འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ
Sanskrit title (Tibetan script, as in the text) ཨཱརྱ་བཛྲ་པཱ་ཎི་ཨ་བྷི་ཥེ་ཀ་མ་ཧཱ་ཏནྟྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 87 · folio 1b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ཨ་བྷི་ཥེ་ཀ་མ་ཧཱ་ཏནྟྲ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ། བམ་པོ་དང་པོ། སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷའི་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་རྣམ་པར་སྨིན་པ་བསམ་གྱིས་
མི་ཁྱབ་པ་ལས་མངོན་པར་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་རྒྱུ་མཐུན་པའི་རིན་པོ་ཆེའི་རྒྱལ་པོ་ཆེན་པོས་ཤིན་ཏུ་རྣམ་པར་སྤྲས་པའི་ཁང་བཟང་ཆེན་པོ་རིན་པོ་ཆེའི་རྒྱལ་པོ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁང་པ་ན། པདྨའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ། ནོར་བུ་ཆེན་པོ་དབང་གི་རྒྱལ་པོས་ངོས་གཉིས་རྣམ་པར་སྤྲས་པ་ལ་བཞུགས་ནས།
ལྷམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་ནི་ནམ་ཐང་བའི་ནམ་མཁའ་ལ་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་པདྨའི་སྙིང་པོའི་སེང་གེའི་ཁྲི་
Vol. 87 · folio 2a
ཆེན་པོ་དེ་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་ནས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཀུན་ནས་བསྐོར་ཏེ་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། སྐུ་དང་གསུང་དང་ཐུགས་ནི་མཉམ་པར་བྱིན་གྱིས་བརླབས།
གཡོ་བ་དང་རློམ་སེམས་ཐམས་ཅད་དང་ནི་བྲལ་ཞིང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ལ་འཇུག་ཅིང་། འདི་ལྟ་སྟེ། ལུས་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དང་། ངག་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་
དང་། དེ་བཞིན་དུ་ཡིད་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་
སྟེ། ཏིང་ངེ་འཛིན་དེ་ཐོབ་པ་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ། བྱང་
ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། འདི་ལྟ་སྟེ། ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱི་གནས་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་སྟོན་པ་དག་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་
ལ་ལ་དག །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ། འཇིག་རྟེན་གྱི་ཁམས་རབ་འབྱམ་དུ་མ་ངེས་པར་སྟོན་པ་འདི་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་སྤྱོད་པ་ལ་ནན་ཏན་བྱེད་པ་དང་། ས་བསྒྲུབ་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་
Vol. 87 · folio 2b
སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ། །མདོར་ན་སེམས་ཅན་གང་ལ་ལ་དག་དགེ་བ་མངོན་པར་འདུ་བྱ་བ་བྱེད་པ་དེ་དག་
ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བསྡུ་བའི་དངོས་པོ་བཞི་པོ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་བསྡུས་པ་ཤ་སྟག་སྟེ། དེ་དག་ནི་རྒྱུ་དེ་ཉིད་དང་དམིགས་པ་དེ་
དག་ཉིད་ཀྱིས་དགེ་བ་མངོན་པར་འདུ་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཆེན་པོ་ཤིན་ཏུ་རྒྱས་པ་དེ་ཐམས་ཅད་མཐོང་ཞིང་འཇུག་སྟེ། རྣམ་པར་བལྟ་ཞིང་ཉེ་བར་སེམས་ཏེ། དགེ་བ་ཅི་ཙམ་མངོན་པར་འདུ་བྱེད་པ་ཡང་རྒྱུ་
དེ་ཉིད་དང་དམིགས་པ་དེ་ཉིད་ཀྱིས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་རྨད་དུ་བྱུང་ཞིང་། ཡ་མཚན་གྱིས་འདུན་པའི་སྙིང་དུ་གྱུར་ནས། དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་བོ་སྙམ་སྟེ་ཅང་མི་སྨྲ་བར་གྱུར་ནས། བཅོམ་ལྡན་འདས་ཉིད་ལ་རྣམ་པར་བལྟ་
ཞིང་ཉེ་བར་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡ་མཚན་གྱི་ས་སྙིང་འདུན་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་སྟོང་ཕྲག་དུ་མ་མགུར་ནས་ཕྱུང་
ངོ་། །དེ་བྱུང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཐམས་ཅད་སྣང་བར་བྱས་ཏེ། ནམ་མཁའི་ཁམས་རབ་འབྱམ་དག་དང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ན་བྱང་ཆུབ་སེམས་དཔའ་གང་དག་དབང་དང་ལྡན་པར་གྱུར་པ་འཁོད་པ་དེ་དག་ལ། ཐམས་ཅད་མཁྱེན་པ་
རྫོགས་སངས་རྒྱས། །བཅོམ་ལྡན་རིམས་ནད་བྲལ་བ་དེ། །དབང་སྒྱུར་རྒྱལ་པོའི་ཁང་པ་ནི། །སྐྱོན་ཀུན་རྣམ་པར་སྤངས་པ་ན། །སྙིང་འཐད་ཆེན་པོ་སེང་གེའི་ཁྲི། །དཔག་ཚད་སུམ་བརྒྱ་ཡོད་པ་ལ། །པདྨའི་སྙིང་པོ་དེར་བཞུགས་ནས། །བྱང་ཆུབ་སེམས་དཔའ་རྣམས་
Vol. 87 · folio 3a
ཀྱིས་བསྐོར། །གནས་དེར་ཐུབ་པ་ཆེན་པོ་ཡིས། །བཀོད་པ་ཆེན་པོར་གང་སྤྲུལ་པ། །དེ་དག་གི་ནི་གྲངས་ཚད་དང་། །དབྱིབས་དང་ཁ་དོག་གང་ཡིན་པ། །དེ་ནི་བསྐལ་པ་གྲངས་མེད་དུ། །བསྟན་པར་ནུས་པ་མ་ཡིན་ནོ། །དེ་རུ་དེད་ལ་དཔའ་བོ་ཆེ། །རྫོགས་
པའི་སངས་རྒྱས་རྐང་གཉིས་མཆོག །ཡིད་གཉིས་སོམ་ཉི་སྤངས་པ་པོ། །དོགས་པ་གཅོད་པ་བལྟ་བར་གྱིས། །ཞེས་བསྐུལ་ཏོ། །དེ་ནས་འོད་ཟེར་དེ་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྐུལ་ནས་སླར་ལོག་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མགུར་
དུ་རང་གི་གནས་སུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་མཛོད་སྤུ་ནས་ཡིད་བཞིན་གྱི་ནོར་བུ་བཀོད་པའི་མཛོད་ཀྱི་སྙིང་པོ་ཞེས་བྱ་བའི་འོད་ཟེར་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་བ་འཁོར་འོད་ཟེར་བརྒྱ་སྟོང་དང་ལྡན་པ་ཕྱུང་སྟེ། དེ་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་
སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། འདྲེན་པ་བཅོམ་ལྡན་རྣམ་པར་སྣང་མཛད་ལ། །བལྟ་བ་དང་ནི་མཆོད་པ་བགྱི་བ་དང་། །སེམས་ཅན་ཕན་པར་བཞེད་པས་ཆོས་བརྗོད་ཕྱིར། །ཁྱེད་ཅག་ཐམས་ཅད་མ་ཤོལ་འདིར་གཤེགས་ཤིག །ཅེས་ཡང་དག་པར་སྟོན་ཏོ། །དེ་
ནས་འོད་ཟེར་དེ་དག་ཡང་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ཉིད་དུ་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འོད་ཟེར་དེས་བསྐུལ་མ་ཐག་ཏུ། རང་རང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ།
བཅོམ་ལྡན་འདས་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་བལྟ་བ་དང་། ཕྱག་བགྱི་བའི་སླད་དུ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོར་མཆི་ན། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་
པོ་དེ་ནི་འཇིག་རྟེན་གྱི་ཁམས་གང་ཞིག་ན་མཆིས། གང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་འཇིག་རྟེན་གྱི་ཁམས་དེའི་མིང་ནི་ཅི་ཞེས་བགྱི། དེའི་བྱང་ཆུབ་ཀྱི་སྙིང་པོ་ནི་ཅི་འདྲ་བ་ཞིག་ལགས་ཞེས་ཞུས་སོ། །དེ་སྐད་ཅེས་
Vol. 87 · folio 3b
གསོལ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། རང་རང་གི་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་
ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རབ་འབྱམ་དུ་མ་ངེས་པར་སྟོན་པ་དག་ཡོད་དེ། འཇིག་རྟེན་གྱི་ཁམས་རབ་འབྱམ་རེ་རེ་ངེས་པར་སྟོན་པ་རེ་རེ་ལ་ཡང་། འཇིག་རྟེན་གྱི་ཁམས་ཀྱི་མཚམས་སྦྱོར་བ་ངེས་པར་སྟོན་པའི་བཀོད་པ་རབ་འབྱམ་དུ་མ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །རིགས་
ཀྱི་བུ་དག་དེ་ལ་མཚམས་སྦྱོར་བ་བཀོད་པ་རྣམས་ཀྱི་ཚད་ནི། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། ཟླ་བ་དང་ཉི་མ་བྱེ་བ་ཕྲག་བརྒྱ་དག་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམ་གྱི་མཚམས་སྦྱོར་བ་རྣམས་ཀྱི་ཁོངས་སུ་
འདུས་ཤིང་རྗེས་སུ་ཞུགས་པར་གཅིག་གོ། །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམ་གྱི་མཚམས་སྦྱོར་བ་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་རབ་འབྱམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་
གཅིག་གོ། །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་རྣམས་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བར་མ་གཅིག་གོ། །འཇིག་རྟེན་གྱི་ཁམས་རབ་འབྱམ་བར་མ་བཀོད་པའི་རྒྱུད་
བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་བཀོད་པ་གཅིག་སྟེ། དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེས། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡོངས་སུ་སྦྱོངས་སོ། །རིགས་ཀྱི་
Vol. 87 · folio 4a
བུ་དག་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་པོ་དེ་ཉིད། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་ཡོངས་
སུ་བསྐོར། ལུས་དང་ངག་དང་ཡིད་ཀྱིས་ལས་ནི་ཤིན་ཏུ་འདས་ཤིང་ནམ་མཁའ་ཉིད་བྱང་ཆུབ་ཀྱི་སྙིང་པོར་བྱིན་གྱིས་བརླབས་ནས། འཇིག་རྟེན་གྱི་ཁམས་བར་མ་དེ་ན་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ན་བཞུགས་སོ། །རིགས་ཀྱི་བུ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་
དེ་ནི་དེ་འདྲ་སྟེ། དེའི་ཡོན་ཏན་ནམ། སྤྱོད་པའམ། སྨོན་ལམ་མམ། ཡེ་ཤེས་ཀྱི་མཐའ་ནི་ངེད་ཀྱིས་བསྐལ་པ་གྲངས་མེད་པར་ཡང་རྟོགས་པར་མི་ནུས་སོ། །རིགས་ཀྱི་བུ་དག་ངེད་ཀྱང་བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། བླ་ན་མེད་པ་ཡང་དག་
ར་རྫོགས་པའི་བྱང་ཆུབ་ལ་བཙུད་དེ། ངེད་ནི་བཅོམ་ལྡན་འདས་དེ་ལ་བྱས་པ་གཟོ་བ་བྱས་པ་ཤེས་པ་ཤ་སྟག་གོ། །རིགས་ཀྱི་བུ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་ངག་གི་འཁོར་ལོའི་
དཀྱིལ་འཁོར་རྒྱུན་མི་གཅོད་པ་ནས་བརྩམས་ཏེ། བསྟན་པ་གནས་པར་མཛད་པ་དང་ཐེག་པ་ཆེན་པོ་བླ་ན་མེད་པའི་སྤྱོད་པ་རྒྱུན་མི་འཆད་པར་འགྱུར་བ་དང་། ཅི་ལྟ་བ་བཞིན་དུ་རྣམ་པར་རིག་པར་བྱ་བ་དང་། ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བྱིན་
གྱིས་བརླབས་ནས། རྡོ་རྗེའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བརྩམས་ཏེ། ངག་སྣ་ཚོགས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྒྱ་ཆེན་པོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རབ་འབྱམ་གོ་བར་མཛད་པར་བཞེད་ནས། འོད་ཟེར་གྱི་དྲ་བ་ཆེན་པོ་འདི་ཕྱུང་ངོ་། །དེ་
ནས་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཏོག་གིས་བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་ལ། རིན་པོ་ཆེ་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་བྱིན་ནོ། །ན་མཿས་མནྟ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཛ་ན། རིགས་
Vol. 87 · folio 4b
ཀྱི་བུ་ཁྱོད་རིན་པོ་ཆེ་རྡོ་རྗེ་ཆེན་པོའི་སྙིང་པོ་འདིས་འཇིག་རྟེན་གྱི་ཁམས་དེར་གནས་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་ཀྱིས་སྙིང་པོ་འདི་བླངས་ཏེ། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་
དུ་མས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མཆོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོ་དང་། རིན་པོ་ཆེ་རྡོ་རྗེ་ཆེན་པོ་ལ་སྙིང་པོ་འདིས་མཆོད་པའི་སྤྲིན་ཆེན་པོ་སྔོན་མ་མཐོང་བ་མངོན་པར་སྤྲུལ་ནས། འཇིག་རྟེན་གྱི་ཁམས་མེ་ཏོག་
གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དང་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ཡང་རིན་པོ་ཆེ་དང་རྡོ་རྗེ་མེ་ཏོག་གི་སྤྲིན་ཆེན་པོས་མངོན་པར་བཀབ་བོ། །དེ་བཞིན་དུ་བདུག་
པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་། རིན་པོ་ཆེ་དང་། རྡོ་རྗེའི་སྤྲིན་ཆེན་པོ་དག་གིས་བཀབ་བོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་ཡང་སོང་ནས། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། ཇི་ལྟར་འོངས་པ་བཞིན་དུ་ཤར་ཕྱོགས་ཉིད་དུ་གནས་ཏེ། རིན་པོ་ཆེ་དང་རྡོ་རྗེའི་ཁང་པ་བརྩེགས་པ་ཆེན་པོ་དང་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་དང་རྡོ་རྗེའི་དབྱུག་གུ་
དང་པདྨའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ་དག་མངོན་པར་སྤྲུལ་ནས་རིན་པོ་ཆེ་རྡོ་རྗེ་ཆེན་པོའི་སྙིང་པོས་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་རྡོ་རྗེ་ཆེན་པོའི་ཡི་གེའི་སྙིང་པོའི་ཡི་གེའི་སྙིང་པོས་ཕྱོགས་བཅུ་རྒྱས་པར་འགེངས་ཤིང་བཞུགས་སོ། །ལྷོ་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ། རྡོ་རྗེ་ཆེན་པོའི་སྙིང་པོའི་སྙིང་པོས་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེར།
Vol. 87 · folio 5a
བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་ཕྱག་བྱ་བ་དང་བལྟ་བ་དང་མཆོད་པའི་ཕྱིར་སོང་ཤིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོས། རྡོ་རྗེ་ཆེན་པོའི་
སྙིང་པོ་འདི་གསུངས་སོ། །ན་མཿས་མནྟ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མ་ཧཱ་བཛྲཱ་གྲ་བ་རྃ་ཧཱུྃ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རྡོ་རྗེ་མཆོག་གི་སྙིང་པོ་འདི་ཐོབ་ཅིང་། བཅོམ་ལྡན་འདས་དེས་གནང་བས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་
དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དེ་དང་། རྒྱལ་པོ་དབང་
སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་འདི་ཐམས་ཅད་རིན་པོ་ཆེ་རྡོ་རྗེ་མཆོག་གི་སྣང་བ་ཆེན་པོས་སྣང་བར་བྱས་སོ། །རྡོ་རྗེ་ཆེན་པོའི་མཆོག་གི་མེ་ཏོག་དང་། བདུག་པ་དང་།
སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། རྡོ་རྗེ་ཆེན་པོའི་མཆོག་དང་། རིན་པོ་ཆེ་མཆོག་གི་འོད་ཟེར་གྱི་སྣང་བས་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་སྣང་བར་བྱས་སོ། །མཆོག་
སྦྱིན་པ་ཆེན་པོའི་རྡོ་རྗེ་མཆོག་གི་སྒྲས་ཕྱོགས་བཅུར་གོ་བར་བྱས་སོ། །གོ་བར་བྱས་ནས་ཀྱང་ཇི་ལྟར་འོངས་པ་བཞིན་དུ་ལྷོ་ཕྱོགས་ཉིད་དུ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་རྡོ་རྗེ་ཆེན་པོའི་མཆོག་ལས་བྱུང་བའི་པདྨའི་རྒྱལ་པོ་ཆེན་པོ་
རྣམས་ལ་འདུག་གོ། །ནུབ་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་
Vol. 87 · folio 5b
ཀྱི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་མཆོག །རྡོ་རྗེ་ཆེན་པོའི་པདྨའི་མཆོག་གི་སྙིང་པོ་འདི་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས། རྡོ་རྗེ་ཆེན་པོའི་པདྨ་མཆོག་
གི་དཀྱིལ་འཁོར་ཐུགས་རྗེའི་སྟོབས་ཀྱི་སྙིང་པོ་འདི་གསུངས་སོ། །ན་མཿས་མནྟ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་ཀ་རུ་ཎ་བ་ལ་བཛྲ་པདྨཱ་གྲ་ས། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས་སྙིང་པོ་དའི་གསུངས་
ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ནས། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་
དུ་བདར་ཏེ། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ནས། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་
སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་ནུབ་ཕྱོགས་ཉིད་དུ་གནས་ནས་པདྨ་ཆེན་པོ་རྡོ་རྗེའི་རྒྱལ་པོ་ལ་འདུག་སྟེ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་འདི་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་མེ་
ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་དུ་ཐུགས་རྗེ་ཆེན་པོའི་རྡོ་རྗེ་མཆོག་གི་སྟོབས་ཀྱིས་རང་གི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་སྤྲིན་རྣམས་ཀྱིས་ཀུན་ཏུ་བཀང་ནས་སྣང་བར་བྱས་སོ། །བྱང་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
Vol. 87 · folio 6a
པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ། རྡོ་རྗེ་ཆེན་པོས་རྣམ་པར་གནོན་པ་རྡོ་རྗེ་ཆེན་པོས་རྣམ་པར་རོལ་པ། བྱང་ཆུབ་ཀྱི་སྙིང་པོའི་མཆོག་འཛིན་པའི་སྙིང་པོ་འདི་སྦྱིན་པར་མཛད་དོ། །དེ་ནས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས། བྱང་ཆུབ་ཀྱི་སྙིང་པོ་ཆེན་པོ་མཆོག་འཛིན་པའི་སྙིང་པོ་འདི་གསུངས་སོ། །ན་མཿས་མནྟ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་བར་ད་མན་ར་ཨ་གྲི་གྲི། འདི་གསུངས་ནས་
བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དེར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང་ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ་། །
དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་
རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་བྱང་
ཕྱོགས་ཉིད་དུ་གནས་ནས་བྱང་ཆུབ་ཀྱི་སྙིང་པོ་ཆེན་པོའི་རྒྱན་བཀོད་པར་བྱིན་གྱིས་བརླབས་ཏེ། བྱང་ཆུབ་ཀྱི་སྙིང་པོའི་མཆོག་གི་ལུས་ཀྱི་སྤྲིན་རྣམས་ཀྱིས་ཕྱོགས་བཅུ་རྒྱས་པར་འགེངས་སོ། །བྱང་ཤར་གྱི་ཕྱོགས་མཚམས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མཆོག་འཛིན་གྱིས་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཅོད་པན་ལ། དཀོན་མཆོག་གསུམ་པའི་རྡོ་རྗེ་འབྱུང་གནས་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
Vol. 87 · folio 6b
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མཆོག་འཛིན་གྱིས། དཀོན་མཆོག་གསུམ་པའི་རྡོ་རྗེ་འབྱུང་གནས་ཀྱི་སྙིང་པོ་འདི་གསུངས་སོ། །ན་མཿས་མནྟ་མུ་ཁེ་བྷྱཿ ས་རྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་ཨོཾ་ཨོཾ་ཛྃ་སྃ། འདི་བྱིན་ནས་རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་
གཞིའི་སྙིང་པོའི་རྒྱན་བཀོད་པ་དེ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་དེར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང་ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཅོད་པན། བཅོམ་ལྡན་འདས་དེས་
ནང་བས་འཇིགས་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་
ཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས་ཇི་ལྟར་འོངས་པ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་ཉིད་དུ་གནས་ནས་དཀོན་མཆོག་གསུམ་གྱིར་རྡོ་རྗེས་
རྒྱན་པའི་པདྨའི་རྒྱལ་པོ་ལ་འདུག་སྟེ། དཀོན་མཆོག་གསུམ་གྱི་སྐུའི་སྤྲིན་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་རྒྱས་པར་འགེངས་སོ། །ཤར་ལྷོའི་ཕྱོགས་མཚམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་སྤྲིན་གྱི་དཔལ་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་སྤྲིན་གྱི་སྙིང་པོ་ལ་སྤྲིན་ཆེན་པོ་རྡོ་རྗེའི་མཆོག་བཀོད་པའི་སྙིང་པོ་ཞེས་བྱ་བའི་སྙིང་པོ་སྦྱིན་པར་མཛད་དེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
སྤྲིན་གྱི་དཔལ་གྱིས་སྤྲིན་ཆེན་པོ་རྡོ་རྗེའི་མཆོག་བཀོད་པའི་སྙིང་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་མ་ཧཱ་བཛྲ་མེ་གྷ་བི་ཀྲཱྀ་ཌི་ཏེ་བི་ཤྭ་སམ་བྷ་བ་ཧ། འདི་བྱིན་ནས་རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་
Vol. 87 · folio 7a
དེ་དང་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང་ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་སྙིང་པོ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་
དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་
བཞིན་དུ། ཤར་ལྷོའི་ཕྱོགས་མཚམས་ཉིད་དུ་གནས་ནས་སྤྲིན་ཆེན་པོ་རྡོ་རྗེ་མཆོག་གི་ལུས་ཀྱི་རྣམ་པར་རིག་པའི་སྤྲིན་རྣམས་ཀྱིས་པདྨ་ཆེན་པོའི་རྒྱལ་པོའི་སྤྲིན་བྱིན་གྱིས་བརླབས་ནས། མཆོད་པ་ཆེན་པོའི་མཆོག་གི་སྤྲིན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་
འགེངས་ཤིང་འདུག་གོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡག་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ཆེན་པོའི་ཏོག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་དཔའ་བོ་ལ་རྡོ་རྗེ་ལས་བྱུང་བའི་སྙིང་པོ་སྦྱིན་པར་
མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་ཏོག་གིས། རྡོ་རྗེ་ཆེན་པོ་ལས་བྱུང་བའི་སྙིང་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་བཛྲོདྡྷུ་བེ་སྭཱ་ཧཱ། འདི་བྱིན་ནས་
བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་དཔའ་བོ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་
དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ག་ལ་བ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་
Vol. 87 · folio 7b
བྱས་ཏེ། ཇི་ལྟར་འོངས་བ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཉིད་དུ་གནས་ནས། རྡོ་རྗེ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་རྒྱན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་། རྡོ་རྗེའི་གཟུགས་ཀྱིས་བརྒྱན་པའི་རྡོ་རྗེ་ཆེན་པོའི་པདྨ་ལ་འདུག་གོ། །ནུབ་
བྱང་གི་ཕྱོགས་མཚམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་སྙན་པས་བྱང་ཆུབ་སེམས་དཔའ་འབྲུག་སྒྲའི་རྒྱལ་པོ་ལ་རྡོ་རྗེའི་སྒྲ་དབྱངས་བསྒྲགས་པའི་སྙིང་པོ་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་ཤིན་ཏུ་སྙན་པས། རྡོ་རྗེའི་ཡི་གེའི་སྙིང་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་བཛྲ་རཀྵ་ནི་ཪྒྷོ་ཥ་བི་ཀྲཱནྟ་སྭཱ་ཧཱ། འདི་བྱིན་ནས་བཏང་ངོ་། །དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྲུག་སྒྲའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེས་གནང་བས། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། ཇི་
ལྟར་འོངས་པ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་ཉིད་དུ་གནས་ཏེ། དབྱངས་ཀྱི་རིག་བྱེད་མཐའ་ཡས་པས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་གོ་བར་བྱེད་ཅིང་། རང་གི་སྨོན་ལམ་ལས་ངེས་པར་བྱུང་བའི་རིན་པོ་ཆེ་ཆེན་པོའི་པདྨ་ལ་འདུག་གོ །འོག་གི་ཕྱོགས་
ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་རྣམ་པར་དག་པའི་སྙིང་པོས། བྱང་ཆུབ་སེམས་དཔའ་པདྨའི་ཡན་ལག་ལ་སྤྱོད་པ་ཆེན་པོའི་རྒྱལ་པོའི་རྡོ་རྗེའི་སྙིང་པོ་འདི་གསུངས་སོ། །ན་མཿ
Vol. 87 · folio 8a
སརྦ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཧྃ་ཧེ་སྭཱ་ཧཱ། འདི་བྱིན་ནས་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་པདྨའི་ཡན་ལག་བཅོམ་ལྡན་འདས་དེས་གནང་ནས། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་
ཕྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་
ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་འོག་གི་ཕྱོགས་ཉིད་དུ་
གནས་ནས། པདྨའི་རྒྱལ་པོ་ཆེན་པོའི་ཁང་པ་བརྩེགས་པ་སྣ་ཚོགས་པ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་ཤིང་། པདྨའི་རྒྱལ་པོ་ཆེན་པོ་རྡུལ་དང་བྲལ་བའི་དཀྱིལ་འཁོར་གྱི་སྙིང་པོ་ལ་འདུག་གོ །སྟེང་གི་ཕྱོགས་ནས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་པའི་འབྱུང་གནས་ཀྱིས། བྱང་ཆུབ་སེམས་དཔའ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་བྱང་ཆུབ་ཀྱི་སྟོབས་ཀྱི་སྙིང་པོ་སྦྱིན་པ་མཛད་དོ། །དེ་ནས་དེ་བཞིན་གཤེགས་
རྒྱལ་བའི་འབྱུང་གནས་ཀྱིས་བྱང་ཆུབ་ཀྱི་སྟོབས་ཀྱི་སྙིང་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་བོ་དྷྱཾ་ཀ་ར་དྷརྨྨ་སྭཱ་ཧཱ། འདི་བྱིན་ནས་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་
དེས་གནང་བས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་པར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་
Vol. 87 · folio 8b
གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང་། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་
བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ཏེ་ཇི་ལྟར་འོངས་པ་བཞིན་དུ་སྟེང་གི་ཕྱོགས་ཉིད་དུ་གནས་ནས། ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་མཐའ་ཡས་པ་གོ་བར་བྱེད་པའི་སྒོ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་། ཆོས་ཉིད་ལས་བྱུང་བའི་པདྨ་ཆེན་
པོ་ལ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་ཤིང་། འཁོད་པ་དེ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་འདི་དག་ཏུ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྔོན་མ་མཐོང་བ་མཐོང་ངོ་། །
ཅོམ་ལྡན་འདས་རྣམ་པར་སྣང་མཛད་ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེ་བ་དང་། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་། ནམ་མཁའ་ལྟར་གདོད་མ་ནས་ཞི་བ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་ལྟར་བསམ་པ་ཐམས་ཅད་
ཡོངས་སུ་རྫོགས་པར་མཛད་པ་ཡང་མཐོང་ནས་ངོ་མཚར་དུ་གྱུར་ཏེ། སྒྲ་སྐད་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྟོག་པ་ཐམས་ཅད་སྤངས་པའོ། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །མགོན་པོ་རྨད་བྱུང་དམ་པ་འདི། །ཅི་ལྟར་ས་ལ་སྣང་ཞིག་
གུ། །སྐུ་ཡིས་འཕྲིན་ལས་མི་མཛད་ལ། །གསུང་དང་ཐུགས་ཀྱིས་མི་མཛད་ཅིང་། །སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཤིན་ཏུ་དག་པའི་ཤེལ་དང་འདྲ། །སྐུ་ཡིས་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་མཛད་པ་རྣམས་མཛད་ཀྱང་། །སྐུ་ལ་
འགྱུར་བ་མི་མངའ་སྟེ། །ཐུབ་པ་དེ་ནི་འགྱུར་མི་མངའ། །གསུང་ནི་བྲག་ཆ་འདྲ་བ་སྟེ། །བསྟན་དུ་མེད་ཅིང་གཟུགས་མེད་ཀྱང་། །ལྷ་ཡི་རྔ་ཆེན་ཅི་བཞིན་དུ། །འགྲོ་བ་ཐམས་ཅད་ཚིམ་པར་མཛད། །ཐུགས་ནི་རློམ་སེམས་བྲལ་བ་སྟེ། །དེ་ལ་ཡུལ་
Vol. 87 · folio 9a
ནི་མངའ་མ་ལགས། །ཡུལ་རྣམས་དང་ནི་དེ་བྲལ་ཡང་། །སེམས་ཅན་རྣམས་ཀྱི་ཡུལ་དུ་གྱུར། །གསུང་ནི་དེ་བཞིན་སེམས་ཅན་དེ། །དེ་བཞིན་སྐུ་དང་དེ་བཞིན་ཐུགས། །མཚན་ཉིད་གཅིག་དང་རབ་ལྡན་ཞིང་། །སྨྲ་བའི་ནང་ན་མཆོག་ཏུ་སྣང་། །
སྐྱེ་བ་མེད་ལས་གྲོལ་བ་ཡི། །དེ་བཞིན་གཤེགས་པ་ཡོད་མིན་པས། །གང་དག་སྐྱེ་བ་མེད་ཤེས་པ། །དེ་དག་འདྲེན་པ་རྣམ་པར་ཤེས། །མགོན་པོ་རྟག་ཏུ་མཉམ་གཞག་ཅིང་། །ལུས་དང་ངག་དང་ཡིད་བྲལ་ཡང་། །རྟག་པར་ལུས་ངག་སྤྱོད་ཡུལ་དུ། །ཐུབ་པ་
