འཕགས་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Sanskrit title (Tibetan script, as in the text) ཨཱརྱ་ས་མན་ཏ་མུ་ཁ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 40 · folio 184b
འཕགས་པ་
དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་པ་སྟེ་ཀུན་ནས་སྒོའི་ལེའུ་བསྟན་པ། བམ་པོ་གཅིག་པ། རྒྱ་གར་སྐད་དུ། ཨཱརྱ་ས་མན་ཏ་མུ་ཁ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བ་ཐེག་པ་
Vol. 40 · folio 185a
ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་བརྒྱད་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་
བཞི་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་དགུ་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་དུ་རྒྱས་པའི་
སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ངོ་། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ནས་ནམ་མཁའ་ལས་འོང་བར་བཅོམ་ལྡན་འདས་ཀྱིས་གཟིགས་སོ། །གཟིགས་ནས་ཀྱང་བཅོམ་ལྡན་འདས་འདི་
སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་དུ་རྒྱས་པས་ཀུན་ནས་སྒོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་ཡོངས་སུ་གཟུང་བའི་
ཕྱིར་འདིར་འོང་བར་གནང་སྟེ་བཏང་གིས། ངས་ཀྱང་བྱང་ཆུབ་སེམས་དཔའ་དག་བསྡུ་བར་བྱ་བར་ངེས་སོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་དེ་ལྟ་བུ་དགོངས་ནས་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གང་དག་འཁོད་པ་དེ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ལྷགས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་
Vol. 40 · folio 185b
དཔའ་ཆེན་པོ་གང་དག་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ནང་དུ་ཡང་དག་འཇོག་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱང་འདུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་པད་མ་འདབ་མ་སྟོང་དང་ལྡན་པ་ཐོགས་ནས་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། པད་མ་འདབ་མ་སྟོང་དང་ལྡན་པ་དེ་ཕུལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་
ཁམས་སྤྱོད་པ། ཡོངས་སུ་དག་པ་དང་ལྡན་པ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་དུ་རྒྱས་པ་བཅོམ་ལྡན་འདས་ལ་སྙུན་གསོལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་ལྡན་པར་བདེ་བ་ལ་རེག་པར་གནས་
སམ། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་ཆུང་ངམ་ཞེས་སྙུན་གསོལ་ཞིང་འདི་སྐད་ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཀུན་ནས་སྒོའི་ལེའུ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ལ་སྟོན་ཏམ་ཞེས་ཀྱང་གསུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོས་བཅོམ་ལྡན་འདས་ལ་རྣམ་པ་དེ་དག་གསོལ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་འཁོར་དང་བཅས་ཏེ་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ །ཡང་
དེའི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་
ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་བཟུང་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཀུན་ནས་སྒོའི་ལེའུ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་བདག་གིས་
Vol. 40 · folio 186a
མངོན་པར་འཚལ་ཏེ། འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་སྣང་བའི་སྒྲོན་མ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྐྱེད་པར་གྱུར། གཟུངས་སྒྲུབ་
པའི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བདུན་ཡང་རྟོགས་པར་གྱུར་ཏོ། །དེ་ལྟ་ལགས་པས་བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་གཟུང་བའི་སླད་དུ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་
ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་འཇམ་དཔལ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་ནོ། །ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་
དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རེག་བྱ་ཏིང་ངེ་འཛིན་དུ་
རྟོགས་པར་བྱའོ། །ཡིད་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །བུད་མེད་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྐྱེས་པའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཁྱེའུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །བུ་མོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷའི་གཟུགས་
ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཀླུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གནོད་སྦྱིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཟའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷ་མ་ཡིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ནམ་མཁའ་ལྡིང་གི་
གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །མི་འམ་ཅིའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྟོ་འཕྱེ་ཆེན་པོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སེམས་ཅན་དམྱལ་བའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་ཏིང་ངེ་འཛིན་
Vol. 40 · folio 186b
དུ་རྟོགས་པར་བྱའོ། །གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འདོད་ཆགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེ་སྡང་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གཏི་མུག་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དགེ་བ་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །
མི་དགེ་བ་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འདུས་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འདུས་མ་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱ་སྟེ། འཇམ་དཔལ་དེ་ལྟ་བུའི་ཏིང་ངེ་འཛིན་ཐམས་
ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་དུ་འགྲོ་བའི་བློ་དང་ལྡན་པ་ཡིན་ལ་ཀུན་ནས་སྒོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་ཡང་བསླབས་པ་ཡིན་ནོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་
ཞེ་ན། གཟུགས་ནི་དབུ་བ་ལྟ་བུར་གསུངས། དེ་ལ་སྙིང་པོ་མི་རྙེད་དོ། །སྙིང་པོ་མེད་ཕྱིར་གཟུང་མེད་ཕྱིར། །དེས་ན་ཏིང་ངེ་འཛིན་ཅེས་བསྟན། །འཇམ་དཔལ་དེ་ལྟར་ན་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་སྒྲ་ཏིང་ངེ་འཛིན་
དུ་རྟོགས་པར་བྱ་ཞེ་ན། སྒྲ་ནི་བྲག་ཆ་ལྟ་བུ་སྟེ། དེ་ལ་དངོས་པོ་ཡོད་མ་ཡིན། །ཐ་དད་དབྱེ་བ་མེད་ཤེས་ཤིང་། །མཚན་ཉིད་མེད་པར་བྱེ་བྲག་མེད། །མཚན་ཉིད་མེད་ཅིང་བྱུང་བ་མེད། །ཡ་མ་བརླ་དང་འདུས་མ་བྱས། །བྲག་ཆ་ལྟ་བུར་ཤེས་པ་ན། །དེས་ན་ཏིང་ངེ་འཛིན་ཅེས་
བསྟན། །འཇམ་དཔལ་དེ་ལྟར་ན་སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། ཇི་ལྟར་རྒྱ་མཚོའི་གཏིང་དག་ནི། །ནམ་ཡང་ཅིས་ཀྱང་གང་མེད་ལྟར། །བསྐལ་པ་བྱེ་བར་བསྣམས་བྱས་ཀྱང་། །སྣ་ནི་
ཚིམ་པར་འགྱུར་བ་མེད། །སྣ་ཡི་རྣམ་རིག་གཟུང་མེད་དེ། །སླུ་བའི་ཆོས་དེ་ཡོད་མ་ཡིན། །གལ་ཏེ་ཡང་དག་ཡིན་གྱུར་ན། །དེ་ལས་མྱུར་དུ་ཚིམ་པར་འགྱུར། །གཟུང་བ་མེད་ཅིང་ཡང་དག་མིན། །སྣ་ཡང་ཡོད་མིན་གསོག་ཏུ་ཤེས། །གསོབ་དང་སྟོང་བར་ཤེས་པས་ན། །དེས་ན་
Vol. 40 · folio 187a
ཏིང་ངེ་འཛིན་ཅེས་བསྟན། །འཇམ་དཔལ་དེ་ལྟར་ན་དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། ལྕེ་ནི་ཚ་དང་ཁ་བའང་མིན། །སྐྱུར་དང་ལན་ཚྭ་འང་མ་ཡིན་ཏེ། །ཅི་འདྲའི་རྐྱེན་དང་ལྡན་པ་
ལས། །ལྕེ་ཡང་དེ་དང་འདྲ་བར་འགྱུར། །རོ་འདི་རྒྱུ་ལས་བྱུང་བ་དང་། །རྐྱེན་ལས་རག་ལས་ཤེས་གྱུར་ཅིང་། །བསམ་གྱིས་མི་ཁྱབ་ཤེས་པས་ན། །དེས་ན་ཏིང་ངེ་འཛིན་ཅེས་བསྟན། །འཇམ་དཔལ་དེ་ལྟར་ན་རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་
ཆུབ་སེམས་དཔས་རེག་བྱ་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། རྣམ་རིག་ལས་བྱུང་རེག་བྱ་ནི། །ངོ་བོ་ཉིད་ཀྱིས་ཡོད་མ་ཡིན། །འཇམ་པ་དང་ནི་རྩུབ་པ་ཉིད། །རྐྱེན་རྣམས་ལས་ནི་བྱུང་བ་ཡིན། །རེག་བྱ་གནས་པ་མེད་པ་སྟེ། །བདག་མེད་ཉེ་བར་གནས་པ་ཡིན། །ཚོགས་རྣམས་
སྦྱོར་བར་ཤེས་པས་ན། །དེས་ན་ཏིང་ངེ་འཛིན་ཅེས་བསྟན། །འཇམ་དཔལ་དེ་ལྟར་ན་རེག་བྱ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཡིད་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །གང་དག་སྟོང་གསུམ་སེམས་ཅན་རྣམས། །
དེ་དག་གནས་གཅིག་གནས་གྱུར་ཏེ། །ཡིད་ཁམས་རྣམ་པར་ཤེས་བྱེད་ཀྱང་། །དེ་ཡི་དངོས་པོ་རྙེད་མི་འགྱུར། །བསགས་པ་དང་ནི་གོང་བུ་ཡང་། །རྣམ་པར་རིག་ལ་གནས་པ་མེད། །ཁ་དོག་སྣ་ཚོགས་རྣམས་སྟོན་ཀྱང་། །ཕྱི་དང་ནང་ན་གནས་མ་ཡིན། །གནས་པ་མེད་ཅིང་
གནས་ཀྱང་མེད། །སྒྱུ་མ་ལྟ་བུར་དངོས་པོ་མེད། །མེད་ཅིང་ཡ་མ་བརླར་ཤེས་པས། །དེས་ན་ཏིང་ངེ་འཛིན་ཅེས་བསྟན། །འཇམ་དཔལ་དེ་ལྟར་ན་ཡིད་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་བུད་མེད་ཀྱི་གཟུགས་ཏིང་ངེ་
འཛིན་དུ་རྟོགས་པར་བྱ་ཞེ་ན། འབྱུང་བ་ཆེན་པོ་བཞི་པོ་དག །དེ་ལ་བུད་མེད་ཡོད་མིན་ཡང་། །བྱིས་པ་རྣམས་ནི་རྨོངས་པའི་བློས། །འདོད་པའི་གསོག་ལ་སྤྱོད་པར་བྱེད། །སྒྱུ་མའི་བུད་མེད་མཚན་མེད་ཀྱང་། །བུད་མེད་གཟུགས་སུ་སྣང་བ་ལ། །གང་དག་མུན་པས་བསྒྲིབས་པའི་མི། །
Vol. 40 · folio 187b
དེ་ལ་ཀུན་དུ་ཆགས་པ་སྐྱེད། །ཇི་ལྟར་སྒྱུ་མའི་བུད་མེད་ལ། །འདོད་ཆགས་ལྡན་པའི་སེམས་བསྐྱེད་ཀྱང་། །དེ་ལ་བུད་མེད་ཡོད་མ་ཡིན། །ཕྱིན་ཅི་ལོག་གི་སེམས་ཀྱིས་ནི། །བསྐལ་པ་བྱེ་བ་གྲངས་མེད་དུ། །བློ་གྲོས་ཆུང་རྣམས་འཁོར་བར་བྱེད། །དེ་ནས་དངོས་པོ་མེད་ཤེས་ན། །
བུད་མེད་ཐམས་ཅད་མཚན་ཉིད་མེད། །ཏིང་འཛིན་ཞི་བ་བརྗོད་པ་ནི། །བུད་མེད་གཟུགས་ཀྱིས་རབ་ཏུ་བསྟན། །འཇམ་དཔལ་དེ་ལྟར་ན་བུད་མེད་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་སྐྱེས་པའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་
