་བྱང་ཆུབ་ལ་ཐེ་ཙོམ་ཟའོ། །ས་གཉིས་པ་ལ་གནས་པ་ནི་ཡང་དག་པར་བླང་བ་ལ་ཐེ་ཙོམ་

ཟའོ། །ས་གསུམ་པ་ལ་གནས་པ་ནི་ཡེ་ཤེས་ལ་ཐེ་ཙོམ་ཟའོ། །ས་བཞི་པ་ལ་གནས་པ་ནི་ཏིང་ངེ་འཛིན་སྒྲུབ་པ་ལ་ཐེ་ཙོམ་ཟའོ། །ས་ལྔ་པ་ལ་གནས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་པ་ལ་ཐེ་ཙོམ་ཟའོ། །ས་དྲུག་པ་ལ་གནས་པ་ནི་ལམ་དང་འབྲས་བུ་ལ་ཐེ་ཙོམ་ཟའོ། །

ས་བདུན་པ་ལ་གནས་པ་ནི་ངེས་པའི་ཚིག་ལ་ཐེ་ཙོམ་ཟའོ། །ས་བརྒྱད་པ་ལ་གནས་པ་ནི་རྣམ་པར་འཕྲུལ་བ་ལ་ཐེ་ཙོམ་ཟའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཟམ་པ་འདོགས་ཤིང་ཆུ་བོའི་དབུས་སུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་

དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ཤས་ཆེ་ཞིང་བདུད་ཀྱི་ལས་ཀྱང་ཤས་ཆེ་བས་དེས་ནི་འདུན་པ་དྲག་པོར་བྱ་ཞིང་རྟེན་པ་མེད་པ་དང་། དབྱེ་བ་ལ་མི་གནས་པར་བྱ་བ་དང་། ཚོགས་པ་ལ་མངོན་པར་བརྩོན་པར་བྱས་ན་མི་སྐྱེ་བའི་ཆོས་ཀྱི་སྣང་བ་རྣམ་པར་དག་

པར་འགྱུར་རོ། །གང་གིས་ཤེས་པའི་སྣང་བ་ལ་བར་ཆད་ཡོད་པ་དེ་ནི་ས་དང་པོར་རོ། །གང་གིས་ཇི་ལྟར་བརྩོན་པའི་དགེ་བའི་རྩ་བ་ལ་ལུས་ཉམས་བདེ་བ་མེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་རོ། །སེམས་ཀྱི་བར་དག་ལ་ཉམས་བདེ་བ་མེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་

རོ། །གང་ལ་སྣང་བ་འགའ་ཞིག་ཡོད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་རོ། །གང་ལ་མི་འཇིགས་པ་ཆུང་བ་དེ་ནི་ས་ལྔ་པར་རོ། །གང་ལ་ཡོངས་སུ་སྨིན་པར་བྱ་བ་ལ་བར་ཆད་ཡོད་པ་དེ་ནི་ས་དྲུག་པར་རོ། །གང་གིས་བསྟན་པ་ལ་བར་ཆད་ཡོད་པ་དེ་ནི་ས་བདུན་པར་རོ། །རྡོ་རྗེས་རབ་འཇོམས་

Vol. 39 · folio 233a

གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གྲུ་འདྲེན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པོ་དག་ཏུ་བལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་ཆ་མཉམ་པར་སྤྱོད་ཅིང་བར་ཆད་དང་བཅས་པ་ཡིན་པས་དེས་ནི་མི་གནས་པར་

ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་བསྟེན་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །གྲུའི་ཤིང་མ་སྦྱངས་པ་འདྲེན་པར་ཀུན་ཏུ་ཤེས་ན་ས་དང་པོར་རོ། །སྦྱངས་པས་ནི་ས་གཉིས་པར་རོ།། །།

གཤིབས་པས་ནི་ས་གསུམ་པར་རོ། །མ་གཤིབས་པས་ནི་ས་བཞི་པར་རོ། །སྐྱེ་བོ་ཞུགས་པས་ནི་ས་ལྔ་པར་རོ། །སྒྲོལ་བས་ནི་ས་དྲུག་པར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྤྲིན་ལས་འབྲུག་གྲག་པའམ། གློག་འབྱུང་བར་

