འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད
Sanskrit title (Tibetan script, as in the text) ཨཱརྱ་མཉྫུ་ཤྲཱི་མཱུ་ལ་ཏནྟྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 88 · folio 277b
དང་ལྷ་མ་ཡིན་གྱི་བགེགས་རྣམས་ནི་སྐྱིལ་ཀྲུང་གི་ཕྱག་རྒྱ་དམ་པ་མཐོང་བ་ཙམ་གྱིས་འཇིགས་པར་འགྱུར་རོ། །འོག་མ་གཉིས་ཀྱང་རྩེ་མོ་མཉམ་པར་གཤིབས་ན་ཁུ་ཚུར་གྱི་ཕྱག་རྒྱར་འགྱུར་རོ། །སྔགས་ཀྱང་འདི་དག་གང་ཡང་རུང་བ་དང་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་
ཏེ་སྒྲུབ་པའི་དུས་སམ་སྔོན་དུ་བསྙེན་པའི་དུས་སུ་འདུག་པའམ་ལངས་ཏེ། ལན་ཅིག་གམ་ཇི་སྲིད་འདོད་ཀྱི་བར་དུ་བཟླས་པར་བྱའོ། །དེ་ལྟར་བྱས་ན་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་ཞིང་གྲུབ་པ་ཡང་མངོན་དུ་འགྱུར་རོ། །མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་གཉིས་སྦྱར་
ལ་ཀུན་ནས་ཟླུམ་པོར་བྱ་ཞིང་གུང་མོ་གཉིས་སྦྱར་ཏེ། གུང་མོའི་ཚིགས་གསུམ་པའི་འོག་ཏུ་སྦྱར་བ་ནི་གཞན་གྱིས་མི་ཐུབ་པ་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྙིང་པོའི་ཕྱག་རྒྱའོ། །འདིར་སྙིང་པོ་ནི། ཨོཾ་ཨ་པ་རཱ་ཛི་ཏཱ་དྷི་ཀ། གཙུག་ཏོར་གྱི་རྩ་བའི་ཕྱག་རྒྱ་དེ་ཉིད་ལ་གཞན་གང་ཡང་རུང་བ་
དང་ལྷན་ཅིག་པའི་སྤྱོད་པས་བཀོད་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ལས་མཐེ་བོའི་རྩེ་མོ་བཏེག་ལ་སྲིན་ལག་གི་རྩེ་མོ་གཏུགས་ནས་ཡང་དང་ཡང་བཏེག་པ་ནི་བོད་པའི་ཕྱག་རྒྱའོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ་ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨེ་ཧྱེ་ཧྱི་བྷ་ག་བཱན་དྷརྨ་རཱ་ཛ་པྲ་ཏཱིཙྪེ་
ད་ཨརྒྷཾ། གནྡྷཾ། པུཥྤྃ་དྷཱུ་པྃ་བ་ལིཾ་དཱི་པྃ་མཱཾ་ཙཱ་བྷི་རཀྵ། ཨ་པྲ་ཏི་ཧ་ཏ། བ་ལ་པ་རཱ་ཀྲ་མཱ་ཡ་སྭཱ་ཧཱ། མེ་ཏོག་དཀར་པོས་སྤྱན་དྲང་བར་བྱའོ། །རང་གི་གཟུགས་ཀྱི་མཆོད་ཡོན་དང་ཞབས་བསིལ་བ་དབུལ་བར་བྱའོ། །གདན་དང་བཞུགས་སུ་གསོལ་བ་ཡང་བྱའོ། །དེ་ལ་འདི་ཉིད་ཀྱི་ཕྱག་རྒྱ་དང་
སྔགས་ཀྱིས་ཕྱོགས་དང་ཕྱོགས་མཚམས་དང་སྟེང་འོག་བཅིང་བར་བྱའོ། །དེ་ཉིད་ཀྱི་སྲིན་ལག་དང་མཐེ་བོའི་རྩེ་མོས་གཏུགས་ཤིང་སྨད་པ་བྱས་ལ། ཚིགས་བར་མ་ལ་མཐེ་བོས་གཏུགས་ཤིང་ཡང་དང་ཡང་བཏེག་པར་བྱས་ནས། མཆོད་ཡོན་ཕུལ་ན་རང་གིས་ལྷ་གཤེགས་སུ་གསོལ་བར་
འགྱུར་རོ། །ཕྱག་རྒྱ་གཡོན་ཕྱོགས་སུ་བསྐོར་ན་ཕྱོགས་བཅིངས་པ་ལས་གྲོལ་བར་འགྱུར་རོ། །འདིར་སྔགས་ནི། ན་མོ་ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། གཙྪ་གཙྪ་བྷ་ག་བཱན་དྷརྨ་རཱ་ཛ་པྲ་ཏཱིཙྪེ་དཾ་ཨརྒྷཾ། གནྡྷཾ་པུཥྤཾ། དྷཱུ་པཾ་མཱཾ་ཙཱ་བྷི་རཀྵ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ། ཕྱག་རྒྱ་དང་སྔགས་གཤེགས་སུ་
Vol. 88 · folio 278a
གསོལ་བ་ནི་མཆོད་ཡོན་གྱིས་སོ། །མཛུབ་མོ་དེ་ཉིད་གུང་མོའི་ཚིགས་གསུམ་པའི་འོག་ཏུ་བཞག་སྟེ། གུང་མོ་ཡང་དག་པར་སྦྱར་ལ་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་ཕན་ཚུན་མནན་ཅིང་ཁུ་ཚུར་དུ་བྱའོ། །འདིར་སྔགས་ནི། །ན་མོ་བྷ་ག་བ་ཏེ་ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨོྃ་དྲཱ་
བནྡྷ་ཧཱུྃ་ཕཊ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། བི་ཀི་རི་ཎི། བི་ཀི་རི་ཎི། དྷུ་ན་དྷུ་ན་དྷུ། རྣམ་པར་འཇིག་པར་བྱེད་པ། བཅོམ་ལྡན་འདས་རིག་པའི་རྒྱལ་པོའི་གཙུག་ཏོར་གྱི་སྔགས་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་ཟིན་པ་དག་དང་དབང་བསྐུར་བ་དང་བདག་བསྲུང་བ་དང་ཕྱོགས་བཅིང་བ་དང་དཀྱིལ་
འཁོར་བཅིང་བ་ལ་སོགས་ཏེ་ལས་ཐམས་ཅད་ལ་རབ་ཏུ་སྦྱར་རོ། །མཛུབ་མོ་དེ་གཉིས་ཀྱི་རྩེ་མོ་གཉིས་བཀུག་ཅིང་ཡང་དང་ཡང་བརྐྱང་བ་ནི་མེ་ལྷ་སྤྱན་དྲང་བའོ། །དེ་ནས་སྦྱིན་སྲེག་གི་ལས་བྱ་སྟེ། འདི་ཉིད་ཀྱིས་སླར་གཤེགས་སུ་གསོལ་བ་ནི་བཟློག་པའོ། །མཛུབ་མོ་གཉིས་ཀྱང་འབར་བའི་ཕྲེང་བར་
བསམ་མོ། །གཙུག་ཏོར་གྱི་ཕྱག་རྒྱ་འདི་ནི་ལས་ཐམས་ཅད་ལ་ཐོགས་པ་མེད་པའོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨེ་ཧྱེ་ཧི་ཏེ་ཛོ་མཱ་ལི་ནི་ཨགྣ་ཡེ་སྭཱ་ཧཱ། མཛུབ་མོ་དེ་ཉིད་ཀྱི་རྩེ་མོ་གཉིས་ཅུང་ཟད་བཀུག་པར་བྱ་ཞིང་གུང་མོ་སྦྱར་ལ་གུང་མོའི་ཚིགས་གསུམ་པའི་ནང་
དུ་སྦྱར་བར་བྱའོ། །གཙུག་ཏོར་གྱི་སྟོབས་ཤིན་ཏུ་དྲག་པོའི་ཕྱག་རྒྱ་ཡིན་ནོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏི། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨི་མཾ་གནྡྷཾ། དྷཱུ་པཾ། པུཥྤཾ་བ་ལིཾ་དཱི་པཾ་ཙ་པྲ་ཏཱིཙྪ་ཧ་ར་སརྦ་བུདྡྷ་ཨ་དྷིཥྛི་ཏེ། དྷརྨ་རཱ་ཛ་ཨ་པྲ་ཏི་ཧ་ཏཱ་ཡ་སྭཱ་ཧཱ། དྲི་ལ་སོགས་པའི་སྔགས་སོ། །སྲིན་ལག་གཉིས་
བཟློག་སྟེ། ཚིགས་གསུམ་པ་ལ་མཐེ་བོ་གཉིས་ཡང་དག་པར་སྦྱར་ཞིང་མཛུབ་མོ་གཉིས་ཀྱང་སྦྱར་བ་ནི་གཟི་བརྗིད་གཙུག་ཏོར་གྱི་ཕྱག་རྒྱ་སྟེ། ལོག་འདྲེན་ཐམས་ཅད་ཀྱིས་འཇོམས་པར་མི་ནུས་སོ། །ཕྱག་རྒྱ་འདི་ནི་སྲུང་བ་དང་བཟླས་པའི་དུས་དང་། སྒྲུབ་པའི་དུས་དང་དཀྱིལ་འཁོར་དང་ལས་
ཐམས་ཅད་ལ་ཡང་བྱ་བ་ཡིན་ནོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། སརྦ་བི་གྷྣཾ་བི་དྷཱ་ན་ས་ན་ཀ་རཱ་ཡ་ཀྲོ་དྷཱ་ཡ་སྭཱ་ཧཱ། སྲིན་ལག་གཉིས་ཀྱི་རྩ་བར་མཐེ་བོང་གཉིས་གཏུགས་ཏེ། དེ་བཞིན་དུ་གདུབ་ཀོར་ལྟར་བྱ་ཞིང་མཛུབ་མོ་གཉིས་ཀྱི་ནང་སྟོང་པའི་རྣམ་པར་བྱའོ། །འདི་ནི་ཐམས་ཅད་དུ་
Vol. 88 · folio 278b
ཐོགས་པ་མེད་ཅིང་གཞན་གྱིས་མི་ཐུབ་པའི་གཙུག་ཏོར་གྱི་ཕྱག་རྒྱ་ཡིན་ནོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། སརྦ་ཏྲ་ཨ་པ་རཱ་ཛི་ཏཱ་ཡ། ཤ་མ་ཡ་ཤ་མ་ཡ། ཤཱནྟེ་དཱནྟེ་དྷརྨ་རཱ་ཛ་བ་ཤི་ཏེ། མ་ཧཱ་བིདྱཱེ་སརྦཱརྠ་སཱ་ངྷཱ་ནི་སྭཱ་ཧཱ། མར་གྱི་སྦྱིན་སྲེག་ལ་སོགས་པས་ཞི་བ་དང་
རྒྱས་པ་ལ་སོགས་པའི་ལས་བྱའོ། །སྲིན་ལག་གཉིས་ཀྱིས་གདུབ་ཀོར་ལྟར་བྱ་ཞིང་མཛུབ་མོའི་རྩེ་མོ་གཉིས་བཀུག་པ་ནི་ཐོགས་པ་མེད་པའི་བདེ་བྱེད་ཀྱི་གཙུག་ཏོར་གྱི་ཕྱག་རྒྱའོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨོྃ་ཤང་ཀ་རེ་སྭཱ་ཧཱ། ལས་ཐམས་ཅད་སྲུང་བར་བྱེད་
དོ། །མཐེ་བོ་གཉིས་ཀྱི་རྩེ་མོས་སྲིན་ལག་གཉིས་ཀྱི་གསུམ་པའི་ཚིགས་ལ་མནན་ལ། དེ་བཞིན་དུ་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་རྡོ་རྗེའི་རྩེ་མོ་དང་འདྲ་བར་བྱའོ། །འདི་ནི་དམ་ཚིག་ཐོགས་པ་མེད་པའི་སྤྱི་གཙུག་གི་ཕྱག་རྒྱ་སྟེ། དམ་ཚིག་ཐམས་ཅད་ཀྱི་ཐུན་མོང་ངོ་། །འདིར་སྔགས་ནི། ན་མོ་བྷ་ག་
བ་ཏེ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨོྃ་ཤང་ཀ་རེ་ས་མ་ཡཾ་སྭཱ་ཧཱ། མཐེ་བོ་གཉིས་ཀྱི་རྩེ་མོས་སྲིན་ལག་གཉིས་ཀྱི་བར་མའི་ཚིགས་ལ་བཅར་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་པར་བྱ་ཞིང་གུང་མོ་གཉིས་ཀྱི་རྩེ་མོ་དང་ཚིགས་བར་མ་སྦྱར་བ་ནི་དམ་ཚིག་ཐོགས་པ་མེད་པ་གཙུག་ཏོར་གྱི་ཕྱག་རྒྱ་ཡིན་ཏེ།
ལྷ་དང་ལྷ་མ་ཡིན་ལ་སྦྱར་ན་དམ་ཚིག་ལ་འཇོག་པར་བྱེད་དོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ། ཨ་པྲ་ཏི་ཧ་ཏོཥྞཱི་ཥཱ་ཡ། ཨོྃ་ཤང་ཀ་རེ་མ་ཧཱ་ས་མ་ཡཾ་སྭཱ་ཧཱ། འདིས་དཀྱིལ་འཁོར་བཅིང་བ་བྱས་ནས་བཟླས་ན་འཁོར་ལོས་སྒྱུར་བ་ཡང་དམ་ཚིག་ལ་གནས་པར་འགྱུར་ཞིང་འཁོར་ལོས་སྒྱུར་བ་གཞན་
ཡང་ཟིལ་གྱིས་གནོན་པར་འགྱུར་རོ། །གནས་དེ་ཉིད་དུ་བཟླས་པ་བྱས་ན་རིག་པའི་མཐུ་སྟོབས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་རྣམས་ཀྱིས་ཕན་ཚུན་གནོད་པ་བྱེད་པར་ནུས་པ་མ་ཡིན་ནོ། །བཟླས་པ་ནི་གནས་གཅིག་ཏུ་རྣམ་པ་ཐམས་ཅད་དུ་བྱའོ། །དེ་
ལ་སོགས་པ་གཙུག་ཏོར་གྱི་རྒྱལ་པོ་གྲངས་མེད་པ་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་རྒྱ་ཆེར་བྱའོ། །འཇམ་དཔལ་ཆོ་གའི་རྒྱལ་པོ་འདི་ལ་ནི་སྔགས་ཚད་མེད་པ་ཡོད་དེ། ཕྱག་རྒྱ་ཡང་རྣམ་པ་སྣ་ཚོགས་ཉིད་དེ་ངས་འདི་མདོར་བསྡུས་ནས་བཤད་པ་ཡིན་ནོ། །ངས་གལ་ཏེ་
Vol. 88 · folio 279a
རྒྱ་ཆེར་བཤད་ན་ནི་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བསྐལ་པ་སྟོང་གི་ཚད་དུ་ཡང་འཛིན་པའམ་འཆང་བར་ནུས་པ་མ་ཡིན་ནོ། །འཇམ་དཔལ་དེ་ལྟ་བས་ན་མདོར་བསྡུས་ནས་བཤད་པར་བྱ་ཡིས། མདོར་ན་ཡིད་ལ་ཉེ་བར་གཟུང་བར་གྱིས་ཤིག །དང་པོ་ཐུབ་པའི་ཕྱག་
རྒྱ་མཆོག །འདིར་ནི་རབ་ཏུ་གསུངས་པ་ཡིན། །ལྷ་ཡི་ལྷ་ནི་དེ་ནས་ཀྱང་། །འཁོར་ལོས་སྒྱུར་བའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་ནི། །སྤྱན་རས་གཟིགས་ནི་ཟླ་བ་དང་། །དེ་ནས་ཕྱག་ན་རྡོ་རྗེའི་རྒྱ། །གནོད་སྦྱིན་དབང་པོའི་བསྟན་པ་ཡིན། །དེ་ནས་གཞན་ཡང་ཕྱག་རྒྱ་ནི། །
དཔག་མེད་ཆེན་པོའི་གཟི་བརྗིད་ལྡན། །ཕོ་ཉ་ཕོ་ཉ་མོ་ཚོགས་ཀུན། །བྲན་ཕོ་བྲན་མོ་དེ་བཞིན་གཞན། །དེ་བཞིན་གནོད་སྦྱིན་གནོད་སྦྱིན་མོ། །ཀླུ་དང་ཀླུ་མོ་དེ་བཞིན་གཞན། །མངག་གཞུག་མངག་གཞུག་མོ་དག་དང་། །རྫུ་འཕྲུལ་ཆེན་པོ་ཤ་ཟ་མོ། །དེ་བཞིན་གཞན་ཡང་སྲིན་མོ་དང་། །ལྷ་
དང་ལྷ་མིན་བུ་མོ་དང་། །གྲུབ་དང་རིག་པ་འཛིན་རྣམས་དང་། །མི་རྣམས་མ་ལུས་པ་དག་དང་། །སྐྱེ་བོ་ཐམས་ཅད་དག་གི་ནི། །སོ་སོ་སོ་སོར་ཕྱག་རྒྱ་བསྟན། །སྔགས་ཀྱང་རྣམ་པ་སྣ་ཚོགས་དང་། །ལས་དང་ཏིང་འཛིན་སྣ་ཚོགས་དང་། །གླང་པོ་ནོར་བུའི་རིགས་དག་དང་། །དེ་དག་སོ་སོའི་ཕྱག་
རྒྱ་དང་། །དགྲ་བཅོམ་དང་ནི་རང་རྒྱལ་དང་། །ལེགས་འབྱུང་ཕྱག་རྒྱ་དེ་ཉིད་དང་། །ས་བཅུ་ལ་ནི་རབ་གནས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཕྱག་རྒྱ་སྙིང་པོ་སྔགས་དག་ནི། །གཅིག་པ་ཉིད་དུ་ཡོངས་སུ་བསྒྲགས། །ལྷ་དང་གནོད་སྦྱིན་རིགས་དང་ནི། །དྲང་སྲོང་དྲི་ཟས་མཆོད་པ་
དང་། །ཕྱག་རྒྱ་དྲི་ཟས་བསྟན་པ་དང་། །བདུན་པའི་རིགས་ཀྱིས་གསུངས་པ་དང་། །དེ་བཞིན་བརྒྱད་པའི་ཕྱག་རྒྱ་ནི། །གནོད་སྦྱིན་རིགས་སུ་ཡོངས་སུ་བསྟན། །ཕྱག་རྒྱ་ཐམས་ཅད་ཡང་དག་བསྟན། །གཞན་ཡང་བདེར་གཤེགས་བཀའ་དག་གིས། །རྒྱུད་རྣམས་དག་ནི་སོ་སོ་དང་། །འཇིག་རྟེན་
པ་ཡི་ཡང་འདིར་གཟུང་། །ཕྱག་རྒྱ་ལྡན་པའི་སྔགས་དག་ནི། །ལས་རྣམས་ལ་ནི་གསལ་བར་འགྱུར། །ཕྱག་རྒྱ་འཆིང་ལ་སོགས་མཁས་ན། །ལོག་འདྲེན་དག་གིས་གནོད་མི་འགྱུར། །དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་བཤད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་པོའི་
Vol. 88 · folio 279b
ཕྱག་རྒྱའི་མཚན་ཉིད་དུ་འགྱུར་བ་ནི། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་ལ་མཐེ་བོ་གཉིས་བསྟན་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཕྱག་རྒྱའོ། །འདི་ཉིད་ལ་མཐེ་བོ་གཡས་པ་གཅིག་བསྟན་པ་ནི་པདྨ་འཛིན་པའི་ཕྱག་རྒྱར་འགྱུར་རོ། །ལག་པ་གཡས་
གཡོན་སྔ་མ་བཞིན་དུ་ཁུ་ཚུར་བཅངས་ཏེ། གུང་མོའི་སོར་མོ་གཉིས་རབ་ཏུ་ཕྱུང་ཞིང་བརྐྱང་བར་བྱས་ལ་གཅིག་ཏུ་བྱས་ཤིང་རྡོ་རྗེའི་རྩེ་མོ་འདྲ་བ་འདི་ནི་རྡོ་རྗེ་འཛིན་གྱི་ཕྱག་རྒྱའོ། །དེ་ལས་གཅིག་བཀུག་པ་འདི་ནི་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོའི་ཕྱག་རྒྱའོ། །ཡང་དེ་ཉིད་བརྐྱང་ནས་
གུང་མོ་གཉིས་གདུབ་ཀོར་ལྟར་བྱས་པ་འདི་ནི་བྱང་ཆུབ་སེམས་དཔའ་གླང་པོའི་སྤོས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་པོ་ཐམས་ཅད་བསྡུས་ཏེ། ཁུ་ཚུར་དུ་བྱས་པ་འདི་ནི་རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱའོ། །ནོར་བུ་ལ་སྤྱོད་པ་ཐམས་ཅད་དང་ཛམ་བྷ་ལ་ཆུ་དབང་ལ་སོགས་པའི་སྔགས་དང་
ཕྱག་རྒྱ་འདི་ཉིད་སྦྱར་བར་བྱའོ། །མཛུབ་མོ་གཉིས་ཀྱི་ཚིགས་གཉིས་བཀུག་ནས་སེན་མོ་གཉིས་ཕན་ཚུན་དུ་སྤྲད་པ་འདི་ནི་གནོད་སྦྱིན་གྱི་རིགས་ལྔས་རྩེན་ལ་སོགས་པའི་གནོད་སྦྱིན་རྫུ་འཕྲུལ་ཆེན་པོའི་ཕྱག་རྒྱའོ། །ལག་པ་གཉིས་སྔ་མ་བཞིན་དུ་ཁུ་ཚུར་བཅིང་བ་བྱས་ལ་མཐེ་བོའི་སེན་མོ་གཉིས་
ཕན་ཚུན་སྤྲད་ཅིང་སྟེང་དུ་བཞག་ལ་གུང་མོ་གཉི་གའི་རྩེ་མོ་རྡོ་རྗེའི་རྩེ་མོ་དང་འདྲ་བར་བྱས་པ་འདི་ནི་ལྷ་ཐམས་ཅད་དེ་ལྷའི་རིགས་འོག་མིན་ལ་སོགས་པའི་ཕྱག་རྒྱ་ཡིན་ནོ། །ལག་པ་གཉིས་དེ་བཞིན་དུ་བསྡམས་ལ་ཁུ་ཚུར་བཅངས་ནས་མཐེ་བོ་གཉིས་བསྟན་པ་འདི་ནི་རང་སངས་རྒྱས་རྣམས་དང་
འཕགས་པ་ཉན་ཐོས་ཀྱི་ཕྱག་རྒྱའོ། །ཁུ་ཚུར་བཅང་བར་བྱས་པ་འདི་དག་ནི་འཕགས་པའི་གང་ཟག་བརྒྱད་ཀྱི་ཕྱག་རྒྱའོ། །རྒྱལ་བའི་སྲས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་གཅིག་ཏུ་བརྗོད་པར་བྱ་སྟེ། ཐལ་མོ་བརྐྱང་བ་སྦྱར་ནས་ཅུང་ཟད་རྩེ་མོ་བསྐུམ་པར་བྱས་པ་འདི་ནི་བྱང་ཆུབ་སེམས་དཔར་གྲགས་
པའི་ཕྱག་རྒྱར་བསྟན་པ་ཡིན་ནོ། །ནོར་བུ་རིན་པོ་ཆེ་དང་། འཁར་གསིལ་དང་། སྣམ་སྦྱར་དང་། ལྷུང་བཟེད་དང་། ཆོས་གོས་དང་། མཆེ་བ་དང་། མི་འཇིགས་པའི་ལག་པ་སྟེ། བདུན་པོ་དེ་དག་ནི་ཐུབ་པའི་ཕྱག་རྒྱའོ། །སྤྱན་དང་བྱམས་པ་དང་འོད་ཀྱི་དྲ་བ་དང་ཆོས་སྟོན་པ་དང་མཛོད་སྤུའི་ནོར་བུ་དང་
Vol. 88 · folio 280a
གནས་པ་དང་ཕྱག་རྒྱ་བདུན་པོ་འདི་དག་ཀྱང་རྒྱལ་བའི་སྐུ་ཉིད་ལས་སྐྱེས་པའོ། །བདུན་གཉིས་ཀྱི་ཚོགས་གཉིས་པ་འདི་དག་དང་ཕྱག་རྒྱ་ལྔ་ངས་བཤད་པ་དང་ཐུབ་པའི་སྙིང་པོ་དང་ལྡན་པ་ཉི་ཤུ་ནི་དང་པོའི་རང་བྱུང་གིས་ཀྱང་བསྟན་པ་ཡིན་ཏེ་འཁོར་ལོས་སྒྱུར་བ་ཉི་ཤུའི་འཁོར་གྱི་ཕྱག་
རྒྱ་ཡང་བསྟན་ཏོ། །ཕྱག་རྒྱ་དང་སྔགས་བྱུང་བ་འདི་གྲངས་ཀྱི་མཐར་ཡང་བྱས་པ་ཡིན་ནོ། །ཐལ་མོ་སྦྱར་བ་བྱས་ནས་གདུབ་ཀོར་ལྟར་བྱས་པ་ནི་ནོར་བུ་རིན་པོ་ཆེའི་ཕྱག་རྒྱའོ། །སྐྱིལ་མོ་ཀྲུང་གི་གཡས་གཡོན་བརླའི་ཉའི་ཕྱོགས་སུ་ཁུ་ཚུར་རྒྱལ་མཚན་དུ་འཛིན་པ་ནི་འཁར་གསིལ་གྱི་ཕྱག་
རྒྱར་འགྱུར་རོ། །ལག་པ་ཐལ་མོ་སྦྱར་ལ་ཕན་ཚུན་དུ་མངོན་པར་ཕྱོགས་པ་ནི་སྣམ་སྦྱར་གྱི་ཕྱག་རྒྱར་འགྱུར་རོ། །ལག་པ་ཐལ་མོ་སྦྱར་བ་ལས་བཟེད་པ་ལྟར་བྱས་པ་ནི་ལྷུང་བཟེད་ཀྱི་ཕྱག་རྒྱའོ། །ཆོས་གོས་ནི་ལག་པ་གཡོན་པས་སོ། །ཐུགས་ཀྱི་ཕྱག་རྒྱ་བཞིན་དུ་གཡོན་པའི་མཐེ་བོ་
བཏེག་པ་ནི་མཆེ་བའི་ཕྱག་རྒྱའོ། །ལག་པ་གཡས་པས་མི་འཇིགས་པ་སྦྱིན་པ་དང་གཡོན་པས་ཆོས་གོས་ལ་འཛིན་པ་ནི་མི་འཇིགས་པའི་ལག་པའོ། །ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ། དེའི་རྒྱབ་ཏུ་མཛུབ་མོ་གཉིས་ཅུང་ཟད་བཀུག་ཅིང་བཞག་ལ། མཐེ་