པར་བྱ་ཞེ་ན། འདི་ནི་བུད་མེད་བདག་སྐྱེས་པར། །ཇི་ལྟར་སྐྱེས་པས་བརྗོད་པ་ལས། །དེ་ཡི་ཚེ་ན་དེ་ཡི་སེམས། །འདོད་ཆགས་ལྡན་པ་བརྫུན་པ་འབྱུང་། །སེམས་ནི་གཟུགས་མེད་གཟུང་བ་མེད། །བུད་མེད་སྐྱེས་པར་བསྟན་པ་མེད། །ཀུན་ཏུ་རྟོག་པས་སྒྲོ་བཏགས་
ནས། །སྐྱེས་པའི་འདུ་ཤེས་འབྱུང་བར་འགྱུར། །འདི་ནི་བུད་མེད་བདག་དཔའ་ཞེས། །འདུ་ཤེས་གང་གིས་རྣམ་བརྟགས་པ། །དེ་ངས་སྨིག་རྒྱུ་འདྲར་གསུངས་ཏེ། །དེ་ལ་སྐྱེས་པ་ཡོད་མ་ཡིན། །སྐྱེས་པ་ཉིད་ནི་བརྫུན་པས་ན། །དེ་ནི་མེད་ལས་བྱུང་བ་ཡིན། །ཏིང་
འཛིན་ཞི་བ་བརྗོད་པ་ནི། །དཔའ་བོའི་གཟུགས་ཀྱིས་རབ་ཏུ་བསྟན། །འཇམ་དཔལ་དེ་ལྟར་ན་སྐྱེས་པའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཁྱེའུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། ལྗོན་པའི་མྱུ་གུ་
ཡོད་མིན་ན། །མེ་ཏོག་འབྱུང་བར་ག་ལ་འགྱུར། །མེ་ཏོག་ཡོད་པ་མ་ཡིན་ན། །འབྲས་བུ་འཐོབ་པའང་མེད་པ་ལྟར། །བུད་མེད་ཡོད་པ་མ་ཡིན་པས། །ཁྱེའུ་ཡང་དམིགས་པར་མི་འགྱུར་ཏེ། །བརྟགས་པའི་དབང་དུ་སོང་རྣམས་ཀྱིས། །ཁྱེའུ་ཞེས་བྱ་བར་བཏགས་
པ་ཡིན། །བུད་མེད་སྐྱེ་བ་མེད་ཤེས་ན། །ཁྱེའུ་ཡང་འབྱུང་བ་ཡོད་མིན་ཏེ། །དངོས་པོ་ཐམས་ཅད་མེད་རྟོགས་པས། །དེས་ན་ཁྱེའུ་ནི་ཏིང་འཛིན་བསྟན། །འཇམ་དཔལ་དེ་ལྟར་ན་ཁྱེའུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་
Vol. 40 · folio 188a
སེམས་དཔས་བུ་མོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ཇི་ལྟར་ཏ་ལའི་མགོ་བཅད་པ། །དེ་ནི་ནམ་ཡང་མི་སྐྱེ་སྟེ། །མཁས་པས་ཤེས་ནས་དེ་ལ་ནི། །འབྲས་བུ་ཐོབ་པར་འདོད་པ་མེད། །དེ་བཞིན་མཁས་པས་བུད་མེད་ཀྱང་། །རྣམ་ཀུན་སྐྱེ་བ་མེད་
ཤེས་པས། །བརྟན་པ་བུ་མོ་སྐྱེས་སོ་ཞེས། །ཕྱིན་ཅད་རྟོག་པར་མི་བྱེད་དོ། །ས་བོན་སྐམས་པར་གྱུར་པ་ལ། །རྣམ་ཀུན་སྐྱེ་བ་མེད་ཤེས་པས། །ཏིང་འཛིན་ཞི་བ་བརྗོད་པ་ནི། །བུ་མོའི་གཟུགས་ཀྱིས་རབ་ཏུ་བསྟན། །འཇམ་དཔལ་དེ་ལྟར་ན་བུ་མོའི་གཟུགས་ཏིང་ངེ་འཛིན་
དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ལྷའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །རྣམ་རྟོག་དགེ་ལས་བྱུང་བ་ཡི། །ལས་དགེའི་འབྲས་བུ་ལྷ་རྣམས་ཏེ། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་གྲུབ། །གཞལ་
མེད་ཁང་པ་ཉམས་དགའ་བ། །དེ་དག་གཞན་སུས་བྱས་པ་མིན། །མེ་ཏོག་མན་དཱ་ར་བ་ཡང་། །དེ་དག་གཞན་སུས་བསྐྱེད་པ་མིན། །སྒྱུ་མའི་ལས་ལས་ཀུན་བྱུང་བས། །བྱུང་བ་རྣམས་ཀྱང་བསམ་དུ་མེད། །བཟང་པོར་སྣང་བའི་བཻ་དཱུརྱ། །ལོག་པས་གྲུབ་པ་རྣམས་ཀྱང་བརྫུན། །ཡང་
དག་མིན་པས་ཀུན་བསྐྱེད་པས། །ལྷ་རྣམས་བརྫུན་པར་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །ལྷ་ཡི་གཟུགས་ཀྱིས་བསྟན་པ་ཡིན། །འཇམ་དཔལ་དེ་ལྟར་ན་ལྷའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཀླུའི་
གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །མི་བཟོད་བསྐྱེད་པ་བྱས་ནས་ནི། །ཡོད་མིན་སྤྲིན་གྱི་གཟུགས་བསྟན་ཅིང་། །ཆར་པའི་རྒྱུན་དག་རབ་འབེབས་པ། །དེ་དག་ནང་ན་མི་གནས་ཀྱང་། །འཛམ་བུའི་གླིང་འདིར་རྒྱ་མཚོ་དང་། །ཀླུང་དང་དུག་ཅན་ཡོངས་སུ་འགེངས། །
སྔོན་གྱི་མཐའ་འམ་ཕྱི་མའི་མཐར། །ཆུ་ནི་འབྱུང་བ་ཡོད་མ་ཡིན། །དེ་དང་མཚུངས་པའི་སེམས་ཅན་ཀུན། །རྩོམ་པ་སྣ་ཚོགས་བསླབས་པ་རྣམས། །ལས་རྣམས་སྣ་ཚོགས་སྟོན་བྱེད་ཀྱང་། །ལས་དེ་འབྱུང་བ་ཡོད་མ་ཡིན། །མཁས་པས་བྱིས་པ་རྨོངས་བྱེད་པའི། །སྒྱུ་འདི་
Vol. 40 · folio 188b
མ་བྱུང་ཤེས་པས་ན། །བདེན་པ་མ་ཡིན་བདེན་སྣང་བས། །ཀླུ་ནི་ཏིང་ངེ་འཛིན་དུ་བསྟན། །འཇམ་དཔལ་དེ་ལྟར་ན་ཀླུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་གནོད་སྦྱིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །སེམས་
ནི་རྣམ་པར་གྱུར་པ་ལས། །འཇིགས་པའི་གཟུགས་ནི་མངོན་གྲུབ་པ། །ལུས་ཀྱི་བོང་ཚོད་ཆེ་བ་ཡང་། །སེམས་གཅིག་གིས་ནི་ཀུན་དུ་བསྐྱེད། །སེམས་ལ་འཇིགས་པ་ཡོད་མིན་ཏེ། །ཚོགས་པ་དག་ལས་འཇིགས་པ་སྐྱེ། །ཡོད་པ་མིན་པའི་ལས་རྣམས་ལས། །མི་སྡུག་རྣམ་པ་
བསམ་ཡས་ལྟོས། །མི་སྡུག་རྣམ་པ་བསམ་ཡས་པ། །ཤིན་ཏུ་སྟོང་པར་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །གནོད་སྦྱིན་གཟུགས་ཀྱིས་བསྟན་པ་ཡིན། །འཇམ་དཔལ་དེ་ལྟར་ན་གནོད་སྦྱིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་
བྱང་ཆུབ་སེམས་དཔས་དྲི་ཟའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ཆོས་དེ་ཤིན་དུ་འགྲོ་མེད་ཀྱང་། །འགྲོ་བའི་སྒྲར་ནི་བརྗོད་པས་ན། །འགྲོ་བས་འགྲོ་བ་མེད་ཤེས་པས། །དྲི་ཟས་ཏིང་འཛིན་བསྟན་པ་ཡིན། །འཇམ་དཔལ་དེ་ལྟར་ན་དྲི་ཟའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་
པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ལྷ་མ་ཡིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ཨ་ཡི་རྒྱས་བཏབ་ལྷ་མིན་ཏེ། །སྐྱེ་བ་མེད་ལས་ཡང་དག་བྱུང་། །འགག་མེད་འབྱུང་བ་ཡོད་མིན་པས། །ལྷ་མ་ཡིན་གྱིས་ཏིང་འཛིན་བསྟན། །འཇམ་དཔལ་དེ་ལྟར་
