འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Sanskrit title (Tibetan script, as in the text) ཨཱརྱ་ཨཀྵོ་བྷྱ་ཏ་ཐཱ་ག་ཏ་སྱ་བྱཱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 40 · folio 29b
པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་
འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་ཆོས་སྟོན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་དེར་འཁོར་བཞི་པོ་དག་གིས་མི་སྟོངས་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་
པ་ཡིན་ནོ། །མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ་ལས་ལེའུ་གཉིས་པའོ།། །།བམ་པོ་གསུམ་པ། ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་
འཁྲུགས་པ་དེ་ཆོས་སྟོན་པ་ན་ཆོས་བསྟན་པ་རེ་རེས་ཀྱང་འདི་ལྟར་སེམས་ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་བཏུལ་ཏེ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་སེམས་ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་དགྲ་བཅོམ་
པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་བཏུལ་ཅིང་ཕལ་ཆེར་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་སྟག་གོ །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་
འདུན་ནི་དཔག་ཏུ་མེད། གྲངས་མེད་དེ། ཤ་ར་དྭ་ཏིའི་བུ་དེ་དག་ནི་རྩིས་མཁན་ནམ། རྩིས་མཁན་ཆེན་པོ་གང་གིས་ཀྱང་གྲངས་དང་། རྩིས་ཀྱིས་ཁྱད་ཕྱིན་ནི་འདི་སྙེད་ཅིག་གོ་ཞེ་འམ། གཏམས་ནི་འདི་སྙེད་ཅིག་གོ་ཞེ་འམ། དཀྲིགས་ནི་འདི་སྙེད་ཅིག་གོ་ཞེ་འམ།
Vol. 40 · folio 30a
མཆོག་ཡས་ནི་འདི་སྙེད་ཅིག་གོ་ཞེ་འམ། ཀ་རན་ད་ནི་འདི་སྙེད་ཅིག་གོ་ཞེ་འམ། ཟིལ་གནོན་ནི་འདི་སྙེད་ཅིག་གོ་ཞེ་འམ། ཐེར་འབུམ་ནི་འདི་སྙེད་ཅིག་གོ་ཞེ་འམ། གཞལ་དུ་མེད་པ་ནི་འདི་སྙེད་ཅིག་གོ་ཞེས་བྱ་བར་གྲངས་དང་། རྩིས་འདི་དག་
གིས་བགྲང་བ་འམ་བརྩི་བར་ནུས་ཤིང་ཁོང་དུ་ཆུད་པར་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཤ་ར་དྭ་ཏིའི་བུ་གཞན་དུ་ན་ཉན་ཐོས་དེ་དག་ནི་དཔག་ཏུ་མེད་པ་ཉིད་དམ། གྲངས་མེད་པ་ཉིད་ཀྱི་གྲངས་སུ་འགྲོའོ། །གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་
བགྲང་བའི་གྲངས་སུ་འགྲོའོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་རིགས་ཀྱི་བུ་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དག་ནི་ཉུང་སྟེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་
ངས་ད་ལྟར་ཆོས་བསྟན་པ་ན་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའི་རྒྱུན་དུ་ཞུགས་པ་ལེ་ལོ་ཅན་གང་གོང་མའི་ཁྱད་པར་མི་ཐོབ་པ་དེ་ངས་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པར་བསྟན་པ་དེ་བཞིན་དུ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བསྟན་པ་ན་རིགས་ཀྱི་བུ་གང་དག་སྟན་གཅིག་ལ་འདུག་ནས་དགྲ་བཅོམ་པའི་འབྲས་བུ་མི་ཐོབ་པར་ཆོས་བསྟན་པ་དང་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། ཆོས་བསྟན་པ་གཉིས་པས་ལན་ཅིག་ཕྱིར་འོང་བའི་འབྲས་
བུ་འཐོབ་པ་དང་། ཆོས་བསྟན་པ་གསུམ་པས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་དང་། ཆོས་བསྟན་པ་བཞི་པས་དགྲ་བཅོམ་པའི་འབྲས་བུ་འཐོབ་པ་དེ་ནི་དེ་ན་ལེ་ལོ་ཅན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་ད་ལྟར་གྱི་བཞིན་དུ་དེ་ན་གང་རྒྱུན་དུ་ཞུགས་པ་དེ་ནི་རེ་ལྟར་
ཐོགས་ན་སྲིད་པ་ལན་བདུན་པ་མ་ཡིན་གྱི། དེ་ནི་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། འདི་ལྟ་སྟེ། རྒྱུན་དུ་ཞུགས་པ་ཞེས་འབྲས་བུ་རྣམ་པར་གཞག་པ་དེ་ནི་མིང་ཙམ་དུ་ཟད་དོ། །ཇི་ལྟར་ད་ལྟར་གྱི་བཞིན་དུ་དེ་ན་གང་ལན་ཅིག་ཕྱིར་འོང་བ་དེ་འཇིག་རྟེན་
Vol. 40 · folio 30b
འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་བྱེད་པ་མ་ཡིན་གྱི་དེ་ནི་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། འདི་ལྟ་སྟེ། ལན་ཅིག་ཕྱིར་འོང་བ་ཞེས་འབྲས་བུ་རྣམ་པར་གཞག་པ་དེ་ནི་མིང་ཙམ་དུ་ཟད་དོ། །ཇི་ལྟར་ད་ལྟར་གྱི་བཞིན་དུ་དེ་ན་གང་ཕྱིར་མི་འོང་བ་དེ་
ནི་དེར་ལན་ཅིག་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་གྱི། དེ་ནི་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། འདི་ལྟར་ཕྱིར་མི་འོང་བ་ཞེས་འབྲས་བུ་རྣམ་པར་གཞག་པ་དེ་ནི་མིང་ཙམ་དུ་ཟད་དོ། །ཤ་ར་དྭ་ཏིའི་བུ་དེ་ན་དགྲ་བཅོམ་པ་གང་ཡིན་
པ་དེ་ནི་དེ་ན་ཡང་མི་གནས། འདི་ན་ཡང་མི་གནས། གཉིས་ཀ་མེད་པའི་བར་ན་ཡང་མི་གནས་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་འདི་ལྟར་འབྲས་བུ་རྣམ་པར་གཞག་པ་ཉེ་བར་བཟུང་སྟེ། དགེ་སྦྱོང་གི་འབྲས་བུ་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་ཡང་དེ་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཤེས་པ་དེ་ནི་སློབ་པའི་ས་ལ་གནས་ཤིང་
ཉམས་པར་མི་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལ་སློབ་པའི་ས་ཞེས་བྱ་བ་དེ་ནི་སྙིགས་མའི་ས་ཞེས་བྱ་བའི་ཚིག་བླ་དགས་སོ། །ཤ་ར་དྭ་ཏིའི་བུ་དེ་ནི་མི་སློབ་པའི་ས་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདའ་ཞིང་མི་སློབ་པའི་ས་ལ་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་སྟེ།
ཤ་ར་དྭ་ཏིའི་བུ་དེ་ལ་མི་སློབ་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཅེས་བྱ་བའི་ཚིག་བླ་དགས་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་རྣམ་པར་དག་པའི་
སྙིང་པོ་ལ་གནས་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལ་རྣམ་པར་དག་པའི་སྙིང་པོ་ལ་གནས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་དགྲ་
Vol. 40 · folio 31a
བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་
གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ། ཕལ་ཆེར་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་དགེ་འདུན་གྱི་ཚིག་བླ་དགས་
ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་འདི་སྙམ་དུ་དེ་རིང་བདག་ཅག་གང་དུ་ཟན་བཟའ་བར་བྱ། དེ་རིང་བདག་ཅག་ལ་སུས་ཟན་སྦྱིན་པར་འགྱུར་སྙམ་དུ་སེམས་པ་མེད་
དོ། །ཉན་ཐོས་དེ་དག་བསོད་སྙོམས་ཀྱི་ཕྱིར་ཁྱིམ་དག་ཏུ་འཇུག་པ་ཡང་མེད་དོ། །དེ་དག་གང་གི་ཚེ་ཟས་ཀྱི་དུས་ལ་བབ་པར་གྱུར་པའི་དུས་དེ་ཉིད་ཀྱི་ཚེ་ན་ལྷུང་བཟེད་དུ་ཁ་ཟས་འབྱུང་ངོ་། །གང་གི་ཚེ་ཉན་ཐོས་དེ་དག་གིས་འདི་སྙམ་དུ་བདག་ཅག་ལ་གཞན་དག་གིས་ཟས་བྱིན་
ཡང་སླའོ་སྙམ་དུ་བསམ་པ་དེའི་ཚེ་ན་དེ་དག་ལ་གཞན་དག་ཟས་སྦྱིན་པར་ཡང་འགྱུར་ཏེ། དེ་དག་ཟས་ཁམ་གཉིས་སམ་གསུམ་ཙམ་གྱིས་ཁ་ཟས་ཀྱི་བྱ་བ་བྱེད་ཅིང་ཆོག་པར་ཡང་འགྱུར་རོ། །ཉན་ཐོས་དེ་དག་ལྷུང་བཟེད་དང་། ཆོས་གོས་ཚོལ་བར་ཡང་མི་བྱེད་ལ། དེ་དག་
ཆོས་གོས་དག་མི་འདྲ། མི་འདྲུབ། མི་འཁྲུ། མི་འཚེད་ཅིང་བདག་ཀྱང་མི་བྱེད་ལ་གཞན་ལ་ཡང་མི་འཚོལ་མོད་ཀྱི། གཞན་དུ་ན་སྤྱོད་པ་ཙམ་དུ་སངས་རྒྱས་ཀྱི་མཐུས་འབྱུང་བར་ཡང་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
Vol. 40 · folio 31b
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཇི་ལྟར་ང་ད་ལྟར་ཉན་ཐོས་རྣམས་ལ་ལྟུང་བ་བཞི་པོ་དག་གི་ཆོས་སྟོན་པ་དེ་ལྟར་ཉན་ཐོས་རྣམས་ལ་ལྟུང་བའི་ཆོས་རྣམས་མི་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ནི་ཉན་ཐོས་རྣམས་ལ་དེ་ལྟ་བུའི་ཆོས་མི་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་ཚེའི་སྙིགས་མ་མེད། སེམས་ཅན་གྱི་སྙིགས་མ་མེད། དུས་ཀྱི་སྙིགས་མ་མེད། ལྟ་བའི་སྙིགས་མ་
མེད། ཉོན་མོངས་པའི་སྙིགས་མ་མེད་ཅིང་སྙིང་སྟོབས་ཉམས་པ་མེད་པས་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་སྙིགས་མ་དང་བྲལ་བ་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་མི་འཁྲུགས་པ་དེ་གང་གི་ཚེ་ཉན་ཐོས་རྣམས་ལ་ཆོས་སྟོན་པ་ན་དང་པོ་ཉིད་ནས་ཡང་དག་ཕུལ་གྱི་ཆོས་རྣམས་སྟོན་པར་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ནི་མགོ་སྨོས་པས་གོ་བ་ཤ་སྟག་སྟེ། རྣམ་
པར་སྤྲོས་པས་གོ་བ་དང་། ཞིབ་ཏུ་བཤད་པས་གོ་བར་བྱ་དགོས་པ་དེ་དག་དེ་ན་མེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ན་ཉན་ཐོས་ཀྱི་དགེ་འདུན་ལ་ལྷག་པའི་ང་རྒྱལ་ཅན་ནི་འགའ་ཙམ་ཡང་མེད་དེ། ཤ་ར་དྭ་ཏིའི་བུ་དེ་ན་ལྷག་པའི་ང་རྒྱལ་ཅན་ཞེས་བྱ་བའི་མིང་ཙམ་
ཡང་མི་སྲིད་དོ། །ཤ་ར་དྭ་ཏིའི་བུ་དེ་ན་ཉན་ཐོས་ཀྱི་དགེ་འདུན་ལ་གང་དག་དགེ་སྦྱོང་གི་དྲི་མར་བྱ་བའི་རྣམ་པ་དང་། དགེ་སྦྱོང་གི་སྐྱོན་དུ་བྱ་བ་དང་། དགེ་སྦྱོང་གི་གྱ་གྱུར་བྱ་བ་དང་། དགེ་སྦྱོང་གི་གཡོར་བྱ་བ་དང་། དགེ་སྦྱོང་གི་སྒྱུར་བྱ་བ་དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་
རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ་འདི་ལྟར་དགེ་སྦྱོང་གི་དྲི་མ་ཞེས་བྱ་བའི་མིང་ཙམ་ཡང་ཀུན་དུ་འབྱུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་ཅིང་དག་པ་ཡིན་པས་ན་དེ་དག་ལ་ཆོས་ཇི་
Vol. 40 · folio 32a
ལྟར་བསྟན་པ་དེ་བཞིན་དུ་ཀུན་དུ་ཤེས་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་མཚམས་མེད་ལྔ་པོ་དག་སྟོན་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ། དེ་ན་མཚམས་མེད་པའི་སྒྲ་ཡང་མི་འབྱུང་ངོ་། །ཤ་ར་
དྭ་ཏིའི་བུ་ཉན་ཐོས་དེ་དག་ནི་རྙེད་པ་དང་། བཀུར་སྟི་ལྷུར་ལེན་པ་མ་ཡིན་ཞིང་། ལྷུང་བཟེད་དང་། ཆོས་གོས་ལྷུར་ལེན་པ་ཡང་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་གོས་དང་། ཡོ་བྱད་ལྷུར་ལེན་
པ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་དག་ལ་རྙེད་པ་དང་། བཀུར་སྟིའི་བསམ་པ་ལས་བཟླ་བའི་ཕྱིར་ཆོས་བསྟན་པར་བྱ་མི་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་དེ་དག་ནི་འདོད་པ་ཆུང་བ་དང་། ཆོག་ཤེས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཇི་ལྟར་ང་ད་