བོ་གཉིས་ནང་དུ་བཅུག་པ་འདི་ནི་སངས་རྒྱས་སྤྱན་གྱི་ཕྱག་རྒྱར་འགྱུར་རོ། །འདི་ཉིད་ཀྱི་གུང་མོའི་ཚིགས་བཀུག་ལ་མཛུབ་མོ་གཉིས་གཅིག་ཏུ་བྱས་པ་འདི་ནི་སངས་རྒྱས་བྱམས་པའི་ཕྱག་རྒྱའོ། །ཐལ་མོ་སྦྱར་བ་ཡངས་པར་བྱས་ལ་མཛུབ་མོ་དང་སྲིན་ལག་གཉིས་བཀུག་ལ་རྡོ་རྗེ་རྩེ་
གསུམ་དུ་བྱས་པ་འདི་ནི་མཱ་མ་ཀཱིའི་ཕྱག་རྒྱར་འགྱུར་རོ། །ཐལ་མོ་སྦྱར་བ་བྱས་ནས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་ལ་བཀུག་ནས་བཞག་ལ་མཐེ་བོ་གཉིས་སོ་སོར་བསྐྱེད་ནས་ཐལ་མོའི་རྣམ་པར་བྱ་བ་འདི་ནི་ལོངས་སྤྱོད་ལྡན་པ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ནོ། །ལག་པ་
གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་དང་གུང་མོ་གཉིས་སྦྱར་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཡས་པའི་སོར་མོ་གསུམ་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ་རྐེད་པའི་ཕྱོགས་སུ་བརྟེན་པ་འདི་ནི་གནས་པའི་ཕྱག་རྒྱའོ། །དེ་ལྟར་བདག་ཉིད་ཀྱི་མགོ་བོར་རིག་པའི་རྒྱལ་པོའི་ཕྱག་རྒྱ་དང་ཕྱག་རྒྱ་
Vol. 88 · folio 280b
ཆེན་པོ་བརྒྱད་བཅིངས་ལ་ལས་ཐམས་ཅད་བྱ་ཞིང་དམ་ཚིག་གཟུང་བའམ་དཀྱིལ་འཁོར་བྱ་བ་དག་ལའང་མེ་ཏོག་གཏོར་བར་བྱའོ། །ཡང་ན་སྔར་བསྟན་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ན་ཅི་འདོད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །སྔགས་དང་ཕྱག་རྒྱ་དང་རིག་པ་བརྗོད་པས་
ནི་དམ་ཚིག་ཐམས་ཅད་དུ་འགྱུར་རོ། །ལེགས་པར་ཕྱག་རྒྱ་བཅིང་ན་ནི་ཕྱག་རྒྱའི་མཐུ་འབྱུང་བར་འགྱུར་གྱི། གང་ཕྱག་རྒྱ་བབ་ཅོལ་དུ་བྱས་པ་དང་གནས་མ་ཡིན་པར་བཅས་པ་དེས་ནི་འདིའི་དམ་ཚིག་ཉམས་པར་འགྱུར་རོ། །གང་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ནི་མདུད་རྩེའི་ཕྱག་རྒྱ་ཡིན་མོད་ཀྱི། རྩེ་
གསུམ་དང་རྡོ་རྗེ་ནི་ཁྱད་པར་ཡོད་དེ། གང་གྱེན་དུ་བསྟན་པ་དེ་ནི་རྡོ་རྗེ་འཛིན་གྱི་ཕྱག་རྒྱར་འགྱུར་ལ། འོག་ཏུ་བལྟས་པ་ནི་དབང་ཕྱུག་ཆེན་པོའི་ཕྱག་རྒྱ་ཡིན་ནོ། །བར་དུ་བཞག་པ་ནི་སྦྱིན་གནས་སུ་འོས་པའི་སློབ་དཔོན་དང་བླ་མ་ལ་ནི་ཕྱག་རྒྱ་དབུས་སུ་གཟུང་བར་བྱའོ། །མི་ཐམས་ཅད་
ལ་ནི་སོར་མོ་གཅིག་གདེག་པར་བྱའོ། །མི་མ་ཡིན་པ་ཐམས་ཅད་དང་རྐང་གཉིས་དང་རྐང་བཞི་དང་རྐང་མང་དང་སྲིད་པ་གསུམ་ལ་གནས་པའི་སེམས་ཅན་རྣམས་ཀྱི་ཕྱག་རྒྱར་འགྱུར་བ་ནི་སོར་མོ་གཉིས་བསྒྲེང་བའོ། །གནོད་སྦྱིན་དང་གནོད་སྦྱིན་མོ་ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་བ་ནི་གསུམ་
བསྒྲེང་བའོ། །རིག་པ་འཛིན་པ་དང་རིག་པ་འཛིན་མ་ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་བ་ནི་སོར་མོ་བཞི་བསྒྲེང་བའོ། །ལྷ་དང་ལྷ་མ་ཡིན་ཐམས་ཅད་ཀྱི་བུ་མོའི་ཕྱག་རྒྱར་འགྱུར་བ་ནི་ལག་པའི་མཐིལ་མཉམ་པོར་བཞག་པའོ། །ཐལ་མོ་སྦྱར་བ་ལེགས་པར་བྱས་ཏེ་བཞག་པ་ནི་གཟུགས་ན་སྤྱོད་
པའི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཐལ་མོ་དེ་ཉིད་ལེགས་པར་བྱས་པ་ལས་ཁུ་ཚུར་བཅིང་བ་བྱས་པ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་སོགས་པ་འདོད་པའི་ཁམས་ན་གནས་པ་ཐམས་ཅད་ཀྱི་ཡིན་ནོ། །དམྱལ་བ་དང་དུད་འགྲོ་དང་ཡི་དགས་དང་གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་
ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་བ་ནི་དེ་ཉིད་ལས་སོར་མོ་གཅིག་ཡང་དག་པར་བསྒྲེང་བའོ། །ཤ་ཟ་དང་ཤ་ཟ་མོ་ལ་སོགས་པ་ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་བ་ནི་སོར་མོ་གཉིས་བསྒྲེང་བའོ། །སྲིན་པོ་དང་སྲིན་མོ་རྣམས་ཀྱི་ནི་གསུམ་བསྒྲེང་བའོ། །ཤ་རྗེན་ཟ་བ་ཐམས་ཅད་དང་གདོན་དང་མ་མོ་དང་
Vol. 88 · folio 281a
གྲུལ་བུམ་ལ་སོགས་པ་དང་། ཤ་ཟ་རྣམས་དང་མཁའ་འགྲོ་མ་ཐམས་ཅད་དང་སྡིག་པའི་སེམས་དང་ལྡན་པ་ཐམས་ཅད་ལ་ནི་སོར་མོ་བཞི་བསྒྲེང་བའོ། །སྡིག་པ་ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་བ་ནི་སོར་མོ་ཐམས་ཅད་བསྡུས་པའོ། །ལག་སོར་བསྡུས་པའི་ཕྱག་རྒྱ་ནི་
དགུག་པའོ། །ལག་སོར་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལས་ཐམས་ཅད་ནི་རང་གི་སེམས་ཀྱིས་བྱའོ། །ཅི་འདོད་པའི་ཕྱག་རྒྱ་འདི་དག་ལ་རང་རང་གི་སྔགས་སྦྱར་བར་བྱའོ། །གཞན་གྱི་ཕྱག་རྒྱར་གཞན་གྱི་ལས་ནི་མི་བྱའོ། །གང་གི་སྔགས་གང་ལ་ཡོད་པ་དེ་དང་དེའི་ཕྱག་
རྒྱར་སྦྱར་བར་བྱའོ། །ཕྱག་རྒྱ་འདི་དག་ནི་རིན་ཐང་མཉམ་པ་མེད་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་མཐོང་བས་ཁྲོ་བར་བྱེད་མི་ནུས་སོ། །ཕྱག་རྒྱ་ལས་འདའ་བར་བྱེད་པ་ནི་རྣམ་པར་ཉམས་པ་ཐོབ་པར་འགྱུར་རོ། །ཕྱག་
རྒྱ་ཉམས་པ་ལས་ནི་དམ་ཚིག་ཉམས་པ་དང་རིག་པ་ཐམས་ཅད་ལས་རྣམ་པར་འདས་པར་འགྱུར་རོ། །མཐར་ཡང་ངུ་འབོད་ཀྱི་འགྲོ་བ་ཐོབ་པར་འགྱུར་རོ། །དམྱལ་བ་ཆེན་པོ་མནར་མེད་པར་ཡང་ཤིན་ཏུ་བརྟན་པར་སྐྱེ་བ་ཐོབ་པར་འགྱུར་བ་ནི་ཕྱག་རྒྱ་ལ་བགེགས་བྱེད་པས་སོ། །གང་ཡང་
ཕྱག་རྒྱ་དང་དམ་ཚིག་ལ་གནས་པ་དེ་དག་ནི་ཡུན་རིང་པོ་མི་ཉུང་བར་བདེ་བར་འགྱུར་ཏེ། ལྷའི་གནས་ཆེན་པོའི་འགྲོ་བར་སྐྱེ་བར་འགྱུར་རོ། །མཐར་ཡང་ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །མདོར་ན་དང་པོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དག་
གིས་ཕྱག་རྒྱ་རྣམ་པ་མང་པོ་རྣམས་རབ་ཏུ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདིའི་མཐའ་རྟོགས་པར་རམ་གཟུང་བར་རམ་གྲངས་རྩི་བར་བྱེད་པར་མི་ནུས་སོ། །མདོར་ན་རྒྱལ་བའི་རིགས་ཀྱི་རིག་པའི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཡི་གེ་གཅིག་པ་དེའི་ཕྱག་རྒྱར་འགྱུར་བ་ནི་
ལག་པ་གཡས་གཡོན་སྔ་མ་བཞིན་དུ་ཁུ་ཚུར་དུ་བྱས་ལ། གུང་མོ་གཉིས་ཕྱིར་ཕྱུང་ལ་བརྐྱང་སྟེ་གཅིག་ཏུ་རྩེ་སྤྲད་ལ། གཉི་གའི་ཡང་རྩེ་མོའི་ཚིགས་བཀུག་ལ་མཛུབ་མོ་གཉིས་ཀྱི་ཚིགས་གཉིས་བཀུག་ཅིང་སེན་མོ་གཉིས་ཕན་ཚུན་རྩེ་སྤྲད་དེ། མཐེ་བོ་གཉིས་ཀྱི་སེན་མོའི་སྟེང་དུ་
Vol. 88 · folio 281b
བཞག་པ་འདི་ནི་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་བྱེད་པ་ཕྱག་རྒྱ་ཐམས་ཅད་ཀྱི་རབ་མཆོག་འཇིག་རྟེན་གྱི་སྐྱོབ་པ་རྣམས་ཀྱིས་གསུངས་པ། འཁོར་ལོས་སྒྱུར་བའི་ཡི་གེ་གཅིག་པ་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །འདིས་བསྒྲུབས་
ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་གྲུབ་པར་འགྱུར་རོ། །འདིས་བཟླས་པ་བྱས་ན་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། །སྒྲུབ་པ་པོས་ངེས་པར་སྔོན་དུ་ཆོ་གའི་རྒྱལ་པོ་འདིར་གསུངས་པའི་སྔགས་
ཀྱི་མཆོག་བརྒྱད་སྟོང་བཟླས་པ་བྱའོ། །དེ་ལྟར་བྱས་ན་རིག་པ་འདི་ཐམས་ཅད་མངོན་དུ་འགྱུར་ཞིང་མྱུར་དུ་གྲུབ་པ་རབ་ཏུ་སྟེར་བར་འགྱུར་རོ། །མྱུར་དུ་མཆོག་ཀྱང་སྟེར་བར་འགྱུར་རོ། །ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །པདྨ་འཛིན་པའི་ཕྱག་རྒྱ་དང་སྤྱན་རས་གཟིགས་
ཀྱི་སྙིང་པོ་ཡི་གེ་གཅིག་པ་དང་ལྡན་པར་བྱས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཡང་ན་གོས་དཀར་མོའི་རིག་པ་ཕྱག་རྒྱ་དང་ལྡན་པར་བྱས་ནའང་དེ་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྡོ་རྗེ་འཆང་གི་ཕྱག་རྒྱ་དང་དེ་ཉིད་ཀྱི་སྙིང་པོ་ཡི་གེ་གཅིག་པ་དང་ལྡན་པར་བྱས་ན་
ཡང་དེ་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཡང་ན་མཱ་མ་ཀཱིའི་རིག་པ་ཆེན་མོ་དང་ལྡན་པར་བྱས་ནའང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་བཞིན་དུ་གླང་པོའི་རིགས་ཀྱི་ཡི་གེ་གཅིག་པ་བྱང་ཆུབ་སེམས་དཔའ་གླང་པོའི་སྤོས་ཀྱི་སྙིང་པོ་དང་དེ་བཞིན་དུ་དེ་ཉིད་ཀྱི་ཕྱག་རྒྱ་
དང་རིན་པོ་ཆེའི་རིགས་དང་གནོད་སྦྱིན་གྱི་རིགས་དང་ལྷ་དང་འཕགས་པ་དང་འདི་དག་ལ་ཡང་འདིར་སྙིང་པོ་ཡི་གེ་གཅིག་པ་ཉིད་ལ་ཕྱག་རྒྱ་དང་སྔགས་ཐམས་ཅད་དང་ལྡན་པར་བྱས་ན་ལས་ཐམས་ཅད་བྱ་བ་ཡིན་ནོ། །ཇི་ལྟར་རིགས་པར་རིག་པ་དང་སྔགས་ཀྱི་སྟོབས་བསྐྱེད་པ་མཐའ་
དག་བྱའོ། །དེ་བཞིན་དུ་དྲང་སྲོང་རྣམས་ལ་ནི་དམོད་པ་འདེབས་པའི་ལག་པའི་ཕྱག་རྒྱའོ། །དེ་བཞིན་དུ་དྲི་ཟ་དང་ལྷ་དང་ལྷ་མ་ཡིན་དང་བཅས་པ་རྣམས་ལ་ནི་ལག་པ་གཡོན་པའི་མཐེ་བོ་ནང་དུ་བཅུག་པ་བྱས་པའོ། །གྲུབ་པ་བསྟན་པའི་ཁུ་ཚུར་དུ་གནས་པའི་རྒྱ་ནི་གཞོན་ནུ་མ་བཞིའི་ཕྱག་རྒྱ་དང་
Vol. 88 · folio 282a
དེ་ཉིད་ཀྱི་སྔགས་ཀྱིས་སོ། །དེ་བཞིན་དུ་སྨིན་དྲུག་གི་བུ་ལ་ནི་མདུང་གི་ཕྱག་རྒྱས་སོ། །དེ་བཞིན་དུ་གཤིན་རྗེ་དང་ཆུ་ལྷ་དང་ལུས་ངན་དང་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་སེམས་ཅན་སྲིད་པ་གསུམ་ལ་ཡང་དག་པར་གནས་པ་ཐམས་ཅད་དང་འགྲོ་བ་
ཐམས་ཅད་དུ་གཏོགས་པ་དང་ཁམས་ཐམས་ཅད་ན་གནས་པ་དང་སེམས་ཅན་ཐམས་ཅད་ཀྱི་གདོན་དང་མ་མོ་དང་ཤ་རྗེན་ཟ་བ་དང་སྡིག་པ་ཅན་གྱི་སེམས་ཅན་ཐམས་ཅད་དང་ཐམས་ཅད་ཀྱི་ཕྱག་རྒྱ་དང་སྔགས་ཀྱང་ཐམས་ཅད་དུ་གསུངས་པ་ཡིན་ནོ། །རིམ་གྱིས་སྦྱར་ཞིང་མཐར་གྱིས་ཐམས་ཅད་ཀྱི་
ཐམས་ཅད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དང་པོར་རེ་ཞིག་སྒྲུབ་པ་པོས་ཆོ་གའི་རྒྱལ་པོ་འདི་ལ་དེ་བཞིན་གཤེགས་པ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་དང་ཕྱག་རྒྱ་དེའི་ཡན་ལག་ཏུ་གྱུར་པ་ལས་བྱུང་བ་དང་འཕགས་པ་ཀུན་ཏུ་བཟང་པོ་དང་མཐུ་ཆེན་ཐོབ་དང་དྲི་མ་མེད་པར་གྲགས་པ་དང་
འཇམ་དཔལ་ཁྱོད་ཀྱི་ཨུཏྤ་ལའི་ཕྱག་རྒྱ་དང་བྱང་ཆུབ་སེམས་དཔའ་འདི་དག་གི་ཕྱག་རྒྱ་ཤར་དུ་མངོན་པར་བལྟས་ཏེ་གནས་པ་དང་ཉི་མ་ལ་མངོན་དུ་བལྟས་ཏེ་གནས་ནས། ཐོ་རངས་ལངས་ལ་གཙང་ཞིང་གཙང་བའི་གནས་ལ་གནས་ནས་སྒྲུབ་པ་པོས་ངེས་པར་འདི་དག་གི་ཕྱག་རྒྱ་གང་ཡང་རུང་
བ་བཅིངས་ལ་རང་གི་སྤྱི་བོའི་སྟེང་དུ་གཞག་པར་བྱའོ། །འདི་དག་གང་ཡང་རུང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱས་ན་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཚེ་རིང་བ་དང་བགེགས་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་མི་
ཚུགས་པར་འགྱུར་རོ། །མྱུར་དུ་གྲུབ་པ་སྟེར་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོའི་བར་དུ་འཇམ་དཔལ་གཞོན་ནུར་གྱུར་པ་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །སྙིང་པོ་དང་
ཕྱག་རྒྱར་འགྱུར་བ་དེ་ཡང་གང་ཞེ་ན། དང་པོར་རེ་ཞིག་དཔའ་བོ་ཆེན་པོའི་ཕྱག་རྒྱ་བཅའ་བར་བྱ་སྟེ། ལག་པ་གཉིས་སྦྱར་བར་བྱས་ལ་སོར་མོ་རྣམས་ནང་དུ་བསྡུས་ཏེ། མཐེ་བོ་གཉིས་བཏེག་ལ་ཚིགས་གསུམ་པའི་ཆ་བཀུག་པ་འདི་ནི་དཔའ་བོ་ཆེན་པོའི་ཕྱག་རྒྱ་དེ་བཞིན་གཤེགས་པ་རྣམས་ཀྱིས་
Vol. 88 · folio 282b
གསུངས་སོ། །འདིར་སྔགས་ནི། ཨ་བཱི་ར་ཧཱུྃ་བཾ། སྔགས་འདི་དང་ཡང་དག་པར་ལྡན་ན་ཕྱག་རྒྱ་འདི་ནི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ལག་པ་གཉིས་དེ་བཞིན་དུ་ཡང་དག་པར་སྦྱར་བ་བྱས་ལ་ཕྱིར་ཡང་རྣམ་པར་ཕྱེ་ཞིང་། ཀུན་ནས་སོར་མོ་རྣམས་པདྨ་ཁ་བྱེ་བ་ལྟར་བྱས་པ་འདི་ནི་ཁ་བྱེ་བ་
ཞེས་བྱ་བའི་ཕྱག་རྒྱ་མཆོག་ཡིན་ཏེ། དང་པོའི་སངས་རྒྱས་ཀྱིས་རབ་ཏུ་བསྟན་ཏོ། །འདིར་སྔགས་ནི། ཨོྃ་ག་ག་ན་སམྦྷ་བེ་དཱིཔྟ་དཱིཔྟ་ཛྭཱ་ལ་ཡ་ཛྭཱ་ལ་ཡ། བུདྡྷ་ཨ་དྷིཥྛི་ཏེ་བི་ཀཱ་སཱ་ཡ་སརྦ་བྷུ་ཏཱ་ནཱྃ། ཧཱུྃ་ཧཱུྃ་བི་ཀཱ་སི་ནི་ཕཊ་ཕཊ་སྭཱ་ཧཱ། འདི་ནི་པདྨ་ཁ་བྱེ་བའི་སྔགས་ཏེ། ཕྱག་རྒྱ་འདི་དང་ཡང་དག་པར་
ལྡན་ན་ལས་ཐམས་ཅད་པར་འགྱུར་རོ། །གདོན་ཞུགས་པ་ལ་སོགས་པ་ཡང་རབ་ཏུ་ཤེས་པ་ཡིན་ནོ། །སྨྲ་བར་བྱེད་པར་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་དང་ཤ་ཟ་སྡིག་པ་དང་ལྡན་པས་ཟིན་པ་དང་དུག་གིས་བརྒྱལ་བ་རྣམས་ལ་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་དེ་ཐམས་
ཅད་བྱེད་དོ། །འདི་ནི་མདོར་ན་རིག་པ་མེ་ཏོག་ཁ་བྱེ་བའི་ཕྱག་རྒྱ་དང་ལྡན་པར་བྱས་ན་དོན་ཐམས་ཅད་སྒྲུབ་པར་བྱེད་དོ། །མ་གྲུབ་པ་ཉིད་ཀྱང་མྱུར་དུ་འགྲུབ་པར་འགྱུར་རོ། །ལག་པ་གཉིས་སྦྱར་བ་བྱས་ལ་སོར་མོ་རྣམས་ནང་དུ་མཉམ་པར་བྱས་ཏེ་བཅུག་པ་ནི་སྙིང་པོའི་ཕྱག་རྒྱ་སྟེ། སྙིང་
པོས་ལན་བདུན་མངོན་པར་བསྔགས་ལ་བཀྲོལ་བར་བྱ་སྟེ། དེ་བཞིན་དུ་ཐམས་ཅད་དུ་ཡང་བྱའོ། །འདིར་སྔགས་ནི། ཨོྃ་གོ་ད་རོ་བཱི་ར་སྭཱ་ཧཱ། དེ་བཞིན་གཤེགས་པའི་སྙིང་པོའོ། །ལག་པ་དེ་ཉིད་ཁུ་ཚུར་དུ་བྱ་སྟེ་སོར་མོ་རྣམས་བརྐྱང་ལ་སོར་མོའི་རྩེ་མོ་ཕན་ཚུན་སྤྲད་ཅིང་ནང་དུ་སྟོང་པ་ནི་
གཙུག་ཏོར་གྱི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་ཨོྃ་བནྡྷ་སྭཱ་ཧཱ། འདི་ནི་ལས་ཐམས་ཅད་བྱེད་པ་སྟེ། ལག་པ་གཡས་པའི་མཐེ་བོ་བཏེག་ལ་ཁུ་ཚུར་བཅངས་པ་ནི་འཁར་གསིལ་གྱི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་དྷུ་ན་ཛི་ཏ་ར་ཎཱི་ནཱྃ་ཧཱུྃ། འཁར་གསིལ་གྱི་སྔགས་ནི་ལས་ཐམས་ཅད་པའོ། །འདི་
ཉིད་ཀྱི་ཕྱག་རྒྱ་དང་ལྡན་པས་ལག་པ་གཡོན་པ་ཆོས་གོས་ལ་འཛིན་པར་བྱས་པ་ནི་ཆོས་གོས་ཀྱི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་རཀྵ་རཀྵ་སརྦ་བུདྡྷ་ཨ་དྷིཥྛི་ཏ་ད་མ་ཙཱི་བ་ར་སྭཱ་ཧཱ། དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་སྔགས་སོ། །འདི་ཉིད་ཀྱི་ཕྱག་རྒྱ་དང་ལྡན་པར་བྱས་ན་ལས་ཐམས་ཅད་བྱེད་
Vol. 88 · folio 283a
པར་འགྱུར་རོ། །གོས་ལ་མངོན་པར་བསྔགས་ནས་གོས་བགོས་ན་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །གདོན་ཐམས་ཅད་དང་མ་མོ་དང་ཤ་ཟ་དང་ཤ་རློན་ཟ་བ་དང་སྡིག་པ་ཅན་རྣམས་དང་བགེགས་ཐམས་ཅད་ཀྱང་མཐོང་བ་ཙམ་གྱིས་རབ་ཏུ་འབྱེར་རོ། །མཐེ་བོ་གཡས་གཡོན་དང་
མཐེའུ་ཆུང་གཉིས་ཕན་ཚུན་སྤྲད་པ་བྱས་ལ་ལག་པའི་ཁ་སྦྱར་ཐུར་དུ་བསྟན་པ་ནི་ལྷུང་བཟེད་ཀྱི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་ལོ་ཀ་བཱ་ལ་ཨ་དྷིཥྛི་ཏཾ་བ་ར་དྷཱ་རཱ་ཡ། མ་ཧཱ་ནུ་བྷ་བ་ནུ་དྷ་བཱ་ཏྲཱ་སྭཱ་ཧཱ། ཕྱག་རྒྱ་འདི་དང་སྔགས་འདི་ཡང་དག་པར་ལྡན་པར་བྱས་ན་ལས་ཐམས་ཅད་བྱེད་དོ། །ཁ་ཟས་ཟ་བའི་དུས་