ན་ལྷ་མ་ཡིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ནམ་མཁའ་ལྡིང་གི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །འཛིན་པ་མེད་ལ་འཛིན་བྱས་ནས། །བརྗོད་པས་མིང་དུ་བཏགས་པས་ན། །མིང་དང་གཟུགས་ནི་ཡོད་མིན་
པས། །ནམ་མཁའ་ལྡིང་གིས་ཏིང་འཛིན་བསྟན། །འཇམ་དཔལ་དེ་ལྟར་ན་ནམ་མཁའ་ལྡིང་གི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་མི་འམ་ཅིའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། བྱས་མིན་བྱས་པའི་ལས་རྣམས་ཀྱིས། །
Vol. 40 · folio 189a
མི་འམ་ཅི་ཉིད་ཀུན་དུ་བསྐྱེད། །འདི་དག་སྐྱེ་བ་མེད་ཤེས་པས། །མི་འམ་ཅི་ཡིས་ཏིང་འཛིན་བསྟན། །འཇམ་དཔལ་དེ་ལྟར་ན་མི་འམ་ཅིའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ལྟོ་འཕྱེ་ཆེན་པོའི་གཟུགས་
ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། མིང་གང་གིས་ནི་ཆོས་འདི་དག །འཇིག་རྟེན་དག་ཏུ་སྣ་ཚོགས་བཞག །ཆོས་དེ་འདི་ལ་ཡོད་མ་ཡིན། །མེད་ལས་ཐམས་ཅད་ཀུན་དུ་བརྟགས། །ཀུན་དུ་བརྟགས་པར་ཀུན་ཤེས་ན། །ངོ་བོ་ཉིད་ཀྱིས་ཀུན་རྟོག་མེད། །ཏིང་འཛིན་ཞི་བ་བརྗོད་པ་
ནི། །ལྟོ་འཕྱེ་ཆེན་པོའི་གཟུགས་ཀྱིས་བསྟན། །འཇམ་དཔལ་དེ་ལྟར་ན་ལྟོ་འཕྱེ་ཆེན་པོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་སེམས་ཅན་དམྱལ་བའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །རྡུལ་དང་བྲལ་ཞིང་
རྡུལ་མེད་གསོག །དེ་ལ་བྱེད་པོ་འགའ་ཡང་མེད། །རང་གི་རྟོག་པས་ཀུན་བསྐྱེད་དེ། །རྟོག་པ་དེ་ཡང་ཡོད་མ་ཡིན། །དམྱལ་བ་དྲི་མེད་དྲི་བྲལ་ཞིང་། །དག་དང་ཡང་དག་འོད་གསལ་དང་། །མཚན་ཉིད་མེད་ཅིང་མཚན་མེད་པར། །བྱང་ཆུབ་སྙིང་པོར་ངས་ཤེས་ཏེ། །
མཚན་ཉིད་མེད་ཅིང་བྱུང་མེད་དེ། །ནམ་མཁའ་འདྲ་བར་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །སེམས་ཅན་དམྱལ་བའི་གཟུགས་ཀྱིས་བསྟན། །འཇམ་དཔལ་དེ་ལྟར་ན་སེམས་ཅན་དམྱལ་བའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་
ན་བྱང་ཆུབ་སེམས་དཔས་དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། དཔེར་ན་ཇི་ལྟར་སྤྲིན་གྱི་གཟུགས། །ཁ་དོག་སྣ་ཚོགས་བྱུང་བ་དག །དེ་ལ་ཁ་དོག་ཡོད་མིན་ཡང་། །མི་མཁས་པ་དག་རྨོངས་པར་བྱེད། །དེ་བཞིན་སེམས་ཀྱང་མེད་པའི་ཕྱིར། །
སྤྲིན་གྱི་གཟུགས་དང་མཚུངས་འདྲ་ཡང་། །དུད་འགྲོའི་སྐྱེ་གནས་རྣམས་སུ་ནི། །རྣམ་པ་སྣ་ཚོགས་ལུས་ཀྱང་སྟོན། །ལས་ནི་སྒྱུ་མའི་རང་བཞིན་དང་། །བྱུང་མེད་མཚན་ཉིད་མེད་པར་ཤེས། །ཏིང་འཛིན་ཞི་བ་བརྗོད་པ་ནི། །དུད་འགྲོའི་གཟུགས་ཀྱིས་བསྟན་པ་ཡིན། །འཇམ་
Vol. 40 · folio 189b
དཔལ་དེ་ལྟར་ན་དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ནག་པོ་དང་ནི་དཀར་པོ་ཡི། །སྡིག་དང་ཁ་ན་མ་ཐོ་དང་། །ཁ་ན་མ་ཐོ་མེད་པའི་
ལས། །རབ་འབྲིང་ཐ་མ་འདྲེས་བྱས་པས། །གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་ཞིང་། །ཚོལ་བར་ཀུན་དུ་འཁོར་བ་ཡིན། །དེ་ལ་གཤིན་རྗེའི་འཇིག་རྟེན་མེད། །དེ་ནི་ངོ་བོ་ཉིད་ཀྱིས་སྟོང་། །རྨི་ལམ་ན་ནི་མྱོང་བ་བཞིན། །འཇུག་པ་མེད་ཅིང་གྲུབ་པ་མེད། །གཤིན་རྗེའི་འཇིག་རྟེན་
ཡོད་མིན་པས། །དེས་ན་ཏིང་ངེ་འཛིན་དུ་བསྟན། །འཇམ་དཔལ་དེ་ལྟར་ན་གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་འདོད་ཆགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ཡོངས་སུ་རྟོག་ལས་འདོད་ཆགས་
འབྱུང་། །རྟོག་པ་དེ་ཡང་འབྱུང་བ་མེད། །འབྱུང་བ་མེད་ལ་གནས་པ་མེད། །དེ་ཡི་གནས་ཀྱང་རྙེད་མི་འགྱུར། །གནས་མེད་གནས་པ་ཡོད་མིན་པས། །འདོད་ཆགས་ནམ་མཁའ་འདྲ་བ་ཡིན། །བྱིས་པ་བསླད་པར་གྱུར་རྣམས་ཀྱིས། །ཀུན་ནས་ཉོན་མོངས་ཡོངས་སུ་བརྟགས། །
ཀུན་ནས་ཉོན་མོངས་མེད་ཆོས་དེ། །འདོད་ཆགས་ཞེས་བྱའི་མིང་གིས་བརྗོད། །ཕྱོགས་བཅུ་དག་ཏུ་བཙལ་བྱས་ཀྱང་། །དེ་ཡི་དངོས་པོ་རྙེད་མི་འགྱུར། །འདོད་ཆགས་དངོས་པོ་མེད་པ་ལ། །བྱིས་པ་རྨོངས་པ་འཇིགས་བྱེད་དེ། །འཇིགས་མེད་འཇིགས་པའི་འདུ་ཤེས་ཅན། །དེ་
དག་ལ་ནི་བདེ་བ་མེད། །ཇི་ལྟར་སྐྱེས་བུ་ལ་ལ་དག །མཁའ་ལ་འཇིགས་པར་འདུ་ཤེས་ནས། །སྐྲག་ཅིང་བདག་གིས་ནམ་མཁའ་ནི། །མི་མཐོང་བྱ་ཞེས་འབྲོས་བྱེད་ཀྱང་། །ནམ་མཁས་ཀུན་དུ་ཁྱབ་པས་ན། །སུ་ཡང་དེ་ལས་མི་ཐར་ཏེ། །བྱིས་པ་བསླད་པར་གྱུར་རྣམས་ཀྱིས། །
ཕྱིན་ཅི་ལོག་ཏུ་རྣམ་པར་བརྟགས། །དེ་ལྟར་ཆོས་རྣམས་མཁའ་འདྲ་བར། །ཤེས་པར་མ་གྱུར་བྱིས་པ་རྣམས། །དངོས་པོ་མེད་པའི་འདོད་ཆགས་ལ། །ཡོངས་སུ་སྤང་བར་མངོན་པར་འདོད། །འདོད་ཆགས་ནམ་མཁའ་འདྲ་བས་ན། །སུ་ཡང་དེ་ལས་གྲོལ་བ་མེད། །གྲོལ་ཞིང་རྣམ་གྲོལ་ཕུན་
Vol. 40 · folio 190a
སུམ་ཚོགས། །ཆོས་རྣམས་མྱ་ངན་འདས་དང་འདྲ། །སངས་རྒྱས་གང་དག་འདས་པ་དང་། །འདྲེན་པ་གང་དག་བཞུགས་པ་དང་། །གང་དག་འབྱུང་འགྱུར་རྫོགས་སངས་རྒྱས། །དེ་ཀུན་སྤྱོད་ཡུལ་འདོད་ཆགས་ཡིན། །འདོད་ཆགས་སྟོང་པར་ཤེས་གྱུར་ན། །ཆགས་
ལས་གྲོལ་བ་གང་ཡང་མེད། །གང་དག་ཆགས་ལ་འཇིགས་འདུ་ཤེས། །དེ་དག་ཆགས་ལས་གྲོལ་བྱར་སེམས། །ཅི་ཡང་མེད་པའི་མཐའ་འདི་ནི། །འདོད་ཆགས་མཐའ་སྟེ་འོད་གསལ་ཞིང་། །མཚན་མ་མེད་ལ་རྟག་མཉམ་པར། །བྱང་ཆུབ་སྙིང་པོར་ང་ཡིས་མཐོང་། །དངོས་པོར་འདུ་