ལྟར་ཉན་ཐོས་རྣམས་ལ་བསླབ་པ་འཆའ་བ་དེ་ལྟར་ཉན་ཐོས་རྣམས་ལ་བསླབ་པ་འཆའ་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཉན་ཐོས་དེ་དག་ལ་སྐྱོན་མེད་པའི་ཕྱིར་ཏེ། དེ་ལ་བསླབ་པ་ནི་འདི་ཁོ་ན་སྟེ། འདི་ལྟར་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པ་རྗེས་སུ་དྲན་པར་བྱེད་པའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་ད་ལྟར་མི་བླུན་པོ་ཁ་ཅིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ངའི་བསླབ་པའི་གཞི་འདྲལ་བར་བྱེད་པ་དེ་ལྟར་ཉན་ཐོས་དེ་དག་ལ་བསླབ་པའི་གཞི་འདྲལ་བར་བྱེད་པ་མེད་དོ། །དེ་ཅིའི་ཕྱིར་
ཞེ་ན། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་འདུས་པ་ནི་ཅང་ཤེས་པ་ཤ་སྟག་ཡིན་ལ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་
Vol. 40 · folio 32b
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སྙིགས་མ་མེད་པའི་ཕྱིར་རོ། །དེ་ན་ཉན་ཐོས་གཅིག་དང་། ཉན་ཐོས་གཉིས་ལྷན་ཅིག་ཏུ་མི་གནས་པར་དེ་དག་རང་རང་གི་རྣལ་འབྱོར་གྱི་དོན་ལ་རྗེས་སུ་བརྩོན་པར་གནས་སོ། །འདུ་
འཛི་མེད་པ་ལ་དགའ་ཞིང་འདུ་འཛི་མེད་པའི་རྣལ་འབྱོར་ལ་བརྩོན་ཏེ། དགེ་བའི་ཕྱོགས་ལ་རྟག་ཏུ་སྦྱོར་ཞིང་རྙེད་པ་དང་། བཀུར་སྟི་དོན་དུ་མི་གཉེར་ཏེ། དེ་ན་གང་ཟག་རྣམས་ནི་བརྩོན་འགྲུས་ཉམས་པ་མེད་པས་རབ་ཏུ་ཕྱེ་བས་དེ་ན་ལེ་ལོ་ཅན་དག་ནི་བལྟར་ཡང་མེད་དེ།
ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་དེ་དག་ནི་ཡོན་ཏན་ཡོངས་སུ་གྲུབ་པ་དེ་ལྟ་བུ་དག་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་གི་ཚེ་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ནི་ཉན་ཐོས་དེ་དག་ལ་ཆོས་སྟོན་པ་དེའི་ཚེ་ན་ཉན་ཐོས་དེ་དག་ཀྱང་རྣ་བ་བླགས་ལ་མིག་མི་གཡེངས་ཤིང་། སེམས་མི་གཡེངས་པར་ཆོས་ཉན་པར་བྱེད་
དོ། །གང་དག་འགྲེང་སྟེ་ཆོས་ཉན་པར་བྱེད་ཀྱང་དེ་དག་གི་ལུས་དང་སེམས་ལ་ངལ་བ་མེད་དོ། །གང་དག་འདུག་སྟེ་ཆོས་ཉན་པར་བྱེད་ཀྱང་དེ་དག་གི་ལུས་དང་སེམས་ལ་ངལ་བ་མེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ཤིང་ཉན་ཐོས་རྣམས་ལ་ཆོས་སྟོན་པ་དེའི་ཚེ་སངས་རྒྱས་ཀྱི་མཐུས་དེ་ན་དགེ་སློང་གང་དག་རྫུ་འཕྲུལ་དང་ལྡན་པ་རྣམས་དང་། དགེ་སློང་
གང་དག་རྫུ་འཕྲུལ་དང་མི་ལྡན་པ་དེ་དག་ཀྱང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ཏེ། ཆོས་ཉན་པར་བྱེད་ཅིང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནམ་མཁའ་དེ་ཉིད་ལ་མངོན་པར་འཕགས་བཞིན་དུ་སྤྱོད་ལམ་རྣམ་པ་གསུམ་གྱིས་གནས་པར་
Vol. 40 · folio 33a
ཡང་བྱེད་དེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འགྲེང་བ་དང་། འདུག་པ་དང་། འཆག་པའོ། །དེ་དག་ཡོངས་སུ་མྱ་ངན་ལས་འདའ་བ་ན་ཡང་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །
ཉན་ཐོས་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་ན་ས་ཆེན་པོ་ཡང་ཀུན་དུ་གཡོའོ། །དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལྷ་དང་མི་རྣམས་བཀུར་སྟི་བྱ་བས་བཀུར་སྟི་བྱེད་དོ། །དེ་ན་དགྲ་བཅོམ་པ་ཁ་ཅིག་ནི་རང་གི་ལུས་ཀྱི་མེའི་ཁམས་ཀྱིས་ལུས་བསྲེགས་
ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་ན་དགྲ་བཅོམ་པ་ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ན་ཇི་ལྟར་རླུང་བཞིན་དུ་རང་གི་ལུས་མི་སྣང་བར་བྱས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཁ་དོག་རྣམ་པ་ལྔའི་
སྤྲིན་དག་མངོན་པར་ཆགས་ནས་ཞིག་པར་གྱུར་པ་ན་ཆར་པ་དག་མེད་ཅིང་མི་སྣང་བ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་དེ་ན་དགྲ་བཅོམ་པ་ཁ་ཅིག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བ་ན་རང་གི་ལུས་ཞིག་ནས་ཆ་ཤས་ཙམ་ཡང་མི་སྣང་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ན་ཉན་ཐོས་
ཁ་ཅིག་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཡང་ཡོད་དེ། དེ་ན་ཉན་ཐོས་ཁ་ཅིག་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ནས་ལུས་ལས་ཆུའི་རྒྱུན་དག་འབྱིན་ཅིང་ཆུའི་རྒྱུན་དེ་དག་ཀྱང་ས་ལ་མ་ལྟུང་བ་ཉིད་དུ་
ནམ་མཁར་བག་ལ་ཞ་བར་བྱས་ནས་དེ་བཞིན་དུ་རང་གི་ལུས་ཀྱང་ནམ་མཁའ་ལས་མི་ལྟུང་བར་ཐལ་བྱུང་དུ་བག་ལ་ཞ་བར་བྱེད་དེ། ཤ་ར་དྭ་ཏིའི་བུ་དེ་ན་ཉན་ཐོས་དག་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་དེ་ལྟ་བུ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ།
ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྐད་དུ་ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
Vol. 40 · folio 33b
པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་རྣམས་འདི་ལྟར་ཆོ་འཕྲུལ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་དཔག་ཏུ་མེད་པ་དེ་དག་ལས་གང་དག་སོ་སོ་ཡང་དག་པར་རིག་པ་བཞི་མ་ཐོབ་པའི་ཉན་ཐོས་དེ་དག་ནི་ཉུང་གི་གང་དག་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་གྱུར་པ་དེ་དག་ནི་ཆེས་མང་ངོ་། །ཉན་
ཐོས་གང་དག་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་དེ་དག་ཀྱང་ཆེས་མང་སྟེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་
ལྟ་བུ་དག་དང་ལྡན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་འདི་ལྟ་སྟེ། འདི་ལྟར་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཆེན་པོ་འདི་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་
དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་
སངས་རྒྱས་ཀྱི་ཞིང་ན་འདི་ལྟར་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་བཀོད་པ་ཆེན་པོ་དེ་ལྟ་བུ་དག་དང་ལྡན་པ་ཡིན་ནོ། །མི་འཁྲུགས་པ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ལེའུ་གསུམ་པའོ།། །།
Vol. 40 · folio 34a
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་
སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དག་ནི་ལེགས་པར་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་
པ་དེའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ནི་བཀའ་མ་སྩལ་ལགས་པས། བཅོམ་ལྡན་འདས་ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་
དག་ལེགས་པར་བསྟན་དུ་གསོལ། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས་དེ་ལས་འདི་ལྟར་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་གང་ལགས་པའི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེ་
ན་ད་ལྟར་གང་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དང་། གྲངས་མེད་པ་དག་
གི་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ཡོད་དེ། ཤ་ར་དྭ་ཏིའི་བུ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལས་རབ་ཏུ་བྱུང་བ་དེ་དག་ཐམས་ཅད་
Vol. 40 · folio 34b
ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཆོས་བསྟན་པ་སངས་རྒྱས་ཀྱི་མཐུས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །
ཤ་ར་དྭ་ཏིའི་བུ་ངས་ད་ལྟར་ཆོས་བསྟན་པ་གང་ཡིན་པ་འདི་ནི་ངས་ཆོས་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་ཀྱི། ཤ་ར་དྭ་ཏིའི་བུ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བསྟན་པ་གང་ཡིན་པ་དེ་ནི་དཔག་ཏུ་
མེད་གྲངས་མེད་དེ། ཆོས་བསྟན་པ་དེའི་གན་ན་ངས་ཆོས་བསྟན་པ་འདི་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་
དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་བ་གང་ཡིན་པ་དང་། བསྐལ་པ་བཟང་པོའི་སངས་རྒྱས་
བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་སྟོན་པར་འགྱུར་བ་གང་ཡིན་པ་བས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བསྟན་པ་གང་ཡིན་པའི་ཆོས་བསྟན་པ་དེ་ནི་དཔག་ཏུ་མེད་ཅིང་། གྲངས་མེད་དེ།
ཆོས་བསྟན་པ་དེའི་གན་ན་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་སྟོན་པར་འགྱུར་བ་དག་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་
བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་
Vol. 40 · folio 35a
སྤྱད་པ་སྤྱོད་པ་ན་འདི་སྐད་དུ་ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འབྱུང་བར་འགྱུར་བ་དེ་དག་ལ་ཆོས་སྟོན་པར་འགྱུར་ཞིང་ཆོས་སྟོན་པ་དེ་
དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་དེ་དག་གིས་འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་
གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཆོས་བསྟན་པ་དེ་ཐམས་ཅད་སངས་རྒྱས་ཀྱི་མཐུ་དང་། རང་རང་གི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་
ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་
སངས་རྒྱས་ཀྱི་ཞིང་གཞན་དག་དང་། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འགྲོ་བར་འདོད་ན་དེ་དག་གིས་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུ་དང་། རང་རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གཞན་དག་དང་། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་
འགྲོ་བར་འགྱུར་ཏེ། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་དང་། འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཕྱིན་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དག་ལ་ཕྱག་འཚལ་བར་བྱེད། འདུད་པར་བྱེད། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། ཡོངས་སུ་ཞུ་བར་
བྱེད། ཡོངས་སུ་འདྲི་བར་བྱེད་ཅིང་ཆོས་ཐོས་ནས་བཟུང་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་བྱས། འདུད་པར་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། ཡོངས་
Vol. 40 · folio 35b
སུ་ཞུ་བར་བྱས། ཡོངས་སུ་འདྲི་བར་བྱས་ཤིང་ཆོས་དེ་ཐོས་ནས་བཟུང་སྟེ། སེམས་ཅན་རྣམས་ལ་ཆོས་ཀྱང་བསྟན་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་ལྡོག་པར་
བྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་དེ་དག་ལ་ལྟ་བར་འདོད་པ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ་
སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ནི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བའི་སྐལ་བ་ཅན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་རྟོགས་པ་དང་འདྲ་བར་རིག་
པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་ནི་སངས་རྒྱས་ཀྱི་བཞུད་པ་ལྟ་བུར་རིག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་ནི་བདུད་སྡིག་ཅན་ཐམས་ཅད་ཀྱིས་མི་རྫི་བར་རིག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱི་ས་དང་། རང་སངས་
རྒྱས་ཀྱི་སར་མཚམས་སྦྱོར་བ་ཆད་པར་རིག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཚམས་སྦྱོར་བར་རིག་པར་བྱ་བ་ཤ་སྟག་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་འདུས་
པ་ན་དེ་བཞིན་གཤེགས་པ་འདུས་པ་དང་། རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པའི་འདུས་པ་ཤ་སྟག་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་
Vol. 40 · folio 36a
ཞིང་གི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་རྣམ་པར་དག་པ་དང་། སྙིང་པོ་ལ་གནས་པ་དང་། ཕྱིར་མི་ལྡོག་པའི་ཆོས་ཅན་དང་། མི་འཕྲོགས་པའི་ཆོས་ཅན་དང་། ཕྱིར་མི་ཟློགས་པའི་ཆོས་ཅན་ཤ་སྟག་སྟེ། དེ་དག་ནི་བྱང་ཆུབ་ཏུ་ངེས་པ་དང་།
བྱང་ཆུབ་ལས་མི་བསྐྱོད་མི་གཡོ་ཞིང་། བྱང་ཆུབ་སེམས་དཔའ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གནས་ལ་གནས་པ་ཤ་སྟག་ཏུ་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་
དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཛོད་དུ་ཞུགས་པར་རིག་པར་བྱའོ། །
མི་འཇིགས་པའི་གྲོང་ཁྱེར་དུ་ཞུགས་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་བརྗོད་ཅིང་། གཅིག་ལ་གཅིག་སྟོན་པའི་འདུ་ཤེས་ཉེ་བར་འཇོག་པར་བྱེད་དོ། །
ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གང་དག་ཁྱིམ་ན་གནས་པ་དག་ནི་ཤིན་ཏུ་ཉུང་གི །སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཕལ་ཆེར་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་ཞིང་རབ་ཏུ་བྱུང་བ་
ཤ་སྟག་གོ །ཤ་ར་དྭ་ཏིའི་བུ་ཡང་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཆོས་སྟོན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་ཀྱི་མཐུ་དང་རང་རང་གི་དགེ་
བའི་རྩ་བའི་སྟོབས་བསྐྱེད་པས་ཆོས་བསྟན་པ་དེ་དག་ཐམས་ཅད་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ཞིང་ཆོས་བསྟན་པ་དེར་མ་
Vol. 40 · folio 36b
འདུས་ཤིང་ལུས་ཀྱིས་མངོན་སུམ་དུ་མ་གྱུར་པ་དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་གང་ན་འགྲེང་བའམ། འདུག་པའི་གནས་དེ་ཉིད་ནས་ཆོས་སྟོན་པ་དེ་དག་ཐམས་ཅད་ཐོས་ཤིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །ཤ་ར་དྭ་
ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་ཞིང་ཆོས་བསྟན་པ་དེར་ལུས་ཀྱིས་མངོན་སུམ་དུ་མ་གྱུར་པ་དེ་དག་ཀྱང་། གང་ན་འགྲེང་ངམ་འདུག་ཀྱང་རུང་སྟེ། དེ་ལ་འགྲེང་བཞིན་དུ། དེ་ན་འདུག་བཞིན་དུ། སངས་རྒྱས་
ཀྱི་མཐུས་ཆོས་བསྟན་པ་དེ་དག་ཐམས་ཅད་ཐོས་ཤིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཚེ་རྗེས་ན་ཡང་ཆོས་དེ་དག་བརྗེད་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་
བར་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་ཡང་སྐྱེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་
པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་ལ་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་
མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་མཐོང་བར་འདོད་པས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་དེར་སྐྱེས་མ་ཐག་ཏུ་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་མཐོང་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་
Vol. 40 · folio 37a
ལས་དགེ་བའི་རྩ་བ་མང་པོ་དག་སྐྱེད་པར་ཡང་འགྱུར་རོ། །སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཆོས་སྟོན་པར་ཡང་འགྱུར་ཞིང་དེ་དག་
གི་དགེ་བའི་རྩ་བ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དུ་འཇུག་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ད་ལྟར་གྱི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་གང་དག་འབྱུང་
བར་འགྱུར་བ་དེ་དག་ཐམས་ཅད་ལ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གསོས་དང་། སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། དེ་དག་ཐམས་ཅད་ལ་བཀུར་སྟིར་བྱས། བླ་
མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་མངོན་པར་བྱུང་ཞིང་རབ་ཏུ་བྱུང་ནས་ཚངས་པར་སྤྱད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་ཚེ་གཅིག་ཅིག་གི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱ་བ་བསྐྱེད་ན་ཤ་ར་དྭ་ཏིའི་བུ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེ་ནི་བསོད་ནམས་མངོན་པར་འདུ་བྱ་བ་འདིའི་བརྒྱའི་ཆར་ཡང་
ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་
Vol. 40 · folio 37b
རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་
དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པ་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་བར་ཆད་བྱེད་པའི་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཉེ་བར་གནས་པ་མེད་ལ་བདུད་ཀྱི་
ལས་རྣམས་ཉེ་བར་གནས་པ་མེད་ཅིང་མཐོ་འཚམ་པར་ཞུགས་པ་མེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་སྔགས་ཀྱི་མཐུའམ། སྨན་གྱི་མཐུས་སྦྲུལ་གདུག་པའི་དུག་མེད་པར་བྱས་ཏེ་བཏང་ན་དེ་བཏང་མ་ཐག་ཏུ་འཛིན་པ་འམ། མཐོ་འཚམ་
པ་འམ། རྣམ་པར་འཚེ་མི་ནུས་པས་གང་དག་དེ་ལས་གཞན་པའི་སྲོག་ཆགས་ཀྱི་རིགས་དེ་དག་ཀྱང་དེས་འཇིགས་པ་མེད་ལ། སེམས་ཅན་འགའ་ཙམ་ལ་ཡང་མཐོ་འཚམ་པ་མེད་ཅིང་བར་ཆད་མི་བྱེད་མོད་ཀྱི། ཤ་ར་དྭ་ཏིའི་བུ་འོན་ཀྱང་དེའི་སྔོན་གྱི་ལས་མངོན་པར་འདུ་བྱེད་
པར་གྲུབ་པའི་ལུས་དེ་ལ་སྦྲུལ་གདུག་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེས་ཅི་ནས་བདག་མངོན་པར་རྫོགས་པར་
སངས་རྒྱས་ནས་བདུད་སྡིག་ཅན་རྣམས་བཏུལ་ཏེ་གདུག་པ་མེད་པར་བྱས་ནས་ཕྱིས་ཀྱང་བར་ཆད་བྱེད་པ་མེད་པར་གྱུར་ཅིག་ཅེས་དགེ་བའི་རྩ་བ་རྣམས་དེ་ལྟ་དེ་ལྟར་ཡོངས་སུ་བསྔོས་པས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་
དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་དེ་དག་དང་། སོ་སོའི་སྐྱེ་བོ་དེ་དག་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་བར་ཆད་བྱེད་པ་འགའ་
Vol. 40 · folio 38a
ཡང་མེད་མོད་ཀྱི། ཤ་ར་དྭ་ཏིའི་བུ་འོན་ཀྱང་སངས་རྒྱས་ཀྱི་ཞིང་དེ་ན་གང་དག་སྔོན་གྱི་མངོན་པར་འདུ་བྱེད་པའི་ལས་ཀྱིས་གཞན་འཕྲུལ་དབང་བྱེད་ཀྱི་རིས་ཀྱི་ལྷར་སྐྱེས་པ་དེ་དག་བདུད་ཅེས་བྱ་བའི་མིང་འཐོབ་སྟེ། མིང་དེ་དང་སྐྱེས་པ་དེས་སྨོད་ཅིང་ཆོས་བསྟན་པ་ཉན་པར་
བྱེད་དོ། །ཐོས་ནས་ཀྱང་དད་པ་ཐོབ་ཅིང་ཉན་ཐོས་དེ་དག་ལ་ཡང་དགའ་བར་བྱེད་དོ། །བདག་ཅག་ཀྱང་ནམ་ཞིག་ན་འདི་ལྟར་འདོད་པ་ཆུང་བ་དང་། འདི་ལྟར་ཆོག་ཤེས་པ་དང་། འདི་ལྟར་རབ་ཏུ་དབེན་པ་ལ་གནས་པར་འགྱུར་ཞིག་གུ་སྙམ་མོ། །དེ་ལྟར་བདུད་དེ་དག་མངོན་པར་
འབྱུང་བའི་རྣམ་པར་རྟོག་པར་ཀུན་ཏུ་འབྱུང་ཞིང་བར་ཆད་བྱེད་པ་མེད་པ་ཀུན་ཏུ་སྤྱོད་དེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་
བཀོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་དང་། སྔོན་གྱི་བརྩོན་པ་དང་། སྔོན་གྱི་སྐྱེས་བུའི་བྱེད་པས་སངས་རྒྱས་ཀྱི་ཞིང་དེ་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་དང་། སོ་སོའི་སྐྱེ་བོ་དེ་དག་ཐམས་ཅད་ཤིན་ཏུ་བདེ་བ་དང་ལྡན་པར་གནས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བཅོམ་ལྡན་འདས་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཞིང་དེ་ལ་དགའ་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ལྡོག་པར་འཚལ་བ་དང་། ངེས་པའི་གནས་སུ་མཆི་བར་འཚལ་བ་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་སྩལ་ན་དེ་སྦྱིན་པ་སྩལ་བས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བས་སྦྱིན་པ་དེ་ནི་ལེགས་པར་བཏང་བ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དུ་ལྡོག་པའི་སྐལ་བ་ཅན་མ་ལགས་
Vol. 40 · folio 38b
པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པ་དག་མཉེས་པར་བགྱིད་པ་དང་། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་
རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་མཐོང་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགེ་བའི་རྩ་བ་དག་ཀྱང་བསྐྲུན་པར་འགྱུར་བའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་འདིས་ན་རིགས་ཀྱི་
བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། སྦྱིན་པ་སྩལ་ལ་སྦྱིན་པ་སྩལ་བས་གལ་ཏེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལྟ་ན། བཙུན་པ་བཅོམ་
ལྡན་འདས་ལེགས་པར་སྩལ་ཅིང་ལེགས་པར་བཏང་ལ་ལེགས་པར་སྐྱེས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་དེར་ལེགས་པར་མཆིས་པ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ནི་ལེགས་པར་སོང་ཞིང་ལེགས་པར་སྐྱེས་པ་ཡིན་པས་ན་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཡོངས་སུ་གང་བ་ཡིན་ནོ། །ཤ་ར་
དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གསེར་གྱི་རིགས་གསེག་མ་དང་གྱོ་མོ་མེད་ཅིང་རྡོ་བ་དང་ས་རྡུལ་མེད་ལ། དག་པའི་སྙིང་པོ་ལ་གནས་པར་གྱུར་པ་དེ་ལས་གསེར་བླངས་ཏེ། སྦུད་པ་གཉིས་ཀྱིས་བཞུ་ཞིང་བཏུལ་ལ། བཞུས་ཤིང་བཏུལ་ནས་རྒྱན་སྣ་ཚོགས་གཞན་དག་ཏུ་བྱས་ཏེ།
Vol. 40 · folio 39a
ལུས་ལ་ཐོགས་པ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དག་པ་སྙིང་པོ་ལ་གནས་པ་ཤ་སྟག་སྟེ།
ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་པ་དེ་དག་ནི་དག་པ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་གང་དག་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། སེམས་ཅན་དག་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོའོ། །དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཕྱིར་མི་ལྡོག་པ་ཞེས་བྱ་བ་དེ་ལྟ་བུའི་