སུ་དྲན་པར་བྱས་ན་སྦྱར་བའི་དུག་ཐམས་ཅད་ནུས་པ་མེད་པར་འགྱུར་རོ། །ལག་པ་གཉིས་ཁུ་ཚུར་བཅང་ལ་མཛུབ་མོ་གཉིས་དང་གུང་མོ་བཀུག་པ་འདི་ནི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་ཏེ་ཛོ་ཛྭཱ་ལ་སརྦ་ཨརྠ་སཱ་དྷ་ཀ་སིད་དྷྱ་ཙིན་ཏཱ་མ་ཎི་རཏྣ་ཧཱུྃ། ནོར་བུ་རིན་པོ་ཆེའི་སྔགས་སོ། །ཕྱག་རྒྱ་
འདི་ཉིད་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་བྱེད་ཅིང་དགེ་བ་ཡིན་ནོ། །རྒྱན་གྱི་ཁྱད་པར་ཐམས་ཅད་ལ་འདི་ཉིད་ཀྱིས་མངོན་པར་བསྔགས་ཏེ་རྒྱན་དུ་བྱས་ན་བདག་ཉིད་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །མཆོག་ཏུ་སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ། །གོ་ཆ་ལ་མངོན་པར་
བསྔགས་ཏེ་རང་ཉིད་ཀྱིས་བགོ་བར་བྱས་ནས་གཡུལ་དུ་འཇུག་ན། འདི་ནི་ལུས་ལ་མཚོན་གྱིས་མི་ཕོག་ཅིང་མི་ཚུགས་པར་འགྱུར་རོ། །དགྲ་ཐམས་ཅད་ཀྱི་རང་གི་དཔུང་འབྱེད་པར་བྱེད་ཅིང་ཕ་རོལ་གྱི་སྡེ་ཡང་རབ་ཏུ་གནོན་པར་བྱེད་དེ། དེ་ལ་སོགས་པ་ཚད་མེད་པའི་ལས་མ་གྲུབ་པ་ཉིད་ཀྱང་གྲུབ་
པར་བྱེད་དོ། །རིན་པོ་ཆེ་པདྨ་རཱ་ག་དང་མརྒད་ཏ་ལ་སོགས་པ་གང་ཡང་རུང་བའི་རིན་པོ་ཆེའི་ཁྱད་པར་བླངས་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོའམ་རང་གི་མགོ་བོའམ་གླང་པོ་ཆེའི་མཆོག་མར་བཅིང་བ་བྱས་ནས་གཡུལ་གྱི་ཐོག་མར་ཞུགས་ན་ངེས་པར་ཕ་རོལ་
གྱི་དཔུང་དང་འཐབ་པ་མེད་པ་ཁོ་ནར་མཐོང་བས་འཇིགས་པར་འགྱུར་བའམ་རྨུགས་པ་ཆེན་པོ་ཉིད་དུ་འགྱུར་བའམ་བདག་པོ་དཔུང་དང་བཅས་པ་དེ་དག་རབ་ཏུ་འབྱེར་བར་འགྱུར་རོ། །སོར་མོ་རྣམས་ཕན་ཚུན་བསྡུས་ནས་ཁུ་ཚུར་དུ་བྱས་ལ་སོར་མོ་གུང་མོའི་གནས་ཀྱི་གསུམ་པའི་ཚིགས་ཀྱི་ཆ་ལ་མཛུབ་
Vol. 88 · folio 283b
མོའི་རྩེ་མོ་བཀུག་པ་འདི་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་ཙྪིནྡྷ་ཙྪིནྡྷ་ཧ་ན་ད་ཧ། ཙཀྲ་དཱིཔྟ་ཧཱུྃ། ཆོས་ཀྱི་འཁོར་ལོའི་སྔགས་སོ། །རྐང་པ་གཡོན་པ་བཏེག་ལ་རྐང་པ་གཡས་པས་ལ་བཞག་སྟེ། གཡོན་པའི་རྐང་པའི་བོལ་གྱིས་གཡས་པ་བརྐྱང་བའི་བརླ་ལ་བཞག་ལ།
ལག་པ་གཡས་པས་བརྡེག་པའི་ཚུལ་དུ་ང་རྒྱལ་གྱིས་བརྟན་པར་བྱས་པ་འདི་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏང་གི་སྭཱ་ཧཱ། གཞན་གྱིས་མི་ཐུབ་པའི་སྔགས་སོ། །ཆོས་ཀྱི་འཁོར་ལོ་དང་གཞན་གྱིས་མི་ཐུབ་པའི་སྔགས་འདི་དག་ཉིད་དང་
ཡང་དག་པར་ལྡན་པས་ལས་ཐམས་ཅད་པར་འགྱུར་རོ། །མདོར་ན་སྡུག་བསྔལ་ཐམས་ཅད་ངེས་པར་གཅོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལག་པ་གཡོན་པ་བརླའི་སྟེང་དུ་དཀུར་བརྟེན་ལ། ལག་པ་གཡས་པས་ཆོས་སྟོན་པའི་
ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་མདུང་གི་ཕྱག་རྒྱ་ཡིན་ནོ། །འདིར་སྔགས་ནི། ཨོྃ་བི་ཛ་ཡེ་མ་ཧཱ་ཤ་ཀ་ཏི་དྷུ་ར་དྷ་རི་ཧཱུྃ་ཕཊ། བི་ཛ་ཡི་ནི་ཕཊ། མང་ག་ལཱ་ཡ་ཕཊ། དེ་བཞིན་གཤེགས་པའི་མདུང་གི་སྔགས་སོ། །འདི་ཉིད་ཀྱི་ཕྱག་རྒྱ་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་པར་འགྱུར་རོ། །བགེགས་
ཐམས་ཅད་དང་མ་རུངས་པ་ཐམས་ཅད་དང་དགྲ་ཐམས་ཅད་དང་ལྷ་དང་བཅས་པ་ཡང་རེངས་པར་བྱེད་དོ། །འདིའི་ཡོན་ཏན་ནི་མཐའ་ཡས་ཏེ་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལག་པའི་སོར་མོ་རྣམས་ཕན་ཚུན་དེ་བཞིན་དུ་བྱས་ལ། ལག་པ་གཉིས་
བཀན་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ལ་དེ་ཉིད་བཟློགས་ལ་ཐུར་དུ་བསྟན་ཏེ་དཔྲལ་བར་བཞག་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་པོའི་སངས་རྒྱས་ཀྱི་མཛོད་སྤུའི་ཕྱག་རྒྱར་གསུངས་སོ། །འདིར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨདྷ་ཏེ་བྷྱཿ། སཾམྱཀྶཾ་བུདྡྷེ་བྷྱཿ། ཧེ་ཧེ་བནྡྷ་བནྡྷ་ཏིཥྛ་ཏིཥྛ་
དྷཱ་ར་ཡ་དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཨཱུརྞ་མ་ཎི་སྭཱ་ཧཱ། དེ་བཞིན་གཤེགས་པའི་མཛོད་སྤུའི་སྔགས་འདི་ཉིད་ཀྱི་ཕྱག་རྒྱ་དང་། ཡང་དག་པར་ལྡན་ན་ལས་ཐམས་ཅད་པར་འགྱུར་རོ། །གི་ཝང་གི་ལྡེ་གུས་དཔྲལ་བ་ལ་ཐིག་ལེར་བྱས་ལ་སྔགས་བཟླས་ན་དགྲའི་ནང་དུ་ཞུགས་ཀྱང་མི་ཚུགས་པར་འགྱུར་རོ། །
Vol. 88 · folio 284a
མ་རུངས་པ་ཐམས་ཅད་ཀྱིས་ཀྱང་མི་འཚེ་བར་འགྱུར་རོ། །གཡུལ་གྱི་ནང་དུ་ཞུགས་ན་ཡང་མཐོང་བ་ཙམ་གྱིས་གཞན་གྱི་སྡེ་འཇིག་པར་བྱེད་དོ། །མ་མཐོང་ཡང་ལས་ཚད་མེད་པ་བྱེད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པས་ཀྱང་གསུངས་སོ། །
རྒྱུན་མི་ཆད་པར་ཕན་ཚུན་ཐལ་མོ་སྦྱར་བ་བྱས་ལ་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་ལ། ཚིགས་བར་མ་བཀུག་ཅིང་མཐེ་བོ་གཉིས་ཀྱང་བཀུག་པ་འདི་ནི་དེ་བཞིན་གཤེགས་པའི་སྤྱན་གྱི་ཕྱག་རྒྱའོ། །འདིར་སྔགས་ནི། ཨོྃ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦཱརྠ་སཱ་དྷ་ནི་སྭཱ་ཧཱ། འདི་ནི་དེ་བཞིན་
གཤེགས་པའི་སྤྱན་གྱི་སྔགས་སོ། །འདི་ཉིད་ཀྱི་ཕྱག་རྒྱ་དང་ཡང་དག་པར་ལྡན་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མིག་གཉིས་ལ་མངོན་པར་བསྔགས་ཏེ་དགྲའི་ནང་དུ་ཞུགས་ན། དགྲ་རྣམས་མཐོང་བ་ཙམ་གྱིས་བྱམས་པའི་སེམས་དང་ཕན་པའི་བསམ་པ་དང་ལྡན་པར་འགྱུར་རོ། །
བཤེས་གཉེན་ཉིད་དུའང་ལྡོག་པར་འགྱུར་ཏེ་གྲོགས་ཉིད་དུའང་སྒྲུབ་པར་བྱེད་དོ། །ཡང་ན་གཡུལ་གྱི་ཐོག་མར་མིག་གཉིས་ལ་མངོན་པར་བསྔགས་ནས་ཕ་རོལ་གྱི་དཔུང་ལ་བལྟས་ན། ཞི་བའི་སེམས་དང་ལྡན་པར་འགྱུར་ཞིང་མཚོན་བརྡེག་པར་རབ་ཏུ་ནུས་པ་མ་ཡིན་ནོ། །འཐབ་པ་མེད་པ་ཉིད་
དུའང་ལྡོག་པར་འགྱུར་ཏེ། གྲོགས་ཉིད་དུའང་རབ་ཏུ་སྒྲུབ་པར་བྱེད་དོ། །ལག་པ་གཉིས་ཀྱི་སོར་མོ་དེ་བཞིན་དུ་གླེགས་བམ་ལྟ་བུར་ཕན་ཚུན་གྱི་རྩེ་མོ་སྦྱར་ལ། ཐད་ཀར་བཞག་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱའོ། །འདིར་སྔགས་ནི། ན་མོ་བྷ་ག་བ་ཏེ་ཙུ་རུ་དརྴ་ནེ་ཨོྃ་ཐཱ། འདི་ནི་བཅོམ་
ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སོ། །འདི་ཉིད་ཀྱི་ཕྱག་རྒྱ་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །སྔགས་འདི་བཟླས་ནས་སྙིང་ལ་བྱུགས་ཤིང་མྱངས་ན་དྲན་པ་དང་ལྡན་པར་འགྱུར་རོ། །དགྲ་མ་རུངས་པའི་ནང་དུ་བཟླས་པ་བྱས་ན་དེ་དག་གི་སེམས་འཕྲོག་
པར་འགྱུར་རོ། །ཡང་ན་གཡུལ་གྱི་ནང་དུ་རྐང་གཉིས་དང་། རྐང་བཞི་ལ་སོགས་པ་ཕྱིར་རྒོལ་བ་ཐམས་ཅད་རྣམ་པར་རྨོངས་པར་བྱེད་པའམ་སེམས་རྣམ་པར་གཡེངས་པར་བྱེད་པར་འགྱུར་རོ། །མདོར་ན་བཅོམ་ལྡན་འདས་མ་འདི་ནི་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་ཐམས་ཅད་བྱེད་པར་
Vol. 88 · folio 284b
འགྱུར་རོ། །མདོར་ན་ཡོན་ཏན་མཐའ་ཡས་པ་དང་འདིའི་ལས་མཐའ་ཡས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱ་དང་སྔགས་ནི་མཐའ་ཡས་པར་འགྱུར་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་འདུས་པའི་ལེའུར་གསུངས་པ་དེ་བཞིན་དུ་སྔགས་དང་
ཕྱག་རྒྱ་ཐམས་ཅད་ལ་ཡང་རབ་ཏུ་སྦྱར་བར་བྱའོ། །ཡང་ན་གཞན་དག་ཏུ་སྔགས་དང་ཕྱག་རྒྱའི་ཆོ་ག་གྲངས་མེད་པར་འགྱུར་བ་དེ་དག་ཀྱང་ཆོ་གའི་རྒྱལ་པོ་འདིར་ངེས་པར་སྦྱར་བར་བྱའོ། །དེ་བཞིན་དུ་པདྨའི་རིགས་ལ་པདྨའི་ཕྱག་རྒྱ་དང་ལྡན་པའི་སྔགས་སུ་འགྱུར་ཏེ། ཨོྃ་ཛི་ཛི་ཛི་ནཱཾ་ག་ཏཾ་
ཡ་ཏེ་དི་ནེ་སྭཱ་ཧཱ། སྔགས་འདི་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་ཕྱག་རྒྱ་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་པར་འགྱུར་རོ། །འདི་བཟླས་ན་པདྨའི་རིགས་ཐམས་ཅད་བཟླས་པ་ཡིན་ནོ། །འདི་གྲུབ་ན་པདྨའི་རིགས་ཐམས་ཅད་གྲུབ་པར་འགྱུར་རོ། །
དེ་ནས་གོས་དཀར་མོའི་རིག་པ་ཆེན་པོ་གང་ཡིན་པ་དེའི་སྔགས་ནི། ཨོྃ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊྃ་ཀ་ཊེ་སྭཱ་ཧཱ། རང་གི་ཕྱག་རྒྱའམ་པདྨའི་ཕྱག་རྒྱ་སྦྱར་ན་ལས་ཐམས་ཅད་པར་འགྱུར་རོ། །དུར་ཁྲོད་ཐམས་ཅད་དུ་སོང་ནས་བསྲུང་བ་ཡང་བྱའོ། །དེ་བཞིན་དུ་སྒྲོལ་མ་དང་ཁྲོ་གཉེར་ཅན་
དང་སྐུལ་བྱེད་མ་དང་རྟ་མགྲིན་ལའང་སྦྱར་བར་བྱའོ། །རིག་པ་འདུས་པའི་ལེའུར་གང་གསུངས་པའི་པདྨའི་རིགས་གྲངས་མེད་པ་ཐམས་ཅད་ཀྱང་འདིར་སྦྱར་བར་བྱའོ། །ཕྱག་རྒྱ་དང་སྔགས་ཀྱི་ཆོ་ག་རྒྱ་ཆེར་པདྨ་དག་ཀྱང་སྦྱར་བར་བྱའོ། །དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་རྡོ་རྗེའི་ཕྱག་རྒྱ་དང་
བཅས་པ་ཡིན་ནོ། །འདིར་ཡང་སྔགས་ནི། ཨོྃ་ཀུ་ལཾ་བ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། འདི་ནི་མཱ་མ་ཀཱི་ཞེས་བྱ་བའི་རིག་པ་ཆེན་མོ་ལས་ཐམས་ཅད་བྱེད་པར་སངས་རྒྱས་ཐམས་ཅད་ཀྱིས་བསྟན་ཏོ། །སྔར་རབ་ཏུ་སྦྱར་བའི་ཕྱག་རྒྱ་དང་རིག་པ་ཆེན་མོ་མཱ་མ་ཀཱི་དང་ཡང་དག་པར་ལྡན་ན་སྒྲུབ་པ་པོ་འདོད་པ་བཞིན་
དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གླེང་གཞིའི་ལེའུ་སྔར་བསྟན་པའི་ཕྱག་ན་རྡོ་རྗེའི་འཁོར་རྡོ་རྗེའི་རིགས་མ་ལུས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་སྔགས་དང་ལྡན་པ་ཡང་འདིར་རབ་ཏུ་སྦྱར་བར་བྱའོ། །དེ་བཞིན་དུ་གླང་པོའི་རིགས་ལ་གླང་པོའི་སྤོས་ཀྱི་བྱང་ཆུབ་སེམས་དཔའི་སྔགས་སུ་འགྱུར་
Vol. 88 · folio 285a
བ་ནི། ཨོྃ་ག་ཛ་ཨ་ཧྭ་ཡེ་ཧཱུྃ་ཁེ་ཙ་ར་སྭཱ་ཧཱ། སྔར་བསྟན་པའི་ཕྱག་རྒྱ་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་པར་འགྱུར་ཏེ། སྔ་མ་དེ་བཞིན་དུ་ཐམས་ཅད་གླང་པོའི་རིགས་ལ་གྲུབ་པར་འགྱུར་རོ། །དེ་བཞིན་དུ་ཀུན་ཏུ་བཟང་པོའི་སྔགས་ནི། ཨོྃ་ས་མ་ཡ་ས་
མ་ཛིན་སུ་ར་ཏ་མཱ་བི་ལཾ་བ་ཧཱུྃ་ཕཊ། མཐུ་ཆེན་ཐོབ་ཀྱི་སྔགས་ནི། ཨོྃ་ཏིཥྛ་ཏིཥྛ་མ་ཧཱ་སྠཱ་མ་ག་ཏ་བོ་དྷི། ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དྲི་མ་མེད་པར་གྲགས་པའི་སྔགས་ནི། ཨོྃ་བི་མ་ལེ་བི་མ་ལེ་བི་མ་ལ་མུརྟེ། ཨོྃ་དྷ་ཀ་དྷ་ཀ་ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་སྔགས་ནི།
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཡང་དག་པར་ལྡན་ན་ལས་ཐམས་ཅད་པར་འགྱུར་རོ། །དེ་བཞིན་དུ་ངན་སོང་ཀུན་སྤོང་དང་རྟག་ཏུ་ངུ་དང་སའི་སྙིང་པོ་དང་རིན་ཆེན་ལག་པ་དང་བྱམས་པ་ལ་སོགས་པ་ས་བཅུ་རབ་ཏུ་ཐོབ་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་
དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གྲངས་མེད་ཅིང་ཕྱག་རྒྱ་དང་སྔགས་ཀྱང་གྲངས་མེད་པར་འགྱུར་ཏེ། དེ་དག་ཀྱང་ཆོ་གའི་རྒྱལ་པོ་འདི་ལ་རབ་ཏུ་སྦྱར་བ་བྱ་བར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཤིན་ཏུ་རྒྱ་ཆེ་བ་དང་བཅས་པའི་སྔགས་དང་ཕྱག་རྒྱ་
ཐམས་ཅད་ཀྱི་ཆོ་ག་རྒྱ་ཆེ་བ་དང་དམ་ཚིག་ཆེན་པོ་དང་དམ་ཚིག་ལ་རབ་ཏུ་ཞུགས་པ་ཆོ་ག་དང་ཆོ་གའི་རྣམ་པ་ཐམས་ཅད་ཀྱི་བྱེ་བྲག་ཆོ་གའི་རྒྱལ་པོ་འདིར་གསུངས་ཏེ། སྔགས་ཐམས་ཅད་ཀྱང་འདི་ལ་སྒྲུབ་པ་བྱར་རུང་བ་ཡིན་ནོ། །དེ་བཞིན་དུ་རིན་པོ་ཆེའི་རིགས་དང་གནོད་སྦྱིན་གྱི་རིགས་དང་ལྷའི་
རིགས་དག་ལ་ཡང་སྔགས་དང་རྒྱུད་དང་ཕྱག་རྒྱ་ཐམས་ཅད་རབ་ཏུ་སྦྱར་བ་འདིར་བསྟན་པ་ཡིན་ནོ། །རིགས་གཅིག་ཁོ་ནར་འགྱུར་ཞིང་གཞན་དུ་མ་ཡིན་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་ཏེ་དེ་ཡང་འཇམ་དཔལ་གཞོན་ནུ་དེ་བཞིན་གཤེགས་པའི་རིགས་སུ་བལྟ་བར་བྱ་སྟེ། སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཕྱག་རྒྱ་དང་། ཆོ་ག་དང་ཆོ་གའི་རྣམ་པ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ནང་དུ་གཏོགས་སོ་
Vol. 88 · folio 285b
ཞེས་གཟུང་བར་གྱིས་ཤིག །འཇམ་དཔལ་རིག་པ་དང་རྒྱུད་ཐམས་ཅད་དང་སྔགས་ཀྱི་གསང་བ་གང་དེ་བཞིན་གཤེགས་པའི་དམ་ཚིག་ལ་མ་ཆུད་པ་དེ་ནི་གང་ཡང་མེད་དོ། །འཇམ་དཔལ་གཞོན་ནུ་དེ་རབ་ཏུ་རྟོགས་པ་ཉིད་དུ་ཟུང་ཤིག །གང་གི་ཕྱིར་དེ་བཞིན་གཤེགས་པ་མཆོག་ཏུ་
གསུངས་ཏེ་དེ་བས་ན་དེ་བཞིན་གཤེགས་པའི་རིགས་ཀྱང་མཆོག་ཉིད་དུ་བརྗོད་དོ། །འཇམ་དཔལ་གཞོན་ནུ་དེ་ལྟར་ན་ཆོ་གའི་རྒྱལ་པོ་འདི་ཡང་རིགས་ཀྱི་མཆོག་རིན་པོ་ཆེར་དང་པོ་དང་པོའི་སངས་རྒྱས་ཀྱིས་རབ་ཏུ་བསྟན་པ་དང་སྟོན་པ་དང་རབ་ཏུ་གཞག་པ་དང་རྣམ་པར་འགྲེལ་པར་མཛད་པ་ནི།
བཅོམ་ལྡན་འདས་མེ་ཏོག་ཀུན་ཏུ་སྐྱེས་པའི་རྒྱལ་པོ་དང་། བཅོམ་ལྡན་འདས་སཱ་ལའི་དབང་པོའི་རྒྱལ་པོ་དང་། བཅོམ་ལྡན་འདས་མེ་ཏོག་ཀུན་ནས་སྐྱེས་པའི་དྲི་མཆོག་རྒྱལ་པོ་དང་། བཅོམ་ལྡན་འདས་རིན་ཆེན་ཏོག་དང་། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དང་། བཅོམ་ལྡན་འདས་
བསོད་ནམས་ཀྱི་འོད་དང་མེ་ཏོག་དམ་པ་དང་། ཡང་དག་པའི་མེ་ཏོག་དང་། མེ་ཏོག་བཟང་པོ་དང་། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་རྒྱལ་པོའི་དབང་པོ་དང་། གསེར་ཐུབ་དང་། འོད་སྲུང་དང་། འཁོར་བ་འཇིག་དང་། གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་དང་། ད་ལྟར་ཤཱཀྱ་
ཐུབ་པ་ངས་ཀྱང་རབ་ཏུ་བསྟན་ཏེ། དེ་བཞིན་དུ་དེ་ལྟར་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་འདི་ནི་འཇམ་དཔལ་གཞོན་ནུ་ཆོ་གའི་རྒྱལ་པོའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཆོག་རིན་པོ་ཆེར་གྱུར་པ། ཕན་ཡོན་ཆེ་བ་ངེས་པར་ཆོས་ཀྱི་དབྱིངས་ལ་བརྟེན་པ། བསྐལ་པ་སྟོང་
དུའང་འདིའི་ཕན་ཡོན་བསྟན་པར་ནི་མི་ནུས་སོ། །ཡོན་ཏན་ཆེན་པོ་རྒྱ་ཆེ་བའི་ཡོན་ཏན་འབྱུང་བ་ནི་མཐོང་བའི་ཆོས་དང་འཇིག་རྟེན་ཕ་རོལ་དུའང་ཡིན་ནོ། །དད་པ་ཅན་གང་ཞིག་གིས་ཐེ་ཚོམ་མེད་པར་འཆང་བ་དང་ཀློག་པ་དང་། ཐེ་ཚོམ་མེད་པར་རྒྱུད་འདི་ལ་བརྩོན་པ་བྱེད་ཅིང་སྔགས་སྒྲུབ་པ་དང་ཟློས་པ་
དང་ཕྱག་རྒྱ་འཆིང་བ་དང་རྟག་ཏུ་མངོན་པར་བརྩོན་པར་བྱེད་པ་དེ་ལ་ནི་མཐོང་བའི་ཆོས་ཁོ་ན་ལ་ཡོན་ཏན་གྱི་ཕན་ཡོན་བརྒྱད་རབ་ཏུ་འཐོབ་སྟེ། འཁྲུལ་པ་མེད་པར་འགྱུར་བ་དང་ཕྱིར་རྒོལ་བ་ཐམས་ཅད་དང་དགྲའི་འཇིགས་པ་འདི་ལ་མི་འབྱུང་བ་དང་། འདིའི་ལུས་ལ་དུག་མི་འབྱུང་བ་དང་། སངས་རྒྱས་དང་
Vol. 88 · folio 286a