བདག་གིས་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ཏུ་བལྟ་སྟེ། །དེ་ལ་བདུད་ཀྱི་ལས་ནི་ཤས་ཆེ་ལ་ལས་ཀྱི་སྒྲིབ་པ་ནི་ཆུང་བས་དེས་ངེས་པར་བརྟག་པ་མང་དུ་བྱ་ཞིང་སྡུག་པའི་དངོས་པོ་ཡོངས་སུ་བཏང་སྟེ། གཟུངས་ཡང་དག་པར་བསྒྲུབ་པར་བྱའོ། །དེས་

ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །གང་གིས་སྤྲིན་ནམ་གློག་མཐོང་ནས་སྐྲག་ན་དེ་ནི་ས་དང་པོར་རོ། །གང་མི་སྐྲག་ན་དེ་ནི་ས་གཉིས་པར་རོ། །གང་ཆོས་ཡིད་ལ་བྱེད་ན་དེ་ནི་ས་གསུམ་པར་རོ། །གང་སངས་རྒྱས་

ཡིད་ལ་བྱེད་ཅིང་རིའི་རྩེ་མོ་ན་འདུག་ན་དེ་ནི་ས་བཞི་པར་རོ། །གང་ནམ་མཁའ་ལ་ན་དེ་ནི་ས་ལྔ་པར་ཏེ། དེ་ལ་བདུད་ཀྱི་ལས་ནི་མ་གཏོགས་སོ། །ཀླུ་འོངས་ཤིང་བྱི་དོར་རམ་སྒོམ་པར་བྱེད་ནས་གོང་མ་དག་ཏུའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་

རྨི་ལམ་ན་མཚོན་ཆའམ་གོ་ཆ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ཏུ་བལྟ་སྟེ། དེ་ལ་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ཆེ་བ་ཡིན་པས་དེས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀུན་དུ་བསྟེན་པར་བྱའོ། །དེས་ན་དེའི་ལས་ཀྱི་

Vol. 39 · folio 233b

སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །གང་གིས་མཚོན་ཆའམ་གོ་ཆ་དྲི་མ་ཅན་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། །དྲི་མ་མེད་པས་ནི་ས་གཉིས་པར་རོ། །རྣོན་པོས་ནི་ས་གསུམ་པར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་

སེམས་དཔའ་གང་གིས་རྨི་ལམ་ན་སྣོད་དག་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པོ་དག་ཏུ་བལྟ་སྟེ། དེས་མཚན་མ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གདུལ་བར་བྱའོ། །དེ་ལ་ནི་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་ཡང་མ་ངེས་པ་ཡིན་པས་དེས་བསྡུ་བའི་དངོས་པོ་བཞི་པོ་དག་གིས་

མངོན་པར་བརྩོན་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །ས་དྲུག་པོ་དག་ལ་ནི་ཕྱིར་མི་ལྡོག་པའི་ཆོས་རྣམས་སྤྱད་པར་བྱའོ། །ས་བདུན་པ་ལ་ནི་ངའོ་སྙམ་པའི་ང་རྒྱལ་ཤེས་པར་བྱའོ། །རྡོ་རྗེས་

རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སེམས་ཅན་རྣམས་ལ་ལམ་སྟོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་དུ་འགྱུར་ཏེ། དེས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པའི་དངོས་པོ་ཇི་ལྟ་བ་བཞིན་དུ་

རྟོགས་པར་བྱ་ཞིང་ཆོས་སྨྲ་བ་ལ་བསྙེན་བཀུར་བྱ་བ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏང་བར་བྱ་བ་དང་། བརྩོན་འགྲུས་བརྩམ་པར་ཡང་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །

བཞོན་པའི་ལམ་གཙང་མ་སྟོན་ན་ས་དང་པོར་རོ། །སྐྱེད་མོས་ཚལ་གྱི་ལམ་གྱིས་ནི་ས་གཉིས་པར་རོ། །གྲོང་ཁྱེར་གྱི་ལམ་གྱིས་ནི་ས་གསུམ་པར་རོ། །ལམ་པོ་ཆེས་ནི་ས་བཞི་པར་རོ། །རིའི་ལམ་གྱིས་ནི་ས་ལྔ་པར་རོ། །རྒྱ་མཚོའི་ལམ་གྱིས་ནི་ས་དྲུག་པར་རོ། །ལྷའི་

