དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ
Sanskrit title (Tibetan script, as in the text) བྷི་ཀྵུ་ཎཱི་བི་ན་ཡ་བི་བྷངྒ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 9 · folio 202b
དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཚིག་ལྔ་གང་ཡིན་པ་དེ་དྲུག་པར་བྱས་འདོད་ཅིག །ཚིག་དྲུག་པས་ཆང་ནི་མ་འཐུངས་སྒོག་སྐྱ་ནི་མ་ཟོས་ན་ཉེས་པ་ཅི་ཡོད། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་བྱ་བ་ལ་ཚིག་བདུན་པར་འདས་པར་བྱེད་པའི་
སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མི་བསྟན་ཏོ་ཞེས་བྱ་བ་ནས་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་པ་ལ་ནི་བུད་མེད་དང་བཤད་པར་བྱའོ་ཞེས་བྱ་བའི་བར་
རོ། །བཅུ་གཉིས་སྡེ་དེ་རྣམས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཁྱིམ་དེ་དག་ཏུ་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཆོས་ཉོན་ཅིག །འཕགས་མ་རེ་ཞིག་བུད་མེད་དག་གྲོགས་སུ་དགུག་གིས་གཞེས་ཤིག །བཅུ་གཉིས་སྡེ་དེ་དག་གིས་
འདི་སྐད་ཅེས་སྨྲས་སོ། །བྱ་གག་མོ་འམ། སྤྲ་མོའམ། ལུག་མ་མོའམ། བྱི་ལ་མོ་འདི་དག་མོ་མ་ཡིན་ནམ། ཞེས་དེ་རྣམས་ཀྱིས་རུང་བར་བྱེད་པ་འདིས་སྐྱེས་པ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་
ཆོས་གོས་བླངས་ནས་སྤྱོད་ཡུལ་དུ་ཞུགས་ཏེ། དེ་ཁྱིམ་བདག་གི་ཁྱིམ་དེ་དག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་ནས་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཆོས་བཤད་དུ་གསོལ། སོང་ལ་བུད་མེད་དག་གྲོགས་སུ་ཁྲིད་དེ་ཤོག་
ཤིག །ཁྱིམ་བདག་དེས་ཡང་འདི་སྐད་ཅེས་སྨྲས་སོ། །བྱ་གག་མོ་འདི་མོ་མ་ལགས་སམ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ལ་དེ་ལྟ་བུའི་ཆོས་སྟོན་པ་དེ་སུ་ཡིན། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཅུ་གཉིས་སྡེ་དག་
གོ། །དེས་འདི་སྐད་ཅེས་དེས་ན་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུད་མེད་མེད་པར་
Vol. 9 · folio 203a
སྐྱེས་པའི་མདུན་དུ་ཚིག་ལྔའམ། དྲུག་གི་ཆོས་སྟོན་ན་རིག་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཚིག་ལྔ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །ཚིག་དྲུག་གིས་ཞེས་བྱ་བ་ནི་མིག་ལ་སོགས་
པའོ། །རིག་པའི་བུད་མེད་མ་གཏོགས་ཏེ་ཞེས་བྱ་བ་ནི་རིག་པའི་བུད་མེད་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་ཆེད་དུ་བསམས་ཏེ་སྐྱེས་པ་ལ་ཚིག་ལྔའི་ཆོས་སྟོན་པ་ན་ཚིག་
དྲུག་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་སྟེང་གི་སར་བཤད་ནས་ཞེས་བྱ་བ་ནས་ཁྱིམ་དུ་ཞེས་བྱ་བའི་བར་ཏེ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་གི་ཆོས་སྟོན་པ་ན་ཚིག་བདུན་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ། །
གལ་ཏེ་དྲི་བ་འདྲི་ན་ལྟུང་བ་མེད་དོ། །ལས་དང་པོ་ལ་སོགས་པ་ལ་ཡང་ལྟུང་བ་མེད་དོ། །ལྟུང་བྱེད་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་བསྙེན་པར་མ་རྫོགས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་
དང་། བུ་མོ་ལ་སོགས་པ་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་གོ། །དེ་ནས་དབྱར་ཁང་དེ་ན་དཔེར་ན་རྩིས་ས་ན་རྩིས་ཀྱི་སློབ་དཔོན་རྣམས་ཀྱིས་བཞིན་དུ་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་བྱུང་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །གང་ཟག་
བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ། །ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ། །ཁ་བསྟམས་ཏེ་ཞེས་བྱ་བ་ནི་ཚིག་མཉམ་པ་དང་། ཚིག་ལྷག་པ་དང་། ཡི་གེ་མཉམ་པ་དང་།
Vol. 9 · folio 203b
ཡི་གེ་ལྷག་པར་རོ། །དེ་ལ་ཚིག་མཉམ་པ་ཞེས་བྱ་བ་ནི་ཇི་སྲིད་དུ་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སྨྲ་བ་དེ་སྲིད་དུ་དེ་ཡང་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སྨྲ་བ་སྟེ། འདི་ནི་ཚིག་མཉམ་པ་ཞེས་བྱའོ། །ཚིག་ལྷག་པ་ཞེས་བྱ་བ་ནི་ཇི་སྲིད་དུ་སྡིག་པ་ཐམས་ཅད་མི་བྱ་སྟེ་
ཞེས་མ་སྨྲས་པ་དེ་སྲིད་དུ་དེ་དགེ་བ་ཕུན་སུམ་ཚོགས་པར་བྱའོ་ཞེས་སྨྲ་བ་སྟེ། འདི་ནི་ཚིག་ལྷག་པ་ཞེས་བྱའོ། །ཡི་གེ་མཉམ་པ་ཞེས་བྱ་བ་ནི་ཇི་སྲིད་དུ་ཨ་ཞེས་སྨྲ་བ་དེ་སྲིད་དུ་དེ་ཡང་ཨ་ཞེས་སྨྲ་བ་སྟེ། འདི་ནི་ཡི་གེ་མཉམ་པ་ཞེས་བྱའོ། །ཡི་གེ་ལྷག་པ་ཞེས་བྱ་བ་ནི་ཇི་སྲིད་དུ་
ཨ་ཞེས་མ་སྨྲས་པ་དེ་སྲིད་དུ་དེ་ཡང་ཨ་ཞེས་སྨྲ་བའོ། །ཆོས་འདོན་དུ་འཇུག་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་སྨྲས་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་
གང་ཟག་བསྙེན་པར་མ་རྫོགས་པ་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ལྡབ་ལྡིབ་ཅན་དང་། སྨྲ་མྱུར་བ་དང་། དྲན་པར་བྱ་བ་དང་། འདྲི་བ་གསོལ་བ་ལ་སྦྱིན་པ་ལ་ལྟུང་བ་མེད་དོ། །ལྟུང་བྱེད་དྲུག་པ་རྫོགས་སྷོ།། །།
གླེང་གཞི་ནི་མཉན་ཡོད་ནའོ། །ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར་དང་། མི་ཤེས་པའི་ཕྱིར་ལྟུང་བ་དག་བྱུང་ཞིང་སྔོན་གྱི་ལྟུང་བ་དག་འཆགས་པར་བྱེད་པས་དེ་རྣམས་བཀུར་སྟི་བྱ་བ་སྤྱོད་དེ། དེ་རྣམས་ནང་པར་སྔར་ལངས་ཤིང་སངས་རྒྱས་དང་། ཆོས་དང་། དགེ་
འདུན་ལ་བསྙེན་བཀུར་བྱེད། ཆག་ཆག་དང་། ཕྱག་དར་དང་། ཕྱི་བདར་བྱེད་དོ། །བཅུ་གཉིས་སྡེ་དེ་དག་ནི་སེམས་ལས་ཆུང་ངུར་འདུག་ཅིང་འཁོད་དོ། །དེར་ཡང་ཁྱིམ་བདག་ལྷགས་ཏེ་དེ་རྣམས་ཀྱིས་དེ་དག་མཐོང་ནས་འདི་སྙམ་དུ་དགེ་སློང་མ་རྒན་མོ་འདི་དག་
ནི་རིན་པོ་ཆེ་ཤེས་ཤིང་རིན་པོ་ཆེ་སོགས་པར་བྱེད་དོ། །བཅུ་གཉིས་སྡེ་འདི་དག་ནི་རིན་པོ་ཆེ་མི་ཤེས་ཤིང་རིན་པོ་ཆེ་སོགས་པར་མི་བྱེད་དོ་སྙམ་སེམས་སོ། །དེ་ནས་བཅུ་གཉིས་སྡེ་དག་གིས་ཁྱིམ་བདག་ལས་ཐོས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱེད་འདི་ལྟ་བུ་རིན་པོ་ཆེ་
Vol. 9 · folio 204a
སོགས་ཤིག །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་འདི་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སོགས་པ་ལ་མཆོད་པའི་དོན་དུ་བརྩོན་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ལྟུང་བ་འདི་དང་འདི་དག་བྱུང་ངོ་། །
དེ་དག་གིས་ཐོས་ནས་གང་ལ་རྒན་མོ་རྣམས་ཀྱང་འདི་འདྲ་བའི་གནས་སྐབས་སུ་གྱུར་ན་གཞོན་ནུ་མ་རྣམས་ལ་ཇི་ལྟ་བུ་ཞིག་ཏུ་འགྱུར། ཞེས་ཡིད་ལ་གཅགས་པར་གྱུར་ཏོ། །བཅུ་གཉིས་སྡེ་དག་གིས་དོན་དེ་རྟོགས་པར་བྱས་ནས་དེ་དག་གིས་དགེ་ཚུལ་གཞོན་ནུ་མ་རྣམས་
ལ་དྲིས་པ། ཁྱེད་ཀྱི་མཁན་མོ་དང་། སློབ་དཔོན་དག་ཅི་བྱེད། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བསོད་ནམས་བགྱིད་དོ། །དེ་ནས་བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་བསོད་ནམས་འདི་འདྲ་བ་བྱོས་ཤིག །དགེ་ཚུལ་མ་དེ་རྣམས་
ཀྱིས་འདི་སྐད་ཅེས་སྨྲས་སོ། །དེ་ཅི་ལགས། དེ་ནས་བཅུ་གཉིས་སྡེ་དག་གིས་དེ་དག་གི་དགེ་ཚུལ་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱེད་ཀྱི་སྙིང་ལམ་ན་ཁྱེད་ཀྱི་མཁན་མོ་དང་། སློབ་དཔོན་འདི་དག་འདི་ལ་ཆོས་བཟང་ངོ་ཞེས་སངས་རྒྱས་དང་། ཆོས་དང་། དགེ་འདུན་
ལ་སོགས་པ་ལ་བསྙེན་བཀུར་བྱེད་སྙམ་མམ། དེ་ལྟ་མོད་ཀྱི་ལྟུང་བ་འདི་དང་འདི་དག་བྱུང་ངོ་། །གང་གི་ཚེ་དགེ་སློང་མ་དེ་དག་ལྟུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ་དེ་དག་གི་དགེ་ཚུལ་གཞོན་ནུ་མ་དེ་དག་ལ་དགེ་ཚུལ་མ་དག་ལས་དག་གྱིས་ཤིག་ཅེས་བསྒོ་བ་ན། དེ་དག་
གིས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་མི་མཛད། གནས་བརྟན་མོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ཅག་གིས་མི་རུང་ངོ་། །དགེ་ཚུལ་མ་རྣམས་ཀྱིས་ཡང་འདི་སྐད་ཅེས་སྨྲས་སོ། །ཁ་ཅིག་རུང་ན་ཁ་ཅིག་མི་རུང་ངམ། དགེ་སློང་མ་དེ་རྣམས་ཀྱིས་འདི་
སྐད་ཅེས་སྨྲས་སོ། །ཁྱེད་ལ་སུས་སྨྲས། དེ་དག་གིས་འདི་སྐད་ཅེས་བཅུ་གཉིས་སྡེ་དག་གིས་སོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Vol. 9 · folio 204b
བརྗོད་པར་མི་བྱའོ་ཞེས་དེ་ལྟར་དགག་པ་མཛད་དོ། །དེ་ནས་དགེ་སློང་མ་དྲང་མོ་ཞེས་བྱ་བ་ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པ་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཆོས་ལྔ་དང་ལྡན་པ་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོ་བར་བྱ་སྟེ། ལྔ་གང་ཞེ་ན།
འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སོ་སོར་གོ་བར་བྱ་བ་དང་། སོ་སོར་གོ་བར་མ་བྱས་པའི་ཁྱིམ་ཤེས་པའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་
ལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་དྲང་མོ་འདི་གང་གིས་ན་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། མིང་འདི་ཞེས་བགྱི་བ་འདི་ཁྱིམ་
རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། མིང་འདི་ཞེས་བགྱི་བ་གང་ལགས་པ་འདི་དགེ་སློང་མ་དྲང་མོའི་སླད་དུ་ཁྱིམ་དུ་སོ་སོར་གོ་བར་བགྱིད་
པར་བསྐོ་བར་བགྱི་སྟེ། མིང་འདི་ཞེས་བགྱི་བ་གང་ལགས་པས་དགེ་སློང་མ་དྲང་མོའི་སླད་དུ་ཁྱིམ་རྣམས་སུ་ཕུ་ནུ་མོ་དག་ཁྱེད་ཅག་དགེ་སློང་མ་དྲང་མོ་ས་བོན་ཚིག་པ་ལྟ་བུ། ས་བོན་ཉམས་པ་ལྟ་བུ་འདིས་བསྟན་པ་ལ་ཚོད་མ་འཛིན་ཅིག །འཕགས་མ་སྐྱེ་
དགུའི་བདག་མོ་ཆེན་མོས་བསྟན་པའི་ཚད་ཟུང་ཤིག །གཽ་ཏ་མཱི་སྐེམ་མོ་དང་། ཨུཏྤ་ལའི་མདོག་དང་། ཆོས་སྦྱིན་དང་། འཕགས་མ་ཚུལ་ལྡན་གྱིས་ཚད་ཟུང་ཤིག །ཅེས་སོ་སོར་གོ་བར་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་
Vol. 9 · folio 205a
བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ། །དེ་ནས་དགེ་སློང་མ་
དྲང་མོས་ཁྱོད་ཀྱི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་སྤྲོ་བར་བྱས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དགེ་སློང་མ་དྲང་མོ་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་
དགེ་འདུན་གྱིས་ཁོ་མོའི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོས་སམ། དེས་འདི་སྐད་ཅེས་སྨྲས་སོ། །དེ་ཡིན་ནོ། །ཕུ་ནུ་མོ་ཁྱོད་ཀྱིས་ཁོ་མོ་འདི་ལྟར་ཁྱིམ་རྣམས་སུ་མ་དད་པ་མང་དུ་བྱས་པར་ཡིད་ཆེས་སམ། དེས་འདི་སྐད་ཅེས་སྨྲས་སོ། །ཡིད་ཆེས་སོ། །དྲང་
མོས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་གཅིག་ལ་ཡིད་ཆེས་པ་ལྟར་ཅིག་ཤོས་ལ་ཡང་དེ་དང་འདྲ་བས་ཁོ་མོས་ཁྱོད་ཀྱི་ལྟོ་དྲལ་ལ་རྒྱུ་མས་དབྱར་ཁང་འཁོར་བར་བསྐོར་རོ། །དགེ་སློང་མ་དེ་སྐྲག་ནས་སྐབས་དེ་དགེ་སློང་མའི་དགེ་འདུན་ལ་རྒྱས་པར་སྨྲས་སོ། །དགེ་སློང་མ་
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་གསོལ་བ་འབའ་ཞིག་པ་བྱའོ། །བཅོམ་ལྡན་འདས་ཀྱིས་གསོལ་བ་འབའ་ཞིག་པ་བྱའོ་ཞེས་བཀའ་སྩལ་པ་མ་ཤེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་དྲང་མོ་འདི་ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་
སྤྱོད་པར་བགྱིད་དེ། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གསོལ་བ་འབའ་ཞིག་པ་བགྱིས་ནས་དགེ་སློང་མ་དྲང་མོ་ཇི་ལྟར་སྣང་བ་དང་། གང་དུ་དེ་སྣང་བ་དེ་ཁོ་ནར་འདི་
Vol. 9 · folio 205b
སྐད་ཅེས་ཕུ་ནུ་མོ་དག་ཁྱེད་དགེ་སློང་མ་སྡིག་ཅན་ས་བོན་ཚིག་པ་བཞིན་དུ་སྐྱེ་བའི་མཐུ་མེད་པ་འདིས་བསྟན་པ་ལ་ཚོད་མ་འཛིན་ཅིག །དེ་ལྟ་མོད་ཀྱི་དགེ་སློང་མ་གནས་བརྟན་གནས་བརྟན་དག་གིས་བསྟན་པ་འདི་ལ་ཚད་ཟུང་ཤིག་ཅེས་བསྒོ་བར་བགྱི་སྟེ་འདི་ནི་གསོལ་བའོ། །
དེ་ལྟར་གསོལ་བ་འབའ་ཞིག་པ་བྱས་ནས་དགེ་སློང་མ་དེ་རྣམས་ཀྱིས་གང་དུ་སྐྱེ་བོའི་ཚོགས་ཆེན་པོ་ཡོད་པ་དེར་སོ་སོར་གོ་བར་བྱའོ། །གང་དུ་མ་དད་པར་བྱས་པ་དེར་བརྗོད་པར་བྱའི་ལྟོགས་པ་ཁོ་ནས་ཤི་བར་གྱུར་ན་མི་རུང་བས་གཞན་དུ་ནི་བརྗོད་པར་མི་བྱའོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་
སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །བརྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་
དགེ་སློང་མ་ལ་མཐར་འགྱུར་བའི་ལྟུང་བ་མཐོང་ལ་དེས་མ་རིག་པ་ལ་མ་རིག་པའི་འདུ་ཤེས་ཀྱིས་བརྗོད་ན་ལྟུང་བྱེད་དོ། །དེ་བཞིན་དུ་མ་རིག་པ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་མ་ལ་མཐར་འགྱུར་བའི་ལྟུང་བ་མཐོང་བ་ལ་དེས་རིག་པ་ལ་མ་
རིག་པར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་རིག་པ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །རས་ལ་རི་མོར་བྲིས་པ་ལྟར་ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་བདུན་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་མུ་གེ་མི་བཟད་པ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ངོ་། །དེ་ནས་དགེ་སློང་མ་རབ་ཏུ་མང་པོ་ལྗོངས་ཤིག་ཏུ་དོང་བ་དང་། བསོད་
Vol. 9 · folio 206a
སྙོམས་ཀྱིས་ཕོངས་པར་གྱུར་ཏོ། །དེ་ནས་དེ་རྣམས་ཕན་ཚུན་དུ་བགྲོས་པ། ཅིའི་ཕྱིར་བདག་ཅག་གི་ཡོན་ཏན་བསྒྲགས་པར་མི་བྱ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཅི་ཡང་དག་པས་སམ། ཡང་དག་པ་མ་ཡིན་པས་དེ་དག་གིས་
འདི་སྐད་ཅེས་སྨྲས་སོ། །ཡང་དག་པས་སོ། །དེ་དག་གིས་ཕན་ཚུན་དུ་ཡོན་ཏན་ཡང་དག་པས་བསྒྲགས་པ་བྱས་པ་དང་། འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས་དེ་རྣམས་ཀྱིས་དེ་དག་བསོད་སྙོམས་ཀྱིས་མ་ཕོངས་པར་བྱས་སོ། །གང་གི་ཚེ་དགེ་སློང་མ་དེ་དག་