བྱང་ཆུབ་སེམས་དཔས་ཀྱང་འདི་ལ་བྱིན་གྱིས་བརླབས་པར་འགྱུར་བ་དང་ཚེ་རིང་བ་དང་། བདེ་བ་ལ་བརྟེན་པར་འགྱུར་བ་དང་། འཇམ་དཔལ་གཞོན་ནུར་གྱུར་པའང་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་བ་དང་མཚན་མོའང་འདི་ལ་ཉིན་རེ་ཞིང་རྨི་ལམ་དུ་མཐོང་བ་སྩོལ་བ་དང་སྔགས་
ཐམས་ཅད་ཀྱང་འདི་ལ་བསྲུང་བར་འགྱུར་རོ། །ཕྱག་རྒྱའང་འདི་ལ་རྨི་ལམ་དུ་སྟོན་པར་འགྱུར་རོ། །རྒྱལ་པོ་མ་རུངས་པ་དང་སེམས་ཅན་མ་རུངས་པ་དང་མི་ཕན་པ་འདོད་པ་རྣམས་ཀྱིས་ཀྱང་གནོད་པ་མེད་པར་འགྱུར་རོ། །ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །དད་ཅིང་ཐེ་ཚོམ་མེད་ལ་མངོན་པར་
བརྩོན་པའི་ཕན་ཡོན་ནི་བརྒྱད་པོ་འདི་དག་ཡིན་ཏེ། ཁྱིམ་པའམ་རབ་ཏུ་བྱུང་བའམ་བུད་མེད་དམ་སྐྱེས་པའམ་སེམས་ཅན་ཆེན་པོ་བསྟན་པ་ལ་ཕན་པར་བྱེད་པ་རྣམས་ཀྱི་ཡིན་གྱི། སྡིག་པ་ལ་ཞུགས་པ་གཞན་གྱི་ནི་མ་ཡིན་ཏེ། དེ་ལས་བཟློག་པ་དེའི་འགྲོ་བ་ནི་ངུ་འབོད་ལ་སོགས་པར་སྐྱེ་བར་
འགྱུར་རོ། །ཕྱག་རྒྱ་སྔ་དྲོ་བཅིང་བ་བྱས་ན་ཚེ་རིང་བར་འགྱུར་རོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྔགས་དང་འཁོར་གྱི་སྙིང་པོ་དང་གཙུག་ཏོར་ལ་སོགས་པའི་སྔགས་དང་སྤྱན་ལ་སོགས་པ་གཞན་གྱི་ཕྱག་རྒྱ་དེ་བཅིང་བར་བྱའོ། །ཡང་ན་འཇམ་དཔལ་གཞོན་ནུ་ཁྱོད་ཀྱི་ཕྱག་རྒྱ་བྱ་སྟེ། འདི་
དག་ནི་བརྩོན་འགྲུས་དང་སྟོབས་མཉམ་པ་ཡིན་ནོ། །གཙང་ཞིང་གཙང་བའི་གནས་སུ་འདུག་སྟེ་ཞེས་བྱ་བ་ནི་གནས་གཙང་མའི་ཕྱོགས་སུ་ཟུག་རྔུ་མེད་པའི་གནས་ལ་བའི་ལྕི་བ་ས་ལ་མ་ལྷུང་བར་བྱུགས་ལ་མེ་ཏོག་དཀར་པོའི་དྲི་ཞིམ་པོ་དག་གིས་གཅལ་བཀྲམ་པ་དེར་འདུག་ལ་སྔགས་བཟླ་ཞིང་ཕྱག་
རྒྱ་བཅིང་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །གཞན་དག་ཏུ་ནི་ཕྱག་རྒྱ་དང་ལྷན་ཅིག་བཟླས་པ་གཅིག་ཀྱང་མི་བྱའོ། །གཙང་བ་ཞེས་གང་གསུངས་པ་ནི་ཉི་མ་ནུབ་པ་ན་སྲོག་ཆགས་མེད་པའི་ཆུ་གཙང་མས་ཁྲུས་བྱས་ཏེ་གོས་སར་པ་བགོས་ལ། གཙུག་ཏོར་གྱི་སྔགས་ཀྱིས་སྲུང་བ་བྱས་ལ། གྲོང་
གི་ཆོས་རྣམ་པར་སྤངས་ཤིང་གཙང་ཞིང་གཙང་སྦྲ་ལ་དགའ་ཞིང་དགེ་བ་སྐ་རགས་དཀར་པོས་བཅིངས་པ་དེ་བཞིན་གཤེགས་པ་བསྒོམས་ལ་ཐུན་གཅིག་འདས་པ་དང་དེར་ཉལ་བར་བྱའོ། །བྲམ་ཟེ་མོའི་བུ་མོ་གཙང་མས་བཀལ་བའི་སྐུད་པ་བླངས་ལ། སྔགས་འདི་བརྒྱ་རྩ་བརྒྱད་མངོན་པར་
Vol. 88 · folio 286b
སྔགས་པ་བྱའོ། །ཨོྃ་ཧ་ར་ཧ་ར་བནྡྷ་ནེ་ཤུ་ཀྲ་དྷཱ་ར་ཎཱི་སིད་དྷཱརྠེ་སྭཱ་ཧཱ། མཱ་མ་ཀཱིའི་ཕྱག་རྒྱ་དང་བཟླས་པ་བྱའོ། །དེ་ནས་སྐུད་པ་རྐེད་པ་ལ་ལན་གསུམ་དཀྲིས་ནས་བཅིང་བ་བྱས་ན་ས་བོན་བཅིང་བ་བྱས་པར་འགྱུར་ཏེ། འདོད་པའི་དབང་ཕྱུག་གིས་ཀྱང་རྨི་ལམ་དུ་ཡིད་ལ་གནོད་པ་བྱེད་པར་མི་ནུས་ན།
རྨི་ལམ་དུ་ལོག་འདྲེན་རྣམ་པ་སྣ་ཚོགས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ཆོ་ག་འདི་འདོད་ཆགས་དང་ལྡན་པས་ཀྱང་མི་ནུས་ན། འདོད་ཆགས་དང་བྲལ་བས་ལྟ་སྨོས་ཀྱང་ཅི་དགོས། འདོད་པའི་དབང་ཕྱུག་དགའ་ལྡན་གྱི་བུ་མོ་གཟུགས་རྣམ་པ་སྣ་ཚོགས་འཆང་བའི་འདོད་ཆགས་ཅན་གྱིས་ཀྱང་
ཡིད་ལ་གནོད་པ་སྐྱེད་པར་མི་ནུས་ན་དེ་ལས་གཞན་པའི་མི་དང་མི་མ་ཡིན་པའི་བུད་མེད་ཀྱིས་ཀྱང་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་ཆོ་གས་ནང་པར་ལངས་ལ་སོ་ཤིང་བཅའ་ཞིང་གདོང་རབ་ཏུ་བཀྲུས་ལ། ཆོ་ག་སྔ་མ་བཞིན་དུ་སྲོག་ཆགས་མེད་ཅིང་དྲི་མ་མེད་པའི་ཆུས་ཁྲུས་བྱས་ཏེ། ཤར་ཕྱོགས་
སུ་བལྟས་ལ་ཕྱག་རྒྱ་བཅིང་ཞིང་སྔགས་བཟླས་པ་བྱས་ན་ཚེ་རིང་བར་འགྱུར་ཞིང་ལས་ཐམས་ཅད་ལ་ནུས་པ་དང་ནད་ཆེན་པོ་ལས་གྲོལ་ཏེ་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དགྲ་རྣམས་ཀྱང་བཤེས་གཉེན་ཉིད་དུ་འབྱུང་བར་འགྱུར་རོ། །མཐོང་བ་ཙམ་གྱིས་གདོན་ཐམས་ཅད་དང་ཤ་རྗེན་ཟ་བ་དང་
སྡིག་པ་ཅན་ལ་སོགས་པ་རབ་ཏུ་འབྱེར་བར་འགྱུར་རོ། །དགྲ་རྣམས་རེངས་པར་འགྱུར་རོ། །མཐོང་བ་ཙམ་གྱིས་གཙང་བའམ་མི་གཙང་བའི་ཆོ་གས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཆོ་གའི་རྒྱལ་པོ་འདིའི་ཕྱག་རྒྱ་དང་སྔགས་ཀྱི་ཚོགས་ཀྱི་འཁོར་འདི་ཡང་གྲངས་མེད་པ་ཡིན་ཏེ། །
སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པས་གསུངས་པ་དང་གསུངས་པ་ཡིན་ཏེ། ཤཱཀྱ་ཐུབ་པ་ངས་ཀྱང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་གསུངས་ཏེ། འཇམ་དཔལ་གཞོན་ནུ་ཁྱོད་ལ་ཡང་བསྟན་
པ་ཡོངས་སུ་བསྲུང་བའི་ཕྱིར་དང་ཆོས་ཀྱི་དབྱིངས་ཡུན་རིང་དུ་ཡང་དག་པར་བསྲུང་བའི་ཕྱིར་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །ང་ཡོངས་སུ་མྱ་ངན་ལས་འདས་ཏེ་ཆོས་ཀྱི་དེ་ཉིད་ལ་བརྟེན་ཅིང་ཡང་དག་པའི་མཐའི་ཐ་མར་གྱུར་ཏེ་ཞི་བར་གྱུར་པ་ན། སེམས་ཅན་སྙིང་རྗེ་ཆེན་པོ་དང་བྲལ་བའི་སེམས་དང་ལྡན་པ་
Vol. 88 · folio 287a
ལ་ཕན་པའི་ཕྱིར་གསུངས་ཤིང་དུས་ཀྱི་མཐའ་འཇིགས་པ་ཆེན་པོའི་དུས་ལ་བབ་པ་ན། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་སེམས་ཅན་རྣམས་ཀྱང་བཟློག་པའི་དོན་དང་གདུལ་བའི་དོན་གྱི་ཕྱིར་ཆོ་གའི་རྒྱལ་པོ་འདི་ངས་གསུངས་ལ་རྒྱ་ཆེར་རྣམ་པར་དབྱེ་བ་བྱས་ན་སེམས་ཅན་ཐམས་ཅད་
ཀྱི་དོན་གྱི་ཕྱིར་ཡིན་ནོ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། སྔགས་དང་ཕྱག་རྒྱ་དང་ངེས་པར་སྡོམ་པ་དང་ལས་དང་ཆོ་གའི་ལེའུ་རབ་འབྱམ་ལས། སུམ་ཅུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་
བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་མདོར་ན་ཉོན་ཅིག་ཕྱག་རྒྱའི་མཚན་ཉིད་དང་སྔགས་རྣམས་ཀྱི་རྒྱ་ཆེ་བ་དང་དཀྱིལ་འཁོར་གྱི་ཆོ་གའི་མདོར་བསྡུས་པ་
དང་དམ་ཚིག་ལ་རྗེས་སུ་འཇུག་ཅིང་ཕྱག་རྒྱའི་གནས་དང་སྔགས་ཐམས་ཅད་དང་རྒྱུད་དེ་དག་ཐམས་ཅད་ལ་གསང་བ་དང་བཅས་པའི་དཀྱིལ་འཁོར་ནི། རྫུ་འཕྲུལ་ཆེ་ཀུན་སངས་རྒྱས་ཀྱིས། །འདི་ཀུན་སྔར་ནི་གསུངས་པ་ཡིན། །སྔགས་ཤེས་བདག་ཉིད་ཆེན་པོ་དང་། །ཡོན་ཏན་ཀུན་ཀྱང་བསྟན་པ་
ཡིན། །དང་པོའི་སངས་རྒྱས་དག་གིས་སྔར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སྔགས་ཀྱི་འཁོར་ལོ་དག་དང་ནི། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར། །ཡང་དག་མཐའ་ལ་བརྟེན་ནས་ནི། །ཞི་བའི་འཁོར་ལོའི་རྗེས་སུ་སོང་། །འཇིག་རྟེན་སངས་རྒྱས་རྫུ་འཕྲུལ་ཆེ། །སངས་རྒྱས་དེ་ཀུན་ཞི་བར་
གཤེགས། །དང་པོའི་དེ་བཞིན་གཤེགས་རྣམས་ཀྱིས། །འདི་ཀུན་སྔོན་ནི་བསྟན་པ་ཡིན། །ངས་ཀྱང་ཕྱི་མའི་དུས་དག་ཏུ། །འཇམ་པའི་བློ་ལྡན་ཁྱོད་ལ་བསྟན། །སངས་རྒྱས་འོད་ཅན་དེ་ཡི་བཀའ། །དེ་ཚེ་འདི་ནི་ཐོས་ནས་ཀྱང་། །འཇམ་པའི་དབྱངས་ནི་གཞོན་ནུ་ཡང་། །ཐལ་མོ་སྦྱར་བྱས་སྤྱན་སྔར་
འདུག །རྐང་གཉིས་རྫོགས་སངས་རྒྱས་པ་ལ། །སྨྲ་བའི་མཆོག་གིས་ཡོངས་སུ་ཞུས། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །ཤེས་རབ་ཆེན་པོ་ཆོས་གསུངས་ཤིག །མདོར་བསྡུས་རྒྱ་ནི་མི་ཆེ་བར། །ཡོན་ཏན་བདག་ཉིད་ཆེ་འབྲས་འབྱུང་། །འཇམ་དཔལ་གྱིས་ནི་དེ་སྐད་གསོལ། །དེ་ནས་ཅང་
Vol. 88 · folio 287b
མི་སྨྲ་བར་གནས། །དེ་ནས་དཔལ་ལྡན་ཚངས་པའི་དབྱངས། །ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས། །དཀྱིལ་འཁོར་དགོད་པའི་ཕྱག་རྒྱ་ནི། །དེ་དག་ཀུན་ནི་སྟོན་པ་ཡིན། །གནས་གཙང་སྟེང་དུ་གནས་པའི་དུས། །དེ་ཚེ་སྔགས་དང་རྒྱུད་དག་ནི། །ཤཱཀྱ་སེང་གེ་མི་མཆོག་
ནི། །རྫོགས་སངས་རྒྱས་ཀྱིས་ཡང་དག་གསུངས། །ཕྱག་རྒྱའི་ཆོ་ག་འབྱུང་བ་དང་། །ཕྱག་རྒྱ་རྒྱུད་དང་ལྡན་པ་ཡི། །ཡོན་ཏན་བདག་ཉིད་རྒྱ་ཆེ་བ། །འཇམ་དཔལ་གཞོན་ནུ་ཁྱོད་ཉོན་ཅིག །སེམས་ཅན་སེམས་ཅན་མ་ཡིན་པའང་། །དང་པོའི་རྟགས་མཚན་བཞིན་
དུ་བྱ། །རྣམ་པ་སྤྱད་དང་སྤྱོད་པ་དང་། །ཟུར་གྱིས་ཐམས་ཅད་སྨྲ་བ་དང་། །ལག་གཉིས་རྐང་གཉིས་སྤྱི་བོ་དང་། །ལག་གཅིག་སོར་མོའི་སྦྱོར་བ་དག །སྔོན་གྱི་སངས་རྒྱས་དེ་དག་གིས། །དེ་ཀུན་ཕྱག་རྒྱ་ཞེས་སུ་གསུངས། །བྱ་བུམ་གདུགས་དང་དེ་བཞིན་དུ། །པདྨ་
རྒྱལ་མཚན་བ་དན་དང་། །ཉ་དང་རྡོ་རྗེ་དུང་དང་ནི། །དེ་བཞིན་བུམ་པ་འཁོར་ལོ་དང་། །འཇིག་རྟེན་སྣ་ཚོགས་མཚོན་ཆ་ནི། །ཇི་སྲིད་ཡོངས་སུ་བསྟན་པ་དང་། །ཨུཏྤལ་འདྲ་བའི་ཕྱག་རྒྱ་དང་། །དེ་ཀུན་ཕྱག་རྒྱ་དཀྱིལ་འཁོར་དགོད། །དེ་དག་གོ་རིམས་གནས་པ་དང་། །
ཆོ་ག་ལྡན་པར་བསྟན་པ་ཡིན། །རྟག་ཏུ་དེ་དག་ཉིད་ལ་ནི། །རང་གཟུགས་འདྲ་བར་བྲི་བར་བྱ། །དཀྱིལ་འཁོར་ཕྱག་རྒྱར་གསུངས་པ་ནི། །ཐམས་ཅད་དུ་ནི་སྤྱིར་གསུངས་པའོ། །དེ་དག་ཕྱག་རྒྱར་ཡོངས་བསྟན་པ། །གནས་ནི་ཇི་བཞིན་དག་ལ་དགོད། །དཀྱིལ་འཁོར་
དག་ནི་ཀུན་ལ་ཡང་། །རང་དང་འདྲ་བ་ཉིད་དུ་སྦྱར། །འཁོར་ལོས་སྒྱུར་ལ་འཁོར་ལོ་དང་། །གཙུག་ཏོར་གདུགས་དཀར་ཉིད་ལ་ནི། །གཙོ་བོར་གདུགས་ནི་དཀར་པོ་ཡིན། །དཀྱིལ་འཁོར་ལ་ནི་རྟག་ཏུ་བྲི། །ཆོས་ཀྱི་འཁོར་ལོ་སངས་རྒྱས་ལ། །པདྨ་པདྨའི་རིགས་དག་ལ། །
རྡོ་རྗེ་རྡོ་རྗེའི་རིགས་ལ་གསུངས། །གླང་པོ་གླང་པོའི་རིགས་ཞེས་བྱ། །ནོར་བུའི་རིགས་ལ་བུམ་པ་སྟེ། །དཀྱིལ་འཁོར་ཀུན་ལ་རབ་ཏུ་སྦྱར། །ལྷ་གཞན་གྱི་ནི་རིགས་དག་ལ། །དཔལ་བེའུ་བཀྲ་ཤིས་ལྡན་པ་བྲི། །ཚངས་པ་ཆེ་ལ་ངང་པ་བྲི། །བརྒྱ་བྱིན་ལ་ཡང་རྡོ་རྗེ་དང་། །དབང་
Vol. 88 · folio 288a
ཕྱུག་ཆེ་ལ་བྲི་བ་ནི། །རྩེ་གསུམ་ཁྱུ་མཆོག་ཡང་དག་བྱ། །སྐེམ་བྱེད་རྩེ་གསུམ་པཊྚི་ས། །མདུང་དང་བཅས་པ་ཉིད་ཀྱང་ཡིན། །ཁྱབ་འཇུག་འཁོར་ལོ་བྲི་བ་སྟེ། །ལྷ་མ་ཡིན་ལ་ད་པུས་དང་། །རྣམ་པ་སྣ་ཚོགས་བརྒྱ་ཕྲག་ནི། །ལྷ་ཡི་མཚོན་ཆ་སྣ་ཚོགས་
དང་། །དེ་དག་གཞན་ཡང་བཞོན་པ་ནི། །རྣམ་པ་སྣ་ཚོགས་དེ་ཚེ་བྲི། །གཟུགས་བརྙན་ཇི་ལྟར་གནས་པ་ནི། །རང་གཟུགས་འཕོས་པ་བཞིན་དུ་བྲི། །དཀྱིལ་འཁོར་དག་ནི་ཐམས་ཅད་དུ། །གང་ཡང་རུང་བ་འདི་ཅིག་བྲི། །གཅིག་དང་གཉིས་དང་ཡང་དག་ལྡན། །གྲངས་མེད་གསུམ་
ལ་སོགས་པ་བྱ། །དཀྱིལ་འཁོར་རྒྱལ་བ་མཆོག་གསུངས་པ། །ལན་ཀན་ཕྲེང་ནི་དེ་དང་མཉམ། །གང་གི་ཆེད་དུ་དཀྱིལ་འཁོར་གསུངས། །དེ་ནི་དབུས་སུ་ངེས་པར་སྦྱར། །རྒྱལ་བའི་རིགས་ནི་ནང་དུ་བྲི། །ནང་གི་དབུས་སུའང་སངས་རྒྱས་ཏེ། །དེ་ཚེ་ནང་དུའང་གཟུགས་བརྙན་ནི། །
སྟོན་པ་ཡི་ནི་ཀུན་ཏུ་བྲི། །གཉིས་པར་པདྨའི་རིགས་དགོད་ཅིང་། །གསུམ་པར་རྡོ་རྗེའི་རིགས་ཀྱང་བྲི། །མཐར་གྱིས་ལྷ་དང་ལྷ་མ་ཡིན། །དེ་བཞིན་དེ་ཚེ་ཐམས་ཅད་ནི། །དེ་ནས་ས་ཀུན་ལ་གནས་པའི། །གནོད་སྦྱིན་སྲིན་པོ་མི་དང་བཅས། །མཐར་གྱིས་ཇི་ལྟར་གནས་པ་ཡི། །མུ་སྟེགས་
རྣམས་ཀྱང་དེ་ནས་བྲི། །ཆོ་ག་བཞིན་དུ་ཐམས་ཅད་ཀྱང་། །ཕྱོགས་སྐྱོང་དེ་བཞིན་བྲི་བར་བྱ། །མདོར་ན་གཟུགས་བརྙན་གཅིག་དང་ནི། །གཉིས་དང་གསུམ་སོགས་གྲངས་མེད་པ། །མཐའ་ཡས་ཕྱོགས་ལ་གནས་པ་ཡི། །དཀྱིལ་འཁོར་ཇི་སྲིད་ཀུན་ཏུ་བྲི། །མ་མོའི་དཀྱིལ་འཁོར་ཉིད་དག་ནི། །
ཚད་མེད་དེ་ཚེ་བྲི་བར་བྱ། །གཟུགས་བརྙན་གཅིག་ལ་སོགས་པ་ནི། །མཐའ་ཡས་ས་ཡི་སྟེང་དག་ཏུ། །དཀྱིལ་འཁོར་ཆོ་ག་གསུངས་པ་ནི། །རྣམ་པ་གསུམ་དུ་ངེས་བསྟན་པ། །མཆོག་དང་བར་མ་དེ་བཞིན་དུ། །ཐ་མ་ཉིད་དུའང་བསྟན་པ་ཡིན། །མཆོག་ལ་མཆོག་དག་གྲུབ་པ་དང་། །འབྲིང་
ལ་འབྲིང་དུ་ཉེ་བར་བསྟན། །ཐ་མས་ཕྲན་ཚེགས་གྲུབ་པར་ནི། །རྒྱལ་བ་མཆོག་གིས་སྔོན་གསུངས་སོ། །སེམས་ཅན་ཡིད་ནི་རྣམ་གསུམ་གྱིས། །རྒྱལ་བ་མཆོག་གིས་གྲུབ་པར་གསུངས། །སེམས་ཅན་ཆེན་པོས་ཆེན་པོ་འགྲུབ། །སེམས་ཅན་འབྲིང་གིས་འབྲིང་དང་ནི། །གསུམ་པ་སྐྱེ་བོ་ཕྲ་
Vol. 88 · folio 288b
མོ་ཡི། །ལས་ནི་ཕྲ་མོར་ཉེ་བར་བསྟན། །སངས་རྒྱས་ཉིད་དུ་སེམས་དང་ལ། །ཕུན་སུམ་ཚོགས་པ་དམ་པ་ནི། །ངེས་པར་ཐོབ་པར་འགྱུར་བ་སྟེ། །སེམས་ཅན་དཀྱིལ་འཁོར་མཐོང་བས་སོ། །དེ་དུས་སེམས་ནི་བར་མ་ཡིས། །རང་རྒྱལ་བྱང་ཆུབ་ཐོབ་པར་བྱེད། །གུས་པ་མེད་པས་ཉན་ཐོས་ཉིད། །
ཐ་མས་ངེས་པར་ཐོབ་པར་བྱེད། །བདག་ཉིད་ཆེན་པོ་དོན་བཅས་འབྲས། །ཞི་བའི་འགྲོ་བར་ཉེ་བར་བསྟན། །དཀྱིལ་འཁོར་མཐོང་བས་མཐོ་རིས་སུ། །ངེས་པར་དེ་ནི་འགྲོ་བར་འགྱུར། །དེ་བཞིན་ཕྱག་རྒྱ་མཆོག་ཀུན་དང་། །སྔགས་རྣམས་ཀྱང་ནི་རྒྱ་ཆེར་བཅས། །རྣམ་གསུམ་ཉིད་ཀྱང་རབ་
སྦྱར་བ། །རྣམ་གསུམ་བདེ་བ་རབ་ཏུ་བྱེད། །ཕྱག་རྒྱ་དཀྱིལ་འཁོར་གསུངས་པ་དང་། །སྔགས་རྣམས་བསྟན་པའང་ཕན་པའི་དོན། །དེ་དག་རྣམ་པ་གསུམ་དུ་འགྱུར། །སྔགས་ཀྱང་རྣམ་གསུམ་མཉམ་པར་བསྟན། །ཇི་ལྟར་དཀྱིལ་འཁོར་བསྟན་པ་བཞིན། །ཕྱག་རྒྱ་སྔགས་ཀྱང་དེ་བཞིན་
ཏེ། །འདི་དག་ཆོ་གར་ཡང་དག་ལྡན། །འཇིག་རྟེན་འདྲེན་པས་ངེས་པར་བསྟན། །དེ་བཞིན་དེ་ཡང་རྣམ་གསུམ་འགྲོ། །སྟོང་ཕྲག་དག་ནི་དུ་མ་ཉིད། །རྣམ་གསུམ་རྣམ་པ་གསུམ་དག་ཀྱང་། །རྣམ་པ་གཉིས་དང་གྲངས་མེད་པའོ། །གང་ཕྱིར་སྔགས་ནི་སེམས་ལ་ལྟོས། །
སྔགས་ནི་སེམས་ཀྱིས་སྤངས་མི་བྱ། །སེམས་དང་སྔགས་ནི་ཡང་དག་ལྡན། །ལྷན་ཅིག་ཏུ་ནི་བསྒྲུབ་པར་བྱ། །དེ་བཞིན་གཤེགས་ཀྱི་རིགས་སྔགས་དང་། །གང་ཡང་པདྨའི་རིགས་དག་དང་། །གང་ཡང་རྡོ་རྗེའི་རིགས་གསུངས་དང་། །མི་ཡི་རིགས་ནི་ཉིད་དག་དང་། །འཇིག་རྟེན་པ་ཡི་སྔགས་རྣམས་
ཀུན། །དེ་དག་མ་ལུས་འདི་ལས་བྱུང་། །གང་ཞིག་རྒྱལ་དང་རྒྱལ་སྲས་སྔགས། །སེམས་ཅན་ཕྱིར་ནི་གསུངས་པ་རྣམས། །གང་ཞིག་དེ་ཟློས་མངོན་བརྩོན་པའང་། །དེ་ནས་ངེས་པར་སངས་རྒྱས་འགྱུར། །གང་ཡང་སྔགས་ནི་བར་མ་དག །གང་ཞིག་ཟློས་པ་དེ་ཟློ་བྱེད། །རང་སངས་རྒྱས་སུ་ཡང་དག་
བསྟན། །ངེས་པར་དེ་ཡི་རིགས་ཀྱང་ཡིན། །སྔགས་ནི་ཐ་མར་རབ་ཞུགས་པ། །ཉན་ཐོས་དགྲ་བཅོམ་གྱིས་བཤད་དང་། །འཇིག་རྟེན་མ་ལུས་ཀུན་ལ་ཡང་། །སྔགས་ཟློས་པ་ལ་མངོན་བརྩོན་པ། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཡིས། །ངེས་པར་རིགས་སུ་དེ་གནས་ཡིན། །མཆོག་དང་
Vol. 88 · folio 289a
ཐ་མ་བར་མ་ཡི། །དེར་ཡང་ལས་ནི་རབ་སྦྱར་བྱ། །ཞི་བས་སངས་རྒྱས་བྱང་ཆུབ་འགྱུར། །རྒྱས་པ་ཡིས་ནི་རང་རྒྱལ་ཏེ། །གཞན་པ་ཕྲན་ཚེགས་ལས་ཀྱིས་ནི། །ཉན་ཐོས་ཀྱི་ནི་བྱང་ཆུབ་བརྗོད། །དེ་ནི་རྣམ་གསུམ་དབྱེ་བ་སྟེ། །དེར་ཡང་སེམས་ནི་བལྟ་བར་བྱ། །མང་
པོར་ཡང་ནི་དབྱེ་བྱ་སྟེ། །གྲངས་མེད་པར་ཡང་དབྱེ་བས་སོ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས་ཕྱག་རྒྱ་དང་། སྔགས་དང་། ལས་ཐམས་ཅད་དང་ངེས་པར་སྡོམ་པའི་ལེའུ་རབ་འབྱམ་ལས་སུམ་ཅུ་རྩ་
གཉིས་པ་རྫོགས་སོ།། །།དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཕྱག་ན་རྡོ་རྗེ་འཁོར་དེར་འདུས་པར་གྱུར་ཏེ། འདུག་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ།
