དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ
Sanskrit title (Tibetan script, as in the text) ཤྲཱི་བཛྲ་མཎྜ་ཨ་ལཾ་ཀ་ར་ནཱ་མ་མ་ཧཱ་ཏན་ཏྲ་རཱ་ཛཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 86 · folio 60b
ཡཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཁུ་ཚུར་བཅིངས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་སནྡྷི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ཚིག་རྡོ་རྗེ་དབྱིངས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་ཐུགས་ཀ་ནས་འདི་ཕྱུང་ངོ་། །ཨོཾ་བཛྲ་དྷཱ་ཏུ་ཧཱུྃ། རང་གི་རིག་པ་མཆོག་ནི། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་བཛྲི་ཎི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱའི་
དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་ཕྱུང་བ། ཨོཾ་ཨ་ཀྵོ་བྷྱ་ཨྃ། ཨོཾ་ཛྙཱ་ན་མུཥྚི་ཙིཏྟ་བཛྲེ་བཛྲི་ཎི་ཧཱུྃ། དེ་ནས་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་རཏྣ་སཾ་བྷ་བ་ཏྲཱྃ། ཨོཾ་བཛྲ་ཛྙཱ་ན་གར་བྷ་སྟི་ཧཱུྃ། དེ་ནས་དེ་བཞིན་གཤེགས་
པ་འོད་དཔག་ཏུ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿ། ཨོཾ་
བཛྲ་དྷཱ་རི་ཎི་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གནོན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ།
ཨོཾ་ཨ་མོ་གྷ་སིདྡྷི་ཨྃ། ཨོཾ་བཛྲ་མ་ཧཱ་བ་ལེ་ཧཱུྃ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་རྣམ་པར་གཟིགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་སྙིང་པོ་འདི་བཀའ་
Vol. 86 · folio 61a
སྩལ་པ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མ་ཏཱ་ཛྙཱ་ན་བཛྲ་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་དག་བཤད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་མཐོང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྙིང་པོའི་བདག་ཉིད་རྟོགས་ནས། རྡོ་རྗེ་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་བཀའ་སྩལ་པ། ཨོཾ་བཛྲ་ས་མ་ཏཱ་ཛྙཱ་ན་བུདྡྷ་ཧཱུྃ། དེ་ནས་འདི་བཤད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཕྱག་ན་རྡོ་རྗེར་མཐོང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་
ཆོས་ཐམས་ཅད་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་སརྦྦ་དྷརྨྨ་ས་མ་ཏཱ་ཛྙཱ་ན་བཛྲ་ཧཱུྃ། དེ་ནས་འདི་རྣམ་པར་ཕྱུང་བ་ཙམ་གྱིས་ཀྱང་སླར་ཡང་ཕྱག་ན་རྡོ་རྗེའི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་པ་མཛད་ནས། དཀྱིལ་
འཁོར་ཐམས་ཅད་དུ་འཁོད་པར་མཐོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་སརྦྦ་སཏྭ་ས་མ་ཏཱ་པྲ་པཉྩ་བུདྡྷ་ཧཱུྃ། དེ་ནས་འདི་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་རྣམ་པར་ཕྱུང་སྟེ་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་གནས་ནས་བཀའ་ནོད་ཅིང་འཁོད་དོ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་
བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་བྱིན་གྱིས་བརླབ་པར་བྱོས་ཤིག །དེ་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་
ཏེ་བརྟན་པར་གྱུར་ནས་རྡོ་རྗེ་སྒེག་མོ་ལ་སོགས་པའི་ལྷ་རྣམས་ཕྱུང་སྟེ། ལྷ་མོ་དེ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་གྲྭ་རྣམས་སུ་དེ་བཞིན་དུ་རྣམ་པར་གནས་སོ། །སྒོ་རྣམས་སུ་སྒོ་སྐྱོང་མ་རྣམས་དང་། མཚམས་རྣམས་སུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་།
Vol. 86 · folio 61b
རེག་བྱ་རྣམས་བཤད་དོ། །དེ་དག་གི་སྔགས་སུ་གྱུར་པ་ནི། ཨོཾ་བཛྲི་མེ་གྷེ་ཊཱྃ་ཊཱྃ། འཁོར་ལོའི་མཚམས་སུ་གཞག་པར་བྱའོ། །ཨོཾ་སྣེ་ཧ་བཛྲི་ཎི་ཧྃ། ཨོཾ་ཤ་རད་བཛྲེ་ཨྃ་ཨྃ། ཨོཾ་བཛྲི་ཎི་ཀི་ལི་ཀི་ལི་ཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ཆེན་པོའི་མཆོད་པ་ཕྱིའི་
དཀྱིལ་འཁོར་གྲྭ་དང་། མཚམས་རྣམས་སུ་དྲི་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་དེ་བཞིན་གཤེགས་པའི་ཉེ་བར་གནས་པར་དགོད་པར་བྱའོ། །ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་མ་དྷུ་བཛྲི་ཎི། གྷུཾ་གྷུཾ། ཨོཾ་མ་ནོད་བྷ་བ་བཛྲི་ཎི་ཧཱུྃ། ཨོཾ་བཛྲི་ཤེ་ཤི་རེ་ཧོ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རོལ་པ་ཆེན་པོའི་ལྷ་མོ་སྒོའི་མཚམས་རྣམས་སུ་གཟུགས་ལ་སོགས་པའི་ཨོཾ་བཛྲི་རཱུ་པེ། ཨོཾ་བཛྲི་ཤཔྡེ། ཨོཾབཛྲི་གནྡྷེ། ཨོཾ་བཛྲི་ར་སེ། ཨོཾ་བཛྲི་སྤརྴེ། མཉེས་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་དགའ་བ་རྡོ་རྗེའི་སྙིང་པོ་ནི། ཨོཾ་ས་མ་ཡ་ཧོཿསུ་
ར་སྟྭྃ། དགའ་བདེ་ཆེན་པོའི་རྡོ་རྗེའི་སྙིང་པོ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ནས་མཉེས་པས་དཀྱིལ་འཁོར་ཐམས་ཅད་ལ་བརྟན་པར་གྱུར་ནས། དངོས་གྲུབ་ཐམས་ཅད་སྩོལ་བར་མཛོད། །དགུག་དང་ལེགས་པར་རབ་གནས་དང་། །ཇི་བཞིན་གནས་སུ་སྦྱར་
བ་ཉིད། །ཀུན་ནས་དགྱེས་མཛད་སངས་རྒྱས་ཀུན། །དངོས་གྲུབ་ཐམས་ཅད་རབ་སྦྱིན་དགེ། །སྔགས་ཀྱི་ཚིག་རྣམས་ཀྱང་། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་བཛྲ་ཨྃ་ཀུ་ཤ་ཛཿ། ཨོཾ་པྲ་བེ་ཤ་ཡ་ཧཱུྃ། སརྦྦ་ཏ་ཐཱ་ག་ཏ་ཨོཾ་ས་མ་ཡེ་བནྡྷ་ཏིཥྛ་བྷ་ག་ཝཱན། ཨོཾ་ཏུ་ཥྱ་ཧོ་བྷ་ག་ཝཱན་བཛྲ་ཨཱ་བེ་ཤ་ཨཿ།
འདི་དག་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྒོའི་ཕྲིན་ལས་སོ། །དེ་ལྟ་བུའི་དཀྱིལ་འཁོར་འདྲི་བ་ལ་བྱམས་པ་དང་། འཇམ་དཔལ་དང་། ཀུན་ཏུ་བཟང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དགོད་པར་བྱའོ། །སྔོན་དུ་བཤད་པའི་དཀྱིལ་
འཁོར་གྱི་ཆོ་གས་སློབ་མ་བཅུག་སྟེ། དབང་བསྐུར་བ་ལ་སོགས་པ་བྱས་ནས་སློབ་མ་དང་བཅས་པས་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ལ་དང་པོ་ཁོ་ནར་རེ་ཞིག་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནི་དམ་ཚིག་ཐམས་
Vol. 86 · folio 62a
ཅད་ཤེས་པ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དངོས་གྲུབ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། དབང་བསྐུར་བ་ཐམས་ཅད་ཐོབ་པ། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལྟ་བུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་པར་བྱའོ། །དེ་ནས་འདིར་དམ་ཚིག་གི་ཕྱག་རྒྱ་བཅིང་བར་འགྱུར་བ་ནི་སྐྱིལ་ཀྲུང་བཅིངས་ནས་དྲི་ལ་སོགས་པ་རྣམས་ཀྱིས་ལག་པ་གཉིས་བྱུགས་ནས་ཕྱག་རྒྱ་བཅིང་བ་རབ་ཏུ་བསྒྲུབ་པར་བྱའོ། །ལག་པ་གཉིས་རྡོ་རྗེ་བསྡམས་པ་བྱས་ཏེ་སོར་མོ་ཕན་ཚུན་
བཅིངས་ནས་སྐྱིལ་ཀྲུང་གི་དབུས་སུ་རྡོ་རྗེ་བསྡམས་པར་གཞག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་གར་གྱི་ཚོགས་ཀྱི་སྦྱོར་བས་སོ། །རྡོ་རྗེ་བསྡམས་པ་དེ་ཉིད་རྐེད་པའི་ཕྱོགས་སུ་གཟུང་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །རྡོ་
རྗེ་བསྡམས་པ་ལས་མཛུབ་མོ་ལྕགས་ཀྱུ་ལྟར་གཟུང་བ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །དེ་ཉིད་མདའ་འཕེན་པ་ལྟ་བུའི་སྦྱོར་བ་ནི་རྡོ་རྗེ་མདའི་ཕྱག་རྒྱའོ། །དེ་ཉིད་ལས་ལེགས་སོ་བ་སྦྱིན་པས་རྒྱབ་ཏུ་འཇོག་པ་ནི་རྡོ་རྗེ་ལེགས་པའིའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་རྣམས་སོ། །
རྡོ་རྗེ་བསྡམས་པ་དེ་ཉིད་དཔྲལ་བར་འཇོག་པ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་འོད་ཀྱི་དཀྱིལ་འཁོར་གྱི་སྦྱོར་བ་ནི་རྡོ་རྗེ་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་སྤྱི་བོར་སྦྱར་བ་ནི་ཏོག་གི་ཕྱག་རྒྱའོ། །ཁའི་ཐད་དུ་བསྐོར་བ་ནི་རྡོ་རྗེ་བཞད་པའི་
ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་ཁའི་ཐད་དུ་བསྐོར་བ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །དེ་ཉིད་སྙིང་གར་བྱས་པ་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ། །དེ་ཉིད་འཁོར་ལོ་ལྟར་ཡོངས་སུ་བསྐོར་བ་ནི་རྡོ་རྗེ་རྒྱུའི་ཕྱག་རྒྱའོ། །དེ་ཉིད་སྙིང་གར་བསྒྲེང་བ་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ། །ཆོས་ཀྱི་ཕྱག་རྒྱ་
རྣམས་སོ། །རྡོ་རྗེ་བསྡམས་པ་དེ་ཉིད་གར་ཉིད་དུ་སྟོན་པ་ནི་ལས་སྣ་ཚོགས་པའི་ཕྱག་རྒྱའོ། །ལག་པ་གཉིས་སྤྱི་བོ་དང་སྙིང་ག་དང་མགྲིན་པར་འཇོག་པ་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་འགྲམ་པ་གཉིས་སུ་འཇོག་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་
Vol. 86 · folio 62b
པ་དེ་ཉིད་སྙིང་གར་བཙིར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་སྒེག་མོ་དང་བདུག་པ་མ་ལ་སོགས་པའི་སྦྱོར་བས་ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ། །རོལ་ཅིང་རྣམ་འཁོར་དགོད་པ་དང་། །སྒེག་དང་སྙིང་རྗེའི་བདག་ཉིད་དང་། །དཔའ་དང་
ཁྲོ་སོགས་ཆོས་བདག་ཉིད། །རང་ཉིད་ཞི་བའི་བདག་ཉིད་ཉམས། །ཕྱག་རྒྱ་ཐམས་ཅད་རབ་ཚོགས་པ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བདག་ཉིད་རྡོ་རྗེའི་གར་བྱེད་དམ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་བཅིང་བ་རབ་ཏུ་སྦྱར། །ཐམས་ཅད་གྲུབ་པར་
འདོད་སོགས་ཀྱིས། །སྐྱིལ་ཀྲུང་སངས་རྒྱས་ཐམས་ཅད་ཀྱི། །དེ་ཕྱིར་གཉིས་མེད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ཀྱི་དྲང་པོའི་སྐུ། །སྒེག་པའི་སྦྱོར་བས་རྡོ་རྗེ་ཅན། །སངས་རྒྱས་རྣམས་ཀྱི་ཞི་བའི་སྤྱན། །སྙེམས་བཅས་རྡོ་རྗེ་ཅན་གྱིར་དགོངས། །སངས་རྒྱས་རྣམས་དང་རྡོ་རྗེ་
སྤྱན། །ཏིང་འཛིན་དབྱེ་བ་ལས་ཤེས་བྱ། །འཁྲུགས་པའི་ལྟ་སྟངས་ཁྲོ་རྣམས་ཀྱིས། །བཙུན་མོ་རྣམས་ཀྱི་རོལ་པ་ཉིད། །འཇིག་རྟེན་པ་ཡི་ལྷ་རྣམས་དང་། །སྡིག་སྤྱོད་རྣམས་ཀྱི་ལྟ་སྟངས་སྟེང་། །ཆོས་རྣམས་ཀུན་གྱི་རྗེས་འཇུག་པའི། །ཤུགས་ཀྱིས་ལྟ་སྟངས་ཕྱག་
རྒྱའོ། །ཚོགས་དང་ཕོ་ཉ་ཕོ་ཉ་མོའི། །ལྟ་སྟངས་རྣམ་པ་སྣ་ཚོགས་ཉིད། །མཆུ་ཡི་ཕྱག་རྒྱ་ཡོངས་ལྡན་པ། །གཡོ་བ་མེད་ཅིང་མི་འགུལ་བ། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་མཆོག །སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །མཚམས་སྦྱོར་ཅུང་ཟད་ཡང་དག་ལྡན། །
རྣམ་འགྱུར་མེད་ཅིང་མཚུངས་མེད་གནས། །རོལ་པའི་ཡི་གེ་ཡང་དག་ལྡན། །མཆུ་ཡི་ཕྱག་རྒྱ་རྡོ་རྗེ་ཅན། །རྣམ་འགྱུར་ཅན་དང་འཁོར་བ་ཅན། །ཁྲོ་བས་སོ་ནི་ཡོངས་སུ་བསྡམ། །འདི་ནི་ཁྲོ་བའི་ཕྱག་རྒྱར་བཤད། །མཆུ་ཡི་ཕྱག་རྒྱ་གཟུགས་མཛེས་ཅན། །འཇིག་རྟེན་པ་རྣམས་