ལྗོངས་རྒྱུ་ཞིང་དོང་ནས་ཡངས་པ་ཅན་དུ་ཕྱིན་ནོ། །དེ་ནས་གནས་པ་དང་། གཉུག་མར་གནས་པའི་དགེ་སློང་མ་རྣམས་ཀྱིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ལྡན། ཆོས་ལྡན། དགེ་འདུན་ལྡན་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ག་
ལེགས་པར་སྤྱད་དམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ལེགས་པར་སྤྱད་དོ། །ཚེ་དང་ལྡན་མ་དག་བསོད་སྙོམས་ཀྱིས་ཕོངས་པར་མ་གྱུར་གྲང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །མ་གྱུར་ཏོ། །གནས་བརྟན་གནས་བརྟན་འདི་དག་ནི་བསོད་སྙོམས་ཀྱིས་
ཕོངས་པར་གྱུར་ན་ཁྱོད་ཀྱིས་ཐབས་ཅི་ཞིག་བྱས་ན་མ་གྱུར། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཕན་ཚུན་ཡོན་ཏན་བསྒྲགས་པ་བྱས་པས་སོ། །ཁྱེད་མིའི་ཆོས་བླ་མ་བརྗོད་དུ་རུང་ངམ། དེ་དག་གིས་འདི་སྐད་ཅེས་བདག་ཅག་གིས་བརྗོད་དོ་ཞེས་སྨྲས་པ་ན་དོན་ཉུང་བའི་
དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ན་
ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི་གཉིས་སོ། །ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ། །བདེན་པ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པའོ། །ལྟུང་བྱེད་དོ་ཞེས་
Vol. 9 · folio 206b
བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།བར་སྡོམ་ལ། མཐོང་དང་འདུ་ཤེས་དགོན་པ་དང་། །ཁྱིམ་རྣམས་སུ་ནི་སྟན་བཀྲ་དང་། །རང་གི་མཚན་ཉིད་འཛིན་བྱེད་དང་། །བདག་ཉིད་ཉེ་བར་སྟོན་པའོ། །དགེ་སློང་མས་འདུ་ཤེས་དང་།
བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་ལྷ་མཐོང་ངོ་ཞེས་ཟེར་ལ། བདེན་པ་ཡིན་ན་ལྟུང་བྱེད་དོ། །དེ་བཞིན་དུ་གནོད་སྦྱིན་རྣམས་དང་། ཀླུ་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་
ཆེན་པོ་རྣམས་དང་། གྲུལ་བུམ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། སྲུལ་པོ་རྣམས་ཀྱང་བདེན་ན་ལྟུང་བྱེད་དོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ། །དེ་བཞིན་དུ་ལྷ་རྣམས་ལ་བལྟ་བའི་ཕྱིར་འགྲོའོ་ཞེས་བྱ་བ་ནས་
ལུས་སྲུལ་པོ་རྣམས་ལ་ཞེས་བྱ་བའི་བར་ཏེ་བདེན་ན་ལྟུང་བྱེད་དོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ། །ཁོ་མོའི་དྲུང་དུ་ལྷ་ལ་སོགས་པ་ཉེ་བར་འོང་བ་བདེན་ན་ལྟུང་བྱེད་དོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ། །དེ་བཞིན་དུ་ལྷ་ལ་
སོགས་པའི་སྒྲ་ཐོས་པ་བདེན་ན་ལྟུང་བྱེད་དོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། རྣམ་པར་གཏན་ལ་འབེབས་པར་བྱེད་པ་བདེན་ན་ལྟུང་བྱེད་དོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་
བྱས་སོ། །དེ་བཞིན་དུ་ལྷ་ཡང་ཁོ་མོ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། རྣམ་པར་གཏན་ལ་འབེབས་པར་བྱེད་པ་བདེན་ན་ལྟུང་བྱེད་དོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ། །དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་
གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་མི་རྟག་པའི་འདུ་ཤེས་ཐོབ་བོ་ཞེས་ཟེར་ལ་བདེན་པ་ཡིན་ན་ལྟུང་བྱེད་དོ། །དེ་བཞིན་དུ་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་
Vol. 9 · folio 207a
པའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་
ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་རུལ་བའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་ཞིགས་པའི་འདུ་ཤེས་དང་།
རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་དང་། ཁོ་མོས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཞེས་བྱ་བ་ནས། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ཁོ་མོས་ཐོབ་
བོ་ཞེས་ཟེར་ལ་བདེན་ན་ལྟུང་བྱེད་དོ། །དགེ་སློང་མས་འདུ་ཤེས་མ་བསྒྱུར་བ་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་རབ་ཏུ་མང་པོ་དགོན་པ་ན་གནས་ན་དེ་དག་ལས་མི་མ་ཡིན་པ་རྣམས་ཀྱིས་རྣམ་པར་མི་འཚེ་ན་ཁོ་མོ་ཡང་དེ་ན་གནས་ན་རྣམ་པར་མི་
འཚེའོ། །ཞེས་སྨྲས་ལ་བདེན་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཁྱིམ་རྣམས་སུ་སྟན་བཀྲ་ཞིང་བཀྲ་བ་རྣམས་ལ་ཡང་བརྗོད་པར་བྱའོ། །དགེ་སློང་མས་འདུ་ཤེས་མ་བསྒྱུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་གང་གིས་རང་གི་མཚན་ཉིད་
འཛིན་པ་ཞི་གནས་ཀྱི་མཚན་མ་ལ་བརྟེན་ནས། འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པའི་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་དུ་མི་སྤྱོད་པ་དེ་ཡོད་དེ་ཞེས་བྱ་བ་ནས། ཁོ་མོས་ཀྱང་ཞེས་བྱ་བའི་བར་དུ་
ཟེར་ན་ལྟུང་བྱེད་དོ། །དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་མ་ལྷ་མཐོང་བ་གང་ཡིན་པ་དེ་ཡོད་དོ་ཞེས་སྨྲས་ཀྱིས་ཁོ་མོས་སོ་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ། །
Vol. 9 · folio 207b
དེ་བཞིན་དུ་གནོད་སྦྱིན་རྣམས་དང་། ཀླུ་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གྲུལ་བུམ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། ལུས་སྲུལ་པོ་རྣམས་བདག་གིས་སོ་ཞེས་དེ་སྐད་མ་སྨྲས་
ན་ཉེས་བྱས་སོ། །ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ལ་ཡང་བདག་གིས་སོ་ཞེས་མ་སྨྲས་ན་ཉེས་བྱས་སོ། །དེ་བཞིན་དུ་རིམ་པ་འདིས་སྡོམ་གྱི་ཚིག་བཅད་འདི་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་ཞིག་འདུ་ཤེས་མ་བསྒྱུར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ།
དགེ་སློང་མ་རང་གི་མཚན་ཉིད་འཛིན་པ་ཞི་གནས་ཀྱི་མཚན་མ་ལ་བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་རྣམས་རྣམ་པར་མནན་ནས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་དུ་མི་སྤྱོད་པ་གང་ཡིན་པ་དེ་ཡོད་དོ་ཞེས་ཟེར་གྱི་ཁོ་མོ་ཡིན་
ནོ་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ། །ལྟུང་བྱེད་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཆོས་སྦྱིན་ཕོ་ཉས་བསྙེན་པར་རྫོགས་པ་ཐོབ་ཅིང་བདེན་པ་རྣམས་མཐོང་བ་དེའི་ཚེ་དེ་རང་གི་དབྱར་ཁང་ན་དགེ་སློང་མ་རྣམས་ཀྱི་ཆོས་དང་ལྡན་
པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་དོ། །དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་མ་བཤེས་པ་རྣམས་ལ་མི་འབུལ་བའམ། ཡོངས་སུ་མི་གཏང་བ་ཅི་ཡང་
མེད་དོ། །དེ་དེ་ལྟར་ཕུལ་ཞིང་དེ་ལྟར་ཡོངས་སུ་བཏང་བས་ཆོས་གོས་རྙིངས་ཤིང་སྣམ་སྦྱར་ཡང་དེངས་པར་གྱུར་ཏོ། །དེ་ནས་དགེ་སློང་མའི་དགེ་འདུན་འདི་སྙམ་དུ་དགེ་སློང་མ་ཆོས་སྦྱིན་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་བསམ་གཏན་དང་།
རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྤངས་ནས་དགེ་སློང་མ་རྣམས་ཀྱི་ཆོས་དང་ལྡན་པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་ལ། དེ་མི་འབུལ་བའམ། ཡོངས་སུ་མི་གཏང་བ་ཅི་ཡང་མེད་དོ་ཞེས་བྱ་བ་ནས། སྣམ་སྦྱར་དེངས་པར་གྱུར་གྱིས་ཞེས་
Vol. 9 · folio 208a
བྱ་བའི་བར་རོ། །བདག་ཅག་གིས་རས་ཡུག་ཆེན་ཞིག་གྲུབ་པ་དང་། དེ་བདག་ཅག་གིས་ཆོས་སྦྱིན་ལ་སྦྱིན་ནོ། །སྙམ་དུ་སེམས་སོ། །དེ་ནས་དུས་གཞན་ཞིག་ན་རས་ཡུག་ཆེན་ཞིག་རྙེད་ནས་དེ་རྣམས་ཀྱིས་ཆོས་སྦྱིན་ལ་བྱིན་ནོ། །དེས་སྐབས་དེ་བཅོམ་
ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་བྱས་ཏེ་སྦྱིན་ནོ། །འདི་ལྟར་བྱས་ཏེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ཆོས་སྦྱིན་
འདི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ལགས་པས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་མ་བཤེས་པ་རྣམས་ལ་མི་འབུལ་བའམ། ཡོངས་སུ་མི་གཏང་བ་ཅི་ཡང་མ་མཆིས་སོ། །དེ་དེ་ལྟར་ཡོངས་སུ་བཏང་བས་ཆོས་
གོས་ལྔ་རྙིངས་ཤིང་སྣམ་སྦྱར་ཡང་དེངས་པར་གྱུར་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་ཆོས་སྦྱིན་ལ་རས་ཡུག་ཆེན་སྩོལ་བར་མཛད་
དོ། །འདི་ནི་གསོལ་བའོ། །གང་གི་ཚེ་དེ་དག་གིས་གསོལ་བ་བྱས་ཏེ་ཆོས་སྦྱིན་ལ་རས་ཡུག་ཆེན་བྱིན་པ་དེའི་ཚེ་སྦོམ་དགའ་མོས་བཅུ་གཉིས་སྡེ་ལྷག་མ་རྣམས་ལ། ཀྱེ་ཕུ་ནུ་མོ་དག་གང་དུ་དགེ་འདུན་གྱི་རྙེད་པ་བཤེས་ངོར་སྔོ་བར་བྱེད་པར་དགེ་སློང་མའི་དགེ་འདུན་གྱི་
རྙེད་པ་འགྲུབ་པར་ག་ལ་འགྱུར་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་
ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་སློང་མ་རྣམས་ཀྱིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་གིར་སྔོ་བར་བྱེད་དོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྔར་ལེགས་པར་རུང་བར་བྱས་
Vol. 9 · folio 208b
ནས་ཞེས་བྱ་བ་ནི་བློ་གྲོས་མཐུན་པར་བྱས་པའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། །རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་
ཏེ། ཟང་ཟིང་གི་རྙེད་པ་དང་། གོས་ཀྱི་རྙེད་པ་སྟེ། དོན་འདི་ལ་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །བཤེས་ངོར་ཞེས་བྱ་བ་ལ་གང་གི་བཤེས་གང་ཡིན་ཞེ་ན། ལྷན་ཅིག་གནས་པའི་བཤེས་པ་ནི་མཁན་མོ་ཡིན་ལ། མཁན་མོའི་ནི་ལྷན་ཅིག་གནས་པ་
ཡིན་ནོ། །ཉེ་གནས་ཀྱི་ནི་སློབ་དཔོན་ཡིན་ལ། སློབ་དཔོན་གྱི་ཡང་ཉེ་གནས་ཡིན་ནོ། །འགྲོགས་བཤེས་ཀྱི་ཡང་འགྲོགས་བཤེས་ཡིན་ནོ། །སྨོས་འདྲིན་གྱི་ཡང་སྨོས་འདྲིན་ཡིན་ནོ། །གནས་གཅིག་པའི་ཡང་གནས་གཅིག་པ་ཡིན་ནོ། །སྔོན་ཞེས་བྱ་བ་ནི་སྒྱུར་ནའོ། །
གང་ཟག་ལ་ཞེས་བྱ་བ་ནི་གང་ཟག་ལ་སྦྱིན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་དགེ་སློང་མས་ཇི་ཙམ་དུ་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་དགེ་སློང་མས་བཤེས་
ངོར་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་གིར་སྒྱུར་བར་བྱེད་དོ། །ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་བདེན་པ་ཁོ་ན་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་མ་
བཅུ་གཉིས་སྡེ་རྣམས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་ཕུ་ནུ་མོ་དག་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་གང་
ལ་གཞི་ཡང་མངོན་ལ། གང་ཟག་དང་། གྲོང་དང་། ཞིང་ཡང་མངོན་པ་དེ་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་བཏོན་པས་ཅི་ཞིག་བྱ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
Vol. 9 · folio 209a
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་འཕགས་མ་དག་ཇི་ཙམ་དགེ་སློང་མ་རྣམས་འགྱོད་པ་
དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་བཏོན་པས་ཅི་ཞིག་བྱ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་
གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་། །སོ་སོར་ཐར་པ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་ཞེས་བྱ་བ་ནས། ལྟུང་བྱེད་བརྒྱ་བརྒྱད་བཅུ་དང་། སོ་སོར་བཤགས་པ་བྱ་བ་བཅུ་
གཅིག་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱེད་པ་བདུན་དང་། འདུལ་བ་གཞི་བཅུ་བདུན་དང་། ཕྲན་ཚེགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག་པ་
དང་། ཉེ་བ་འཁོར་གྱིས་ཞུས་པ་ལས་འབྱུང་བའོ། །མདོ་ཞེས་བྱ་བ་ནི་ལེགས་པར་སྦྱར་བའོ། །གདོན་པ་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ། །འདི་སྐད་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །ཕུ་ནུ་མོ་དག་འདི་དག་ཅི་དགོས་ཞེས་བྱ་བ་ནི་གང་ལ་གང་ཟག་མངོན་ཞིང་གྲོང་དང་། ཞིང་
དང་། གཞི་ཡང་མངོན་པ་ཇི་ཙམ་གྱི་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་
ཟད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་ཕུ་ནུ་མོ་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཅི་དགོས་ཞེས་བྱ་བའི་བར་དུ་ཟེར་ན་ལྟུང་བྱེད་དོ། །ཡིད་ལ་
Vol. 9 · folio 209b
གཅགས་པ་དང་། ཡིད་མི་བདེ་བ་ཞེས་ཟེར་ན་ལྟུང་བྱེད་དོ། །དེ་བཞིན་དུ་གདུང་བ་དང་། ཀུན་དུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། དེ་བཞིན་དུ་བསླབ་པའི་གཞི་དང་ལྡན་པའི་མདོ་འདོན་པ་ན་ཁྱད་དུ་གསོད་ན་ལྟུང་བྱེད་དོ། །དེ་བཞིན་དུ་བསླབ་པའི་གཞི་དང་ལྡན་པའི་
ཚིགས་སུ་བཅད་པ་འདོན་པ་ན་ཁྱད་དུ་གསོད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་ཉམས་པ་ཡིན་པ་དང་། གལ་ཏེ་དགེ་སློང་མའི་དགེ་འདུན་ན་བར་གྱུར་ན་ལྟུང་བ་མེད་དོ། །ལྟུང་བྱེད་དང་པོའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ནི། རྔ་ཞིང་
རྔར་འཇུག་འཕྱ་བ་དང་། །རྣ་ལ་གཟོན་དང་གནས་མལ་དང་། །གདིང་བ་དག་ནི་ལྔ་པ་ཡིན། །ཡང་ཐོག་ཁྲི་རྩ་འབྱུང་བ་དང་། །རྩྭ་དག་དང་ནི་ཁང་ཆེན་དང་། །གནས་གཅིག་དེ་བཞིན་འཁོད་པའོ། །གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྔོན་
གྱི་ཤིང་མཁན་བྱེད་བྱེད་པའི་དགེ་སློང་ལས་བརྟེན་ནས་ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་པའི་བསླབ་པའི་གཞི་བཅའ་བ་མཛད་དོ། །དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་རྩྭ་སྔོན་པོ་རྔ་ཞིང་རྔར་འཇུག་པར་བྱེད་པ་དང་། དེ་རྣམས་ལ་རང་