ལམ་གྱིས་ནི་ས་བདུན་པར་རོ། །འདི་ནི་ཉན་ཐོས་ཀྱི་སའི་ལམ་མོ་ཞེས་བྱ་བས་ནི་ས་བརྒྱད་པར་རོ། །བྱང་ཆུབ་སེམས་དཔའི་ལམ་གྱིས་ནི་ས་དགུ་པར་རོ། །སངས་རྒྱས་ཀྱི་ལམ་གྱིས་ནི་ས་བཅུ་པར་ཏེ། ས་དང་པོ་དྲུག་པོ་དག་ལ་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་

Vol. 39 · folio 234a

པ་ཡང་རྟོགས་པར་བྱའོ། །ས་གོང་མ་བཞི་པོ་དག་ལ་ནི་སྐྱོན་དེ་དག་མེད་དོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་ཞུགས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ།

དེའི་རྨི་ལམ་དུ་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་དག་རྣམ་པར་སྨིན་པར་འགྱུར་ཞིང་རྨི་ལམ་ན་སྐྲག་པར་ཡང་འགྱུར་ལ། དེ་སད་པ་ན་ཡིད་མི་བདེ་བ་ཉམས་སུ་མྱོང་བར་ཡང་འགྱུར་བས། །དེས་སྟོང་པ་ཉིད་བསྒོམ་པར་བྱ་ཞིང་ཆོས་ཟབ་མོ་ཡང་མཉན་པར་བྱ། ནང་དུ་ཡང་དག་འཇོག་

ཀྱང་གཟུང་བར་བྱ། རྨུག་པ་དང་གཉིད་ཀྱང་སྤང་བར་བྱ། བྱང་ཆུབ་རྣམ་པར་གཏན་ལ་འབེབས་པ་ལ་མཁས་པའི་གང་ཟག་ལ་ཡང་བསྟེན་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །རྒྱལ་སྲིད་རྣམ་པར་

ཉམས་པས་འཇིགས་ན་ས་དང་པོར་རོ། །ཚུལ་ཁྲིམས་རལ་པས་འཇིགས་ན་ས་གཉིས་པར་རོ། །ཆོས་ནུབ་པས་འཇིགས་ན་ས་གསུམ་པར་རོ། །ཆོས་སྨྲ་བ་འཆི་བས་འཇིགས་ན་ས་བཞི་པར་རོ། །མེས་ཚིག་པས་འཇིགས་ན་ས་ལྔ་པར་རོ། །བདག་བསད་པ་དང་འགོ་བའི་ནད་

ཀྱིས་འཇིགས་ན་ས་དྲུག་པར་རོ། །རི་ལས་གཡང་དུ་ལྟུང་བས་འཇིགས་ན་ས་བདུན་པར་རོ། །སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བས་འཇིགས་ན་ས་བརྒྱད་པར་ཏེ། ས་བརྒྱད་པོ་དག་ལ་མངོན་པར་བརྩོན་པ་ལ་བདུད་ཀྱི་ལས་ཀྱང་རྟོགས་པར་བྱའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་

བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། ས་དང་པོ་ལ་གནས་པས་ས་གཉིས་པ་ལ་མངོན་པར་བརྩོན་པས་དེ་ལྟ་བུར་མཐོང་ན་བདུད་ཀྱི་ལས་ལ་ཡིད་རྟོན་པར་འགྱུར་བའམ།

སྔོན་གྱི་རྒྱལ་བ་ལ་བྱ་བ་ལྷག་པར་བྱས་བ་འམ། བར་ཆད་མང་བ་ཡིན་པས་དེས་ནི་འཇིག་རྟེན་ཐམས་ཅད་ལ་རྟེན་པར་མི་བྱ་ཞིང་མི་ལྟ་བར་ཡོངས་སུ་གཏོང་བ་དང་། །རྣམ་པ་གསུམ་ལེགས་པར་བསྡམ་པར་ཡང་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་།