རྒྱུན་དུ་རབ་ཏུ་སྣང་། །བྱང་ཆུབ་སེམས་དཔའ་ཆེ་བ་ཉིད། །ཤིན་ཏུ་དཀའ་བ་བྱེད་པ་དག །སངས་རྒྱས་ཡེ་ཤེས་ཆེ་འབར་བ། །འདི་འདྲ་ཡོངས་སུ་ཚོལ་བར་བྱེད། །དེ་ལ་མིག་ནི་མི་སྣང་ཞིང་། །རྣ་བ་དང་ནི་སྣ་ཡང་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ནི། །དེ་ཕྱིར་
དེ་ཡི་ཡུལ་མ་ཡིན། །གཟུགས་མིན་སྒྲ་ཡང་མ་ཡིན་ཏེ། །དྲི་དང་རོ་དང་རེག་མ་ཡིན། །དབང་པོ་མ་ཡིན་རྣམ་ཤེས་མིན། །ཐམས་ཅད་དུ་ནི་རྟག་ཏུ་ཞི། །ཡུལ་ཅན་དང་ནི་ཡུལ་དེ་དག །རྣམ་པར་བརྟགས་པས་ཡོད་མ་ཡིན། །ཡུལ་ཅན་ཡོད་པ་མ་ཡིན་པས། །
ཡུལ་རྣམས་སྲིད་པ་མ་ཡིན་ནོ། །བྱིས་པས་ཇི་ལྟར་བརྟགས་པ་བཞིན། །དེ་ལྟར་གང་ཚེ་ཡོད་མིན་པ། །དེ་ཚེ་མགོན་པོ་ཡོད་འགྱུར་ཏེ། །རྣམ་པར་མ་བརྟགས་ཚུལ་དུའོ། །དེ་ནི་ཀུན་ཏུ་ཐམས་ཅད་ལ། །བསམ་པ་ཇི་བཞིན་རྫོགས་མཛད་པ། །སྟོན་པ་ཡིད་
བཞིན་ནོར་བུ་ལྟར། །ཀུན་གྱི་མདུན་ན་བཞུགས་པ་ཡིན། །གཟུགས་བརྙན་འབྱུང་བའི་ཚུལ་གྱིས་སུ། །ཏིང་འཛིན་དབང་སྒྱུར་རྣམས་ལ་ནི། །ལྟ་སྨྲ་འབེལ་གཏམ་ཐམས་ཅད་ཀྱིས། །ཀུན་གྱི་ལོངས་སྤྱོད་འོས་སུ་འགྱུར། །རྣམ་པར་སྣང་མཛད་མགོན་མཐོང་ནས། །
དེ་ཚེ་ཀུན་གྱིས་ཏིང་འཛིན་དང་། །གཟུངས་དང་རིག་དང་རྣམ་པར་ཐར། །བསམ་གྱིས་མི་ཁྱབ་ཐམས་ཅད་ཐོབ། །གཟུངས་ལ་དབང་ནི་ཐོབ་གྱུར་ཅིང་། །སངས་རྒྱས་ཡེ་ཤེས་ཚོལ་བྱེད་པ། །བདག་ཅག་རྣམས་ནི་ཐམས་ཅད་ཀྱང་། །ཕྱོགས་བཅུ་དག་ནས་ལགས་པ་ཡིན།
Vol. 87 · folio 9b
ཡང་དག་རྫོགས་པའི་སངས་རྒྱས་གཟུངས། །དེ་ནི་གཟུངས་ཀྱི་མཆོག་ཡིན་ཏེ། །ཡང་དག་རྫོགས་སངས་ཡང་དག་པར། །དེ་ནི་བདག་ཅག་ཐོབ་པར་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས། འདི་ལྟ་སྟེ། ལུས་ཀྱི་སྔོན་གྱི་
མཐའ་དང་ཕྱི་མའི་མཐའ་མེད་པ་དང་། དེ་བཞིན་དུ་ངག་དང་ཡིད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མེད་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་གང་ཡིན་པ་ལ་འཇུག་གོ །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཡོངས་སུ་ཤེས་
པས་ལུས་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས་སོ། །དེ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་ཤེས་པས་ངག་དང་ཡིད་ཀྱི་སྔོན་གྱི་མཐའ་མི་དམིགས་སོ། །ལག་ན་རྡོ་རྗེ་དབང་བསྐུར་བའི་དཀྱིལ་འཁོར་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཀྱང་མཁྱེན། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་
གནས་པའི་བྱང་ཆུབ་སེམས་དཔའ་འཁོད་པ་དག་ཀྱང་མཁྱེན་ནས། ཏིང་ངེ་འཛིན་གང་གི་མཐུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ།
སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐའི་བར་དུ། སངས་རྒྱས་ཀྱི་མཛད་པ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན། རྣམ་པར་སྣང་བ་བཀོད་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་ལ་སྙོམས་པར་
ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་འཇིག་རྟེན་གྱི་ཁམས་མཚམས་སྦྱོར་བའི་བཀོད་པ་
Vol. 87 · folio 10a
ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་པ་ཐམས་ཅད་དང་། སྟོང་ཐམས་ཅད་དང་། སྟོང་གཉིས་པ་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཆོས་ཐམས་
ཅད་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་གཏན་ལ་ཕབ་པ་ཐམས་ཅད་དང་། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམ་པ་སྣ་ཚོགས་དང་། རེ་
བ་སྣ་ཚོགས་དང་། འདོད་པ་སྣ་ཚོགས་དང་། ཐེག་པ་སྣ་ཚོགས་ཀྱི་ཚུལ་རྣམ་པར་གནས་པ་དང་། འགྲོ་བ་སྣ་ཚོགས་དང་། སྐྱེ་གནས་སྣ་ཚོགས་དང་། ལྗོངས་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དབྱིབས་སྣ་ཚོགས་དང་། སེམས་ཅན་སྣ་ཚོགས་དག་
སྒྲ་དང་ཚིག་བརྗོད་པ་རྣམ་པར་གཞག་པ་སྣ་ཚོགས་རྣམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐའི་བར་དུ། སངས་རྒྱས་ཀྱི་མཛད་པ་ཡང་དག་པར་སྟོན་ཅིང་། རང་གི་གསུང་གི་འཁོར་ལོའི་དཀྱིལ་འཁོར་ལས་
བྱུང་བ། སངས་རྒྱས་ཀྱི་དབྱངས་བཀོད་པའི་རྒྱན་གྱིས་བྱིན་གྱིས་བརླབས་པའི་སངས་རྒྱས་ཀྱི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཡང་དག་པར་བྱིན་གྱིས་བརླབས་ནས། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་དོན་ཡོད་པ་དང་། བསྟན་པ་
ནས་པར་བྱ་བ་དང་། སངས་རྒྱས་ཀྱི་མཛད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པའི་ཕྱིར་དུས་ཀྱི་དབང་གིས་སྐྱེ་བ་རིམ་གྱིས་ཡོངས་སུ་གཟུང་བར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བ་ཆེན་པོ་དང་། རྡོ་རྗེ་ཆེན་པོའི་སྙིང་པོ་དང་། རྡོ་རྗེ་ཆེན་
པོའི་འོད་འཕྲོ་བ་རྒྱས་པར་འགེངས་པའི་སྣང་བ་དང་། ཐེག་པ་ཆེན་པོའི་སྤྱོད་པ་དང་། གསང་སྔགས་རྣམ་པར་དག་པའི་སྒོས་རྡོ་རྗེའི་ཁོར་ཡུག་ཆེན་པོའི་དཀྱིལ་འཁོར་དུ་ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བ་མཛད་པ་མཐོང་ངོ་། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་
Vol. 87 · folio 10b
སྣང་མཛད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐམས་ཅད་དུ་སྤྲོས་པ་མེད་པའོ། །རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་པའོ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་སྟོང་པའོ། །གདོད་མ་ནས་དག་པའི་ཕྱིར་རྣམ་པར་དག་པའོ། །སྐྱེ་བ་དང་བྲལ་བའི་ཕྱིར་མ་སྐྱེས་
པའོ། །བསམ་པའི་ས་ལས་ཤིན་ཏུ་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཡུལ་དང་བྲལ་བའི་ཕྱིར་ཡུལ་མེད་པའོ། །ཚིག་གི་ལམ་ལས་ཤིན་ཏུ་འདས་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པ་སྟེ། རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡང་དག་པར་འདུ་བའི་ས་
ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ཐམས་ཅད་རྗེས་སུ་མཐུན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གཟུགས་བརྙན་གྱི་རྣམ་པར་སེམས་ཅན་ཐམས་ཅད་ཀྱི་
མདུན་ན་འདུག་པ། ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་དཀྲིས་པ་ལྟ་བུ་འདི་སུའི་ཡིན། འདི་ཅི་ཞིག་ཅེས་སེམས་ཅན་རྣམས་ཀྱིས་མི་ཤེས་ཏེ་ཡ་མཚན་ཅི་ཞིག་ཏུ་གྱུར་ཏོ། །གང་དག་བློ་གྲོས་རྣམ་པར་དག་པ་ཡིད་གཉིས་དང་ཐེ་ཙོམ་དང་བྲལ་བ། སྔོན་
གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་པོའི་གསང་སྔགས་དང་སྤྱོད་པའི་ཚུལ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་པོ། །རྡོ་རྗེ་འཆང་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྣམ་པར་སྣང་མཛད་
ཆེན་པོའི་རྒྱན་གྱི་སྙིང་པོའི་འོད་ཟེར་ཆེན་པོས་སྣང་བར་བྱས་པ་དེ་དག་ནི། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཞུགས་པ་དག་སྟེ། དེ་དག་ནི་གསང་སྔགས་ཀྱི་སྤྱོད་པའི་ཚུལ་འདི་མཉན་པ་དང་བསླབ་པ་དང་། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བྲི་བ་དང་། དངོས་གྲུབ་
ཆེན་པོ་བསྒྲུབ་པར་བྱ་བའི་སྐལ་བ་ཡོད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་གྱིས་གླིང་བཞི་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་དུ་བདུད་ཕམ་པར་མཛད་ནས། བྱང་ཆུབ་མངོན་པར་རྫོགས་
Vol. 87 · folio 11a
པར་སངས་རྒྱས་ཏེ། དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། མཐར་གྱིས་སྤྱད་པ་སྤྱོད་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐའི་བར་དུ་བྱིན་གྱིས་བརླབས་ནས་ཆོས་བསྟན་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཡང་བསྟན་པ་རྒྱུན་མི་འཆད་པའི་
ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ངན་སོང་ཐམས་
ཅད་སྤོང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་བསྡུས་ནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་
བྲིས་ནས། ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དབང་བསྐུར་ནས་དེ་ཉིད་ལ་བསྟན་པ་གཏད་དོ། །ལག་ན་རྡོ་རྗེ་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ལས། སྔོན་གྱི་སྤྱོད་པ་ཡང་དག་པར་བསྒྲུབ་པའི་གཏམ་གྱི་ཚུལ་འབྱུང་བ་
ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ། བམ་པོ་གཉིས་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་དཔལ་ཡོན་ཏན་གྱི་འབྱུང་གནས་ན། ཤིང་སཱ་
ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྤྱོད་པས་རྣམ་པར་རོལ་པའི་རྒྱུ་མཐུན་པས་བྱིན་གྱིས་བརླབས་པའི་ནགས་ཚལ་ཆེན་པོ་མཆོག་ན། དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་
པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཟག་པ་ཟད་པ། ཉོན་མོངས་པ་མེད་པ་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བ་ལང་བདག་དང་། ཚེ་དང་ལྡན་པ་
Vol. 87 · folio 11b
དབང་ཆེན་དང་། ཚེ་དང་ལྡན་པ་ཉིན་གུང་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་ཉེ་དགའ་བོ་དང་། ཚེ་དང་ལྡན་པ་བཟང་པོ་དང་། ཚེ་དང་ལྡན་པ་སྒྲ་གཅན་འཛིན་དང་། ཚེ་དང་ལྡན་
པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཀ་པི་ན་ཆེན་པོ་དང་། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་ཚེམས་ཆེན་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་
མཛེས་དགའ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་དང་། ཚེ་དང་ལྡན་པ་སེང་ལྡེང་ནགས་པ་དང་། ཚེ་དང་ལྡན་པ་བསོད་སྙོམས་ལེན་པ་བར་དྭ་ཛ་དང་། ཚེ་དང་ལྡན་པ་འོད་སྲུང་སྤྱོད་དབང་པོའི་བུ་དང་། ཚེ་དང་ལྡན་པ་ཉེ་སྦྱོར་དང་། ཚེ་དང་ལྡན་པ་གཞོན་ནུ་འོད་སྲུང་དང་།
ཚེ་དང་ལྡན་པ་ལམ་ཕྲན་བསྟན་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དེ་དག་ལ་སོགས་པ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱ་དང་ཐབས་ཅིག་གོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཤ་སྟག་ལ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དྲ་བ་ཅན་གྱི་འོད་གཞོན་
ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་
རྟག་ཏུ་བརྩོན་པར་ཆོས་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་གདུང་བ་ཐམས་ཅད་རབ་ཏུ་ཞི་ལྡན་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་ཏུ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་ལྷག་
པའི་བསམ་པས་ཕན་བྱེད་དང་། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའ་
Vol. 87 · folio 12a
མཛོད་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་འབྲུག་སྒྲའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སང་སང་པོའི་དབྱངས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད་
པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བླ་མའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། ཐབས་ཅིག་སྟེ་དེ་དག་
ཐམས་ཅད་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། གཟུངས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་དང་། དབང་ཐོབ་པ་དང་། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། བསམ་པ་ཅི་ལྟ་བ་བཞིན་དུ་སེམས་ཅན་
ཐམས་ཅད་ཚིམ་པར་བྱེད་པ། སྔོན་གྱི་སྨོན་ལམ་ཅི་ལྟ་བ་བཞིན་དུ་ངེས་པར་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་བྱ་བ་ལ་མཁས་པ། རྟག་ཏུ་རྒྱུན་མི་འཆད་པར་དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་མཁས་པ་ཤ་སྟག་སྟེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ན། བཅོམ་ལྡན་འདས་པདྨའི་སྙིང་པོ་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེའོ། །གནས་
གཙང་མའི་ལྷའི་བུ་རྣམས་ཀྱང་དེ་ཉིད་དུ་འདུས་ཏེ་འཁོད་དོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་ཚངས་རིས་ཀྱི་ལྷའི་བུས་ཀུན་ནས་བསྐོར་ཅིང་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་
Vol. 87 · folio 12b
ཏེ་འཁོར་དེ་ཉིད་དུ་འདུས་ནས་འདུག་པར་གྱུར་ཏོ། །ལྷ་མ་ཡིན་གྱི་དབང་པོ་རབ་སིམ་དང་། ཐགས་བཟངས་རིས་དང་། ཞིང་མཆོག་དང་། བ་ཊི་དང་། རྔ་ཆེན་དང་། དུས་ཀྱི་འཁོར་ལོ་ཅན་དང་། དྲི་མ་མེད་པ་དང་། ཏོག་དང་། ཟླ་གདོང་དང་། རྣམ་པར་འཇོམས་དང་།
ཟབ་མོ་དང་། སྟོབས་ཅན་དང་། སྒྲ་གཅན་དང་། ཏོག་དྲེགས་དང་། རྣམ་པར་སྣང་བ་དང་། ལྷ་མ་ཡིན་གྱི་དབང་པོ་སྣ་ཚོགས་ཕྲེང་བ་ཅན་དང་། དེ་དག་ལ་སོགས་པ་དང་། ལྷ་མ་ཡིན་གྱི་དབང་པོ་གཞན་སྟོང་དང་ལྷ་མ་ཡིན་གྱི་དབང་པོ་དེ་དག་ཐམས་ཅད་རང་རང་གི་གནས་
ནས་བྱུང་སྟེ། ལྷ་མ་ཡིན་གྱི་མཐུ་ཆེན་པོ་དང་། ལྷ་མ་ཡིན་གྱི་རྫུ་འཕྲུལ་ཆེན་པོས་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་པ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྒྱན་དང་། སིལ་སྙན་དང་།
ཕེག་རྡོབ་རྣམས་མངོན་པར་སྤྲུལ་ནས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཅི་ལྟར་སྤྲུལ་
པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྒྱན་དང་། སིལ་སྙན་དང་། ཕེག་རྡོབ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་གཏོར་ཏོ། །གཏོར་ནས་
ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པ་དང་། ཀླུའི་རྒྱལ་པོ་གློག་ལྕེ་དང་། ཀླུའི་རྒྱལ་པོ་རིན་པོ་ཆེའི་ཅོད་པན་ཅན་དང་། ཀླུའི་རྒྱལ་པོ་འཇོག་པོ་
དང་། ཀླུའི་རྒྱལ་པོ་སོག་མ་མེད་དང་། ཀླུའི་རྒྱལ་པོ་ནོར་རྒྱས་དང་། ཀླུའི་རྒྱལ་པོ་སྟོབས་ཀྱིས་རྒྱུ་དང་། ཀླུའི་རྒྱལ་པོ་རྣ་རྡུམ་དང་། ཀླུའི་རྒྱལ་པོ་པདྨ་ཅན་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཀླུའི་རྒྱལ་པོ་པདྨ་ཆེན་པོ་དང་། ཀླུའི་རྒྱལ་པོ་དུས་ཅན་དང་།
Vol. 87 · folio 13a
ཀླུའི་རྒྱལ་པོ་རིགས་ཅན་དང་། ཀླུའི་རྒྱལ་པོ་མགོ་གཅིག་པ་དང་། ཀླུའི་རྒྱལ་པོ་བརྫུན་པོ་དང་། ཀླུའི་རྒྱལ་པོ་དབང་པོའི་སྒྲ་དང་། ཀླུའི་རྒྱལ་པོ་སྟོབས་ལྡན་དང་། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཁྲི་རང་རང་གི་གནས་ནས་བྱུང་སྟེ། ཀླུའི་མཐུ་ཆེན་པོ་དང་།
ཀླུའི་རྫུ་འཕྲུལ་ཆེན་པོས་ཙནྡན་གོར་ཤི་ཤའི་ཆུའི་སྤྲིན་མངོན་པར་སྤྲུལ་ནས། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ལྷགས་ནས་ཅི་ལྟར་སྤྲུལ་པའི་སྤོས་ཆུའི་སྤྲིན་རྣམས་ཀྱིས་ཤིང་སཱ་ལ་སྣ་
ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོར་ཆར་དུ་མངོན་པར་ཕབ་བོ། །ཕབ་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་དང་།
གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡུལ་འཁོར་སྲུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཕགས་སྐྱེས་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་མིག་མི་བཟང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་
དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྨོངས་བྱེད་འཛིན་ཆུའི་དབང་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་པ་བརྒྱ་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང་། དེ་དག་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྲི་རང་རང་གི་གནས་ནས་བྱུང་སྟེ། མེ་
ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམས་ཐོགས་ནས། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་
དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། ཅི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་བཅོམ་ལྡན་འདས་
Vol. 87 · folio 13b
ལ་གཏོར་ཏོ། །གཏོར་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །མི་འམ་ཅིའི་རྒྱལ་པོ་ལྗོན་པ་འཁོར་མི་འམ་ཅི་དུ་མ་དང་ལྡན་པ་ཡང་མི་འམ་ཅིའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་།
ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམ་པ་དུ་མ་ཐོགས་པ་བརྒྱ་སྟོང་དུ་མ་རང་རང་གི་གནས་ནས་བྱུང་སྟེ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་
འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཅི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དང་། ཕེག་རྡོབ་རྣམས་བཅོམ་ལྡན་འདས་ལ་
གཏོར་ཏོ། །གཏོར་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ནམ་མཁའ་ལྡིང་གི་དབང་པོ་རྣམ་པར་འདུད་བྱེད་ཀྱི་བུ་དང་། ནམ་མཁའ་ལྡིང་གི་དབང་པོ་འཇིགས་འགྲོ་དང་། ནམ་མཁའ་ལྡིང་
གི་དབང་པོ་འདབ་བརྒྱ་དང་། ནམ་མཁའ་ལྡིང་གི་དབང་པོ་གཙུག་ཕུད་ཅན་འཁོར་ནམ་མཁའ་ལྡིང་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྲིན་མོའི་བདག་པོ་
ཁྲོས་བཞིན་དང་། སྲིན་མོའི་བདག་པོ་མཆེ་བ་བཟང་དང་། སྲིན་མོའི་བདག་པོ་དྲག་པོ་དང་། རབ་ཏུ་གཏུམ་པ་དང་། འཇིགས་འཇིགས་ལྟ་དང་། སྐྲག་བྱེད་དང་། འཇིགས་བྱེད་ཆེན་པོ་དང་། གདོང་བཅུ་དང་། གཤིན་རྗེ་དང་། གཤིན་རྗེའི་དྲིལ་བུ་དང་། རྣམ་པར་འཇིགས་འཇིགས་ལྟ་དང་། ཟླ་
བའི་སྡེ་འཁོར་སྲིན་པོ་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དྲང་
Vol. 87 · folio 14a
སྲོང་ཆེན་པོ་མེ་འཁོར་དྲང་སྲོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་
འཁོད་དོ། །རླུང་སྤྲིན་གྱི་ཕྲེང་བ་ཅན་དང་། །རླུང་འཇིག་བྱེད་དང་། རླུང་འཆགས་བྱེད་དང་། རླུང་ཀུན་ཏུ་འཇོག་བྱེད་དང་། རླུང་རྣམ་པར་འཐོར་དང་། རླུང་དུས་ལྡན་དང་། རླུང་རྣམ་པར་འཐོར་རླུང་དང་། རླུང་རླུང་དམར་དང་། རླུང་འཇིག་རྟེན་འཛིན་དག་ཀྱང་། བཅོམ་
ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྐར་མའི་རྒྱལ་པོ་ཟླ་བ་འཁོར་སྐར་མ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་ཆེན་པོ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་
ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཉི་མ་འོད་ཟེར་གྱི་ཕྲེང་བ་ཅན་དང་། ཚ་བར་བྱེད་པ་དང་། སྐེམས་བྱེད་དང་། དུ་བ་འབྱིན་དང་། རབ་འབར་དང་། ཉི་མ་སྲེད་བྱེད་འཁོར་ལྷའི་
བུ་གཟི་བརྗིད་འཕགས་པ་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་
འཁོད་དོ། །ཀླུའི་རྒྱལ་པོ་ཆུ་ལྷ་འཁོར་ཀླུའི་རྒྱལ་པོ་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་
ཕྱོགས་གཅིག་ཏུ་འདུག་གོ། །ཁྱབ་འཇུག་འཁོར་དང་བཅས་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་
Vol. 87 · folio 14b
གཅིག་ཏུ་འདུག་གོ། །དྲག་པོ་ཡི་དགས་ཀྱི་འཁོར་དང་ལྡན་པ་ཡང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འབྱུང་པོའི་བདག་པོ་དབང་ལྡན་འཁོར་འབྱུང་པོ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་
ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །གཟའི་རྒྱལ་པོ་ཆེན་པོ་སྨིན་དྲུག་གི་བུ་འཁོར་གཟའ་
བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །སྤྲིན་ལྷའི་བུ་སྐྱ་བོ་
ཞེས་བྱ་བ་དང་། སྤྲིན་ལྷའི་བུ་གློག་ཕྲེང་ཞེས་བྱ་བ་དང་། སྤྲིན་ལྷའི་བུ་སྤྲིན་གྱི་དྲ་བ་སྟུག་པོ་འཇོམས་བྱེད་ཅེས་བྱ་བ་དང་། སྤྲིན་ལྷའི་བུ་ཆར་འབེབས་ཞེས་བྱ་བ་འཁོར་ལྷའི་བུ་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་
ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གློག་སྟུག་བྱེད་ཅེས་བྱ་བ་དང་། གློག་གཟི་བརྗིད་ཅན་ཞེས་བྱ་བ་དང་། གློག་སྟུག་འོད་ཅེས་བྱ་བ་དང་། གློག་
འོད་ཅེས་བྱ་བ་དང་། གློག་མཛེས་ཕྲེང་ཅན་ཞེས་བྱ་བ་འཁོར་གློག་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་
བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རིའི་རྒྱལ་པོ་རི་རབ་དང་། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དང་། རིའི་རྒྱལ་པོ་གངས་རི་དང་། རིའི་རྒྱལ་པོ་འབིགས་བྱེད་དང་། རིའི་རྒྱལ་པོ་མ་ལ་ཡ་དང་། རིའི་རྒྱལ་པོ་དབང་ཆེན་དང་། རིའི་རྒྱལ་པོ་མི་མཇེད་ཅན་
Vol. 87 · folio 15a
དང་། །རིའི་རྒྱལ་པོ་རྩེ་མོ་བརྒྱ་པ་དང་། རིའི་རྒྱལ་པོ་སྣ་ཚོགས་བརྩེགས་དང་། རིའི་རྒྱལ་པོ་རིག་སྔགས་འཆང་དང་། རིའི་རྒྱལ་པོ་གཞན་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་
ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཤིན་རྗེ་དང་། མཚན་མོ་ནག་མོ་དང་། བེ་ཅོན་ནག་མོ་ཅན་དང་། སྐྱེས་བུ་ནག་པོ་དང་། འཆི་བདག་དང་། དཔལ་བྱིན་མ་དང་། རྣ་ནག་
མ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དཀའ་ཐུབ་ཟློག་མ་དང་། ཙ་
མུ་ཎ་ཌ་དང་། དྲག་པོའི་ཆུང་མ་དང་། ཚངས་པའི་ཆུང་མ་དང་། ཁྱབ་འཇུག་གི་ཆུང་མ་དང་། གཞོན་ནུའི་ཆུང་མ་དང་། ལུས་ངན་གྱི་ཆུང་མ་དང་། ཕག་གི་ཆུང་མ་དང་། འཇིགས་བྱེད་ཆེན་པོའི་ཆུང་མ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་
པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཆུ་ཀླུང་ཆེན་པོ་གང་གཱ་དང་། ཆུ་ཀླུང་ཆེན་པོ་སི་ཏཱ་དང་། ཆུ་ཀླུང་ཆེན་པོ་དབྱངས་ཅན་དང་། ཆུ་ཀླུང་ཆེན་
པོ་བི་ད་སྟ་དང་། ཆུ་ཀླུང་ཆེན་པོ་ཟླ་བའི་ཆ་ཅན་དང་། ཆུ་ཀླུང་ཆེན་པོ་ཡ་མུན་ན་དང་། ཆུ་ཀླུང་ཆེན་པོ་ཀུན་གྱི་བཤེས་གཉེན་དང་། ཆུ་ཀླུང་ཆེན་པོ་མགྱོགས་ལྡན་དང་། ཆུ་ཀླུང་ཆེན་པོ་མཚོ་སྟེན་དང་། ཆུ་ཀླུང་ཆེན་པོ་བ་ལང་སྦྱིན་མཆོག་ལྡན་དང་། ཆུ་ཀླུང་
ཆེན་པོ་བརྩེ་བ་སྦྱིན་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དྲི་ཟའི་རྒྱལ་པོ་
Vol. 87 · folio 15b
སྣ་ཚོགས་ཕྲེང་བ་ཅན་དང་། དྲི་ཟའི་རྒྱལ་པོ་འཕྲོག་པོ་དང་། དྲི་ཟའི་རྒྱལ་པོ་ཤུགས་ཆེན་དང་། དྲི་ཟའི་རྒྱལ་པོ་རྣམ་པར་གནོན་པ་དང་། དྲི་ཟའི་རྒྱལ་པོ་ཆུ་སྐྱེས་དང་། དྲི་ཟའི་རྒྱལ་པོ་ཨུཏྤ་ལ་ལྟ་བུའི་མིག་དང་། དྲི་ཟའི་རྒྱལ་པོ་ཙནྡན་བརྩེགས་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་
རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རིག་སྔགས་འཆང་གི་རྒྱལ་པོ་ཏོག་དང་། རིག་སྔགས་འཆང་གི་རྒྱལ་པོ་
ཉེ་བའི་ཏོག་དང་། རིག་སྔགས་འཆང་གི་རྒྱལ་པོ་རབ་གཏུམ་དང་། རིག་སྔགས་འཆང་གི་རྒྱལ་པོ་བསྙེམས་ལྡན་དང་། རིག་སྔགས་འཆང་གི་རྒྱལ་པོ་ཤུགས་འཆང་དང་། རིག་སྔགས་འཆང་གི་རྒྱལ་པོ་སྣ་ཚོགས་སྡེ་དང་། རིག་སྔགས་འཆང་གི་རྒྱལ་པོ་དེ་དག་དང་། གཞན་
ང་འཁོར་རིག་སྔགས་འཆང་གི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་
གཅིག་ཏུ་འཁོད་དོ། །སྲིན་མོ་སོ་ཅན་ཞེས་བྱ་བ་དང་། སྲིན་མོ་གཡེངས་བྱེད་ཅེས་བྱ་བ་དང་། སྲིན་མོ་མཚན་མོ་རྒྱུ་ཞེས་བྱ་བ་དང་། སྲིན་མོ་སོ་འཆའ་མ་ཞེས་བྱ་བ་དང་། སྲིན་མོ་རྨོངས་བྱེད་མ་ཞེས་བྱ་བ་དང་། སྲིན་མོ་རྒོད་མ་ཞེས་བྱ་བ་དང་། སྲིན་མོ་རྡོ་རྗེ་ལྟ་བུའི་ལྟོ་ཞེས་
བྱ་བ་དང་། སྲིན་མོ་བུམ་ལྟོ་མ་ཞེས་བྱ་བ་དང་། སྲིན་མོ་ཟངས་འདབ་ཅན་ཞེས་བྱ་བ་དང་། སྲིན་མོ་གློག་ལྕེ་མ་ཞེས་བྱ་བ་དང་། སྲིན་མོ་པུན་ཙ་ལེ་ཞེས་བྱ་བ་དང་། སྲིན་མོ་བོང་མོ་ཞེས་བྱ་བ་དང་། སྲིན་མོ་འཇིགས་སུ་རུང་མ་ཞེས་བྱ་བ་དང་། སྲིན་མོ་རྡོ་རྗེ་ལྟ་བུའི་སེན་མོ་
ཅན་ཞེས་བྱ་བ་དང་། སྲིན་མོ་ཆེན་མོ་དེ་དག་དང་། གཞན་ཡང་སྲིན་མོ་འཁོར་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་
Vol. 87 · folio 16a
ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །འབྱུང་པོའི་རྒྱལ་པོ་མདུང་ཅན་དང་། འབྱུང་པོའི་རྒྱལ་པོ་གཤོལ་ཅན་དང་། འབྱུང་པོའི་རྒྱལ་པོ་གཏུན་ཤིང་ཅན་དང་། འབྱུང་པོའི་རྒྱལ་པོ་གཤོལ་འཛིན་དང་། འབྱུང་པོའི་རྒྱལ་པོ་
ཡང་དག་འགུགས་བྱེད་དང་། འབྱུང་པོའི་རྒྱལ་པོ་གཉའ་དྲག་འཁོར་འབྱུང་པོ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་
སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཤ་ཟ་ཐམས་ཅད་དང་། མདངས་འཕྲོག་པ་ཐམས་ཅད་དང་། གནོན་པོ་ཐམས་ཅད་དང་། གྲིབ་གནོན་ཐམས་ཅད་དང་། ཡི་དགས་ཐམས་ཅད་དང་། བདུད་
ཐམས་ཅད་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་དང་། སྟོབས་པོ་ཆེའི་ཚོགས་ཀྱི་བདག་པོ་དང་། དེ་དག་ཐམས་ཅད་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་
ལ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྲིན་མོ་བཞི་གང་ཡིན་པ་དེ་དག་ཀྱང་ཕྱོགས་བཞི་ནས་ལྷགས་ཏེ་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་
འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཤིན་ཏུ་ཡངས་ཤིང་ཐ་གྲུ་ཆེ་ལ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཅིང་། ས་གཞི་རྡོ་རྗེ་དང་བཻཌཱུརྱ་དང་སྤུག་གི་ཁ་ཁྱེར་གྱིས་རྣམ་པར་ཕྱེ་བ། ངོས་
གཉིས་ཀའི་སྒོ་ཁང་དང་རྟ་བབས་དང་སྐར་ཁུང་གིས་བརྒྱན་ཏེ་མཛེས་པར་བྱས་པ་སྟེང་དུ་རིན་པོ་ཆེ་ཆེན་པོའི་དྲིལ་བུ་གཡེར་ཀའི་དྲ་བ་བྲེས་པ། མུ་ཏིག་གི་དོ་ཤལ་མང་པོ་དཔྱངས་པ། དར་གྱི་ལྡ་ལྡི་མང་པོ་བྲེས་པ་སིལ་སྙན་དང་ཕེག་རྡོབ་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་འབྱིན་
Vol. 87 · folio 16b
པ། ལྷའི་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་མཆོག་གིས་ས་ཕྱོགས་དེ་བཀྲམ་པར་གྱུར་ཏེ། འདི་ལྟར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་
པོ་ཐམས་ཅད་རྡོ་རྗེ་ཆེན་པོའི་འཁོར་ཡུག་གི་རིས་བསྐོར་བ་རྡོ་རྗེའི་དཀྱིལ་འཁོར་གྱི་ཁྱམས་སུ་གྱུར་པ་ཆུ་ཞེང་དཔག་ཚད་འབུམ་ཕྲག་བཅུ་པ་དུས་ཐམས་ཅད་པའི་མེ་ཏོག་གིས་ལེགས་པར་བརྒྱན་པ། ལྷའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཕྱོགས་ཆ་ཡོངས་སུ་གང་བ་བྱང་ཆུབ་
སེམས་དཔའི་ལས་ཀྱིས་བྱུང་བ་སྟེ་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོའི་གནས་དག་པའི་ལས་ཀྱིས་བྱུང་བ་ལྷམ་མེ་ལྷང་ངེ་གནས་པ་དེ་བཞིན་དུ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཡང་། བཅོམ་ལྡན་འདས་ཀྱི་མཐུས་ལྷན་ནེར་རྣམ་པར་
མཛེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་མཉམ་པར་གཞག་མ་ཐག་ཏུ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བའི་གསུང་ཕྱུང་སྟེ། རྡོ་རྗེ་འབྱུང་གནས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །རྡོ་རྗེ་འབྱུང་གནས་སྟོབས་པོ་ཆེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །འཁོར་གྱི་དཀྱིལ་འཁོར་འདི་ལ་ནི། །
རྡོ་རྗེ་སྟོབས་ཆེན་བསྲུང་བར་གྱིས། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསྭ་ཧཱ། རྡོ་རྗེ་འབྱུང་གནས་ཀྱི་སྙིང་པོའི་མཆོག་འདི་གསུངས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་རྡོ་རྗེའི་འབྱུང་གནས་ཀྱི་སྙིང་པོ་
སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་པར་གྱུར་ཏེ། རྡོ་རྗེ་འབྱུང་གནས་དཔའ་བོ་ཆེ། །སེམས་ཅན་ཀུན་ལ་ཕན་མཛད་པ། །འཁོར་གྱི་དཀྱིལ་འཁོར་འདི་ལ་ནི། །ཐུབ་པ་ཆེན་པོས་བྱིན་གྱིས་རློབས། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱང་། །སྙིང་པོ་འདི་ནི་
Vol. 87 · folio 17a
འཛིན་གྱུར་ཅིག །དེས་ན་འདིར་ནི་དེ་དག་ཀུན། །ཚུལ་ཆེན་དངོས་གྲུབ་ཐོབ་པར་ཤོག །ཅེས་གྲགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས། ཀུན་ཏུ་བཟང་པོ་དང་བྱམས་པ་དང་། འཇམ་དཔལ་
ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་རྣམ་པར་དག་པའི་སྒོ་ལ་འཇུག་པའི་མཛོད་ཀྱི་སྙིང་པོ་ཞེས་བྱ་བའི་གསང་སྔགས་ལ་འཇུག་པ་གསང་སྔགས་ཀྱི་
སྒོ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འབྲང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་གནས་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་སྙིང་པོ་ཞེས་བྱ་བའི་གསང་བའི་དཀྱིལ་འཁོར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྟོན་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་
བུ་འཕྲལ་དུ་འབྲས་བུ་མང་བ་བྱང་ཆུབ་སེམས་དཔའི་གསང་ཆེན་བྱང་ཆུབ་སེམས་དཔས་ལེགས་པར་བརྗོད་པ། བྱང་ཆུབ་སེམས་དཔའི་མིག་འཕྲུལ་བྱང་ཆུབ་སེམས་དཔའི་སྒྱུ་མས་རྣམ་པར་རོལ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཉན་ཐོས་དང་རང་སངས་རྒྱས་
ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མི་ཤེས་ན། སེམས་ཅན་གཞན་དག་གིས་ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པ་དང་། དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བ་དང་། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དག་ནི་མ་གཏོགས་ཏེ། རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་དཀྱིལ་འཁོར་ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བ་ཞེས་བྱ་བ་གསང་བའི་མཆོག་ཡོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དང་ཐམས་ཅད་
དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདི་ནི་དུས་ལགས་སོ། །བདེ་བར་གཤེགས་པ་འདི་ནི་ཚོད་ལགས་སོ། །དེ་ནས་བཅོམ་ལྡན་འདས་སྔོན་གྱི་སྤྱོད་པ་ཡང་དག་པར་སྟོན་པ་བསྒྲུབ་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
Vol. 87 · folio 17b
ཞུགས་ནས་སྔོན་གྱི་སྤྱོད་པ་རྣམ་པར་དག་པའི་སྒོ་རྡོ་རྗེ་ཆེན་པོའི་འབྱུང་གནས་གསང་སྔགས་ཀྱི་རྒྱལ་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཁཾ། གསང་སྔགས་ཀྱི་རྒྱལ་པོ་གསུངས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་
མཚར་དུ་གྱུར་པའི་སྙིང་གིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། ཀྱེ་མ་ཡེ་ཤེས་སྐྱིད་པ་ཆེ། །བསམ་གཏན་བདེ་བ་མཆོག་ཐོབ་པ། །ཀུན་ཀྱང་དེ་ཡི་དབང་དུ་བྱས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་རྩེ་གཅིག་ཏུ་གྱུར་པར་མཁྱེན་
ནས། དཔལ་བེའུ་ལས་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་བ་ཞེས་བྱ་བའི་འོད་ཟེར་ཕྱུང་ངོ་། །དེ་བྱུང་ནས་བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་སྣང་བར་བྱས་ཏེ། ཡང་བཅོམ་ལྡན་འདས་ཀྱི་དཔལ་བེའུ་ཉིད་དུ་ཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་འདི་ཐམས་ཅད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་སྟོན་པར་སྨོན་ལམ་བཏབ་ནས་གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་སྟེ་དབུས་ཀྱི་
འཛམ་བུའི་གླིང་མི་མཇེད་འདིར་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན་གནས་པ་དེའི་འོད་ཟེར་གྱི་སྣང་བ་དེས་སྣང་བར་གྱུར་ནས། མིག་དང་བཞིན་རྒྱས་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། དེ་བཞིན་གཤེགས་པའི་བསམ་གྱིས་
མི་ཁྱབ་པ་ཉིད་ཡིད་ལ་བྱེད་ཅིང་ཅང་མི་ཟེར་བར་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འོད་བར་འགྱུར་བའི་བརྡ་མཛད་དེ་ཚིགས་སུ་བཅད་པ་ཡང་འདི་གསུངས་སོ། །སེམས་ཅན་དག་པ་ཟླ་བཞིན་ཚུར་གཤེགས་ཤིག །
དེ་བཞིན་གཤེགས་པས་བྱིན་བརླབས་བྱང་ཆུབ་གཞོལ། །བསམ་ཡས་མཉམ་ཉིད་ལེགས་རྟོགས་ཁོང་ཆུད་ཁྱོད། །རྟག་ཏུ་སངས་རྒྱས་བྱས་གཟོ་ཚུར་ཤོག་ཅིག །དུས་གསུམ་མཉམ་པ་ཉིད་ལ་རྟག་གནས་པ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་མཆོག་ཚུར་ཤོག །ཕྱོགས་
Vol. 87 · folio 18a
བཅུ་དག་ན་སངས་རྒྱས་ཅི་སྙེད་ཅིག །སེམས་ཅན་དོན་མཛད་བསམ་ཡས་གཟུགས་མངའ་བ། །དེ་དག་མ་ལུས་དོན་གྱི་མདུན་འགྲོ་ཁྱོད། །གསང་བའི་བདག་པོ་སེམས་ཅན་མཆོག་ཚུར་ཤོག །གསང་བའི་དམ་པ་སེམས་ཅན་སྙིང་པོ་ཚུར། །གདུལ་
དཀའ་རྟག་འདུལ་དབང་ཐོབ་ཚུར་ཤོག་ཅིག །བརྟན་ཏེ་བྱུང་ལས་སྐྱེས་པའོ། །དུས་དང་ཚོད་ཤེས་ཚུར་ཤོག་ཅིག །དམ་པ་ཐོབ་པ་ཚུར་ཤོག་ཅིག །དམ་པ་སྦྱིན་བྱེད་ཚུར་ཤོག་ཅིག །དཔལ་བྱེད་དཔལ་སྡུད་དཔལ་ལྡན་པ། །བདེ་བར་གཤེགས་པའི་སྲས་ཚུར་ཤོག །
སེམས་ཅན་བཟང་པོ་སྟོབས་པོ་ཆེ། །རྡོ་རྗེ་ལྟ་བུར་ཚུར་ཤོག་ཅིག །སངས་རྒྱས་སྲས་པོ་འཇིགས་མེད་པ། །སྟོབས་ཅན་རྣམས་ཀྱི་མཆོག་ཚུར་ཤོག །རྟག་ཏུ་སྲིད་པ་གསུམ་དེ་ཡི། །སྙིང་དགའ་བྱེད་པ་ཚུར་ཤོག་ཅིག །ཡང་དག་ལམ་ནི་སྟོན་བྱེད་པ། །སྟོབས་
བཅུར་གནས་པ་ཚུར་ཤོག་ཅིག །སེམས་ཅན་དག་པ་རྫུ་འཕྲུལ་ཆེ། །ཀུན་དུ་བཟང་པོ་ཚུར་ཤོག་ཅིག །ཀུན་དུ་མཛེས་པ་ཚུར་ཤོག་ཅིག །སྲིད་གསུམ་དབང་ཕྱུག་ཚུར་ཤོག་ཅིག །ཁྱོད་ནི་གཟུགས་བཟང་ཤིན་ཏུ་བརྒྱན། །གླང་པོ་རྣ་བ་ཁྱོད་ཚུར་ཤོག །སྣ་ཚོགས་
གཟུགས་ཅན་འཁྲུལ་མེད་ཁྱོད། །མཐོང་ན་དགའ་བ་ཚུར་ཤོག་ཅིག །འགྲོ་ལྡིང་བ་ཡི་གཟུགས་ཅན་ཚུར། །ཚུར་ཤོག་ནཱ་ད་ཀུ་བེ་ར། །རྟག་ཏུ་སྣ་ཚོགས་གོས་ཕྲེང་འཆང་། །ཅོད་པན་མགུལ་པ་ཚུར་ཤོག་ཅིག །མི་འཇིགས་ཐོབ་པར་ཚུར་ཤོག་ཅིག །འཇིགས་པ་
འཇིགས་པ་ཚུར་ཤོག་ཅིག །སངས་རྒྱས་སྲས་པོ་རྫུ་འཕྲུལ་ཆེ། །ཕྱི་ཤོལ་མ་བྱེད་ཚུར་ཤོག་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་ནས་འོངས་པ་ལ་འཇིགས་པ་མེད་པའི་སྒོའི་རིག་སྔགས་ཀྱི་རྒྱལ་མོ་གསུངས་པ། ན་མཿསརྦ་མུ་ཁེ་བྷྱཿ
སརྦ་ཏ་ཐ་གཱ་ཏེ་བྷྱཿསརྦ་ཐཱ་ཨ་བི་སྨ་ཡེ་བཻ་ཤ་ར་དྱ་མུ་ཁེ་བྷ་ག་བ་ཏི་བཛྲ་ཨ་མ་ལི་ནི་མཱ་བི་ལྃ་བ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་མི་འཇིགས་པའི་སྒོའི་རིག་སྔགས་ཀྱི་རྒྱལ་མོ་འདི་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིག་སྔགས་
Vol. 87 · folio 18b
ཀྱི་རྒྱལ་མོ་འདིས་བསྐུལ་བས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གནོད་སྦྱིན་གྱི་ཚོགས་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་ཚུར་ཤེགས། བཅོམ་ལྡན་འདས་དེ་ལ་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དུ་མའི་ཚོགས་ཀྱིས་ནི་
བསྐོར། ཉན་ཐོས་བརྒྱ་སྟོང་དུ་མས་ནི་བསྐོར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བྱེ་བ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ཤིང་
སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བ་ཞུགས་པ་ག་ལ་བ་དེར་འདོང་ངོ་། །དེ་ནས་གནོད་སྦྱིན་གྱི་ཚོགས་དེ་དག་དང་གནོད་
སྦྱིན་གཞོན་ནུ་རྣམས་ཀྱིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། སེམས་ཅན་ཆེན་པོ་བཀའ་སྩལ་པ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་ཡང་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་
བའི་སླད་དུ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དེར་བཞུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེའི་ཚེ་རྒྱན་སྣ་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་མཐུན་པ་སྟོན་པ་ལ་སྙོམས་པར་ཞུགས་སོ། །
བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པའི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་ཡངས་ཤིང་རྒྱ་ཆེ་བ་ནོར་བུ་ཆེན་པོའི་ཀ་བ་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཟུག་པ། སྒོ་ཁང་དང་རྟ་བབས་དང་སྟེགས་བུ་དུ་མས་བརྒྱན་པ་འཛམ་བུ་ཆུ་བོའི་གསེར་ལས་ཤིང་སཱ་ལ་གཅིག་པ་ལྟ་བུར་བྱས་པས་རྣམ་པར་སྤྲས་པ་མཐའ་མཐར་ཕུག་རོན་ལྟ་བུའི་ཕྲེང་གིས་མཛེས་པར་བྱས་པ་མུ་ཏིག་སྣ་གཉིས་ཀའི་དྲ་བས་བྲེས་པ་
Vol. 87 · folio 19a
རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བས་སྟེང་གི་བར་སྣང་ཡོངས་སུ་བསྐོར་བ་ལྷའི་རས་བཅོས་མ་དང་དར་གྱི་ལྡ་ལྡི་མང་པོ་བྲེས་པས་མཛེས་པར་བྱས་པ། ལྷའི་སིལ་སྙན་དང་ཕེབ་རྡོ་བ་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་འབྱིན་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
གླུ་ལེན་གར་བྱེད་རོལ་མོ་བྱེད་ཅིང་སྙན་པར་སྨྲ་ལ་གདུ་བུ་དང་རྣ་ཆ་གདུབ་འཁོར་གྱིས་བརྒྱན་ཅིང་ལྷའི་ལུས་དང་ལྡན་པ་རྣམས་ཀྱིས་གང་བ། རིན་པོ་ཆེ་ཆེན་པོའི་བླ་རེ་ཀུན་དུ་བྲེས་པས་ཕྱོགས་བཻ་ཌཱུརྱ་ཆེན་པོས་ལེགས་པར་སྤྲས་པ། ཀ་ཙ་ལི་དི་ཀ་ལྟར་རེག་ན་བདེ་བ་དུས་ཐམས་ཅད་
པའི་མེ་ཏོག་གི་ཤིང་ལྗོན་པས་ལེགས་པར་བརྒྱན་པ་ལྷའི་རིན་པོ་ཆེའི་ཐེམ་སྐས་ཀྱི་ཕྲེང་གིས་རྣམ་པར་སྤྲས་པ། ངང་པ་དང་། བཞད་དང་། ངུར་པ་དང་། ཤང་ཤང་ཏེའུ་དང་། ནེ་ཚོ་དང་། རི་སྐེགས་དང་། རྨ་བྱ་དང་། ཁྲུང་ཁྲུང་དང་། བྱའི་ཚོགས་དུ་མ་སྒྲ་འབྱིན་པ་
དང་། ལྷའི་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་མཆོག་དང་། པདྨ་དང་། ཀ་ལ་ར་ཀ་དང་། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་རྫིང་བྱང་ཆུབ་སེམས་དཔས་ཡོངས་སུ་སྤྱད་པར་བྱ་བ་ལྷའི་ཙནྡན་སྦྲུལ་གྱི་སྙིང་པོའི་རྫབ་ཀྱི་རྙོག་པ་ཅན་དག་
གིས་ཀུན་ནས་མཛེས་པར་བྱས་པ་རྟག་ཏུ་རྒྱུན་མི་འཆད་པར་ཁང་པ་བརྩེགས་པ་དེར་ལྷའི་མེ་ཏོག་མན་ད་ར་བ་དང་། པ་རུ་ཤ་ཀ་དང་། པ་རུ་ཤ་ཀ་ཆེན་པོ་དང་། ས་བརྟོལ་དང་། ས་བརྟོལ་ཆེན་པོའི་མེ་ཏོག་གི་ཆར་མངོན་པར་འབབ་པ། ཨ་ག་རུ་ནག་པོའི་བདུག་པའི་སྤྲིན་མང་
པོས་ཁེབས་པས་རྣམ་པར་མཛེས་པར་བྱུང་བར་གྱུར་ཏེ། ཁང་པ་བརྩེགས་པ་དེའི་ནང་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སོ་སོའི་གནས་བསམ་པ་ཅི་ལྟ་བ་བཞིན་དུ་ལས་ཀྱིས་བསྐྱེད་པ་དེ་དག་མངོན་པར་སྤྲུལ་ཏོ། །ཁང་པ་བརྩེགས་པ་དེ་དག་རེ་རེར་ཡང་རིན་པོ་ཆེའི་དབང་
གི་རྒྱལ་པོ་ལ་སོགས་པ་ཡིད་བཞིན་གྱི་ནོར་བུ་བཅུ་དྲུག །རིན་པོ་ཆེའི་རྒྱལ་པོ་ལ་སོགས་པ་ཅི་ལྟར་འདོད་པ་བཞིན་དུ་ཡོངས་སུ་སྤྱད་པར་བྱ་བ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དག་བཀོད་དོ། །རྣམ་པར་སྣང་མཛད་ཀྱི་
Vol. 87 · folio 19b
རྒྱན་བཀོད་པའི་ཁང་པ་བརྩེགས་པ་ཐམས་ཅད་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བས་མཛེས་པར་བྱས་སོ། །ཁང་པ་བརྩེགས་པ་དེ་དག་ཏུ་ཡང་པདྨའི་སྙིང་པོའི་སེང་གེའི་ཁྲི་རྣམས་སྤྲུལ་ཏོ། །ཁང་པ་བརྩེགས་པ་ཐམས་ཅད་ཀྱང་བཻཌཱུརྱ་ཆེན་པོ་གསལ་བའི་རང་བཞིན་
ཅན་ཏེ། འདི་ལྟ་སྟེ་དཔེར་ན་ཤིན་ཏུ་ཕྱིས་པའི་མེ་ལོང་ཅི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པའི་ཁང་པ་བརྩེགས་པ་ཡང་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་བ་སྟེ་བཻཌཱུརྱ་གསལ་བའི་ཕྱིར་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཟུགས་བརྙན་གྱི་
ཚུལ་དུ་སྣང་ངོ་། །དབུས་སུ་ནི་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་རིན་པོ་ཆེའི་རྒྱལ་པོ་ལས་བྱས་པ་མངོན་པར་སྤྲུལ་ཏོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡོ་བྱད་ཀྱི་སྤྲིན་དག་ཁང་པ་བརྩེགས་པ་དེར་ཀུན་ནས་རྟག་ཏུ་བབ་པར་མངོན་པར་
སྤྲུལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་རྒྱ་མཚོ་སྤྱད་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་ལ་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་ཆོས་
མཉན་པའི་ཕྱིར་གནོད་སྦྱིན་གྱི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་གནོད་སྦྱིན་གཞོན་ནུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་ཁང་པ་བརྩེགས་པ་དེ་ལག་
པ་གཉིས་ཀས་བླངས་ཏེ་སྟེང་གི་བར་སྣང་ལས་བབས་ཏེ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ངོ་། །
ཁང་པ་བརྩེགས་པ་དེའི་འོད་ཀྱིས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་འདི་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་སྣང་བར་གྱུར་ནས་གང་དག་འཁོར་དེར་འདུས་ཤིང་འཁོད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མིའམ་ཅི་དང་།
Vol. 87 · folio 20a
ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དེ་དག་སྣང་བ་དེས་སྣང་བར་བྱས་པས་ཕྱོགས་བཞིར་རྣམ་པར་བལྟས་པ་དང་སྟེང་གི་བར་སྣང་ལ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ན་མེའི་ཕུང་པོ་ཆེན་པོ་ལྟར་འབར་བའི་ཉི་མ་སྟོང་ལྟར་ལྷམ་མེར་རྣམ་པར་མཛེས་པར་མཐོང་
ངོ་། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་པའི་སྙིང་གིས་ཕན་ཚུན་རྣམ་པར་བལྟས་ནས་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གཟུངས་ཐོབ་པ་དང་། བཟོད་པ་ཐོབ་པ་དང་། སྟོབས་ཐོབ་པ་དེ་དག་གིས་ཀྱང་རྣམ་པར་བལྟས་
ན་མེའི་ཕུང་པོ་ཆེན་པོ་ལྟར་འབར་བ་ཉི་མ་སྟོང་ལྟར་ལྷམ་མེར་རྣམ་པར་མཛེས་པར་མཐོང་ནས་དེ་དག་ཀྱང་ཡ་མཚན་དུ་གྱུར་པའི་སྙིང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཞུས་པ། བཅོམ་ལྡན་འདས་འདི་ནས་
དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་སྟེང་གི་བར་སྣང་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་གདའ་ཞིང་བཅོམ་ལྡན་འདས་རྟོགས་པར་དཀའ་བ་བརྗོད་པར་དཀའ་བ་འདི་ནི་ཅི་ལགས་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་དེ་དག་དང་ལྷའི་འཁོར་ཆེན་པོ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་
བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འོངས་ཏེ། ང་ལ་མཆོད་པའི་ཕྱིར་རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཁང་པ་བརྩེགས་པ་མངོན་པར་སྤྲུལ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་བསྟན་པའི་ཆོ་འཕྲུལ་སྔོན་གྱི་སྤྱོད་པ་བསྒྲུབ་པའི་རྒྱུ་མཐུན་པ་སྟེ་འདི་ནི་
ཆོས་གང་གི་ཡོན་ཏན་བསྐལ་པ་བརྒྱར་ཡང་མཐའ་རྟོགས་པར་མི་ནུས་པ་དེའི་འོད་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དེ་ཡང་ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་རྣམ་པར་དག་པའི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀུན་དུ་
Vol. 87 · folio 20b
འདྲིའོ། །བཅོམ་ལྡན་འདས་ཀྱིས་ཚིག་གི་ལན་འདི་བཀའ་སྩལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཤིང་ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་བར་སྣང་ལ་འདུག་ནས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཐམས་ཅད་དུ་ལྷའི་མེ་
ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕེག་རྡོབ་པའི་སྤྲིན་མངོན་པར་སྤྲུལ་ཏེ་ཆར་དུ་ཕབ་ནས་སྟེང་གི་ནམ་མཁའ་ལས་བབས་ཏེ་ཁང་པ་བརྩེགས་པ་དེ་བཅོམ་
ལྡན་འདས་ལ་ཕུལ་ལོ། །ཕུལ་ནས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། སྐུ་དང་གསུང་དང་ཐུགས་མཁྱེན་པས། །རྣམ་དག་བརྟུལ་ཞུགས་བཟང་པོ་པ། །རྟོག་པ་ཀུན་གྱིས་རྣམ་དག་པ། །ཕྱག་འཚལ་སེམས་ཅན་དག་ཁྱོད་ལ། །མིག་དང་དེ་བཞིན་རྣ་བ་དང་། །
སྣ་དང་དེ་བཞིན་ལྕེ་དང་ནི། །ལུས་དང་དེ་བཞིན་ཡིད་ཀྱིས་ནི། །སྨྲ་བའི་མཆོག་ལ་བདག་ཕྱག་འཚལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཡུལ་ཅན་འཚལ་བ་ཡི། །དངོས་པོ་ཀུན་ལས་རྣམ་གྲོལ་བ། །རྒྱལ་བ་མཆོག་ལ་ཕྱག་འཚལ་ལོ། །གདོད་ནས་ཞི་ཞིང་
མ་སྐྱེས་པ། །སྐུ་གསུང་ཐུགས་ལ་སོགས་པ་ཡིས། །གཟུགས་བརྙན་ལྟ་བུར་འཇིག་རྟེན་དུ། །མངའ་བདག་ཁྱོད་ནི་རྟག་ཏུ་དགའ། །ཁྱོད་ནི་སེམས་ཅན་སྲོག་མ་ལགས། །གང་ཟག་ཀུན་གཞི་ཁྱོད་མ་ལགས། །དུས་དང་རང་བཞིན་ལས་མ་བྱུང་། །ཅི་ལྟར་མ་ལགས་
ཅི་མ་ལགས། །ཁྱོད་ནི་བརྟེན་ནས་བྱུང་བ་ཙམ། །སྒྱུ་མ་ལྟ་བུར་དངོས་པོར་སྤངས། །ཆོས་རྣམས་སྒྱུ་མ་ལྟ་བུར་ནི། །ཐུགས་སུ་ཁྱོད་ཆུད་རྐང་གཉིས་མཆོག །ཁྱོད་ནི་ངོ་བོ་ཉིད་ཀྱིས་སྟོང་། །སྟོང་པ་ཉིད་ཀྱང་མཆིས་མ་ལགས། །སྟོང་དང་མི་སྟོང་རྣམ་པར་གྲོལ། །
ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། གཡོག་འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་
Vol. 87 · folio 21a
ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་བལྟ་ཞིང་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཁང་པ་བརྩེགས་པ་དེ་དང་བཀོད་པ་དེ་དག་དང་སིལ་སྙན་དང་ཕེག་རྡོབ་པ་དེ་དག་ལས་ཐེག་པ་ཆེན་པོའི་ཐོག་མའི་སྤྱོད་པའི་སྒྲ་གཅིག་ནས་གཅིག་ཏུ་འུར་
ཞེས་གྲག་སྟེ། གཟོད་ནས་ཞི་ཞིང་མཚན་ཉིད་མེད། །ཆོས་ཉིད་གཅིག་ཏུ་དག་པ་སྟེ། །ཁྱེད་ཅག་ཐེ་ཙོམ་དོགས་སྤོངས་ལ། །ཀྱེ་མའོ་འདི་ལ་བརྩོན་པར་གྱིས། །ཐེག་པ་ཆེན་པོའི་གནས་འདི་ནི། །སྔོན་གྱི་སྤྱོད་པ་བླ་ན་མེད། །སྤྱོད་པའི་རྒྱལ་པོ་སྐྱིད་ཆེ་བ། །
ཀུན་གྱིས་ཤིན་ཏུ་ཐོབ་པར་གྱིས། །སྔོན་གྱི་སྤྱོད་པ་རྒྱ་མཚོ་རྣམས། །ཡོངས་སུ་དག་པའི་རྒྱུ་ཡིས་ནི། །རྒྱལ་བ་རྣམ་པར་སྣང་མཛད་ནི། །རྟག་ཏུ་འདི་ན་མཛེས་ལ་ལྟོས། །སྟོན་པ་གང་དུའང་མི་གནས་ལ། །གང་དུའང་སྤྱོད་པར་མི་གནས་ཀྱང་། །གང་དག་སྤྱོད་
པ་རྣམས་སྦྱངས་པ། །དེ་དག་ཀུན་ལ་གནས་པར་འགྱུར། །འགྲོ་བའི་མངའ་བདག་མིག་དང་ནི། །རྣ་བ་དེ་བཞིན་སྣ་དང་ནི། །ལྕེ་དང་དེ་བཞིན་ལུས་དང་ཡང་། །ཡིད་དུ་སྣང་བ་མ་ལགས་སོ། །དང་པོ་འབྱུང་བའི་སྤྱོད་པ་ནི། །གང་གི་ཚེ་ན་སྦྱངས་གྱུར་པ། །དེ་
ཚེ་བཅོམ་ལྡན་རྣམ་སྣང་མཛད། །རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང་། །རིང་བ་མ་ལགས་ཉེ་མ་ལགས། །ནང་དང་ཕྱི་ནི་མ་ལགས་ཏེ། །རྟག་ཏུ་ནམ་མཁའ་འདྲར་གནས་པ། །རྣལ་འབྱོར་པ་ནི་ཆེན་པོ་སྣང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་
བཟང་པོས་དེ་ལྟར་ཚིགས་སུ་བཅད་པ་དེ་དག་ཐོས་མ་ཐག་ཏུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་
ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
Vol. 87 · folio 21b
བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་འཇུག་པ་ཐེག་པ་ཆེན་པོ་ལ་འཇུག་པ་ཞེས་བགྱི་བ་འདི་ནི་ཆོས་གང་གི་ཚིག་བླ་དགས་ལགས། ཐེག་པ་ཆེན་པོ་ལ་འཇུག་པ་དེའི་སྤྱོད་པ་ནི་ཅི་ལྟ་བུ་ཞིག་
ལགས་སྤྱོད་པ་དེ་རྟོགས་པར་ཁོང་དུ་ཆུད་པ་ནི་སུ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །སེམས་ཅན་ཆེན་པོ་ཁྱོད་དེ་བཞིན་གཤེགས་པ་
ལ་དོན་འདི་འདྲི་བ་ནི་ཡང་ལགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཐེག་པ་ཆེན་པོ་ལ་འཇུག་པ་དང་ཐེག་པ་ཆེན་པོ་ལ་འཇུག་པའི་གནས་བཤད་པར་བྱའོ། །རིགས་ཀྱི་བུ་དེ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་
ཀྱི་ཚིག་བླ་དགས་སོ། །དེའི་འཇུག་པ་ནི་བྱང་ཆུབ་བོ། །རིགས་ཀྱི་བུ་གནས་ཞེས་བྱ་བ་འདི་ནི་གཞིའོ། །དེ་ཡང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སྤྱོད་པ་སྟེ་སེམས་ཅན་ཐམས་ཅད་འདུལ་བའི་དབང་ཉེ་བར་བཟུང་ནས་ཡུལ་དང་དུས་ཀྱི་དབང་གིས་དེའི་རྣམ་པ་སྟོན་པའོ། །རིགས་
ཀྱི་བུ་གཞན་ཡང་ཐེག་པ་ཆེན་པོ་ནི་རྣམ་པ་གཉིས་ཏེ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་དང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །དེ་ལ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་ནི་སྤྱོད་པའི་ངོ་བོའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཐེག་པ་ཆེན་པོ་ཉིད་ནི་ཐེག་པ་ཆེན་པོའོ། །རིགས་ཀྱི་
བུ་གཞན་ཡང་འདུས་བྱས་ནི་རྐྱེན་གྱིས་བསྐྱེད་པ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དོ། །རིགས་ཀྱི་བུ་འདུས་མ་བྱས་ནི་མི་སྐྱེ་བའི་ཆོས་ཉིད་དང་སྟོང་པ་ཉིད་རང་གི་ངོ་བོའོ། །རིགས་ཀྱི་བུ་གཞན་ཡང་སྤྱོད་པའི་ངོ་བོའི་ཐེག་པ་ཆེན་པོ་གང་ཞེན་སྟོང་པ་ཉིད་མངོན་
Vol. 87 · folio 22a
དུ་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་དང་དུས་ཀྱི་དབང་གིས་སེམས་ཅན་འདུལ་བའི་དབང་ཉེ་བར་བཟུང་སྟེ་བྱ་བ་དང་ལས་ཀྱིས་ཀུན་དུ་བཟུང་སྟེ་བྱ་བ་དང་ལས་ཀྱིས་ཀུན་དུ་བསླང་བའི་ཚུལ་གྱིས་འདོགས་པ་སྟེ་རིགས་ཀྱི་བུ་འདི་ནི་སྤྱོད་པའི་
ངོ་བོའི་ཐེག་པ་ཆེན་པོའོ། །རིགས་ཀྱི་བུ་དེ་ལ་འདུས་མ་བྱས་ཀྱི་ཐེག་པ་ཆེན་པོ་ཉིད་གང་ཞེ་ན་འདི་ལྟ་སྟེ། ཅི་ལྟར་གནས་པའི་ཆོས་ཉིད་ཀྱི་ཚིག་བླ་དགས་སོ། །རིགས་ཀྱི་བུ་ཅི་ལྟར་གནས་པའི་ཆོས་ཉིད་ཅེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཚིག་བླ་དགས་སོ། །བསམ་
གྱིས་མི་ཁྱབ་པའི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་གང་ཡིན་པ་དེ་ནི་མཐའ་གཉིས་ལ་མི་ལྟོས་པ་དེ་ལ་གདགས་པའི་ངོ་བོ་ཉིད་མེད་ཅིང་མི་གདགས་པའི་ངོ་བོ་ཉིད་ཡང་མེད་དོ། །གང་ལ་གདགས་པའི་ངོ་བོ་ཉིད་ཡང་མེད་
པ་དེ་ལ་སྤྱོད་པ་མེད་དོ། གང་ལ་སྤྱོད་པ་མེད་པ་དེ་བརྗོད་པར་བྱ་བ་མ་ཡིན་ནོ། །གང་བརྗོད་པར་བྱ་བ་མ་ཡིན་པ་དེ་དངོས་པོ་ཐམས་ཅད་དང་བྲལ་བའོ། །གང་དངོས་པོ་ཐམས་ཅད་དང་བྲལ་བ་དེ་མི་འཁྲུགས་པའོ། །གང་མི་འཁྲུགས་པ་དེ་ཆོས་སོ། །ཆོས་གང་ཡིན་པ་དེ་དེ་བཞིན་གཤེགས་པ་
མངོན་པར་རྫོགས་པར་སངས་རྒྱས་པའོ། །གང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བདེན་པའོ། །རིགས་ཀྱི་བུ་བདེན་པ་གང་ཡིན་པ་དེ་ཡོད་པའོ། །ཡོད་པ་གང་ཡིན་པ་དེ་བརྫུན་མ་ཡིན་པའོ། །གང་བརྫུན་པ་མ་ཡིན་པ་དེ་ཡང་དག་པའོ། །
ཡང་དག་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །ཆོས་ཉིད་གང་ཡིན་པ་དེ་མི་རྟོག་རྣམ་པར་མི་རྟོག་གོ། །གང་མི་རྟོག་རྣམ་པར་མི་རྟོག་པ་དེ་ཡེ་ཤེས་སོ། །ཡེ་ཤེས་གང་ཡིན་པ་དེ་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་གང་ཡིན་པ་
དེ་བཏགས་པའོ། །བཏགས་པ་གང་ཡིན་པ་དེ་རྟོག་པའོ། །རྟོག་པ་གང་ཡིན་པ་དེ་ཀུན་རྫོབ་ཅེས་བསྟན་ཏེ། །ཀུན་རྫོབ་ཡོད་པས་སྤྱོད་པ་བཏགས་སོ། །བཏགས་པ་ཡོད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་
Vol. 87 · folio 22b
བ་སྟོན་ཏོ། །སངས་རྒྱས་ཀྱི་མཛད་པ་བདུད་བཞི་ཕམ་པར་བྱེད་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཐུག་པའི་བར་དང་། གནས་པ་དང་། འབྱུང་བ་དང་། འཇིག་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འབྱོར་པ་དང་། རྒུད་པ་འཇིག་རྟེན་དུ་ཀུན་དུ་སྟོན་ཏོ། །རིགས་ཀྱི་བུ་དེ་ལ་སོགས་པ་དུས་དང་ཡུལ་གྱི་དབང་ཉེ་བར་བཟུང་ནས་སྤྱོད་པའི་དཀྱིལ་འཁོར་བཅས་ཏེ། ཐབས་སྣ་ཚོགས་ཀྱི་ཚུལ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་བསྟན་པ་དེ་ནི་ཡང་
དག་པའི་ཕུལ་ཡིན་ཏེ་ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ཡུལ་གཅིག་ཡང་དག་པར་ཐོབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རིགས་ཀྱི་བུ་ཆོས་ཉིད་གང་ཡིན་པ་དེ་ལ་ནི་གདགས་པའམ་རྣམ་པར་
རིག་པ་མེད་ཅིང་མི་དམིགས་ཏེ། ཡེ་ཤེས་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལ་ནི་སྤྱོད་པ་ཡང་མེད་མི་སྤྱོད་པ་ཡང་མེད་བསླབ་པ་ཡང་མེད་བསླབ་པ་ཡང་མེད་བསླབ་པ་མ་ཡིན་པ་ཡང་མེད་དོ། །འདུལ་བ་ཡང་མེད་འདུལ་བ་མ་ཡིན་པ་ཡང་མེད་དོ། །དེ་ལ་ནི་ལུས་སམ་ངག་གམ་ཡིད་
ཀྱི་འཇུག་པའམ། ལྡོག་པ་མི་དམིགས་སོ། །དེ་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་འམ། སངས་རྒྱས་ཞེས་བྱ་བ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འམ། ཉན་ཐོས་ཞེས་བྱ་བ་འམ། རང་སངས་རྒྱས་ཞེས་བྱ་བ་འམ། ཆོས་ཞེས་བྱ་བ་འམ། དགེ་འདུན་
ཞེས་བྱ་བ་འམ། ལྷ་ཞེས་བྱ་བ་འམ། ཀླུ་ཞེས་བྱ་བ་འམ། གནོད་སྦྱིན་ཞེས་བྱ་བ་འམ། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཞེས་བྱ་བའི་བར་རམ། ཡོད་ཅེས་བྱ་བ་འམ།
མེད་ཅེས་བྱ་བ་འམ། བསོད་ནམས་ཞེས་བྱ་བ་འམ། བསོད་ནམས་མ་ཡིན་ཞེས་བྱ་བ་འམ། འཁོར་བ་ཞེས་བྱ་བ་འམ། མྱ་ངན་ལས་འདས་པ་ཞེས་བྱ་བ་འམ། འཆིང་བ་ཞེས་བྱ་བ་འམ། ཐར་པ་ཞེས་བྱ་བ་མེད་དོ། །རིགས་ཀྱི་བུ་དེ་ལ་ནི་དུས་ཞེས་བྱ་བ་
Vol. 87 · folio 23a
འམ། ཚོད་ཅེས་བྱ་བ་འམ། སྐད་ཅིག་ཅེས་བྱ་བ་འམ། ཡུད་ཙམ་ཞེས་བྱ་བ་འམ། ཐང་ཅིག་ཅེས་བྱ་བ་མེད་དོ། །དེ་ལ་ནི་ཟླ་བ་ཞེས་བྱ་བ་འམ། སྐར་མ་ཞེས་བྱ་བ་འམ། ཉི་མ་ཞེས་བྱ་བ་འམ། མེ་ཞེས་བྱ་བ་འམ། རླུང་ཞེས་བྱ་བ་འམ།
ཆུ་ཞེས་བྱ་བ་འམ། ས་ཞེས་བྱ་བ་འམ། མཚན་མོ་ཞེས་བྱ་བ་འམ། ཉིན་མོ་ཞེས་བྱ་བ་འམ། དུས་ཚིགས་ཞེས་བྱ་བ་འམ། ལོ་ཁྱུད་འཁོར་ཞེས་བྱ་བ་འམ། ཟླ་བ་ཞེས་བྱ་བ་མེད་དོ། །རིགས་ཀྱི་བུ་དེ་ལྟར་ན་རྟོག་པས་བརྟགས་པའི་སྒོ་འཇིག་རྟེན་གྱི་ཐ་སྙད་ཀྱི་
མཐར་ལྟུང་བ་ཇི་སྙེད་པ་དང་། འཇིག་རྟེན་ལས་འདས་པའི་བརྟགས་པའི་སྒོ་ཅི་སྙེད་པ་དེ་དག་ཐམས་ཅད་ནི་དེ་ལ་མི་འབྱུང་ཞིང་མེད་དེ་དེ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་དེ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ་དེ་ལ་གཉིས་སུ་མི་འབྱུང་ངོ་། །རིགས་
ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་གཉིས་པ་མ་སྐྱེས་པའི་ཕྱིར་ནམ་མཁའི་ཁམས་ནི་གཉིས་སུ་མེད་པའོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཉིད་ཀྱང་གཉིས་སུ་མེད་པའོ། །རིགས་ཀྱི་བུ་དེ་ལྟར་ན་གང་ཆོས་ཉིད་འདི་ལྟ་བུ་ལ་སྤྱོད་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བསླབ་པ་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །
ཐོབ་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་པའོ། །རྩོམ་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩོམ་པའོ། །འདུལ་བ་མ་ཡིན་པ་དེ་ནི་འདུལ་བའོ། །གདགས་སུ་མེད་པ་ནི་འདོགས་པའོ། །མཐོང་བ་མེད་པ་ནི་སངས་རྒྱས་མཐོང་བའོ། །བསྙེན་
བཀུར་མི་བྱེད་པ་ནི་དགེ་འདུན་ལ་བསྙེན་བཀུར་བྱེད་པའོ། །མི་ཉན་པ་ནི་ཆོས་ཉན་པའོ། །ཁོང་དུ་ཆུད་པ་མེད་པ་ནི་ཁོང་དུ་ཆུད་པའོ། །འགྲོ་བ་མེད་པ་ནི་འགྲོ་བའོ། །གནས་པ་མེད་པ་ནི་གནས་སོ། །སྟོང་པ་ཉིད་མ་ཡིན་པ་ནི་སྟོང་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་
Vol. 87 · folio 23b
རྣམས་ནི་ཤེས་པ་མེད་པ་ཐོབ་པ་མེད་པ་མངོན་པར་རྟོགས་པ་མེད་པ་མངོན་སུམ་དུ་བྱེད་པ་མེད་པའོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྤྱོད་པ་སྤྱད་པའོ། །གང་དུ་ཡང་མི་ཆགས་པའོ། །གང་དུ་ཡང་རྗེས་
སུ་ཆགས་པ་མེད་དོ། །གང་དུ་ཡང་ཁོང་ཁྲོ་བ་མེད་དོ། །གང་དུ་ཡང་ཞེ་སྡང་བ་མེད་དོ། །དེ་མི་སྣང་མ་རྨོངས་ཕྱིན་ཅི་མ་ལོག་པས་རྟག་ཏུ་མཉམ་པར་གཞག་པ་སྟེ། རྣམ་པར་མི་རྟོག་པ། ཞི་བ། ལེགས་པར་གནས་པ། ཟླ་མེད་པ། རབ་ཏུ་མི་གཡོ་བ།