བཞིན་དུ་གནས་པའི་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདི་ལྟ་བུའི་བསླབ་པའི་གཞི་བཅའ་བ་མཛད་ཀྱིས་ཁྱེད་རྩྭ་སྔོན་པོ་མ་གཅོད་གཅོད་དུ་མ་གཞུག་ཅིག །དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཀྱིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བསླབ་
པའི་གཞི་འདི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་
དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་གམ། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། །ས་བོན་གྱི་ཚོགས་
Vol. 9 · folio 210a
ཞེས་བྱ་བ་ལ་ས་བོན་ནི་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོར་ཏོའི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་ནི་ལྔ་པའོ། །དེ་ལ་རྩ་བའི་ས་བོན་ནི་གླ་སྒང་དང་། ཤུ་དག་དང་། ཡུངས་དང་། སྒེའུ་གཤེར་དང་། བོང་
ང་དཀར་པོ་དང་། གཞན་ཡང་དེ་ལྟ་བུའི་རྩ་བ་སྟེ་རྩ་བ་ཉིད་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་རྩ་བའི་ས་བོན་ཞེས་བྱའོ། །སྡོང་བུའི་ས་བོན་གང་ཞེ་ན། ཤིང་ཀན་ཙ་ན་དང་། པི་ཏ་ལ་དང་། ཨ་ཤྭཏྠ་དང་། ཨུ་དུམ་བཱ་ར་དང་། ནྱ་གྲོ་དྷ་དང་། གཞན་ཡང་དེ་ལྟ་བུའི་
སྡོང་བུ་སྟེ། སྡོང་བུ་ཉིད་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་སྡོང་བུའི་ས་བོན་ཞེས་བྱའོ། །ཐོར་ཏོའི་ས་བོན་གང་ཞེ་ན། བུ་རམ་ཤིང་དང་། འདམ་བུ་དང་། སྨྱིག་མ་དང་། རྒྱ་མཚོ་བ་དང་། རྩྭ་ཀ་ཤ་དང་གཞན་ཡང་དེ་ལྟ་བུའི་ཐོར་ཏོ་སྟེ་ཐོར་ཏོ་ཉིད་ས་བོན་དུ་
འགྱུར་བ་གང་ཡིན་པ་འདི་ནི་ཐོར་ཏོའི་ས་བོན་ཞེས་བྱའོ། །འགས་པའི་ས་བོན་གང་ཞེ་ན། ཨརྫ་ཀ་དང་། སརྫ་ཀ་དང་། སེ་ཡབ་དང་། རྩྭ་མཁྲིས་དང་། བྷུ་དྲིན་ཀ་དང་། གཞན་ཡང་དེ་ལྟ་བུས་འགས་ཤིང་ས་བོན་དུ་འགྱུར་བ་གང་ཡིན་པ་འདི་ནི་འགས་པའི་ས་
བོན་ཞེས་བྱའོ། །ས་བོན་གྱི་ས་བོན་གང་ཞེ་ན། ནས་དང་། གྲོ་དང་། སཱ་ལུ་དང་། མོན་སྲན་སྡེའུ་ལ་སོགས་པ་དང་། གཞན་ཡང་ས་བོན་གྱི་ས་བོན་དུ་འགྱུར་བ་གང་ཡིན་པ་དེ་ནི་ས་བོན་གྱི་ས་བོན་ཞེས་བྱ་སྟེ་ལྔ་པ་ཉིད་ཡིན་ནོ། །འབྱུང་པོའི་གནས་ཞེས་བྱ་བ་ལ་
འབྱུང་པོ་ཞེས་བྱ་བ་ནི་སྦྲུལ་དང་། སྡིག་སྦྲུལ་དང་། ཏྲེ་མ་བུ་ཀ་དང་། ཏྲཻ་ལ་ཏ་དང་། སྲིན་བུ་དང་། ཕྱེ་མ་ལེབ་དང་། ཏིལ་གྱི་ཕུབ་མ་ཟ་བ་སྟེ། དེ་དག་གི་ཤིང་གང་ཡིན་པ་ནི་འབྱུང་པོའི་གནས་ཞེས་བྱའོ། །གཅོད་དམ་ཞེས་བྱ་བ་ནི་རང་གིས་སོ། །གཅོད་དུ་
འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དགེ་
Vol. 9 · folio 210b
སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་རློན་པར་འདུ་ཤེས་ན་ཉེས་བྱས་སོ། །དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་
འདུ་ཤེས་ཤིང་སྐམ་པོ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་
སྡོང་བུའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ལྟུང་བྱེད་དོ། །
དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་
བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་
དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་
གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་རྩ་བའི་ས་བོན་
Vol. 9 · folio 211a
ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་
འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་
བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །རྩ་བའི་ས་བོན་གྱིས་ས་བོན་
གྱི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་སློང་མས་སྡོང་བུའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་སྡོང་བུའི་ས་བོན་ལ་ཐོར་ཏོའི་
ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །སྡོང་བུའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་
བཞིན་སྦྱར་རོ། །སྡོང་བུའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །དགེ་སློང་མས་ཐོར་ཏོའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་ཐོར་ཏོའི་ས་
བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །ཐོར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་
Vol. 9 · folio 211b
སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །རྩ་བའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་
བཞིན་སྦྱར་རོ། །རྩ་བའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །རྩ་བའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །རྩ་བའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །དགེ་སློང་མས་སྡོང་བུའི་ས་བོན་ལ་ཡང་སྡོང་བུའི་ས་
བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །སྡོང་བུའི་ས་བོན་གྱིས་ཐོར་
ཏོའི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །སྡོང་བུའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །དགེ་སློང་མས་ཐོར་ཏོའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་
ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །ཐོར་ཏོའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །
ཐོར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །ཐོར་ཏོའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །ཐོར་ཏོའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །དགེ་སློང་མས་འགས་པའི་ས་བོན་ལ་འགས་པའི་ས་བོན་དུ་
འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་
Vol. 9 · folio 212a
སོ། །འགས་པའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །འགས་པའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །འགས་པའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །འགས་པའི་ས་བོན་གྱིས་ས་
བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །དགེ་སློང་མས་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །སྐམ་པོ་ལ་སྔོན་པོར་འདུ་
ཤེས་ནས་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །ས་བོན་གྱི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །ས་བོན་གྱི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །ས་བོན་གྱི་ས་བོན་གྱིས་
ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། །ས་བོན་གྱི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་བདུན་པ། བར་སྡོམ་ལ། རྩ་བའི་ས་བོན་ལྔ་དག་དང་། །ལྗོན་ཤིང་རྩྭ་གཅོད་དེ་
བཞིན་དུ། །འཆག་དར་རྩྭ་རྒྱུན་ཉ་ལྕིབས་དང་། །ཆུ་དྲེག་མེ་ཏོག་རྒྱས་པའོ། །དགེ་སློང་མས་ས་བོན་རྣམས་ཉམས་པར་གྱུར་ཅིག་སྙམ་པའི་བསམ་པས། ས་བོན་གྱི་རིགས་ལྔ་གཏུན་སྐྱུར་བླུགས་ནས་གཏུན་མགོས་རྡུང་ཞིང་ས་བོན་ཉམས་པར་གྱུར་ཅིག །རྣམ་
པར་ཉམས་པར་གྱུར་ཅིག་ཅེས་དྲག་ཏུ་བརྡུངས་པ་ལས་ས་བོན་ཉམས་ན་ལྟུང་བྱེད་དུ་འགྱུར་རོ། །ས་བོན་མ་ཉམས་ཤིང་ས་བོན་རྣམ་པར་མ་ཉམས་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་མེ་དང་། ཐ་བ་དང་། ཞུགས་ལིང་དང་། སླ་ང་དང་། མེ་ཐབ་དང་། མེ་དོང་དང་།
མེ་དོང་ཆེན་པོ་དང་། ས་དང་། ཐུག་པ་དང་། ཁུ་ཚན་དང་། འབྲས་ཁུར་ལྡུགས་པ་དང་། དེ་བཞིན་དུ་ས་བོན་ཉམས་པར་གྱུར་ཅིག །རབ་ཏུ་ཉམས་པར་གྱུར་ཅིག་ཅེས་མཚོ་ཆེན་པོ་དང་། འབབ་ཆུ་ཆེན་པོ་དང་ཞེས་བྱ་བ་ནས་ཆུ་ཉུང་ངུ་དང་། ལྕི་བ་དང་། ཚ་རྒོ་དང་།
Vol. 9 · folio 212b
འགྱུར་བྱེད་དང་། ས་དང་ལྷན་ཅིག་བསྲེས་པ་ལས་དེ་ཡང་ཉམས་ན་ལྟུང་བྱེད་དོ། །མ་ཉམས་ན་ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཅིག་གཅོད་དམ། གཅོད་དུ་འཇུག་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་
གཅིག་གོ། །དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཅིག་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་། ལྟུང་བྱེད་གཅིག་གོ། །དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་གཅིག་གཅོད་ན་དེ་ལ་ཉེས་བྱས་མང་པོ་དང་། ལྟུང་བྱེད་གཅིག་གོ། །དགེ་སློང་མས་སྦྱོར་བ་
གཅིག་གིས་ཤིང་ལྗོན་པ་གཉིས་གཅོད་ན་དེ་ལ་ཉེས་བྱས་གཅིག་དང་། ལྟུང་བྱེད་གཉིས་སོ། །དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཉིས་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་། ལྟུང་བྱེད་གཉིས་སོ། །དགེ་སློང་མས་སྦྱོར་བ་མང་པོས་ཤིང་ལྗོན་པ་གཉིས་གཅོད་
ན་དེ་ལ་ཉེས་བྱས་མང་པོ་དང་། ལྟུང་བྱེད་གཉིས་སོ། །དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་མང་པོ་གཅོད་ན་དེ་ལ་ཉེས་བྱས་གཅིག་དང་། ལྟུང་བྱེད་མང་པོར་འགྱུར་རོ། །དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་མང་པོ་གཅོད་ན་དེ་ལ་ཉེས་བྱས་གཉིས་
དང་། ལྟུང་བྱེད་མང་པོར་འགྱུར་རོ། །དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་མང་པོ་གཅོད་ན་དེ་ལ་ཉེས་བྱས་མང་པོ་དང་། ལྟུང་བྱེད་མང་པོར་འགྱུར་རོ། །དགེ་སློང་མས་རྩྭ་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་རྔ་ན་ལྟུང་བྱེད་དོ། །རྔར་འཇུག་ན་ལྟུང་བྱེད་དོ། །སྔོན་པོ་
ལ་ཡིད་གཉིས་ཟ་བས་རྔ་ན་ལྟུང་བྱེད་དོ། །རྔར་འཇུག་ན་ལྟུང་བྱེད་དོ། །སྐམ་པོ་ལ་སྔོན་པོར་འདུ་ཤེས་པས་རྔ་ན་ཉེས་བྱས་སོ། །རྔར་འཇུག་ན་ཉེས་བྱས་སོ། །སྐམ་པོ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །རྔར་འཇུག་ན་ཉེས་བྱས་སོ། །དགེ་སློང་མས་སྦྱོར་བ་གཅིག་གིས་རྩྭ་
གཅིག་རྔ་ན་དེ་ལ་ཉེས་བྱས་གཅིག་དང་། ལྟུང་བྱེད་གཅིག་གོ། དེ་བཞིན་དུ་གཉིས་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་མང་པོས་རྩྭ་གཉིས་ལ་ཡང་བརྗོད་པར་བྱའོ། །ཇི་ལྟར་ཤིང་ལྗོན་པ་ལ་བརྗོད་པ་དེ་བཞིན་དུ་རྒྱས་པར་རྩྭ་མང་པོ་ལ་ཡང་བརྗོད་པར་བྱའོ། །དགེ་
Vol. 9 · folio 213a
སློང་མས་ཤིང་ལྗོན་པའི་རྩྭ་རྒྱུན་འབྱིན་ན་ཉེས་བྱས་སོ། །ཕྱི་ཤུན་འཆུ་ན་ཉེས་བྱས་སོ། །ཕྲི་འཆུ་ན་ཉེས་བྱས་སོ། །ནང་ཤུན་འཆུ་ན་ཉེས་བྱས་སོ། །སྙིང་པོ་འབྱིན་ན་ལྟུང་བྱེད་དོ། །ལོ་མ་སྐྱ་བོ་ན་ཉེས་བྱས་སོ། །ལོ་མ་རློན་ན་ལྟུང་བྱེད་དོ། །མེ་ཏོག་
ཁ་བྱེ་ན་ཉེས་བྱས་སོ། །ཁ་མ་ཕྱེ་ན་ལྟུང་བྱེད་དོ། །འབྲས་བུ་སྨིན་ན་ཉེས་བྱས་སོ། །འབྲས་བུ་མ་སྨིན་ན་ལྟུང་བྱེད་དོ། །རྩྭ་ཉམས་པར་གྱུར་ཅིག །རྩྭ་རབ་ཏུ་ཉམས་པར་གྱུར་ཅིག་ཅེས་རྩྭ་སྔོན་པོའི་སྟེང་དུ་འཆག་པར་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཁུ་ཚན་ལ་སོགས་
པ་ལ་ཡང་ལྟུང་བྱེད་དོ། །ཉམས་པར་གྱུར་ཅིག །རབ་ཏུ་ཉམས་པར་གྱུར་ཅིག་ཅེས་ཤིང་ངམ། ཡལ་ག་འདྲེན་ན་ལྟུང་བྱེད་དོ། །འདྲེན་པའི་བསམ་པ་དང་། འཆག་པའི་བསམ་པ་ཡིན་ན་ལྟུང་བ་མེད་དོ། །ཆུ་དྲེག་ཉམས་པར་གྱུར་ཅིག་ཅེས་འཆག་ན་ཉེས་བྱས་སོ། །
ཁུ་ཚན་དང་། ཤིང་ལ་སོགས་པ་ལ་ཡང་ངོ་། །འཆག་པའི་བསམ་པས་ཡིན་ན་ལྟུང་བ་མེད་དོ། །ཉ་ལྕིབས་ཆུ་ནས་ཇི་སྲིད་མ་བཏོན་པ་དེ་སྲིད་དུ་ཉེས་བྱས་སོ། །བཏོན་ན་ལྟུང་བྱེད་དོ། །རྩ་བ་མེད་པའི་ས་བོན་གྱི་ཁམས་འབྱིན་ན་ཉེས་བྱས་སོ། །ཉ་ཚང་དང་། ཕ་བ་ལྒོ་ལྒོ་དང་།
ཤ་མོ་འབྱིན་ན་ཉེས་བྱས་སོ། །བུམ་པའི་འདམ་སྐྱ་བོ་འཕྱི་ན་ཉེས་བྱས་སོ། །ཁ་ཟས་འདམ་སྐྱ་བོ་ཟ་ན་ཉེས་བྱས་སོ། །གལ་ཏེ་རུང་བ་བྱས་པ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་གཉིས་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །
གང་གི་ཚེ་མཛའ་བོ་དང་། ས་ལས་སྐྱེས་ཀྱིས་དྲུག་སྡེ་རྣམས་ཀྱི་མདུན་དུ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འཕྱ་བར་བྱེད་པ་ན་དེ་བཞིན་དུ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་ཡང་བཅུ་གཉིས་སྡེ་རྣམས་ཀྱི་མདུན་དུ་གྱད་བུ་ནོར་ལ་འཕྱ་བར་བྱེད་དོ། །དེ་ནས་དགེ་སློང་མ་གནས་
བརྟན་གནས་བརྟན་དག་གིས་འདི་སྐད་ཅེས་སྨྲས་སོ། །མཛའ་མོ་འཁོར་གྱི་གཙོ་བོ་ལ་མ་འཕྱ་ཞིག །དེ་ལ་དེ་སྐད་དུ་བསྒོ་བ་ན་འོན་ཀྱང་འཕྱ་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
Vol. 9 · folio 213b
པ། དགེ་སློང་མ་དག་དགེ་སློང་མ་མཛའ་མོ་ངོར་འཕྱ་བའི་གྲངས་སུ་ཆུག་ཤིག །གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་
མཛའ་མོ་འདི་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ངོར་འཕྱ་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་མཛའ་མོ་ངོར་འཕྱ་བའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་
བའོ། །དེ་བཞིན་དུ་ལས་ཀྱང་བརྗོད་པར་བྱའོ། །འོན་ཀྱང་གཞོགས་འཕྱས་ཀྱིས་འཕྱ་བར་བྱེད་པ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་མཛའ་མོ་གཞོགས་འཕྱས་བྱེད་པའི་གྲངས་སུ་ཆུག་ཤིག་ཅེས་བྱ་
བའི་བར་ཏེ། འདི་ནི་གསོལ་བའོ། །ལས་ཀྱང་བརྗོད་པར་བྱའོ། །ཕྱི་ནས་གཞོགས་འཕྱས་དང་། ངོར་འཕྱ་བ་གཉིས་ཀ་བྱེད་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་མཛའ་མོ་གཉི་གར་འཕྱ་བའི་གྲངས་སུ་ཆུག་ཤིག་ཅེས་བྱ་
བའི་བར་ཏེ། གསོལ་བ་དང་། ལས་ཀྱང་བརྗོད་པར་བྱའོ། །དེ་དེ་ལྟར་བསྒོ་ཡང་འཕྱ་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་
པ་བཅའ་བའི་བར་དུ་མཛད་དེ། འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འཕྱའམ་ཞེས་བྱ་བ་ནི་འཕྱ་བའི་བསམ་པ་ཅན་གྱི་གང་ངག་དང་ཚིག་དང་། བརྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གྲངས་
སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མ་གྲངས་སུ་བཅུག་པར་གྱུར་
Vol. 9 · folio 214a
པས་ཡང་དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མ་གྲངས་སུ་བཅུག་པར་
གྱུར་པས་ཡང་དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་
གྱིས་མ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ། །གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མ་གྲངས་སུ་བཅུག་པར་མ་གྱུར་པས་ཀྱང་དགེ་འདུན་གྱིས་བསྐོས་པའི་
དགེ་སློང་མ་བཅུ་གཉིས་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ཉེས་བྱས་སོ། །གཞོགས་འཕྱས་བྱེད་ན་ཉེས་བྱས་སོ། །འཕྱ་བ་དང་གཞོགས་འཕྱས་བྱེད་ན་ཉེས་བྱས་སོ། །དེ་བཞིན་དུ་མུ་གཞན་གསུམ་རྒྱས་པར་བརྗོད་པར་བྱའོ། །ལྟུང་བྱེད་གཉིས་པའི་གཉིས་པ་རྫོགས་
སྷོ།། །།གླེང་གཞི་ནི་ཀཽ་ཤཱམྦཱི་ནའོ། །དེ་ན་དགེ་སློང་མ་འདུན་མ་ལ་ལྟུང་བ་བྱུང་བ་དང་། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ། ཕུ་ནུ་
མོ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག །དེ་དགེ་སློང་མ་དེ་རྣམས་ཀྱི་བསྒོ་བ་བཅག་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་འདུན་མ་བསྒོ་བ་གཅོག་པའི་
གྲངས་སུ་ཆུག་ཤིག་གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལྟུང་བ་བྱུང་ནས་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་
Vol. 9 · folio 214b
འཚལ་བ། སྨན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག་ཅེས་བགྱིས་ན། དེ་དགེ་སློང་མ་དེ་རྣམས་ཀྱི་བསྒོ་བ་གཅོག་པར་བགྱིད་
ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འདི་ལྟར་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་བསྒོ་བ་གཅོག་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །དེ་ཁོ་ན་བཞིན་ལས་ཀྱང་བྱའོ། །དེ་
འདི་སྙམ་དུ་མ་ལ་བདག་གིས་ཁ་རོག་པའམ། བདག་གིས་མ་སྨྲས་པར་གྱུར་ན་བདག་གྲངས་སུ་བཅུག་པར་མི་འགྱུར་བ་ཞིག་སྟེ། འདི་ལྟར་ལ་ལས་ཀྱང་། སྐྱེས་བུ་མཁས་པར་ལྡན་པ་ཡིས། །ངག་རྣམས་བཞི་པོ་བསྲུང་བྱ་སྟེ། །ནགས་ཀྱི་ནང་ན་གོང་མ་སྲེག །
སྒྲ་འབྱིན་པས་ནི་ཟིན་ལ་ལྟོས། །ཞེས་སྨྲས་སོ་སྙམ་དུ་བསམས་ནས་དེ་ཅང་མི་སྨྲ་བས་དགེ་སློང་མ་རྣམས་ཀྱི་བསྒོ་བ་གཅོག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་གས་གཅོག་པའི་གྲངས་སུ་གཞུག་པར་བྱ་སྟེ། གསོལ་བ་དང་ལས་བྱའོ། །དེ་
ལ་བསྒོ་བ་ན་འོན་ཀྱང་གཅོག་པར་བྱེད་པ་ནས་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས།
བསླབ་པ་བཅའ་བའི་བར་དུ་མཛད་དེ། བསྒོ་བ་གཅོག་ན་ལྟུང་བྱེད་དོ། །བསྒོ་བ་གཅོག་པ་ཞེས་བྱ་བ་ནི་བསྒོ་བ་གཅོག་པའི་བསམ་པ་ཅན་གྱི་གང་ངག་དང་། ཚིག་དང་། བརྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་
ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ཀྱི་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ། སྣམ་སྦྱར་དམར་སེར་ཅན་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན། མར་གྱིས་ལྷུང་བཟེད་བཀང་བའམ། སྦྲང་རྩིས་ལྷུང་བཟེད་བཀང་
Vol. 9 · folio 215a
བའམ། འོ་མས་ལྷུང་བཟེད་བཀང་བས་འགྲོ་བ་ཞིག་མཐོང་ངམ། ཞེས་ཟེར་བ་དེ་ལ་དེས་འདི་སྐད་ཅེས་དགེ་སློང་མ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ་གཞན་དྲིས་ན་ལན་གཞན་ལྡོན་པར་བྱེད་ཅིང་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་
ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ཀྱིས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ། སྣམ་སྦྱར་དམར་སེར་ཅན་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན་འཁར་གསིལ་ལྕགས་ཀྱིས་དཀྲིས་པས་བྱུང་བ་ཞིག་མཐོང་ངམ་ཞེས་ཟེར་བ་
ན་ཞེས་བྱ་བ་ནས་གཞན་ཐམས་ཅད་བརྗོད་དེ་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་བུ་རམ་ཤིང་གི་ཁུར་རམ། འདམ་བུའམ། སྨྱིག་མའམ། མདའི་
ཁུར་རམ། མར་གྱི་བུམ་པའམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའི་བུམ་པས་འགྲོ་བ་མཐོང་ངམ། ཞེས་ཟེར་བ་ན་དེ་འདི་སྐད་ཅེས་ཁོ་མོས་ཁྱིམ་པ་རྐང་པས་འོང་བ་ཞིག་མཐོང་གི་རྒྱུ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་
ལྡོན་པར་བྱེད་ཅིང་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་མོ་ཐམས་ཅད་སྔོ་བའམ། ཐམས་ཅད་སེར་བའམ། ཐམས་ཅད་དམར་བའམ། ཐམས་ཅད་
དཀར་བ་བགོས་པས་འགྲོ་བ་མཐོང་ངམ་ཞེས་འདྲི་བ་ན་དེ་འདི་སྐད་ཅེས་ཁོ་མོས་ཁྱིམ་པ་མོ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ། གཞན་དྲིས་ན་ལན་གཞན་ལྡོན་པར་བྱེད་ཅིང་བསྒོ་བ་གཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་གཤེད་མའི་
དྲུང་ནས་བྲོས་པ་ཞིག་གཤེད་མས་རྗེས་ཐོགས་ལ་དེ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་ལམ་འདི་ནས་གསད་པ་ཞིག་བྲོས་པ་གཟིགས་སམ་ཞེས་དྲིས་ན་དེས་དེ་ལ་གསོད་པའི་གཤེད་མ་ལ་རིགས་པས་བརྗོད་པར་བྱ་སྟེ། གལ་ཏེ་ཚ་བའི་དུས་
Vol. 9 · folio 215b
ཡིན་ན་བཞིན་བཟངས་རེ་ཞིག་ཡུད་ཙམ་ཞིག་ངལ་སོ་ཤིག །རེ་ཞིག་ཆུ་གྲང་མོ་དག་འཐུང་ཤིག་ཅེས་བསིལ་ཡབ་དག་གིས་གཡབ་པར་བྱའོ། །གལ་ཏེ་གྲང་བའི་དུས་ཡིན་ན། འདི་སྐད་ཅེས་བཞིན་བཟངས་རེ་ཞིག་བསྲོ་གང་དུ་ཞུགས་ཤིག །ཡུད་ཙམ་ཞིག་གནས་
དྲོན་པོར་ངལ་སོ་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་གཤེད་མ་དེ་འདི་སྐད་ཅེས་བདག་རིངས་ཀྱིས་ཐོང་ཤིག་ཅེས་ཟེར་ན་དེ་ལ་འདི་སྐད་ཅེས་ནམ་མཁའ་ལ་བལྟས་ཏེ། ནམ་མཁའ་མཐོང་ངོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་སེན་མོ་ལ་བལྟས་ཏེ་སེན་མོ་མཐོང་ངོ་ཞེས་
བརྗོད་པར་བྱའོ། །གལ་ཏེ་གཤེད་མ་ཟིན་པོ་ཞིག་སྟེ། འདི་སྐད་ཅེས་བདག་རྣམ་པ་འདི་དག་མི་འདྲིའོ། །བདག་ནི་གསད་པ་འདྲིའོ་ཞེས་ཟེར་ན་དགེ་སློང་མ་དེས་འདུ་བྱེད་ཐམས་ཅད་སྟོང་པ་ཉིད་དུ་ལྷག་པར་མོས་པར་བྱས་ལ་ཅུང་ཟད་ཀྱང་མཐོང་བ་མེད་དོ་ཞེས་བརྗོད་
པར་བྱའོ། །དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་དེ་སྐད་ཅེས་འདྲི་བ་ལ་གལ་ཏེ་དགེ་སློང་མས་ཅང་མི་སྨྲ་བས་གཅོག་ན་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ན་བའི་སྨན་ཁར་བཅུག་པར་གྱུར་པའམ། ཁའི་ནད་ཀྱིས་ཐེབས་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་གཉིས་
པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་རབ་ཏུ་མང་པོ་གཟིགས་ནས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ན་རང་བཞིན་དུ་གནས་པའི་དགེ་སློང་
མ་གང་དག་ཡིན་པ་དེ་དག་ནི་བསླབ་པའི་གཞི་དེའི་རྗེས་སུ་སྒྲུབ་པར་བྱེད་དོ། །དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་རྣམས་མ་བརྟུལ་བར་མཚམས་ཀྱི་ཕྱི་རོལ་དུ་དོང་ངོ་། །དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དེ་དག་གིས་
བཅུ་གཉིས་སྡེ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་མ་བཅས་སམ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ། །
Vol. 9 · folio 216a
ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་གཉི་གའི་ཐུན་
མོང་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་བླ་གབ་མེད་པར་གནས་མལ་གཞག་པར་མི་བྱའོ་ཞེས་བཅའ་བ་མཛད་པ་དང་། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དོན་མཐུན་དང་ལྷན་ཅིག་འགྲོགས་ཏེ་རི་འོར་ཞིག་ཏུ་ཕྱིན་པ་དང་། དེ་རྣམས་ཀྱིས་གཙུག་
ལག་ཁང་དེར་གནས་མལ་རྙེད་ནས་ཕྱི་དེ་ཉིན་པར་གནས་མལ་གཏོང་བ་ན་དོན་མཐུན་དང་ཡང་བྲལ་ནས། དེ་དག་འབའ་ཞིག་དོང་བ་ལས་ཆོམ་རྐུན་པ་རྣམས་ཀྱིས་བཏོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། བཅོལ་ཏེ་འདོང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གཙུག་ལག་ཁང་ན་གནས་ན་དགེ་སློང་ལ་བཅོལ་བར་བྱའོ། །དབྱར་ཁང་ན་གནས་ན་དགེ་སློང་མ་ལ་བཅོལ་བར་བྱའོ། །
དེ་དག་དེ་རྣམས་ལ་འཆོལ་བ་ན་ཡང་ཐོགས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཅོལ་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཙུག་ལག་ཁང་འདེ་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདེ་རེ་ཞེས་བྱ་
བ་དང་། གནས་མལ་ལྟོས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་གཞུག་པ་ཉིད་ནི་ལྔ་པ་ཡིན་ཏེ། དེ་ལྟར་བྱས་ནས་དེའི་འོག་ཏུ་འདོང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པའི་བསྔགས་པ་
བརྗོད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་འདུན་གྱི་ཁྲིའམ། ཁྲིའུའམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བཏིང་བ་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་ཡོད་པ་ལ་
Vol. 9 · folio 216b
མ་བཅོལ་བར་དེའི་འོག་ཏུ་དོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་
བཞི་ཤོང་བའོ། །ཁྲི་ཞེས་བྱ་བ་ནི་ཉལ་བའིའོ། །ཁྲིའུ་ཞེས་བྱ་བ་ནི་འདུག་པའིའོ། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །ལ་བ་ཞེས་བྱ་བ་ནི་ལ་བའོ། །སྔས་ཞེས་བྱ་བ་ནི་སྔས་སུ་གཞུག་པའོ། །གོར་བུ་ཞེས་བྱ་བ་ནི་གྲུ་བཞིའོ། །བླ་གབ་མེད་
པར་ཞེས་བྱ་བ་ནི་བར་སྣང་ངོ་། །བཏིང་བ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །འདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་ནོ། །མ་བསྡུས་སམ་ཞེས་བྱ་བ་ནི་རང་གིས་སོ། །སྡུད་དུ་མ་བཅུག་པར་ཞེས་བྱ་བ་ནི་གཞན་ནོ། །དེའི་འོག་ཏུ་དོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནས་
སོ། །གནས་མལ་གྱི་ཉེན་ཀོར་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོམ་བཞི་བཅུ་རྩ་དགུའོ། །ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་
ཞུས་པ། བཙུན་པ་གནས་མལ་ཕན་ཕུན་དུ་འགྱུར་བ་དུ་མཆིས། ཉེ་བ་འཁོར་གཉིས་ཏེ། གཉིས་གང་ཞེ་ན། ཆར་གྱིས་ཕན་ཕུན་དུ་འགྱུར་བ་དང་། རླུང་གིས་ཕན་ཕུན་དུ་འགྱུར་བའོ། །ཆར་གྱིས་ཕན་ཕུན་དུ་འགྱུར་བ་གང་ཞེ་ན། ཉེ་བ་འཁོར་གལ་ཏེ་ཆར་
གྱི་ཆུས་གནས་མལ་རིམ་པ་གཉིས་བརླན་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །མ་བརླན་ན་ཉེས་བྱས་ཏེ་འདི་ནི་ཆར་གྱིས་ཕན་ཕུན་དུ་འགྱུར་བ་ཞེས་བྱའོ། །གལ་ཏེ་རླུང་གིས་རིམ་པ་གཉིས་བཟློག་པར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ། །མ་བཟློག་ན་ཉེས་བྱས་སོ། །གལ་ཏེ་
ལམ་དུ་ཞུགས་པ་ན་དྲན་ན་དེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བདག་གིས་གནས་འདི་འདྲ་བ་ཞིག་ཏུ་གནས་མལ་བཞག་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བརྟུལ་གྲང་ཞེས་བརྗོད་པར་བྱ་ལ། ལྟུང་བ་དེ་ཡང་སླར་ཆོས་བཞིན་བྱའོ། །ལམ་དུ་དགེ་སློང་མ་
Vol. 9 · folio 217a
མཐོང་ན་ཐ་ན་བཏའ་བར་བྱ་ཞིང་གར་སོན་ཡང་ཐ་ན་བཏའ་བར་བྱ་ལ། ལྟུང་བ་དེ་ཡང་སླར་ཆོས་བཞིན་དུ་བྱའོ། །དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་ཞེས་བྱ་བ་ནི་དེ་ན་ཡོད་པའི་དགེ་སློང་མ་གང་ཡིན་པའོ། །དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི་དེའི་སྲོག་གི་བར་
ཆད་དུ་འགྱུར་བ་གང་ཡིན་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་འདུན་གྱི་ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་ཞེས་བྱ་བ་ནས། གནས་མལ་བླ་
གབ་མེད་པར་བཏིང་ངམ། འདིང་དུ་བཅུག་པ་མ་བསྡུས་སམ། སྡུད་དུ་མ་བཅུག་པར་སོང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་དུ་གནས་མལ་བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ལ། གཙུག་ལག་ཁང་དུ་ཞུགས་
ནས་དྲན་པ་ཉེ་བར་མ་བཞག་པ་ཉེ་བར་གཞག་པའམ། སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་པའམ། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་བཞག་ལ་ཐུན་དང་པོ་ཕྱེད་ཁོར་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །
ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་ཐུན་དང་པོ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་ཐུན་དབུ་མ་ཕྱེད་ཁོར་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་
དུ་ཐུན་དབུ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་ཐུན་ཐ་མ་ཕྱེད་ཁོར་ན་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་ཐུན་ཐ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་
བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་སྐྱ་རེངས་ཤར་ཀའི་དུས་ཀྱི་ཚེ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་སྐྱ་རེངས་ཐ་མ་དང་། དེ་བཞིན་དུ་གླང་པོ་ཆེ་འདོན་པའི་དུས་ཀྱི་ཚེ་དང་། དེ་བཞིན་དུ་
Vol. 9 · folio 217b
གླང་པོ་ཆེ་བཏོན་པ་དང་། དེ་བཞིན་དུ་ནམ་ཕན་ཕུན་དང་། དེ་བཞིན་དུ་ནམ་ནངས་པ་དང་། དེ་བཞིན་དུ་ཉི་མ་འཆར་ཀའི་དུས་ཀྱི་ཚེ་དང་། དེ་བཞིན་དུ་ཉི་མ་རྩེ་དང་། དེ་བཞིན་དུ་དྲོས་བུ་ཆུང་དང་། དེ་བཞིན་དུ་དྲོས་ཆེན་དང་། དེ་བཞིན་དུ་ཕྱེད་ཡོལ་ན་བྱུང་བ་ན་ཕན་ཕུན་དུ་
གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་ཞེས་བྱ་བ་ནས། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་འཇོག་པའི་ཕྱིར་ཞུགས་ནས་ཞེས་བྱ་བའི་བར་རོ། །དུང་འབུད་པ་