Vol. 39 · folio 234b

བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བདག་གམ་ཡོའི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་དེ་ནི་ས་གསུམ་པར་རོ། །གྲོང་གི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་བཞི་པར་རོ། །ལྗོངས་ཀྱི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་ལྔ་

པར་རོ། །འཛམ་བུའི་གླིང་གི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་དྲུག་པར་རོ། །གླིང་བཞི་པའི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་བདུན་པར་རོ། །སྟོང་གསུམ་པའི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་བརྒྱད་པར་རོ། །ལོ་ཏོག་ཡོངས་སུ་

སྨིན་པ་ཕུན་སུམ་ཚོགས་པར་མཐོང་ན་ས་དགུ་པར་རོ། །དེ་ལ་འཇུག་པར་བྱེད་ན་ས་བཅུ་པར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སེམས་ཅན་ནད་པ་རྣམས་གསོ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་

པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། །དེ་ལ་ལས་ཀྱི་སྒྲིབ་པ་ཆུང་ལ་བདུད་ཀྱི་ལས་ཤས་ཆེ་བས་དེས་སྙིང་རྗེ་ཆེན་པོས་ཡོངས་སུ་སྦྱང་བར་བྱ་ཞིང་གཞན་ལ་ཕན་པ་ལ་བརྩོན་པ་དང་། ཕྱིར་རེ་བ་མེད་པར་ཡང་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་

འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །གང་ཁྱེའུ་གསོ་བར་བྱེད་ན་དེ་ནི་ས་དང་པོར་རོ། །གང་བུད་མེད་གསོ་བར་བྱེད་ན་དེ་ནི་ས་གཉིས་པར་རོ། །གང་མི་ཆེན་པོ་གསོ་བར་བྱེད་ན་དེ་ནི་ས་གསུམ་པར་རོ། །གང་རིམས་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་

བཞི་པར་རོ། །གང་སྐྱེ་རྦབ་ཀྱི་ནད་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་ལྔ་པར་རོ། །གང་ཤ་བཀྲའི་ནད་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་དྲུག་པར་རོ། །གང་སྐེམ་ནད་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་བདུན་པར་རོ། །གང་འབྱུང་པོས་ཟིན་པ་གསོ་བར་བྱེད་

ན་དེ་ནི་ས་བརྒྱད་པར་ཏེ། བདུད་ཀྱི་ལས་ནི་མ་གཏོགས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་བྱའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་

Vol. 39 · folio 235a

དཔའ་གང་གིས་རྨི་ལམ་ན་བདག་བྱང་ཆུབ་ཏུ་ལུང་བསྟན་པའི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། །དེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་བཅུ་པོ་དག་ཏུ་ཇི་ལྟར་ལུང་བསྟན་པ་ལ་བདུད་ཀྱི་ལས་དང་།

ལས་ཀྱི་སྒྲིབ་པ་དག་རྟོགས་པར་བྱའོ། །བཅུ་གང་ཞེ་ན། ས་དང་པོ་ལ་བྱང་ཆུབ་ཏུ་ལུང་སྟོན་པ་དང་། ས་གཉིས་པ་ལ་བྱང་ཆུབ་ཀྱི་སྤྱོད་པར་ལུང་སྟོན་པ་དང་། ས་གསུམ་པ་ལ་བཟོད་པར་ལུང་སྟོན་པ་དང་། །ས་བཞི་པ་ལ་སྨོན་ལམ་དུ་ལུང་སྟོན་པ་དང་། ས་ལྔ་པ་ལ་མཉམ་པ་

ཉིད་དུ་ལུང་སྟོན་པ་དང་། ས་དྲུག་པ་ལ་ཡེ་ཤེས་སུ་ལུང་སྟོན་པ་དང་། ས་བདུན་པ་ལ་ཐབས་ལ་མཁས་པར་ལུང་སྟོན་པ་དང་། །ས་བརྒྱད་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཡང་དག་པར་འདས་པ་ཐམས་ཅད་མཁྱེན་པ་ཉིད་དུ་ལུང་སྟོན་པ་དང་། ས་དགུ་པ་ལ་སྐྱེ་