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཅེས་བྱ་བས་བཤད་པ་དེའི་ཆོ་ག་རྒྱ་ཆེ་བ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལའང་བཀའ་མ་སྩལ་བས།
བཅོམ་ལྡན་འདས་བདག་དང་ཕྱི་མའི་སྐྱེ་བོ་ལ་གཟིགས་ནས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཏེ། བསྟན་པ་ནུབ་པའི་དུས་ལ་བབ་སྟེ། འཇིགས་པ་ཆེན་པོ་རྩོད་པའི་དུས་ཐ་མ་ལ་ཉན་ཐོས་དང་རང་སངས་རྒྱས་དག་མེད་པ་ན། སངས་རྒྱས་ཀྱི་ཞིང་དུ་དེ་བཞིན་གཤེགས་པའི་
བསྟན་པ་ཡང་དག་པར་བསྲུང་བའི་ཕྱིར་དང་། ཆོས་ཀྱི་ཁམས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང་། རྒྱལ་པོ་མ་རུངས་པ་ཐམས་ཅད་བཟློག་པའི་ཕྱིར་དང་། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དག་ཚར་གཅད་པའི་ཕྱིར་དང་། གདུལ་བྱའི་སེམས་ཅན་ལ་བསམ་གྱིས་མི་ཁྱབ་པའི་
ཐབས་མཁས་པ་བསྟན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པའི་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབ་པའི་ཕྱིར་དང་། བཅོམ་ལྡན་འདས་ཕྱི་མའི་དུས་དང་ཕྱི་མའི་དུས་སུ་བསྟན་པ་རྣམ་པར་འཇིག་
Vol. 88 · folio 289b
པར་འགྱུར་བ་ན། གང་འདི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་ཆོ་ག་ཇི་ལྟ་བ་བཞིན་གསུངས་པ་རབ་ཏུ་སྦྱར་ན་དེ་ལ་གྲུབ་པར་འགྱུར་ཏེ། ངེས་པར་རྒྱལ་པོ་མ་རུངས་པ་བསྟན་པ་ལ་གནོད་པ་བྱེད་པ་དང་། སེམས་ཅན་ཕྱོགས་ཆེན་པོ་དང་ལྡན་པ་དང་སྤྲོ་བ་ཆེན་པོ་དང་ལྡན་པ་རྣམས་ཚར་
གཅད་པ་དང་རྗེས་སུ་གཟུང་བ་ལ་རབ་ཏུ་ཞུགས་པ་དང་སྙིང་རྗེ་ཆེན་པོ་དང་བྲལ་བ་དེ་དག་ལ་ཁྲོ་བོའི་རྒྱལ་པོ་འདི་རབ་ཏུ་སྦྱར་བར་བྱའི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བའི་བའི་བྱིན་གྱིས་རླབས་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པའང་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཡང་རྣམ་པ་དྲུག་ཏུ་རབ་ཏུ་འགུལ་བར་གྱུར་ཏོ། །ལྷ་ཚོགས་དག་ཀྱང་འཇིགས་པར་གྱུར། །བྱིས་པ་ཀུན་ཀྱང་རབ་ཏུ་
དངངས། །ལྷ་རྣམས་ཀུན་དང་ཀླུ་དག་དང་། །ལྷ་མིན་དབང་དང་མ་མོར་བཅས། །གཟའ་རྣམས་ཀུན་གྱི་གཙོ་བོ་དང་། །ལྷ་ཚོགས་མི་དང་བཅས་པ་དང་། །མ་རུངས་སེམས་ལྡན་སྲུལ་པོ་དག །རབ་འགུལ་ཡིད་ནི་མི་བརྟན་གྱུར། །མི་ཡི་བདག་པོ་གདུག་ལྡན་སེམས། །དེ་དག་ཉམ་
ཐག་འཇིགས་པར་གྱུར། །ཆོས་ཀྱི་རྒྱལ་པོའི་བསྟན་པ་ལ། །དེ་ཚེ་དེ་དག་སྐྱབས་སུ་སོང་། །གནོད་སྦྱིན་གསང་བའི་བདག་པོ་ནི། །འོད་ཆེན་ཕྱག་ན་རྡོ་རྗེ་དང་། །གཞོན་ནུར་གྱུར་པའི་སྔགས་རྒྱལ་དང་། །འཇམ་དཔལ་དབྱངས་ལའང་དེ་འཇིགས་ནས། །འཇམ་པའི་དབྱངས་ཀྱི་དྲུང་
དུ་ནི། །དེ་ཚེ་དེ་དག་དམ་ཚིག་བླངས། །མ་རུངས་སྔགས་ནི་མི་བཟད་པས། །ཀྱེ་མ་བདག་ཅག་ངེས་བསྲེག་ཅིང་། །དེ་རིང་ཁྲོ་བོས་བརྒྱལ་འགྱུར་ཞིང་། །ས་ཡི་སྟེང་དུ་འགྱེལ་འགྱུར་བས། །སེམས་ཅན་ཐུགས་ལ་ཐུགས་བརྩེ་བས། །ཡོངས་སུ་བསྐྱབ་ཅིང་བསྲུང་དུ་གསོལ། །དེ་
ནས་འོད་ཆེན་བྱིས་པའི་གཟུགས། །བྱང་ཆུབ་སེམས་དཔའ་དེས་སྨྲས་པ། །ལྷ་དང་གནོད་སྦྱིན་སྲིན་པོ་དང་། །ལྷ་མིན་ཐམས་ཅད་མ་འཇིགས་ཤིག །མི་དང་མི་མ་ཡིན་པ་དང་། །འབྱུང་པོ་མ་ལུས་ལྷ་རྣམས་ཀུན། །ཁྱོད་ཀྱི་དམ་ཚིག་ངས་བཤད་བསྲུང་། །རྟག་ཏུ་བྱམས་སེམས་གྱུར་ནས་ནི། །
Vol. 88 · folio 290a
རྟག་ཏུ་རང་གི་སྔགས་ཀྱང་དྲན། །ཤཱཀྱ་སེང་གེ་མི་ཡི་མཆོག །རྐང་གཉིས་མཆོག་ནི་རྫོགས་སངས་རྒྱས། །དེ་ཉིད་ཀྱིས་གསུང་སྔགས་དང་ནི། །གཙུག་ཏོར་སྤྱན་ལ་སོགས་པའོ། །འཇིག་རྟེན་གསུམ་ལ་འཁོར་ལོ་རྒྱལ། །གཟི་བརྗིད་ཕུང་པོ་དམ་པ་རྒྱལ། །རྣམ་རྒྱལ་
གཙུག་ཏོར་གསང་སྔགས་དང་། །ཕྱག་ན་པདྨ་རྣམ་གཟིགས་དང་། །ཀུན་ཏུ་གཟིགས་པའི་མགོན་པོ་དང་། །ཁྲོ་གཉེར་སྒྲོལ་མ་གྲགས་ལྡན་མ། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་ཆེན་མ་དང་སྙན་ལྡན་མ། །རིགས་མ་ལོངས་སྤྱོད་ལྡན་མ་དང་། །རྟ་མགྲིན་སྔགས་ཀྱི་
རྒྱལ་པོ་དང་། །དེ་དག་པདྨའི་རིག་སྔགས་དང་། །གཙོར་ནི་རྒྱལ་བས་གསུང་བ་དང་། །ཡི་གེ་གཅིག་དང་འཁོར་ལོས་སྒྱུར། །སྔགས་རྣམས་བདག་པོའི་མངའ་བདག་དང་། །འོད་ཆེན་སྔགས་ཀྱི་མགོན་པོ་ནི། །འདི་དག་དེ་བཞིན་དྲན་པར་གྱིས། །གཤིན་རྗེ་གཤེད་ཅེས་བྱ་བ་
ཡི། །ཁྲོ་བོའི་གཙོ་བོ་དེ་ཡང་དྲན། །མགོན་པོ་སྤྱན་རས་གཟིགས་པ་ཡི། །ཐུགས་ནི་ཐུགས་རྗེ་བྱུང་བ་དང་། །ཐུགས་རྗེ་ཆེན་པོས་ཐུགས་བརླན་པར། །སངས་རྒྱས་སྔ་མས་གསུངས་པའང་དྲན། །སྒྲོལ་མ་སྐྱེ་བོ་སྒྲོལ་བར་ནི། །སྤྱན་རས་གཟིགས་ཀྱིས་གསུངས་པ་དང་། །
རྟག་དང་ཏིང་འཛིན་སྐྱེས་འཕགས་མ། །མིང་གི་གཟུགས་ནི་བསྟན་པའང་ཡིན། །བྱང་ཆུབ་སེམས་བཞིན་སྤྱོད་པ་སྟེ། །བྱང་ཆུབ་སྤྱོད་བྱེད་དམ་པའང་ཡིན། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །གྲངས་མེད་རྣམ་པ་མང་པོར་ཡང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དེ་ཚེ་ལྷ་
མོ་རྒྱུ་བར་བྱེད། །བུད་མེད་གཟུགས་ནི་བཟུང་ནས་ཀྱང་། །སྔགས་ཀྱི་ཚུལ་གྱིས་ལུས་ཅན་ལ། །དེ་ཚེ་སེམས་ཅན་འདུལ་བྱེད་ཅིང་། །བྱང་ཆུབ་ཐེག་པར་སྦྱོར་བར་བྱེད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །བསམ་ཞིང་བསྟན་པར་མི་ནུས་སོ། །ཕྱག་ན་རྡོ་རྗེ་དཔའ་བོ་ནི། །སྔགས་
རྣམས་ཀུན་གྱི་བདག་པོའང་དྲན། །བདག་མ་རིག་འཛིན་ལྷ་མོ་ནི། །འཇིག་རྟེན་གསུམ་གྱིས་རབ་མཆོད་དང་། །ལུ་གུ་རྒྱུད་དང་འོག་བག་མ། །རྡོ་རྗེ་ཁུ་ཚུར་སྙན་ལྡན་མ། །ཁྲོ་དབང་ཐིག་ལེ་དཀར་མོ་དང་། །དབྱུག་སྔོན་འཇིགས་པར་བྱེད་དང་བཅས། །འདི་དག་ཁྲོ་མོ་ཕོ་ཉའི་ཚོགས། །
Vol. 88 · folio 290b
རིགས་མའི་སྤྱན་དུ་རབ་ཏུ་བསྟན། །རྡོ་རྗེའི་རིགས་ལ་གཙོ་བོ་སྟེ། །གང་ཞིག་དྲན་ན་ཕན་ཞིང་སྲུང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །འཇིག་རྟེན་དག་ན་སྤོས་གླང་དང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །བློ་ལྡན་མཐུ་ཆེན་ཐོབ་དང་ནི། །སྲས་ཀྱི་ཐུ་བོ་གཙོ་བོ་ནི། །
ཀུན་ཏུ་བཟང་པོ་དགེ་བ་སྟེ། །དེ་ཚེ་གང་གིས་དྲན་གྱུར་པ། །དེ་ལ་འཇིགས་པ་ཡོད་མ་ཡིན། །རྟག་ཏུ་དེ་ཚེ་ནོར་བཟང་དང་། །གནོད་སྦྱིན་དམ་པ་ཛམ་བྷ་ལ། །ཉན་ཐོས་རང་རྒྱས་མ་ལུས་པ། །དྲན་ན་འཇིགས་པ་ག་ལ་ཡོད། །ཀུན་ནས་དེ་དག་མཆོད་བྱས་ན། །སྲུང་བ་ཆེན་པོར་རབ་
ཏུ་བསྟན། །དེ་ཚེ་འབྲས་བུ་ཆེ་ལྷ་དང་། །བསོད་ནམས་སྐྱེས་དང་འདུ་ཤེས་མེད། །གཟུགས་མེད་གཟུགས་ཅན་ལྷ་དག་དང་། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །དཀོན་མཆོག་གསུམ་ལ་མཆོད་བྱེད་དང་། །རྒྱལ་བའི་བསྟན་ལ་རབ་དང་བ། །སྔགས་དང་དགྲ་ལ་རྟག་
འཇིགས་པ། །དེ་དག་ལ་ནི་ཅུང་ཟད་མེད། །དེ་ལྟར་དམ་ཚིག་རྒྱུད་གསུངས་པ། །སྔགས་པ་ཀུན་གྱིས་སྒོམ་མིན་ཏེ། །འདི་ནི་ཁྲོ་རྒྱལ་མཆོག་ཅེས་པ། །གཤིན་རྗེ་གཤེད་ཀྱིས་བརྗོད་པ་ཡིན། །སེམས་ཅན་དམ་ཚིག་ལ་གནས་ན། །མི་ནི་མ་ལུས་གནོད་མི་ནུས། །ལྷ་དང་ལྷ་
མིན་ཐམས་ཅད་ད་དག །དེ་ནས་ཡིད་ནི་དགའ་གྱུར་ནས། །རྒྱལ་བའི་སྲས་ཀྱིས་རབ་བསྐུལ་ནས། །ཐམས་ཅད་དམ་ཚིག་བསྟན་གནས་གྱུར། །གནོད་སྦྱིན་བདག་པོ་ཁྲོ་ལྡན་པས། །ཁྱད་དུ་གསོད་ཚིག་བརྗོད་པར་བྱེད། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །དེ་ཚེ་ཐམས་ཅད་རབ་
ཏུ་འགུལ། །དོན་མེད་ཁྲོ་བོའི་རྒྱལ་པོ་ཡིས། །ཅི་ཡི་ཕྱིར་ན་འདི་བསྟན་བྱས། །སེམས་ཅན་རྣམས་ནི་གདུལ་དོན་དུ། །དེ་ཚེ་སྔོན་གྱི་རྒྱལ་བའི་སྲས། །ཁྲོ་བོའི་རྒྱལ་པོའི་ནུས་པ་ནི། །སྔོན་ཆད་བསྟན་པ་མ་ཡིན་ནམ། །རྡོ་རྗེ་ཅན་གྱིས་དེ་སྨྲས་ནས། །རྡོ་རྗེ་ས་ལ་དོར་ཞིང་གནས། །
རྫུ་འཕྲུལ་ཆེན་པོ་བྱིས་པའི་གཟུགས། །བློ་དང་ལྡན་པ་འཇམ་པའི་དབྱངས། །གཞོན་ནུ་རབ་ཏུ་བཞད་གྱུར་ནས། །ཚིག་འདི་དག་ནི་སྨྲས་པ་སྟེ། །ལག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །གནོད་སྦྱིན་ཆེན་པོ་སྡང་མ་བྱེད། །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེ། །འདི་ནི་ང་ཡིས་རབ་ཏུ་བསྟན། །
Vol. 88 · folio 291a
དེ་བཞིན་རྗེས་སུ་སྦྱིན་པར་བྱ། །ཇི་ལྟར་འདོད་བཞིན་རབ་ཏུ་སྟོན། །ཁྱོད་ཀྱིས་ཁྲོ་བོའི་མཐུ་དག་ནི། །ཡོངས་སུ་བསྟན་པར་མི་ནུས་ཏེ། །འདི་ནི་ཁྱོད་ཉིད་ལ་གནས་ཏེ། །ལུས་འདིར་གནས་ཤིང་སྣང་བ་ཡིན། །དེ་ཉིད་ཁྱོད་ཀྱིས་དྲངས་པ་སྟེ། །ཁྱོད་ཉིད་ཀྱི་ནི་སྙིང་ལ་
དྲིས། །ཁྲོ་བོའི་མཐུ་ནི་ཁུགས་པ་དག །འདིར་ནི་བཟློག་པར་ནུས་པ་མིན། །ཇི་ལྟར་འདོད་བཞིན་ཁྱོད་ལ་བསྟན། །གཞན་དུ་དམ་ཚིག་བཏང་བ་ཡིན། །ཁྲུས་མེད་རབ་ཏུ་ཉལ་བ་དང་། །གྲོང་གི་ཆོས་ལ་རྗེས་འཇུག་དང་། །ཏིལ་མར་གྱིས་བྱུགས་སྲུང་མེད་དང་། །རྟག་ཏུ་གདུག་པའི་
སེམས་ལྡན་དང་། །སྔགས་མཆོག་ཐམས་ཅད་སྤངས་པ་དང་། །བསྟན་པ་ལ་ནི་མ་ཞུགས་དང་། །དེ་བཞིན་མི་ནི་ཐེ་ཚོམ་ལྡན། །དད་པ་མེད་ཅིང་འགྱོད་པར་གནས། །དམ་ཆོས་ཐེ་ཚོམ་ཐོབ་པ་དང་། །དེ་སྤོང་མཉམ་པར་མ་བཞག་དང་། །གཅེར་བུ་རྟག་པར་ལྷག་མར་ལྡན། །
མི་གཙང་སྤྱོད་པའི་སྤྱོད་ཡུལ་དང་། །མི་བརྩོན་སྔགས་དང་མི་ལྡན་དང་། །རྟག་ཏུ་བརྩེ་མེད་ལྷག་མར་ལྡན། །ལྷ་ཡི་གནས་དང་མཆོད་རྟེན་དང་། །ལྷ་གང་འཁོར་ས་དཀྱིལ་འཁོར་དུ། །འཁྲིག་པ་ལ་ནི་མངོན་དགའ་བ། །ཁྲོ་བོས་དེ་དག་རྣམ་པར་འཇིག །དམ་ཚིག་ཉམས་དང་དད་མེད་
དང་། །སྔགས་ཀྱི་རིགས་པ་མི་ཤེས་དང་། །ཅུང་ཟད་ཤེས་པ་འཁྲུལ་པ་དང་། །སྤྱོད་པ་འཁྲུལ་པ་དེ་དག་ལ། །ཁྲོ་བོས་རྣམ་པར་འཇིག་པར་བྱེད། །མི་ཡི་འཇིག་རྟེན་རྣམ་ཀུན་དུ། །བག་ཡོད་པ་ནི་མེད་པ་དང་། །བག་མེད་ཤིན་ཏུ་འདོད་ཆགས་ཅན། །དམ་ཚིག་ཉམས་
ཤིང་སྐྱོན་ལྡན་ལ། །སྔགས་རྣམས་ལེགས་པར་སྦྱར་བ་ཡིས། །ཁྲོ་བོའི་རྒྱལ་པོས་འཇོམས་པར་བྱེད། །བག་མེད་རིགས་མིན་འགྲོ་བ་ཡི། །བྱིས་པ་རྣམས་ཀུན་ཐམས་ཅད་དང་། །རྟག་ཏུ་འདོད་ཆགས་བྲལ་གྱུར་པའི། །རང་རྒྱལ་དགྲ་བཅོམ་ཉན་ཐོས་ཀུན། །ཁྲོ་བོ་ཡི་
ནི་རྒྱལ་པོ་ཡིས། །ཐམས་ཅད་དུ་ནི་འཆིང་དང་གཅོད། །དེ་སྐད་སྨྲས་ནས་འཇམ་དཔལ་ནི། །སྙིང་རྗེ་ཡི་ནི་བརླན་སེམས་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །རྫུ་འཕྲུལ་སྤྱོད་པ་བསམ་མི་ཁྱབ། །དེ་སྐད་སྨྲས་ནས་དེ་དག་ཀུན། །ཅང་མི་སྨྲ་བར་གྱུར་ནས་
Vol. 88 · folio 291b
གནས། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཕྱིར་ཡང་རྡོ་རྗེ་རབ་ཏུ་བླངས། །དེ་ཚེ་རྡོ་རྗེ་བླངས་ནས་ཀྱང་། །ཁྲོ་རྒྱལ་མཐུ་ནི་ཤེས་ནས་དགའ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གཤིན་
རྗེ་གཤེད་ཀྱི་ཡོངས་སུ་བསྔགས་པ་དང་སྔགས་ཀྱི་བདག་ཉིད་ཆེན་པོའི་ངེས་པར་སྡོམ་པའི་ལེའུ་རབ་འབྱམ་ལས་སུམ་ཅུ་རྩ་གསུམ་པ་རྫོགས་སོ།། །།དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་བལྟས་ཏེ།
གནས་གཙང་མའི་སྟེང་ན་འདུག་པར་གྱུར་པའི་ཚོགས་དེ་དག་ལ་སྨྲས་པ། དང་པོ་རེ་ཞིག་གྲོགས་པོ་ཁྱེད་ཅག་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ། གདུལ་དཀའ་འདུལ་བར་བྱེད་པ། གཤིན་རྗེའི་འཚོ་བ་མཐར་བྱེད་པ། སེམས་
ཅན་མ་རུངས་པ་ཚར་གཅོད་པ་དེ་གཙོར་བྱེད་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་སྨྲས་པ། དེའི་རས་རིས་ཀྱི་ཆོ་ག་ཡོད་དེ་དེ་ཉོན་ཅིག །ཚེས་གྲངས་དང་ནི་རྒྱུ་སྐར་དང་། །སྨྱུང་བ་དག་ཀྱང་མི་བྱ་སྟེ། །དགྲ་ཡི་འཇིགས་པ་བྱུང་བ་ན། །རས་རིས་འདི་ནི་བྲི་བར་བྱ། །མར་
ངོའི་ཟླ་ཕྱེད་དག་གནས་ཏེ། །ཚེས་གྲངས་བཅུ་བཞིའམ་བརྒྱད་དག་ལ། །བྲམ་ཟེ་དམ་པ་མཆོག་དག་གི། །དུར་ཁྲོད་ཤི་བའི་རོ་རྙེད་ན། །དེ་ནི་མཚན་མོ་མུན་པར་བླངས། །དེ་ཡི་ཁྲག་གིས་ཚོན་རྩི་བྱ། །རས་ནི་ཆུ་ཡིས་ལན་གསུམ་བཀྲུ། །དེ་ནས་དེ་ནི་བསྐམ་པར་བྱ། །འདྲི་
བྱེད་གདུག་སེམས་ཁྲོ་ལྡན་ཞིང་། །འཇིགས་པར་བྱེད་པས་བྲི་བར་བྱ། །མར་ངོའི་ཟླ་ཕྱེད་དུར་ཁྲོད་དུ། །ཞག་ནི་གསུམ་མམ་བདུན་དུ་བྲི། །ཚེས་བརྒྱད་བཅུ་བཞིའི་ནུབ་མོར་ནི། །ཞག་ཆེན་མར་མེ་སྦར་བ་ལ། །དེར་གནས་རི་མོ་བྱེད་པ་ནི། །རྟག་ཏུ་གཡས་ཀྱི་ཕྱོགས་སུ་བལྟ། །
མི་ཡི་ཐོད་པས་གདན་བྱས་ཤིང་། །མཉམ་པར་བཞག་སྟེ་བསྲུང་བ་བྱ། །དགྲ་ཡི་སྡུག་བསྔལ་གྱིས་ཉེན་ན། །ཡང་ན་སྔགས་པ་རང་གིས་བྲི། །དང་པོའི་མཚན་མོར་རྩོམ་པ་ན། །དགྲ་རྣམས་ལུས་ལ་ཚ་བ་འབྱུང་། །གཉིས་པར་ཚ་བ་ཆེན་པོ་ཡིས། །དགྲ་རྣམས་
Vol. 88 · folio 292a
བརྒྱལ་བས་གནོད་པར་འགྱུར། །གསུམ་པའི་མཚན་མོར་སྲོག་འདོར་ཞིང་། །འཇིག་རྟེན་ཕ་རོལ་འགྲོ་བར་འགྱུར། །སྔགས་པ་རབ་ཏུ་མ་དང་ན། །དེ་ལ་ཞི་བ་ག་ལ་ཡོད། །དགྲ་ཡི་ལུས་ནི་བསྐམ་འགྱུར་ཞིང་། །ཁྱིམ་ལ་འཇིགས་པའང་འབྱུང་བར་འགྱུར། །གཤིན་
རྗེ་གཤེད་ནི་འཇིགས་ཆེན་གྱི། །རས་རིས་འདི་ནི་བྲིས་ཙམ་གྱིས། །ཞལ་དྲུག་ཞབས་དྲུག་ཕྱག་དྲུག་བྲི། །ཁ་དོག་སྔོ་ཞིང་གསུས་པ་འཕྱང་། །ཁྲོ་ལྡན་ཐོད་པའི་ཕྲེང་བ་འཆང་། །སྟག་གི་པགས་པ་རབ་ཏུ་མནབས། །མཚོན་ཆ་སྣ་ཚོགས་མི་བཟད་ལྡན། །ལག་ན་དབྱུག་ཏོ་འཇིགས་
པར་བྱེད། །སྤྱན་ནི་དམར་ཞིང་ཁྲོ་དང་བཅས། །སྤྱན་གསུམ་དག་གིས་རྣམ་པར་མཚན། །སྐྲ་འབར་གྱེན་དུ་བརྫེས་པ་ནི། །དེ་བཞིན་ལ་ལར་དུ་བའི་མདོག །མིག་སྨན་ནག་པོ་མི་བཟད་དང་། །དབྱར་གྱི་སྤྲིན་ནག་འདྲ་བའི་མདོག །གཤིན་རྗེའི་གཟུགས་དང་འདྲ་བ་ཡི། །མ་ཧེ་
ལ་ཞོན་ཡང་དག་བྲི། །གདུག་པའི་ལས་ཅན་འཇིགས་པ་ཆེ། །དྲག་ཅིང་དྲག་པོ་འཇོམས་བྱེད་པ། །སེམས་ཅན་འཇིགས་པར་བྱེད་པ་ཡི། །གཤིན་རྗེའི་འཚོ་བ་འཇིགས་བྱེད་བརྗོད། །ཤིན་ཏུ་གདུག་པའི་ལས་ཅན་དང་། །འཇིགས་ཤིང་ཤིན་ཏུ་མི་བཟད་པ། །ལུས་ཅན་ཐམས་ཅད་
གསོད་བྱེད་པ། །འཇིགས་པའང་འཇིགས་ཤིང་དངངས་བྱེད་པ། །བདག་གི་ཁྲག་གི་ཚོན་དག་གིས། །ཁྲོ་བོ་མཆོག་འདི་བྲི་བར་བྱ། །ཞག་ཆེན་པོ་ཡི་ཞག་དང་ནི། །ཤིན་ཏུ་དམར་བའི་ཚོན་བསྲེས་བྲི། །མཚོན་རྩིའི་སྣོད་དུ་ཐོད་པ་བྱ། །མི་ཡི་རུས་པས་པིར་ཤིང་བྱ། །ཤི་བའི་
སྐྲ་ལས་བྱས་པ་ཡིས། །པིར་དང་པིར་ནི་བཅིང་བའང་བྱ། །རང་ངམ་རི་མོ་མཁན་གྱིས་ཀྱང་། །དེ་ནས་ཟས་མི་བཟའ་བར་བྲི། །གཏོར་མ་མེ་ཏོག་མང་པོ་སོགས། །ཕྲེང་བ་དམར་དང་ཙནྡན་དམར། །ཤ་ཆེན་ཚིལ་གྱི་སྤོས་དང་ནི། །ཞག་གི་སྤོས་ཀྱིས་མཆོད་པར་བྱ། །