མཆུའི་ཕྱག་རྒྱ། །རྣམ་འགྱུར་འཇིག་ཅིང་གཟུགས་དང་བྲལ། །ཤིན་ཏུ་བརྣག་དཀའི་འདོད་ཆགས་དང་། །སྡང་དང་རྨོངས་ལས་ཐམས་ཅད་དུ། །རོལ་ཅིང་རྣམ་འཁོར་དང་ལྡན་པ། །གཡོ་བཅས་རབ་ཏུ་འཕྲོ་བ་ཡང་། །མཆུ་ཡི་ཕྱག་རྒྱར་ཤེས་པར་བྱ། །ལྷ་མོ་ཕོ་ཉ་ཚོགས་ཀྱི་ཡང་། །
Vol. 86 · folio 63a
དེ་ལ་སོགས་པ་མཐའ་ཡས་མཆོག །ལྟ་སྟངས་མཆུ་ལ་སོགས་པའི་མིང་། །ཕྱག་རྒྱ་ཐམས་ཅད་མདོར་བསྡུ་བ། །སྐྱོབ་པ་རྣམས་ཀྱིས་ཀུན་ཤེས་བྱ། །ཇི་སྲིད་སྐུ་ཡི་དབྱེ་བ་དང་། །དབང་པོ་ལ་སོགས་རབ་དབྱེ་དང་། །དེ་དག་ཕྱག་རྒྱ་མཐའ་ཡས་མཆོག །སངས་
རྒྱས་ཀུན་གྱིས་བརྟགས་པ་ཉིད། །སྣ་ཚོགས་སྐུ་ནི་གཟི་བརྗིད་ཆེ། །ཚད་མེད་ཡོན་ཏན་འབྱུང་བའི་གནས། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་མཆོག །སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་གསང་བ་ཞེས་བྱ་བའི་
དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཀའ་སྩལ་པ། དེ་ནས་དཀྱིལ་འཁོར་ཆེན་
པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །སྣ་ཚོགས་ཁམས་ནི་བསམ་ཡས་མཆོག །དར་དང་མེ་ཏོག་ཆུན་པོས་བརྒྱན། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །སྣ་ཚོགས་པདྨོ་དེ་བཞིན་གཞན། །
དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་ཡིད་འོང་བ། །མགོན་པོ་སུམ་ཅུ་རྩ་གཉིས་མཚན། །འབར་བ་མཆོག་གིས་བརྒྱན་པ་པོ། །དེ་སྔགས་རྟགས་སུ་ཤེས་བྱ་བ། །དང་པོའི་དབྱངས་དང་གཉིས་པའོ། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །འཁོར་ལོ་
ཅན་བརྒྱད་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །འཁོར་ལོ་ཀུན་ཏུ་འབར་བ་གཞག །འཁོར་ལོའི་ལྟེ་བའི་དབུས་སུ་ནི། །པདྨའི་རྒྱལ་པོ་རབ་ཏུ་གནས། །སྒེག་སོགས་སངས་རྒྱས་ཐམས་ཅད་ནི། །ཇི་ལྟར་སྔོན་བཞིན་བྲི་བར་བྱ། །ཉེ་བར་མཁོ་བའི་མཆོད་ཀུན་གྱིས། །དེ་
བཞིན་གཤེགས་པ་མཆོད་པར་བྱ། །དགུག་སོགས་ཆོ་གའི་སྦྱོར་བ་ནི། །དཀྱིལ་འཁོར་སྔ་མ་ཇི་བཞིན་ནོ། །དཀྱིལ་འཁོར་ཉེ་བར་སྤྱོད་པ་ཀུན། །ཆོ་ག་འདི་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་ཆེན་པོའི་རྟོག་པའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་
Vol. 86 · folio 63b
བཤད་བྱ་བ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་ཞེས། །བྱ་བ་རྡོ་རྗེ་ཧཱུྃ་མཛད་གྲགས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུའོ། །དེ་ཡི་དབུས་སུ་ཁྲོ་བོ་ཆེ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་
ཡང་། །ཁྲོ་གཉེར་ལྡན་ཞིང་སྨིན་མ་འཁྱོག །སྤྱན་གསལ་འབར་བ་ཆེན་པོ་བ། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །རྣམ་པར་དགོད་ཅིང་སླར་ཁྲོ་བ། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། །བཀའ་ཟློག་དབང་ཕྱུག་ཆེན་པོ་གནོན། །སངས་རྒྱས་ཕྲེང་བ་སོགས་པས་སྤྲས། །
ཨིནྡྲ་ནཱི་ལ་མཚུངས་པའི་འོད། །ཕྱག་བཞི་པ་ལ་སྤྱན་གསུམ་པ། །ཞལ་བཞི་པ་ལ་ཐུབ་པར་དཀའ། །བེ་ཅོན་དང་ནི་ཞགས་པར་བརྗོད། །དང་པོ་ན་ནི་རྡོ་རྗེར་བཤད། །གཉིས་པ་ཞགས་པ་སྡིགས་མཛུབ་ཅན། །ཕྱག་གཉིས་ཁུ་ཚུར་དམ་པ་མཆོག །ཁུ་ཚུར་གཉིས་ནི་
རབ་ཏུ་བརྟག །མཐེ་ཆུང་གཉིས་ནི་མཉམ་སྦྱོར་བ། །ལུ་གུ་རྒྱུད་ཀྱིས་རྣམ་པར་སྦྲེལ། །སྙིང་གར་ཕྱག་རྒྱ་ལེགས་བཞག་ནས། །སྡིགས་མཛུབ་གཉིས་ཀྱིས་བསྡིགས་པར་མཛད། །འཇིག་རྟེན་གསུམ་རྒྱལ་ཞེས་བྱ་བའི། །ཕྱག་རྒྱ་མཆོག་ཏུ་ཐུབ་པར་དཀའ། །སྔགས་ནི་མིང་གི་དེ་ཉིད་
ལྡན། །འབར་བའི་ཕྲེང་བ་མཉམ་པར་འཁྲིགས། །དཀྱིལ་འཁོར་དེ་ཡི་གནས་རྣམས་སུ། །ཆ་རྣམས་ཀུན་ནི་ཐམས་ཅད་ནས། །ཕྱག་རྒྱ་ཐམས་ཅད་མཉམ་པར་བྲི། །ཟླ་བའི་དཀྱིལ་འཁོར་མཉམ་གནས་པར། །རལ་གྲི་འཁོར་ལོ་གཞུ་དང་མདའ། །དེ་བཞིན་དུ་ནི་དགྲ་སྟ་ཉིད། །དེ་
ལ་སོགས་པའི་མཐའ་ཡས་མཆོག །མདོར་བསྡུས་ནས་ནི་ཕྱག་རྒྱ་དགོད། །དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་བཀོད་ནས་ཉེ་བར་མཁོ་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་
འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །འགྲོ་བ་འདུལ་བ་ཞེས་སུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །དར་དང་མེ་ཏོག་ཆུན་པོས་བརྒྱན། །དེ་དབུས་དཀྱིལ་འཁོར་ཆེན་པོ་ནི། །ཆུ་ཞེས་བྱ་བའི་མིང་ཅན་ནོ། །དེ་ཡི་དབུས་
Vol. 86 · folio 64a
སུ་པད་ཆེན་པོ། །འདབ་མ་བརྒྱད་པ་ཡིད་འོང་བ། །དེ་ཡི་ལྟེ་བའི་དབུས་སུ་ནི། །འགྲོ་བ་འདུལ་བ་ཞེས་བྱ་བ། །ཟླ་བའི་འོད་ཅན་ཟླ་བའི་མདོག །རལ་པའི་ཅོད་པན་འཛིན་པ་ཅན། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །སངས་རྒྱས་
ཕྲེང་བ་སོགས་པས་སྤྲས། །སྐུ་རྣམས་ཐམས་ཅད་ཀུན་ནས་སྤྲོ། །མཐའ་ཡས་རབ་འབྱམ་རྒྱ་ཆེ་བའི། །ཆོས་དབྱིངས་མཉམ་དང་མི་མཉམ་ལ། །དེ་ཡི་སྔགས་སུ་ཡོངས་གྲགས་པ། །ཤ་ཥའི་སྡེ་ཡི་མཐའ་དགེ་བ། །ཀྵ་ཡིག་དོན་ལྡན་སྔོན་བྱུང་བ། །རྒྱུ་ཡི་དོན་དུ་རབ་སྒྲུབ་བྱེད། །
བཞི་པའི་དབྱངས་ཀྱིས་སྤྱི་བོར་མནན། །མེ་ཡི་ས་བོན་གསལ་བར་བྱེད། །ཐིག་ལེ་སྒྲ་ནི་མཆོག་ཏུ་སྦྱིན། །འཇིག་རྟེན་དབང་ཕྱུག་ཞེས་བྱའི་མཚན། །དེ་ཡི་ཕྱག་རྒྱ་ཡང་དག་བཤད། །པདྨོའི་ཐལ་མོ་རབ་ཏུ་བརྐྱང་། །བྲིས་པའི་ཕྱག་རྒྱར་ཡང་དག་བཤད། །དབྱུག་གུ་རིལ་
བ་སྤྱི་བླུགས་བྲི། །མདུན་དུ་བགྲང་ཕྲེང་པདྨ་ཡི། །རྒྱལ་པོ་ཟླ་བའི་དཀྱིལ་འཁོར་གཞག །དེ་ལ་སོགས་པ་མཐའ་ཡས་མཆོག །ཕྱག་རྒྱ་མཆོག་ཏུ་འབར་དེ་དག །འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ། །ཇི་ལྟར་རིགས་པར་དགོད་པར་བྱ། །འགྲོ་བ་འདུལ་བ་ཞེས་བྱ་བའི་དཀྱིལ་
འཁོར་གྱི་རྒྱལ་པོའོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །གཞན་ནི་རབ་ཏུ་བཤད་པར་བྱ། །དཔའ་བོ་རིན་ཆེན་སྙིང་པོ་ཡི། །རྡོ་རྗེ་རིན་ཆེན་ཞེས་སུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱ། །དེ་ཡི་དབུས་སུ་རིན་ཆེན་ཆེ། །ཡན་
ལག་བརྒྱད་པ་མཆོག་ཏུ་འབར། །དེ་དབུས་རིན་ཆེན་པདྨ་ནི། །རིན་ཆེན་ཕྲེང་བས་རྣམ་པར་མཛེས། །དེ་དབུས་མ་ར་ཀ་ཏ་འདྲ། །རིན་ཆེན་རྡོ་རྗེ་ཆེར་འབར་བ། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རིན་ཆེན་ཕྲེང་བས་རྣམ་པར་མཛེས། །མདུན་དུ་ཀུན་གྱི་དབང་བསྐུར་གཙོ། །
རིན་ཆེན་དེ་ཡི་གཙོ་བོ་མཆོག །གཡས་སུ་པདྨ་རཱ་ག་སྟེ། །རྒྱབ་ཏུ་ཨིནྡྲ་ནཱི་ལའོ། །ཡིད་བཞིན་ནོར་བུ་རིན་ཆེན་གཡོན། །ཕྱག་རྒྱ་རྣམ་པ་སྣ་ཚོགས་མཆོག །སྣ་ཚོགས་རིན་ཆེན་རྣམ་པར་བརྒྱན། །དཀྱིལ་འཁོར་ཀུན་གྱི་གྲྭ་ཡི་ནི། །གནས་རྣམས་སུ་ནི་གཞག་པར་བྱ། །སངས་
Vol. 86 · folio 64b
རྒྱས་དཔའ་བོ་ཐམས་ཅད་ཀྱིས། །དེ་ཡི་སྔགས་སུ་ཡོངས་གྲགས་པ། །བཞི་པའི་སྡེ་ཡི་དང་པོ་གང་། །མེ་ཡི་ས་བོན་གྱིས་གསལ་བྱས། །དབྱངས་ཀྱི་གཉིས་པས་ཀུན་ནས་མནན། །དབང་སྒྱུར་བ་ནི་སྟེང་དུ་གནས། །དེ་ཡི་ཕྱག་རྒྱ་ཡང་དག་བཤད། །རིན་ཆེན་སྙིམ་པ་རྒྱབ་
བསྐུམས་ཏེ། །རིན་ཆེན་རྣམ་པ་ལེགས་བྱུང་བ། །དེ་ནི་རྡོ་རྗེ་རིན་ཆེན་ནོ། །རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་
དང་ནི་ཡང་དག་ལྡན། །རྡོ་རྗེ་ཕྲེང་བས་རྣམ་པར་མཛེས། །དེ་ཡི་དབུས་སུ་ཞལ་བཞི་པའི། །འཁོར་ལོ་བཞིན་དུ་ཡོངས་བསྐོར་བའོ། །དེ་ཡི་དབུས་སུ་པད་ཆེན་པོའོ། །ཁ་དོག་སྣ་ཚོགས་ཡོངས་འབར་བ། །དེ་ཡི་དབུས་སུ་བརྩོན་ཆེན་པོ། །རྡོ་རྗེ་སྣ་ཚོགས་ཡོངས་སུ་བྲི། །རྡོ་རྗེ་ཁུ་ཚུར་
འཛིན་མཛེས་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པ། །ཁ་དོག་སྣ་ཚོགས་གཟི་བརྗིད་ཆེ། །སངས་རྒྱས་ཕྲེང་བས་རྣམ་པར་མཛེས། །དེ་ཡི་སྔགས་ནི་ཡང་དག་བཤད། །བཅུ་གཉིས་པ་ཡི་དབྱངས་ཀྱི་མཐའ། །མྱ་ངན་འདས་དོན་ལེགས་གསལ་བྱས། །སྒེག་སོགས་རིག་
མ་ཐམས་ཅད་ཀྱིས། །དེ་བཞིན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེའི་ཐིག་ལེ་ཡོངས་སུ་ལྡན། །སྣ་ཚོགས་བཀྲ་བ་མཆོག་ཏུ་འབར། །དེ་ཡི་དབང་བསྐུར་ཕྱག་རྒྱ་ཡིས། །མཆོད་པ་ཀུན་གྱིས་ཐམས་ཅད་ནས། །ཀུན་ནས་ཡོངས་སུ་བསྐོར་བ་ཡི། །ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །
ལས་ཀྱི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །ཤེས་རབ་ཡེ་ཤེས་འཁོར་ལོ་ཆེ། །སྔགས་ཀྱི་ཡི་གེས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །འདབ་མ་བརྒྱད་པ་ཤིན་ཏུ་མཛེས། །དེ་ཡི་ལྟེ་བའི་དཀྱིལ་དུ་
ནི། །གཞོན་ནུ་སྣ་ཚོགས་གཟུགས་ལྡན་པ། །སྐུ་མདོག་དམར་ཞིང་འཛུམ་བཅས་པ། །སྣ་ཚོགས་གཟུགས་ཅན་རལ་གྲི་ཅན། །ཕྱག་བཞི་པ་ལ་ཞལ་བཞི་པ། །རལ་གྲིའི་ཕྲེང་བས་རྣམ་པར་བརྒྱན། །གསང་སྔགས་ཆེན་པོ་ཡི་གེ་ལྔ། །དེ་ཡི་དྲུང་དུ་ལེགས་པར་གནས། །
Vol. 86 · folio 65a
དབྱངས་ཀྱི་བཅུ་གཉིས་གསང་སྔགས་ནི། །ཐུགས་ཀ་རུ་ནི་ཡང་དག་གནས། །ཕྱི་རོལ་ཉིད་ནི་གྲུ་བཞི་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །རྟ་བབས་བཞི་དང་མཉམ་པར་སྦྱོར། །སྒོ་བཞི་ཡིས་ནི་ཤིན་ཏུ་མཛེས། །ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །དེ་ལ་དཀྱིལ་
འཁོར་དབུས་སུ་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །འབད་པ་ཡིས་ནི་བྲི་བར་བྱ། །སྔོན་དུ་བཤད་པའི་ཆོ་ག་ཡིས། །མཆོད་སོགས་ཆོ་ག་རྒྱས་པ་ཉིད། །གཞུག་པའི་ཆོ་ག་དེ་བཞིན་དུ། །ཇི་ལྟར་དཀྱིལ་འཁོར་འདིར་མཐོང་བཞིན། །ཤེས་རབ་ཡེ་ཤེས་ཀྱི་དཀྱིལ་འཁོར་
རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་བྲི་བྱ་བ། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །
རྟེན་ཅིང་འབྲེལ་འབྱུང་ཕྲེང་བ་ནི། །འབད་པ་ཡིས་ནི་བྲི་བར་བྱ། །འཁོར་ལོའི་དབུས་སུ་བརྩོན་ཆེན་པོ། །རྡོ་རྗེའི་རྒྱུ་ནི་སྟོབས་པོ་ཆེ། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །ཁ་དོག་ནག་པོ་གཟི་བརྗིད་ཆེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་མཛད། །
དེ་ཡི་སྔགས་གྱུར་མཛེས་པ་ནི། །རྒྱུ་ཡི་དོན་དུ་སོ་སོར་བསྐྱེད། །དབྱངས་དྲུག་དང་ནི་ཡང་དག་ལྡན། །ཐིག་ལེ་ཕྱི་མོས་རྣམ་པར་བརྒྱན། །རང་གི་ཡི་གེའི་ཕྲེང་བ་ཆེ། །འཁོར་ལོ་གཉིས་ཀྱིས་རྣམ་པར་བརྒྱན། །དེ་ཡི་མདུན་དུ་དུང་ཡིན་ལ། །རྒྱབ་ཏུ་ཞགས་པར་བརྗོད་པར་བྱ། །རྡོ་རྗེའི་
ཐལ་མོ་ཕྱག་རྒྱ་ཆེ། །འཁོར་ལོ་བཞིན་དུ་རབ་ཏུ་གནས། །མཆོད་པ་ཐམས་ཅད་རབ་ཏུ་བརྟག །ཇི་ལྟར་དཀྱིལ་འཁོར་སྔ་མ་བཞིན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར། །དངོས་གྲུབ་ཐམས་ཅད་ཡང་དག་འབར། །
ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །ཐོག་མའི་དཀྱིལ་འཁོར་སྦྱོར་བ་ཡིས། །དཀྱིལ་འཁོར་ཀུན་གྱི་ཐིག་གདབ་བོ། །དེ་ཡི་དཀྱིལ་དུ་སྣང་བ་ཆེ། །མཁའ་བཞིན་ཤིན་ཏུ་འོད་གསལ་བ། །སེམས་