གསུམ་པ་ལ་བྱུང་ནས་ཞེས་བྱ་བ་ནས་ཉི་མ་ནུབ་ཀ་ན་བྱུང་ནས་ཞེས་བྱ་བའི་བར་ཏེ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། །།གཞུང་བླ་མའི་བསྡུས་པའི་སྡོམ་ནི། ཆོས་མཉན་པ་དང་དེ་བཞིན་དུ། །ཟན་ཟ་བ་དང་དེ་བཞིན་གྲོང་། །གཙུག་
ལག་ཁང་དུ་བཅོལ་བ་དང་། །ནད་པ་དང་ནི་གནས་མལ་དང་། །ལྔ་ལ་བཅོལ་བར་མི་བྱ་དང་། །ཁྲི་གཅིག་ལ་ནི་གཉིས་འདུག་པའོ། །དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དགེ་སློང་མའི་དབྱར་ཁང་དུ་ལྷགས་པ་དང་། དགེ་སློང་མ་དེ་རྣམས་ཀྱི་ལྷན་
ཅིག་འདུ་འཛིའི་གཏམ་གྱིས་དུས་འདའ་བར་བྱེད་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་འདུ་འཛིའི་གཏམ་སྨྲ་བ་ནི་འཚམ་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཆོས་ཤོད་ཅིག །དེ་དག་ལངས་ཏེ་གུས་ཤིང་མདུན་དུ་འདུག་ནས་ཆོས་འཆད་པར་བྱེད་
པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་ལ་ཆོས་བཤད་པར་བྱ་སྟེ། ཁྱིམ་པ་མོ་དེ་རྣམས་ལ་ཡང་སྟན་བསྟབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུག་ལ་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ནས་དགེ་
སློང་མ་དེ་རྣམས་ཀྱིས་གྲལ་རིངས་སུ་ཤོམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་རྣམ་པ་གཉིས་པོ་ཟླ་གམ་ལྟ་བུའམ། གྲུ་བཞིར་གདིང་བར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ་པ་ན་དེ་དག་གིས་
Vol. 9 · folio 218a
གང་གིས་བཤད་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོབས་པའི་མཐུ་དང་ལྡན་པར་གྱུར་པ་གང་ཡིན་པ་དེས་བཤད་པར་བྱའོ། །དེ་ནས་རྒན་རིམས་མཐུ་དང་ལྡན་པ་མ་ཡིན་པར་གྱུར་ནས། འོག་མ་གཞོན་རིམས་དག་འཆད་པར་
བྱེད་པ་ན་དེ་དག་རྒན་རིམས་ནས་གཞོན་རིམས་སུ་དོང་ནས་ཉན་པར་བྱེད་པས་རྒན་རིམས་དེ་དག་མི་བརྗེད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བའི་སེང་གེའི་ཁྲི་བཤམ་པར་བྱ་ཞིང་སེང་གེའི་ཁྲི་ལས་སྨྲ་བར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་
སེང་གེའི་ཁྲི་ལས་སྨྲ་བར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ་མདོ་རིང་པོ་དག་རྒྱས་པར་སྨྲ་བར་བྱེད་པ་ན་ཁྱིམ་པ་མོ་རྣམས་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆ་གསུམ་པ་དང་། ལྔ་པ་ནས་ཆ་གསུམ་པ་དང་། སྟོན་པ་ཡོངས་སུ་བསྒྲགས་པ་ལ་ཚར་བསྲང་
སྟེ་སྨྲ་བར་གནང་ངོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་ཁྱིམ་བདག་མོ་རྣམས་ཟས་དག་གཡོ་བར་བྱེད་པ་ན་དེ་རྣམས་སྣོད་སྤྱད་དག་རྙེན་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙོས་ཤིག །སྟན་དག་རྙེན་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རྙོས་ཤིག །དེ་ནས་དེ་དག་གྲོང་དུ་མགྲོན་དུ་འབོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་དོང་ལ་ལོངས་སྤྱད་པར་བྱའོ། །དེ་ནས་ཁྱིམ་བདག་མོ་རྣམས་ཀྱིས་དེ་དག་ལ་འདི་སྐད་ཅེས་འཕགས་མ་དག་ཁྱེད་ཅག་ཅིའི་སླད་དུ་ཆབ་སྣོད་དག་སྣོམས་ཏེ་མ་
བྱོན་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་བུམ་པ་དང་། རིལ་བ་དང་། སྟན་དང་། སེང་གེའི་ཁྲི་དག་བཀུར་བར་བྱའོ། །ཇི་ཙམ་ན་དགེ་སློང་མ་ནད་པ་ཞིག་ཡོད་པ་དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཕུ་ནུ་མོ་དག་འཆི་བར་འགྱུར་རོ། །
དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཅི་སྟེ། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ནད་པ་ལ་འདྲི་བ་འགའ་ཡང་མེད་དོ་ཞེས་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བལྟ་བར་བྱའོ། །ལྟ་བར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གང་
Vol. 9 · folio 218b
གི་ཚེ་བཅོམ་ལྡན་འདས་ཀྱིས་ནད་པ་ལ་བལྟ་བར་བྱའོ། །ཞེས་བཀའ་སྩལ་པ་དང་། དེ་ཕྱིན་ཆད་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ནད་པ་ལ་བལྟ་བའི་ཕྱིར་འདོང་བ་ན། དེ་ནས་ནད་པས་མཐོང་ནས་གང་གི་ཕྱིར་དགེ་འདུན་ཐམས་ཅད་ལྷགས་པ་ལས་ན། བདག་ནི་འཆི་
བར་འགྱུར་གོར་མ་ཆག་གོ་སྙམ་ནས་སྐྲག་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གཅིག་གམ། གཉིས་འགྲོ་བར་བྱའོ། །དེར་དོང་བ་ན་སྟན་དག་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་འདྲི་བའི་ཆེད་དུ་སྟན་དག་གདིང་
བར་བྱའོ། །གང་གི་ཚེ་བཏིང་བ་དེའི་ཚེ་དེ་དག་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་བླ་གབ་མེད་པར་གནས་མལ་དོར་བར་མི་བྱའོ་ཞེས་གསུངས་སོ་སྙམ་དུ་སེམས་ཤིང་། དེ་དེ་དག་དེ་ཉིད་ན་སྲུང་ཞིང་འཁོད་པ་ན་དེ་དག་གི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་།
མཁན་པོ་དང་། སློབ་དཔོན་གྱི་བྱ་བ་གང་ཡིན་པ་དེ་དེས་ཉམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོལ་ལ་འདོང་བར་བྱའོ། །དེ་དག་ནད་པ་ལ་འཆོལ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རྐྱེན་ལྔས་
གནས་མལ་བླ་གབ་མེད་པར་བོར་ཏེ་འདོང་བར་མི་བྱའོ་ཞེས་བྱ་བའི་བར་རོ། །ལྔ་པོ་དེ་དག་གང་ཞེ་ན་ཞེས་བྱ་བ་ནས་རྒས་པ་དང་། ངོ་ཚ་བ་མེད་པ་དང་། བར་ཆད་དང་བཅས་པ་དང་། འགྱོད་པ་མེད་པ་དང་། བསྙེན་པར་མ་རྫོགས་པའོ་ཞེས་བྱ་བའི་བར་ཏེ། དེ་
དག་རྐྱེན་དུ་བྱས་ནས་དོར་བར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཉིས་ཁྲི་གཅིག་ལ་འདུག་ན་གང་གིས་ཁྲི་བརྟུལ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་པས་སོ། །གཉིས་ཀ་གཞོན་པར་གྱུར་ན་གལ་ཏེ་བཟོད་ན་གཅིག་
གིས་སོ། །ལྟུང་བྱེད་གཉིས་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷོ་ལམ་ནས་འོངས་པའི་དགེ་སློང་ཞིག་ལ་བརྟེན་ནས་རྩྭའི་གདིང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་རང་བཞིན་དུ་གནས་
Vol. 9 · folio 219a
པའི་དགེ་སློང་མ་དེ་རྣམས་ཀྱིས་ནི་ཐོས་ནས་རྗེས་སུ་སྒྲུབ་པར་བྱེད་དོ། །བཅུ་གཉིས་སྡེ་རྣམས་ཀྱིས་ནི་རྩྭའི་གདིང་བ་དག་བཏིང་ཞིང་འདིང་དུ་བཅུག་ནས། མི་སྡུད་ཅིང་སྡུད་དུ་མ་བཅུག་གོ། །དེ་ནས་བཅུ་གཉིས་སྡེ་རྣམས་ལ་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་
སོ། །ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། ཅིའི་ཕྱིར་རྩྭའི་གདིང་བ་དག་མི་རྟུལ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་།
དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ།
ཡང་དགེ་སློང་མ་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་ལྟ་བུའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་
དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །རྩྭའི་གདིང་བ་ཞེས་བྱ་བ་ལ། རྩྭ་ཞེས་བྱ་བ་ནི་རྩྭ་ཉིད་དོ། །ལོ་མ་ཞེས་བྱ་བ་ནི་ལོ་མ་དག་ཉིད་དོ། །བཏིང་ངམ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །འདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །མ་བསྡུས་
སམ་ཞེས་བྱ་བ་ནི་རང་གིས་སོ། །སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ། །དེ་ནས་སོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནའོ། །གདིང་བའི་ཉེན་ཀོར་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོམ་བཞི་བཅུ་རྩ་དགུ་སྟེ། ཕན་ཕུན་དུ་གྱུར་
ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །ཉེ་བ་འཁོར་གྱིས་ཞུས་པ། གདིང་བ་ལ་ཕན་ཕུན་དུ་གྱུར་པ་དུ་མཆིས། ཉེ་བ་འཁོར་གཉིས་ཏེ། རླུང་གིས་ཕན་ཕུན་དུ་གྱུར་པ་དང་། སྲིལ་གྱིས་ཕན་ཕུན་དུ་འགྱུར་བའོ། །རླུང་གིས་ཕན་ཕུན་དུ་འགྱུར་
Vol. 9 · folio 219b
བ་གང་ཞེ་ན། རླུང་གིས་གདིང་བ་རིམ་གཉིས་བཟློག་པར་གྱུར་པ་སྟེ་ལྟུང་བྱེད་དུ་འགྱུར་རོ། །མ་བཟློག་ན་ཉེས་བྱས་ཏེ་འདི་ནི་རླུང་གིས་ཕན་ཕུན་དུ་གྱུར་པ་ཞེས་བྱའོ། །སྲིལ་གྱིས་ཕན་ཕུན་དུ་གྱུར་པ་གང་ཞེ་ན། གལ་ཏེ་སྲིལ་རྣམས་ཀྱིས་གདིང་བ་རིམ་གཉིས་
གློངས་པར་གྱུར་པ་སྟེ་གློངས་ན་ལྟུང་བྱེད་དོ། །མ་གློངས་ན་ཉེས་བྱས་སོ། །ལམ་དུ་དོང་བ་ན་དྲན་ན་ཉེས་བྱས་ཞེས་བྱ་བ་ནས། གནས་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།
གང་ཡང་དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་པར་དེ་ཇི་སྲིད་དུ་ཉེན་ཀོར་སྤངས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ཡང་དགེ་སློང་མ་གང་
ཞིག་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་གཙུག་ལག་ཁང་དུ་ཞུགས་ཏེ་དྲན་པ་ཉེ་བར་མ་བཞག་པ་ཉེ་བར་གཞག་པ་དང་། སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་
པ་དང་། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ་ཞེས་ནང་དུ་ཡང་དག་པར་བཞག་ལ་ཐུན་དང་པོ་ཕྱེད་ཁོར་ན་བྱུང་ལ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ། །ཉི་མ་ནུབ་ཀ་ན་ཞེས་བྱ་བ་ནས་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་
དོ། །ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ་ཞེས་བྱ་བའི་བར་གནས་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །ལམ་ཀར་གནས་མལ་བཏིང་བ་ལ་ཉལ་བ་དེ་དག་འགྱོད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློང་བར་བྱའོ། །གློང་
བར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་ཕྱིས་དབྱར་ཁང་དུ་ཚོན་རྩིའི་ལས་དག་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་རྩྭ་དག་བཀྲམ་པར་གྱུར་པ་དང་། བསླབ་པ་འདོད་པ་དེ་དག་གིས་རྩྭ་དེ་དག་བསྡུས་ནས་དབྱར་ཁང་གི་ཕྱི་རོལ་དུ་བོར་བ་དང་། གཞན་
Vol. 9 · folio 220a
དག་ཕོངས་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་འགའ་ཞིག་སེམས་ལས་ཆུང་བར་གྱིས་ཤིག་ཅེས་ཟེར་ན་མི་དོར་རོ། །ལྟུང་བྱེད་གཉིས་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་
སྦོམ་དགའ་མོས་དབྱར་གྱི་ཐལ་ནས་རྒྱུ་ཞིང་སོང་བ་དང་། དེ་ནས་དགེ་སློང་མ་གཞོན་ནུ་རྣམས་ཀྱིས་མཁན་མོ་དང་སློབ་དཔོན་མོ་དག་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་དག་བདག་ཅག་ཀྱང་རྒྱུ་ཞིང་མཆི་ལགས་སོ། །དེ་དག་གིས་དྲིས་པ་སུ་དང་ལྷན་ཅིག །དེ་
རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྦོམ་དགའ་མོ་དང་ངོ་། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །མ་འདེང་ཤིག །ཅིའི་སླད་དུ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །སྦོམ་དགའ་མོ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ། །ཞེས་དེ་དག་གིས་དེ་
ལྟར་བཟློག་ཀྱང་དེ་དང་ལྷན་ཅིག་རྒྱུ་ཞིང་དོང་སྟེ། དེ་དག་རྒྱུ་ཞིང་དོང་བ་ན་རི་འོར་ཞིག་ཏུ་ཕྱིན་ཏོ། །དེ་ནས་གཞོན་ནུ་དེ་རྣམས་ཀྱིས་རྩྭ་དག་བསླངས་ཏེ་གདིང་བ་བཤམས་ནས་དེ་དག་ཉལ་བ་དང་། སྦོམ་དགའ་མོས་དབུས་སུ་མཆོངས་ནས་གནོད་པར་བྱས་ཤིང་ཕུལ་ཏེ་གོ་
བཤུགས་ནས་འདི་སྐད་ཅེས་སུ་ལ་གནོད་པར་འགྱུར་བ་དེ་དག་འདོང་བར་འགྱུར་གྲང་ཞེས་སྨྲས་སོ། །དེ་ནས་དགེ་སློང་མ་དེ་རྣམས་ཕྱི་དེ་ཉིན་པར་སླར་ལོག་པ་དང་། དེ་ནས་དགེ་སློང་མ་སྦོམ་དགའ་མོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་ཁྱེད་ལ་ནད་ཀྱི་སྨན་
ལ་སོགས་པ་སྦྱར་བར་བྱའོ། །ཞེས་བྱ་བ་ནས། གཞོན་ནུ་མ་དེ་དག་གིས་སྐབས་དེ་མཁན་མོ་དང་། སློབ་དཔོན་མོ་དག་ལ་རྒྱས་པར་སྨྲས་སོ། །ཞེས་བྱ་བའི་བར་རོ། །དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་སྔ་ནས་འཁོད་པར་ཤེས་བཞིན་དུ་དེའི་འོག་ཏུ་འོངས་ནས་སུ་ལ་གནོད་པར་འགྱུར་བ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་
Vol. 9 · folio 220b
ཏེ་ཕྱིས་གནོན་བྱས་ནས་སྟན་ལ་འདུག་པར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ། །སྔ་ནས་འཁོད་པར་ཞེས་བྱ་བ་ནི་སྔ་ནས་འདུག་པར་རོ། །
ཕྱིས་གནོན་བྱས་ནས་ཞེས་བྱ་བ་ནི་འཕྲལ་དུ་མཐུས་སོ། །སྟན་ལ་ཞེས་བྱ་བ་ནི་གདིང་བ་ལའོ། །འདུག་པར་བྱེད་ན་ཞེས་བྱ་བ་ནི་འདུག་པར་བྱེད་པའམ། ལུས་སྙོལ་བར་བྱེད་པའོ། །སུ་ལ་གནོད་པར་འགྱུར་བ་ཞེས་བྱ་བ་ནི་གོ་མི་འཚུགས་པ་གང་ཡིན་པའོ། །དེ་འགྲོ་
བར་འགྱུར་གྲང་ཞེས་བྱ་བ་ནི་དེ་ལངས་ཏེ་འགྲོ་བའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དག་སྔ་ནས་འཁོད་པར་ཤེས་བཞིན་དུ་སུ་ལ་གནོད་པར་འགྱུར་བ་དེ་འགྲོ་
བར་འགྱུར་གྲང་ཞེས་ཕྱིས་གནོན་བྱས་ནས་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ནད་པ་ཡིན་ན་ལྟུང་བ་མེད་དོ། །གལ་ཏེ་སྐྲག་པ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་གཉིས་པའི་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་
ནའོ། །དེའི་ཚེ་སྦོམ་དགའ་མོ་འཁོར་དང་བཅས་ཏེ་ལྗོངས་རྒྱུ་ཞིང་སོང་བ་ན་མཉན་ཡོད་དུ་ཕྱིན་ཏོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགེ་སློང་དང་། དགེ་སློང་མ་རྣམས་གནས་མལ་འགེད་པར་བྱེད་པ་འདི་ནི་ལུགས་ཡིན་པས་དེ་ནས་དགེ་སློང་མའི་དབྱར་ཁང་གི་
གནས་མལ་འགེད་པ་ན་སྦོམ་དགའ་མོའི་སྐལ་བར་སྟེང་གི་ཡང་ཐོག་ཅིག་བབ་པ་ལས་དེ་ཤེས་བཞིན་དང་མི་ལྡན་པར་གནས་མལ་དེ་ལ་འདུག་སྟེ། དེ་འདུག་པ་ན་ཁྲིའི་རྐང་པས་ཁང་ཐོག་རྡོལ་བར་བྱས་ཏེ། ཁྲིའི་རྐང་པ་ལྟུང་བས་དེའི་འོག་ན་དགེ་སློང་མ་ཞིག་ཡོད་
པའི་མགོ་བོ་བརྟོལ་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་
Vol. 9 · folio 221a
པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྟེང་གི་ཡང་ཐོག་ཏུ་ཁྲིའམ། ཁྲིའུ་རྩ་བ་འབྱུང་བ་ལ་ལྗིད་ཀྱིས་མནན་ཏེ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་
དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤོང་བའོ། །སྟེང་གི་ཞེས་བྱ་བ་ནི་ཁང་ཐོག་གི་སྟེང་ངོ་། །ཡང་ཐོག་ཅེས་བྱ་བ་ནི་གནས་ཁང་ངོ་། །རྩ་བ་འབྱུང་བ་ལ་ཞེས་བྱ་བ་ནི་རྐང་པ་འབྱུང་བའོ། །
འདུག་གམ་ཞེས་བྱ་བ་ནི་འདུག་པར་བྱེད་པའོ། །ཉལ་ལམ་ཞེས་བྱ་བ་ནི་ལུས་སྙོལ་བར་བྱེད་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྟེང་གི་ཁང་ཐོག་གི་ཡང་ཐོག་ཏུ་ཁྲིའམ། ཁྲིའུའི་རྩ་བ་འབྱུང་བ་ལ་འདུག་གམ་ཉལ་ན་ཐམས་
ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་སོ་ཕག་གིས་གཡོགས་པའམ། སྤང་ལེབ་ཀྱིས་གཡོགས་པའམ། དྲལ་བུའམ། ཤིང་ལེབ་བམ། ཤིང་ལེབ་ཆུང་ངུས་གཡོགས་པའམ། ཞལ་ཞལ་བྱས་པའམ། རྐང་རྟེན་བཅུག་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་
གཉིས་པའི་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་ལ་འདེབས་པར་བྱེད་ས་དང་ལྕི་བ་ལ་ཡང་འདེབས་པར་བྱེད་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་སྲོག་ཆགས་དང་
བཅས་པའི་ཆུས་རྩྭའམ་ལྕི་བ་ལ་མ་འདེབས་ཤིག །དེས་འདི་སྐད་ཅེས་ཅི་ཁོ་མོ་ལ་བགྲངས་ཏེ་གཏད་དམ། ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་
སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་
Vol. 9 · folio 221b
འཇུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྲོག་ཆགས་དང་བཅས་པའི་ཞེས་བྱ་བ་ལ་སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་དུ་སྣང་བར་འགྱུར་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ། །ཆུས་ཞེས་བྱ་བ་
ནི་ཆུས་རྩྭའམ། སའམ། འཇི་བའམ། ལྕི་བའམ། ལུད་ལའོ། །འདེབས་སམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འདེབས་སུ་བཅུག་ན་ཞེས་བྱ་བ་ནི་གཞན་དག་གོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྲོག་
ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ཏེ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ནས་འདེབས་སམ། འདེབས་
སུ་འཇུག་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མས་ཡུར་བ་འདྲེན་པར་བྱེད་ན་དེར་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །ཇི་སྙེད་མ་ཤི་བ་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་རྒྱུན་གཅོད་པར་བྱེད་པ་
དང་། ཞིང་གི་དཀའ་གཅོད་པ་དང་། འགོག་ཅིང་གཏོང་བ་སྟེ། ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ལྟུང་བྱེད་གཉིས་པའི་བརྒྱད་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅྭ་བརྒྱད་པ། གླེང་གཞི་ནི་
མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བསོད་ནམས་དག་ནི་བྱ་བ་སྟེ། །བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་དུ། །བསོད་ནམས་བྱས་པ་དགའ་བར་འགྱུར་ཞེས་བཀའ་སྩལ་པ་དེའི་ཚེ། དགེ་སློང་མ་དེ་དག་
གིས་གནས་ཁང་དང་། ར་བ་དང་། སྒོ་ཁང་ལ་སོགས་པ་བྱ་བར་བརྩམས་སོ། །དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་ལས་ཡོངས་སུ་ཉམས་སོ་སྙམ་དུ་བསམས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་
Vol. 9 · folio 222a
དང་། ཆོས་གོས་བླངས་ཏེ། ཚོང་དཔོན་གྱི་ཆུང་མ་ཞིག་གི་དྲུང་དུ་སོང་ནས་སོན་པ་དང་འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་མ་ནད་མེད་པར་གྱུར་ཅིག །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོའི་ཕྱིར་སྟན་བཏིང་ངོ་། །དེ་ནས་སྦོམ་དགའ་
མོ་སྟན་བཏིང་བ་ལ་འདུག་གོ། །འདུག་ནས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་མདོ་རྒྱས་པར་རྣམ་པར་ཕྱེ་བས་ཁྱིམ་བདག་གི་ཆུང་མ་དེ་དད་པར་བྱས་ནས་སྐབས་འབྱེད་དུ་བཅུག་གོ་ཞེས་བྱ་བ་ནས་དེས་སྨྲས་པ། གཙུག་ལག་ཁང་གི་རྒྱུ་ཅུང་ཟད་ཅིག་
བྱིན་ཅིག་ཅེས་བྱ་བའི་བར་རོ། །དེ་ནས་སྦོམ་དགའ་མོས་དབྱར་ཁང་དེ་ལ་སྟོར་ཁུང་ཡང་མེད། ཆུ་ཁུང་ཡང་མེད་པ། སྦྱང་གི་དབྱིབས་ལྟ་བུ་ཞིག་བརྩིག་པར་བརྩམས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་
མ་བཅོམ་ལྡན་འདས་ཀྱི་སྒོ་ཁང་དང་། གཏན་པའི་གནས་ཇི་སྲིད་པར་འཇི་བའི་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ་ཞེས་བཀའ་སྩལ་པ་མ་ཡིན་ནམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཀའ་སྩལ་གྱི་དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་བུ་
ཟན་གྱི་བུ་མོ་དག །ཀྱེ་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་གཙུག་ལག་ཁང་ཅི་འདྲ་བར་བརྩིགས་པར་ཤེས་སོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་
བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན་སྒོ་ཁང་དང་། གཏན་པ་དང་། སྣང་བའི་གནས་ཇི་ཙམ་པའི་
འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ་འཇི་བའི་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ། །ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་ནི་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང་། ཚད་ལས་ཏེ། དོན་འདི་ལ་ནི་སྦྱིན་པར་བྱ་བ་ལས་ཡིན་པར་
Vol. 9 · folio 222b
དགོངས་སོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་ཤོང་བའོ། །རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་ནོ། །སྒོ་ཁང་དང་། གཏན་པའི་གནས་ཞེས་བྱ་བ་ནི་སྒོ་ཁང་དང་། སྐར་ཁུང་གི་འདུ་ཤེས་དང་། ཆུ་ཁུང་གི་འདུ་ཤེས་སོ། །འཇི་
བའི་རིམ་པ་གཉིས་སམ་གསུམ་ཞེས་བྱ་ལ། འཇི་བ་ཞེས་བྱ་བ་ནི་འཇིམ་པའོ། །རིམ་པ་ཞེས་བྱ་བ་ནི་རྩེག་མའོ། །བརྩིག་པར་བྱའོ་ཞེས་བྱ་བ་ནི་བསླང་བར་བྱ་བའོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་གོང་དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་
ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཇི་བའི་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་རྩིག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་གཙུག་ལག་ཁང་རྡོ་བའི་རྒྱུ་ལས་རྩིག་གམ། གཙུག་ལག་ཁང་གི་བདག་པོ་རིངས་ན་ལྟུང་བ་མེད་དོ། །
ལྟུང་བྱེད་གཉིས་པའི་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གཅེར་བུ་པའི་འདུག་གནས་སུ་འདུག་ནས་ཁྱིམ་བདག་ཆུང་མ་དང་། འཁོར་དང་བཅས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཞག་གོ། །དེ་
ཉིད་ལ་རབ་ཏུ་བརྟེན་ནས་སྲོག་ཆགས་ཁྲི་ཉིས་སྟོང་བདེན་པ་མཐོང་བར་བྱས་པ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་བརྟེན་ཏེ་ལེགས་པར་བརྟགས་ནས་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་འདུག་གནས་གཅིག་ཏུ་ཉལ་བར་བྱེད། འདུག་གནས་
གཅིག་ཏུ་ཟོས་ནས་བསོད་སྙོམས་ཕྱི་མ་ཤོས་ཀྱང་ཟ་བར་བྱེད་པ་དང་། རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདུག་གནས་ཀྱི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་
ཅེས་བཅོམ་ལྡན་འདས་ཀྱིས་བཅས་པ་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་
Vol. 9 · folio 223a
ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ། །དགེ་སློང་མ་གང་མི་ན་བར་འདུག་གནས་གཅིག་ན་འདུག་པས་བསོད་སྙོམས་ལན་གཅིག་བཟའ་བར་བྱ་སྟེ། དེ་ལས་
ལྷག་པར་ཟ་ན་ལྟུང་བྱེད་དོ། །འདུག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་གནས་སུ་ཉལ་ནའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །མི་ན་བར་ཞེས་བྱ་བ་ནི་ན་བ་མ་གཏོགས་པའོ། །བསོད་སྙོམས་ལན་གཅིག་བཟའ་བར་བྱ་སྟེ་ཞེས་
བྱ་བ་ནི་ཕྱི་མ་ཤོས་མ་ཡིན་པའོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུག་གནས་སུ་གནས་སམ། འདུག་གནས་སུ་ཟ་བ་ན་གནས་
པ་ན་དེ་ལ་ཉེས་བྱས་སོ། །ཟ་ན་ལྟུང་བྱེད་དོ། །འདུག་གནས་སུ་གནས་ཤིང་གཞན་དུ་ཟ་ན་འདུག་གནས་སུ་གནས་པ་ན་དེ་ལ་ཉེས་བྱས་སོ། །གཞན་དུ་ཟ་ན་ལྟུང་བ་མེད་དོ། །འདུག་གནས་སུ་ཟ་ལ་གཞན་དུ་གནས་པར་བྱེད་ན་འདུག་གནས་སུ་ཟ་བར་བྱེད་ན་དེ་ལ་ལྟུང་
བྱེད་དོ། །གཞན་དུ་གནས་པར་བྱེད་པ་ལ་ལྟུང་བ་མེད་དོ། །གཞན་དུ་གནས་པར་བྱེད་ཅིང་གཞན་དུ་ཟ་ན་གཉི་ག་ལ་ལྟུང་བ་མེད་དོ། །ལྟུང་བྱེད་གཉིས་པའི་བཅུ་པ་རྫོགས་སྷོ།། །།སྡོམ་ནི། ཁུར་བ་འདུས་དང་དུས་མིན་དང་། །སོགས་འཇོག་མ་བྱིན་ལྔ་པ་
ཡིན། །སྲོག་ཆགས་བཅས་པ་དག་དང་ནི། །ཉལ་པོ་བྱེད་པར་ཤོམ་པ་གཉིས། །གཅེར་བུ་དམག་ལ་ཞག་གཉིས་ལྷག །ཚོགས་ལ་ལྟ་བར་བྱེད་པའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་
མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཇི་ཙམ་ན་བུ་མོ་གཡས་ཞར་མ་ཞིག་བཙས་ཏེ་ཞེས་བྱ་བ་ནས། ཆུང་མ་གསོད་པ་ཞེས་བྱ་བས་བསླངས་ཏེ་ཞག་དུས་བཏབ་བོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་དེའི་ཆེད་དུ་
Vol. 9 · folio 223b
ཕལ་མོ་ཆེ་དག་སྟ་གོན་བྱེད་དོ། །ཇི་ཙམ་ན་ཁྱིམ་དེར་དགའ་བོ་དང་། ཉེ་དགའ་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་མ་བསོད་སྙོམས་བྱིན་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །བདག་གློ་བ་བྲེལ་བ་ཞིག་མཆིས་སོ། །
དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅི་ཞིག་བྲེལ། དེས་འདི་སྐད་ཅེས་སྨྲས་སོ། །གཡས་ཞར་མ་རྫོང་བ་ལ་བབ་ལགས་སོ། །དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དེ་རིང་ཁོ་བོ་ཅག་གི་སྲིང་མོ་རྫོང་ན་ཁོ་བོ་ཅག་གིས་དེ་རིང་ཁོ་ན་བསོད་སྙོམས་མི་རྙེད་དམ། དེ་
དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་ཡིད་ཀྱིས་བསོད་སྙོམས་མང་དུ་བྱིན་ནོ། །དེ་གཉིས་ཀྱིས་བསོད་སྙོམས་བླངས་ནས་དོང་ངོ་། །དེའི་འོག་ཏུ་སྦོམ་དགའ་མོ་དང་། གཙུག་དགའ་མོ་འོངས་ནས་དེ་གཉིས་ཀྱིས་ཀྱང་བསོད་སྙོམས་བླངས་ཏེ་དོང་ངོ་། །ཇི་ཙམ་ན་
རྒྱལ་དང་། ཉེ་རྒྱལ་གྱིས་སྦོམ་དགའ་མོ་དང་། གཙུག་དགའ་མོ་ལག་པ་གང་ཞིང་ལྷུང་བཟེད་གང་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་གཡས་ཞར་མ་དེ་རིང་རྫོང་བ་ལ་བབ་ཀྱིས་དེང་ཤིག །དེ་ནས་རྒྱལ་དང་། ཉེ་རྒྱལ་ཡང་བསོད་
སྙོམས་ཀྱི་ཕྱིར་དེ་ཉིད་དུ་དོང་ངོ་། །དེ་བཞིན་དུ་རྒྱལ་གྲོགས་མ་དང་། རྒྱལ་སྐྱོང་མ་དང་། དེ་བཞིན་དུ་བཟང་མོ་དང་། ཤིན་ཏུ་བཟང་མོ་དང་། དེ་བཞིན་དུ་མཛེས་དགའ་མོ་དང་། རྒྱལ་ལྡན་མ་ཡང་དོང་ནས་ཁྱིམ་དེ་ན་གཡས་ཞར་མ་རྫོང་བའི་ཆེད་དུ་སྟ་གོན་བྱས་པ་
ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་བཅུ་གཉིས་སྡེ་རྣམས་ལ་བྱིན་ནོ། །ཇི་ཙམ་ན་ཡང་སྟ་གོན་བྱ་བར་བརྩམས་པ་དང་། དེ་ནས་ཆུང་མ་གསོད་པ་དེའི་ནེའུ་ཟླ་ཞིག་ཡོད་པ་དེས་སྨྲས་པ། གཡས་ཞར་མ་ནི་སྐྱོན་མང་པོ་ཅན་ཡིན་ཏེ། རྒྱ་སྐྱེགས་ཤིང་གི་སོ་ཤིང་དང་།
ནུབ་ཏུ་སྔས་བསྟན་ཉལ་བ་དང་། །དགོངས་ཀའི་ཞོ་འཐུང་གཡས་ཞར་ལེན། །ཞི་བ་ཡང་ནི་གནས་ནས་འཕོ། །ཞེས་སྨྲས་ཏེ། དེ་ལྟར་གཡས་ཞར་མ་དེ་ལེན་པའི་བར་ཆད་བྱས་པར་གྱུར་ཏོ། །བྲམ་ཟེ་དང་། ཁྱིམ་བདག་རྣམས་དགེ་སྦྱོང་གི་ཤཱཀྱའི་
Vol. 9 · folio 224a
སྲས་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་བུ་མོ་ལེན་པའི་བར་ཆད་བྱེད་དོ་ཞེས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་
བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་རབ་ཏུ་མང་པོ་ཁྱིམ་རྣམས་སུ་དོང་བ་ན་དེ་དག་ལ་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་སྐྱོ་མའམ། སྣུམ་ཁུར་དག་གིས་ཤིན་ཏུ་སྟོབས་པར་བྱེད་ལ། འདོད་ན་དགེ་སློང་
མ་དེས་ལྷུང་བཟེད་དོའམ། གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་དོའམ། གསུམ་བླངས་ནས་ཁྱིམ་གྱི་ཕྱི་རོལ་ཀུན་དགའི་ར་བར་སོང་ལ་དགེ་སློང་མ་འཁོད་པ་རྣམས་དང་བགོ་བར་བྱ་སྟེ། དེ་ལ་ཆོ་ག་ནི་དེ་ཡིན་ནོ། །ཡང་དགེ་
སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཁྱིམ་རྣམས་སུ་དོང་བ་ན་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་རྣམས་སུའོ། །དེ་དག་ལ་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་ཅེས་བྱ་བ་ལ། དད་པ་ཅན་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་
པ་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པ་ཞེས་བྱ་བ་ནས། འབྲས་བུ་ཐོབ་པ་ཞེས་བྱ་བའི་བར་གང་ཡིན་པའོ། །ཤིན་ཏུ་ཞེས་བྱ་བ་ནི་ཆོག་པར་རོ། །སྟོབས་པར་བྱེད་ན་ཞེས་བྱ་བ་ནི་མགྲོན་དུ་གཉེར་ནའོ། །སྐྱོ་མ་ཞེས་བྱ་བ་ནི་ཕྱེའིའོ། །སྣུམ་ཁུར་
ཞེས་བྱ་བ་ནི་ཁུར་བའོ། །འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ། །དོའམ་གསུམ་ཞེས་བྱ་བ་ལ་དོ་ཞེས་བྱ་བ་ནི་ཆེན་པོའིའོ། །གསུམ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའིའོ། །དེ་ལ་ཆེན་པོ་ནི་ཡུལ་མ་ག་དྷཱའི་བྲེའུ་ཆུང་གང་ངོ་། །ཆུང་ངུ་ནི་བྲེའུ་
ཆུང་ཕྱེད་དོ། །དེའི་བར་མ་ནི་བར་མའོ། །བླངས་ནས་ཁྱིམ་གྱི་ཕྱི་རོལ་ཀུན་དགའ་ར་བར་སོང་ནས་གཙུག་ལག་ཁང་ན་དགེ་སློང་མ་འཁོད་པ་རྣམས་དང་བགོ་བར་བྱ་སྟེ་ཞེས་བྱ་བ་ནི་དེ་ན་ཡོད་པའི་དགེ་སློང་མ་དག་དང་ངོ་། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །
Vol. 9 · folio 224b
ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ལྷུང་བཟེད་ཆེན་པོ་གསུམ་བླངས་ན་ལྟུང་བྱེད་དོ། །ཆེན་པོ་གཉིས་དང་། བར་མ་གཅིག་བླངས་ན་ལྟུང་བྱེད་དོ། །བར་མ་གཉིས་དང་། ཆེན་པོ་གཅིག་ལེན་ན་ལྟུང་