རས་རིས་དམ་པ་དེ་ལ་ནི། །དང་པོ་བར་མཐར་མཆོད་པར་བྱ། །རས་རིས་ཡོངས་སུ་རྫོགས་བྱས་ན། །རི་མོ་མཁན་ལ་སྦྱིན་པའང་བྱ། །ནོར་ནི་རབ་ཏུ་མང་པོའམ། །ཡང་ན་གང་གི་དགེ་བའང་སྦྱིན། །ལས་ཀྱང་འཇིགས་པ་ཆེན་པོ་བས། །དེ་ཡི་དོན་མེད་མི་བྱའོ། །མདོར་
Vol. 88 · folio 292b
ན་དཔའ་བོའི་རིན་དུ་ནི། །ཇི་ལྟར་འདོད་པ་དེ་ལ་བྱ། །བཟོ་ཡི་ལས་ནི་འབྲས་བཅས་བྱ། །ཁ་ཟས་མེད་པའང་རྣམ་པར་སྤང་། །ཇི་ལྟར་དེ་ནི་ཡང་དག་དགའ། །དེ་ལྟ་དེ་ལྟར་རབ་ཏུ་སྦྱར། །སྲུང་བ་ཆེན་པོའང་རབ་ཏུ་བྱ། །གཞན་དུ་དེ་ནི་འཆི་འགྱུར་ཞིང་། །བཟོ་བོ་
བཟའ་དང་བཅས་འཇིགས་པས། །བདག་གིས་ཀྱང་ནི་མངོན་པར་བསྲུང་། །རིགས་པ་བཟླས་ནས་བྱ་བ་སྟེ། །གཞན་དུ་ཆོ་གར་བརྗོད་པ་མིན། །རས་རིས་ཡོངས་སུ་གསལ་བྱས་པའམ། །ཡིད་ལ་འདོད་པ་བྱས་མཐོང་ན། །གདུག་པའི་དགྲ་རྣམས་འཇོམས་བྱེད་
པའི། །ལས་ནི་ཐམས་ཅད་བྱེད་པར་འགྱུར། །རས་རིས་མཆོག་བླངས་འགྲོ་བ་ནི། །ཇི་ལྟར་འདོད་པའམ་གར་འདོད་པའོ། །ཕྱོགས་ཆེན་རྒྱལ་པོ་ཆེན་པོ་དང་། །སེམས་ཅན་དེ་ནི་དྲེགས་བཅས་དང་། །མངོན་པའི་ང་རྒྱལ་ང་རྒྱལ་ཆེ། །གདུག་དང་གདུག་པའི་
ལས་རྣམས་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །ཆད་པར་སྨྲ་དང་སྔགས་སྤངས་དང་། །སྔགས་རྣམས་མཆོད་པར་མི་བྱེད་དང་། །དེ་ལ་དད་རྟེན་སྨོད་པ་དང་། །གང་ཡང་ཟློས་པ་སྨོད་བྱེད་དང་། །དེ་བཞིན་མཆོད་རྟེན་ཁྱད་དུ་གསོད། །ཆོ་ག་མཐོང་བའི་ལས་
ཀྱིས་ནི། །དེ་དག་ལ་ནི་སྦྱོར་བ་བྱ། །སེམས་ཅན་ཀུན་དང་སྐྱོབ་པ་ལ། །རྟག་ཏུ་དེ་བཞིན་ཆོས་མི་ལྡན། །དེ་དག་ལ་ནི་ལས་རབ་སྦྱར། །འཕྲལ་དུ་སྲོག་ནི་འགག་པར་བྱེད། །ལུང་ཏང་འབྲས་བུ་སྔགས་བཟླས་བླངས། །རྩ་བ་དང་ནི་ཤུན་པའང་བླང་། །འབྲས་བུའི་རང་སྐྱུར་
ཡང་དག་ལྡན། །མི་ཡི་རུས་ཕྱེ་ལེགས་བཏགས་དང་། །ཡུངས་མར་དང་ནི་དུག་ཉིད་དང་། །སྟར་བུ་དད་ནི་ལང་ཏང་ཚེ། །སྐེ་ཚེ་དང་ཡང་ཁྲག་ཉིད་ཀྱང་། །མི་ལས་ཡང་དག་བྱུང་བ་དག །ཐམས་ཅད་བླངས་ནས་ཡང་དག་ལྡན། །རས་རིས་དབེན་པའི་ཕྱོགས་སུ་
བཞག །སྒྲུབ་པོ་ལྷོ་ཕྱོགས་མངོན་བལྟས་ནས། །རས་རིས་ཀྱང་ནི་བྱང་དུ་བསྟན། །མེ་ཐབ་ཇི་འདོད་བྱས་ནས་ནི། །ཚ་ཞིང་སྐམ་པའི་ཤིང་དག་གིས། །མེ་ཐབ་དེ་ལ་མཉམ་བཞག་ནས། །དུར་ཁྲོད་མེ་ཡི་སྦར་བར་བྱ། །ཐམས་ཅད་ལྡན་པས་བསྲེག་བྱས་ན། །ཆོ་གར་
Vol. 88 · folio 293a
བསྟན་པའི་སྦྱིན་སྲེག་ཡིན། །ཁྲོ་བོའི་རྒྱལ་པོའི་སྔགས་ཀྱིས་ནི། །མེ་ལྷ་དག་ནི་སྤྱན་དྲང་བྱ། །ལས་རྣམས་དག་ནི་ཀུན་ལའང་འདིར། །མདུང་གི་ཕྱག་རྒྱ་བཅིང་བར་བྱ། །མེ་ཐབ་ལ་ནི་ཁྲོར་བཅས་པས། །རྩ་བརྒྱད་སྟོང་གིས་སྲེག་བླུགས་སྦྱིན། །
དང་པོར་བུ་དག་འཆི་བ་ནི། །སེམས་ཅན་ཞུགས་ནས་དེ་བཞིན་འགྱུར། །གཉིས་པ་ལ་ནི་ཆུང་མ་དང་། །འཁོར་དང་གཙོ་བོར་བཅས་པའང་ཡིན། །དེ་ལ་གསུམ་པར་འཆི་བ་ནི། །གང་གི་ཆེད་དུ་དེ་བྱས་པའོ། །གང་ཚེ་མཚན་ཕྱེད་བཟླས་པ་ནི། །རས་རིས་མདུན་དུ་བྱེད་པ་
ཡང་། །དགྲ་རྣམས་གསད་པར་བྱ་ཕྱིར་ཏེ། །དེ་ནི་དེ་དང་མཐུན་པར་འགྱུར། །དེ་ཡི་ཡུལ་འཁོར་འཇིག་པར་འགྱུར། །དཔུང་ཡང་འཆི་བར་འགྱུར་བ་སྟེ། །མེས་ཚིག་རླུང་ནི་ཆེན་པོ་དང་། །ཆར་ཆེན་དག་ཀྱང་འབྱུང་བར་འགྱུར། །ཐམས་ཅད་བསྡུས་པའི་ཚོགས་དག་ནི། །ཕ་རོལ་
ཚོགས་ཀྱིས་གནོད་པར་འགྱུར། །དེ་ལ་གནོད་པ་སྣ་ཚོགས་དང་། །ནད་ཆེན་དག་གིས་ཡང་དག་ཁྱབ། །རྒྱལ་པོ་དེ་ཡི་ལུས་ཀུན་ཀྱང་། །སྐམ་པར་འདི་ལ་ཐེ་ཚོམ་མེད། །དེ་ཡི་ཁྱིམ་ནི་ཐམས་ཅད་ཀྱང་། །མི་མ་ཡིན་པས་ཡང་དག་དཀྲུགས། །མལ་དུ་བརྟན་
པ་མི་རྙེད་ཅིང་། །ས་ཡི་སྟེང་དུའང་འཁོར་བར་འགྱུར། །སྲིན་པོ་ཡི་དགས་ཤ་རྗེན་ཟས། །དེ་ཡི་ཁྱིམ་ནི་ཡོངས་སུ་བསྐོར། །ཐམས་ཅད་དུ་ནི་ཉམ་ཐག་འཇིགས། །སྡུག་བསྔལ་དྲག་པོས་སྡུག་བསྔལ་འགྱུར། །ས་སྟེང་ལྷ་ཡི་དབང་ཕྱུག་སོགས། །དེ་ཡི་སྲུང་
བ་བྱེད་མི་ནུས། །འཇིག་རྟེན་སྐྱོང་བ་ཚངས་སོགས་དང་། །བརྒྱ་བྱིན་སོགས་པ་སུམ་ཅུའི་དབང་། །སྔགས་ཀུན་ལྷ་དང་བཅས་པ་དང་། །འཇིག་རྟེན་ཀུན་ལས་བྱུང་བའང་རུང་། །ང་རྒྱལ་གྱིས་འཁྲུགས་མ་རུངས་དགྲ། །དེ་ཡི་འཚོ་བ་དེ་མཐར་བྱེད། །མཚན་ཕྱེད་ཉི་མ་
གུང་དག་ལ། །གང་དུ་ཁྲོས་ནས་ཟློས་བྱེད་པ། །གཤིན་རྗེ་ཁྲོས་པ་མངོན་སུམ་ལྟར། །བསྲུང་བར་ཡང་ནི་རུང་མ་ཡིན། །མར་ངོའི་ཟླ་ཕྱེད་ཅི་འདོད་པར། །ས་སྟེང་རས་རིས་བཞག་ནས་ནི། །གཏོར་མ་མཆོད་པ་ཆེ་བྱ་བ། །དུར་ཁྲོད་དགོན་པའི་གནས་དང་ནི། །ཤིང་
Vol. 88 · folio 293b
གཅིག་དེ་བཞིན་རྟགས་དང་ནི། །བྲག་དང་བས་མཐའ་ཕུག་ཀྱང་རུང་། །གཅིག་པུ་གཉིས་སུ་མེད་པར་ཡང་། །རྟག་ཏུ་ལས་རྣམས་ཡང་དག་བརྩམས། །དགོན་པ་ཆེན་པོ་དབེན་པ་དང་། །ལྷ་ཡི་ཁང་པ་སྟོང་པ་དང་། །ཁང་སྟོང་དང་ནི་ཆུ་བོ་དང་། །རྒྱ་མཚོའི་འགྲམ་
ལ་བརྟེན་པ་དང་། །གྲོང་ཁྱེར་དེ་དང་ཉེ་བ་དང་། །དེར་གནས་ཡང་ན་ཅི་འདོད་པར། །དཔག་ཚད་བརྒྱ་ཡི་ཚད་ཙམ་ནས། །རྟག་ཏུ་ལས་རྣམས་བྱ་བ་ཡིན། །གཙང་བའི་ཡུལ་ནི་བརྒྱ་དག་དང་། །ཚད་མེད་ཡུལ་དུ་གནས་པའང་རུང་། །སྔགས་ཀྱི་རྫུ་འཕྲུལ་བསམ་
མི་ཁྱབ། །ཟློས་པའི་གྲུབ་པ་བསམ་མི་ཁྱབ། །ལས་ནི་བསམ་མི་ཁྱབ་པར་སྣང་། །འབྲས་བུའང་བསམ་གྱིས་མི་ཁྱབ་པའོ། །གཤིན་རྗེ་གཤེད་ནི་བདག་ཉིད་ཆེ། །ཁྲོ་བོའི་རྒྱལ་པོ་བསམ་མི་ཁྱབ། །ལས་དང་རྫུ་འཕྲུལ་ཡུལ་དང་ནི། །རྣམ་པར་འཕྲུལ་བ་ཆེ་འབྱུང་
བ། །བསམ་གྱིས་མི་ཁྱབ་ཟློས་པ་ཡིས། །ས་སྟེང་འདི་ལ་གྲུབ་པ་སྣང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ཀུན་གྱིས་བསྲུང་བར་ཡོང་མི་ནུས། །འཇིག་རྟེན་པ་ཡི་སྔགས་རྣམས་དང་། །གཟའ་དང་མ་མོ་སྨོས་ཅི་དགོས། །དབང་ལྡན་དང་ནི་ཁྱབ་
འཇུག་གམ། །སྐེམ་བྱེད་དང་ནི་བརྒྱ་བྱིན་དང་། །རྒྱལ་དང་རྒྱལ་བའི་སྲས་དག་ནི། །དམ་ཚིག་འཛིན་པར་བྱེད་པ་དང་། །ས་བཅུ་ལ་ནི་ཡང་དག་གནས། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །གང་ཞིག་དགྲ་བཅོམ་རང་རྒྱལ་དང་། །རྫུ་འཕྲུལ་ཆེན་
པོ་ཆགས་བྲལ་བ། །དམ་ཚིག་སྔོན་བྱས་དེ་དག་གིས། །བསྲུང་བར་ཡང་ནི་མི་ནུས་སོ། །མདོར་བསྡུས་ནས་ནི་བཤད་པར་བྱ། །འབྱོར་པ་འདོད་པས་མཉན་པར་གྱིས། །ཟློས་པ་སེམས་ནི་མ་དང་ན། །གཞན་གྱིས་ནུས་པར་མི་འགྱུར་རོ། །སྔགས་པ་
མཆོག་ནི་མི་དགའ་ན། །དེ་འདིར་ཞི་བ་ག་ལ་ཡོད། །བདག་ཉིད་ཆེན་པོ་གཤིན་རྗེ་གཤེད། །ཁྲོ་བོའི་རྒྱལ་པོ་ཟློས་པ་པོ། །གང་ཚེ་ཡིད་ནི་དང་བ་དང་། །གང་ཚེ་སྙིང་རྗེ་བརླན་གྱུར་པ། །དེ་ཚེ་དེ་ནི་ཞི་ཐོབ་པའམ། །བརྟན་པའམ་འཚོ་བ་འཛིན་པར་འགྱུར། །
Vol. 88 · folio 294a
པིརྩུ་མརྡ་ཡུངས་མར་དང་། །རང་སྐྱུར་དུག་དང་ལྡན་པ་ནི། །ཁྲག་དང་མི་ཡི་ཤ་དང་ནི། །ལན་ཚྭ་ཚ་བ་གསུམ་དང་ནི། །སྐེ་ཚེ་དུག་གི་ཕྱེ་མ་དང་། །སྟར་བུ་དང་ནི་སྲམ་གྱི་ཤ། །ལང་ཏང་ཙེ་ཡི་རྩ་བ་དང་། །དེ་བཞིན་ཀོ་ཤ་ཏ་ཀའི་དང་། །ཨེ་རེན་ད་རྩ་ནས་
ཚིག་ཐལ། །ལེ་བརྒན་རྩི་དང་གཟེ་མ་དང་། །པོ་སོན་ཆ་ཡི་རྩ་བ་དང་། །དེ་བཞིན་སྒོག་སྐྱ་ཀེའུ་དང་། །གཞན་གྱི་ཞག་དང་ཆུ་དང་ནི། །ཀུན་དོང་ཆང་ནི་བཏུང་བར་བཅས། །འདི་ཀུན་ཆ་མཉམ་བྱས་ནས་ནི། །རས་རིས་ཉེ་བར་སྦྱིན་སྲེག་བྱ། །སྦྱིན་སྲེག་སྟོང་རྩ་
བརྒྱད་བྱས་ན། །ཟླ་བ་ཕྱེད་ཀྱི་ནང་དུ་ནི། །བུ་དང་གཉེན་སྡུག་བཅས་པ་ཡི། །དགྲ་རྣམས་རྩད་ནས་འཇིག་འགྱུར་ཏེ། །འཁོར་ཀུན་མ་ལུས་འཇོམས་པར་བྱེད། །གཉིས་པའི་ནང་དུ་སྦྱིན་སྲེག་བྱས། །དེ་ཡི་རྩད་ནས་འབྱིན་པར་བྱེད། །ཟློས་པས་མེ་ནང་སྦྱིན་སྲེག་
བྱས། །གསུམ་པའི་དུས་སུ་ཕྱིན་པ་ན། །དེ་ཡི་གྲོང་རྡལ་བཅས་དེ་ལ། །མུ་གེ་དག་ནི་འབྱུང་བ་དང་། །ཆར་མི་འབབ་ཅིང་འཆི་བ་མང་། །སྲིན་པོས་ཀུན་ཏུ་ཁྱབ་པ་དང་། །མེས་ཚིག་རྡོ་ཡི་ཆར་འབབ་དང་། །རྡོ་རྗེ་དང་ནི་ཐོག་ཀྱང་འབབ། །ལྗོངས་དང་ཕྱོགས་དང་
ཡུལ་དང་ནི། །ཇི་སྙེད་རྒྱལ་པོ་དེ་ལ་ཡོད། །འཚེ་བ་མང་པོ་རབ་འབྱུང་ཞིང་། །དེ་བཞིན་གཞན་གྱི་དམག་ཚོགས་འབྱུང་། །དེ་ཡི་ཡུལ་དུ་འཚེ་བ་ནི། །དུ་མ་མང་པོ་དག་ཀྱང་འབྱུང་། །དཔལ་མིན་མང་པོ་རབ་སྟོན་པ། །རྣམ་པ་སྣ་ཚོགས་འབྱུང་བར་འགྱུར། །ལད་
ཏང་རྩ་བས་སྦྱིན་སྲེག་བྱས། །དེ་ལ་རིམས་ནད་འབྱུང་བར་འགྱུར། །ཚ་བས་རྟག་ཏུ་སྦྱིན་སྲེག་བྱས། །ཚ་བ་ཆེན་པོ་སྐྱེ་བར་འགྱུར། །ཤིན་ཏུ་སྐྱུར་བས་སྦྱིན་སྲེག་བྱས། །གྲང་བའི་རིམས་ནི་ཡང་དག་འབྱུང་། །མ་རུངས་རྒྱལ་པོ་སྟོབས་ཀྱིས་དྲེགས། །དེ་ཡི་ལུས་
ལ་དེ་དག་འགྱུར། །ཕྱོགས་ཆེ་ནོར་དང་ལྡན་པ་དང་། །གདུག་ཅིང་དཔུང་ཆེན་ཡང་དག་ག་གནས། །དེ་ཡི་འཚོ་བ་ཐ་མ་ནི། །ནུབ་གཉིས་ཡང་ན་བདུན་གྱིས་སོ། །གང་ཞིག་གང་ལ་དད་ལྷའམ། །སྐྱེས་པའི་སྐར་མ་མིང་ཡང་རུང་། །རས་རིས་མདུན་དུ་གཟུགས་བྱ་བ། །
Vol. 88 · folio 294b
དུར་ཁྲོད་སོལ་བས་བྲིས་པ་ལ། །མགོ་ལ་རྡོག་པས་མནན་ནས་ནི། །ཁྲོ་བས་བཟླས་པ་བརྩམ་པར་བྱ། །གློ་བུར་རྣམ་པ་སྣ་ཚོགས་པའི། །མི་ཡི་བདག་པོ་ཟུག་གཟེར་འབྱུང་། །ནད་ཆེན་པོས་ནི་ཐེབས་འགྱུར་ཏེ། །དེ་ཡི་མོད་ལའང་འཆི་བར་འགྱུར། །ཡང་ན་དགྲ་སྟས་
གཅོད་པའམ། །ཡན་ལག་ཀྱང་ནི་མི་ཚང་འགྱུར། །སྡིག་ཅན་མི་མ་ཡིན་པ་ཡི། །སྲིན་པོ་གདུག་པས་ཟ་བར་འགྱུར། །བདག་གི་འཁོར་དང་བཅས་པ་དག །ཤ་རྗེན་ཟ་དང་སྲུལ་པོ་དང་། །ཤ་ཟ་ཡི་དགས་མ་མོ་ཡིས། །དེ་ཡི་མོད་ལའང་གསོད་པར་བྱེད། །དེ་ནས་
དཔལ་ལྡན་རྡོ་རྗེ་འཆང་། །དེ་ཚེ་འཁོར་ལ་འདི་སྐད་སྨྲས། །སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །དེ་ནས་ཅང་མི་སྨྲ་བར་གནས། །འཇིག་རྟེན་རྣམས་ལ་ཕན་འདོད་ཕྱིར། །འདི་སྐད་དུ་ནི་ཡང་སྨྲས་པ། །གནོད་སྦྱིན་མོ་ནི་ཐམས་ཅད་དང་། །གནོད་སྦྱིན་ཀུན་ཚོགས་
བོས་ནས་ནི། །དེ་ཚེ་གནོད་སྦྱིན་བདག་པོ་སྟེ། །བྱང་ཆུབ་སེམས་དཔའ་སྨྲས་པ་ནི། །གནོད་སྦྱིན་རྣམས་ཀྱིས་རས་རིས་སྨྲས། །འདོད་པ་ཀུན་དང་ཉེ་བར་ལྡན། །འགུགས་པར་བྱེད་དང་དབང་བྱེད་ཀུན། །ཟུག་རྔུ་མ་ལུས་ཡང་དག་འབྱིན། །སྔགས་པ་གང་ཚེ་འཁྲིག་པ་འདོད། །
འདོད་ཆགས་ལྡོངས་པའམ་རྨོངས་པའི་བློས། །བདེར་གཤེགས་བཀས་ཀྱང་བཟློག་པ་དང་། །གཉེན་པོས་ཀྱང་ནི་མི་ནུས་སོ། །ཐོག་མ་མེད་པའི་འཁོར་བ་ནས། །ཤིན་ཏུ་སྡུག་བསྔལ་རྒྱུ་སྔོན་བྱས། །དེ་དག་སྡུག་བསྔལ་སྡུག་བསྔལ་བར། །སྙིང་རྗེ་ཆེན་པོས་འགྲོ་བ་གདུངས། །
ཚངས་སྤྱོད་དབང་པོ་དུལ་བས་ནི། །བདེ་འགྲོ་དག་ནི་ཐོབ་པར་འགྱུར། །བཟང་པོ་ཤིས་པར་བསྟན་པ་དང་། །མཐར་ནི་ཞི་བའང་ཐོབ་པར་འགྱུར། །ཐེག་པ་གསུམ་ལ་བརྟེན་ནས་ནི། །མྱ་ངན་འདས་པ་ལེགས་པ་འཐོབ། །བཟློག་པ་བློ་ངན་གྱིས་ཟིན་པ། །འདོད་ཆགས་ཀྱིས་
ལྡོངས་བཀའ་ཐུབ་མེད། །འཁོར་བ་མི་ཟད་ཚང་ཚིང་གི། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །དེ་དག་སྡུག་བསྔལ་ལྡན་དོན་དུ། །འདོད་པའི་ལོངས་སྤྱོད་རྗོད་པར་བྱེད། །ཁྲོ་བོ་འདི་ནི་མཉེས་བྱས་ན། །སྡིག་པ་ཀུན་ལས་ལྡོག་པར་འགྱུར། །འཕགས་པ་འཇམ་དཔལ་གྱི་རྩ་
Vol. 88 · folio 295a
བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་མངོན་སྤྱོད་དང་ལེགས་པར་སྡོམ་པའི་ལེའུ་རབ་འབྱམ་ལས་སུམ་ཅུ་རྩ་བཞི་པ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཞི་བའི་བློ་གྲོས་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་པ་དེ་སྟན་ལས་ལངས་ཏེ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས། འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལ་ལན་གསུམ་བསྐོར་བ་བྱས་ནས་ཞབས་གཉིས་
ལ་བཏུད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དེ་ལ་བལྟས་ནས་ཚིག་འདི་སྨྲས་སོ། །ཕྱག་ན་རྡོ་རྗེ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་པ་དང་། འདོད་པ་དང་ལྡན་པའི་སྔགས་དང་རྒྱུད་བཤད་ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཀྱི་ངེས་པར་ཆོས་འདི་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་གི་ཕྱིར་སྙིང་རྗེ་ཆེན་པོས་རབ་ཏུ་ཕྱེ་ཞིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། ཕན་པའི་ལྷག་པའི་བསམ་པ་ལ་རབ་ཏུ་ཞུགས་ན་
འཁོར་བའི་འཆིང་བ་ལས་གྲོལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་སེམས་ཅན་ལ་གནོད་པར་བྱེད་པའི་ཆོས་སྟོན་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གསུངས་
པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་ལ་རབ་ཏུ་ཞུགས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་སྨྲས་པ། ཇི་ལྟར་ཁྱོད་སྨྲས་པ་དང་
ཇི་ལྟར་ཁྱོད་རབ་ཏུ་སྟོན་པ་དེ་བཞིན་དུ་ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་བསླབ་པར་བྱ། དེ་བཞིན་དུ་བསྒྲུབ་པར་བྱ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་དེ་བཞིན་དུ་བདག་གིས་ཀྱང་བསྟན་པར་བགྱིའོ། །དོན་དམ་པར་ནི་ཡང་དག་པའི་
Vol. 88 · folio 295b
མཐའ་ལ་ཡང་དག་པར་བརྟེན་ནས་ཆོས་ཀྱི་མཐའ་ལས་གྲོལ་བ་ཐོབ་པར་འགྱུར་རོ། །སེམས་ཅན་མཐའ་ནི་བསམ་མི་ཁྱབ། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བྱང་ཆུབ་སྤྱོད་པའང་བསམ་མི་ཁྱབ། །གདུལ་བའི་སེམས་ཅན་
ལ་བརྟེན་ནས། །ཕན་པའི་སྤྱོད་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས། །བསམ་མི་ཁྱབ་པར་ཡོངས་སུ་བསྟན། །རྒྱུད་རྣམས་ཀུན་ལ་རྒྱུད་འདི་ཡི། །མཐུ་ནི་བསམ་གྱིས་མི་ཁྱབ་ཡིན། །གཤིན་རྗེ་གཤེད་ནི་བདག་ཉིད་ཆེ། །ཁྲོ་བོའི་རྒྱལ་པོའི་
སྔགས་དག་དང་། །ཡུལ་གསུམ་དག་ཀྱང་བསམ་མི་ཁྱབ། །རྟོགས་པའི་བདག་ཉིད་བསམ་མི་ཁྱབ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་སྒྲུབ་པ་ཡང་བསམ་
གྱིས་མི་ཁྱབ་བོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སྔགས་ཟློས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འཕགས་པ་མ་ཡིན་པའི་སེམས་ཅན་འདོད་པ་ལ་ལྷག་པར་ཆགས་པས་བསོད་ནམས་མ་ཡིན་པ་ཤིན་ཏུ་རབ་ཏུ་མང་པོར་འཕེལ་བས་དམྱལ་བ་ཆེན་པོར་སྐྱེ་ཞིང་
སེམས་ཅན་འདི་དག་ནི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་པོ་འདི་འཕེལ་བར་མི་འགྱུར་རོ། །སེམས་ཅན་འདི་དག་བྱང་ཆུབ་རྣམ་པ་གསུམ་གྱི་སྐལ་བ་མེད་པར་མི་འགྱུར་བར་བྱ་བའི་ཕྱིར། ཞི་བའི་བླ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྔགས་ཟློས་པས་སེམས་ཉེ་བར་གཞག་པར་