Vol. 86 · folio 65b
དཔའ་ཆེན་པོ་ནམ་མཁའི་མཛོད། །པདྨའི་རྒྱལ་པོ་རབ་ཏུ་བཞུགས། །ཟླ་བའི་མདོག་ཅན་གཟི་བརྗིད་ཆེ། །སྣ་ཚོགས་མཚོན་ཆ་འཛིན་པའི་མཆོག །གཞོན་ནུ་རབ་ཏུ་བརྗིད་པའི་ཞལ། །ནམ་མཁའི་མཛོད་ཅེས་རབ་ཏུ་གྲགས། །སངས་རྒྱས་ཕྲེང་བ་སོགས་པས་སྤྲས། །
རྡོ་རྗེ་དཀྱིལ་འཁོར་བརྒྱན་པར་མཛད། །འདི་ཡི་གསང་སྔགས་གཟི་བརྗིད་ཆེ། །དབྱངས་དགུ་པ་ལ་ཐིག་ལེ་དང་། །ནཱ་ད་ཡིས་ནི་རྣམ་པར་བརྒྱན། །སྡེ་ཚན་དང་པོའི་གསུམ་པ་ལ། །ཐིག་ལེ་ནཱ་དས་རྣམ་པར་བརྒྱན། །དེ་ཡང་གཙོ་བོའི་གསང་སྔགས་འགྱུར། །ནམ་མཁའི་མཛོད་
ནི་རབ་བསྐོར་མཛད། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སྔགས་ཀྱི་ཕྲེང་བ་མཆོག་ལྡན་པ། །མ་ལུས་པ་ཡི་ས་རྣམས་ཀུན། །ཐམས་ཅད་ནས་ནི་ནམ་མཁའི་ཚུལ། །ཏོག་ནི་ཕྱག་རྒྱར་གྱུར་པ་དེའི། །དེ་བཞིན་དུ་ནི་ངེས་པར་བཅིང་། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །ནམ་
མཁའ་ཡི་ནི་མཛོད་དེ་ལ། །གལ་ཏེ་བདག་ནི་གྲུབ་འདོད་ན། །མཆོད་པ་ཀུན་གྱིས་རྣམ་པར་མཆོད། །ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས། །དཀྱིལ་འཁོར་
ཐམས་ཅད་ཐིག་གདབ་བོ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ཁྲོ་བོའི་དཀྱིལ་འཁོར་གྲུ་བཞི་པ། །དེར་ཡང་རྡོ་རྗེ་མེ་ཡི་མཆོག །དཀྱིལ་འཁོར་གྱི་ནི་མཆོག་ཏུ་འདོད། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །རྡོ་རྗེ་གནོད་སྦྱིན་བླ་ན་མེད། །ཕྱག་བཞི་པ་ལ་ཞལ་བཞི་པ། །
པདྨའི་རྒྱལ་པོ་ལ་རབ་གནས། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་ལུས། །བདུད་རྣམས་ཐམས་ཅད་རབ་འཇོམས་མཛད། །དེ་སྔགས་ཡི་གེར་གྱུར་པ་ནི། །ཤ་ཥའི་སྡེ་ཚན་མཐར་དགེ་བ། །རྒྱུ་ཡི་དོན་དུ་ལེགས་གསལ་བྱ། །ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་བསྐོར། །སྔགས་ཀྱི་
ཡི་གེ་ཕྲེང་བ་ཆེ། །འབད་པ་ཡིས་ནི་བྲི་བར་བྱ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྡོ་རྗེ་གནོད་སྦྱིན་དེ་ཡིས་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྒྱུ་མ་ཐམས་ཅད་གཞོམ་པར་བྱ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་ཆེན་པོའོ།། །།དེ་ནས་དཀྱིལ་འཁོར་ཆེན་
Vol. 86 · folio 66a
པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་དབུས་སུ་འཁོར་ལོ་ཆེ། །ལྕགས་ཀྱུ་ཡིས་ནི་རྣམ་པས་མཛེས། །དབུས་སུ་བཅོམ་ལྡན་རྡོ་རྗེ་རྒྱལ། །ལྕགས་ཀྱུ་ལ་ནི་རབ་ཏུ་བཞུགས། །ཕྱག་
བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཐམས་ཅད་རབ་ཏུ་འབར། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་ཆེ། །འབར་བ་འཕྲོ་བས་རྣམ་པར་བརྒྱན། །འགྲོ་བ་ཐམས་ཅད་འགུགས་པར་མཛད། །སྔགས་ཀྱི་ཡི་གེས་ལེགས་པར་སྦྱར། །ཤ་ཥའི་སྡེ་ཡི་དྲུང་གནས་པ། །བྱེད་པའི་རྒྱུ་རུ་
ལེགས་པར་གནས། །དབྱངས་དྲུག་པ་ཡིས་ལེགས་པར་ཕྱེ། །ཟླ་ཕྱེད་ཐིག་ལེས་ལེགས་པར་བརྒྱན། །ལྕགས་ཀྱུའི་ཕྱག་རྒྱ་ལེགས་པར་སྦྱར། །འགུགས་པར་བྱེད་ལ་དོན་ཡོད་པའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །རྡོ་རྗེ་ལྕགས་ཀྱུ་མཆོག་ཏུ་དགེ། །དགུག་པ་ལ་
སོགས་ཐམས་ཅད་ལ། །འགྲོ་བ་འདུལ་བ་ཡོངས་སུ་བསྡུ། །དོན་ཡོད་རྒྱལ་པོའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་
ཡང་དག་ལྡན། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །དཀྱིལ་འཁོར་ལྕགས་ཀྱུའི་རྣམ་པ་ཅན། །དེ་ཡི་དབུས་སུ་གྲུ་གསུམ་གྲགས། །ལྕགས་ཀྱུ་མཆོག་ཏུ་དགེ་བའོ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་སྟོབས་པོ་ཆེ། །ཕྱག་
བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །གཟི་བརྗིད་ཆེན་པོ་དཀར་དང་དམར། །ཞགས་པ་ལྕགས་ཀྱུ་འཛིན་དགེ་བ། །དེ་ཡི་གསང་སྔགས་ཡང་དག་བཤད། །དོན་ཡོད་འབྲས་བུ་སྩོལ་བ་བོ། །སྡེ་ཚན་གཉིས་པའི་གསུམ་པ་ནི། །གཉིས་འགྱུར་ཉིད་དུ་
རྣམ་པར་གནས། །དེ་ཡི་ཐིག་ལེ་མྱ་ངན་འདས། །སྔགས་ཀྱི་ཕྲེང་བ་གཞན་གྱིས་བསྐོར། །སྒེག་མོ་ལ་སོགས་མཆོད་པ་ཆེ། །འབད་པ་ཡིས་ནི་བྲི་བར་བྱ། །སྒོ་སྐྱོང་བ་དང་མཆོད་པ་ཡང་། །སྦྱོར་བ་ཇི་བཞིན་རྣམ་པར་དགོད། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །མཆོད་པ་
Vol. 86 · folio 66b
ཐམས་ཅད་ཡོངས་སུ་སྒྲུབ། །རྡོ་རྗེ་རྒྱལ་པོའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །རྡོ་རྗེ་ཆགས་པ་ཞེས་སུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་
མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཆགས་པའི་དཀྱིལ་འཁོར་བྲི་བར་བྱ། །ཐམས་ཅད་དམར་པོས་རབ་དྲེགས་པ། །དབང་དུ་བྱེད་པའི་དམ་པ་ཡིན། །དེ་ཡི་དབུས་སུ་པད་ཆེན་པོ། །འདབ་མ་བརྒྱད་པ་གེ་སར་བཅས། །དེ་ཡི་ལྟེ་བའི་དབུས་སུ་ནི། །
རྡོ་རྗེ་ཆགས་པ་བྲི་བར་བྱ། །པདྨ་རཱ་ག་མཚུངས་པའི་འོད། །ཕྱག་བཞི་པ་ལ་ཞལ་བཞི་པ། །སྤྱན་གསུམ་འོད་ཀྱི་ཕྲེང་བ་ཅན། །དེ་ཡི་ཕྱག་རྒྱ་མཆོག་ཏུ་ནི། །མཛེས་པ་ཡི་ནི་མདའ་གཞུར་འགྱུར། །རྒྱན་རྣམས་ཀུན་གྱིས་མཛེས་པའི་ལུས། །འགྲོ་བ་ཀུན་ལ་ཆེས་མཆོག་གྱུར། །
དེ་ཡི་གསང་སྔགས་མཛེས་གྱུར་པ། །རྡོ་རྗེ་ཆགས་པ་མཆོག་ཏུ་བདེ། །ཤ་ཥའི་སྡེ་ཡི་མཐར་གྱུར་པ། །ཀྵ་ཡི་ཡི་གེའི་སྔོན་དུ་གནས། །དབྱངས་དགུ་པ་དང་ཡང་དག་ལྡན། །སྔགས་ཀྱི་ཕྲེང་བས་ཡང་དག་བརྒྱན། །མེ་ཏོག་མདའ་ནི་ཡོངས་སུ་འཕེན། །རེ་བ་ཐམས་ཅད་
ཡོངས་རྫོགས་མཛད། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱེད། །རྡོ་རྗེ་ཆགས་པའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །རྡོ་རྗེ་ལེགས་པ་ཞེས་གྲགས་པ། །གཉིས་སུ་མེད་
པའི་དགའ་བའང་འཕེལ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་དབུས་སུ་ཆེར་མཛེས་པའི། །དཀྱིལ་འཁོར་དམ་པ་གྲུ་བཞི་པ། །དེ་ཡི་དབུས་སུ་པད་ཆེན་པོ། །ཟེ་འབྲུ་ཡིས་ནི་ཉེ་བར་མཛེས། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །ཟླ་བའི་གཟུགས་
བརྙན་ཡང་དག་འབར། །དེར་གནས་དཔའ་བོ་བསམ་པར་བྱ། །རྡོ་རྗེ་ལེགས་པ་སྟོབས་པོ་ཆེ། །དུང་དང་ཀུནྡ་ཟླ་བ་དཀར། །ཁ་བ་བ་ཞོའི་འོད་ལྟར་མཛེས། །ལེགས་སོ་སྩོལ་བ་ཚིམ་པར་མཛད། །ཏིང་ངེ་འཛིན་དབང་མང་པོ་སྒྱུར། །རྡོ་རྗེ་སྒེག་མོ་སོགས་མཆོད་པ། །དེ་བཞིན་
Vol. 86 · folio 67a
མེ་ཏོག་བདུག་པ་སོགས། །སྒོ་ཡི་སྐྱོང་བ་ཉིད་ཀྱང་ནི། །རབ་ཏུ་འབད་དེ་བྲི་བར་བྱ། །དེ་ཡི་སྔགས་གྱུར་མཛེས་པ་ནི། །གསང་བ་ཆེན་པོ་མཆོག་ཏུ་འབར། །ཧ་ཡི་ཡི་གེ་སྔོན་གང་དེ། །སེམས་ཅན་དོན་ནི་རབ་སྒྲུབ་བྱེད། །ཐིག་ལེ་གཉིས་དང་ཡོངས་སུ་ལྡན། །
ལེགས་སྩོལ་བས་ནི་རྣམ་པར་གནས། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །མཆོད་པ་ཐམས་ཅད་རབ་ཏུ་བསྐོར། །བདག་ཉིད་དག་པས་གཞུག་པ་སོགས། །ཐམས་ཅད་ཡོངས་སུ་སྤྱད་པར་བྱ། །རྡོ་རྗེ་ལེགས་པའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །
ཡང་དག་རབ་ཏུ་བཤད་བྱ་བ། །རྡོ་རྗེ་གཟི་བརྗིད་ཞེས་སུ་གྲགས། །རྡོ་རྗེ་ཉི་མ་བློ་གྲོས་ལྡན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །དེ་ཡི་ནང་དུ་བྲི་བྱ་བ། །རྡོ་རྗེ་ཉི་མ་
འོད་ཆེན་པོ། །རྡོ་རྗེ་ཉི་མའི་སྟེང་དུ་ནི། །གྲུ་གསུམ་རྣམ་པ་ལས་བྱུང་བ། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །འབར་བ་ཡི་ནི་མེ་ལྟ་བུ། །པདྨ་ཆེན་པོ་འདབ་བརྒྱད་པ། །ཟེ་འབྲུ་ཡིས་ནི་ཤིན་ཏུ་མཛེས། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །རྡོ་རྗེ་གཟི་བརྗིད་སྟོབས་པོ་ཆེ། །
བཟང་པོའི་མཚལ་དང་མཚུངས་པའི་འོད། །རྒྱ་སྐྱེགས་ཁུ་བ་མཚུངས་པའི་མདོག །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །དེ་ཡི་སྔགས་སུ་ཡོངས་གྲགས་པ། །ཀུན་ནས་སངས་རྒྱས་མཚུངས་པ་ཉིད། །དབྱངས་ཡིག་བཅུ་གཅིག་པ་ཡི་མཐའ། །
ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར། །རང་གི་ཕྱག་རྒྱའི་མཚན་མ་ལྡན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་གཟི་བརྗིད་ཀྱི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་
དག་རབ་ཏུ་བཤད་བྱ་བ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་མིང་། །བདག་ཉིད་ཆེན་པོ་རྡོ་རྗེའི་ཏོག །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །མཆོག་
Vol. 86 · folio 67b
ཏུ་འབར་བ་ཡི་ནི་རླུང་། །ཟླ་བ་ཕྱེད་པའི་རྣམ་པ་འདྲ། །རིན་ཆེན་རྒྱལ་མཚན་ཡོངས་བསྒྲེང་བ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །ཞལ་བཞི་པ་ལ་གཟི་བརྗིད་ཆེ། །ཨིནྡྲ་ནཱི་ལ་མཚུངས་པའི་འོད། །རིན་ཆེན་ཆར་པ་རབ་ཏུ་འབེབས། །
ཕྱག་བཞི་པ་ལ་སྣང་བ་ཆེ། །དེ་ཡི་གསང་སྔགས་གཟི་བརྗིད་ཆེ། །སྡེ་ཚན་བཞི་པའི་དང་པོ་ལ། །མེ་ཡིས་རབ་ཏུ་གསལ་བྱས་པ། །ཏོག་གི་ཕྱག་རྒྱས་ཡོངས་སུ་བསྐོར། །སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་
ཅད་རབ་མཆོད་བྱ། །རྡོ་རྗེ་ཏོག་གི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །རྡོ་རྗེ་བཞད་པ་ཞེས་གྲགས་པ། །རྡོ་རྗེ་བཞད་པ་མཚུངས་པའི་འོད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་
བཞི་དང་ནི་ཡང་དག་ལྡན། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །དཀྱིལ་འཁོར་དེ་དབུས་ཟླུམ་པོ་ནི། །ཨིནྡྲ་ནཱི་ལ་མཚུངས་པའི་འོད། །དེ་བཞིན་ཆུ་ནི་གཟི་བརྗིད་ཅན། །ཕྱག་རྒྱ་འཁོར་ལོས་རྣམ་པར་མཛེས། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །སྟོན་ཀའི་ཟླ་བ་འདྲ་བའི་འོད། །
འགྲོ་བ་མཐའ་དག་སྣང་མཛད་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །ཕྱག་བཞི་པ་ལ་ཞལ་བཞི་པ། །དབང་ཕྱུག་ཐམས་ཅད་ཡང་དག་ལྡན། །དེ་ཡི་གསང་སྔགས་གསང་ཆེན་པོ། །རྒྱུ་ཡི་དོན་དུ་བསྒྲུབ་པར་བྱ། །སྟོང་པ་མངོན་བརྗོད་བསམ་མི་ཁྱབ། །རང་མིང་རྟོགས་
པས་མཚན་པའོ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་བཞད་པའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་
བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །དངོས་གྲུབ་དཀྱིལ་འཁོར་ཡང་དག་བྲི། །དེ་ཡི་སྟེང་དུའང་པདྨ་ཆེ། །པདྨ་མེ་ལས་ཡང་དག་བྱུང་། །གྲུ་གསུམ་མཆོག་ཏུ་མཛེས་པ་པོ། །སུམ་མདོ་རིས་ཀྱིས་རྣམ་པར་བརྒྱན། །ཆོས་དབྱིངས་ཡི་གེའི་དེ་ཁོ་ན། །ཐམས་ཅད་གཟི་བརྗིད་
Vol. 86 · folio 68a
བདག་ཉིད་དགེ། །དེ་ཡི་བདག་གི་དེ་ཉིད་ནི། །འཕྲོ་བའི་མ་ར་ཀ་ཏ་འདྲ། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །གཉིས་པའི་མདོག་ཏུ་གྱུར་པ་ནི། །པདྨ་རཱ་ག་མཚུངས་པའི་འོད། །ཇི་སྲིད་ངག་གི་འཁོར་ལོ་ནི། །སྨྲ་བའི་དབྱེ་