བྱེད་དོ། །དགེ་སློང་མས་ཇི་ཙམ་ཅུང་ཟད་བྲེའུ་ཆུང་དོ་ལས་ལྷག་པར་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་གསུམ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལས་བརྟེན་ཏེ་ཚོགས་
ཤིང་ཟ་བ་བཀག་པ་དང་། དེ་ནས་དགེ་སློང་མ་དེ་དག་གིས་གཉི་གའི་ཐུན་མོང་ཡིན་ནོ་ཞེས་རྗེས་སུ་སྒྲུབ་པར་བྱེད་དོ། །དེ་ནས་ཕྱིས་ན་བ་དག་ཏུ་གྱུར་ཏེ་ཟས་གཅིག་གིས་འཚོ་བར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་བ་དུས་ཡིན་ནོ་ཞེས་བྱས་ཏེ་
བཟའ་བར་བྱའོ། །དེ་བཞིན་དུ་ལམ་དུ་ཞུགས་པ་བཀྲེས་ནས་དགེ་བའི་ཕྱོགས་བྱེད་མི་ནུས་པར་གྱུར་ནས་ཞེས་བྱ་བ་ནས། བཟའ་བར་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ལས་བྱེད་པ་དང་། དེ་བཞིན་དུ་གྲུར་ཞུགས་པས་ཀྱང་བཟའ་བར་བྱའོ། །དེ་བཞིན་དུ་
མང་པོ་འདུས་པའི་དུས་སུ་རྙེད་པ་བྱུང་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བར་བྱའོ། །དེ་བཞིན་དུ་ཀུན་དུ་རྒྱུའམ། ཀུན་དུ་རྒྱུ་མོ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་པ་དེ་ལས་ཀྱང་བཟའ་བར་བྱ་སྟེ། དགེ་སློང་མ་དག་ཀུན་དུ་རྒྱུ་སངས་
རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་པ་ནི་དཀོན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དུས་མ་
གཏོགས་ཏེ་འདུས་ཤིང་ཟ་ན་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་དང་ལས་དུས་དང་། ལམ་དུས་དང་། གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་སོ། །འདུས་ཤིང་ཟ་བ་ཞེས་བྱ་བ་ནི་མི་མཐུན་ཞིང་ཟ་བའོ། །དུས་མ་
Vol. 9 · folio 225a
གཏོགས་ཏེ་ཞེས་བྱ་བ་ནི་འདི་ལྟར་ཡང་ན་བ་དག་ཏུ་གྱུར་ལ། ཟས་གཅིག་གིས་འཚོ་བར་མི་ནུས་པ་ལྟ་བུའོ། །ལམ་དུས་ཞེས་བྱ་བ་ནི་ལམ་དུ་ཞུགས་པ་ལ་སྦྱིན་བདག་གིས་བྱིན་པའོ། །གྲུར་ཞུགས་པ་ཞེས་བྱ་བ་ནི་གྲུར་འཇུག་པ་ན་སྦྱིན་བདག་གིས་
བསོད་སྙོམས་བྱིན་པའོ། །འདུས་པ་ཆེན་པོ་ཞེས་བྱ་བ་ནི་མང་པོ་འདུས་པའི་ཟས་སོ། །དགེ་སྦྱོང་གི་ཟས་དུས་སོ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་དགེ་སྦྱོང་ཞེས་བྱའོ། །དེ་ལ་དུས་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་མཐུན་པའི་ཆོས་ཡིན་པའོ། །དེ་ལ་
ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟས་ཟ་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མ་མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟས་ཟ་ན་ཉེས་བྱས་
སོ། །ཡིད་གཉིས་ཟ་ན་ཉེས་བྱས་སོ། །དགེ་སློང་མའི་དབྱར་ཁང་གི་ཁྱམས་དག་ཡོད་ལ། གལ་ཏེ་དགེ་སློང་མ་ཁ་ཅིག་དབྱར་ཁང་དུ་ཟ་ལ། ཁ་ཅིག་ཁྱམས་དག་ཏུ་ཟ་ན། དེ་ལ་ནི་གཡར་ཁང་ན་ཟ་བ་གང་ཡིན་པ་དེ་དག་གིས་ཇི་ག་ཁ་ཟས་ཀྱིས་བསྲུལ་ཏམ་ཞེས་དྲི་བར་བྱའོ། །
མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །ཁྱམས་རྣམས་ལ་ནི་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གནས་ཁང་དང་། སྒོ་ཁང་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་ཁ་ཟས་ཀྱིས་བསྲུལ་ན་ཆུང་ངུ་ན་རིལ་བའི་ཆུའམ། ལན་ཚྭ་ཁ་གཟར་གང་ཙམ་
ཡང་བསྲུལ་ན་ལྟུང་བ་མེད་དོ། །ལྟུང་བྱེད་གསུམ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལས་བརྟེན་ཏེ་དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་
གཉིས་སྡེ་རྣམས་དུས་སུ་ཡང་ཟ་བར་བྱེད། དུས་མ་ཡིན་པར་ཡང་ཟ་བར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཅའ་
Vol. 9 · folio 225b
བ་མཛད་ཀྱི་དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།
ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཟའ་བ་དང་། བཅའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །དུས་མ་ཡིན་པ་ཞེས་བྱ་བ་ལ་དུས་མ་ཡིན་པ་ནི་གཉིས་ཏེ། དུས་མ་ཡིན་པ་ཕྱེད་ཡོལ་བ་དང་། དུས་མ་ཡིན་པ་
སྐྱ་རེངས་མ་ཤར་བའོ། །བཅའ་བ་དང་། བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔ་པོ་དག་གོ། །འཆོས་སམ། ཟོས་ན་ཞེས་བྱ་བ་ནི་ལྐོག་མར་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་
དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་ནས་འཆོས་སམ། ཟོས་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་དུས་ལ་དུས་མ་ཡིན་པར་འདུ་ཤེས་ནས་འཆོས་སམ། ཟོས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །
ལྟུང་བྱེད་གསུམ་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ནག་པོ་འཆར་ཀ་ལས་བརྟེན་ཏེ་གསོག་འཇོག་བྱས་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་བསོད་སྙོམས་
ལ་བརྒྱུས་ནས་འབྲས་ཆན་སྐམ་པོ་ཡང་ལོགས་ཤིག་ཏུ་ལེན་པར་བྱེད། འབྲས་ཆན་གཤེར་བ་ཡང་ལོགས་ཤིག་ཏུ་ལེན་པར་བྱེད་ཅིང་། ཇི་སྙེད་ལོངས་སྤྱད་པའི་ལྷག་མ་དེ་དག་སྐེམས་པར་བྱེད་དེ། དེ་དག་བསྐམས་ནས་འཇོག་པར་བྱེད་དོ། །གང་གི་ཚེ་རླུང་
ལངས་པར་གྱུར་པའམ། ཡུལ་ངན་བྱུང་བ་དེའི་ཚེ་དེ་དག་ཆུས་སྦངས་ནས་མེས་བཙོས་ཏེ་ལོངས་སྤྱོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་
Vol. 9 · folio 226a
ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གསོག་འཇོག་བྱས་པའི་བཅའ་བ་དང་། བཟའ་བ་འཆོས་སམ། ཟོས་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །གསོག་
འཇོག་བྱས་པ་ཞེས་བྱ་བ་ལ། གསོག་འཇོག་བྱས་པ་ནི་གཉིས་ཏེ། སྔ་མའི་ཟས་བྱིན་ལེན་བྱས་ཤིང་ཕྱི་མའི་ཟས་གསོག་འཇོག་བྱས་པའམ། ཕྱི་མའི་ཟས་བྱིན་ལེན་བྱེད་ཅིང་དུས་ཚོད་ལས་འདས་པར་གསོག་འཇོག་བྱས་པའོ། །བཅའ་བ་དང་། བཟའ་བ་ཞེས་
བྱ་བ་ནི་སྔ་མ་བཞིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་གསོག་འཇོག་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་ན་ལྟུང་བྱེད་དོ། །གསོག་འཇོག་མ་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་ན་
ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །གོས་ཀྱི་གསོག་འཇོག་བྱེད་ན་ལྟུང་བྱེད་དོ། །ལྷུང་བཟེད་ཀྱི་གསོག་འཇོག་བྱེད་ན་ལྟུང་བྱེད་དོ། །བྱ་མ་བུམ་གསོག་འཇོག་བྱེད་ན་ལྟུང་བྱེད་དོ། །སྒོ་ལྕགས་གསོག་འཇོག་བྱེད་ན་ཉེས་བྱས་སོ། །ལྡེ་མིག་
ཀྱོག་པོ་གསོག་འཇོག་བྱེད་ན་ཉེས་བྱས་སོ། །སྒོ་ལྕགས་གཟེ་མ་གསོག་འཇོག་བྱེད་ན་ཉེས་བྱས་སོ། །ལྟུང་བྱེད་གསུམ་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དུར་ཁྲོད་ཐམས་ཅད་པའི་དགེ་སློང་ནག་པོ་
ཆེན་པོ་ལ་བརྟེན་ནས་བྱིན་ལེན་བྱ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་དེ་དག་གིས་བྱིན་ལེན་ཇི་ལྟ་བུ་ཡིན་པ་དང་། བྱིན་ལེན་དུ་ཡོད་པ་མ་ཤེས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་ལུས་དང་འབྲེལ་པ་དང་། ལུས་ལ་ལུས་ཀྱིས་དང་། ལུས་དང་འབྲེལ་པ་ལ་ལུས་དང་འབྲེལ་པ་དང་། ལུས་ལ་ལུས་ཀྱིས་འབྲེལ་པ་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ནོ། །སྨད་
Vol. 9 · folio 226b
པ་ཞེས་བྱ་བའི་ཡུལ་ཡོད་དེ། དེ་དག་མ་ལ་ཡང་ཉལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས། དེར་ས་ལ་དཀྱིལ་འཁོར་བྱས་ཏེ་བྱིན་ལེན་བྱའོ། །འབྲས་བུ་དག་རྙེད་ན་དེ་དག་གིས་ཇི་ལྟར་བྱིན་ལེན་བྱ་བ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་
ནི་ལྔ་སྟེ། གཞོང་པ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་སྣོད་དེ་ལག་པས་རེག་པས་བྱིན་ལེན་བྱའོ། །བྱིན་ལེན་བྱས་པ་དེ་དག་འདྲིལ་ན་གལ་ཏེ་མ་ལངས་པར་ཟིན་ན་དེ་ཉིད་བྱིན་ལེན་བྱས་པ་ཡིན་ནོ། །གལ་ཏེ་རྒྱང་རིང་པོར་གྱུར་ན་ཡང་བྱིན་
ལེན་བྱའོ། །དེ་དག་རུང་བར་བྱིན་ལེན་བྱའོ། །དེ་དག་རུང་བར་བྱ་དགོས་ན་རུང་བ་དུ་ཡོད་པ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང་། མཚོན་གྱིས་རུང་བ་དང་། ནེ་ཙོས་རུང་བ་དང་། སེན་མོས་
རུང་བ་དང་། རྙིས་པས་རུང་བ་ཉིད་ནི་ལྔ་པའོ། །ཡང་རུང་བ་ནི་ལྔ་སྟེ། ཕྱུང་བ་དང་། གཤེགས་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་མེད་པ་ནི་ལྔ་པ་སྟེ། སྔོན་པོ་ལ་ཡང་དེ་ཉིད་ཀྱིས་རུང་བར་བྱས་པ་ཡིན་ནོ། །ཕྱིས་དེ་དག་ལ་བྲམ་ཟེ་དང་།
ཁྱིམ་བདག་རྣམས་འབྲིམ་པར་འདོད་པ་ན་མ་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །དགེ་སློང་མ་དག་ལམ་དུ་ཞུགས་ནས་དགོན་པའི་གནས་ཞིག་ཏུ་འཁོད་པ་ན་ནགས་ཀྱི་སེང་གེ་དང་། སྤྲེའུ་དང་། དོམ་ལ་སོགས་པ་ལས་བྱིན་ལེན་བྱས་ཏེ།
གང་དག་ལ་འཛིན་པ་མངོན་པ། དེ་དག་ལས་བྱིན་ལེན་ཡང་མངོན་ནོ། །དེ་དག་ལམ་དུ་ཞུགས་པ་ན་ཆུ་དང་སོ་ཤིང་གིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་དང་སོ་ཤིང་མ་གཏོགས་སོ་ཞེས་རྗེས་སུ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་
Vol. 9 · folio 227a
བརྗོད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡང་དགེ་སློང་མ་གང་ཆུ་དང་སོ་ཤིང་མ་གཏོགས་ཏེ་མ་བྱིན་པར་ཁའི་སྒོ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། །མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སུས་ཀྱང་མ་
བྱིན་པར་གྱུར་པའོ། །ཁའི་སྒོ་ནས་ཞེས་བྱ་བ་ནི་ཁར་ཟ་བའོ། །བཅའ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆུ་དང་སོ་ཤིང་མ་གཏོགས་པར་ཞེས་བྱ་བ་ནི་ཆུ་དང་སོ་ཤིང་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་
མས་བྱིན་ལེན་མ་བྱས་པ་ལ་བྱིན་ལེན་བྱས་པར་འདུ་ཤེས་ནས་འཆོས་སམ་ཟོས་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་བྱིན་ལེན་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་ནས་ཟོས་སམ་འཆོས་ན་ཉེས་བྱས་སོ། །དེ་བཞིན་དུ་
ཡིད་གཉིས་ཟ་ན་ཉེས་བྱས་སོ།། །།བར་སྡོམ་ལ། བྱིན་ལེན་ལྔ་དང་འབྲས་བུ་དང་། །དེ་བཞིན་རུང་བ་ལྔ་དང་ནི། །སེང་གེ་སྤྲེའུ་དོམ་དག་གི། །དེ་བཞིན་གཤེགས་པས་རྗེས་གནང་སྟེ། །བར་གྱི་སྡོམ་དུ་བསྡུས་པ་ཡིན། །ལྟུང་བྱེད་གསུམ་པའི་ལྔ་པ་རྫོགས་སྷོ།། །།
གླེང་གཞི་ནི་ཀཽ་ཤཱམྦཱི་ནའོ། །དེའི་ཚེ་རྒྱལ་དང་ཉེ་རྒྱལ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པར་མ་བྱེད་ཅིག །དེ་དག་གིས་འདི་སྐད་ཅེས་ཅི་ཁོ་མོ་ཅག་ལ་བགྲངས་ཏེ་གཏད་
དམ། ཤར་གྱི་རྒྱ་མཚོ་ཆེན་པོར་དོང་ན་ཅི་ཉེས། ལྷོ་དང་། ནུབ་དང་། བྱང་གི་རྒྱ་མཚོ་ཆེན་པོར་དོང་ན་ཅི་ཉེས་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་
འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་རྒྱལ་དང་། ཉེ་རྒྱལ་ལོ། །སྲོག་ཆགས་དང་བཅས་པའི་ཆུ་ཞེས་བྱ་བ་ལ།
Vol. 9 · folio 227b
སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་དུ་སྣང་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ། །སྤྱོད་ན་ཞེས་བྱ་བ་ལ་སྤྱོད་པ་ནི་གཉིས་ཏེ། ནང་དང་ཕྱིའིའོ། །ཕྱིའི་ནི་ཁྲུས་བྱེད་པ་དང་། ཆག་ཆག་དང་། གོས་ལ་སོགས་པའི་བཀྲུ་བཤལ་དང་། སྲེ་བ་དང་། འཚོད་
པར་བྱེད་པ་དང་། བྱེད་དུ་འཇུག་པ་སྟེ། འདི་ནི་ཕྱིའི་སྤྱོད་པ་ཞེས་བྱའོ། །སོ་ཤིང་བཅའ་བ་དང་། བཏུང་བ་ཡང་ངོ་། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པའི་
ཆུར་འདུ་ཤེས་ནས་གཉིས་པོ་གང་ཡང་རུང་བར་སྤྱོད་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ནས་གཉིས་པོ་གང་ཡང་རུང་བར་སྤྱོད་པར་བྱེད་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་
གཉིས་ཟ་ན་ཉེས་བྱས་སོ། །དེ་བཞིན་དུ་སྲོག་ཆགས་དང་བཅས་པའི་ཡལ་ག་དང་། ལོ་མ་དང་། འབྲས་བུ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །ལྟུང་བྱེད་གསུམ་པའི་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྤོས་འཚོང་གི་ཁྱེའུ་ཆུང་
མ་བླངས་ནས་རིང་པོར་མ་ལོན་པ་ཞིག་ཡོད་པ་དེ་ནུབ་མོ་བསྲུང་བའི་ཕྱིར་ཚོང་ཁང་དུ་འདུག་ནས། དེ་ནང་བར་གྱི་དུས་སུ་ཚོང་ཁང་གི་སྒོ་བཅད་དེ་ཁྱིམ་དུ་ཆས་པ་དེ་སྦོམ་དགའ་མོ་སྤྱོད་ཡུལ་དུ་ཞུགས་པས་མཐོང་ངོ་། །མཐོང་ནས་ཀྱང་ཨེ་མའོ་ཁྱེའུ་དེ་ནི་འདོད་ཆགས་ཀྱི་སེམས་ཀྱིས་
ཁྱིམ་དུ་སོང་ངོ་སྙམ་དུ་རིག་ནས་དེ་ནས་དེ་རིངས་པར་སོང་སྟེ་ཚོང་པའི་ཁྱེའུ་དེའི་ཁྱིམ་དུ་ཞུགས་ཏེ། སྟན་ལ་འདུག་ནས་བསྡད་དོ། །དེ་ནས་ཚོང་པའི་ཁྱེའུ་དེ་ཁྱིམ་དུ་འོངས་ནས་ཆུང་མ་ལ་བལྟ་བར་བརྩམས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་འཕགས་མ་
སྡོད་ཅིང་བཞུགས་སོ། །དེ་ནས་ཁྱེའུ་དེས་སྦོམ་དགའ་མོ་མཐོང་ནས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་རང་གི་ཆུང་མ་དང་ལྷན་ཅིག་དབེན་པ་ན་འདུག་པའི་སྐབས་ཀྱང་མི་རྙེད་དོ་
Vol. 9 · folio 228a
ཞེས་འཕྱ་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་
གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ནོ། །ཁྱིམ་དུ་ཞེས་
བྱ་བ་ནི་ཁྱིམ་བདག་རྣམས་ཀྱི་ཁྱིམ་དུའོ། །ཕྱིས་གནོན་བྱས་ཏེ་ཞེས་བྱ་བ་ནི་འཕྲལ་ལའོ། །འདུག་པར་བྱེད་ན་ཞེས་བྱ་བ་ནི་འདུག་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུང་ཟད་ཉལ་པོ་བྱེད་
པར་ཤོམ་པའི་ཁྱིམ་རྣམས་སུ་མཐུས་མནན་ཏེ་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་གསུམ་པའི་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་
ཐོགས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་། སྦོམ་དགའ་མོས་ཡང་སྤོས་འཚོང་གི་ཁྱེའུ་དེ་ཁྱིམ་དུ་འགྲོ་བ་མཐོང་ངོ་། །དེ་ནས་སྦོམ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས་འདུག་པའི་བསླབ་པའི་གཞི་བཅའ་བ་མཛད་ཀྱིས་མ་ལ་བདག་གིས་སྒོ་རྒྱབ་ཏུ་འགྲེང་ལ་བསྡད་