གྲངས་སུ་འགྲོའོ། །དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། རྟེན་གཅིག་སྟེ། དེ་བཞིན་གཤེགས་པ་ལ་རྟེན་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོ་སྟེ། ཤ་ར་དྭ་ཏིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་གཅིག་པ་ཡིན་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་བཞིན་གཤེགས་པ་ལ་རྟེན་པར་གྱུར་པ་དེ་ནི་རྟེན་གཅིག་པ་ཞེས་བྱའོ། །གཞན་ཡང་རྟེན་གཅིག་པ་ཞེས་བྱ་བ་དེ་ནི་གང་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །ཤ་
ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་གཅིག་པ་དེ་བཞིན་གཤེགས་པ་ལ་རྟེན་པ་རྗེས་སུ་ཐོབ་པར་འདོད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་
ཞིང་དུ་སྐྱེ་བར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ངས་ཕྱིར་མི་ལྡོག་པར་ལུང་བསྟན་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་སྐྱེ་བར་
Vol. 40 · folio 39b
བྱ་སྟེ། ཤ་ར་དྭ་ཏིའི་བུ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་བཏང་བ་དེ་དག་ནི་ངས་ཡོངས་སུ་སྤངས་པ་མ་ཡིན་ནོ། །ཤ་ར་དྭ་
ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་མཐུ་དང་། སྟོབས་དང་། བརྩོན་འགྲུས་ཐོབ་པ་ཞིག་རྒྱལ་སྲིད་འདོད་པ་དང་། ནོར་འདོད་པ་དང་། ཡུལ་འདོད་པའི་ཕྱིར་འཐབ་ཟླའི་རྒྱལ་པོའི་གན་དུ་འགྱེད་ཅིང་འཐབ་ཏུ་སོང་བ་དང་། དེ་ནས་
འཐབ་ཟླའི་རྒྱལ་པོ་དེས་རྒྱལ་པོ་དེ་རྒྱལ་སྲིད་འདོད་པ་དང་། ནོར་འདོད་པ་དང་། ཡུལ་འདོད་པའི་ཕྱིར་འགྱེད་ཅིང་འཐབ་ཏུ་འོང་ངོ་ཞེས་ཐོས་སོ། །དེ་སྐད་ཐོས་ནས་རྒྱལ་པོ་དེས་འདི་སྙམ་དུ་གང་དག་རིན་པོ་ཆེ་རྣམས་དང་། བཙུན་མོའི་འཁོར་རྣམས་དང་། བུ་དང་། བུ་
མོ་རྣམས་དང་། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་དེ་དག་ཐམས་ཅད་གང་ན་རྒྱལ་པོའི་དཔུང་ཡོད་པ་དང་། ཐུལ་བར་དཀའ་བ་དེར་བཀྱེ་ན་བདེ་བར་གནས་པར་འགྱུར་གྱི། འདི་ན་ནི་སྡུག་བསྔལ་བར་འགྱུར་རོ་སྙམ་ནས་གྲོང་ཁྱེར་གཞན་ཞིག་ཏུ་བསྐུངས་སོ། །
ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་བཏང་བ་དེ་དག་ཀྱང་ངས་ཡོངས་སུ་སྤངས་པ་མ་ཡིན་ཏེ། ཤ་ར་དྭ་
ཏིའི་བུ་ཇི་ལྟར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་རིན་པོ་ཆེ་རྣམས་དང་། བཙུན་མོའི་འཁོར་རྣམས་དང་། བུ་དང་། བུ་མོ་རྣམས་དང་། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་བསྐུངས་པ་དེ་ལྟར་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་།
རིགས་ཀྱི་བུ་མོ་རྣམས་བལྟའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་གང་དུ་རྒྱལ་པོའི་རིན་པོ་ཆེ་རྣམས་དང་། བཙུན་མོའི་འཁོར་རྣམས་དང་། བུ་དང་། བུ་མོ་རྣམས་དང་གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་རྣམས་བསྐུངས་པའི་གྲོང་ཁྱེར་དེ་ལྟར་ནི་བཅོམ་ལྡན་འདས་དེ་
Vol. 40 · folio 40a
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་བལྟའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་འཐབ་ཏུ་འོང་བའི་རྒྱལ་པོ་དེ་ལྟར་ནི་སངས་རྒྱས་ཀྱི་ཞིང་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་
བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་བར་ཆད་བྱེད་པའི་ལས་ལ་གནས་པ་མཐོ་འཚམ་པ་ལ་ཞུགས་པའི་བདུད་རྣམས་བལྟའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་རྒྱལ་པོ་མཐུ་དང་ལྡན་ཞིང་ཐུལ་བར་དཀའ་བ་དེ་ལྟར་ནི་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་མི་ཐུལ་བའི་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་བལྟའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་བུ་ལོན་པས་འཇིགས་ཤིང་སྐྲག་པའི་མི་ནི་གང་དུ་སོང་ན་བུ་ལོན་པའམ། བུ་ལོན་པའི་མི་དག་གིས་མི་ཚུགས་
པར་འགྱུར་པའི་མཐའ་འཁོབ་ཀྱི་གྲོང་ཁྱེར་དུ་འབྲོས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེར་བུ་ལོན་པའམ། བུ་ལོན་པའི་མི་དེ་རྣམས་འོང་བའི་ལམ་ཆད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་དེ་དག་ལ་ཡང་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་ལམ་ཆད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་འདི་ན་བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་གང་དག་འཁོད་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང་། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གང་དག་འཁོད་པ་དེ་དག་ལ་བར་
ཆད་བྱ་བའི་ཕྱིར་ཉེ་བར་གནས་པ་དང་། མཐོ་འཚམ་པའི་ཕྱིར་ཞུགས་པ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ཀྱི་ཕྱིར་ཉེ་བར་
Vol. 40 · folio 40b
གནས་པ་མེད་དོ། །ཤ་ར་དྭ་ཏིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བརྒྱ་ལམ་ན་ཡང་འཇིགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་
འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་
སངས་རྒྱས་ཀྱི་ཞིང་དེར་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཟག་པ་ཟད་པའི་དགྲ་བཅོམ་པ་ནི་བདེ་བ་ཐོབ་ཅིང་མི་
འཇིགས་པ་ཐོབ་པར་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ། སྐྱེ་འམ།
སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། དེ་དག་ནི་ཀུན་ཏུ་བསྲུངས་པ་དང་། བསྐྱབས་པ་དང་། སྦས་པ་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁ་ལོ་སྒྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་
བདུད་ཀྱི་ལས་ལ་ཉེ་བར་མི་གནས་ཤིང་མཐོ་འཚམ་པའི་ཕྱིར་འཇུག་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་དུག་སྨན་ཟོས་ཏེ་དུག་འཐུངས་ན་དེས་དུག་དེ་ཁ་ཟས་ཀྱི་བྱ་བ་བྱས་ཀྱང་གདུག་པ་མེད་
Vol. 40 · folio 41a
ཅིང་ལེགས་པར་འཇུའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ལྟར་
སངས་རྒྱས་ཀྱི་ཞིང་དེར་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ལ་ཉེ་བར་མི་གནས་ཤིང་མཐོ་འཚམ་པའི་ཕྱིར་འཇུག་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པས་ན་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་དེ་ལྟ་བུའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་
ནོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་མཐུས་བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་། ཉན་
ཐོས་ཀྱི་དགེ་འདུན་དེ་དག་དང་། བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་ཅིང་གྲངས་མེད་པ་དེ་དག་བལྟ་བར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། དེའི་ཚེ་འདི་ལྟ་
བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དེ། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་དང་། བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་དང་བཅས་པ་དེ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་། ཉན་ཐོས་ཀྱི་དགེ་འདུན་དེ་དང་། བྱང་ཆུབ་སེམས་
Vol. 40 · folio 41b
དཔའི་ཚོགས་དཔག་ཏུ་མེད་ཅིང་གྲངས་མེད་པ་དེ་དག་མཐོང་ངམ། གསོལ་པ་བཙུན་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་འདི་ལྟར་ལྷ་དེ་དག་དང་མི་
དེ་དག་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དང་། རྩེ་བ་དང་། དགའ་བས་བྱེ་བྲག་གམ། ཐ་དད་དུ་བྱ་བ་ཅི་ཡང་མཐོང་ངམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
བཅོམ་ལྡན་འདས་བདག་གིས་འདི་ལྟར་ལྷ་དེ་དག་དང་། མི་དེ་དག་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དང་། རྩེ་བ་དང་། དགའ་བས་བྱེ་བྲག་གམ། ཐ་དད་དུ་བགྱི་བ་ཅི་ཡང་མ་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་སངས་
རྒྱས་ཀྱི་ཞིང་དེ་ན་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་ཐམས་ཅད་ལྷ་རྫས་ཉིད་ལགས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཕྱོགས་བཅུ་ཀུན་ཏུ་སྣང་བར་མཛད་ཅིང་གསེར་གྱི་
མཆོད་སྡོང་ལྟར་གཟི་བརྗིད་གསལ་ཞིང་ཤིས་པ་དང་། དཔལ་འབར་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་གཟུགས་རྣམ་པར་སྤྲས་ལ་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་ན་ཆོས་སྟོན་ཅིང་བཞུགས་པར་གདའ་
བའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པ་ན་ཤར་ཕྱོགས་སུ་ཞུགས་ཤིང་ངམ་རི་ཡང་མི་མཐོང་ཞིང་ལྷོ་ཕྱོགས་སུ་མ་ལགས། ནུབ་ཕྱོགས་སུ་མ་ལགས་ཏེ། བྱང་ཕྱོགས་སུ་ཞུགས་ཤིང་ངམ་
རི་ཡང་མི་མཐོང་བ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་དུ་མཆིས་ན་ཉན་ཐོས་ཀྱི་མཐའ་མ་ཤར་ཕྱོགས་ན་མི་གདའ། ཉན་ཐོས་ཀྱི་མཐའ་མ་
Vol. 40 · folio 42a
ལྷོ་ཕྱོགས་ན་ཡང་མི་གདའ། ནུབ་ཕྱོགས་ན་ཡང་མི་གདའ། བྱང་ཕྱོགས་ན་ཡང་མི་གདའ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཡང་དེ་དག་ཇི་ལྟར་སྙོམས་པར་ཞུགས་པ་དེ་ལྟར་ལུས་མི་གཡོ་མི་འགུལ་བར་ཆོས་ཉན་ཏོ། །བཙུན་པ་བཅོམ་ལྡན་
འདས་འདི་ན་དགྲ་བཅོམ་པ་བསམ་གཏན་པ་སྙོམས་པར་ཞུགས་པའི་ལུས་ནི་གཡོ་བར་ཡང་འགྱུར་ལགས་ཀྱི་ཉན་ཐོས་དེ་དག་ནི་ཆོས་ཉན་པ་ན་ལུས་གཡོ་བ་མ་མཆིས་ཏེ། བཙུན་པ་བཅོམ་ལྡན་འདས་དེ་དག་ནི་ཇི་ལྟར་སྙོམས་པར་ཞུགས་པ་དེ་ལྟར་ལུས་མི་གཡོ། མི་འགུལ་
བར་ཆོས་ཉན་པར་བགྱིད་པ་ལགས་སོ།། །།བམ་པོ་བཞི་པ། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། སྦྱིན་པ་སྩལ་ཅིང་ཡོངས་སུ་བཏང་ལ་ཡོངས་སུ་བཏང་བས་གལ་ཏེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལྟ་ན་བཙུན་པ་བཅོམ་ལྡན་འདས་ལེགས་པར་སྩལ་ཅིང་ལེགས་པར་བཏང་ལ་ལེགས་པར་སྐྱེས་པ་ལགས་ཏེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཀྱི་ཞིང་དེར་ལེགས་པར་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའི་ཆོས་ཉིད་རྗེས་སུ་ཐོབ་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་