བ་གཅིག་གིས་ཐོགས་པར་ལུང་སྟོན་པ་དང་། ས་བཅུ་པ་ལ་སངས་རྒྱས་སུ་དབང་བསྐུར་བར་ལུང་སྟོན་པའོ། །དེས་ནི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་ལ་བསྟེན་པར་བྱའོ། །དེས་ན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །རྡོ་

རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་མངོན་པར་རྫོགས་པར་སངས་རྒྱས་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་ཕྱི་མ་གསུམ་པོ་དག་ཏུ་བལྟ་སྟེ། དེས་ནི་བདུད་ཀྱི་ལས་རྟོགས་པར་བྱ་ཞིང་རྟག་ཏུ་མངོན་པར་བརྩོན་པར་

ཡང་བྱ་ལྷག་པའི་བསམ་པ་བསྒྲུབ་པར་ཡང་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བུམ་པ་གང་བ་རྙེད་ན་བྱང་ཆུབ་སེམས་

དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་དུ་བལྟའོ། །དེས་ན་ཡུལ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། གལ་ཏེ་གྲོང་ནས་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། །གལ་ཏེ་སྒོ་ནས་རྙེད་ན་དེ་ནི་ས་གཉིས་པར་བལྟའོ། །གལ་ཏེ་ལམ་ནས་རྙེད་ན་དེ་ནི་ས་གསུམ་པར་བལྟའོ། །གལ་ཏེ་ཤིང་དྲུང་

Vol. 39 · folio 235b

ནས་རྙེད་ན་དེ་ནི་ས་བཞི་པར་བལྟའོ། །གལ་ཏེ་འགྲེང་སྟེ་རྙེད་ན་དེ་ནི་ས་ལྔ་པར་བལྟའོ། །གལ་ཏེ་འདུག་ཏེ་རྙེད་ན་དེ་ནི་ས་དྲུག་པར་བལྟའོ། །གལ་ཏེ་མ་ལ་ནས་རྙེད་ན་དེ་ནི་ས་བདུན་པར་བལྟའོ། །གལ་ཏེ་ནམ་མཁའ་ལས་རྙེད་ན་དེ་ནི་ས་བརྒྱད་པར་བལྟའོ། །གལ་ཏེ་ཟས་ཟ་བའི་

ཚེ་རྙེད་ན་དེ་ནི་ས་དགུ་པར་བལྟའོ། །གལ་ཏེ་བཞོན་པ་ལ་ཞོན་པ་འམ། །སྐྱེད་མོས་ཚལ་ན་འདུག་པ་ན་རྒྱན་གྱིས་བརྒྱན་པ་རྙེད་ན་དེ་ནི་ས་བཅུ་པར་བལྟ་སྟེ། །བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ནི་རྟོགས་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་

ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའི་མཚན་མ་བརྒྱ་རྩ་བརྒྱད་པོ་དེ་དག་གིས་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་རིག་པར་བྱ་ཞིང་ཤེས་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་

འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ལ་མཚན་མ་དེ་དག་ཡོད་གྱུར་པ། །དེ་ནི་བདག་ཉིད་ཆེ་བར་ཐེ་ཙོམ་མེད། །སྤྱོད་པ་ཅུང་ཟད་ཙམ་ཞིག་རྟོགས་གྱུར་ཀྱང་། །ཡོན་ཏན་ཤེས་པས་ཉེས་པ་མ་སྐྱེད་ཅིག །རྒྱ་མཚོ་ཆེན་པོ་ལས་ནི་མེ་འབར་

ཅིང་། །མེ་ཡི་དབུས་ནས་ཆུ་ནི་བྱུང་གྱུར་ཀྱང་། །གང་ལ་མཚན་མ་གཅིག་ཙམ་ཡོད་གྱུར་པ། །དེ་ནི་བྱང་ཆུབ་ཕྱིར་ལྡོག་ངས་མ་མཐོང་། །སྡིག་སྦྲུལ་སོས་ནི་ལྷུན་པོ་བཟུང་གྱུར་ཅིང་། །གང་གཱའི་བྱེ་སྙེད་ཞིང་དུ་འགྲོ་གྱུར་ཀྱང་། །དེ་འདྲའི་བྱེད་རྒྱུ་དེ་དག་ཡོད་པར་ནི། །བྱང་ཆུབ་