བྱ་ཞིང་ཐབས་མཁས་པ་འདི་ལ་མངོན་སྤྱོད་ཀྱི་ལས་རབ་ཏུ་སྦྱར་བར་བྱའོ། །ལས་ཐམས་ཅད་ལ་ཡང་མཚན་མར་འཛིན་པར་མི་བྱའོ། །མི་དགེ་བར་འཛིན་པར་མི་བྱ་ཞིང་སྙིང་རྗེས་བརླན་པའི་སེམས་ཀྱིས་སེམས་ཅན་གདུལ་བའི་ཐབས་ལ་ཡང་བསླབ་པར་བྱའོ། །ཀྱེ་རྒྱལ་བའི་སྲས་
གཞན་ཡང་ཆོས་དང་ཆོས་མ་ཡིན་པ་དང་། དཀར་པོ་དང་། ནག་པོ་དང་། དགེ་བ་དང་། མི་དགེ་བ་དང་། འགྲོ་བའི་བདག་ཉིད་ཆེན་པོ་སེམས་ཅན་འདུལ་བའི་ཐབས་སྒྲུབ་པ་དང་། ཆོས་ཀྱི་དབྱིངས་སྒྲུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་རྟོགས་པར་འགྱུར་ཏེ།
Vol. 88 · folio 296a
དེ་ཉིད་ཆོས་སྟོན་པས་སེམས་ཅན་སྨིན་པའི་ཐབས་ཀྱང་རབ་ཏུ་སྒྲུབ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བདག་ཅག་གིས་བསླབ་པར་བྱ་ཞིང་། འདི་ལྟ་སྟེ། སེམས་ཅན་གདུལ་བ་དང་སེམས་ཅན་སྨིན་པ་དང་བསྟན་པར་བྱ་བའི་ཕྱིར་དང་དེ་ལ་རྒྱལ་བའི་
སྲས་ཁྱེད་ཅག་གང་འཁོར་གྱི་དཀྱིལ་འཁོར་འདིར་དམ་ཚིག་ཆེན་པོ་ལ་ཞུགས་པ་དེ་ཐམས་ཅད་ཀྱིས་མཉན་པར་བྱ། དད་པར་བྱ་དེ་ཉིད་དགེ་བ་དང་མི་དགེ་བ་ཚོལ་བ་ཉིད་དུ་བྱ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་མངོན་པར་དགའ་བར་བྱའོ། །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་རྣམ་པར་བལྟས་ནས་ཅང་མི་སྨྲ་བར་གྱུར་ཏེ། །སངས་རྒྱས་ཀྱི་ཆོས་རྣམས་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ཡིད་ལ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་རྣམ་པར་ལྟ་
བཞིན་དུ་རང་གི་སྟན་ལ་འདུག་པར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་རྣམ་པར་བལྟས་ནས་ཁྲོ་བོའི་རྒྱལ་པོའི་ཆོ་ག་ཡང་སྨྲས་པ། གང་དག་ལྷའི་ཚོགས་དང་སེམས་ཅན་གྱི་ཁམས་ལ་བརྟེན་པའི་འབྱུང་པོའི་ཚོགས་ཁྱེད་
ཅག་ཉོན་ཅིག །དང་པོར་རེ་ཞིག་བསྲུང་བ་བྱས་ལ་ཁྲོ་བོའི་རྒྱལ་པོའི་རས་རིས་དེ་ཡོངས་སུ་བླངས་ལ། གནས་དབེན་པར་སོང་ནས་དབང་ཕྱུག་ཆེན་པོའི་རྟགས་གཅིག་པའི་གནས་སུ་རྟགས་དེ་ལ་དུག་དང་ཁྲག་དང་སྐེ་ཚེ་དང་། རང་སྐྱུར་གྱིས་གཏོར་ལ་ཤིང་བི་ཙུ་མར་དའི་མེ་ཏོག་གིས་
མཆོད་ཅིང་མིའི་རྒྱུ་མ་རློན་པ་དག་གིས་བདག་ཉིད་ལ་མཆོད་ཕྱིར་ཐོགས་བྱས་ལ། མིའི་མགོ་བོའི་ཐོད་པ་གཡས་པའི་ལག་པ་ན་ཐོགས་པས་བརྡེགས་པ་ལྟ་བུར་བྱས་ལ། ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་མཚོན་གཅིག་པོ་ལ་སྡིགས་པ་བཞིན་དུ་བྱེད་ཅིང་གཙོར་ཁྲོ་བའི་
དབང་དུ་གྱུར་པ་དང་རྒྱལ་པོ་མ་རུངས་པས་བརྙས་པ་ཆེན་པོའི་སེམས་ཀྱིས་བྱས་པའམ། གཞན་སྐྱོན་ཅན་གྱི་སྐྱེས་བུ་ཕྱོགས་ཆེན་པོ་དང་ལྡན་པ་དང་ནོར་ཆེན་པོ་དང་ལྡན་པ་དང་རབ་ཏུ་གཏུམ་པ་ཆེན་པོ་དང་གཙོ་བོ་ཆེན་པོ་དག་གིས་ཁྱད་དུ་གསོད་པར་འགྱུར་ན། སྒོ་བཅད་པ་བྱས་
Vol. 88 · folio 296b
ལ། གཅེར་བུར་བྱས་ཤིང་སྐྲ་བཤིག་པས་དབང་ཕྱུག་ཆེན་པོའི་མཚན་ལ་ཁྲོ་བོའི་སྔགས་ཇི་སྲིད་དབང་ཕྱུག་ཆེན་པོའི་མཚན་དཀྱིལ་དུ་གས་པར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དུམ་བུ་གཉིས་སུ་གྱུར་ན་ཡི་གེ་ཧཱུྃ་གི་སྒྲ་ཆེན་པོ་ཡང་ཐོས་པར་འགྱུར་ཏེ་དེ་ལ་འཇིགས་པར་ཡང་མི་བྱའོ། །
དེ་ཐོས་པའི་དབང་གིས་རྒྱལ་པོ་མ་རུངས་པའམ་གཞན་གང་ལ་ལ་དཔུང་ཆེན་པོ་དང་ལྡན་པའི་དགྲ་དེའི་མོད་ལ་རིམས་ཆེན་པོས་ཟིན་པར་འགྱུར་བའམ། སྲིན་པོ་ལ་སོགས་པ་མི་མ་ཡིན་པས་ཟིན་པར་འགྱུར་རོ། །དེ་ཉིད་དུ་ཇི་སྲིད་ཡུད་ཙམ་དུ་བཟླས་པ་བྱས་ན་དེའི་མོད་ལ་དགྲ་རྣམས་
ཀྱི་འཚོ་བ་ནི་ཐ་མར་འཆི་བར་འགྱུར་རོ། །གལ་ཏེ་མཚན་མོ་བཟླས་ན་ནི་གཟའ་འཁོར་དང་བཅས་པ་འཇིག་པར་འགྱུར་རོ། །གཞན་ཡང་ལས་སུ་འགྱུར་བ་ནི་དེ་བཞིན་དུ་དབང་ཕྱུག་ཆེན་པོའི་གནས་སུ་ཉི་མ་ཕྱེད་ལ་སོང་སྟེ། ནིམ་པའི་ལོ་མས་མཆོད་ཅིང་ཤ་ཆེན་པོའི་སྤོས་ཀྱིས་བདུག་ལ་ཇི་
སྲིད་དགྲའི་ཁྱིམ་དུ་མེས་ཚིག་པའི་བར་དུ་བཟླས་པ་བྱས་ན་དགྲ་ཡང་འདར་བའི་རིམས་ཆེན་པོས་ཐེབས་པར་འགྱུར་རོ། །ཡང་ན་ཁྲོས་པས་བཟླས་པ་མ་བཏང་ཞིང་གཡས་ཕྱོགས་སུ་རྟགས་ཀྱང་ཡོད་ན་དགྲ་དེ་འཆི་བར་འགྱུར་ཞིང་རིགས་རྒྱུད་འཇིག་པར་འགྱུར་རོ། །ཇི་སྟེ་སླར་གསོ་བར་
བྱེད་ན་ནི་རྟགས་དེ་ཆུས་ཕྱིར་ཡང་རབ་ཏུ་བཀྲུས་ལ་ཤིན་ཏུ་བསིལ་བའི་འོ་མས་ཁྲུས་བྱས་ན་སླར་ཡང་སོས་པར་འགྱུར་རོ། །ལས་གཞན་ཡང་ཡོད་དེ་དབང་ཕྱུག་ཆེན་པོའི་མཚན་གཡས་ཕྱོགས་སུ་བཞག་ལ་པོ་སོན་ཆའི་ཤིང་དང་ཚེར་མ་ཅན་གྱི་ཤིང་གིས་མེ་རབ་ཏུ་སྦར་ལ། ཤིང་པཱ་ཀྃ་ཏ་ཀའི་
ཡམ་ཤིང་ལ་དུག་དང་ཁྲག་དང་སྐེ་ཚེ་ལ་མངོན་པར་བཏགས་ལ་སྟོང་རྩ་བརྒྱད་ཀྱི་སྦྱིན་སྲེག་བྱས་ན། དགྲ་ཐམས་ཅད་ནད་ཆེན་པོས་ཐེབས་པར་འགྱུར་ཏེ། ལས་ཐམས་ཅད་ཀྱིས་ཀྱང་ནུས་པ་མེད་པར་འགྱུར་རོ། །ཞག་གཉིས་པ་ལ་ནི་རིམས་ནད་ཆེན་པོ་དང་ཟུག་གཟེར་ཆེན་པོས་ཐེབས་
པའམ་ནད་རྣམ་པ་སྣ་ཚོགས་སམ་མི་མ་ཡིན་པས་ཟིན་ཅིང་མཐར་འཆི་བར་འགྱུར་རོ། །ཞག་གསུམ་པ་ལ་གྲངས་གསུམ་གྱིས་བྱས་ན་ནི་འཚོ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོར་བར་འགྱུར་རོ། །སླར་གསོ་བར་བྱེད་ན་ནི་འོ་མའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་བ་ནི་ཡུལ་མི་ཐམས་
Vol. 88 · folio 297a
ཅད་དང་དགྲ་ཐམས་ཅད་ཀྱང་སོས་པར་འགྱུར་རོ། །དེ་བཞིན་དུ་ལྷ་ཐམས་ཅད་དམ་ལྷ་མོ་ཐམས་ཅད་དམ་འབྱུང་པོ་ཐམས་ཅད་གང་ཞིག་གང་གི་ལྷ་ལ་དད་པ་དེ་རྐང་པས་མནན་པའི་ལས་བྱ་བའམ། །ཡང་ན་དེའི་རྒྱུ་སྐར་རམ་སྔགས་སམ་མིང་དག་ལ་རྐང་པས་མནན་
ལ་ལས་བྱ་སྟེ། དེ་བཞིན་གཤེགས་པའི་རིག་པ་ནི་མ་གཏོགས་ཏེ། ཐམས་ཅད་ཀྱིས་ཀྱང་ཞབས་ཀྱི་མཐེ་བོ་གཡོན་པ་བཟུང་སྟེ་ལས་བྱའི། མནན་པར་ཡང་མི་བྱ་བ་གོམ་པར་ཡང་མི་བྱའོ། །གང་ཡང་འཇིག་རྟེན་པ་ཐམས་ཅད་ཀྱི་སྔགས་ནི་མནན་ནས་ལས་བྱའོ། །ཁྲོ་བོའི་
རྒྱལ་པོའི་བཟླས་པ་མ་གྲུབ་པ་ཉིད་ཀྱང་བཟླས་པ་ཙམ་ཁོ་ནས་ལས་རྣམས་བྱེད་པར་འགྱུར། སྔགས་ཐམས་ཅད་རྣམ་པར་འཇིག་པར་འགྱུར། དགྲ་ཐམས་ཅད་འཇོམས་པར་འགྱུར། སྔགས་ཐམས་ཅད་ནུས་པ་མེད་པར་འགྱུར་རོ། །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་
པའི་སྔགས་ཀྱི་ཆོ་གས་ཀྱང་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ཐམས་ཅད་སྒྲུབ་པར་འགྱུར། བཟླས་པ་ཙམ་གྱིས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོའི་སྔགས་འདི་བཟླས་པ་ཙམ་ཁོ་ནས་གྲུབ་པ་ཉིད་དེ་གྲུབ་པ་དམ་པའང་རྗེས་སུ་རབ་ཏུ་སྦྱིན་ནོ། །
ཡིད་ལ་འདོད་པས་དགྲ་རྣམས་འཇོམས་པར་བྱེད་དོ། །མདུང་རྩེ་ཆེན་པོའི་ཕྱག་རྒྱ་དང་ལྡན་པར་བྱས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལས་གཞན་དུའང་འགྱུར་བ་ནི་ཉི་མ་ཕྱེད་ལ་དུར་ཁྲོད་དུ་སོང་སྟེ། སྲེག་པའི་སར་མཚན་གཅིག་སྨྱུང་བ་བྱས་ཏེ། མར་ངོའི་བཅུ་བཞི་ལ་དུར་ཁྲོད་
ཀྱི་ཤིང་གིས་མེ་རབ་ཏུ་སྦར་ལ། དུག་དང་ཁྲག་གིས་བཏགས་པའི་སྐེ་ཚེས་སྦྱིན་སྲེག་བྱས་ན། དེ་ལས་ཧ་ཧ་ཞེས་པའི་སྒྲ་སྒྲོགས་ཤིང་། ཡི་དགས་ཐམས་ཅད་འོང་བར་འགྱུར་ན་འཇིགས་པར་མི་བྱ་ཞིང་དགྲ་ལ་གནོད་པར་གྱིས་ཤིག་ཅེས་བྱས་ན། དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྣང་
བར་འགྱུར་རོ། །དེ་ནས་ཡུད་ཙམ་གྱིས་དཔག་ཚད་སྟོང་དུ་ཡང་སོང་ནས། དགྲ་རྣམས་འཇོམས་པར་བྱེད་ཅིང་རིགས་རྒྱུད་ཀྱང་རླག་པར་བྱེད་དོ། །དེ་ལ་སོགས་པའི་ལས་མང་པོ་བྱེད་པར་འགྱུར་རོ། །གཞན་ཡང་ལས་སུ་འགྱུར་བ་ནི་དབེན་པའི་ཕྱོགས་གཙང་མར་གོས་གཙང་མ་བགོས་
Vol. 88 · folio 297b
ཏེ། །ཁང་སྟོང་དུ་རབ་ཏུ་ཞུགས་ནས་མིའི་རུས་པའི་སྲེག་བླུགས་ཀྱིས་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ཏེ། དེ་ནས་ཐལ་བ་དེ་ལག་པ་གཉི་གས་བླངས་ལ། གོས་གཙང་མའི་དུམ་བུ་ལ་སོ་སོར་བཅིངས་ཏེ་ཐུམ་པོ་གཉིས་སུ་བྱས་ལ། ཁམ་པོར་ཁ་སྦྱར་གཉིས་ཀྱི་ནང་དུ་སོ་སོར་
བཞག་ལ། བདག་ཉིད་སྲུང་བ་ཆེན་པོ་བྱས་ནས་རྫས་དེ་བླངས་ལ། ཁྱིམ་དུ་སླར་ཞུགས་ནས་མཚན་མོ་དུར་ཁྲོད་ཆེན་པོར་སོང་ནས། མར་ངོའི་བཅུ་བཞིའམ་ཚེས་བརྒྱད་ལ་མི་སྲེག་པའི་སར་བཞག་ཅིང་ལྷོ་ཕྱོགས་སུ་བལྟས་ནས་ཁམ་པོར་ཁ་སྦྱར་གཉིས་བླངས་ལ་ལངས་ཤིང་
གཅེར་བུར་བྱས་ཏེ་སྐྲ་བཤིག་པ་དང་ཁྲོ་བ་དང་བཅས་པས་འཇིགས་པ་མེད་པར་བྱ་སྟེ། རིག་པ་སྟོང་ཕྲག་བཅུ་བཟླས་པ་བྱས་ན་ཐལ་བ་དེ་གྲུབ་པར་འགྱུར་རོ། །མི་གང་སུ་དག་རྫས་དེ་སློང་བར་གྱུར་ན་སྦྱིན་པར་མི་བྱའོ། །གལ་ཏེ་ཚན་ཁར་སློང་བར་བྱེད་ན་ནི་ཁྲོ་བོའི་རྒྱལ་པོ་དྲན་
ནས་ཡི་གེ་ཧཱུྃ་རབ་ཏུ་སྦྱར་བ་བྱས་ན་དེའི་མོད་ལ་འབྱེར་བར་འགྱུར་རོ། །བགེགས་ཐམས་ཅད་རྣམ་པར་འཇོམས་པ་ཡང་ཆོ་ག་འདི་ཉིད་དོ། །ལག་པ་གཡོན་པ་དང་གཡས་པས་བླངས་པའི་ཐལ་བས་ནི་རྟགས་མཚན་བྱ་ཞིང་བག་ཡོད་པས་བསྲུང་བ་ཡང་བྱ་ལ། ཐོ་རངས་ཉི་མ་
འཆར་བའི་དུས་སུ་སླར་འོང་བར་བྱ་བ་ན་ཁྲུས་བྱས་ཤིང་གཙང་ཞིང་གཙང་བའི་གོས་བགོས་ཏེ་རང་གི་ཁྱིམ་དུ་འཇུག་པར་བྱ་སྟེ། རང་གི་གནས་སམ་ཇི་ལྟར་འདོད་པར་འགྲོ་བར་བྱའོ། །དེ་ནས་ལག་པ་གཡས་པ་གང་གིས་བླངས་པའི་ཐལ་བ་དེས་མི་དང་རྐང་གཉིས་དང་རྐང་བཞི་
དང་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། ལྷ་དང་བཅས་པའི་ཀླུ་དང་གནོད་སྦྱིན་རྣམས་ཀྱི་སྤྱི་བོར་གཏོར་ན་དབང་དུ་འགྱུར་རོ། །གང་ལག་པ་གཡོན་པས་བླངས་པའི་ཐལ་བ་དེས་ནི་མིའི་བུད་མེད་ཐམས་ཅད་ཀྱི་སྤྱི་བོར་གཏོར་ན་དབང་དུ་འགྱུར་རོ། །ལག་པ་གཡས་པས་བླངས་པའི་
ཐལ་བ་གང་ཡིན་པ་དེས་མི་རྣམས་ཀྱི་ལྟེ་བའི་ཕྱོགས་སམ། ཕོ་མཚན་གྱི་ཕྱོགས་སུ་གཏོར་ན་གྲོང་པའི་ཆོས་བསྟེན་པ་ལ་ནུས་པ་མེད་པར་འགྱུར་རོ། །གང་ཞིག་བུད་མེད་ལ་མངོན་པར་ཆགས་པ་དེའི་གསང་བའི་གནས་སུ་ཐལ་བའི་ཕྱེ་མས་གཏོར་ན་སྐྱེས་བུ་གཞན་བརྟེན་པ་ལ་ནུས་པ་མེད་
Vol. 88 · folio 298a
པར་འགྱུར་རོ། །སྐྱེས་བུ་གཞན་བརྟེན་པ་ན་རྨ་མེད་པར་ཡང་འགྱུར་རོ། །ཇི་སྲིད་རང་གི་སྐྱེས་པ་ཉིད་ཐོབ་ན་ནི་ཕྱིར་ཡང་དེའི་རྨའི་སྒོ་དེ་རབ་ཏུ་འབྱུང་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པ་བསྟེན་པ་ལ་ཡང་ནུས་པ་མེད་པར་འགྱུར་རོ། །དེ་བཞིན་དུ་སྐྱེས་པ་
ལ་ཡང་སྐྱེས་པའི་དབང་པོ་ལ་ལག་པ་གཡས་པས་ཐལ་བའི་ཕྱེ་མས་གཏོར་ན། དེ་ཡང་གཞན་གྱི་བུད་མེད་ལ་འགྲོ་བའི་ནུས་པ་མེད་པར་འགྱུར་ཏེ། ཡོངས་སུ་རྙིང་པ་བཞིན་དུ་དེའི་དེ་ཉིད་འབྱུང་ཞིང་གནས་པར་འགྱུར་རོ། །ཇི་སྲིད་དུ་རང་གི་ཆུང་མ་དེ་ཉིད་དང་ཡང་ཕྲད་ན་ཕྱིར་ཡང་
རྙིང་པ་མེད་པར་འགྱུར་རོ། །སྐྱེས་པའམ་བུད་མེད་གང་ལ་ཐལ་བ་གཏོར་བར་གྱུར་པ་དེ་མེད་པར་འགྱུར་བའམ་མེད་པར་མི་འགྱུར་བའོ། །ཡང་ན་ནི་ཇི་ལྟར་འདོད་པ་བཞིན་དུ་བྱེད་དོ། །གལ་ཏེ་ནན་གྱིས་བྱེད་ན་ནི་གསང་བའི་ཕྱོགས་སུ་སྲིན་བུ་རྣམས་རབ་ཏུ་འབྱུང་བར་འགྱུར་ཞིང་།
དེ་དག་གིས་ཟོས་པ་ན་འཚོ་བ་ཡང་འགག་པར་འགྱུར་ལ། ཟླ་བ་གཅིག་གི་ནང་དུ་རུལ་པར་འགྱུར་ཏེ། དྲི་མི་ཞིམ་ཞིང་རོ་མྱགས་པ་འདྲ་བར་འགྱུར་རོ། །གཅིན་སྲི་བའི་ནད་ལ་སོགས་པས་སྐྱེས་བུ་ཟིན་པར་འགྱུར་ལ། སྐྲངས་ནད་ཆེན་པོ་ཡང་འབྱུང་བར་འགྱུར་ཏེ། གང་
དེ་དག་གི་ནད་ཀྱིས་དུས་བྱེད་པར་འགྱུར་རོ། །ཡང་ན་གཞན་གྱི་བུད་མེད་ལ་བསྟེན་པར་འདོད་ན་ཡང་ནུས་པ་མེད་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་མངོན་པར་འདོད་པ་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ། །གལ་ཏེ་གཏོར་བཅོམ་གྱིས་ཐལ་བ་དང་ཕྲད་པར་མ་གྱུར་ན། མཐོང་བའམ་
མ་མཐོང་བ་ལ་ཡང་མཐུན་པའི་རླུང་དང་སྦྱར་ཏེ་ཐལ་བ་གཏོར་ཏེ། དེ་ལ་ཐལ་བ་ཅུང་ཟད་ཀྱང་བབས་པར་འགྱུར་བའམ་གཏོར་བར་བྱེད་པས་ཡིད་ཀྱིས་བསམས་ཏེ་ཐལ་བ་གཏོར་ན། གང་བརྩམས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱི་ལས་རྣམས་བྱེད་པར་འགྱུར་རོ། །བདག་ཉིད་
དམ་གཞན་གྱི་ལག་པས་གཏོར་ན་ཇི་ལྟར་འདོད་པ་དེ་ཐམས་ཅད་ཀྱི་ལས་བྱེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཇི་སྟེ་གནས་མལ་ལ་སོགས་པ་དང་སྟན་དང་གོས་ལ་སོགས་པ་རྣམ་པ་སྣ་ཚོགས་སམ་བཞོན་པ་དང་ཐེག་པ་དང་ལྷམ་དང་གདུགས་ལ་སོགས་པ་ཡོ་བྱད་ཐམས་
Vol. 88 · folio 298b
ཅད་དང་ལྷག་མ་ནི་བཟའ་བ་དང་། བཏུང་བ་དང་། བཅའ་བ་ལ་སོགས་པ་དང་ལུས་ཐམས་ཅད་ལ་དགོས་པའི་ཆ་བྱད་ཐམས་ཅད་དང་། མེ་ཏོག་དང་སོ་རྩི་དང་འབྲས་བུ་དང་སྤོས་ལ་སོགས་པ་འདི་དག་ཐམས་ཅད་ལ་ཐལ་བའི་ཕྱེ་མས་གཏོར་ན་དགྲ་དེ་དག་གི་ལུས་
ལ་ཤིག་དང་མ་ཀུ་ཏའི་སྲིན་བུ་རྣམས་ཀྱིས་ཀུན་ནས་ཁྱབ་པར་འགྱུར་ཏེ། ཤིང་ཇི་ལྟ་བ་བཞིན་དུ་ཟ་བར་འགྱུར་རོ། །རྨི་ལམ་ངན་པ་ཡང་མཐོང་བར་འགྱུར་རོ། །ཞག་བདུན་གྱིས་ཀྱང་འཆི་བར་འགྱུར་ཏེ། སྨན་པ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས་ཀྱང་བཟློག་པར་མི་ནུས་སོ། །
སྔགས་ཐམས་ཅད་ཀྱིས་ཀྱང་བསྲུང་བར་མི་ནུས་ཏེ། གང་གིས་ཐལ་བ་གཏོར་བར་བྱེད་པ་ནི་མ་གཏོགས་སོ། །ཇི་སྟེ་སླར་གསོ་བ་བྱེད་ན་ནི་ཤིང་མངར་དང་ཨུཏྤ་ལ་སྔོན་པོ་དང་ཙནྡན་དཀར་པོ་གཅིག་ཏུ་བྱས་ལ་ཆུ་གྲང་མོ་ལ་བཏགས་ཏེ། དེ་ནས་སྤྱི་བོ་ནས་བཟུང་སྟེ་རྐང་པའི་མཐིལ་
གྱི་བར་དུ་དེའི་ལུས་ལ་བྱུགས་ཤིང་འཕགས་པ་འཇམ་དཔལ་གྱི་རྩ་བའི་སྔགས་བཟླས་ན་སོས་པར་འགྱུར་རོ། །གཞན་ཡང་བུད་མེད་རྣམས་ལ་ལས་སུ་བྱ་བ་ནི། མཐུན་པའི་རླུང་གི་ཕྱོགས་གང་དུ་འདོད་པ་དེར་སོང་ནས་བུད་མེད་མཁའ་འགྲོ་མ་མ་རུངས་པ་ང་རྒྱལ་ཅན་ཐམས་ཅད་ལ་
ཡང་སྦྱོར་བ་བྱ་སྟེ་གཞན་ལ་ནི་མ་ཡིན་ནོ། །མཐུན་པའི་རླུང་ཡོད་པ་དེ་ཉིད་ལ་གནས་ནས། བཅོམ་ལྡན་འདས་ཡིད་ལ་བསམས་ཏེ་ཐལ་བ་གཏོར་ན་མོ་མཚན་དང་ནུ་མ་ཐམས་ཅད་མི་སྣང་བར་འགྱུར་རོ། །སྐྱེས་པ་ལའང་ཁ་སྤུ་དང་བ་སྤུ་མེད་པ་དང་མོ་མཚན་དང་ནུ་མ་ཡང་
རབ་ཏུ་འབྱུང་བར་འགྱུར་རོ། །དེ་ལྟ་བུར་རྣམ་པ་མང་པོ་དུ་མའི་ལས་ཀྱང་བྱེད་པའམ། གཞན་བྱེད་དུ་གཞུག་པར་འགྱུར་རོ། །ཡང་ན་གང་དགའ་བ་སྐྱེ་བ་དེ་བྱེད་དུ་གཞུག་པར་འགྱུར་རོ། །བུད་མེད་དམ་སྐྱེས་པ་གང་ལ་སེམས་དགའ་བ་སྐྱེ་བ་དེ་ལ་ཐལ་བ་དེ་བྱིན་ན་ཇི་
ལྟར་འདོད་པའི་ལས་བྱེད་དུ་གཞུག་པར་འགྱུར་རོ། །སྦྱོར་བའང་བསླབ་པར་བྱའོ། །དེ་ལྟར་ནད་ཆེན་པོ་དག་གིས་ཀྱང་འདེབས་སུ་གཞུག་པར་བྱའོ། །བཅོམ་ལྡན་འདས་ཡིད་ལ་བསམས་ནས། ཐལ་བའི་ལག་པས་སྤྱི་བོར་རེག་ན་ཀླད་པ་ཟུག་གཟེར་སྐྱེ་བར་འགྱུར་རོ། །
Vol. 88 · folio 299a
ཁ་ལ་རེག་པར་བྱས་ན་ཁའི་ནད་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མཐར་གྱིས་སྙིང་གི་བར་དུ་རིག་པར་བྱས་ན་སྙིང་གི་ནད་དམ། ལྟོ་བའི་ནད་འབྱུང་བར་འགྱུར་རོ། །དེ་བཞིན་དུ་རྐང་པ་གཉིས་དང་རྗེ་ངར་གཉིས་ལ་རེག་པར་བྱས་ནའང་ཁྲག་ལས་བྱུང་བའི་ནད་ཁྲག་