བས་རབ་ཏུ་གནས། །ཐམས་ཅད་སོ་སོར་གསལ་བར་བྱེད། །སྤྲིན་གྱི་དཀྱིལ་འཁོར་མཆོག་རྨད་བྱུང་། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་སྨྲ་བའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་
དག་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །དེ་ཡི་དབུས་སུ་གོ་ཆ་ཆེ། །རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་བརྩོན་ཆེན་པོ། །རྡོ་རྗེ་བསྲུང་བ་ཡང་དག་བྲི། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་
རྣམས་ཀུན་གྱིས་བརྒྱན་པ་པོ། །ཁ་དོག་སྣ་ཚོགས་གཟི་བརྗིད་ཆེ། །ཐམས་ཅད་བསྲུང་བ་མཆོག་ཏུ་དགེ། །ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །གསང་བ་ཆེན་པོའི་གོ་འཕང་མཆོག །དེ་ཡི་གསང་སྔགས་གཟི་བརྗིད་ཆེ། །ཤ་ཥའི་སྡེ་ཡི་མཐར་གནས་མཆོག །མགོན་
པོའི་རྒྱུར་ནི་མངོན་པར་བརྗོད། །སྟེང་དུ་ནཱ་དས་བརྒྱན་པར་བྱས། །ཀུན་ནས་ཁ་དོག་དུ་མ་ཡིས། །ཡོངས་སུ་བསྐོར་བར་བསྒོམ་པར་བྱ། །སྔགས་ཀྱི་ཕྲེང་བ་ཡོངས་སུ་ལྡན། །གློག་གི་ཕྲེང་བས་རྣམ་པར་བརྒྱན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །མཆོད་པ་ཐམས་ཅད་
རབ་བསྒྲུབ་བྱ། །རྡོ་རྗེ་བསྲུང་བའི་དཀྱིལ་འཁོར་རོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱ། །ཐིག་བཞི་དང་ནི་ཡང་དག་ལྡན། །ཁུ་ཚུར་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་
འཁོར་དེ་ཡི་དབུས་སུ་ནི། །རྡོ་རྗེ་པདྨ་ཡིད་འོང་བ། །གཟི་བརྗིད་ཆེན་པོ་གསེར་གྱི་མདོག །འདབ་མ་བརྒྱད་པ་ཡིད་འོང་བ། །དེ་ཡི་སྟེང་དུ་གཟི་བརྗིད་ཆེ། །རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ། །ཕྱག་བཞི་པ་ལ་ཞལ་བཞི་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་པོ། །ཀུནྡ་དུང་དང་ཟླ་བ་དཀར། །
Vol. 86 · folio 68b
ཁུ་ཚུར་དེ་བཞིན་གཤེགས་ཀུན་གྱི། །སྐུ་དང་གསུང་དང་ཐུགས་ཁུ་ཚུར། རྡོ་རྗེ་ཉིད་དུ་མཉམ་ཉིད་མཆོག །གཉིས་སུ་མེད་པ་མཆོག་གསང་བ། །ཁུ་ཚུར་གྱིས་ནི་སྡུད་པར་བཤད། །དེ་སྔགས་མཆོག་ཏུ་དགའ་བ་ནི། །བརྗོད་དུ་མེད་ཉིད་སྩོལ་མཛད་པ། །སྡེ་ཚན་ལྔ་པའི་གསུམ་
པ་ནི། །འབར་བའི་འོད་ཀྱི་དཀྱིལ་འཁོར་ཅན། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་སྐུ། །འདི་ཡི་སྔགས་ལ་རྣམ་པར་གནས། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྡོ་རྗེ་ཁུ་ཚུར་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་རོ།། །།དེ་ལ་སོགས་པ་མཐའ་ཡས་མཆོག །
དཀྱིལ་འཁོར་མཆོག་ཏུ་འབར་བ་ནི། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི། །སངས་རྒྱས་བྱང་ཆུབ་སྩོལ་བར་མཛད། །དེ་ནས་ཡང་དག་བཤད་བྱ་བ། །འཇིག་རྟེན་པ་ཡི་དཀྱིལ་འཁོར་མཆོག །དེ་བཞིན་གྲུ་བཞིར་བྲིས་ནས་ནི། །སྒོ་ཁྱུད་ལ་སོགས་རྣམ་པར་སྤང་། །རྩེ་
གསུམ་པཊྚི་ས་དང་ནི། །དུང་དང་པདྨ་སོགས་པས་བརྒྱན། །ཐོག་མར་དབང་ཕྱུག་ཆེན་པོ་དགོད། །རྩེ་གསུམ་པ་ཡི་ཕྱག་རྒྱར་ལྡན། །ཁྱུ་མཆོག་ལ་ཞོན་མིག་གསུམ་པ། །སྟག་གི་པགས་གྱོན་ཕྱག་བཞི་པ། །ཐལ་བས་བྱུགས་ཤིང་མགོ་བོ་ལ། །རལ་པའི་ཚོགས་ནི་རབ་
འཕྱང་བ། །ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་འཚལ་བ་ནི་འདི་བྲིའོ། །དེ་ཡི་སྔགས་ནི། ཨོཾ་ཏྲི་ས་སྲུྃ་ཧཱུྃ་ཕཊ། གསང་སྔགས་འདི་ནི་ཆེར་གསང་བ། །བདག་ཉིད་ཆེན་པོ་དབང་ཕྱུག་ཆེའི། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་
རོ། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ་དབང་ཕྱུག་ཆེན་པོའི་གནས་སུ་ནག་པོ་ཆེན་པོ་གཞག་པར་བྱའོ། །ལག་པ་སྟོང་གིས་གར་བྱེད་པ་དང་ལྡན་པའི་དགའ་བྱེད་དབང་ཕྱུག་དང་ལྷན་ཅིག་ཕྱག་བཞི་པ་སྤྱན་གསུམ་པའོ། །ལག་པ་སྟོང་གིས་གནས་པའོ། །རང་གི་སྔགས་ནི། ཨོཾ་མ་ཧཱ་
ཀཱ་ལ་ཧཱུྃ་བྷྱོཿ། ཨོཾ་ནན་དི་ཀེ་ཤྭ་ར་ཧཱུྃ་བྷྱོ། འདི་བཟླས་ན་དངོས་གྲུབ་ཐམས་ཅད་བྱེད་དོ། །དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོའི་དཀྱིལ་འཁོར་རོ། །དེ་ཉིད་ཀྱི་ནི་ཆོ་ག་ཡིས། །དཀྱིལ་འཁོར་གྲུ་བཞི་ཐིག་གདབ་བྱ། །དེར་ནི་པདྨ་ཡང་དག་བྲི། །པདྨའི་དབུས་སུ་སྦྲང་རྩི་བྱེད། །
Vol. 86 · folio 69a
ལ་སོགས་མིང་པོ་གསུམ་བྲིའོ། །གཞུ་ཡི་ཕྱག་རྒྱ་ཡོངས་སུ་འཛིན། །སྦྲང་རྩི་བྱེད་དང་རྒྱལ་བ་བྱེད། །དེ་བཞིན་ཉིད་དུའང་སྒྲུབ་བྱེད་དོ། །མེ་ཏོག་མདའ་དང་ཡོངས་སུ་ལྡན། །རང་གི་མིང་རྟོགས་མཚན་མ་ཅན། །སྔགས་ནི། ཨོཾ་མ་དྷཱུ་ཀྲིཏ་སྣྃ། ཨོཾ་སྭྃ། ཨོཾ་
དྷྭ་ན་སྭ། གསང་སྔགས་འདི་ནི་འདོད་གཟུགས་ཅན། །དབང་དུ་བྱེད་པ་ཐམས་ཅད་སྒྲུབ། །སྦྲང་རྩི་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྲུ་བཞི་པ་བྲིས་ནས་དབུས་སུ་ཐིག་བཞི་གདབ་བོ། །དབུས་སུ་ཏུམ་བུ་རུའོ། །ཤར་གྱི་འདབ་མར་རྒྱལ་བའོ། །ལྷོ་རུ་རྣམ་
པར་རྒྱལ་བའོ། །ནུབ་ཏུ་མི་ཐུབ་པའོ། །བྱང་དུ་གཞན་གྱིས་མི་ཐུབ་པའོ། །དེ་ལྟ་བུའི་དཀྱིལ་འཁོར་བྲིས་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་གསང་སྔགས་དགོད་པར་བྱའོ། །ཨོཾ་ཏུཾ་བུ་རུ་ཧཱུྃ། ཨོཾ་ཛ་ཡེ་ཧཱྃ། ཨོཾ་བི་ཛ་ཡེ་ཧཱྃ། ཨོཾ་ཨ་ཛི་ཏེ་ཧཱྃ། ཨོཾ་ཨ་པ་རཱ་ཛི་ཏེ་ཧཱྃ། དགའ་བ་འདི་
དག་ལག་གཡོན་དུ། །ཁུ་ཚུར་གཡོན་པས་རབ་གྲུབ་སྩོལ། །འདི་ཡི་ཕྱག་རྒྱ་ཉིད་གྱུར་པ། །སངས་རྒྱས་ཀུན་གྱིས་རབ་ཏུ་བརྟགས། །ལག་པར་དགོད་པ་རབ་བཤད་བྱ། །གོ་རིམས་ཇི་ལྟ་བ་བཞིན་དུ། །ཏུམ་བུ་རུ་ནི་མཐེ་བོར་དགོད། །སྡིགས་མཛུབ་ལ་ནི་རྒྱལ་བ་གནས། །
རྣམ་རྒྱལ་གུང་མོ་ཉིད་ལའོ། །མི་ཐུབ་དེ་བཞིན་མིང་མེད་ལ། །གཞན་གྱིས་མི་ཐུབ་མཐེའུ་ཆུང་ལ། །ལག་པའི་དབུས་སུ་ཡི་གེ་ཨོཾ། །དགོད་བྱ་དེ་ཉིད་ལག་པའི་རྒྱབ། །རྡོ་རྗེ་ཕྲེང་བའི་མཐར་ཐུག་ཏུ། །དགོད་པར་བྱ་བ་མཆོག་ཏུ་བཤད། །སྦྱོར་དང་རྣམ་པར་དབྱེ་བ་ཡང་། །
ཕྱག་རྒྱ་ཀུན་སྤྱོད་ཡོངས་སུ་བསྡུ། །སོ་སོར་བརྟན་པར་བྱ་བ་ཉིད། །སོར་མོ་རྣམས་ལ་ཁྱད་པར་དུ། །དབང་དང་དགུག་དང་རྨོངས་ལ་སོགས། །རེངས་བྱེད་ལ་སོགས་གོ་རིམས་བཞིན། །ལས་རྣམས་དག་ནི་ཐམས་ཅད་དུ། །སྔགས་པས་མཉམ་པར་གཞག་སྟེ་བྱ། །དེ་ནས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཚན་རྣམས་ཀྱིས་ལེགས་པར་བསྟོད་པ་མཛད་དེ། བཅོམ་ལྡན་འདས་མཉེས་པར་མཛད་
Vol. 86 · folio 69b
པ། བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ། །སངས་རྒྱས་དེ་བཞིན་གཤེགས་པ་ཀུན། །དགྲ་བཅོམ་འདོད་ཆགས་བྲལ་བ་དང་། །ལེགས་པ་ཆོས་ཀྱི་འབྱུང་གནས་མཆོག །བློ་གྲོས་དག་པ་ཡེ་ཤེས་ཆེ། །ཐམས་ཅད་མཁྱེན་པ་ཀུན་རིག་མཆོག །མཆོག་གི་དབང་ཕྱུག་དཔའ་བ་
ཆེ། །ཐོག་མ་ཐ་མ་མེད་ཁྱབ་བདག །མ་འདྲེས་མ་འདྲེས་པ་ཡི་དོན། །ཤིན་ཏུ་ཕྲ་བ་མཆོག་སྦྱིན་རྒྱལ། །རྡོ་རྗེ་ཅན་ཆེན་རྣལ་འབྱོར་ཆེ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་མཆོག །མི་བསྐྱོད་པ་དང་མི་ཟད་མགོན། །ཆོས་དབྱིངས་གཞན་དང་གཞན་མིན་པ། །རིན་ཆེན་འབྱུང་
གནས་རྡོ་རྗེ་མཆོག །དབང་བསྐུར་ཀུན་གྱི་བླ་མའི་བླ། །ཐེག་ཆེན་ཆེ་བའི་མཆོག་གི་མཆོག །དཔའ་བོ་མཆོག་ཏུ་དཔའ་བའི་མཆོག །ཟབ་ཅིང་ཡང་ལ་ཕྲ་བ་དང་། །ཐམས་ཅད་ཐམས་ཅད་དེ་བཞིན་གཤེགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ། །ཚ་སྐྱོབ་དཀར་པོ་
སྟོབས་པོ་ཆེ། །གཟི་བརྗིད་ཕུང་པོ་གཟི་བརྗིད་ཆེ། །ཕུལ་བྱུང་ཕུལ་ལས་ཕུལ་དུ་བྱུང་། །རྒྱུ་མེད་མཆོག་གི་མཆོག་དཔའ་མཆོག །གཟི་མཆོག་གཟི་བརྗིད་བྱེད་མཚུངས་པ། །རྒྱལ་བ་རྒྱལ་བ་མཆོག་ཉིད་དང་། །ལེགས་པའི་རྒྱལ་པོ་བདག་ཉིད་ཆེ། །རྡོ་རྗེ་སེམས་དཔའ་སེམས་
ཆེན་པོ། །རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་ཆེ། །རྡོ་རྗེ་ཆགས་པ་མདའ་ཆེན་པོ། །རྡོ་རྗེ་ལེགས་པ་ལེགས་གྲུབ་མཛད། །རྡོ་རྗེ་རིན་ཆེན་ཆེ་མཆོག་མཆོག །རྡོ་རྗེ་གཟི་བརྗིད་ལེགས་བརྗིད་མཛད། །རྒྱལ་མཚན་ཆེན་པོ་རིན་ཆེན་ཏོག །རྡོ་རྗེ་བཞད་པ་ལེགས་བཞད་མཛད། །འཇིག་
རྟེན་དབང་ཕྱུག་པདྨ་ཆེ། །ཤེས་རབ་ཡེ་ཤེས་ལེགས་རྣོ་མཛད། །ཆོས་ཀྱི་འཁོར་ལོ་ཆོས་ཆེན་པོ། །སེམས་དཔའ་སྨྲ་བ་ལེགས་བཞད་མཛད། །སྣ་ཚོགས་ལས་ནི་རྒྱལ་པོ་ཆེ། །རྡོ་རྗེ་བསྲུང་བ་ལེགས་བསྲུང་མཛད། །ཁྲོ་བོ་ཆེན་པོ་གནོད་སྦྱིན་ཆེ། །རྡོ་རྗེ་མཚམས་སྦྱོར་
མཚམས་སྦྱོར་སེལ། །ཕྱག་འཚལ་སངས་རྒྱས་ཀུན་ཁྱོད་ལ། །དང་པོའི་རྣལ་འབྱོར་དབང་ཕྱུག་མཆོག །ལེགས་སོ་རྡོར་ཅན་རྣལ་འབྱོར་ཆེ། །དེ་བཞིན་གཤེགས་པ་ཐམས་ཅད་དགེ། །སྙིང་པོའི་རྒྱན་ཞེས་མཚན་གསོལ་བ། །འདི་དག་ཐམས་ཅད་ལེགས་པར་གསུངས། །སངས་
Vol. 86 · folio 70a
རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །ཡེ་ཤེས་སྙིང་པོ་ཤིན་ཏུ་མཛེས། །གསང་བ་ཆེན་པོ་མཆོག་ཏུ་གསང་། །སྦ་བྱ་ཤིན་ཏུ་རྙེད་དཀའ་བ། །ཤེས་རབ་ཕ་རོལ་ཕྱིན་པའི་མདོ། །བརྗོད་དུ་མེད་ཅིང་ཡི་གེ་བྲལ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་འབྱུང་བ་ཞེས་བྱ་བའི་རྟོག་པ་རྒྱས་པ་འདི་ཡོངས་སུ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་རྣལ་འབྱོར་གྱི་
དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
སོ། །དེ་མ་ཐག་ཏུ་བཅོམ་ལྡན་འདས་མ་ཡང་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་སྐད་ཅིག་ཉིད་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་རྡོ་རྗེ་ལ་ཞུགས་པར་གྱུར་ཏོ། །
ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གསལ་བར་མཛད་ཅིང་བརྟན་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དེ་ལས་འཐོན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་མ་
ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས། སེམས་ཅན་ཐམས་ཅད་ཀྱིའང་ཤེས་རབ་དང་ཡེ་ཤེས་རྣམ་པར་སྦྱངས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བཞུག་ཅིང་རྗེས་སུ་མཉེས་པར་བྱས་ནས་ལེགས་པར་མཛད་ནས་རྣམ་པར་
གནས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལེགས་པར་ཡོངས་སུ་རྫོགས་པར་མཛད་ནས་མངོན་པར་དབང་བསྐུར་ཏེ། གཟི་བརྗིད་དང་། ཏོག་དང་། བཞད་པ་དང་། དེ་དག་ལ་ངེས་པར་སྦྱར་ཏེ་མཆོག་གི་དབང་ཕྱུག་ཆེན་པོ་ལས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་
Vol. 86 · folio 70b
ཆོས་རྟོགས་པ་ལ་ཡང་རབ་ཏུ་གནས་ནས་རྣོན་པོ་དང་། རྒྱུ་དང་། སྨྲ་བའི་སེམས་དཔའ་རྣམས་ལའང་ཐུགས་བརྟན་པར་མཛད་དེ། ཡོངས་སུ་དག་ནས་ཡང་པདྨོའི་སེམས་དཔའི་ཏིང་ངེ་འཛིན་ལ་རང་བཞིན་གྱིས་དག་པའི་དབང་ཕྱུག་ཆོས་ཉིད་གཞི་མེད་པ་ལ་སྦྱར་ནས་སྣ་ཚོགས་
པའི་ལས་ཀྱི་བདག་པོ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྲུང་བ་དང་། ཁྲོ་བོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཚམས་སྦྱོར་བ་རྣམས་སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་སྨིན་པ་དང་། བྱིན་གྱིས་བརླབས་ཏེ་
སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རྗེས་སུ་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ལ་བཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཟག་མེད་ཤེས་རབ་བདག །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ཤེས་རབ་
ཤིན་ཏུ་དྲི་མེད་སེམས། །སེམས་དཔའི་ལུས་སུ་བདག་གྱུར་ཏོ། །དྲི་མེད་སངས་རྒྱས་ཐམས་ཅད་ཀྱི། །དངོས་དང་དངོས་མེད་རྣམ་དཔྱད་ན། །ཨེ་མའོ་ཆོས་ནི་བསམ་མེད་ཉིད། །བདག་གི་དབང་དུ་རྣམ་པར་གནས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་འཇམ་དཔལ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འཐོན་ནས་བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་ལུས་སུ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཡོངས་སུ་བསྐོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་འཁོར་ཀུན་ཏུ་ཉི་མའི་དཀྱིལ་འཁོར་དང་། འོད་
ཀྱི་དཀྱིལ་འཁོར་དང་། བྱིན་གྱིས་བརླབས་པ་ཟླ་བའི་དཀྱིལ་འཁོར་ལ་འཁོད་པར་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པའི་
ཆོས་ཀྱི་ཚིག་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཡོངས་སུ་ཞུ་བར་སེམས་པ་ནི་ལེགས་སོ་ལེགས་སོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་
Vol. 86 · folio 71a
ལ་ཟུང་ཤིག་དང་ངས་བཤད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཚིག་འདི་དག་བཀའ་སྩལ་པ། དྲན་པ་ཉེ་བར་གཞག་པ་བཞི་ནི་ནང་གི་ལུས་དང་། ཕྱིའི་
ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བའི་རྗེས་སུ་བལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་
ཟད་པའི་རྗེས་སུ་བལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་མི་གནས་པའི་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་ནང་གི་སེམས་དང་། ནང་གི་
ཆོས་དང་། ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བའི་རྗེས་སུ་བལྟ་ཞིང་རྣམ་པར་
སྤྱོད་དོ། །ཆོས་ལ་ཟད་པའི་རྗེས་སུ་བལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་མི་གནས་པའི་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ། །རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལུས་དང་། ངག་དང་། སེམས་དང་། ཆོས་མཉམ་པ་ཉིད་ཀྱིས་གནས་སོ། །
ཨོཾ་ཀྃ་ཨོཾ་ཙ་ཏྭཱ་རི་སྨྲྀ་ཏྱཱ་པསྠ་ནཱ་ནཱ་ཧཱུྃ། ཡང་དག་པར་སྤོང་བ་བཞི་ནི་སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དེ་མི་དམིགས་པའི་ཚུལ་གྱིས་འདུན་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །
སྡིག་ཏོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་ལ་སོགས་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་སྐྱེས་
Vol. 86 · folio 71b
པ་རྣམས་འཕེལ་ཞིང་རྒྱས་པར་བྱ་བ་དང་། ཡངས་པར་བྱ་བའི་ཕྱིར་དང་། བསྒོམ་པ་ཡོངས་སུ་རྫོགས་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །ཆོས་རྣམས་ཐམས་ཅད་དོན་དམ་
པར་མི་སྤོང་བ་དང་། མི་སྤོང་བ་མ་ཡིན་པའི་ཆེད་དུ་རྟོགས་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་འདི་བཀའ་སྩལ་ཏོ། །ཨོཾ་སམྱ་ཀ་པྲ་ཧཱ་ཎ་སརྦྦ་ཏ་ཐཱ་ག་ཏ་ས་མ་ཏཱ་ཨ་དྷིཥྛ་ཨཿརཿཧཱུྃ། ཡང་དག་པར་སྤོང་བ་རྗོད་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ། །བརྩོན་འགྲུས་དང་། སེམས་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པ་དང་། ཀུན་རྫོབ་ཀྱི་སྒོའི་ཆོས་ཐམས་ཅད་སྒྱུ་མ་སྒྱུ་མའི་མཚན་ཉིད་དུ་འཇུག་གོ་ཞེས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བས་བཀའ་སྩལ་ཏོ། །ཨོཾ་རྀ་དྷི་པཱ་ད་པཱ་ར་མི་ཏེ་ལ་བཱ་པ་ར་ཧཱུྃ་ཧཱུྃ། རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་
ཏུ་ཕྱིན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དབང་པོ་ལྔ་ནི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་
མཉམ་པ་ཉིད་ལ་དབང་སྒྱུར་བས་སྤྲོས་པ་མེད་པའི་དབང་པོ་འདི་དག་བཀའ་སྩལ་ཏོ། །ཨོཾ་ཨིནྡྲི་ཡཱ་བ་བོ་དྷ་པྲཛྙེ་ཨི་ཤེཉྩ་ནཱ་མ་ནྱ་ནཱ་ཡ་ག་ཏཱ་ཡ་ཨཱཿཧཱུྃ། དབང་པོ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོབས་ལྔ་ནི་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་།
དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ། སྟོབས་ཐམས་ཅད་རྟོགས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གདོད་མ་ནས་དག་པས་འདི་བཀའ་སྩལ་པ།
Vol. 86 · folio 72a
ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་བ་ལ་ཨཿཧཱུྃ་ཧཱུྃ་བཿ། སྟོབས་འཕེལ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚངས་པའི་གནས་པ་བཞི་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །ཨོཾ་བྲཧྨ་བི་ཧ་ར་དྷིཥྛཱ་ན་གྃ་མྃ་དྲུྃ་ཀྑྃ་ཧཱུྃ་ཏྲཱྃ། ཆོས་
ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀའ་སྩལ་ཏོ། །ཚངས་པའི་གནས་པ་བྱིན་གྱིས་རློབ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་
སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པའོ་ཞེས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་སོ་སོ་ཡང་དག་པར་རིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བཀའ་སྩལ་ཏོ། །ཨོཾ་པྲ་ཏི་སམྦི་དཿསྭ་ཧཱུྃ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མཉམ་པ་ཉིད་དོ། །རྗེས་སུ་དྲན་པ་དྲུག་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའོ། །ཆོས་ཐམས་ཅད་གཅིག་ཏུ་རྗེས་
སུ་དྲན་པ་ནི་ཆོས་ཐམས་ཅད་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །མཚན་ཉིད་དང་མཚན་ཉིད་མེད་པ་རྣམ་པར་སྤྱོད་པས་མཉམ་པ་ཉིད་ཀྱི་སྒོ་ཞེས་བྱ་བ་འདི་ཏིང་ངེ་འཛིན་ལ་དབང་སྒྱུར་བས་བཀའ་སྩལ་ཏོ། །ཨོཾ་སརྦྦ་ཨ་ནུ་སྨྲྀ་ཏི་བུདྡྷྃ་སྃ་པ་དཱ་དི་ཤི་ཧཱུྃ་ཧཱུྃ་ཧཱུྃ། རྗེས་སུ་དྲན་པ་དྲུག་གི་ཤེས་
རབ་བོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་
ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཡན་ལག་མཉམ་པ་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་སྩལ་ཏོ། །ཨོཾ་སརྦྦ་ཏཱ་བོ་དྷྱྃ་ག་
Vol. 86 · folio 72b
ས་མ་ཏཱ་སུ་པྲ་ཏིཥྛི་ཏེ་དྷྲུ་བྃ། འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་
དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ལམ་ཟད་མི་ཤེས་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་འཇུག་པ་ལེགས་པར་སོ་སོར་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཨོཾ་ཨཱརྱཱ་ཥྛཱྃ་ག་མཱརྒ་མ་ཊ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཉམ་པ་ཉིད་ཅེས་བྱ་བ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཏིང་ངེ་འཛིན་གསུམ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། གསོག་དང་གསོབ་ཀྱི་རྣམ་པ་དང་། རང་བཞིན་མེད་པའི་རྣམ་པས་ཆོས་ཐམས་
ཅད་མཚན་ཉིད་གཅིག་ཏུ་རྟོགས་པ་སེམས་རྩེ་གཅིག་པ་སྟེ། འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བརྗོད་དོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ལ་མཚན་མར་མི་བྱེད་པ་དང་། འདོད་པ་མེད་པ་དང་། ཤེས་པ་མེད་པ་དང་། ཞི་བའི་རྣམ་པ་དང་།
རྣམ་པར་བྲལ་བའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་
བྱའོ། །ཆོས་ཐམས་ཅད་རྟོགས་ནས་སྨོན་པར་མི་བྱེད་དོ། །ལྷའམ་ལྷ་ལས་གཞན་གང་ཡང་རུང་བ་དོན་དུ་མི་གཉེར་ཞིང་གསོལ་བ་འདེབས་པར་ཡང་མི་འདོད་པ་སྟེ། དངོས་པོ་ཐམས་ཅད་ལ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་ཡིས་ཀྱང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
ཉིད་ཀྱིས་ཏིང་ངེ་འཛིན་གྱི་སྒོ་གསུམ་ཉེ་བར་རྟོགས་པར་བྱའོ། །ཨོཾ་ཁ་ས་མཿསརྦྦ་དྷརྨྨཱཿཁྃ། དེ་ལ་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་
Vol. 86 · folio 73a
པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། སྡུག་བསྔལ་འགོག་པ་སོ་སོར་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་
པ་མཁྱེན་པའི་སྟོབས་དང་། མངོན་པར་ཤེས་པ་ལྔ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་སོ་སོར་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨོཾ་ད་ཤ་བ་ལ་ས་མ་ཏཱ་ཐཱ། སྟོབས་བཅུ་
མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་
པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ།
ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་
བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་
ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་
Vol. 86 · folio 73b
ཏེ་འདུ་ཤེས་དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ། བསམ་གཏན་མེད་ཅིང་།
བསམ་གཏན་མེད་པ་མ་ཡིན་པ། སྙོམས་པར་འཇུག་པ་མེད་ཅིང་སྙོམས་པར་འཇུག་པ་མ་ཡིན་པ་འདི་བཀའ་སྩལ་ཏོ། །ཨོཾ་ས་མནྟ་བྷ་དྲེ་སརྦྦ་སྭ་བྷཱ་བ་བི་ཤུདྡྷེ་རྡྷྃ་ཥྃ་ཁྃ། གནས་དང་གནས་མ་ཡིན་པ་དང་བྲལ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་
འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་
ཚོགས་གཞན་ཅི་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་ལ་བདག་མེད་པ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་
སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུས་ཀྱང་རུང་སྟེ། ཆོས་
དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས་དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་
ཚོགས་གཞན་སུའང་རུང་སྟེ། འཇིག་རྟེན་ན་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་བརྟེན་ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་རོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །གང་ཡང་བདག་གི་ལམ་འཕགས་པའི་ངེས་པར་འབྱུང་བའི་
Vol. 86 · folio 74a
ལམ་དུ་བཤད་པ་དེ་ཡིས་ངེས་པར་འབྱུང་བར་མི་འགྱུར་ཏེ། ཡང་དག་པར་སྡུག་བསྔལ་ཟད་པ་དང་། ཡང་དག་པར་སྡུག་བསྔལ་མཐར་བྱ་བར་ག་ལ་འགྱུར་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་
སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོགས་པ་ཇི་ལྟར་གྱུར་པ་ཐམས་ཅད་ཡོངས་སུ་སྤྲོས་ཏེ་བརྗོད་པར་བྱའོ། །མི་འཇིགས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་སྒྱུ་མའི་མཚན་ཉིད་དེ་ངར་འཛིན་པ་
དང་ང་ཡིར་འཛིན་པ་དང་བྲལ་བའི་ཕྱིར་རོ། །ཨོཾ་བཻ་ཤཱ་ར་དྱ་ས་མ་ཏཱ་པྲཱཔྟ་ཨ་ཨ་ཨྃ་ཨཿ། མཐར་གྱིས་གནས་པའི་མཉམ་པ་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདོད་པས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་
བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་
ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་སུ་གནས་ཏེ། དྲན་པ་དང་ལྡན་ཞིང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་
པའི་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད།
སྡུག་བསྔལ་བ་ཡང་མེད། བཏང་སྙོམས་པ་དང་། དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་
Vol. 86 · folio 74b
ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་
མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་
པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །
རྣམ་པར་ཐར་པ་བརྒྱད་པོ་དང་མཉམ་པ་ཉིད་རྗེས་སུ་ཐོབ་ནས་དངོས་པོར་རྟོག་པར་མི་བྱེད། དངོས་པོ་མེད་པར་རྟོག་པར་མི་བྱེད། ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་སོ། །འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཉམ་པ་ཉིད་དོ། །ཨོཾ་ཨ་ནནྟཿབི་མོཀྵ་
མུ་ཁེ་ཤུྃ། དངོས་པོ་ཐམས་ཅད་མཐར་གྱིས་གནས་པའི་རྣམ་པར་ཐར་པ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་
ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྤྲོས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་ཕ་
Vol. 86 · folio 75a
རོལ་ཏུ་ཕྱིན་པ་དང་། པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བསྟན་པའི་རྗེས་སུ་རྟོགས་པའི་སྦྱོར་བས་སོ། །ཨོཾ་སརྦྦ་པཱ་ར་མི་ཏ་ཨརྠ་པ་རི་པཱུ་ར་ཎི། ཨོཾ་པྲཱྃ་ཧཱུྃ་ཏྃ། ཐམས་ཅད་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ས་བཅུ་པོ་གང་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང་། དྲི་མ་མེད་པ་ཞེས་བྱ་བ་དང་། འོད་བྱེད་པ་ཞེས་བྱ་བ་དང་། འོད་འཕྲོ་བ་ཞེས་བྱ་བ་དང་། སྦྱང་དཀའ་བ་ཞེས་བྱ་བ་དང་། མངོན་དུ་གྱུར་པ་ཞེས་བྱ་བ་དང་།
རིང་དུ་སོང་བ་ཞེས་བྱ་བ་དང་། མི་གཡོ་བ་ཞེས་བྱ་བ་དང་། ལེགས་པའི་བློ་གྲོས་ཞེས་བྱ་བ་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བ་དང་། ས་ཐམས་ཅད་དོན་གཅིག་སྟེ། འདི་ལྟར་ཡེ་ཤེས་ཀྱི་དོན་ཏོ། །ཡེ་ཤེས་ཀྱང་ཅི་ཡང་མེད་པ། ཉོན་མོངས་པ་མེད་པ། ཡི་གེ་མེད་པ། དོན་ཡོད་
པ། གདོད་མ་ནས་དག་པ། དྲི་མ་མེད་པ། འོད་གསལ་བ། བརྗོད་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཨོཾ་བྷཱུ་མི་བི་ཤོ་དྷ་ནི་སརྦྦརྠ་པ་རི་པཱུ་ར་ཎི་བྃ་བྷྲུྃ། ས་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་གནས་པ་བཅུ་གང་ཞེ་ན། བྱང་
ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་། གཞོན་ནུར་གྱུར་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བ་ནས་སྐྱེ་བར་སྦྱོར་བ་དང་ལྡན་པ་དང་། བསམ་པ་དང་ལྡན་པ་དང་། ཕྱིར་མི་ལྡོག་པ་དང་། དབང་བསྐུར་བ་ཐོབ་པ་དང་། སྐྱེ་བ་གཅིག་གིས་ཐོགས་
པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གནས་པ་དང་། མི་གནས་པ་དོར་བ་སྟེ། དོན་དམ་པར་གནས་པ་གཅིག་ཡིན་པའི་ཕྱིར་ཏེ། འདི་ལྟར་གནས་པ་མེད་པའོ། །ཨོཾ་སརྦྦ་བྱ་བ་སྠཱ་ན་བི་ག་ཏེ་ཧཱུྃ། རྣམ་པར་གནས་པ་མེད་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་
Vol. 86 · folio 75b
དང་། ཆོས་ལ་དབང་བ་དང་། སེམས་ལ་དབང་བའོ། །དབང་བ་དང་མི་དབང་བ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཐམས་ཅད་ལ་དབང་བ། དབང་ཕྱུག་ཐམས་ཅད་ལ་དབང་རྗེས་སུ་ཐོབ་པ། ཆོས་ཐམས་ཅད་ལེགས་པར་སོ་སོར་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཨོཾ་སརྦྦ་བ་ཤི་ཏེ་ཏྲཱྃ་ཏྲཱུྃ་
ཧཱུྃ། ཐམས་ཅད་ལ་དབང་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་
མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །འདུན་པ་ཡོངས་སུ་ཉམས་པ་མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དྲན་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །
ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་དུས་ལ་མ་
ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་
ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདི་ཆོས་རྗེ་ས་སྐྱ་པའི་བསྒྱུར་འཕྲོ་ལགས། རྒྱ་དཔེ་ལ་གཏུགས་ཤིང་སློབ་དཔོན་རབ་ཞི་བཤེས་གཉེན་གྱི་འགྲེལ་པ་དང་ཡང་བསྟུན་ནས། ཞུས་དག་བྱས་ཤིང་།
མི་བཅོས་སུ་མི་རུང་བ་རེ་རེ་ཙམ་འགྲེལ་པ་དང་བསྟུན་ནས་བཅོས་ཤིང་ཞུ་ཐུག་གཡར་ཁྲལ་དུ་བླངས་ནས། བུ་སྟོན་གྱིས་བགྱིས་པའོ།། །།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་ས་བཅུ་རྣམས་ཅི་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང་། དྲི་མ་
Vol. 86 · folio 76a
མེད་པ་ཞེས་བྱ་བ་དང་། འོད་བྱེད་པ་ཞེས་བྱ་བ་དང་། འོད་འཕྲོ་བ་ཞེས་བྱ་བ་དང་། ཐུབ་པར་དཀའ་བ་ཞེས་བྱ་བ་དང་། མངོན་དུ་གྱུར་པ་ཞེས་བྱ་བ་དང་། རིང་དུ་སོང་བ་ཞེས་བྱ་བ་དང་། མི་གཡོ་བ་ཞེས་བྱ་བ་དང་། ལེགས་པའི་བློ་གྲོས་ཞེས་བྱ་བ་དང་། ཆོས་ཀྱི་སྤྲིན་
ཞེས་བྱ་བའོ། །ས་རྣམས་ཐམས་ཅད་དོན་གཅིག་པ་སྟེ། འདི་ལྟ་སྟེ། ཡེ་ཤེས་ཀྱི་དོན་ནོ། །ཡེ་ཤེས་ཀྱང་དོན་དམ་པར་ཅི་ཡང་མེད་པ། ཉོན་མོངས་པ་མེད་པ། འགྱུར་བ་མེད་པ། དོན་ཡོད་པ། གདོད་མ་ནས་དག་པ། དྲི་མ་མེད་པ། འོད་གསལ་བ། བརྗོད་དུ་མེད་
པའོ་ཞེས་པའི་དོན་གང་ཡིན་པའོ། །ཨོཾ་བྷཱུ་མི་བི་ཤོ་དྷ་ནི་སརྦཱརྠ་པ་རི་པཱུ་ར་ཎི་བྃ་བྷྲུྃ། ས་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གཞག་པ་བཅུ་རྣམས་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་།
བྱིས་པར་གྱུར་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བ་སྐྱེད་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཕྱིར་མི་ལྡོག་པ་དང་། དབང་བསྐུར་བ་ཐོབ་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་སྟེ། བྱང་ཆུབ་སེམས་
དཔའ་རྣམས་ཀྱི་རྣམ་པར་གཞག་པ་ནི་དོན་དམ་པར་ན་རྣམ་པར་གཞག་པ་དང་བྲལ་བ་སྟེ། རྣམ་པར་གཞག་པ་གཅིག་ཉིད་ཀྱི་ཕྱིར་ན་འདི་ལྟ་སྟེ། རྣམ་པར་གཞག་པ་མེད་པའོ། །ཨོཾ་སརྦྦ་བྱ་བསྠཱ་ན་བི་ག་ཏེ་ཧཱུྃ། རྣམ་པར་གཞག་པ་མེད་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་རྣམས་ཅི་ཞེ་ན། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། སྟོབས་ལ་དབང་བ་དང་། ཆོས་
ལ་དབང་བ་དང་། སེམས་ལ་དབང་བའོ། །དབང་རྣམས་ཐམས་ཅད་ཀྱང་དོན་དམ་པར་དབང་མེད་པ་རང་བཞིན་རྣམ་པར་དབེན་པ། ཀུན་རྫོབ་ཏུ་དབང་ཕྱུག་ཐམས་ཅད་ལ་དབང་རྗེས་སུ་ཐོབ་པ་སྟེ། ཆོས་ལེགས་པར་སོ་སོར་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཨོཾ་སརྦཱ་བ་ཤི་ཏེ་ཏྲཱྃ་བྷྲཱུྃ་ཧཱུྃ།
Vol. 86 · folio 76b
དབང་ཐམས་ཅད་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་ཅི་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཐུགས་མཉམ་པར་མ་བཞག་པ་མེད་
པ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་
མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་ཅིང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མེད་པ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་།
ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཐུགས་ཀྱི་ཕྲིན་ལས་
ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡུལ་ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཚེ་ཐམས་ཅད་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་སྟེ། སྟོང་པ་ཉིད་ལ་ཡང་དག་པར་རྗེས་སུ་རྟོགས་པ་ཉིད་ཀྱི་ཕྱིར་ན་ཤེས་
རབ་ཡོངས་སུ་དག་པའོ། །ཨོཾ་ཨ་ཝེ་ཎི་ཀ་བུདྡྷ་དྷརྨྨ་སམ་ཏེ་ཨཱཿབི་ར་ཧཱུྃ་ཁྃ། མ་འདྲེས་པ་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་ཅི་ཞེ་ན། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་
ཉིད་དེ། འདིའི་ཕྱག་དང་ཞབས་ཀྱི་མཐིལ་དག་ལ་འཁོར་ལོ་རྩིབས་སྟོང་ཅན་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཕྱག་དང་ཞབས་ཀྱི་མཐིལ་ལེགས་པར་གནས་པ་སྟེ། ཞབས་ཀྱི་མཐིལ་ཐམས་ཅད་ཀྱིས་ས་གཞི་ལ་རེག་ཅིང་དེ་
Vol. 86 · folio 77a
ཡང་འདིའི་མཐོ་བ་ནི་དམའ་བ་དང་དམའ་བ་ནི་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་དྲ་བས་འབྲེལ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དག་དང་། ཞབས་དེ་དག་གསེར་གྱི་མདོག་ཅན་གྱི་རི་མོའི་ཕྲེང་བ་རྣམས་ཀྱིས་རྐང་པ་བརྒྱད་པ་
བཞིན་དུ་མཛེས་པའོ། །ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དེ། བཅོམ་ལྡན་འདས་འདིའི་ཕྱག་དང་ཞབས་དག་རས་བལ་འཇམ་པོ་བཞིན་དང་། སྐྱེས་ནས་ཟླ་བ་ལོན་པའི་བྱིས་པ་བཞིན་དུ་གཞོན་ཤ་ཅན་དང་། ཀ་ཙ་ལིན་ད་ལྟར་འཇམ་པ་རེག་ན་བདེ་བའོ། །བདུན་མཐོ་
བར་གྱུར་ཏེ་ཕྱག་གཉིས་དག་དང་། ཞབས་གཉིས་དག་དང་། ཕྲག་གོང་དག་དང་། མགྲིན་པའི་ཕྱོགས་གཅིག་གོ། །སོར་མོ་རིང་བ་སྟེ་འདིའི་ཞབས་ཀྱི་སོར་མོ་རྣམས་རིམ་གྱིས་རིང་བ་ཉིད་དོ། །རྟིང་པ་ཡངས་པ་སྟེ་འདིའི་རྟིང་པ་ཆེ་ཞིང་ཞབས་ཀྱི་རྗེས་སུ་འཚམ་པར་ཡངས་པར་འགྱུར་
རོ། །སྐུ་ཆེ་ཞིང་དྲང་བ་ཉིད་དེ་འཕྱེ་བོ་མ་ཡིན་ཞིང་ཞོམ་པ་མ་ཡིན། མ་ཚང་བ་མ་ཡིན། འཐས་པ་མ་ཡིན། ལེགས་པར་སྐྱེས་པ་རྣམ་པ་ཐམས་ཅད་པ་བདུན་དང་ལྡན་པའི་སྐུ་སྟེ། མཐོ་བ་འདིའི་སྲིད་དང་རྗེས་སུ་འཚམ་པའི་ཞེང་དུ་འགྱུར་རོ། །ཞབས་འབུར་མི་མངོན་པ་ཉིད་དེ་འདིའི་
པུས་མོ་དང་ལོང་བུ་མཐོ་བར་འགྱུར་རོ། །བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་པ་སྟེ། འདིའི་བ་སྤུ་རྣམས་རྩེ་མོ་གྱེན་དུ་ཕྱོགས་པར་འགྱུར་ཞིང་བ་སྤུ་རྣམས་གཡས་ཕྱོགས་སུ་འཁྱིལ་ལ་འཁོར་བ་མིག་སྨན་གྱི་མདོག་ཅན་རྣམས་ཏེ། དེ་རྣམས་ཀྱིས་གསེར་གྱི་མདོག་ཅན་གྱི་སྐུ་མངོན་པར་གསལ་བར་བྱེད་