སེམས་ལས་ཕྱིར་ལྡོག་ཡོད་མ་ཡིན། །སྤྱོད་པས་ས་ལས་ལོག་པར་སྣང་གྱུར་ཀྱང་། །འདི་ལ་བྱང་ཆུབ་ཕྱིར་ལྡོག་འགའ་ཡང་མེད། །གང་ཟག་ཇི་ཙམ་ཡོན་ཏན་ཆུང་བས་ཀྱང་། །ལྷག་པའི་བསམ་པས་བསྐྱོད་ན་བྱང་ཆུབ་འཐོབ། །ནམ་མཁའི་ཁམས་དང་དེ་བཞིན་སེམས་

ཅན་ཁམས། །སངས་རྒྱས་ཡེ་ཤེས་དེ་བཞིན་བྱང་ཆུབ་སེམས། །ཆོས་བཞི་གང་ཡིན་དེ་དག་ཚད་མེད་དེ། །དེ་དག་འཇིག་རྟེན་ཀུན་གྱིས་རྟོགས་མི་ནུས། །གང་དག་བྱང་ཆུབ་སེམས་དཔའི་སྤྱོད་རྟོགས་པ། །དེ་དག་སྨོན་པ་ཡིན་པར་ཤེས་པར་བྱ། །སེམས་ཅན་སྤྱོད་པ་བསམ་

Vol. 39 · folio 236a

ཡས་སེམས་བྱེད་པ། །གང་ཞིག་རྩྭ་ཡིས་རྒྱ་མཚོ་གཏིང་དཔོག་བཞིན། །གང་ཟག་འཚོ་བར་འདོད་པས་ལྕགས་བཞུན་གྱི། །རྒྱ་མཚོ་ཆེན་པོ་འཐུང་བར་བྱེད་སླ་ཡི། །བྱང་ཆུབ་སེམས་དཔའ་ཐ་བ་མི་སྐྱེད་དེ། །དེ་ཡི་སྡུག་བསྔལ་དེ་ལ་གྲངས་ཀྱང་མེད། །འགའ་

ཞིག་ལས་ཀྱིས་བསྒྲིབས་པར་གྱུར་པའམ། །ཡང་ན་བདུད་ཀྱིས་ཀུན་ཏུ་དཀྲུགས་གྱུར་པ། །དེ་ལ་གང་ཟག་ཕལ་པ་བདེ་འདོད་པ། །སུས་ཀྱང་ཁོང་ནི་ཁྲོ་བར་མི་བྱའོ། །མདོག་ངན་གླེན་ནམ་ཡང་ན་རྙེད་མེད་དམ། །བརྙས་ཤིང་སྨད་པར་བྱ་བ་ཡིན་ན་ཡང་། །མི་ཡི་ཁམས་དང་སྤྱོད་པ་

ཤེས་དཀའ་བས། །དེ་ལ་གྱ་ཚོམ་སྐྱོན་ནི་གདགས་མི་བྱ། །ཤཱ་རིའི་བུ་དབེན་འདུག་སྟེ་སྒོམ་པ་ན། དེས་ནི་སེམས་ཀྱི་སྐད་ཅིག་ལྔ་བཅུ་རྟོགས། །སྟོན་པས་སྐད་ཅིག་གཅིག་ལ་ཚད་མེད་སེམས། །མཁྱེན་པས་དེ་ལ་སོམ་ཉི་མ་བྱེད་གསུངས། །དགྲ་བཅོམ་ཀུན་གྱིས་རང་ཁམས་

མི་ཤེས་ན། །སེམས་ཅན་སྤྱོད་པ་ཤེས་པ་སྨོས་ཅི་དགོས། །ངས་ནི་སྐད་ཅིག་ཙམ་གྱིས་གཞན་ཤེས་པས། །གང་ཟག་དེ་ལ་བརྙས་པར་མ་བྱེད་ཅིག །འདོད་ཆགས་བྲལ་བས་གོས་དམར་བླངས་ནས་ནི། །གྱོན་པར་བྱེད་ཅིང་དེ་བཞིན་མྱུར་དུ་ནི། །སྐད་ཅིག་འཇིག་པར་