སངས་རྒྱས་དང་ཆོས་དང་དགེ་འདུན་དང་སེམས་ཅན་གྱི་དོན་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་དུས་གསུམ་དུ་ཡང་སྒྱིད་ལུག་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཁམས་ནི་རྡུལ་ལམ། དུ་བའམ། སྤྲིན་གྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར། སྒྱིད་ལུག་
པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་རྣམ་པར་མི་རྟོག་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྤྱོད་པ་འདི་ལྟ་བུ་སྤྱད་པ་ཡང་སྒྱིད་ལུག་པར་མི་འགྱུར། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་ལ་སྤྱོད་པ་འདི་
ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔས་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་བཀོད་པའི་རྒྱན་རྡོ་རྗེ་ཆེན་པོའི་ཏོག་གི་སྤྱོད་པ་རྡོ་རྗེ་ཆེན་པོ་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྤྱོད་པས་བསོད་ནམས་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་གཟུང་བར་བྱ། བཀླག་པར་བྱ། གཞན་
དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་
ཏོ། །ཆོས་ཀྱི་རྣམ་གྲངས་འདི་དག་གང་དག་གི་རྣ་ལམ་དུ་གྲག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་རྙེད་པ་ལེགས་པ་རྙེད་པ་ལགས་ན། གང་དག་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ཡིད་ལ་བགྱིད་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་
Vol. 87 · folio 24a
ལྡན་འདས་དེ་དག་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལགས་སོ། །བཅོམ་ལྡན་འདས་དེ་དག་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་འཕྲུལ་པའི་གནས་བསམ་གྱིས་མི་ཁྱབ་
པའི་ཚུལ་ལ་སྐལ་བ་མཆིས་པ་ལགས་སོ། །བདག་ལ་ཐུགས་བརྩེ་བར་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་བླ་ན་མེད་པ་འཕྲལ་དུ་འབྲས་བུ་མང་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ཏེ། རྡོ་རྗེ་
ཆེན་པོ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་མཉམ་པར་གཞག་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཆེན་པོའི་སྒྲ་
སྒྲོགས་ཏེ་གསུང་གཅིག་ཏུ་རྡོ་རྗེ་ཆེན་པོ་འབར་བའི་འོད་འཕྲོ་བའི་སྙིང་པོ་ཞེས་བྱ་བའི་རྡོ་རྗེའི་འབྱུང་གནས་རྡོ་རྗེ་སེམས་དཔའི་ཡི་གེ་བརྗོད་ཅིང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་གཤེགས་
ཏེ་བྱོན་ནས་རྡོ་རྗེ་ཆེན་པོ་པདྨའི་གདན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གནོད་པ་ཆུང་ངམ་ཞེས་སྙུན་གསོལ་ཏེ། ཉམ་ང་བ་ཉུང་ངམ་བསྐྱོད་པ་ཡང་ངམ་སྟོབས་དང་ལྡན་ནམ་འཚོ་འམ་བདེ་བ་
ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སློད་ནས་རྡོ་རྗེའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རྡོ་རྗེ་གསང་
སྔགས་ཀྱི་རྒྱལ་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཨོཾ་བཛྲ་ཀ་ར་ཁཾ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་གསང་སྔགས་གསུངས་ནས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་
Vol. 87 · folio 24b
རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་དེ་ཡ་མཚན་དུ་ཆེའོ་སྙམ་དུ་སྙིང་འདུན་པར་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བལྟ་ཞིང་འཁོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་
འཁོར་དེ་ཡ་མཚན་ཆེ་སྙམ་དུ་རྩེ་གཅིག་ཏུ་གྱུར་པར་རིག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཞུས་པ། གསང་
སྔགས་རྒྱལ་པོ་བཀའ་སྩལ་ནས། །རྣམ་པར་འདྲེན་རྣམས་མི་གསུང་ལས། །བདེ་གཤེགས་སྲས་ལ་རྡོ་རྗེ་ཡིས། །དབང་བསྐུར་དུ་ནི་ངེས་པར་གདའ། །གསང་སྔགས་སྤྱོད་པ་ཡེ་ཤེས་ཆེ། །ཐེག་པ་ཆེན་པོའི་གོ་འཕང་མཆོག །དེར་ནི་ཐམས་ཅད་མཁྱེན་ཉིད་དང་། །དོན་
ཀུན་གྲུབ་པའི་སྤྱོད་པ་འཐོབ། །གསང་སྔགས་སྤྱོད་ལས་བྱུང་བ་ཡི། །ཐེག་པ་ཆེན་པོ་ཐམས་ཅད་མཁྱེན། །སྔོན་གྱི་རྫོགས་སངས་རྒྱས་རྣམས་ཀྱིས། །ནགས་ཚལ་མཆོག་འདིར་རྟག་ཏུ་བཤད། །སཱ་ལའི་རྒྱལ་མཚན་ཉམས་དགའ་ཆེ། །སྤྱོད་པ་ཡང་དག་བསྟན་
པའི་གནས། །སྔོན་གྱི་སྤྱོད་ལས་བྱུང་གྱུར་པ། །གསང་སྔགས་ཤེས་ལས་བྱུང་བར་བཤད། །གང་དག་འདས་པའི་རྫོགས་སངས་རྒྱས། །དེ་བཞིན་གང་དག་མ་བྱོན་དང་། །མགོན་པོ་གང་དག་ད་ལྟར་བྱུང་། །རྣམ་པར་འདྲེན་པ་བཞུགས་པ་རྣམས། །དེ་དག་
ཐམས་ཅད་འདིར་གཤེགས་ནས། །གསང་སྔགས་སྤྱོད་ལས་བྱུང་བ་ཡི། །ཐེག་པ་ཆེན་པོས་དབང་བསྐུར་འདི། །བདེ་གཤེགས་སྲས་ལ་རབ་ཏུ་སྩོལ། །སངས་རྒྱས་དྲང་སྲོང་ཆེན་པོ་པ། །ཀུན་གྱི་དབང་ནི་བདག་ལགས་སོ། །འཇིག་རྟེན་ཕན་པར་འཚལ་བས་ན། །
རྫོགས་སངས་རྒྱས་ལ་གསོལ་བ་འཚལ། །བསྟན་པ་ཀུན་ལ་བསྲུང་བ་དང་། །དམ་ཆོས་རྟག་གནས་བགྱི་སླད་དུ། །བདག་ཉིད་ཆེ་བའི་སྤྱི་གཙུག་ཏུ། །རྫོགས་སངས་རྒྱས་ཀྱིས་དབང་བསྐུར་སྩོལ། །གསང་སྔགས་སྤྱོད་ལས་བྱུང་བ་ཡི། །ཐེག་ཆེན་རྟོགས་པར་ཁོང་
Vol. 87 · folio 25a
དུ་ཆུད། །སྔོན་གྱི་སྨོན་ལམ་ངེས་བྱུང་བ། །སངས་རྒྱས་སྲས་པོ་གྲགས་ཆེན་ལགས། །ཐོག་མའི་སྤྱོད་ལྡན་ངེས་པ་འདི། །སངས་རྒྱས་འདྲ་ཙམ་ཅི་ཞིག་སྟེ། །བདེ་གཤེགས་སྲས་པོ་ཆགས་མེད་པ། །བྱང་ཆུབ་མཐར་ཐུག་དབང་ཐོབ་ལགས། །གསང་
སྔགས་མགོན་པོས་རྣམ་ཀུན་དུ། །འཁོར་འདི་བྱིན་གྱིས་བརླབས་ལགས་ན། །གསང་སྔགས་རྒྱལ་པོ་བཀའ་སྩལ་ནས། །ཅི་སླད་མི་གསུང་གྱུར་ཅིང་བཞུགས། །ཐམས་ཅད་ངོ་མཚར་འཛིན་འགྱུར་ཏེ། །བདེ་བར་རྟོག་ལ་བརྩོན་པར་གནས། །དཔའ་བོ་ཆེ་རྣམས་
ཐེ་ཙོམ་དང་། །དེ་བཞིན་ཡིད་གཉིས་བསལ་དུ་གསོལ། །ད་ནི་དུས་ལ་བབ་ལགས་ན། །ཕྱི་ཤོལ་མ་མཛད་བཤད་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་བ་བཏབ་པར་མཁྱེན་ནས། །བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ། འདྲེན་པ་རྣམས་ཀྱིས་གང་སངས་རྒྱས། །ཆོས་ཉིད་འདི་ནི་གཅིག་ཏུ་མཆོག །རྟག་ཏུ་མཉམ་པར་གཞག་རྣམས་ཀྱིས། །རབ་ཏུ་བསྒྲིམས་ཏེ་དེ་རྟོགས་བྱ། །
དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཀུན་དུ་རྡོ་རྗེའི་དཀྱིལ་འཁོར་གྱི་ཁྱམས་བཀོད་པ། གྲུ་བཞི་ལྷ་མ་པ། སྒོ་བཞི་གཏོད་པ། རིན་པོ་ཆེ་སྣ་བདུན་གྱི་ཕྱི་རས་བསྐོར་བ། སྒོ་གང་དང་།
རྟ་བབས་དང་། སྟེགས་བུས་བརྒྱན་པ། སྟེང་དུ་རིན་པོ་ཆེའི་བླ་རེས་བྲེས་པ། །རིན་པོ་ཆེའི་དྲིལ་བུ་དབྱངས་པ་རིན་པོ་ཆེ་སྣ་ལྔའི་སྲད་བུ་བྲེས་པ་བྱིན་གྱིས་བརླབས་ཏེ། དབུས་སུ་རྡོ་རྗེ་པདྨའི་ཁྲི་དང་ཕྱོགས་ཆ་བརྒྱད་དུ་རྡོ་རྗེ་ཆེན་པོའི་ཕྲེང་བས་བསྐོར་བ་དང་རྡོ་རྗེའི་ཕྱིར་རས་ཀུན་
དུ་བསྐོར་བ་དང་རྡོ་རྗེའི་ཕྱི་རྒྱབ་ཏུ་ནི་རྡོ་རྗེའི་ཕྲེང་བ་དང་རྡོ་རྗེའི་སྲད་བུས་བྲེས་པ་དང་རྡོ་རྗེ་བཅིང་བས་བཅིངས་པ་དང་། རྡོ་རྗེའི་ཕུར་བུ་དག་གདབ་པ་དང་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་ནས་སྟེང་གི་གཙུག་ཏོར་ནས་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་
Vol. 87 · folio 25b
བྱ་བའི་འོད་ཟེར་ཕྱུང་ངོ་། །འོད་ཟེར་དེ་དག་ཕྱུང་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་སྣང་བར་བྱས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྤྱི་གཙུག་དུ་ཞུགས་སོ། །དེ་བཞིན་གཤེགས་པའི་འོད་ཟེར་དེ་དག་ཞུགས་མ་ཐག་ཏུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དགའ་ཞིང་མགུ་ནས་རབ་ཏུ་དགའ་སྟེ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་སྙིང་པོ་སྨྲས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཨ་པྲ་ཏི་ཧ་ཏ་བ་ལ། མ་ཧཱ་བཛྲ་ཨཱ་ཛྙཱ་ཀ་ར་ཎ། ན་མོ་སྟུ་ཏེ་སྭ་ཧཱ། དེ་ནས་
ཐོགས་པ་མེད་པའི་སྟོབས་རྡོ་རྗེའི་སྙིང་པོ་སྨྲས་མ་ཐག་ཏུ་དེ་བཞིན་གཤེགས་པ་དེ་དག་གིས་ཏིང་ངེ་འཛིན་དང་། གཟུངས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་འཕགས་པའི་བདེན་པ་དང་སྟོང་པ་ཉིད་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སྟོང་
པ་ཉིད་ཆེན་པོའི་མཐའ་ལས་བྱས་པ་སྦྱིན་པ་དང་། དུལ་བ་དང་ཡང་དག་པར་སྡོམ་པ་དང་། དེས་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་བསྐྱེད་པའི་གཟུགས་ཅན་གྱི་རྡོ་རྗེ་བྱིན་གྱིས་བརླབས་ཏེ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་ལག་ཏུ་བྱིན་ནོ། །དེ་བཞིན་
གཤེགས་པ་དེ་དག་གིས་ཀུན་དུ་བཟང་པོའི་ལག་ཏུ་རྡོ་རྗེ་བྱིན་མ་ཐག་ཏུ། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་རྣམས་དང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།
ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ།
ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ལག་ན་རྡོ་རྗེའོ་ལག་ན་རྡོ་རྗེའོ་ཞེས་བརྗོད་དོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་གསུམ་པ། དེ་བཞིན་གཤེགས་པ་དེ་དག་གིས་དམ་ཚིག་འདི་བྱིན་གྱིས་བརླབས་ནས་ཡང་
Vol. 87 · folio 26a
གསང་བའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་འདི་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་གུ་ཧྱ་བཛྲ་དྷ་ར་སྭཱ་ཧཱ། དེ་ནས་གསང་བའི་རྡོ་རྗེའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་
ཐམས་ཅད་དུ་གསང་བའི་བདག་པོ་གསང་བའི་བདག་པོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་ནས་འདི་ལྟ་སྟེ། སྙིང་པོ་འདིའི་མཐུ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་
དང་ཡེ་ཤེས་ཕུན་སུམ་ཚོགས་པ་དག་མངོན་སུམ་དུ་ཞུགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་བསྟན་པ་ཀུན་དུ་བསྲུང་བ་དང་འགྲོ་བ་ཡོངས་སུ་སྐྱོབ་པའི་སྙིང་པོ་རྡོ་རྗེ་ཆེན་པོ་རྒྱ་ཆེ་བའི་གཟུངས་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿ
སརྦ་ཐཱ་བཛྲ་དྷ་ར་པི་ར་བི་ར་པི་ཀི་ར་སྭཱ་ཧཱ། རྡོ་རྗེ་ཆེན་པོ་རྒྱ་ཆེ་བའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ལས་བྱུང་བའི་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་
འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་དང་པོ་བསྐྱེད་པ་རྣམས་དང་། ལས་དང་པོ་པ་རྣམས་
དང་། །སེམས་ཅན་རྣམས་ཀྱི་རྒྱབ་དང་། མདུན་དང་མ་ཉལ་པའམ་གཉིད་ཀྱིས་ལོག་པའམ་ཆོས་སྟོན་པའམ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ་སེམས་ཅན་གྱི་དོན་བྱེད་པའམ་སྤྲུལ་པ་རབ་ཏུ་བྱེད་པའི་བར་དུ་ཐམས་ཅད་ཀྱི་དྲུང་ན་གཟུགས་ཐམས་ཅད་ཡང་དག་པར་
སྟོན་པའི་ཆོ་ག་ཤེས་པ་ལག་ན་རྡོ་རྗེ་ཅོད་པན་ཅན་ཀུན་དུ་སྣང་ངོ་། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཕྱོགས་རྡོ་རྗེས་བཅིངས་པ་ཞེས་བྱ་བའི་རྡོ་རྗེའི་སྙིང་པོ་མཆོག་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་དིག་བཛྲ་ཊ་ཊ་ཊ་ཊ་ཊྃ་སྭཱ་ཧཱ། ཕྱོགས་རྡོ་རྗེས་
Vol. 87 · folio 26b
བཅིང་བའི་སྙིང་པོ་འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་ན་སེམས་ཅན་མ་རུངས་པ་ཐམས་ཅད་རྡོ་རྗེའི་བཅིང་བས་བཅིངས་པར་སྣང་ངོ་། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་སའི་རྡོ་རྗེའི་ཕུར་བུ་ཞེས་བྱ་བའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿ
སརྦ་ཐཱ་ཋ་ཋ་ཋ་ཋ་ཋྃ་སྭཱ་ཧཱ། ས་རྟོན་གྱི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་རྡོ་རྗེའི་ས་རྟོན་ཏོ་ཞེས་བྱ་བའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་སའི་འོག་གི་
རྡོ་རྗེ་ཞེས་བྱ་བའི་སྙིང་པོ་མཆོག་གསུངས་པ། ནམཿསརྦ་ཏ་ཐ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐ་ཡ་ཊ་ཡ་ཊྲྃ་སྭ་ཧ། ས་འོག་གི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་སའི་འོག་གི་ཕྲག་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་སའི་འོག་གི་རྡོ་རྗེ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རིག་སྔགས་འཆང་ཐམས་ཅད་ཀྱི་འགྲོ་བ་གཅོད་པ་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་
བྷྱཿསརྦ་ཐཱ་ཙྪིནྡ། སརྦ་བཱིརྱཱ་ནྟུ་ར་ག་དིམ་པྲ་བར་མ་ལ་བྡྷ་བི་ཛ་ཡ་སྭཱ་ཧཱ། རིག་སྔགས་འཆང་གི་འགྲོ་བ་གཅོད་པའི་སྙིང་པོ་མཆོག་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། རིག་སྔགས་འཆང་གི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རིག་སྔགས་འཆང་གི་འགྲོ་བ་གཅོད་པའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་གནོད་སྦྱིན་ཚར་གཅོད་པའི་རྡོ་རྗེ་ཆེན་པོའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ
སརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་ཡཀྵ་ཎི་གྲྀ་ཧ་ད་ཏ་སྭཱ་ཧཱ། གནོད་སྦྱིན་གྱི་རྡོ་རྗེའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་གནོད་སྦྱིན་གྱི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གནོད་སྦྱིན་
Vol. 87 · folio 27a
གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཀླུའི་རྡོ་རྗེ་བསྒྲགས་པའི་ཏོག་རྒྱལ་མཚན་ཞེས་བྱ་བའི་སྙིང་པོ་གསུངས་པ། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཧ་ར་ཧ་ར་ནཱ་ག་བཛྲ་སྭཱ་ཧཱ། དེ་
ནས་ཀླུའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་ཀླུའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ཀླུའི་རྡོ་རྗེ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་
བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་དྲི་ཟའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་མ་ཐ་མ་ཐ་བཛྲ་གནྡྷ་རྦཧྲྀད་ཡ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་དྲི་ཟའི་སྙིང་པོ་གསུངས་མ་ཐག་ཏུ་དེ་ནས་དེའི་མོད་ལ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། དྲི་ཟའི་
གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་དྲི་ཟའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་ནམ་མཁའ་ལྡིང་གི་དབང་པོའི་སྙིང་པོ་གསུངས་པ། ན་མཿསརྦ་
ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་པི་ཏ་ཏདྷ་ར་ཀ་ར་ཧྃ་ཧ་སྭཱ་ཧཱ། དེ་ནས་རྡོ་རྗེ་ཆེན་པོ་ནམ་མཁའ་ལྡིང་གི་དབང་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་ནམ་མཁའ་ལྡིང་གི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ལག་ན་རྡོ་རྗེ་ཆེན་པོ་འདི་ནི་ནམ་མཁའ་ལྡིང་གི་དབང་པོའི་རྡོ་རྗེ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་མི་འམ་ཅིའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་ཀིནྣ་ར་དནྡ་བི་ཛ་
ཡ་ཤཔྟ་སྭཱ་ཧཱ། དེ་ནས་མིའམ་ཅིའི་སྙིང་པོ་མཆོག་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་མིའམ་ཅིའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་མིའམ་ཅིའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་
Vol. 87 · folio 27b
འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་མ་ཧོར་ག་བཛྲ་ཛྭཱ་ལཱ་ཡ་སྭཱ་ཧཱ། དེ་ནས་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་
དང་ལྟོ་འཕྱེ་ཆེན་པོའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ལྟོ་འཕྱེ་ཆེན་པོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་སྲིན་པོའི་སྙིང་པོ་གསུངས་པ། ན་མཿསརྦ་
ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་རཱཀྵ་ས་ཀྲུ་ར་ད་ཧ་པ་ཙ་ཊུྃ་ཊུྃ་ཊུྃ་སྭཱ་ཧཱ། དེ་ནས་རྡོ་རྗེ་ཆེན་པོ་སྲིན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་སྲིན་པོའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་
སྲིན་པོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་མཁའ་འགྲོ་མ་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་ཧྲྀ་ད་ཧེ་ཧ་སྭཱ་ཧཱ། དེ་ནས་རྡོ་རྗེ་ཆེན་པོ་མཁའ་འགྲོ་མའི་སྙིང་
པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་མཁའ་འགྲོ་མའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་མཁའ་འགྲོ་མའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་
གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་འབྱུང་པོའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཧ་ལེ་ཧཱུ་ལེ་བཛྲ་མ་ཧ་བྷྱ་ཏེ་ཤྭ་ར་སྭཱ་ཧཱ། རྡོ་རྗེ་ཆེན་པོ་འབྱུང་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་འབྱུང་པོའི་གནས་
ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་འབྱུང་པོའི་རྡོ་རྗེ་ཆེན་པོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་ཤ་ཟའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་
Vol. 87 · folio 28a
ཁེ་བྷྱཿསརྦ་ཐཱ་མ་ཧཱ་བཛྲ་པི་ཤཱ་ཙེ་ཤྭ་ར་བི་ཤྭ་ར་བི་ཤྭཧྲྀ་ད་ཡ་གྃ་མི་ཙི་མི་ཙི་མ་ཊ་མ་ཊ་བཛྲ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ཤ་ཟའི་སྙིང་པོ་འདི་དག་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་ཤ་ཟའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ཤ་ཟའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་ཤ་ཟ་མོའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་དཱུ་ཏི་པི་ཤཱ་ཙི་ཀི་རི་མི་རི་མི་ལེ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ཤ་
ཟ་མོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་ཤ་ཟ་མོའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ཤ་ཟ་མོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་
གཤེགས་པ་དེ་དག་གིས་རྡོ་རྗེ་སྲིན་མོའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བཛྲ་ཀ་རཱ་ལི་རཱཀྵ་སི་ཧཱ་རི་མི་རི་སྭཱ་ཧཱ། རྡོ་རྗེ་སྲིན་མོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་སྲིན་མོའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་སྲིན་མོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་གནོན་པོའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཨོ་སྟཱ་ར་ཀ་བཛྲ་ཧི་སི་སྭཱ་
ཧཱ། གནོན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་གནོན་པོའི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གནོན་པོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་
བཞིན་གཤེགས་པ་དེ་དག་གིས་གྲིབ་གནོན་རབ་ཏུ་འཇིགས་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཀི་ལི་ཀི་ལི་བཛྲ་བིདྷ་ཧི་ནི་སྭཱ་ཧཱ། གྲིབ་གནོན་རབ་ཏུ་འཇིགས་པའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་
Vol. 87 · folio 28b
དང་། །གྲིབ་གནོན་གྱི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གྲིབ་གནོན་གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་བརྗེད་བྱེད་ཀྱི་གདོན་འགོག་པའི་རྡོ་རྗེའི་སྙིང་
པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་གྲྃ་གྲྃ་སྥ་ར་ཎ་བཛྲ་སྭཱ་ཧཱ། བརྗེད་བྱེད་ཀྱི་གདོན་འགོག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་བརྗེད་བྱེད་ཀྱི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་བརྗེད་བྱེད་ཀྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཡང་གདོན་ཐམས་ཅད་བཟློག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བི་ར་བཛྲ་
སརྦ་གྲ་ཧ་ནི་ཀྲྀན་ཏན་ཛཱ་ཊི་བ་ལྃ་པོ་ད་ར་ར་ཊ་ར་ཊ་སྭཱ་ཧཱ། གདོན་ཐམས་ཅད་བཟློག་པའི་རྡོ་རྗེའི་སྙིང་པོ་འདི་དག་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། གདོན་ཐམས་ཅད་ཀྱི་གནས་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གདོན་ཐམས་ཅད་བཟློག་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་དུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ལྷ་ལ་སོགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་གསུངས་པ། ནམཿསརྦ་ཏ་ཐ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐ་བརྫྲྃ་བརྫྲསྃ་
སྃ་སྭཱ་ཧཱ། ལྷ་ལ་སོགས་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། ལྷ་ལ་སོགས་པ་ཐམས་ཅད་ཀྱི་གནས་རྣམས་སུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ལྷ་ལ་སོགས་པའི་སྙིང་པོ་རྡོ་
རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ནད་ཀྱི་གདོན་ཐམས་ཅད་ཚར་གཅོད་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་བྷཻ་ཥ་ཛྱ་བཛྲ་ཨ་མྲྀ་ཏ་བྷ་བ་སྭཱ་ཧཱ། རྩི་སྨན་ཆེན་
Vol. 87 · folio 29a
པོའི་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་། རྩི་སྨན་ཆེན་པོའི་གནས་རྣམས་སུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྩི་སྨན་གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་
ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ནད་ཀྱི་གདོན་བསལ་བའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཏྲ་ཊ་ཏྲཊ་བཛྲ་སྭཱ་ཧཱ། ནད་བསལ་བའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་
ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ནད་རབ་ཏུ་ཞི་བར་བྱེད་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྒ་བའི་གདོན་འགོག་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་
ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཨ་མྲྀ་ཏོད་བྷ་བ་བཛྲ་ལ་ལ་ལ་ལ་སྭཱ་ཧཱ། རྒ་བ་འགོག་པའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྒ་བ་འགོག་པའི་རྡོ་རྗེའོ་ཞེས་བྱ་བ་གཅིག་ནས་
གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་འཆི་བ་རབ་ཏུ་ཞི་བར་བྱེད་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཀ་ཏི་བཛྲ་ཛ་ཡ་ཧ་ཧ་སྭཱ་ཧཱ། འཆི་བ་རབ་ཏུ་ཞི་བར་བྱེད་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་
ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་འཆི་བ་ལས་རྒྱལ་བའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྒུད་པའི་གདོན་བཟློག་
པའི་རྡོ་རྗེའི་སྙིང་པོ་འདི་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་པར་མ་བཛྲ་སརྦ་ཤྲི་ཡྃ་ཨ་བྷུ་ད་ཡནྡ་ད་མ་ཧཱ་ཀཱ་རུ་ཎི་ཀ་དྷ་ཀ་དྷ་ཀ་སྭཱ་ཧཱ། རྒུད་པ་ཐམས་ཅད་འགོག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ།
Vol. 87 · folio 29b
ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྒུད་པ་ཐམས་ཅད་འགོག་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་འཁོར་ལོས་སྒྱུར་བ་ཆེན་པོའི་སྟོབས་ཐོགས་པ་མེད་པའི་རྡོ་རྗེའི་སྙིང་པོ་
གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཨོཾ་བཛྲ་ཙཀྲ་བ་རྟི་ཧཱུྃ་སྭཱ་ཧཱ། དེ་ནས་འཁོར་ལོས་སྒྱུར་བ་ཆེན་པོའི་གསང་སྔགས་ཀྱི་རྒྱལ་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་།
བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་དང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་དང་ཤ་ཟ་ལ་སོགས་པའི་གནས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་
ལག་ན་རྡོ་རྗེ་འདི་ནི་རྡོ་རྗེ་ཆེན་པོའི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོའི་འཁོར་ལོས་སྒྱུར་བའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཛཱི་ཤྲཱི་ཧཱུྃ་སྭཱ་ཧཱ། དེ་
ནས་དེ་བཞིན་གཤེགས་པ་དེ་དག་གིས་ཡང་འཁོར་ལོས་སྒྱུར་བ་ཆེན་པོ་ལ་སོགས་པ་རྡོ་རྗེ་ཆེན་པོའི་སྙིང་པོ་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བྱིན་ཏེ། བྱིན་ནས་ཀྱང་འོད་ཟེར་གྱི་དྲ་བ་ཆེན་པོའི་དཀྱིལ་འཁོར་གྱི་སྤྲིན་སྟུག་པོའི་དྲ་བ་ཆེན་པོས་ཐམས་
ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ནས་ཆོས་གསུམ་གྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་
རྡོ་རྗེ་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྒྱུར་ནས་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་དེའི་ཚེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་
Vol. 87 · folio 30a
པ་ཐམས་ཅད་ཀྱིས་དཀྱིལ་འཁོར་འཁོར་ལོས་སྒྱུར་བ་ཆེན་པོའི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལག་ཏུ་རྡོ་རྗེས་དབང་བསྐུར་བས་ཁྱོད་དབང་བསྐུར་ཏོ། །ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་བྱས་པའི་རྡོ་རྗེ་ཁྱོད་ལ་བྱིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་
པོའི་རྡོ་རྗེས་ཁྱོད་བྱིན་གྱིས་བརླབས་སོ། །རྡོ་རྗེ་སྙིང་པོ་ཐམས་ཅད་ཁྱོད་ལ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱོད་ལ་བསྟན་པ་ཐམས་ཅད་ཀྱི་དོན་བྱ་བ་དང་བསྲུང་བར་གནང་ངོ་། །ཁྱོད་ཀྱི་སྔོན་གྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་སོ། །རིགས་ཀྱི་བུ་ད་རང་
གི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ངེས་པར་སྟོན་ཅིག །རིགས་ཀྱི་བུ་ལག་ན་རྡོ་རྗེས་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ཤོད་ཅིག །དེ་སྐད་ཅེས་བཀའ་སྩལ་པ་དང་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་ཀྱི་རྗེས་ཅི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །བཅོམ་
ལྡན་འདས་བདག་མཆོག་ཏུ་ངོ་མཚར་ཐོབ་པ་དང་བདག་རྣམ་པར་རྒྱལ་བའི་ཆོས་དམ་པ་ཐོབ་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་བརྩེ་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ལག་ན་རྡོ་རྗེ་དེའི་ཚེ་རྡོ་རྗེ་བརྩེགས་པ་ཆེན་པོ་རྣམ་པར་བསྒྲགས་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་བརྩེགས་པ་ཆེན་པོ་རྣམ་པར་བསྒྲགས་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་འཇིག་རྟེན་གྱི་
ཁམས་ཐམས་ཅད་དང་ཞིང་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས་སོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །འགུལ་
རབ་ཏུ་འགུལ་ཀུན་དུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག་ཀུན་དུ་རབ་ཏུ་ལྡེག་གོ། །ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའོ། །ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའོ། །དབུས་མཐོ་ན་མཐའ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words