ཤེས་སེམས་ཅན་གང་། །དེ་དག་འདོད་ཆགས་འབྲི་བར་འགྱུར། །ཡོད་པ་མིན་པ་ཡོངས་བརྟགས་པས། །དེ་དག་གིས་ནི་སྤོང་བ་བརྟགས། །བདག་གིས་འདོད་ཆགས་སྤང་བྱ་ཞེས། །དེ་འདྲའི་འདུ་ཤེས་སྐྱེས་ནས་ནི། །དེ་ལ་སྤངས་ཞེས་བརྗོད་པར་བྱ། །འགྲོ་བ་འདི་དག་འདུ་ཤེས་
ཙམ། །འདོད་ཆགས་མཐའ་ནི་བསམ་ཡས་ཏེ། །མཐའ་དེ་འཇིག་པ་མེད་པས་ན། །ཡང་དག་མཐའ་དང་དེ་མཉམ་པས། །དེ་ལས་གྲོལ་བར་མ་རྟོགས་ཤིག །གལ་ཏེ་ཆགས་ལས་གྲོལ་གྱུར་ན། །སྟོང་པ་ཉིད་ལས་གྲོལ་བར་འགྱུར། །འདོད་ཆགས་དང་ནི་སྟོང་པ་ཉིད། །དེ་གཉིས་
གཉིས་སུ་ཡོད་མ་ཡིན། །འདི་ལྟར་སྐྱེ་བ་མེད་པ་ལ། །དེ་དག་སྐྱེ་བར་རྣམ་བརྟགས་པས། །བྱིས་པ་གཉིས་སུ་ཤེས་རྣམས་ལ། །ངས་ནི་སྤོང་བ་རབ་ཏུ་བསྟན། །འདོད་ཆགས་དེ་ནི་སྐྱེ་མེད་ན། །འདོད་ཆགས་ཤེས་བྱའི་མིང་དུ་བརྗོད། །མིང་རྣམས་ཀུན་དུ་ཆགས་མེད་པས། །མིང་
ལ་སུ་ཡང་ཆགས་པ་མེད། །འདོད་ཆགས་ཆགས་པ་མེད་ཤེས་ཤིང་། །མཐའ་ལས་འདས་པའི་སྟོང་མཐོང་ན། །འདོད་ཆགས་རྣམ་པར་གཞིག་པའི་ཕྱིར། །ཐར་པ་མཁས་པས་མི་མཐོང་ངོ་། །འདོད་ཆགས་སངས་རྒྱས་ཆོས་མཚུངས་ཤིང་། །མྱ་ངན་འདས་པ་འདྲར་ཤེས་
ནས། །རྡུལ་དང་བྲལ་བའི་ཏིང་ངེ་འཛིན། །འདོད་ཆགས་སྒྲས་ནི་ངས་བསྟན་ཏོ། །ཞི་བའི་དབྱིངས་ལ་རྟེན་པ་ཡིན། །འདོད་ཆགས་རབ་ཏུ་ཞི་ཤེས་ནས། །མཁས་པ་རྣམས་ལ་ང་ཡིས་ནི། །ཏིང་འཛིན་འདོད་ཆགས་སྒྲར་བསྟན་ཏོ། །འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔས་འདོད་
Vol. 40 · folio 190b
ཆགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཞེ་སྡང་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །སྤོང་ལས་ཞེ་སྡང་ཀུན་དུ་འབྱུང་། །ཉོན་མོངས་པ་ཡང་རྐྱེན་ལས་སྐྱེ། །བདག་མེད་པ་ལས་བྱུང་བའི་བདག །མང་པོའི་ཚོགས་ལས་
སྐྱེས་པ་ཡིན། །རྩུབ་པོའི་སྒྲ་ལས་ཞེ་སྡང་ནི། །དུག་རྣོན་ལྟ་བུ་ཀུན་དུ་འབྱུང་། །སྒྲ་ནི་ང་རོའི་རང་བཞིན་པས། །ཤིན་དུ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཚོགས་པས་གཙུབ་ཤིང་དང་། །གཙུབ་སྟན་ལས་ནི་མེ་བྱུང་སྟེ། །ཚོགས་དང་བྲལ་བར་གྱུར་ན་ནི། །དེ་ན་མེ་ཡང་ཡོད་མིན་ལྟར། །
དེ་བཞིན་ཡིད་དུ་མི་འོང་བའི། །སྒྲ་ལས་ཞེ་སྡང་གསོག་འབྱུང་ཞིང་། །གསོག་གི་སྒྲ་ལས་ཡང་བརྟགས་ན། །དེ་ལ་ཞེ་སྡང་རྙེད་མི་འགྱུར། །ཞེ་སྡང་སྒྲ་ལས་མ་བྱུང་ཞིང་། །ནང་ནའང་གནས་པ་མ་ཡིན་ལ། །ཞེ་སྡང་ཕྱི་རོལ་མ་འོངས་ཏེ། །བྱུང་བ་མེད་པས་གསོག་ཡིན་ནོ། །རྒྱུ་རྣམས་
ཕན་ཚུན་འདུས་པ་ལས། །ཞེ་སྡང་ཀུན་དུ་བྱུང་བ་ཡིན། །ཕན་ཚུན་བྲལ་བར་གྱུར་ན་ནི། །དེ་ལ་ཞེ་སྡང་རྙེད་མི་འགྱུར། །ཇི་ལྟར་ཞོ་དང་འོ་མ་ལ། །སྐྱེས་བུས་བཙལ་ཏེ་སྲུབ་ཤིང་གིས། །བསྲུབ་པ་བྱས་པས་རྐྱེན་རྣམས་ལས། །མར་ནི་ཀུན་དུ་བྱུང་བ་ལྟར། །དེ་བཞིན་ཡིད་དུ་
མི་འཐད་པའི། །སྒྲ་ལས་ཞེ་སྡང་གསོག་འབྱུང་ཞིང་། །ཡོངས་སུ་བརྟགས་པས་དེ་གནས་ལ། །མི་མཁས་པ་དག་རབ་ཏུ་འབར། །ཀུན་ཏུ་བརྟགས་པས་ཞེ་སྡང་ནི། །ཤིན་དུ་དངོས་མེད་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །ཞེ་སྡང་སྒྲ་ཡིས་རབ་ཏུ་བསྟན། །ཞེ་
སྡང་ཡང་དག་མཐའ་དང་མཉམ། །དེ་བཞིན་ཉིད་ལ་རྟེན་པ་ཡིན། །ཆོས་ཀྱི་དབྱིངས་དང་འདྲར་ཤེས་པས། །དེས་ན་ཏིང་ངེ་འཛིན་ཅེས་བསྟན། །འཇམ་དཔལ་དེ་ལྟར་ན་ཞེ་སྡང་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་གཏི་མུག་ཏིང་ངེ་
འཛིན་དུ་རྟོགས་པར་བྱ་ཞེ་ན། །མ་རིག་པ་ལས་གཏི་མུག་བྱུང་། །མ་རིག་པ་ཡང་ཡོད་མ་ཡིན། །གང་ན་གཏི་མུག་ཡོད་མིན་པ། །དེ་ན་གང་ཡང་རྨོངས་པ་མེད། །རྨོངས་མེད་སེམས་ཅན་རྨོངས་གྱུར་ཅིང་། །ཆགས་མེད་ཆགས་པར་འདུ་ཤེས་པ། །ཇི་ལྟར་བྱིས་པས་ནམ་མཁའ་
Vol. 40 · folio 191a
ལ། །མདུད་པ་བོར་བས་གསོག་བཞིན་ནོ། །ཡོད་པ་མ་ཡིན་ཆོས་རྣམས་ལ། །ཀུན་ནས་ཉོན་མོངས་རྣམ་བཏགས་པ། །བྱིས་པ་རྣམས་ཀྱི་འདི་མཚར་ཏེ། །མཆོག་ཏུ་ཤིན་དུ་བྱ་བར་དཀའ། །ཇི་ལྟར་སྐྱེས་བུ་ལ་ལ་ཞིག །ནམ་མཁའ་ལ་ནི་འཇལ་བྱེད་ཅིང་། །
བསྐལ་པ་བྱེ་བར་གཞལ་བྱས་ཀྱང་། །དེ་ལ་ཕུང་པོ་མི་རྙེད་ལྟར། །དེ་བཞིན་རྨོངས་པས་བྱིས་པ་ཡི། །སྔོན་གྱི་མཐའ་ནི་བསམ་མི་ཁྱབ། །གཏི་མུག་ཕུང་པོར་འབྱུང་མེད་དེ། །དེས་ནི་ཅི་ཡང་བཀང་བ་མེད། །ཇི་ལྟར་ནམ་མཁའ་གཞལ་བྱས་ཀྱང་། །དེ་ལ་སྔོན་གྱི་མཐའ་མེད་ཅིང་། །དེ་ན་
ཅི་ཡང་བཀང་བ་མེད། །གཞལ་བར་ནུས་པ་མེད་པ་ལྟར། །དེ་བཞིན་བསྐལ་པ་སྟོང་རྣམས་སུ། །ཀུན་དུ་རྨོངས་པས་དགང་བྱས་ཀྱང་། །དེ་ལ་བཀང་བ་ཅི་ཡང་མེད། །ངོམས་པའང་ཅུང་ཟད་ཡོད་མ་ཡིན། །ཇི་ལྟར་སྐྱེས་བུ་ལ་ལ་ཡིས། །སྦུད་པ་སྟོང་པ་བུད་བྱས་ཤིང་། །བཞག་ནས་སྦུད་
པ་རྙོངས་པ་ན། །དེ་ཡི་ནང་ན་རྙེད་མིན་ལྟར། །དེ་བཞིན་འདོད་པ་སྦུད་འདྲ་བ། །ཀུན་དུ་རྨོངས་པས་སྤྱོད་པར་བྱེད། །དེ་ནི་ངོམས་པར་མི་འགྱུར་ཏེ། །ཕྱིར་ཞིང་འདོད་པ་ཚོལ་བར་བྱེད། །གཏི་མུག་ཡོད་པ་མིན་ཞེས་བརྗོད། །རྩ་བ་ཆད་ཅིང་དངོས་པོ་མེད། །རྩ་བ་མེད་ཅིང་གནས་ཀྱང་མེད། །
དེས་ན་གཏི་མུག་ཟད་པ་མེད། །འདི་ལྟར་གཏི་མུག་མི་ཟད་པས། །དེ་ཡི་མཐའ་མ་རྙེད་མི་འགྱུར། །དེ་ཕྱིར་སེམས་ཅན་ཐམས་ཅད་ལ། །ཟད་པར་བྱ་བར་ངས་མི་ནུས། །གལ་ཏེ་དཔེ་ཙམ་བརྗོད་བྱ་ན། །བསྐལ་པ་བྱེ་བ་བསམ་ཡས་སུ། །ང་ཡི་ཚེ་ནི་གནས་གྱུར་ལ། །ཉིན་གཅིག་བཞིན་དུ་ཉིན་