འགྱུར་བ་ངས་མཐོང་བས། །སུ་ཞིག་ཉེས་བདེན་འགའ་ཞིག་སྨྲ་བར་བྱེད། །མ་སྐྱེས་དགྲ་ཡིས་ཕ་ནི་བསད་གྱུར་ཅིང་། །དེ་བཞིན་གཤེགས་པ་བགྲོངས་པར་སྦྱར་བྱས་ཀྱང་། །དེ་སེམས་གཅིག་གིས་ངན་འགྲོ་རྣམ་གྲོལ་ན། །གང་ཟག་དམ་པ་གང་ཡིན་སྨོས་ཅི་དགོས། །

སེམས་ཀྱིས་འཆིང་བར་བྱེད་ཅིང་གྲོལ་བྱེད་པས། །ལུས་བེམས་འདི་ལ་ཉེས་པ་ཅི་ཡང་མེད། །ལུས་ཀྱི་འདུ་འཛི་མཐོང་ནས་གཤེ་མ་བྱེད། །ཕ་རོལ་རྒོལ་བར་མ་བྱེད་ལུས་སྦྱོངས་ཤིག །གསེར་ནི་མི་གཙང་ནང་དུ་བཅུག་གྱུར་ཀྱང་། །འབར་བའི་རང་བཞིན་ནམ་ཡང་མི་འབྲི་

ལྟར། །ངེས་པ་གང་ཞིག་འཇིག་རྟེན་ཆོས་སྤྱོད་ཀྱང་། །ནམ་ཡང་བསམ་པའི་རང་བཞིན་ཡོང་མི་སྤོང་། །རྒྱལ་བུ་ཚོང་དཔོན་བུ་དང་ལྷན་ཅིག་ཏུ། །དགའ་བར་བདག་ཉིད་ཆེན་པོ་རྩེ་བ་ལྟར། །དེ་བཞིན་སེམས་ཅན་སྤྱོད་པའི་དབུས་ན་ཡང་། །དེ་ཡང་གཞན་ལ་ལྷར་བཅས་འགྲོ་བའང་

Vol. 39 · folio 236b

གཞན། །ལ་ལས་དུག་ཟོས་འཆི་བར་མི་འགྱུར་ལ། །མེ་དག་བཟུང་ཡང་འཚིག་པར་མི་འགྱུར་ན། །གང་དག་ཡེ་ཤེས་སྤྱོད་ལ་བསླབས་དེ་དག །བྱིས་པའི་སྤྱོད་པས་མི་འཕྲོགས་སྨོས་ཅི་དགོས། །བྱང་ཆུབ་སེམས་དཔའ་དག་ལ་ཡོན་ཕུལ་ལྟར། །རང་སངས་རྒྱས་དང་

དེ་བཞིན་དགྲ་བཅོམ་གྱིས། །སྟོང་གསུམ་ས་འདི་ཐམས་ཅད་གང་གྱུར་པ། །དེ་དག་མཆོད་བྱས་རྣམ་སྨིན་དཔག་མེད་མིན། །སེམས་དག་གྱུར་ན་སྦྱིན་པའི་གནས་འགྱུར་ཞིང་། །སེམས་དག་གྱུར་པ་རྒྱལ་བ་རྣམས་དང་འདྲ། །གང་དག་རྒྱལ་འདྲའི་བྱང་ཆུབ་སེམས་དཔའ་

དེའི། བྱང་ཆུབ་གཞོལ་བའི་ལྷག་པའི་བསམ་ལ་ལྟོས། །གང་དག་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །འགྲོན་བུས་བཀང་སྟེ་རྒྱལ་ལ་ཕུལ་བས་ནི། །གང་གིས་མདོ་འདི་བྲིས་ཏེ་འཆང་བ་ཡི། །དེ་ཡི་བསོད་ནམས་དཔེ་དང་ཆར་མི་ཕོད། །གང་དག་བྱང་ཆུབ་སེམས་ནི་མ་བརྗེད་པ། །