དོ་སྙམ་པ་ནས་སྤོས་འཚོང་གི་ཁྱེའུ་ཡིས་མཐོང་སྟེ་སྨོད་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་
བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་
Vol. 9 · folio 228b
པ་ན་འགྲེང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་སྐྲག་པར་གྱུར་པའམ། བར་ཆད་ཡོད་པ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་གསུམ་པའི་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་
ལ་བརྟེན་ནས་གཅེར་བུ་པ་དང་། གཅེར་བུ་མའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གཅེར་བུ་པ་དང་། གཅེར་བུ་མ་རྣམས་ལ་སྦྱིན་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་
བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གཅེར་བུ་པའམ། གཅེར་བུ་མ་འམ། ཀུན་དུ་
རྒྱུ་འམ། ཀུན་དུ་རྒྱུ་མོ་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །གཅེར་བུ་པ་ཞེས་བྱ་བ་ནི་གོས་མེད་པའོ། །གཅེར་བུ་མ་ཞེས་བྱ་བ་ཡང་གོས་མེད་པའོ། །དེ་བཞིན་དུ་ཀུན་དུ་རྒྱུ་ཞེས་བྱ་བ་ནི་གྲངས་ཅན་ནོ། །
ཀུན་དུ་རྒྱུ་མོ་ཡང་དེ་བཞིན་ནོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ། །བཟའ་བ་དང་བཅའ་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལག་
གིས་བཟའ་བ་དང་། བཅའ་བ་གཅེར་བུ་པའམ་ཞེས་བྱ་བ་ནས། ཀུན་དུ་རྒྱུ་མོའི་བར་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ། །གལ་ཏེ་ཕ་དང་མ་ཡིན་ན་ལྟུང་བ་མེད་དོ། །གལ་ཏེ་ལྟ་བར་སོང་བ་ཞིག་དབྲལ་བར་འདོད་ན་ལྟུང་བ་མེད་དོ། །གལ་ཏེ་སློང་ན་དེ་ལ་འདི་སྐད་
ཅེས་སློང་ཕོར་ས་ལ་ཞོག་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བཞག་ན་སྦྱིན་པར་བྱའོ། །འོན་ཏེ་མ་བཞག་ན་སྦྱིན་པར་མི་བྱའོ། །ལྟུང་བྱེད་གསུམ་པའི་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་
Vol. 9 · folio 229a
ལ་བརྟེན་ནས་དམག་ཤོམ་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་དམག་ཤོམ་པ་ལ་བལྟ་བའི་ཕྱིར་དོང་བ་དང་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དམག་ཤོམ་པ་ལ་བལྟ་བའི་ཕྱིར་འགྲོ་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཤོམ་པ་ཞེས་བྱ་བ་ནི་
དམག་ལ་མངོན་པར་དགའ་བའོ། །དམག་ཅེས་བྱ་བ་ལ་དམག་ནི་བཞི་སྟེ། དམག་ཡན་ལག་གཅིག་པ་ཡང་ཡོད། དམག་ཡན་ལག་གཉིས་པ་དང་། ཡན་ལག་གསུམ་པ་དང་། ཡན་ལག་བཞི་པ་ཡང་ཡོད་དོ། །དམག་ཡན་ལག་གཅིག་པ་ནི་གླང་པོ་ཆེ་པའིའོ། །
ཡན་ལག་གཉིས་པ་ནི་གླང་པོ་ཆེ་པ་དང་རྟ་པའིའོ། །ཡན་ལག་གསུམ་པ་ནི་གླང་པོ་ཆེ་པ་དང་། རྟ་པ་དང་། ཤིང་རྟ་པའིའོ། །ཡན་ལག་བཞི་པ་ནི་གླང་པོ་ཆེ་པ་དང་། རྟ་པ་དང་། ཤིང་རྟ་པ་དང་། དཔུང་བུ་ཆུང་གི་དམག་གོ། །བལྟ་བའི་ཕྱིར་ཞེས་བྱ་བ་ནི་བལྟ་བའི་
ཕྱིར་རོ། །འགྲོ་ན་ཞེས་བྱ་བ་ནི་འགྲོ་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དམག་ཤོམ་པ་ལ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དབྱར་ཁང་ལམ་ཀ་ན་འདུག་
ན་ལྟུང་བ་མེད་དོ། །ལྟུང་བྱེད་གསུམ་པའི་བཅུ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་རྒྱལ་པོ་གསལ་རྒྱལ་ལ་རི་འོར་པ་དག་ལོག་པ་དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་ཏེ་དགེ་བསྙེན་རྣམས་ཀྱང་རྒྱལ་པོས་སྤྲིང་ནས་དེར་དོང་
ངོ་། །དེའི་འོག་ཏུ་དགེ་འདུན་ལ་གསོལ་བ་བཏབ་ནས་དྲུག་སྡེ་རྣམས་དོང་ངོ་། །དེའི་ཚེ་དྲུག་སྡེ་དེ་རྣམས་ལ་ཞག་གཉིས་ཀྱི་མཐའི་བསླབ་པའི་གཞི་བཅའ་བ་མཛད་དོ། །དེ་ནས་དུས་གཞན་ཞིག་ན་བཅུ་གཉིས་སྡེ་རྣམས་དམག་ཤོམ་པར་ཞག་གཉིས་ཀྱི་མཐར་
Vol. 9 · folio 229b
གནས་པར་བྱེད་དོ། །གང་གི་ཚེ་དེ་དག་མངོན་དུ་ལྷགས་པ་དེའི་ཚེ་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དགའ་མོ་ཉེ་དགའ་མོ། །སྦོམ་དགའ་མོ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱེད་ཅག་གང་ནས་འདིར་འོངས། གང་དུ་གནས། དེ་
དག་གིས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ཅག་དམག་ཤོམ་པ་ལ་ཆོས་འཆད་དུ་དོང་སྟེ་དེ་ཉིད་དུ་གནས་སོ། །དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཞག་གཉིས་ཀྱི་མཐའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་རྣམས་ཀྱིས་འདི་
སྐད་ཅེས་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱིས། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས།
བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མས་དམག་ཤོམ་པ་ལ་ལྟ་དགོས་པའི་རྐྱེན་དེ་ལྟ་བུ་བྱུང་ན་ཞག་གཉིས་ཀྱི་མཐར་དམག་དེའི་ནང་དུ་དགེ་སློང་མ་དེས་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ། །དགེ་སློང་མས་ཞེས་བྱ་བ་ནི་བཅུ་
གཉིས་སྡེ་དག་གོ། །དེ་ལྟ་བུའི་རྐྱེན་བྱུང་ན་ཞེས་བྱ་བ་ནི་དེ་ལྟ་བུའི་རྐྱེན་བྱུང་བ་མ་གཏོགས་པའོ། །ཤོམ་པ་ཞེས་བྱ་བ་ནི་དམག་ལ་མངོན་པར་དགའ་བའོ། །དམག་ཅེས་བྱ་བ་ནི་ཞེས་བྱ་བ་ནས་རྣམ་པ་བཞིའོ་ཞེས་བྱ་བའི་བར་རོ། །ཞག་གཉིས་ཀྱི་མཐར་ཞེས་བྱ་བ་ནི་
ཉིན་ཞག་གཉིས་སུའོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཞག་གཉིས་ལས་ལྷག་པར་དམག་གི་ནང་དུ་གནས་ན་ཐམས་ཅད་
དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་གསུམ་པའི་བཅུ་གཅིག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྤྲིངས་ནས་ཞེས་བྱ་བ་ནས། ཞག་གཉིས་ཀྱི་མཐར་ཐུག་པར་དམག་དེའི་ནང་དུ་
Vol. 9 · folio 230a
གནས་སོ་ཞེས་བྱ་བའི་བར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་གི་བསླབ་པའི་གཞི་བཅའ་བ་མཛད་དོ། །དེ་ནས་བཅུ་གཉིས་སྡེ་དེ་དག་ཡང་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་
མཆོག་དང་། དཔུང་གི་མཆོག་གི་ནང་དུ་དོང་བ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་
ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་གལ་ཏེ་དགེ་སློང་མ་དམག་དེའི་ནང་དུ་ཞག་གཉིས་གནས་པ་ན་གཡུལ་བཤམས་པ་
དང་། རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་དང་། དཔུང་བཀོད་པའི་ཚོགས་ལ་ལྟ་བ་སོ་སོར་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །བཀོད་པའི་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ། བཀོད་པ་ཞེས་བྱ་བ་ནི་
ཤིང་རྟའི་དབྱིབས་ལྟ་བུ་དང་། ནམ་མཁའ་ལྡིང་གི་འདབ་མའི་དབྱིབས་ལྟ་བུ་དང་། འབྲུའི་ཁ་ལྟ་བུ་དང་། པད་མའི་དབྱིབས་ལྟ་བུ་དང་། ཟླ་བ་ཁམ་པའི་དབྱིབས་ལྟ་བུའོ། །ཚོགས་ཞེས་བྱ་བ་ནི་དཔུང་གི་མཆོག་དག་གོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །
དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཡུལ་བཤམས་པའི་ནང་དུ་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་གསུམ་པའི་བཅུ་གཉིས་པ་རྫོགས་སྷོ།། །།སྡོམ་ནི། རྡེག་པ་དང་ནི་ཐལ་མོ་དང་། །འཁྲུ་དང་སྦེད་དང་བསོད་པ་
སློང་། །གནས་ངན་ལེན་འཆབ་ཁྱིམ་དང་མེ། །འདུན་པ་དང་ནི་ནུབ་གཉིས་དང་། །བར་ཆད་དང་ནི་ཤེས་བཞིན་དང་། །དགེ་ཚུལ་མ་གཉིས་ཁ་དོག་སྒྱུར། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་དང་མཚང་
Vol. 9 · folio 230b
འདྲུ་བར་བྱེད་དོ། །བུད་མེད་ནི་རང་བཞིན་གྱིས་ཁྲོ་བ་ཡིན་པས་དེ་རང་བཞིན་གྱིས་ཁྲོས་པས་ཁྲོས་འཁྲུགས་རྔམ་པར་གྱུར་ནས་དགེ་སློང་མ་རྣམས་ལ་ལྟག་དབྱུག་དང་། ཐལ་ལྕག་གིས་བརྡེགས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་
བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་མ་ལ་རྡེག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་
གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྲོས་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པའོ། །འཁྲུགས་རྔམ་པར་གྱུར་ཏེ་ཞེས་བྱ་བ་ནི་ལྷག་པར་ཞེན་ནས་སོ། །ཡི་མ་རངས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་བ་སྐྱེས་པའོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །རྡེག་ན་ཞེས་བྱ་
བ་ནི་སོར་མོ་ལྔས་རྡེག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཁྲོས་ནས་དགེ་སློང་མ་རྣམས་ལ་སོར་མོ་གཅིག་གིས་བརྡེགས་ན་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་སོར་མོ་ལྔས་བརྡེགས་ན་ལྟུང་བྱེད་
ལྔའོ། །དེ་བཞིན་དུ་ལག་པ་དང་། མཛུབ་མོ་དང་། མགོ་བོ་དང་། ལྟག་པ་དང་། ལུས་དང་། གྲུ་མོ་དང་། བརླ་དང་། བྱིན་པ་དང་། རྐང་པ་དང་། རྐང་པའི་མཐེ་བོས་བརྡེགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དབྱུག་པ་དང་། གསེག་
མ་དང་། བོང་བ་ལ་སོགས་པས་བརྡེགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ཕྱགས་མས་བརྡེགས་ན་ཕྱགས་མའི་ཉག་མ་ཇི་སྙེད་ཕོག་པ་དེ་སྙེད་ཀྱི་ལྟུང་བྱེད་དོ། །ཇི་སྙེད་མ་ཕོག་པ་དེ་སྙེད་ནི་ཉེས་བྱས་སོ། །དེ་བཞིན་དུ་མོན་སྲན་སྡེའུའི་སྤར་བས་བརྡེགས་
ན་མོན་སྲན་སྡེའུའི་འབྲུ་ཇི་སྙེད་ལུས་ལ་ཕོག་པ་དེ་སྙེད་ཀྱི་ལྟུང་བྱེད་དོ། །ཇི་སྙེད་མ་ཕོག་པ་དེ་སྙེད་ཀྱི་ཉེས་བྱས་སོ། །ལས་དང་པོ་པ་ལ་སོགས་པ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་བཞི་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །བྱུང་བ་སྔ་མ་དེ་ཉིད་ལ་
Vol. 9 · folio 231a
ཁྱད་པར་ནི་འདི་ཡོད་དེ། དགེ་སློང་མ་དེ་རྣམས་ཁོ་ན་ལ་ཞེས་བྱ་བ་ནས་ཐལ་མོ་གཟས་པ་དང་། ཞེས་བྱ་བའི་བར་རོ། །ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་
བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་མ་ལ་རྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གཞན་
ནི་སྔ་མ་བཞིན་ནོ། །ཁྱད་པར་ནི་འདི་ཡོད་དེ། གཟས་ན་ཞེས་བྱ་བ་ནི་གདེངས་ནས་མ་བརྒྱབ་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་ཁོ་ན་བཞིན་དུ་ལྟུང་བའི་རིམ་པ་བརྗོད་པར་བྱ་སྟེ། དགེ་སློང་མས་ཇི་ཙམ་ཅུང་ཟད་
དགེ་སློང་མ་ལ་གཟས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཞི་པའི་གཉིས་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་དགུ་པ། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་
ཐབས་བགོས་ལྷུང་བཟེད་དང་། ཆོས་གོས་བླངས་ནས་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཉན་ཡོད་དུ་བསོད་སྙོམས་སྤྱད་ནས་སྦེད་མའི་ཁྱིམ་གང་ན་བ་དེར་སོང་བ་དང་། སྦེད་མས་འཆར་ཀ་རྒྱང་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་
ཅེས་སྨྲས་སོ། །འཆར་ཀ་རབ་ཏུ་བྱུང་ན་ད་བདག་གིས་ཅི་དག་བགྱི། དེ་ནས་འཆར་ཀས་སྦེད་མ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔས་བཙུན་མོ་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་ན་ཁྱོད་ཀྱིས་དེ་དག་གི་རྐང་པ་འཁྲུ་བར་ཡང་མི་ཁོམ་ན་དེ་དག་ཅི་བྱེད། དེས་འདི་སྐད་
ཅེས་སྨྲས་སོ། །བདག་ཀྱང་རབ་ཏུ་འབྱུང་ལགས་གྲང་། དེ་ནས་འཆར་ཀས་སྦེད་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་གྱི་བྱ་བ་དག་ལེགས་པར་སྤོངས་ཤིག །དེས་ལེགས་པར་སྤངས་ནས་འཆར་ཀ་དང་རྒྱལ་པོའི་ཁབ་ཏུ་སོང་སྟེ་དབྱར་གནས་སོ། །དེ་ནས་སྦེད་མ་རྒྱལ་
Vol. 9 · folio 231b
བྱེད་ཀྱི་ཚལ་དུ་སོང་བ་དང་ཉེ་དགའས་འདི་སྐད་ཅེས་སྨྲས་སོ། །དགོས་པ་ཅི་ཞིག་ལ་འོངས། དེ་ནས་སྦེད་མས་འདི་སྐད་ཅེས་སྨྲས་སོ། །རབ་ཏུ་འབྱུང་ངོ་། །ཉེ་དགའས་འདི་སྐད་ཅེས་སྨྲས་སོ། །འཆར་ཀ་ནི་ཡུལ་ཀོ་ས་ལའི་སྤུ་གྲི་རྟུལ་བས་ཡུལ་མ་ག་དྷཱར་སྤུ་གྲིའི་ཕྱིར་སོང་
ངོ་། །དེ་ནས་སྦེད་མ་དེ་བདག་རབ་ཏུ་ཡང་མ་བྱུང་ལ་ཁྱིམ་ན་གནས་པར་ཡང་མ་གྱུར་ཏོ་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། དགེ་སློང་མ་འཆག་པ་གཞན་ཞིག་གིས་སྦེད་མ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་ནས་ཞེས་བྱ་བ་ནས། རབ་ཏུ་ཕྱུང་ངོ་ཞེས་བྱ་བའི་བར་
རོ། །དེ་ནས་འཆར་ཀ་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་མཉན་ཡོད་དུ་ཕྱིན་པ་དང་། སྦེད་མས་འཆར་ཀ་འོངས་སོ་ཞེས་ཐོས་ནས། དེ་ནས་དགེ་སློང་མ་སྦེད་མ་འཆར་ཀ་གང་ན་བ་དེར་སོང་སྟེ་སོན་པ་དང་གནས་ཁང་གི་སྒོ་ལ་བརྡེགས་སོ། །དེ་ནས་འཆར་ཀས་
འདི་སུ་ཞིག་ཅེས་དྲིས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །བདག་སྦེད་མ་ལགས་སོ། །དེ་ནས་འཆར་ཀས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་གི་ཆུང་མ་ནང་དུ་ཞུགས་ཤིག །དེས་འདི་སྐད་ཅེས་སྨྲས་སོ། །བདག་ཁྱིམ་བདག་གི་མཆིས་འབྲང་མ་ལགས་ཏེ། བདག་
རབ་ཏུ་བྱུང་བ་ལགས་སོ། །དེས་ཁྱོད་སུས་གནང་ན་འདི་ལྟར་ཁྱོད་རབ་ཏུ་བྱུང་ཞེས་སྤྱོས་པ་དང་། དེ་ནས་སྦེད་མས་འཆར་ཀ་ལ་བཟོད་པ་གསོལ་ཏོ། །དེ་ནས་དེའི་འོག་ཏུ་འཆར་ཀས་སྦེད་མ་ལ་ཆོས་བཤད་པར་བརྩམས་པ་དང་། ཇི་ཙམ་ན་ཀུན་དུ་ཆགས་
པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བུད་མེད་མཁས་པའི་རང་བཞིན་ཅན་ནི་སྐྱེས་པ་ཆགས་པ་ཤེས་སོ་ཞེས་གསུངས་པ་ཡིན་པས་ཇི་ཙམ་ན་འཕྲིགས་ནས་གཅི་བའི་བརྡ་བྱས་ཏེ་བྲོས་སོ། །འཆར་ཀ་ཡང་རྐང་པའི་སྒྲ་ལ་མཁས་པ་ཡིན་པས་རིག་ནས་ཕྱི་བཞིན་
བརྒྱུགས་པ་དང་། དེའི་བརླ་ལ་རེག་པས་སྨད་གཡོགས་གཤེར་ཏོ། །སྦེད་མས་འདོད་ཆགས་དང་བྲལ་བར་རིག་ནས་འཆར་ཀ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦེད་མས་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འཆར་ཀ་གལ་ཏེ་བདག་གིས་དེ་ལྟར་མ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words