སྐད་སྨྲས་པ་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་བཀའ་ཁྲིམས་བཙན་པོའི་འཕར་མ་པའི་མི་ཞིག་རྒྱལ་པོའི་རྒྱས་བཏབ་པའི་སྤྲིང་ཡིག་ཐོགས་ཏེ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་ཕྱོགས་གང་ཡང་རུང་བ་ཞིག་ཏུ་སོང་སྟེ། འགྲོ་བ་
ན་དེ་ལ་ལ་གཅན་པ་རྣམས་སམ། ཤོ་གམ་པ་རྣམས་སམ། གྲུ་པ་རྣམས་སམ། གྲོང་བ་རྣམས་སམ། གྲོང་ཁྱེར་བ་རྣམས་སམ། ལམ་པ་རྣམས་སམ། རྒྱལ་པོའི་མིའམ། ལམ་དུ་ཞུགས་པའམ། འགྲོན་པོའམ། དེ་ལས་གཞན་པ་ཡང་རུང་སྟེ། སེམས་
Vol. 40 · folio 42b
ཅན་འགའ་ཡང་དེ་འགྲོ་བའི་བར་ཆད་མི་བྱེད་ཅིང་མཐོ་མི་འཚམ་སྟེ། དེ་འགྲོ་བ་དང་། འོང་བའི་ལམ་ལ་བགེགས་མེད་པ་ཉིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རྒྱལ་པོའི་རྒྱས་བཏབ་པའི་ཕྱིར་དེ་འགྲོ་བ་ལ་བགེགས་མེད་པར་འགྲོ་བར་བལྟའོ། །ཤ་ར་དྭ་ཏིའི་
བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་
བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་པར་བྱེད་པར་འགྱུར་བ་དང་། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་།
ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། མི་འབྲལ་བར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་
རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་འདི་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་རྒྱུན་ཏུ་ཞུགས་པ་དང་། སངས་རྒྱས་ཀྱི་ཞིང་དེར་
སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་འདི་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་རྒྱུན་ཏུ་ཞུགས་པ་དེས་ལོག་པར་ལྟུང་བ་རྒྱུན་བཅད་པ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་
Vol. 40 · folio 43a
སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ལོག་པར་ལྟུང་བ་རྒྱུན་ཆད་པ་ལགས་པར་བལྟ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཐམས་ཅད་རྒྱུན་ཆད་པ་ལགས་
པར་བལྟ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་
དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་
ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ།
སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་ལོག་པར་ལྟུང་བ་རྒྱུན་ཆད་པ་ཡིན་པར་བལྟ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཐམས་ཅད་རྒྱུན་ཆད་པ་ཡིན་པར་བལྟ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་མངོན་དུ་གྱུར་པ་དག་མཉེས་པར་འགྱུར་པ་དང་། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་
Vol. 40 · folio 43b
ལྟ་སྟེ། དཔེར་ན་རྒྱུན་ཏུ་ཞུགས་པ་ནི་ལོག་པར་ལྟུང་བའི་ཆོས་སུ་མི་འགྱུར་ཞིང་རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་ལོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་
ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་བ་དང་། ཐམས་ཅད་དུ་
ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་
པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་འདི་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའི་ལན་ཅིག་ཕྱིར་འོང་བ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་མཚུངས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་འདི་ན་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའི་ཕྱིར་མི་འོང་བ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་པ་ལགས་སོ། །
བཙུན་པ་བཅོམ་ལྡན་འདས་གང་འདི་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པའི་དགྲ་བཅོམ་པ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
Vol. 40 · folio 44a
འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ཁྱོད་དེ་སྐད་མ་ཟེར་ཅིག། ཤ་ར་དྭ་ཏིའི་བུ་ཁྱོད་ཡང་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་འདི་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་ལ། གང་འདི་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གཞན་གང་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང་། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་རྟེན་པ་ཡིན་པར་རིག་པར་བྱ་བ་དང་། དེ་དག་ནི་
བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་རྫི་བར་རིག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སར་མཚམས་སྦྱོར་བ་ཆད་པར་རིག་པར་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་
ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། འདི་ལ་གནས་བརྟན་རབ་འབྱོར་གྱི་སྤོབས་པ་ཅི་འདྲ་བ་བདག་གིས་གནས་བརྟན་རབ་འབྱོར་ལ་སད་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་
Vol. 40 · folio 44b
བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་
སངས་རྒྱས་ཀྱི་ཞིང་དེ་བལྟ་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང་། སངས་རྒྱས་ཀྱི་ཞིང་དེ་ལྟའམ། སྨྲས་པ། གནས་བརྟན་རབ་འབྱོར་བདག་ཅག་གིས་བལྟའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་
དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གནམ་དུ་ལྟོས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གནམ་དུ་བལྟས་སོ། །བལྟས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་བདག་
གིས་གནམ་དུ་བལྟས་ན། སྟེང་གི་ནམ་མཁའ་ཐམས་ཅད་དབེན་པར་མཐོང་ངོ་། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཇི་ལྟར་ཁྱོད་ཀྱིས་སྟེང་གི་ནམ་
མཁའ་ཐམས་ཅད་དབེན་པར་མཐོང་བ་དེ་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་
དེ་དང་། སངས་རྒྱས་ཀྱི་ཞིང་དེ་ཡང་དེ་ལྟར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གང་འདི་ན་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་
Vol. 40 · folio 45a
སེམས་དཔའ་ཆེན་པོ་དང་། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་སོ། །ཞེས་བཀའ་སྩལ་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་མཉམ་པ་ཉིད་གང་ཞིག་གིས་མཚུངས་པ་ལགས། དེ་སྐད་ཅེས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མཚུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས་ལེའུ་བཞི་པའོ།། །།
དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཡོན་ཏན་ཡོངས་
སུ་བརྗོད་པ་ཡང་བཤད། དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད། ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད། བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད་ན་བཙུན་པ་བཅོམ་ལྡན་
འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་ནི་ད་དུང་མ་བཤད་པས་བཙུན་པ་བཅོམ་ལྡན་འདས་ཀྱིས་ད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དེ་ཚུལ་ཅི་འདྲ་བ་དང་། མཚན་མ་ཇི་ལྟ་བུར་འགྱུར་བ་དེ་དག་ལེགས་པར་བཤད་པའི་རིགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་
སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་གང་གི་ཉིན་མོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་
Vol. 40 · folio 45b
མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་ཉིན་མོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ལ་ཆོས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་སྐུ་སྤྲུལ་པ་དག་སྤྲུལ་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་
པའི་སྤྲུལ་པའི་སྐུ་དེ་དག་སེམས་ཅན་དེ་རྣམས་ལ་འདི་ལྟ་བུའི་ཆོས་སྟོན་པར་འགྱུར་ཏེ། ཆོས་བསྟན་པ་དེས་སྔོན་ཆོས་བསྟན་པས་སེམས་ཅན་ཇི་སྙེད་བཏུལ་བར་གྱུར་པ་དེ་བས་ཆེས་དཔག་ཏུ་མེད་ཅིང་ཆེས་གྲངས་མེད་པའི་སེམས་ཅན་དག་འདུལ་བར་འགྱུར་ཏེ། དེ་དག་ལས་
སེམས་ཅན་ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལ་འདུལ་བར་འགྱུར་རོ། །ལ་ལ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལའོ། །ལ་ལ་དག་ནི་སྟོབས་བཅུའི་ཐེག་པ་བླ་ན་མེད་པ་ལ་འདུལ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་ལ་སྐྱེས་བུ་དམ་པ་ཁྱོད་ངའི་དམ་པའི་ཆོས་ནུབ་ནས་ཞག་བདུན་ལོན་པའི་འོག་ཏུ་འཇིག་རྟེན་གྱི་
ཁམས་མངོན་པར་དགའ་བ་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་
རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་གྱི་པད་མ་ཞེས་བྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་པད་མ་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
Vol. 40 · folio 46a
རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་འདྲ་བར་འགྱུར་ཞིང་ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་པད་མ་དེའི་ཉན་ཐོས་ཀྱི་
དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་
ཚོགས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་འདྲ་བར་ལྷག་ཆད་མེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་
སུ་མྱ་ངན་ལས་འདའ་བའི་ཆེན་པོའི་དུས་ཀྱི་ཚེ་ན་ས་ཆེན་པོ་དེ་རྣམ་པ་དྲུག་ཏུ་རབ་ཏུ་གཡོ་བར་འགྱུར་ཏེ། གཡོ་བར་འགྱུར། རབ་ཏུ་གཡོ་བར་འགྱུར། ཀུན་ཏུ་རབ་ཏུ་གཡོ་བར་འགྱུར། འགུལ་བར་འགྱུར། རབ་ཏུ་འགུལ་བར་འགྱུར། ཀུན་ཏུ་རབ་ཏུ་འགུལ་བར་འགྱུར།
ལྡེག་པར་འགྱུར། རབ་ཏུ་ལྡེག་པར་འགྱུར། ཀུན་ཏུ་རབ་ཏུ་ལྡེག་པར་འགྱུར་ཞིང་འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་འབྱུང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་སྒྲ་སྐད་ཆེན་པོ་ཡང་འབྱུང་བར་འགྱུར་ཞིང་སྒྲ་དེ་ཡང་འདོད་པ་ན་སྤྱོད་པའི་ལྷའི་
རིས་དྲུག་པོ་དག་དང་། འོག་མིན་གྱི་ལྷའི་རིས་རྣམས་ཀྱི་བར་དུ་གྲགས་པར་འགྱུར་རོ། །དེ་ན་འདོད་པ་ན་སྤྱོད་པའི་ལྷའི་རིས་རྣམས་དང་། གཟུགས་ན་སྤྱོད་པའི་ལྷའི་རིས་དེ་དག་གིས་སྒྲ་དེ་ཐོས་ནས་ཀྱང་འདི་སྙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་སྙམ་དུ་རིག་པར་འགྱུར་ཞིང་འདི་ལྟར་རང་རང་གི་ལྷའི་གཞལ་མེད་ཁང་རྣམས་ལ་མངོན་པར་མི་དགའ་བར་འགྱུར་བ་དེ་ལྟ་བུའི་མངོན་པར་མི་དགའ་བའི་འདུ་ཤེས་དག་ཀྱང་སྐྱེ་བར་འགྱུར་ལ།