རེ་ལ། །སྟོང་གསུམ་སེམས་ཅན་ཇི་སྙེད་པ། །ཐམས་ཅད་མྱ་ངན་བཟླ་བྱས་ཞིང་། །ཐམས་ཅད་དེ་ལྟར་བྱས་ཀྱང་ནི། །སེམས་ཅན་ཁམས་ལ་ཟད་པ་མེད། །གཏི་མུག་གིས་ནི་བསྐྱེད་པའི་ཁམས། །སེམས་ཅན་ཁམས་ལ་མཚན་ཉིད་མེད། །གཏི་མུག་དེ་ནི་སྒྱུ་མ་འདྲ། །དེས་ན་དེ་ཡི་མཐའ་མི་རྙེད། །
སངས་རྒྱས་གཏི་མུག་མཉམ་པས་ན། །དེ་དག་གཉིས་སུ་མེད་པར་བསྟན། །རྨོངས་གྱུར་བྱིས་པ་དེ་དག་གིས། །འདིར་ནི་སངས་རྒྱས་རྣམ་པར་བརྟགས། །ཐམས་ཅད་མཁྱེན་ཉིད་གཏི་མུག་མཉམ། །གཏི་མུག་ཐམས་ཅད་ཡོད་མ་ཡིན། །གཏི་མུག་སེམས་ཅན་ཀུན་དང་མཉམ། །སེམས་
Vol. 40 · folio 191b
ཅན་ཀུན་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་དང་གཏི་མུག་ནི། །སེམས་བསྐྱེད་པ་ཡིས་རྣམ་པར་བརྟགས། །སེམས་ཀུན་བསམ་གྱིས་མི་ཁྱབ་སྟེ། །དེ་ཡི་ཚད་ནི་ཡོད་མ་ཡིན། །གཏི་མུག་དེ་ལ་ཚད་མེད་པས། །དེ་ཡི་འབྱུང་བ་རྙེད་མི་འགྱུར། །འབྱུང་བ་ཡོད་པ་མ་ཡིན་ན། །སྐྱེ་བ་ཡོད་པར་
ག་ལ་འགྱུར། །གཏི་མུག་སྐྱེས་པ་མ་ཡིན་ན། །དེ་ཡི་རྨོངས་བྱེད་ཅི་འདྲ་ཞིག །དེ་ཡི་རྨོངས་བྱེད་ཅི་འདྲ་བ། །སངས་རྒྱས་ཀུན་ཀྱང་དེ་དང་འདྲ། །ཐ་དད་དབྱེ་བ་མེད་ཤེས་ན། །ཆོས་རྣམས་ཐམས་ཅད་གཉིས་སུ་མེད། །ཏིང་འཛིན་ཞི་བ་བརྗོད་པ་ནི། །གཏི་མུག་སྒྲ་ཡིས་རབ་ཏུ་བསྟན། །
གང་ཚེ་ང་ཡིས་མཉམ་ཉིད་ཤེས། །དེ་ནི་དེ་དང་གཏི་མུག་མཉམ། །དེ་དག་ཐམས་ཅད་མཉམ་ཤེས་ནས། །ཏིང་འཛིན་དེ་ལྟར་ཤེས་པར་གྱིས། །འཇམ་དཔལ་དེ་ལྟར་ན་གཏི་མུག་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་མི་དགེ་བ་ཐམས་ཅད་
ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། འདོད་ཆགས་སྤྱོད་པའི་རྟགས་གང་དང་། །ཞེ་སྡང་སྤྱོད་པའི་གཡོ་བ་དང་། །གཏི་མུག་སྤྱོད་པ་གང་ཡིན་པ། །ཐམས་ཅད་ཏིང་འཛིན་ཤེས་པར་གྱིས། །ཉོན་མོངས་ཀུན་གྱི་སྒྲུབ་པ་ནི། །ཏིང་འཛིན་ཡིན་པར་མོས་པར་གྱིས། །བརྫུན་དང་ཡང་དག་མ་ཡིན་
པར། །ཐམས་ཅད་དེ་བཞིན་བསྒོམ་པར་གྱིས། །འཇམ་དཔལ་དེ་ལྟར་ན་མི་དགེ་བ་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་དགེ་བ་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །སེམས་ཅན་རྣམས་ཀྱི་ཇི་སྙེད་དགེ །སེམས་དང་སྤྱོད་
པ་ཅི་འདྲ་བ། །སྤྱོད་པ་ཐམས་ཅད་སྤྱོད་གཅིག་སྟེ། །དེ་ལྟར་ཏིང་འཛིན་ཤེས་པར་གྱིས། །སེམས་ཅན་ཀུན་གྱི་སྤྱོད་པ་དག །བསྒྲུབ་པ་གཅིག་ཏུ་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །ཀུན་གྱི་སྒྲ་ཡིས་བསྟན་པ་ཡིན། །འཇམ་དཔལ་དེ་ལྟར་ན་དགེ་བ་ཐམས་ཅད་ཏིང་ངེ་འཛིན་དུ་
རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་འདུས་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། འདུ་བྱེད་ཐམས་ཅད་འདུ་བྱེད་མིན། །དེ་དག་བགྲང་བས་གཞལ་བྱས་ན། །གཞལ་དུ་མེད་ཅིང་དཔག་ཏུ་མེད། །དེ་ལྟར་ཏིང་འཛིན་ཤེས་པར་གྱིས། །དཔག་ཏུ་མེད་
Vol. 40 · folio 192a
པར་ཤེས་ན་ནི། །ལུས་མེད་དངོས་པོ་ཡོད་མིན་པས། །ཏིང་འཛིན་ཞི་བ་བརྗོད་པ་ནི། །འདུ་བྱེད་ཀུན་གྱིས་བསྟན་པ་ཡིན། །འཇམ་དཔལ་དེ་ལྟར་ན་འདུས་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་འདུས་
མ་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། ཆོས་འདི་རང་བཞིན་ཞི་བས་ན། །དེ་ལ་གྲངས་ནི་ཡོད་མ་ཡིན། །མ་རིག་པ་ཡིས་བསྒྲུབ་ཞི་བ། །ཏིང་ངེ་འཛིན་གྱིས་བསྒྲུབ་པར་བསྟན། །འདུས་བྱས་ཀུན་ལ་བརྗོད་མེད་ཅིང་། །བསྒྲུབ་པ་མེད་པར་ཤེས་ནས་ནི། །སེམས་ཅན་
གང་དག་བརྗོད་ལ་ཆགས། །དེ་དག་རྣམས་ལ་དེ་ལྟར་བསྟན། །འཇམ་དཔལ་དེ་ལྟར་ན་འདུས་མ་བྱས་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཚིགས་སུ་བཅད་པ་མངོན་པར་བསྒྲུབས་པའི་སྒྲ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་དགུ་ཁྲི་ཉིས་
སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་སློང་སུམ་ཁྲི་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་
སློང་མ་དྲུག་སྟོང་ཉིས་བརྒྱས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་བསྙེན་ས་ཡ་བརྒྱད་འབུམ་གྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་བསྙེན་མ་ས་ཡ་ཕྲག་བཞི་དང་ཉིས་འབུམ་གྱིས་ཀྱང་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་གང་དག་འབྱུང་བ་དེ་དག་གིས་ཏིང་ངེ་འཛིན་རྣམས་ཀྱི་མིང་ཐོས་ན་ཆོས་ཐམས་ཅད་ལ་སྣང་བ་འཐོབ་པར་
འགྱུར་བ་དང་། བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་། གང་ཟག་དམིགས་པའི་ལྟ་བ་ཅན་རྣམས་ཀྱིས་ཐུལ་བར་དཀའ་བ་དང་། ཡི་གེ་གཅིག་གིས་ཡི་གེ་ཐམས་ཅད་རྟོགས་པར་འགྱུར་བ་དང་། ཡི་གེ་ཐམས་ཅད་ཀྱིས་ཡི་གེ་གཅིག་རྟོགས་པར་འགྱུར་བ་དང་། ཐོགས་པ་མ་མཆིས་པའི་སྤོབས་པས་
Vol. 40 · folio 192b
སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པ་ལ་མཁས་པར་འགྱུར་བ་དང་། ཆོས་ཟབ་མོ་ལ་བཟོད་པར་འགྱུར་བ་དང་། སྤྱོད་པ་ཐམས་ཅད་ལ་མཚན་ཉིད་གཅིག་ཏུ་རྟོགས་ཤིང་སོ་སོ་ཡང་དག་པར་རིག་པ་བཞིས་མུན་པ་མ་མཆིས་པར་འཐོབ་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ཀྱི་མིང་བཅོམ་ལྡན་འདས་
ཀྱིས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་
ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་མཐའ་ཡས་དྲི་མེད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་ཡོངས་སུ་དག་པར་སྟོན་ཏོ། །འཇམ་
དཔལ་མགྱོགས་པར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་ཉི་མ་དང་། ཟླ་བའི་འོད་ཟིལ་གྱིས་གནོན་པར་བྱེད་དོ། །འཇམ་དཔལ་འོད་ཟེར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་བརྒྱ་བྱིན་དང་།
ཚངས་པ་དག་གི་གཟི་བརྗིད་ཟིལ་གྱིས་གནོན་པར་བྱེད་དོ། །འཇམ་དཔལ་ཡུལ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་འཁོར་འདུས་པ་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཞི་བར་བྱེད་དོ། །འཇམ་དཔལ་འོད་ཟེར་
ཐོགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཟེར་གྱིས་སྣང་བར་བྱེད་དོ། །འཇམ་དཔལ་ཆོས་ཐམས་ཅད་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་
དཔའ་སངས་རྒྱས་ཀྱི་ཆོས་བསྟན་པ་ཐམས་ཅད་འཛིན་ཅིང་གཞན་ལ་ཡང་སྟོན་པར་བྱེད་དོ། །འཇམ་དཔལ་སེང་གེའི་སྒྲ་མངོན་པར་བསྒྲགས་པའི་དབྱངས་ཡིད་དུ་འོང་བ་རྗེས་སུ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་ཚངས་པའི་འཇིག་
Vol. 40 · folio 193a
རྟེན་གྱི་བར་དུ་སྒྲས་མངོན་པར་གོ་བར་བྱེད་དོ། །འཇམ་དཔལ་དགའ་བ་དང་། མགུ་བ་དང་། ཚིམ་པ་ཐམས་ཅད་ཡང་དག་པར་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་
བསམ་པ་སྣ་ཚོགས་ཡང་དག་པར་མགུ་བར་བྱེད་དོ། །འཇམ་དཔལ་ལྟ་བས་ཆོག་མི་ཤེས་ཤིང་མཆོག་ཏུ་དགའ་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་བལྟ་བ་དང་། མཉན་པས་ཆོག་མི་ཤེས་པར་འགྱུར་རོ། །འཇམ་དཔལ་
ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འབྱུང་གནས་ཤེས་རབ་ཀྱི་ཡུལ་རིན་པོ་ཆེའི་འབྱུང་ཁུངས་རྒྱུན་ཅིག་པ་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་བསྟན་པ་ཐམས་ཅད་སྟོན་པ་དང་། སེམས་ཅན་རྣམས་འདུལ་བར་
བྱེད་དོ། །འཇམ་དཔལ་སྒྲ་སྐད་ཐམས་ཅད་ཀྱི་བརྡ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་དང་བརྗོད་པ་དང་། བརྡ་ཐམས་ཅད་རྟོགས་ཤིང་ཡི་གེ་ཐམས་ཅད་ཀྱིས་ཡི་གེ་གཅིག་སྟོན་པ་དང་། ཡི་གེ་གཅིག་གིས་ཡི་གེ་ཐམས་ཅད་
སྟོན་པར་བྱེད་དོ། །འཇམ་དཔལ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་བསོད་ནམས་དང་། དགེ་བའི་རྩ་བ་ཐམས་ཅད་བསགས་ཤིང་སྟོན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་ཅང་མི་སྨྲ་བར་སྙོམས་པར་ཞུགས་ཏེ། ཡི་གེ་
གཅིག་ཙམ་ཡང་མི་བརྗོད་པར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། ཉན་ཐོས་ཀྱི་སྒྲ་དང་། རང་སངས་རྒྱས་ཀྱི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྒྲ་དང་། ཕ་རོལ་དུ་ཕྱིན་པའི་སྒྲ་ཐོས་པར་བྱེད་དོ། །འཇམ་དཔལ་གཟུངས་
ཐམས་ཅད་ལས་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་གཟུངས་མཐའ་ཡས་པ་བསྒྲུབ་པ་ལ་འཇུག་པ་ཁོང་དུ་ཆུད་པར་འགྱུར་རོ། །འཇམ་དཔལ་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་
Vol. 40 · folio 193b
ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་ཡི་གེ་ཐམས་ཅད་ལ་སྤོབས་ཤིང་སྒྲ་སྐད་ཐམས་ཅད་དང་། དབྱངས་ཐམས་ཅད་དང་། བརྗོད་པ་ཐམས་ཅད་ལ་ཡང་སྤོབས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བདག་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་བརྗོད་པའི་ཁྱད་པར་ལ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་སྤོབས་པར་བྱོས་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ནེམ་ནུར་
མ་མཆིས་པ་དང་། །ཐེ་ཚོམ་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བགྱིད་པ་དེ་ཚེ་འདི་ཉིད་ལ་གདོན་མི་འཚལ་བར་སྤོབས་པ་འཐོབ་པར་
རེ་བར་བགྱི་སྟེ། སྤོབས་པ་མྱུར་བ་དང་། སྤོབས་པ་རྒྱ་ཆེ་བ་དང་། ཟབ་མོ་ལ་སྤོབས་པ་དང་། མི་བརྗེད་པའི་སྤོབས་པ་དང་། སྤོབས་པ་སྣ་ཚོགས་ཐོབ་པར་རེ་བར་བགྱིའོ། །དེ་ནི་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མ་མཆིས་པའི་སེམས་སུ་གྱུར་པར་རེ་བར་བགྱིའོ། །དེ་ཅིའི་སླད་དུ་
ཞེ་ན། གང་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་བསྒྲུབ་པ་དེ་ནི་སྤྱོད་པ་འདི་ཉིད་དང་རྗེས་སུ་འབྲེལ་བ་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཚིག་འདི་
ལེགས་པར་སྨྲས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོ་འཐོབ་པར་སླུ་བ་མེད་དོ། །ཚུལ་ཁྲིམས་ནི་མཐོ་རིས་སུ་སྐྱེ་བར་སླུ་བ་མེད་དོ། །ཐོས་པ་ནི་ཤེས་རབ་ཆེན་པོར་འགྱུར་བར་སླུ་བ་མེད་དོ། །སྒོམ་པ་ནི་འབྲལ་བར་འགྱུར་བར་སླུ་བ་མེད་དོ། །འཇམ་
དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་ཚེ་འདི་ཉིད་ལ་སྤོབས་པ་སྐྱེ་བར་སླུ་བ་མེད་དོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མ་ཤར་བས་ནི་མུན་པ་མུན་ནག་ཐམས་ཅད་སེལ་བར་བྱེད་དོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་བསྟན་མ་ཐག་ཏུ་སྤོབས་པ་སྐྱེ་བར་རེ་བར་
Vol. 40 · folio 194a
བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་འདོན་པ་དེ་ཡང་ཐེ་ཚོམ་མེད་པར་ངེས་པར་ཚེ་འདི་ཉིད་ལ་སྤོབས་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་འདི་ཉིད་ལ་སྤོབས་པ་ཐོབ་པར་འདོད་པས་ནེམ་
ནུར་མེད་པ་དང་། ཐེ་ཚོམ་མེད་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། ཁ་ཏོན་དུ་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་བྱང་ཆུབ་སེམས་དཔའ་གང་ནེམ་ནུར་མ་མཆིས་པ་དང་། །ཐེ་ཚོམ་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་
འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེ་ལ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱིའོ། །དེ་ནས་བདུད་སྡིག་ཅན་ངུ་ཞིང་སྨྲེ་སྔགས་འདོན་བཞིན་དུ་བཅོམ་ལྡན་འདས་ག་ལ་
བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐུགས་རྗེ་དང་ལྡན་ཞིང་སེམས་ཅན་སྡུག་བསྔལ་བ་རྣམས་ལ་བདེ་བ་རབ་ཏུ་སྩོལ་བ་ལགས་ན། བཅོམ་
ལྡན་འདས་ཀྱིས་བདག་གི་ཡིད་མི་བདེ་བ་དེ་ལེགས་པར་བསལ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་སླར་ཞིང་བྱིན་གྱིས་མི་བརླབ་ཏུ་གསོལ། བཅོམ་ལྡན་འདས་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་དང་། ད་ལྟར་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་
Vol. 40 · folio 194b
བདག་འདིར་ཤིན་དུ་ཆེར་སྡུག་བསྔལ་ཞིང་ཡིད་མི་བདེ་བ་དང་། མྱ་ངན་གྱི་ཟུག་རྔུས་གཟིར་བར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཐ་ན་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་གང་དག་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལས་སླར་མི་ལྡོག་པར་འགྱུར་ལགས་ན། གང་དག་གིས་ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བགྱིད་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལས་སླར་མི་ལྡོག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་བདག་གི་བདུད་ཀྱི་གནས་སྟོངས་པར་འགྱུར་བ་ལགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐུགས་རྗེ་དང་ལྡན་ཞིང་སྡུག་བསྔལ་བ་རྣམས་ལ་བདེ་བ་སྩོལ་བ་ལགས་ན། བཅོམ་ལྡན་འདས་བདག་དབུགས་དབྱུང་དུ་གསོལ། བདེ་བར་གཤེགས་པ་བདག་དབུགས་དབྱུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་
སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་མ་འཇིགས་ཤིག །སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལ། །སྡིག་ཅན་ང་ཡང་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པར་མི་བྱེད་ཀྱིས་སྡིག་ཅན་མ་འཇིགས་ཤིག །
དེ་ནས་བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་བ་མཛད་པས་བདུད་སྡིག་ཅན་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་
པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་དེ་སྐད་དུ་ང་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པར་མི་བྱེད་དོ་ཞེས་བདུད་སྡིག་ཅན་ལ་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་བྱིན་གྱི་རླབས་མེད་པས་བྱིན་
Vol. 40 · folio 195a
གྱིས་བརླབས་པ་ཡིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཡང་བྱིན་གྱི་རླབས་མེད་པས་བྱིན་གྱིས་བརླབས་པ་ཡིན་པས། འཇམ་དཔལ་དེའི་ཕྱིར་ངས་བདུད་སྡིག་ཅན་ལ་འདི་སྐད་དུ་ང་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པར་མི་བྱེད་དོ་ཞེས་སྨྲས་སོ། །འཇམ་དཔལ་བདེན་པ་དང་བདེན་པའི་ཚིག་
གང་གིས་ཆོས་ཐམས་ཅད་བྱིན་གྱི་རླབས་མེད་པས་བྱིན་གྱིས་བརླབས་པ་དང་། ཐ་དད་དུ་དབྱེར་མེད་པ་དང་། བརྗོད་དུ་མེད་པ་དང་། མཚན་ཉིད་མེད་པ་དང་། བསྙད་དུ་མེད་པ་དང་། སྨྲར་མེད་པ་དང་། གཉིས་སུ་མེད་པ་དང་། གཉིས་དང་བྲལ་བ་དང་། ཡང་དག་པའི་མཐའ་དང་མཉམ་པ་དང་། དེ་བཞིན་ཉིད་དུ་ཞུགས་
པ་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཡིན་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་ན་རབ་ཏུ་སྤྱོད་པར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བདེན་པའི་བྱིན་གྱིས་བརླབས་དེ་མཛད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་ཡིན་
པ་དང་། ཆོས་ཀྱི་རྣམ་གྲངས་འདི་གང་ཡིན་པ་དེ་དག་ནི་མཉམ་པའི་ཕྱིར་ཁྱོད་ཀྱིས་ཀུན་ནས་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཀུན་ནས་སྒོའི་ཆོས་
ཀྱི་དབྱིངས་འདི་ལེགས་པར་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་མཛད་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བསྲུང་བ་དང་། ལེགས་པར་གཟུང་བ་དང་། ལེགས་པར་ཀུན་ཆུབ་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་
སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་སྙིང་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་
བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཀུན་ནས་སྒོའི་ལེའུ་ཞེས་བྱ་བ་སྟེ་ལེའུ་བཅུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words