དོ། །བྱིན་པ་རི་དགས་ཨེ་ནེ་ཡའི་ལྟ་བུ་སྟེ། བཅོམ་ལྡན་འདས་ཀྱི་བྱིན་པ་དག་ཟླུམ་པ་རི་དགས་ཨེ་ནེ་ཡ་རྣམས་ཀྱི་ལྟ་བུའོ། །ཕྱག་རིང་ཞིང་མཛེས་པ་སྟེ་རྒྱས་ཤིང་མ་བཏུད་པ་ཉིད་དུ་ཕྱག་མཐིལ་དག་གིས་རང་གི་པུས་མོའི་ལྷ་ང་ལ་རེག་པའོ། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། སྦུབས་ཀྱིས་རབ་
ཏུ་གཡོགས་པ་གླང་པོ་ཆེའི་གསང་གནས་ལྟ་བུར་འགྱུར་རོ། །སྐུ་མདོག་གསེར་འདྲ་བ་སྟེ། འདིའི་ཁ་དོག་གསེར་ལྟ་བུར་འགྱུར་རོ། །པགས་པ་སྲབ་པ་སྟེ་ཤིན་ཏུ་འཇམ་པ་གསེར་ཤོག་ལྟར་འཇམ་པའི་པགས་པ་ཅན་དུ་འགྱུར་ཞིང་རྡུལ་མེད་པའི་ན་བཟའ་འཛིན་པའོ། །སྤུ་རེ་རེ་ནས་སྐྱེས་པ་
Vol. 86 · folio 77b
སྟེ། འདིའི་བ་སྤུའི་ཁུང་བུར་སྤུ་རྣམས་རེ་རེར་འགྱུར་རོ། །སྨིན་མའི་དབུས་ན་མཛོད་སྤུ་ཅན་ཏེ་འདིའི་སྨིན་མ་དག་གི་དབུས་ན་རས་སྐུད་ལེགས་པ་ལྟ་བུ་དུང་བཅག་པའི་ཁ་དོག་ཅན་གཡས་ཕྱོགས་སུ་འཁྱིལ་བར་འགྱུར་ཏེ། མཛོད་སྤུ་ཉིད་ཀྱིས་ཞལ་གསེར་གྱི་ཁ་དོག་ལྟ་བུ་ཤིན་ཏུ་གསལ་བར་
བྱེད་དོ། །སྐུ་སྟོད་སེང་གེ་ལྟ་བུ་སྟེ། འདིའི་སྐུ་སྟོད་དུ་ཡངས་པ་སེང་གེའི་ལྟ་བུར་འགྱུར་རོ། །དཔུང་མགོ་ཟླུམ་པ་སྟེ་ཡོངས་སུ་ཟླུམ་པའི་མགྲིན་པ་ཅན་དུ་འགྱུར་རོ། །ཐལ་གོང་རྒྱས་པ་སྟེ། འདིའི་ཉེ་བར་རྒྱས་པར་འགྱུར་ཞིང་གསེར་ཤོག་བཞིན་དུ་རྣམ་པར་གསལ་བའི་མགྲིན་པ་ཅན་
ནོ། །ཡན་ལག་སོ་སོ་རྣམས་སུ་རོ་རྣམས་མྱོང་བར་བྱེད་དོ་ཞེས་པས་ན་རོ་བྲོ་བའི་མཆོག་དང་ལྡན་པ་ཉིད་དེ། རྩ་རྣམས་ཡིན་ལ་དེ་རྣམས་ཀྱི་མཆོག་ཏུ་རླུང་དང་། མཁྲིས་པ་དང་། པད་ཀན་ལ་སོགས་པ་རྣམས་ཀྱིས་མ་དཀྲུགས་པ་ཉིད་ཀྱི་ཕྱིར་ཡང་དག་པར་གསལ་བའོ། །ཤིང་ནྱ་གྲོ་དྷ་
ལྟར་ཆུ་ཞེང་གབ་པ་སྟེ། སྐྱེས་བུ་ཆེན་པོའི་ཆུ་དང་ཞེང་དག་མཉམ་པའོ། །དབུ་གཙུག་ཏོར་དང་ལྡན་པ་སྟེ། དབུ་ཟླུམ་པར་འགྱུར་ཞིང་གཙུག་ཏོར་གདུགས་ལྟ་བུས་ཡས་བཀབ་པ་གཙུག་ཏོར་ཡང་ཤིན་ཏུ་མཐོ་བའོ། །ལྗགས་རིང་བ་སྟེ་སྙན་གྱི་མཐའི་བར་དུ་ལྗགས་ཀྱི་རྩེ་མོས་རེག་པར་བྱེད་
ཅིང་། དབུ་སྐྲའི་མཐར་ཐུག་པར་ཡང་དཔྲལ་བའི་མཐར་ལྗགས་ཀྱིས་ཁེབས་པའོ། །ཚངས་པའི་དབྱངས་ཏེ་འཁོར་སྟོང་ཕྲག་དུ་མར་དབྱངས་ནང་དུ་ཇི་ལྟ་བ་དེ་ལྟར་ཕྱི་རོལ་དུའང་ཐོས་ཤིང་བྱ་ཀ་ལ་པིང་ཀའི་བཞིན་དུ་སྙན་པ་ཉིད་དུ་འགྱུར་རོ། །འགྲམ་པ་སེང་གེའི་ལྟ་བུ་སྟེ། འགྲམ་པ་དག་སེང་
གེའི་བཞིན་དུ་ཟླུམ་པོར་འགྱུར་རོ། །ཚེམས་དཀར་བ་སྟེ་དུང་དང་ཀུནྡ་དང་། ཟླ་བའི་ཁ་དོག་ཅན་གྱི་ཚེམས་རྣམས་སོ། །ཚེམས་མཉམ་པ་སྟེ་ཧ་ཅང་དམའ་བ་མ་ཡིན་མཐོ་བ་མ་ཡིན་མི་མཉམ་པ་མ་ཡིན་པའི་རྩེ་མོ་ཅན་གྱི་ཚེམས་རྣམས་སུ་འགྱུར་རོ། །ཚེམས་ཐགས་བཟང་བ་སྟེ་
ཚེམས་རྣམས་བར་མེད་པའོ། །ཚེམས་བཞི་བཅུ་མངའ་བ་སྟེ་ཚེམས་འོག་ཏུ་ཉི་ཤུ་དང་། སྟེང་དུ་ཚེམས་ཉི་ཤུའོ། །སྤྱན་མཐོན་མཐིང་སྟེ་སྤྱན་དག་གི་སྔོན་པོ་གང་ཡིན་པ་དེ་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ་རི་མོ་དམར་པོ་རྣམས་དང་། མ་འདྲེས་པ་ཉིད་ཀྱི་ཕྱིར་ལ་གང་དཀར་པོ་
Vol. 86 · folio 78a
ཡིན་པ་དེ་དཀར་པོ་ཁོ་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །རྫི་མ་བའི་ལྟ་བུ་སྟེ། སྤྱན་གྱི་རྫི་མ་རྣམས་ཁྱུ་མཆོག་གི་བཞིན་དུ་གང་འོག་མ་ཡིན་པ་དེ་རྣམས་འོག་ཁོ་ན་དང་། གང་སྟེང་མ་ཡིན་པ་དེ་རྣམས་སྟེང་ཁོ་ནར་གནས་པ་མ་འཛིངས་པ་ལེགས་པར་གཞོལ་བའོ། །
སེམས་ཅན་འགའ་ཞིག་རྣམས་ཀྱིས་དེ་བཞིན་གཤེགས་པ་གསེར་གྱི་མདོག་ཅན་དུ་མཐོང་བ་འགའ་ཞིག་རྣམས་ཀྱིས་ཤེལ་གྱི་མདོག་ཅན་དུ་མཐོང་བ་འགའ་ཞིག་རྣམས་ཀྱིས་པདྨ་རཱ་གའི་ཁ་དོག་དང་། འགའ་ཞིག་རྣམས་ཀྱིས་ཨིནྡྲ་ནཱི་ལའི་ཁ་དོག་ཅན་དང་། འགའ་ཞིག་རྣམས་ཀྱིས་མུ་
ཏིག་དམར་པོའི་ཁ་དོག་ཅན་དང་། འགའ་ཞིག་རྣམས་ཀྱིས་དུང་དང་ཀུནྡ་དང་ཟླ་བ་ལྟར་དཀར་བ་དང་། འགའ་ཞིག་གིས་ཁ་དོག་སྣ་ཚོགས་པ་དང་། འགའ་ཞིག་གིས་ནམ་མཁའི་ཁ་དོག་ཅན་དང་། འགའ་ཞིག་གིས་ཁྲུ་ཕྱེད་དང་བཅུ་གསུམ་པའི་ཚད་དང་། ཇི་སྲིད་དུ་དཔག་ཚད་
འབུམ་གྱི་ཚད་དམ། དཔག་ཚད་བྱེ་བའི་ཚད་དང་། ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་མཐའ་ཡས་པ་རྣམས་སུ་སྣང་བར་མཛད་པའི་འོད་ཀྱི་དཀྱིལ་འཁོར་ཅན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཡོངས་སུ་རྒྱས་པར་མཛད་པ་དང་། ཇི་
སྲིད་དུ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱ་མཚོ་རྣམས་སྣང་བར་བྱེད་ཅིང་། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པའི་བར་དུ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་གདུལ་བྱའི་དབང་ལས་ཐམས་ཅད་སྣང་བར་བྱེད་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དབྱངས་ཀྱིས་རྣམ་པར་རིག་པར་མཛད་པ་
དང་། སྟོང་གཉིས་དང་གསུམ་དང་། ཇི་སྲིད་ནམ་མཁའི་མཐར་ཐུག་པའི་བར་ཐམས་ཅད་འོད་དང་། དབྱངས་ཀྱིས་སྣང་བར་བྱས་ནས་རྣམ་པར་རིག་པར་མཛད་པ་དང་། ཆོས་དང་། ཟང་ཟིང་དང་། དོན་མཐུན་པ་དང་། དོན་བྱ་བའི་བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་སེམས་ཅན་
རྣམས་ལ་ཕན་འདོགས་ཤིང་། ཕན་བཏགས་ནས་བྱང་ཆུབ་ཆེན་པོ་ལ་རབ་ཏུ་དགོད་པར་མཛད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཉམ་པ་ཉིད་ཀྱིས་ཆོས་རྣམས་ཐམས་ཅད་མཉམ་ཞིང་མཉམ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མངོན་པར་འགྲུབ་པར་བལྟ་བར་
Vol. 86 · folio 78b
བྱའི་མཚན་མ་ཡིན་པ་མངོན་པར་འགྲུབ་པ་ནི་མ་ཡིན་ནོ། །བྱང་ཆུབ་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་པ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཉམ་པའོ། །དེ་
བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་དང་། ཆོས་རྣམས་ཐམས་ཅད་ཀྱང་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་ཅན། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན། ཞི་བའི་མཚན་ཉིད་ཅན་རྣམས་སོ་ཞེས་པའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བར་ལཀྵ་ཎ་སམ་
ཏཱ་དྷརྨྨ་ཏེ་ཨོཾ། མཚན་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།དཔེ་བྱད་བརྒྱད་ཅུ་རྣམས་ཅི་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེན་མོ་ཟངས་ཀྱི་མདོག་ལྟ་བུར་འགྱུར་ཏེ། སེན་མོ་སྣུམ་པ་དང་། སེན་མོ་མཐོ་བ་དང་།
སེན་མོ་རྣམས་ཟླུམ་པར་གྱུར་པ་དང་། སོར་མོ་རྣམས་རིམ་གྱིས་ཕྲ་བ་དང་། སོར་མོ་རྣམས་རྒྱས་པ་དང་། རྩ་མི་མངོན་པ་དང་། རྩ་རྣམས་མདུད་པ་མེད་པ་དང་། ལོང་བུ་མི་མངོན་པ་དང་། ཞབས་མི་མཉམ་པ་མེད་པར་མཚུངས་པ་དང་། གླང་པོ་ཆེའི་སྟབས་སུ་
གཤེགས་པ་དང་། སེང་གེའི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་། དྲང་པོར་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། རིམ་གྱིས་གཤེགས་པ་དང་། ཆེ་ཞིང་ཡངས་ལ་ཡོངས་སུ་གྱུར་པའི་པུས་མོའི་ལྷ་ང་ཅན་དང་། མཚན་
ཡོངས་སུ་རྫོགས་པ་དང་། གོམ་པ་སྙོམས་པ་དང་། སྐུ་རྣམ་པར་དག་པ་དང་། སྐུ་འཇམ་པ་དང་། སྐུ་རྣམ་པར་དང་བ་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་སྒུ་བ་མེད་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། ཁྱུ་མཆོག་ལྟར་ཀུན་ནས་རབ་ཏུ་དང་བ་ཅན་དང་། གཟིགས་
པ་ཡོངས་སུ་དག་ཅིང་མངོན་པར་འདོད་པ་ལ་མཉམ་པའི་འོད་ཅན་དང་། དཀུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། སྐུ་རྐེད་གཞུའི་ལག་ཅངས་ལྟ་བུ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་མི་ཡོ་བ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དང་། ལྟེ་བ་
Vol. 86 · folio 79a
ཐོགས་པ་མེད་པ་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང་། པགས་པ་སྐྱོན་དང་བྲལ་བ་དང་། གནག་བག་དང་སྨེ་བ་མེད་པ་དང་། སྐུ་བརྟན་པ་དང་། ཕྱག་ཤིང་བལ་ལྟ་བུ་དང་། ཕྱག་ཡངས་པ་དང་། ཕྱག་གི་རི་མོ་སྣུམ་པ་དང་། ཕྱག་
གི་རི་མོ་མི་ཡོ་བ་དང་། མཆུ་བིམྦ་ལྟ་བུ་དང་། ཞལ་ཧ་ཅང་མི་རིང་བ་དང་། མཉེན་ཞིང་སྲབ་ལ་དམར་བའི་ལྗགས་དང་། གླང་པོ་ཆེའི་ང་རོ་ཅན་དང་། སྙན་ཅིང་མཉན་པའི་དབྱངས་དང་། སྒྲ་ཕུན་སུམ་ཚོགས་པ་དང་། དབྱངས་འཇམ་པ་དང་། ཤངས་མཐོ་བ་དང་། མཆེ་བ་
ཟླུམ་པ་དང་། མཆེ་བ་དཀར་བ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། སྤྱན་གཙང་བ་དང་། སྤྱན་ཡངས་པ་དང་། སྤྱན་མཐོན་མཐིང་དང་། རྫི་མ་གནག་པ་དང་། སྨིན་མ་སྟུག་པ་དང་། སྨིན་མ་འཇམ་པ་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་དང་། སྨིན་
ཚུགས་རིང་བ་དང་། སྨིན་མའི་སྤུ་ནག་པ་དང་། སྨིན་མའི་སྤུ་ཕྲ་བ་དང་། སྨིན་མ་རྗེས་སུ་མཐུན་པ་དང་། ཁ་དོག་མ་ཉམས་པ་དང་། སྙན་མི་མཉམ་པ་མེད་པ་དང་། སྙན་སྐྱོན་དང་བྲལ་བ་དང་། དབང་པོ་ཐམས་ཅད་མ་ཉམས་ཤིང་སྐྱོན་དང་བྲལ་བ་དང་། སྐུ་ཡོངས་སུ་རྫོགས་
ཤིང་མཐོ་ལ་མཆོག་ཏུ་གནས་པའི་ཞལ་གདོང་དང་། དཔྲལ་བ་ཅན་དང་། དབུ་ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་དྲི་ཞིམ་པ་དང་། དབུ་སྐྲ་མཉམ་པ་དང་། དབུ་སྐྲ་སྣུམ་པ་དང་། དབུ་སྐྲ་མ་འཁུམས་པ་དང་།
དབུ་སྐྲ་མ་འཁྲུགས་པ་དང་། དཔལ་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པས་བརྒྱན་པ་དང་། རྒྱལ་མཚན་ཡང་དག་པར་གནས་པ་དང་། དཔྲལ་བ་དུང་ལྟ་བུ་དང་། དབུ་མཆོག་ཏུ་མཐོ་བ་དང་། གཙུག་ཏོར་ཡར་འཕགས་པ་དང་། དབུ་གདུགས་ཀྱི་རྣམ་པ་ཅན་དང་།
ཀུན་ནས་མཛེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཚད་མེད་པའི་དཔེ་བྱད་ཅན་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་གསལ་བྱེད་དང་། གསལ་བྱེད་མ་ཡིན་པ་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ། ཆོས་ཐམས་ཅད་གསལ་བྱེད་མེད་པར་མཉམ་པ་ཉིད་ལ་རབ་ཏུ་
Vol. 86 · folio 79b
ལེགས་པར་གནས་པ། མཚན་དང་དཔེ་བྱད་ཐམས་ཅད་སྒྱུ་མའི་ཆོས་དང་ལྡན་པ་ལ་ལེགས་པར་རབ་ཏུ་གནས་པ། དུས་གསུམ་གྱི་དཔེ་བྱད་མཉམ་པ་ཉིད། རྡོ་རྗེ་ལྟ་བུ་མཉམ་པ་ཉིད་ཐོབ་པ། སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་དང་། དཔེ་བྱད་མཉམ་པ་ཉིད་ཐོབ་པ། གཉིས་སུ་མེད་
པའི་དོན་ལ་ལེགས་པར་ཡང་དག་པར་ཞུགས་པ་རྣམས་སོ་ཞེས་པའོ། །ཨོཾ་ཨ་ནུ་བྱཉྫ་ན་ས་མ་ཏཱ་སུ་པྲ་ཏིཥྛི་ཏ་བཛྲ་ཛྙཱ་ན་ཧཱུྃ་ལྃ་ཨྃ། དཔེ་བྱད་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་
འདུས་པར་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་ཅན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཅན་ལ་ལེགས་སོ་ཞེས་བྱ་བ་རྣམས་ཀྱིས་མཉེས་པར་མཛད་དོ། །ཨོཾ་བྱང་ཆུབ་སེམས་ཆེད་ཁྱོད་ལེགས་སོ། །སངས་རྒྱས་ཀུན་གྱི་བདག་ཉིད་མཆོག །སངས་རྒྱས་ཆོས་ཆེད་ཁྱོད་ལེགས་
སོ། །ཏིང་འཛིན་དབང་དུ་འཇུག་པ་ཡི། །རྡོ་རྗེ་ཡེ་ཤེས་ཁྱོད་ལེགས་སོ། །རྡོ་རྗེ་སེམས་དཔའ་ཁྱོད་ལེགས་སོ། །ཚད་མེད་ཆེད་དུ་ཁྱོད་ལེགས་སོ། །ཤེས་རབ་དམ་པའི་ཆེད་དུ་ཡང་། །མདོ་སྡེ་འདི་ནི་ལེགས་པར་བཤད། །སངས་རྒྱས་སྔ་མས་མ་གསུངས་པའོ། །
དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་བ་བཞི་ཡིས་མངོན་པར་དགྱེས་པར་མཛད་དོ། །སངས་རྒྱས་ཀུན་ཁྱོད་ལ་ཕྱག་འཚལ། །ཆོས་ཀྱི་སྐུ་ཡི་མཆོག་གི་མཆོག །གདོད་མའི་སྔགས་
ཀྱི་དོན་ཉིད་ལ། །རྡོ་རྗེ་ཡེ་ཤེས་སྟོབས་ཆེན་ལ། །ཤིན་ཏུ་སྒྲིབ་མེད་ཞི་བ་ལ། །རྡོ་རྗེ་ཆོས་རྣམས་ལེགས་གནས་པ། །ཐེག་པ་ཆེན་པོའི་གོ་འཕང་ཐོབ། །ཐུགས་རྗེའི་བདག་ཉིད་ཅན་གྱི་ལྷ། །གདོད་ནས་དག་པ་དཔའ་བོ་ཆེ། །དབང་ཕྱུག་དམ་པ་མཆོག་གི་
མཆོག །དམ་ཆོས་མཆོག་ཏུ་འགྱུར་བ་མེད། །བདེ་གཤེགས་དེ་རྣམས་ལ་ཕྱག་འཚལ། །ཞེས་པའོ། །ན་མ་སྟུ་ཏེ། ཨོཾ་མཱྃ་ཧཱུྃ་ཧཱུྃ་ན་མོ་སྟུ་ཏེ་སྭཱ་ཧཱ། འདི་ནི་བརྗོད་པ་ཙམ་ཞིག་གིས། །སངས་རྒྱས་ཐམས་ཅད་རབ་མཆོད་པའོ། །ཞེས་པའོ།། །།
Vol. 86 · folio 80a
དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་བོས་ནས་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་དུ་
གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་འདུས་པ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཁྱོད་ཉིད་ཀྱིས་རིགས་ཐམས་ཅད་འཁོར་ལོ་བསྐྱེད་པར་མཛད་དུ་
གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་གསོལ་བ་བཏབ་པའི་གསུང་གིས་དེ་མ་ཐག་ཁོ་ནར་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བོས་ཏེ་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ཉོན་ཅིག །ཅེས་ཏེ།
དེ་ནས་འདི་ལས་ཡང་དག་བཤད། །བྱང་ཆུབ་དཀྱིལ་འཁོར་བླ་ན་མེད། །རྡོ་རྗེ་ཡེ་ཤེས་གསང་བ་མཆོག །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱིའོ། །དབེན་པའི་ས་གཞི་ཉམས་དགའ་བ། །མེ་ཏོག་ཕྲེང་བས་རྣམ་བརྒྱན་པ། །ཀུན་ཏུ་སྣ་ཚོགས་ཆ་བཟང་
བ། །ཀུན་ཏུ་སྣ་ཚོགས་སྡོམ་པར་ནི། །ཀུན་ནས་སྣ་ཚོགས་བྱ་བ་རྣམས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །རི་ཡི་མཆོག་གམ་གྲོང་ཁྱེར་ནི། །མེ་ཏོག་འབྲས་བུས་རྣམ་བརྒྱན་པ། །དེར་གནས་སྔགས་པས་དངོས་གྲུབ་མཆོག །གལ་ཏེ་འདོད་
ན་ཡང་དག་བྲི། །གཙུག་ལག་ཁང་དང་དགོན་པའི་གནས། །རི་སྟེངས་རྣམས་སུ་ཀུན་ནས་ནི། །སངས་རྒྱས་ཀུན་གྱི་བྱ་བ་རྣམས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །མ་མོའི་གནས་དང་ཞི་བའི་གནས། །དུར་ཁྲོད་ལྷ་ཡི་གནས་སུ་ནི། །རྡོ་རྗེ་འཛིན་
དཔལ་བྱ་བ་རྣམས། །དོན་དམ་པར་ནི་བསྒྲུབ་པར་བྱ། །པདྨའི་སྐྱེད་མོས་ཚལ་ཀུན་དང་། །ཆུ་བོ་འདུས་པ་རྣམས་སུ་ཡང་། །ཕྱག་ན་པདྨ་དཔལ་བྱ་བ། །དམ་པའི་དོན་དུ་བསྒྲུབ་པར་བྱ། །རྒྱལ་པོའི་ཕོ་བྲང་ཉམས་དགའ་དང་། །རྒྱལ་པོའི་སྐྱེད་
Vol. 86 · folio 80b
ཚལ་རྣམས་སུ་ནི། །རྡོ་རྗེ་རིན་ཆེན་དེ་ཡི་ནི། །རིན་ཆེན་བྱ་བ་རྣམས་བསྒྲུབ་བྱ། །རྟགས་གཅིག་པ་དང་བ་གླང་གནས། །ཆུ་ཀླུང་འདུས་པ་རྣམས་སུ་ཡང་། །སྣ་ཚོགས་བྱ་བ་ཐམས་ཅད་རྣམས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །དཔལ་ལྡན་
རྡོ་རྗེ་སེམས་དཔའ་དང་། །ལྷ་རྣམས་གནས་མཆོག་ཀུན་ཏུའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །གང་དུ་མཉམ་པར་གཞག་པ་དེར། །རྟག་པ་བསོད་ནམས་མཆོག་གྱུར་པ། །བྱ་བ་ཐམས་ཅད་བསྒྲུབ་པར་བྱ། །ཕྱོགས་ཀུན་མཉམ་ཉིད་
གནས་དཀྱིལ་འཁོར། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །ཤར་ལྷོ་ནུབ་དང་བྱང་རྣམས་ཀྱི། །ཕྱོགས་སུ་དཀྱིལ་འཁོར་ཐིག་བརྒྱད་པོ། །དེ་ཡི་ཕྱི་རུ་འཁོར་ལོ་ནི། །ཁ་དོག་ལྔ་པ་ཆེར་འབར་བའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་
མཛེས་པ་སྟེ། །སྣ་ཚོགས་གོས་དང་མེ་ཏོག་ཕྲེང་། །རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པ། །དཀྱིལ་འཁོར་ཀུན་ལ་གནས་པ་ཡི། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །
དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །སངས་རྒྱས་གཟུགས་བརྙན་བྲི་བར་བྱ། །ཤར་དུ་བཅོམ་ལྡན་འཁོར་ལོ་ཅན། །རྡོ་རྗེ་སེམས་དཔའ་ཡང་དག་ལྡན། །འཁོར་ལོས་སྒྱུར་
བ་ཐམས་ཅད་ནི། །སྒེག་པར་བཅས་པ་ཀུན་བྲི་བྱ། །ལྷོ་རུ་གཙུག་ཏོར་དཀར་པོ་ནི། །རིན་ཆེན་འབར་བ་ཡང་དག་ལྡན། །གཙུག་ཏོར་དཀར་པོའི་ངོས་སུ་ནི། །རྡོ་རྗེ་གཟི་བརྗིད་ལ་སོགས་བྲི། །བྱང་དུ་བརྩོན་འགྲུས་ཆེན་པོ་ནི། །གཟི་བརྗིད་ཕུང་པོ་
སྟོབས་པོ་ཆེ། །སྣ་ཚོགས་རྡོ་རྗེ་སོགས་བཅས་པ། །རིམ་པ་ཀུན་ནས་བྲི་བར་བྱ། །རྡོ་རྗེ་རྣལ་འབྱོར་ཅན་གྱིས་ནི། །དབང་ཕྱུག་མགོན་པོའི་ནུབ་ཕྱོགས་སུ། །གཙུག་ཏོར་རྒྱལ་བ་བརྩོན་འགྲུས་ཆེ། །རྡོ་རྗེ་ཆོས་སོགས་དང་བཅས་པ། །ཐམས་ཅད་སྔགས་པས་བྲི་
Vol. 86 · folio 81a
བར་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ནའོ། །དབང་ལྡན་ཕྱོགས་སུ་འཕགས་པ་གནས། །མེ་མཚམས་སུ་ནི་ཆེར་འཕགས་སོ། །བདེན་བྲལ་དུ་ནི་རྣམ་རྒྱལ་ཉིད། །རླུང་དུ་དེ་བཞིན་རྣམ་འཕྲོ་བའོ། །རྡོ་རྗེ་སེམས་དཔའ་སེམས་
དཔའ་ཆེ། །སེམས་དཔའ་ཀུན་གྱི་མདུན་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །གསལ་ཞིང་འབར་འཁྲིགས་འོད་ཟེར་ཅན། །མཁས་པས་དཀྱིལ་འཁོར་རྣམས་སུ་ནི། །མཆོད་པ་རྣམས་ནི་གཞག་བྱས་ཏེ། །སྒེག་མོ་ལ་སོགས་མཆོད་པ་ཆེ། །དེ་བཞིན་
གཟུགས་སྒྲ་ལ་སོགས་དང་། །བདུག་པ་ལ་སོགས་གསང་ཆེན་ནོ། །སྒོ་སྐྱོང་བ་ནི་བཞི་ཡིན་ཏེ། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །ཀུན་ཏུ་བཟང་པོ་སོགས་རྣམས་བྲི། །དེ་ལྟར་དཀྱིལ་འཁོར་བྲི་བྱ་སྟེ། །མཆོད་པ་བྱས་ནས་སྔ་མ་བཞིན། །དེ་བཞིན་
འཇུག་པ་སོགས་བྱས་ལ། །སྒྲུབ་པའི་ཐབས་ནི་བརྩམ་པར་བྱ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་སོགས། །དཀྱིལ་འཁོར་མངོན་སུམ་མཐོང་བ་ལས། །སྔ་མ་རྟག་པ་ཇི་བཞིན་དུ། །ཕྱི་ནས་དེ་བཞིན་བྲི་བར་བྱ། །བསོད་ནམས་ཇི་བཞིན་དཀྱིལ་འཁོར་
རྣམས། །ཐམས་ཅད་མཚོན་གྱིས་རབ་བརྟགས་པ། །རང་གི་ལྷག་པའི་ལྷ་ངོ་བོས། །དཀྱིལ་འཁོར་ཐམས་ཅད་བྲི་བྱར་འགྱུར། །རང་ལྷའི་བདག་ཉིད་རྣལ་འབྱོར་གྱིས། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་གྲུབ། །ཆོ་ག་དམན་དང་ལྷག་པས་ཀྱང་། །འགྲུབ་
པར་འགྱུར་ཏེ་སྐྱོན་མ་མིན། །ཀུན་ཏུ་སྣ་ཚོགས་སྐལ་བཟང་བ། །ཀུན་ནས་སྣ་ཚོགས་འཁོར་ལོ་ཅན། །འཁོར་ལོས་སྒྱུར་བ་བདག་ཉིད་ཆེ། །རིན་ཆེན་བདུན་གྱི་མཆོད་པ་ཆེ། །ཡོངས་སུ་རྫོགས་པའི་ཟླ་བ་ལྟར། །དཀྱིལ་འཁོར་བདུད་རྩི་འབྱུང་ཤེས་བྱ། །
སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། །དཀྱིལ་འཁོར་འདི་ནི་བཤད་བྱས་པའོ། །ཕྱག་ན་པདྨ་བདག་ཉིད་ཆེའི། །པདྨའི་རྣམ་པར་རྟག་ཤེས་བྱ། །རིན་པོ་ཆེ་ཡི་རིན་ཆེན་རྣམས། །དཀྱིལ་འཁོར་སྣ་ཚོགས་རྣམ་པའོ། །དཀྱིལ་འཁོར་དམན་ཞིང་དམ་
Vol. 86 · folio 81b
ཚིག་རྣམས། །དོར་བར་བྱས་པ་དེ་ཉིད་ནི། །གསང་བ་ཤེས་པ་མ་ཡིན་ན། །སྒྲུབ་པའི་ཐབས་ནི་འགྲུབ་མི་འགྱུར། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ཐམས་ཅད་ལྟ་བ་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གདོན་མི་ཟ་
བར་རྟག་ཏུ་བྱ། །བླ་མ་ལ་ནི་ཡོན་ཕུལ་ནས། །རྗེས་སུ་རིམ་པས་བསྒྲུབ་པར་བྱ། །བརྟན་པའམ་ནི་གཡོ་བ་ཡི། །རྫས་རྣམས་ཇི་སྙེད་ཐམས་ཅད་དེ། །རྩ་བ་མེ་ཏོག་འབྲས་བུ་སོགས། །བུ་མོ་ལེགས་པར་བརྒྱན་བྱས་དང་། །འདོད་པའི་ཆུང་མ་ཕུལ་བྱས་
ནས། །སླར་ཡང་རིན་གྱིས་བསླུ་བར་བྱ། །གྲོང་དང་དེ་བཞིན་གཙུག་ལག་ཁང་། །ཀུན་དགའ་ར་སོགས་རྒྱལ་སྲིད་མཆོག །གང་ལ་སྦྱིན་བྱ་ཅུང་ཟད་ཡོད། །འཚོ་བ་དེ་ནི་སྦྱིན་པར་བྱ། །བདག་གི་དངོས་པོ་ཡོངས་གཏོང་བ། །སངས་རྒྱས་
ཐམས་ཅད་རབ་མཆོད་པའོ། །བླ་མ་ལ་ནི་ཡོན་ཕུལ་ནས། །གསང་བ་དམ་པ་རྨད་བྱུང་བ། །མངོན་པར་དབང་བསྐུར་དེ་ནས་བྱ། །འདབ་མ་བརྒྱད་པ་ཡིད་འོང་ལ། །སློབ་མ་གཞག་ནས་ཡན་ལག་ཀུན། །ཕྱག་རྒྱ་ཀུན་ནས་བཅིངས་བྱས་ནས། །
ཁམས་ཀུན་རང་བཞིན་རྩ་བ་དང་། །ས་བོན་འབྲས་བུས་དུད་པ་ཡི། །བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ། །སངས་རྒྱས་ཕྲེང་བའི་དབང་བསྐུར་ལས། །སྤྱི་བོ་དང་ནི་དཔྲལ་བ་དང་། །གཞོགས་དང་དེ་བཞིན་རྒྱབ་ཏུ་ཡང་། །སངས་རྒྱས་རིན་ཆེན་
ཆེན་པོ་ཀུན། །ཅོད་པན་མཆོག་ཏུ་མི་འགྱུར་བའོ། །དཔལ་ལྡན་སངས་རྒྱས་གཙུག་ནོར་བུ། །གདུགས་དཀར་སྟེང་ན་གནས་པའོ། །རྒྱལ་སྲིད་ཀུན་གྱི་དབང་བསྐུར་གྱིས། །ཡང་དང་ཡང་དུ་དབང་བསྐུར་བྱ། །དཔལ་ཀུན་གྱིས་ནི་མངོན་མཐོ་བ། །
ཞེས་བྱའི་དབང་བསྐུར་བཤད་པའོ། །ཁམས་ཀུན་རང་བཞིན་གླང་པོ་དང་། །རྟ་ནི་མཆོག་ཏུ་འབར་བའམ། །སེང་གེའི་གདན་གནས་དབང་བསྐུར་བ། །དཔལ་གྱི་སྔགས་ནི་རྗོད་བྱེད་ཅིང་། །དཔལ་གྱིས་མངོན་མཐོ་ཞེས་བྱ་བའི། །དམ་པའི་དོན་གྱི་
Vol. 86 · folio 82a
དབང་བསྐུར་བ། །བཀྲ་ཤིས་སམ་ནི་དཔལ་བེའུ། །གང་ཡང་བྲིས་ནས་དབང་བསྐུར་བྱ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །རྣམ་རྒྱལ་དབང་བསྐུར་ཞེས་བཤད་དོ། །ཙནྡན་ཆུ་དང་བུམ་པ་ཆེ། །གཞན་གྱིས་མི་ཐུབ་སྨན་
བླུགས་པ། །ཀུན་ནས་དབང་བསྐུར་ཆེད་དུ་ནི། །རྟག་ཏུ་ཤེས་རབ་ཅན་གྱིས་བརྟག །གཞན་གྱིས་མི་ཐུབ་དབང་བསྐུར་མཆོག །དཀྱིལ་འཁོར་གང་གང་བྲིས་བྱས་ནས། །ཕྱག་རྒྱ་གང་དང་གང་བཀོད་པ། །དེར་ནི་དེ་དང་དེ་བརྟག་བྱ། །དེ་རྣམས་ཕྱག་
རྒྱ་དམ་པར་བཤད། །དབང་བསྐུར་ཆེད་དུ་སངས་རྒྱས་རྣམས། །ལྷ་དེ་རྣམས་ནི་ཡིད་དུ་འོང་། །སྨན་གྱི་དམ་པ་མཆོག་གྱུར་པ། །སངས་རྒྱས་ཀུན་གྱིས་རབ་ཏུ་བཤད། །ཙནྡན་དང་ནི་རྒྱ་སྤོས་དང་། །ག་པུར་དེ་བཞིན་གུར་གུམ་དང་། །ཨ་ཀ་རུ་དང་
ལྷ་ཡི་ཤིང་། །ཙནྡན་དམར་པོ་ཉིད་དང་ནི། །སིཾ་ཧཱ་བྱཱ་གྷྲི་དེ་བཞིན་མཆོག །ཀུན་ནས་ས་ཧ་དེ་བ་དང་། །གི་རི་ཀརྞ་ཚངས་མཆོད་སྦྱིན། །སྨན་གྱི་དམ་པ་རྣམས་སུ་བཤད། །ལྷག་གནས་ཀུན་གྱི་སྦྱོར་བ་ཡིས། །སངས་རྒྱས་མཆོད་པ་རབ་འཇུག་ཅིང་། །
དང་པོ་རྡོ་རྗེ་དབང་བསྐུར་བ། །ཤེས་རབ་ཐམས་ཅད་རབ་འཇུག་བྱེད། །རིན་ཆེན་དམ་པའི་དམ་པ་ནི། །གསེར་ལ་སོགས་ཀྱིས་ཐམས་ཅད་ནས། །སྨན་ཀུན་དང་ནི་ས་བོན་ཀུན། །འབྲུ་རྣམས་ཐམས་ཅད་བཟང་པོ་ནི། །སངས་རྒྱས་བྱིན་བརླབས་རྣལ་འབྱོར་ལས། །
དབང་བསྐུར་དོན་དུ་རབ་བརྟག་བྱ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །དབང་བསྐུར་དམ་པ་འོད་འབར་བའོ། །སངས་རྒྱས་ཀུན་ནས་སངས་རྒྱས་འགྱུར། །ཞེས་པའོ། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ་ཇི་ལྟར་རྙེད་པ་ཡོངས་སུ་རྫོགས་སོ།། །།
རིགས་གཟུགས་སྐལ་བཟངས་མང་ཐོས་བློ་འབྱོར་སོགས། །ཕུན་ཚོགས་ལྡན་པ་དཔལ་ལྡན་ཆོས་རྗེ་ཡིས། །རྒྱུད་འདི་བསྒྱུར་ལས་ཅུང་ཟད་མ་རྫོགས་པ། །དཔལ་ལྡན་བློ་གྲོས་བརྟན་པས་རྫོགས་པར་བསྒྱུར།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words