དེ་དག་རྙེད་པ་རབ་རྙེད་ལེགས་འཚོ་བ། །ནོར་འདོད་པ་དག་རྒྱ་མཚོ་ཆེན་པོ་ལྟར། །དེ་བཞིན་དེ་དག་རྙེད་པ་ཕུན་སུམ་ཚོགས། །གང་གིས་སྐྱེ་མང་དོན་དུ་མདོ་སྡེ་ཀུན། །ཀུན་ཏུ་ཆུབ་བྱས་འཆང་ཞིང་ཀློག་པ་བས། །མི་གང་མདོ་སྡེ་འདི་ལ་མཁས་གྱུར་པས། །སེམས་

ཅན་སྤྱོད་པ་མ་རྟོགས་བཅོམ་པ་ཡིན། །གལ་ཏེ་བྱང་ཆུབ་མཆོག་ལ་རེག་འདོད་ན། །དེ་ཕྱིར་བསྟེན་བཞིན་འདི་ལ་བརྩོན་གྱིས་ལ། །བདག་བསྟོད་གཞན་ལ་སྨད་པར་མ་བྱེད་པར། །ལྷག་པའི་བསམ་པས་སྤྱོད་པ་རྣམ་པར་སྦྱོངས། །དགོན་པར་དགའ་ཞིང་རྟག་ཏུ་དབང་བསྡམས་

ལ། །བརྩོན་འགྲུས་བརྩམས་ཤིང་ཉེ་དུ་ཐག་བསྲིངས་ལ། །བྱམས་ལ་གནས་ཤིང་དོན་དམ་མཁས་གྱུར་པ། །དེས་ནི་དེ་འདྲའི་བྱང་ཆུབ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་དྲུག་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དང་མིའི་སྐྱེ་དགུ་སྔོན་སེམས་མ་བསྐྱེད་པ་ཁྲག་ཁྲིག་ཕྲག་བཅོ་བརྒྱད་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་བསྐལ་པ་བརྒྱད་ཅུར་འཁོར་བ་ཕྱིར་བསྙིལ་བར་གྱུར་

Vol. 39 · folio 237a

ཏོ། །དེ་ལྟ་བས་ན་གལ་ཏེ་བྱང་ཆུབ་ཡོངས་སུ་མི་གཏོང་ན་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་འདུན་པ་དྲག་པོ་དང་། འབད་པ་དང་། སྤྲོ་བ་དང་། རབ་ཏུ་སྤྲོ་བ་དང་། མངོན་པར་བརྩོན་པར་བྱའོ། །དེ་

ནས་འཁོར་དེ་གང་དག་བྱང་ཆུབ་ལས་ཕྱིར་ལྡོག་པར་འདོད་པ། སྐྲག་པ། སྒྱིད་ལུག་པ། སོམ་ཉི་དང་བཅས་པ། ཐེ་ཙོམ་དང་བཅས་པ། ཁྱིམ་གྱི་གནས་སུ་འགྲོ་འདོད་པ། བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ཁྲིས་བཅོམ་ལྡན་

འདས་ཀྱི་སྤྱན་སྔ་ནས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐྱོན་ཡོངས་སུ་སྤངས་ཤིང་། ལྷག་པའི་བསམ་པ་རྣམ་པར་སྦྱངས་ཏེ། དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེ་བར་འགྱུར་ཞིང་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པ་དང་ལྷན་ཅིག་ཏུ་མངོན་པར་རྫོགས་

པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གིས་ནི་བསྐལ་པ་ཉི་ཤུར་བདུད་ཀྱི་ལས་རྣམ་པར་སྦྱོང་བར་འགྱུར་རོ། །གང་དག་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་པ་སྐྱེ་བ་གཅིག་གིས་ཐོགས་པ་ལ་གནས་པ་སྟན་ལ་འཁོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་

བྱམས་པ་དང་ལྷན་ཅིག་ཏུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གིས་ནི་བསྐལ་པ་ཉི་ཤུར་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱངས་སོ། །དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཡང་བྱང་ཆུབ་སེམས་དཔའ་

རྣམས་ཀྱིས་གཅེས་སྤྲས་བྱེད་པ་ཡིན་ན། འཛིན་པ་དང་། སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེས་རབ་འཇོམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་

བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་རྨི་ལམ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པ་རྫོགས་སོ།། །།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words