Vol. 40 · folio 46b
ཚིག་འདི་སྐད་དུ་ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་སྤྱན་དུ་གྱུར་བ། ཡེ་ཤེས་སུ་གྱུར་པ། དབང་དུ་གྱུར་བ། ཚད་མར་གྱུར་བ། སྣང་བར་གྱུར་བ་ཤིན་ཏུ་མྱུར་བར་འཇིག་རྟེན་དུ་ནུབ་པོ་ཞེས་བརྗོད་
པར་ཡང་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་རིན་པོ་ཆེའི་ཤིང་ལྗོན་པ་དང་། དཔག་
བསམ་གྱི་ཤིང་ལྗོན་པ་དང་། རྩྭ་དང་། གེལ་བ་དང་། སྨན་དང་། ནགས་ཚལ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་ག་ལ་བ་
དེ་ལོགས་སུ་རབ་ཏུ་འདུད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིས་འབྱུང་བ་རྣམས་
ཀྱི་ཆེད་དུ་གྲོགས་པོ་དག་འདི་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་དེ། ང་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་བ་དེ་དག་གིས་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་པོ་འདི་ཀུན་ཆུབ་པར་བྱས་ན་ཆོས་ཐམས་ཅད་ཀུན་ཆུབ་
པ་དང་། ཀུན་གཟུང་བར་འགྱུར་རོ་ཞེས་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་འཇོག་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཇི་ལྟར་དེ་བཞུགས་
པ་དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཆོས་ཐམས་ཅད་ཀུན་ཆུབ་པར་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་
Vol. 40 · folio 47a
སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱིར་མི་ལྡོག་པས་ན་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་
རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་ཇི་ལྟར་བཅོམ་ལྡན་འདས་དེ་བཞུགས་པ་དེ་བཞིན་དུ་དེ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་ཆོས་ཐམས་ཅད་ཀུན་ཆུབ་པར་བྱེད་པ་འཐོབ་པར་
འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་ཚེ་འདི་ལྟར་སངས་རྒྱས་ཀྱི་མཐུས་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གཞན་
དང་གཞན་དག་ན་གནས་པའི་སེམས་ཅན་དེ་དག་གི་མིག་ལམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྣང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷ་དང་མི་རྣམས་ཀྱིས་སྐུ་ལ་མཆོད་པ་བྱ་བའི་ཕྱིར་ལྷ་དང་མིའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་།
བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་རྒྱན་དག་གིས་སྐུ་ལ་མངོན་པར་འཐོར་བར་འགྱུར་ཏེ། ལྷ་དང་མི་རྣམས་ཀྱི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་
མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་རྒྱན་དེ་དག་མངོན་པར་གཏོར་བའི་ཕུང་པོ་ནི་ཁོ་ར་ཁོར་ཡུག་དང་། འཕང་དུ་དཔག་ཚད་ཀྱི་ཚད་ཙམ་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
Vol. 40 · folio 47b
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ག་ལ་བ་དེ་ལོགས་སུ་འདུད་
ཅིང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷ་དང་།
མི་དེ་རྣམས་ཉིན་མཚན་བདུན་དུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་གྱུར་ནས་ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྲང་རྡུང་བར་འགྱུར་ཞིང་ལྷ་དང་
མི་དེ་དག་དགའ་བ་དང་། རྩེད་མོ་ཉམས་སུ་མྱོང་བར་མི་འགྱུར། འདོད་པའི་ལོངས་སྤྱོད་ལ་འཇུག་པར་མི་འགྱུར་ཏེ་ལྷ་དང་མི་དེ་དག་དེ་ལྟར་སེམས་ཁོང་དུ་ཆུད་པར་གྱུར་ནས་གཅིག་ལ་གཅིག་འདི་སྐད་དུ་ཀྱེ་མ་སྤྱན་དུ་གྱུར་པ། ཡེ་ཤེས་སུ་གྱུར་པ། དབང་དུ་གྱུར་པ། ཚད་
མར་གྱུར་པ། སྣང་བར་གྱུར་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ཤིན་ཏུ་མྱུར་བར་འཇིག་རྟེན་དུ་ནུབ་བོ་ཞེས་ཚིག་ཏུ་བརྗོད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
Vol. 40 · folio 48a
ལུང་བསྟན་པ་ཡིན་པར་རིག་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་དེ་དག་ནི་བརྒྱར་བགྲང་བས་བགྲང་བར་མི་འགྱུར་གྱི། ཤ་ར་དྭ་ཏིའི་བུ་གཞན་དུ་ན་དེ་དག་ནི་བརྒྱ་ཞེའམ། སྟོང་ཞེའམ། བརྒྱ་སྟོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཤ་ར་དྭ་
ཏིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བརྒྱའི་གྲངས་དང་། སྟོང་གི་གྲངས་དང་། བརྒྱ་སྟོང་གི་གྲངས་སུ་འགྲོ་བ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་གྲངས་སུ་བལྟ་བར་བྱའོ། །སངས་རྒྱས་ཀྱི་གྲངས་སུ་བལྟ་བར་བྱའོ། །ཐམས་ཅད་མཁྱེན་
པ་ཉིད་ཀྱི་གྲངས་སུ་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་
བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་དེ་ལྟ་བུའི་གྲངས་ཉིད་དུ་འགྲོ་བར་འགྱུར་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གྲངས་དང་། སངས་རྒྱས་ཀྱི་གྲངས་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་གྲངས་དེ་ཉིད་དུ་འགྲོ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམས་
གྲངས་འདི་ཐོས་པར་མི་འགྱུར་བ་དེ་དག་ཐམས་ཅད་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་
ཡོངས་སུ་མྱ་ངན་ལས་འདས་པ་ན་སྐུ་ནི་རང་གི་མེའི་ཁམས་ཀྱིས་སྲེག་པར་འགྱུར་རོ། །དེའི་སྐུ་གདུང་རྣམས་ནི་གསེར་གྱི་མདོག་འདྲ་བར་འགྱུར་ཏེ། སྐུ་གདུང་དེ་དག་བཅད་པའི་འཕྲོ་ནས་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་སྣང་བར་འགྱུར་ཞིང་རབ་ཏུ་གསལ་བར་འགྱུར་རོ། །
Vol. 40 · folio 48b
ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཤིང་ལྗོན་པ་ཆེན་པོ་ཏི་མི་ས་ཞེས་བྱ་བའི་རིགས་དེ་བཅད་པའི་འཕྲོ་ནས་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་སྣང་ཞིང་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་དེ་དག་བཅད་པའི་འཕྲོ་ནས་ཀྱང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་ཞིང་ཆོ་འཕྲུལ་སྣ་ཚོགས་དག་དང་། མཐུ་སྣ་ཚོགས་དག་ཀྱང་སྟོན་
པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་དེ་དག་བཅད་པའི་འཕྲོ་དག་ནས་བཀྲ་
ཤིས་དང་གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྡོ་མུ་ལ་སོ་ཞེས་བྱ་བ་དེ་བཅག་པའི་འཕྲོ་ནས་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གཏུབས་པ་དེ་དག་གི་བཅད་འཕྲོ་དག་ལས་ཀྱང་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་རོ། །སྐུ་གདུང་དེ་དག་ལ་སྐུ་
གདུང་ལ་མཆོད་པར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སེམས་ཅན་རྣམས་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་དག་བྱེད་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་འདི་ལྟར་བརྒྱན་པར་འགྱུར་ཏེ། འདི་
ལྟ་སྟེ། དཔེར་ན་སྐར་མ་རྣམས་ཀྱིས་ནམ་མཁའ་ཡོངས་སུ་ཁྱབ་པ་དེ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་དང་། པད་མ་གསེར་གྱི་མདོག་ཅན་འདབ་མ་བྱེ་བ་ཕྲག་སྟོང་དང་ལྡན་པ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་རྟག་ཏུ་བརྒྱན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་
Vol. 40 · folio 49a
གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་འཆི་འཕོ་བ་དེ་དག་དེ་
ནས་འཆི་འཕོ་བ་ན་སྔ་ལྟས་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་
འགྱུར་ཞིང་མཐོང་ནས་ཀྱང་མི་བརྗེད་པར་འཆི་བའི་དུས་བྱེད་དོ། །འཆི་བའི་དུས་བྱས་པ་དེ་དག་གི་སྐུ་གདུང་རྣམས་ལ་ཡང་ལྷ་དང་མི་རྣམས་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པས་སྐུ་གདུང་རྣམས་ལ་སྐུ་གདུང་གི་མཆོད་པ་བྱེད་
པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སྐུ་གདུང་རྣམས་ནི་མཐར་གྱིས་ནམ་མཁའ་ལ་འཐོར་ཅིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྩྭ་གཤེར་བ་དག་
མེའི་ནང་དུ་བཅུག་ན་དུ་བའི་རྒྱུན་དག་འབྱུང་ཞིང་དུ་བ་དེ་དག་ཀྱང་མཐར་གྱིས་ནམ་མཁའ་ལ་མངོན་པར་འཕགས་ཏེ། ནམ་མཁའ་ལ་འཐོར་ཞིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་པ་དེ་དག་གི་སྐུ་གདུང་རྣམས་ཀྱང་མཐར་གྱིས་ནམ་མཁའ་ལ་འཐོར་ཞིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཆི་
བའི་གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་ལྟས་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་
Vol. 40 · folio 49b
ལྷའི་རིས་རྣམས་སུ་སྐྱེ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་ལྷའི་རིས་རྣམས་ན་གནས་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་
ལྡན་གྱི་ལྷའི་རིས་རྣམས་ནས་འཆི་འཕོ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མའི་མངལ་དུ་འཇུག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མའི་མངལ་
ནས་བཙའ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གོམ་པ་བདུན་འདོར་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་རྟ་གད་དུ་དགོད་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་
ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གཞོན་ནུ་རྩེ་བ་རྗེས་སུ་སྟོན་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བཙུན་མོའི་འཁོར་གྱི་ནང་དུ་འདུག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དཀའ་བ་སྤྱོད་པ་ལ་སྦྱོར་བ་སྟོན་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ངེས་པར་རྟོག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གུས་པ་དང་ཞེ་སས་སྐོར་བ་བྱེད་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་རྩོམ་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་
Vol. 40 · folio 50a
དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་གྱུར་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བདུད་སྡིག་ཅན་རབ་ཏུ་འདུལ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་མཐོང་ངོ་། །
འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུང་སྟོན་པར་མཛད་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དག་མཐོང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་དེ་ལྟ་བུའི་ལྟས་དེ་དག་འབྱུང་བར་འགྱུར་རོ། ཤ་ར་དྭ་ཏིའི་བུ་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུར་གནས་ཏེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་གནས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་བའི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ་པོ་དག་ཇི་ལྟར་རྩི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་
Vol. 40 · folio 50b
དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་གོ །བསྐལ་པ་བཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། ཤ་ར་དྭ་ཏིའི་བུ་འདི་ལྟར་རྩིས་པའི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་བདེ་བར་གཤེགས་པས་
གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེའི་དམ་པའི་ཆོས་ནུབ་པར་འགྱུར་བ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སྣང་བ་ཆེན་པོ་འབྱུང་བར་འགྱུར། ས་ཆེན་པོ་ཡང་གཡོ་བར་འགྱུར། སྒྲ་སྐད་ཆེན་པོ་ཡང་གྲག་པར་འགྱུར་
རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དམ་པའི་ཆོས་ནི་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ནུབ་པར་བྱེད་པར་མི་འགྱུར། དེའི་དམ་པའི་ཆོས་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་
རྣམས་ཀྱིས་ཀྱང་ནུབ་པར་བྱེད་པར་མི་འགྱུར་གྱི། ཤ་ར་དྭ་ཏིའི་བུ་གཞན་དུ་ན་དེའི་མི་རྣམས་དམ་པའི་ཆོས་ཉན་པའི་འདུན་པ་ཆུང་བར་འགྱུར་ཏེ། དེ་དག་འདུན་པ་ཆུང་བས་ན། ཆོས་སྨྲ་བའི་དགེ་སློང་རྣམས་ཀྱི་དྲུང་དུ་འགྲོ་བར་མི་འགྱུར་རོ། །དེ་དག་དེར་མི་འགྲོ་བས་ན་དམ་པའི་ཆོས་
ཐོས་པར་མི་འགྱུར་རོ། །དམ་པའི་ཆོས་མ་ཐོས་པས་ན་སྒྲུབ་པར་མི་འགྱུར་རོ། །མི་སྒྲུབ་པས་ན་གོང་མའི་ཁྱད་པར་འཐོབ་པར་མི་འགྱུར་ཞིང་ཆོས་སྨྲ་བའི་དགེ་སློང་རྣམས་ཀྱིས་ཀྱང་མི་དེ་དག་འདུན་པ་ཆུང་བར་རིག་ནས་ཆོས་སྟོན་པར་མི་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟ་བུའི་རིམ་གྱིས་
དེའི་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས་ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དགེ་བའི་རྩ་བ་ཇི་ལྟ་བུ་དང་། རྒྱུ་གང་དང་རྐྱེན་གང་གིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་
Vol. 40 · folio 51a
སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྤྱོད་པར་གྱུར་པ་གང་ཡིན་པའི་སྤྱོད་པ་དེ་དག་ལ་སྤྱད་པར་བྱ་ཞིང་སྤྱོད་པ་དེ་དག་བསྒྲུབ་
པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་ན། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དྲུང་དུ་སྐྱེ་བར་འགྱུར་ཏེ། ཤ་ར་
དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། །ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་
ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་
Vol. 40 · folio 51b
པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་
ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་
གྱུར་ཅིག་ཅེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་
ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
Vol. 40 · folio 52a
པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་གང་བཤད་པ་དེ་རྣམ་པ་ལས་རྗེས་སུ་དྲན་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་
བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་གང་ཡིན་པ་དེ་དག་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་ཤིན་ཏུ་འདས་པ་དེ་དག་ཀྱང་རྣམ་པ་ལས་རྗེས་
སུ་དྲན་པར་བྱ་སྟེ། ཇི་ལྟར་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་བ་དང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཉན་ཐོས་
ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འགྱུར་བར་དེ་དག་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་དང་ལྡན་པའི་རིགས་ཀྱི་བུས་འདི་ལྟར་ཡང་དག་པར་བསླབ་པར་བྱ་སྟེ།
བདག་གིས་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱ་ཞིང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་གསུམ་གྱི་རྣམ་པ་དང་
ལྡན་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུམ་གྱི་རྣམ་པ་ལས་ཡོངས་སུ་བསྔོས་པ་ལ་བར་མདོར་ཡོངས་སུ་ཉམས་པ་མེད་པས་ན་ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་
བའི་རྩ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཞིང་དེར་ཡང་སྐྱེ་བར་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་དགེ་བའི་རྩ་བས། བཅོམ་ལྡན་འདས་དེ་བཞིན་
Vol. 40 · folio 52b
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དྲུང་དུ་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །
ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་མཐོང་ཞིང་། དེ་དག་མཐོང་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་རང་གི་འོད་ཀྱིས་སྣང་བར་བྱའོ་ཞེས་རྣམ་པ་ལས་རྗེས་སུ་དྲན་པར་བྱ་བ་དེ་ལྟ་
བུའི་སེམས་བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་
དེར་སྐྱེ་བར་འདོད་པས་འདི་ལྟར་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དེ་དག་མཐོང་ཞིང་
དེ་དག་མཐོང་ནས་ཀྱང་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་ཉན་ཐོས་ཀྱི་དགེ་འདུན་ཚད་མེད། གྲངས་མེད། བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་འབྱུང་བར་འགྱུར་བ་དེ་ལྟར་བྱ་
ཞིང་དེ་ལྟར་བརྩོན་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 40 · folio 53a
ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་འདི་ལྟར་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་རྣམ་པ་ཐམས་ཅད་ཀྱི་མཆོག་
དང་ལྡན་པ་དེ་མཐོང་ཞིང་མཐོང་ནས་ཀྱང་། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡང་དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འགྱུར་བ་དེ་འདྲ་བར་བྱ་ཞིང་དེ་ལྟར་བརྩོན་པར་བྱའོ་ཞེས་དེ་ལྟར་སེམས་
བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་གང་དག་དེ་བཞིན་གཤེགས་པའི་གྲངས་སུ་འགྲོ་བ་དང་། སངས་རྒྱས་ཀྱི་གྲངས་སུ་འགྲོ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་
གླང་པོ་ཆེ་དང་། བལ་གླང་སྤོས་ཀྱི་གླང་པོ་ཆེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད། གྲངས་མེད་པ་དེ་ལྟ་བུ་དེ་དག་གི་མིང་ཐོས་ན་ཡང་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་སྐྱེ་བར་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་དགེ་བའི་རྩ་བ་རྣམས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོས་བས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་ལ་སླུ་བར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བའི་ཚད་ནི་གཟུང་བར་མི་ནུས་ཏེ། ཤ་ར་དྭ་ཏིའི་བུ་གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས་ནམ་མཁའི་ཚད་
Vol. 40 · folio 53b
ཙམ་གྱི་སྣོད་དག་ཡོངས་སུ་བཀང་སྟེ་ཁྱེར་བར་གྱུར་ཀྱང་སྣོད་ཆེན་པོས་བཅུས་པ་དེས་དགེ་བའི་རྩ་བ་དེ་ཟད་པར་བྱེད་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་གང་ཡིན་པ་དེ་སྣོད་དག་གིས་གཞལ་བར་མི་ནུས་ཏེ། ཤ་ར་དྭ་ཏིའི་བུ་
དེའི་སྣོད་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་ལས་དཀོན་མཆོག་གསུམ་གྱི་གདུང་འཐོབ་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་གསུམ་གྱི་རྣམ་པ་ཡོངས་སུ་
བསྔོས་པའི་དགེ་བའི་རྩ་བ་འདི་དང་ལྡན་པ་དེ་དག་ཐམས་ཅད་ནི་ལོག་པར་ལྟུང་བ་མེད་པའི་ཆོས་ཅན་དུ་བལྟའོ། །ཤ་ར་དྭ་ཏིའི་བུ་གསུམ་གྱི་རྣམ་པ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་དང་བདུད་ཀྱི་རིས་ཀྱི་ལྷ་
རྣམས་འདུལ་བར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་ཡང་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་
ཚད་མེད་གྲངས་མེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བཤད་པ་དེ་ཡང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་
ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་
འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོ་བར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་
Vol. 40 · folio 54a
འོག་དང་། སྟེང་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་
བཤད་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱ་ཞིང་རྗེས་སུ་ཡི་རང་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོ་བར་བྱ་སྟེ། དེར་
ཡོངས་སུ་བསྔོས་ན་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལ་སླུ་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་མང་པོ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་མང་པོ་དག་དང་། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་མང་པོ་དག་དང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་མང་པོ་དག་དང་།
སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ན་ཡང་གང་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཛེས་པ་འདི་ལྟ་བུ་དག་མེད་དེ། ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བདག་གི་དགེ་བའི་རྩ་བ་འདིས་གང་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཛེས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་ཞིང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་
བུ་དག་མཐོང་ནས་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་བཟུང་ནས་ཀྱང་ཁ་ལོ་སྒྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་སོགས་པའི་ལུང་གིས་
Vol. 40 · folio 54b
བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་
དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱའོ་ཞེས་སེམས་བསྐྱེད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་
བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་རབ་ཏུ་འཛིན་པར་
འདོད་པས་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་བསླུས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་
གང་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་བ་དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་
བུ་མོ་གང་ལ་ལ་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་ངས་ལུང་བསྟན་ཏོ།། །།བམ་པོ་ལྔ་བ།
ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྐད་དུ་ཀྱེ་མ་སེམས་ཅན་གང་དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
Vol. 40 · folio 55a
སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བདག་ཀྱང་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ནས་དེ་དག་གི་དྲུང་དུ་གནས་པར་འགྱུར་ལ། དེ་དག་གིས་ཀྱང་བདག་མཐོང་
ནས་སེམས་རབ་ཏུ་དགའ་བར་འགྱུར་ཞིང་དྲན་པ་ཉམས་པ་མེད་པ་དང་། སེམས་གཡེང་བ་མེད་པར་འཆི་བའི་དུས་བྱས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་ཆེན་པོ་བཏབ་པས་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་མཚན་ཐོས་པར་འགྱུར་བ་དང་། ཐོས་ནས་ཀྱང་ཡིད་ལ་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་གླང་པོ་ཆེའི་ཁྲི་པད་མའི་གདན་ལ་བཞུགས་
པའི་བཀོད་པ་སྟོང་བྱེད་དུ་འཇུག་ན་གང་གི་ཚེ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་འཆི་བའི་དུས་བྱེད་པར་འགྱུར་བའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་
བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ཏེ་གཤེགས་པར་འགྱུར་ཞིང་དེས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མདུན་ན་བཞུགས་པ་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་སེམས་དགའ་
བར་འགྱུར་ཞིང་མི་བརྗེད་པ་དང་། སེམས་མི་གཡེང་བར་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཆི་བའི་དུས་བྱས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་
པར་དགའ་བ་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་སྦྱིན་པའི་ཆོས་བྱེད་པ་དེ་ན་འཆི་བའི་དུས་ཀྱི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མཐོང་ཞིང་། མཐོང་ནས་ཀྱང་
Vol. 40 · folio 55b
སྡིག་པ་ཐམས་ཅད་རྣམ་པར་བསལ་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཀྱེ་མ་བདག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བདག་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་དང་བཅས། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་
གྱིས་བལྟས་པ་དང་བཅས་པར་དེ་དག་གི་མདུན་ན་འདུག་པར་འགྱུར་ལ། དེ་དག་གིས་བདག་མཐོང་ནས་སེམས་དད་པར་གྱུར་ཏེ། མི་བརྗེད་ཅིང་སེམས་མི་གཡེང་བས་འཆི་བའི་དུས་བྱས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པར་གྱུར་ཏོ། །
ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་མེད་ཅིང་འབབ་ཆུ་དང་། མཚོ་བྲན་དང་། ཀླུང་དང་། རྫིང་བུའི་ལོངས་སྤྱོད་དང་། རྟ་དང་། གླང་པོ་དག་ཀྱང་མེད་ལ། བྱེ་མ་དང་། གསེག་མ་དང་། རྡོ་བ་དང་། གྱོ་མོ་དག་ཡོད་ཅིང་ཚེར་མ་
སྟུག་པོས་གང་སྟེ། བགྲོད་པར་དཀའ་བ་ཞིག་ཡོད་ལ། ཤ་ར་དྭ་ཏིའི་བུ་གྲོང་ཁྱེར་དེ་ན་རྒྱལ་པོ་མཐུ་ཆེ་ཞིང་དཔུང་དང་ལྡན་པ་ཞིག་གནས་པར་གྱུར་ཀྱང་། ཤ་ར་དྭ་ཏིའི་བུ་གྲོང་ཁྱེར་དེ་ན་གྲོང་ཁྱེར་གྱི་ཡོན་ཏན་དེ་དག་དང་བྲལ་བས་མི་མཛེས་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟར་རྒྱལ་པོ་
དེ་མཐུ་ཆེ་ཞིང་དཔུང་དང་ལྡན་ཡང་རུང་སྟེ། གྲོང་ཁྱེར་དེ་གྲོང་ཁྱེར་གྱི་ཡོན་ཏན་དག་དང་བྲལ་བས་ན་མི་མཛེས་སོ། །ཤ་ར་དྭ་ཏིའི་བུ་དེ་ལ་ཇི་ལྟར་རྒྱལ་པོ་མཐུ་ཆེ་ཞིང་དཔུང་དང་ལྡན་པར་གྱུར་པ་དེ་ལྟར་ནི་ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དེ་
བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་དཔུང་དང་ལྡན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འོན་ཀྱང་ངའི་སངས་རྒྱས་ཀྱི་ཞིང་འདི་ན་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་ལྟ་བུ་དག་མེད་པས་མི་མཛེས་སོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་ངའི་སངས་རྒྱས་ཀྱི་ཞིང་
Vol. 40 · folio 56a
འདིར་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་བྱུང་བར་གྱུར་ན་ནི་ཇི་ལྟར་ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་མཛེས་པ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་
འདི་ཡང་མཛེས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱོང་བར་འདོད་པ་དང་། ཡོངས་སུ་འཛིན་པར་འདོད་པས་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱངས་ཤིང་ཡོངས་སུ་བཟུང་བ་དེ་ལྟར་ཡོངས་སུ་སྦྱང་ཞིང་དེ་ལྟར་ཡོངས་སུ་གཟུང་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ངས་ད་ལྟར་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གང་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཕྱིར་མི་ལྡོག་པའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་དང་། རང་བྱང་
ཆུབ་ལ་བཀོད་པ་དང་། ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་གང་ཡིན་པ་དེ་དག་གིས་ཀྱང་སེམས་ཅན་གཞན་གང་དག་བཏུལ་བའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་
འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གན་ན་ཉན་ཐོས་ཀྱི་དགེ་འདུན་དེ་དག་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་།
གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པ་དང་། གྲངས་མེད་པའི་ཕྱིར་ཏེ། རྣམ་པར་གྲོལ་བས་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་རྣམས་ལྟ་ཞོག་གི། ཤ་ར་དྭ་ཏིའི་བུ་གང་ཡང་མ་འོངས་པའི་དུས་
Vol. 40 · folio 56b
ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་ཉན་ཐོས་གང་དག་འབྱུང་བར་འགྱུར་བ་དེ་དག་དང་། གང་ཡང་ཉན་ཐོས་དེ་དག་གིས་སེམས་ཅན་གཞན་དག་འདུལ་བར་འགྱུར་བའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་
ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་
བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
མི་འཁྲུགས་པ་དེས་ཆོས་བཤད་པ་ལན་རེ་རེས་སེམས་ཅན་གང་དག་བཏུལ་བར་གྱུར་བ་དེ་དག་གི་ཚད་ཀྱང་སུས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ངའི་ཉན་ཐོས་རྣམས་ཀྱང་ལྟ་ཞོག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་བྱམས་པའི་ཉན་ཐོས་རྣམས་ལྟའང་ཞོག་གི། ཤ་ར་དྭ་ཏིའི་བུ་གང་ཡང་མ་འོངས་པའི་དུས་ཀྱི་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཉན་ཐོས་གང་དག་འབྱུང་བར་འགྱུར་བ་དང་། གང་ཡང་ཉན་ཐོས་དེ་དག་གིས་ཉན་ཐོས་གཞན་
དག་འདུལ་བར་འགྱུར་བ་གང་ཡིན་པའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་རྣམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་
དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་
Vol. 40 · folio 57a
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བཤད་པ་ལན་རེ་རེས་སེམས་ཅན་གང་དག་བཏུལ་བར་གྱུར་པ་དེ་དག་གི་ཚད་ཀྱང་གཟུང་བར་མི་ནུས་པའི་ཕྱིར་ཏེ། རྣམ་པར་གྲོལ་བས་ནི་མ་ཡིན་ནོ། །དེ་སྐད་ཅེས་
བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ནི་སོ་སོའི་སྐྱེ་བོའི་ཞིང་
མ་ལགས་ཀྱི་དགྲ་བཅོམ་པའི་ཞིང་ལགས་པར་བལྟ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་དེ་ན་ཟག་པ་ཟད་པའི་དགྲ་བཅོམ་པ་དག་མང་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་ན་ཟག་པ་ཟད་པའི་དགྲ་བཅོམ་པ་དག་མང་ངོ་། །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྐར་མའི་གཟུགས་རྣམས་ཀྱི་ཚད་ནི་གཟུང་བར་
ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེའི་ཆོས་བཤད་པ་ལན་རེ་རེས་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེ་དག་གི་ཚད་ནི་གཟུང་བར་མི་
ནུས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་འདུས་པ་ཆེན་པོ་ལན་རེ་རེ་ལ་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་གིས་དགྲ་བཅོམ་པ་ཐོབ་པར་འགྱུར་བར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྐར་མའི་གཟུགས་རྣམས་ཀྱི་ཚད་ནི་གཟུང་
བར་ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན། འདུས་པ་ཆེན་པོ་འདུས་པ་དེ་དག་གི་འདུས་པ་ཆེན་པོའི་ཚད་ནི་གཟུང་བར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ལྷ་དང་མི་དེ་
Vol. 40 · folio 57b
རྣམས་དགེ་བའི་རྩ་བ་བསྐྱེད་པ་ན་བྲེལ་བ་མེད་པར་འགྱུར་ཞིང་། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་སྐྱེས་པ་དེ་དག་ཀྱང་ཉིན་མཚན་དུ་བྲེལ་བ་མེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་དག་ཡོན་ཏན་ཡོངས་སུ་བརྗོད་པའི་
ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཐོང་བ་དང་ཐོས་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འགྱུར་ཞིང་ཐོས་ནས་ཀྱང་ཐོས་མ་ཐག་ཏུ་
དད་པ་ཆེན་པོ་འཐོབ་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་
དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལ་སངས་རྒྱས་ཀྱི་ཞིང་དེ་དག་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འཁོད་པ་དེ་དག་ཀྱང་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར།
འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་དེ་དག་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེ་དག་ཉིད་དུ་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་མ་གཏོགས་པ་གང་དག་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་ཕལ་ཆེར་སྨོན་ལམ་གྱི་དབང་གིས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words