ཁྲུག་པ་ལ་སོགས་པའི་ནད་ཀྱིས་འདེབས་པར་བྱེད་པར་འགྱུར་རོ། །མདོར་ན་འཆི་བར་བྱེད་པ་དང་དབང་དུ་བྱེད་པར་ཡང་འགྱུར་ཏེ། ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་དེ་ཐམས་ཅད་བྱེད་པར་འགྱུར་ཞིང་། གསད་པ་དང་དགུག་པ་དང་དབང་དུ་བྱེད་པར་ཡང་འགྱུར་རོ། །ཤིན་
ཏུ་ཐག་རིང་པོ་ན་གནས་ཀྱང་ལས་ཐམས་ཅད་བྱེད་དོ། །མཁར་ཤིན་ཏུ་བགྲོད་དཀའ་བ་དང་ཉེ་བ་མཐུན་པའི་རླུང་ཡོད་པར་གནས་པར་བྱས་ལ། ལག་པ་གཉིས་ཀས་ཐལ་བ་དེ་ཉིད་བླངས་ལ་ཡང་དག་པར་གཏོར་ན། རབ་དང་སྒོ་ཁང་དང་ཡང་ཐོག་ཀྱང་རབ་ཏུ་ལྟུང་བར་འགྱུར་ཏེ།
མཁར་སྲུང་བ་ཡང་ལྟུང་བར་འགྱུར་ཞིང་མེས་ཚིག་པ་ཆེན་པོ་ཡང་འབྱུང་བར་འགྱུར། དཔུང་རྣམས་ཀྱང་འཇིག་པར་འགྱུར། རྣམ་པར་འཚེ་བ་ཆེན་པོས་ཀྱང་ཉེ་བར་འཚོ་བར་འགྱུར། ཐམས་ཅད་བོར་ནས་རབ་ཏུ་འབྱེར་བར་ཡང་འགྱུར། ཡང་ན་སྐྱབས་སུ་མངོན་
པར་འགྲོ་བར་འགྱུར། དེ་ལྟར་གཞན་གྱི་དཔུང་ལ་ཡང་མཐུན་པའི་རླུང་ཡོད་པའི་ཕྱོགས་སུ་ཐལ་བ་གཏོར་ན། དཔུང་དང་སྡེ་ཆེན་པོ་ཡང་འཇིག་པར་འགྱུར་ཞིང་། ཚིག་པ་ཆེན་པོའམ། ནད་ཀྱིས་འདེབས་པར་འགྱུར་བའམ། གླང་པོ་དང་། རྟ་དང་། ཤིང་རྟ་དང་།
རྐང་ཐང་ལ་སོགས་པའི་སྡེ་དཔོན་ཡང་འཇིག་པར་འགྱུར་བའམ་སྐྱབས་སུ་མངོན་པར་འགྲོ་བར་འགྱུར་རོ། །དེ་ལྟར་རྣམ་པ་དུ་མའི་ཅི་འདོད་པ་རྣམས་ཀྱི་དགྲ་རྣམས་འཇིག་པར་བྱ་བའི་ཕྱིར་ལས་བྱེད་པར་འགྱུར་རོ། །བདག་ཉིད་དང་རང་གི་དཔུང་ངམ་གྲོགས་པོ་དག་ལ་ཡང་སྲུང་བ་ཆེན་པོའི་
དོན་དུ་འགྱུར་རོ། །ཇི་སྟེ་སླར་གསོ་བ་བྱེད་ན་ནི་ཐམས་ཅད་དུ་འོ་མའི་ཟས་ཀྱིས་འཚོ་ཞིང་། ཐམས་ཅད་ལ་རས་རིས་ཀྱི་མདུན་དུ་འོ་མའི་སྲེག་བླུགས་སྟོང་གིས་སྦྱིན་སྲེག་བྱས་ན་སོས་པར་འགྱུར་ཞིང་མི་སྣང་བར་ཡང་འགྱུར་རོ། །ཇི་སྟེ་གནོད་སྦྱིན་མོ་བསྒྲུབ་པར་འདོད་ན། གར་བྱེད་འདུད་མ་རྗེ་བཙུན་
Vol. 88 · folio 299b
མ། །ནམ་གྲུ་མར་ཡང་རྣམ་པར་གྲག །མཛེས་མ་མུན་པ་སྣང་བྱེད་མ། །འོག་པག་མ་དང་འོག་པག་བཟང་། །བརྒྱད་པོ་འདི་དག་གནོད་སྦྱིན་མོ། །འདོད་པ་ཐམས་ཅད་རབ་སྒྲུབ་པའོ། །གར་བྱེད་མའི་སྔགས་ནི། ཨོཾ་ན་ཊི་མ་ཧཱ་ན་ཊི་ཨཱ་གཙྪ་ཨཱ་གཙྪ། དི་བྱ་རཱུ་པ་ཎཱི་སྭཱ་ཧཱ། འདིའི་
ཆོ་ག་ནི་སྤང་ལེབ་བམ་རས་ལ་མངོན་པར་བྲིས་ལ་ཤའམ་འོ་མའི་ཟས་ཟ་ཞིང་རིག་པ་སྟོང་རྩ་བརྒྱད་བཟླས་པ་བྱ་ཞིང་། ཨ་མྲའི་ཤིང་གི་རྩ་བར་གནས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྔོ་སངས་སུ་གནས་པ་བྲི་བར་བྱའོ། །རོ་སྨད་གོས་གཅིག་པ་སྐྲ་བཤིག་པ་མིག་གཉི་ག་དམར་བ་ཅུང་
ཟད་བཞིན་འཛུམ་པ་ལག་པ་གཡས་པས་སྒྲུབ་པ་པོ་ལ་སྡིགས་མཛུབ་བྱེད་པ། ལག་པ་གཡོན་པས་ཤིང་གི་ཡལ་ག་འཛིན་པ་ཡན་ལག་ཐམས་ཅད་མཛེས་པ། དར་ལ་རྣམ་པ་སྣ་ཚོགས་ཀྱི་གོས་བགོས་པ། ཁྲོ་བོའི་རྒྱལ་པོ་དེ་ཉིད་ཀྱི་རས་རིས་ཀྱི་མདུན་དུ་བདག་བྱང་དུ་མངོན་
པར་བལྟས་ཏེ་འདུག་ལ་ཤིང་པ་ལ་ཤས་མེ་རབ་ཏུ་སྦར་ལ་གུ་གུལ་གྱི་རིལ་བུ་དག་ལ་ཞོ་དང་། སྦྲང་རྩི་དང་། མར་དག་གིས་བཏགས་ལ་དུས་གསུམ་དུ་ཞག་བདུན་གྱི་བར་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ལ། དེ་ནས་ཞག་བདུན་པ་ལ་གཏོར་མ་རྒྱ་ཆེན་པོ་བྱས་ལ་མར་གྱི་མར་མེ་ཡང་རབ་ཏུ་སྦར་ལ།
ཇི་སྲིད་ནམ་ཕྱེད་པ་དེའི་བར་དུ་བཟླས་པ་བྱས་ཏེ་འདུག་ན། དེའི་འོག་ཏུ་གནོད་སྦྱིན་མོ་དེ་རང་ཉིད་སྣང་བ་ཆེན་པོར་བྱས་ཏེ། རང་གི་གཟུགས་ཀྱིས་འོང་བར་འགྱུར་རོ། །འོངས་ནས་ཀྱང་སྨྲ་བར་བྱ་བ་ནི་ངས་ཅི་ཞིག་བྱ་ཞེས་སོ། །དེ་ནས་སྒྲུབ་པ་པོས་བརྗོད་པར་བྱ་བ་ནི། ཁྱོད་ངའི་
ཆུང་མར་གྱིས་ཤིག་ཅེས་བྱའོ། །དེ་ལྟར་བགྱིའོ་ཞེས་བྱས་ནས་མི་སྣང་བར་འགྱུར་རོ། །དེ་ནས་བཟུང་ནས་ཆུང་མར་གྱུར་ཏེ་རང་གི་གནས་སུ་ཁྱེར་ནས་འདོད་པ་ཐམས་ཅད་སྟེར་བར་བྱེད་ཅིང་བཅུད་ཀྱིས་ལེན་ཡང་རབ་ཏུ་སྟེར་བར་བྱེད་དེ། གང་འཐུངས་པས་ལྷའི་གཟུགས་སུ་འགྱུར་ཞིང་། གནོད་
སྦྱིན་ཆེན་པོ་དང་རབ་ཏུ་འགྲན་པར་འགྱུར་རོ། །གལ་ཏེ་མ་འོངས་ན་ནི་ལན་གཉིས་པ་ལ་ཁྲོ་བོའི་སྔགས་དང་ལྷན་ཅིག་བཟླས་པ་བྱས་ན་ངེས་པར་འོང་བར་འགྱུར་རོ། །གལ་ཏེ་མ་འོངས་ན་ནི་ཁྲོ་བོ་འཆོལ་བའི་རྒྱལ་པོས་འཆི་བར་འགྱུར་རོ། །འདུད་མའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་ཊྚེ་
Vol. 88 · folio 300a
ཤུ་ཀླཱ་མཱ་བ་ར་མཱ་ལྱ་དྷཱ་རི་ཎེ་མཻ་ཐུ་ན་པྲི་ཡེ་སྭཱ་ཧཱ། འདིའི་ཆོ་ག་ཡང་འདི་ཉིད་དོ། །རྗེ་བཙུན་མའི་སྔགས་ནི་འདི་ཡིན་ཏེ། ཨོྃ་བྷད་ཏྲེ་བྷད་ཏྲེ་ཨ་བ་ལོ་ཀི་ནི་ཀིཉྩི་རཱ་ཡ་སི། ཨེ་ཧྱ་ཧི་ཨཱ་གཙྪ་ཨཱ་གཙྪ་མ་མ་ཀཱ་རྱཾ་ཀུ་རུ་སྭཱ་ཧཱ། དེ་ཉིད་ཀྱིས་ནི་རས་རིས་མེད་ཀྱང་འགྲུབ་པར་
འགྱུར་ཏེ། རིའི་རྩེ་མོར་དཀྱིལ་འཁོར་བྱས་ལ་གུ་གུལ་གྱི་དུ་བས་བདུགས་ཏེ། གཅིག་པུ་མི་སྨྲ་བར་གནས་ཤིང་གཙང་སྦྲ་བྱས་ཏེ་སྒོ་བཅད་ལ་རིག་པ་སྟོང་རྩ་བརྒྱད་བཟླས་པ་བྱས་ན། ཟླ་བ་གཅིག་གི་མཚན་མོ་ངེས་པར་འོང་བར་འགྱུར་ཞིང་འོངས་ནས་ཀྱང་འདོད་པ་
སྤྱོད་པར་བྱས་ན། ཆུང་མར་འགྱུར་ཞིང་འདོད་པ་ཐམས་ཅད་སྟེར་བར་འགྱུར་རོ། །གལ་ཏེ་དེ་ཁྱིམ་དུ་ཞུགས་ན་ནི་ལོ་སྟོང་ཕྲག་ལྔའི་བར་དུ་འཚོ་བར་འགྱུར་རོ། །གལ་ཏེ་མ་ཞུགས་ན་ནི་འཛམ་བུའི་གླིང་དུ་ལོ་ལྔ་བརྒྱ་འཚོ་བར་འགྱུར་ཞིང་རྣམ་པར་སྤྱོད་པར་འགྱུར་རོ། །དེ་དང་
ལྷན་ཅིག་རྩེ་བར་བྱེད་ཅིང་ལུང་ཐམས་ཅད་ལ་ཡང་དག་པར་འགྲུབ་པར་བྱེད་དོ། །དེ་དང་ལྷན་ཅིག་གང་དུ་འདོད་པ་དེར་འགྲོ་ཞིང་བཅུད་ཀྱིས་ལེན་རབ་ཏུ་སྦྱིན་པར་བྱེད་ལ། སྡུག་པའི་ཆུང་མ་བཞིན་དུ་ཕན་པའི་ལྷག་པའི་བསམ་པ་ཡང་རབ་ཏུ་བྱེད་དོ། །ནམ་གྲུ་མའི་སྔགས་ནི། ན་མཿ
སརྦ་ཡཀྵི་ཎཱཾ། ཨོཾ་རཀྟེ་རཀྟཱ་བ་བྷཱ་སི་རཀྟ་རཀྟ་ལེ་བ་ནི་སྭཱ་ཧཱ། གནོད་སྦྱིན་མཆོག་ནི་ནམ་གྲུ་མ། །སྦྱོར་བ་ལ་དགའ་རྗོད་པར་བྱེད། །ཅུང་ཟད་དམར་བའི་གོས་གྱོན་ཞིང་། །སྔོ་ཞིང་འཁྱིལ་བའི་སྐྲ་ཡང་ཡོད། །ཡན་ལག་ཀུན་མཛེས་གནོད་སྦྱིན་མོ། །འདོད་པ་སྤྱོད་ལ་རྟག་ཏུ་
དགའ། །འདོད་དང་ལོངས་སྤྱོད་རྟག་ཏུ་སྦྱིན། །མཆོག་སྦྱིན་པར་ནི་རྟག་ཏུ་སྟོན། །སྔ་མ་བཞིན་དུ་རས་ལ་མངོན་པར་བྲིས་ལ་འདིའི་ཁྱད་པར་ནི་འདི་ཡིན་ཏེ། དར་ལ་དམར་པོ་གྱོན་ཞིང་དར་ལ་དམར་པོས་སྟོད་གཡོགས་བྱས་ཤིང་། ཁ་དོག་དམར་བར་ཡང་སྣང་བ་ཡིན་ནོ། །འོག་
པག་མའི་སྔགས་ནི། ཨོཾ་མེ་ཁ་ལེ་མ་ཧཱ་ཡཀྵི་ཎཱི་མ་མ་ཀཱརྱྃ་སམྦཱ་ད་ཡ་སྭཱ་ཧཱ། འོག་པག་མ་བཟང་མོའི་སྔགས་ནི། ཨོཾ་མེ་ཁ་ལེ་སུ་མེ་ཁ་ལེ་མ་ཧཱ་ཡ་ཀྵི་ཎཱཾ་སརྦ་ཨརྠ། སཱ་དྷ་ནི་ཧཱུྃ། ས་མ་ཡ་མ་ནུ་སྨ་ར་ཎེ་སྭཱ་ཧཱ། སྣང་བ་མའི་སྔགས་ནི། ཨྃ་ཨཱ་ལོ་ཀི་ནི་ལོ་ཀ་བ་ཏེ་སྭཱ་ཧཱ།
Vol. 88 · folio 300b
འདི་དག་ནི་ཆོ་ག་ཡང་དེ་ཉིད་དོ། །མུན་པ་མཛེས་མའི་སྔགས་ནི། ཨོཾ་ཤྲཱི་ཎུ་གུ་ཧྱ་ཀེ་ཤྲཱི་ཎུ་གུ་ཧྱ་ཀེ་ཨེ་ཧྱ་ཧི་གུ་ཧྱཻ་ཧི་གུཧྱ་ཀེ་སྭཱ་ཧཱ། འདིའི་ཆོ་ག་ལ་ནི་རས་རིས་ཀྱི་ཆོ་ག་ནི་འདི་ལ་མེད་དོ། །དང་པོར་རེ་ཞིག་གཙང་ཞིང་གོས་གཙང་མ་བགོས་ཏེ། ཟླ་བ་ཉ་བ་ལ་གནས་
དབེན་པར་འདུག་ནས་སྒོ་བཅད་དེ་སྣང་བ་མེད་པར་མུན་པའི་གནས་སུ་རིག་པ་སྟོང་ཕྲག་བཅུ་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་བརྩམ་པར་བྱ་བ་ནི་ཟླ་བ་ཉ་ནས་བརྩམས་ནས་ཟླ་བ་ཉ་གཉིས་པའི་བར་འདིར་ལས་སུ་བྱ་བ་ནི། མཚན་མོ་ཉལ་བའི་
དུས་སུ་མལ་དུ་འདུག་ནས་མི་སྣང་ཞིང་དབེན་པའི་ས་ཕྱོགས་སུ་གཅིག་པུ་སྒོ་བཅད་ལ། དོང་ཀ་དང་བཱ་ན་ཀའི་མེ་ཏོག་ལེགས་པར་ཁ་འབུས་པ་ཡུངས་མར་དང་བསྲེས་པས། ལག་པ་དང་རྐང་པ་ལ་བྱུགས་ལ། ལག་པ་གཡས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་
བྱ་སྟེ། མི་སྨྲ་བའི་དཀའ་ཐུབ་ཀྱིས་བཟླས་པ་བྱའོ། །དེ་བཞིན་དུ་ཉིན་རེ་ཞིང་མ་ཆད་པར་ཟླ་བ་ཉའི་བར་དུ་བྱས་ན་དེ་ནས་མཚན་ཕྱེད་ཙམ་ན་ངེས་པར་འོང་བར་འགྱུར་རོ། །འོངས་ནས་ཀྱང་མི་སྨྲ་བར་བྱ་ཞིང་། ཅང་མི་སྨྲ་བར་གྱུར་པས་འདོད་པ་བསྟེན་པར་བྱའོ། །གང་གི་ཚེ་ཟླ་
བ་དྲུག་ན་སྨྲ་བ་དེའི་ཚེ་སྨྲ་བར་བྱ་སྟེ། དེ་ནས་བཟུང་ནས་ཆུང་མར་འགྲུབ་པར་འགྱུར་ཏེ། འདོད་པ་ཐམས་ཅད་སྟེར་བ་དང་འདི་ལ་ལྷའི་རེག་པ་བཟང་པོ་ཡང་སྦྱིན་པར་བྱེད་དོ། །ཉིན་པར་མ་མཐོང་བ་ཁོ་ནར་ཡང་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །རོ་དང་བཅུད་ཀྱིས་ལེན་
རྣམས་ཀྱང་རབ་ཏུ་སྟེར་བར་བྱེད་དོ། །རྒྱབ་ཏུ་ཞོན་ན་ནི་རི་རབ་ཏུ་ཡང་ཁྱེར་བར་བྱེད་དོ། །མཚན་མོ་འཛམ་བུའི་གླིང་ཀུན་ཏུ་ཡང་འཁོར་བར་བྱེད་དོ། །དཔག་ཚད་བརྒྱ་ན་ཡོད་པའི་དགྲ་དེ་དག་ཀྱང་འཇོམས་པར་བྱེད་དོ། །ཇི་སྐད་བསྟན་པ་དེ་ཐམས་ཅད་སྒྲུབ་པར་བྱེད་དོ། །གཞན་
གྱི་བུད་མེད་ལ་འགྲོ་བ་ནི་མ་གཏོགས་སོ། །གཞན་གྱི་བུད་མེད་ལ་འགྲོ་བར་བྱེད་པའི་ཆོ་ག་ནི་འདི་དག་ཐམས་ཅད་ལ་ཡང་སྦྱར་ཏེ། དེ་ཉིད་དང་ལྷན་ཅིག་ཡང་དག་པར་བསྟེན་པར་བྱའོ། །གལ་ཏེ་གཞན་གྱི་བུད་མེད་ལ་འགྲོ་བར་འགྱུར་ན་ནི་འཆི་བ་སྐྱེད་པར་ཡང་འགྱུར་རོ། །
Vol. 88 · folio 301a
འདི་ནི་མུན་ནག་མཛེས་མ་ཞེས་བྱ་བ་གནོད་སྦྱིན་མ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བས་སྒྲུབ་པ་པོས་འགྲུབ་པར་འགྱུར་ན་ཉིན་རེ་ཞིང་གནོད་སྦྱིན་མོའི་བྲན་མོ་རེ་རེ་གཏོང་བར་བྱེད་དོ། །བློན་པོའི་འཁོར་དུ་མ་དང་ལྡན་པ་དང་གནོད་སྦྱིན་མོ་ཐམས་ཅད་ན་ཡང་རྫུ་འཕྲུལ་ཆེ་བ་
དང་མུན་པས་བསྐོར་བ་འདི་དག་ཐམས་ཅད་ཀྱང་ཆོ་ག་ཐ་དད་པ་མ་ཡིན་མོད་ཀྱི་འོན་ཀྱང་གཞན་དེ་དག་ནི་མཐོང་བར་འགྱུར་རོ། །མུན་ནག་ཆེན་པོ་ན་གནས་པ་ཞེས་བྱ་བའི་གནོད་སྦྱིན་མོ་རྫུ་འཕྲུལ་ཆེ་བ་དང་ཕུག་གནས་མ་དང་མིའི་དཔའ་མོ་དང་གཞོན་ནུ་མ་འཇིག་རྟེན་རྣམ་པར་
གྲགས་པ་དང་། མནའ་མ་གནོད་སྦྱིན་མོ་དང་ཡིད་དུ་འོང་མ་དང་བདུན་པ་ལྷ་མཛེས་མ་དང་འདི་དག་ནི་གནོད་སྦྱིན་མོ་བདུན་དག་སྟེ། སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའོ། །ས་རྣམས་མ་ལུས་དག་ཏུ་ནི། །འཇིག་རྟེན་འདིར་ནི་ཡོངས་སུ་རྒྱུ། །ཅུང་ཟད་ཀྱི་ནི་
དུས་དག་ཏུའང་། །ལྷའི་གནས་སུ་ཡང་འགྲོ་བར་བྱེད། །ལྷ་དང་ལྷ་མིན་གཡུལ་དག་ཏུའང་། །རྫུ་འཕྲུལ་ཆེན་པོས་འཐབ་པར་བྱེད། །ཆོས་ལྡན་སྙིང་ནི་བརྩེ་བ་དང་། །སེམས་ཅན་འདོད་ཅིང་མཉེས་གཤིན་བཟང་། །སེམས་ཅན་ཕན་པའི་འདོད་དོན་དུ། །ས་སྟེང་
དག་ཏུ་ཡོངས་སུ་རྒྱུ། །དེ་ལ་བསྒྲུབ་དཀའ་ཅུང་ཟད་མེད། །དགེ་བའི་ལས་རྣམས་མ་ལུས་བྱེད། །སེམས་ཅན་ལོངས་སྤྱོད་དོན་དུ་ནི། །བྱང་ཆུབ་སེམས་དཔས་བཤད་པ་ཡིན། །ཕུག་གནས་མའི་སྔགས་ནི། ཨོཾ་གུ་ཧི་ལི་གུ་ཧ་པ་ཏི་གུ་ཧ་བཱ་སི་ནི་ཨཱ་ན་ཡ་བྷ་ག་བ་
ཏི་མ་མཱ་ཏི་ཀྃ་ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། སེང་ལྡེང་གིས་མེ་རབ་ཏུ་སྦར་ལ། པྲི་ཡང་ཀུའི་མེ་ཏོག་ལ་མར་གྱིས་བཏགས་ཏེ། ཟླ་བ་གཅིག་གི་བར་དུ་དུས་གསུམ་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་སྒྲུབ་པ་བརྩམ་པར་བྱ་སྟེ།
དང་པོར་རེ་ཞིག་བྱང་བུའམ་རས་སམ་རྩིག་པ་ལ་ཚོན་མ་འདྲེས་པ་སྣོད་སར་པ་དག་གི་ནང་དུ་བཅུག་པའི་པིར་དག་གིས་རིའི་རྒྱལ་པོ་རི་རབ་ཟུར་བཞི་དང་རྩེ་མོ་བཞི་དང་ལྡན་པ། རི་བདུན་གྱི་ཕྲེང་བས་ཡོངས་སུ་བསྐོར་བ། རི་དེ་དག་གི་མཐའ་མར་རི་བོ་དག་ལ་བརྟེན་པའི་ཕུག་ཀུན་ཏུ་བྲི་
Vol. 88 · folio 301b
བར་བྱའོ། །དེར་གནས་པ་ལྷའི་གཟུགས་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཅིག་པུ་གནོད་སྦྱིན་མ་ཕུག་གནས་མ་ཞེས་བྱ་བ་རོ་སྨད་དར་ལ་གོན་པ། སྟོད་གཡོགས་དར་ལ་གྱོན་པ། གསེར་གྱི་མདོག་ཅན་རྣམ་པ་སྣ་ཚོགས་གཟུགས་མཛེས་པ་བྲི་བར་བྱ་སྟེ། དེ་ལྟ་བུའི་
རས་རིས་བྲི་བར་བྱའོ། །གཙང་བའི་གནས་སུ་གཙང་བས་འོ་མའི་ཟས་ཀྱིས་འཚོ་ཞིང་། རིག་པ་སྟོང་ཕྲག་བཅུ་བཟླས་པར་བྱ་སྟེ། ཅི་ནུས་པའི་མཆོད་པ་ཆེན་པོ་བྱས་ན་བཟླས་པའི་ཐ་མར་ལྷའི་གཟུགས་དང་ལྡན་པའི་གནོད་སྦྱིན་མོ་སྣང་བ་ཆེན་པོ་དང་ལྡན་པར་བྱས་ནས་རང་ཉིད་འོང་
བར་འགྱུར་རོ། །འོངས་པ་ན་སྣ་མའི་མེ་ཏོག་དང་ཙནྡན་དཀར་པོ་བསྲེགས་ནས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་དེས་བུ་ཅི་ཞིག་བྱ། ཞེས་སྨྲ་བར་བྱེད་དོ། །དེས་སྨྲ་བར་བྱ་བ་ནི་བདག་གི་མར་མཛོད་ཅིག་ཅེས་སོ། །དེ་བཞིན་དུ་བྱའོ་ཞེས་བྱས་ནས་མི་སྣང་བར་འགྱུར་
རོ། །དེ་ལ་སེམས་འགྱོད་པར་ནི་མི་བྱ་སྟེ། དེ་ལ་འདོད་པ་དང་ལྡན་པ་ཡང་དོན་དུ་གཉེར་བར་ཡང་མི་བྱའོ། །དེ་ལ་འཕགས་མ་རྫུ་འཕྲུལ་ཆེ་བ་དོན་དུ་གཉེར་ན་འགྲུབ་པར་འགྱུར་ཏེ། དེ་ཕན་ཅད་དེ་ལ་མ་དང་འདྲ་བར་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །འཁོར་བརྒྱད་
བརྒྱ་དང་བཅས་པ་ལ་ཟས་དང་གོས་རབ་ཏུ་སྟེར་བར་འགྱུར་རོ། །གནས་ཡང་བ་ལས་ཀྱང་སྐྱོབ་པར་བྱེད་དོ། །དགོན་པ་ཆེན་པོ་དང་རིའི་སྟེང་དུ་གནས་ན་ཡང་ལས་ཐམས་ཅད་ཡང་དག་པར་སྒྲུབ་པར་བྱེད་དོ། །བཟའ་བ་ཅི་འདོད་པ་ཡང་རབ་ཏུ་སྦྱིན་ནོ། །རོ་དང་བཅུད་ཀྱིས་
ལེན་ལ་སོགས་པ་ཐམས་ཅད་ཀྱང་རབ་ཏུ་སྦྱིན་ཞིང་ཅི་འདོད་པ་ཡང་རྗེས་སུ་སྒྲུབ་པར་བྱེད་དོ། །ཁང་པ་དང་ཁང་པ་རྩེག་མ་ཡང་མངོན་པར་སྤྲུལ་པར་བྱེད་དོ། །གསེར་སྟོང་ཕྲག་ཀྱང་ཉིན་རེ་ཞིང་རབ་ཏུ་སྦྱིན་པར་བྱེད་དོ། །དེ་ཉིད་ཀྱི་ཉིན་པར་ཐམས་ཅད་ཟད་པར་བྱས་ཏེ།
གལ་ཏེ་མི་བྱེད་ན་རྣམ་པར་ཆད་པར་འགྱུར་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །གཞན་ཡང་འདིའི་ལས་ནི་རས་རིས་འདི་ཉིད་ཀྱི་མདུན་དུ་སེང་ལྡེང་གི་མེ་རབ་ཏུ་སྦར་ལ། འབར་བ་དང་དུ་བ་དང་བྲལ་བའི་མདག་མ་ལ་ལག་པ་གཡས་པའི་མཐིལ་དུ་ལྡོང་
Vol. 88 · folio 302a
རོས་ཀྱིས་གཟུགས་བརྙན་དུ་བྲིས་ཏེ། སྐྱེས་པའམ་བུད་མེད་ཀྱི་མིང་ལག་པ་གཡོན་པའི་མཐིལ་དུ་བྲིས་ལ་མེ་མདག་གི་ཕུང་པོ་དེ་ལ་བདུགས་ཤིང་སྔགས་བཟླས་པ་བྱས་ན་དཔག་ཚད་བརྒྱ་ན་གནས་ཀྱང་འོང་བར་འགྱུར་ཏེ། གང་སྨྲས་པ་དེ་ཐམས་ཅད་
བྱེད་དུ་གཞུག་པར་འགྱུར་རོ། །ཐོ་རངས་ནི་དེ་ཉིད་དུ་ཁྱེར་བར་འགྱུར་རོ། །ལས་འདི་ཉིད་ནི་མཚན་མོ་བྱ་བ་ཡིན་གྱི་ཉིན་པར་ནི་མ་ཡིན་ནོ། །མི་དཔའ་མོའི་སྔགས་ནི། ཨོཾ་ན་ར་བཱི་རེ་སྭཱ་ཧཱ། དེ་བཞིན་དུ་འདིའི་རས་རིས་ཀྱང་བྲི་བར་བྱ་སྟེ། ཕུག་གི་གནས་ནི་མ་གཏོགས་
ཏེ། ཤིང་མྱ་ངན་མེད་ལ་བརྟེན་པ་བྲི་བར་བྱས་ལ་འདིའི་ཁྱད་པར་ནི་འདིའོ། །ལས་གཞན་ཐམས་ཅད་ནི་ཕུག་གནས་མ་དེ་བཞིན་དུ་བྱའོ། །འདི་ལ་ནི་སྲིང་མོ་ཞེས་ཀྱང་བརྗོད་པར་བྱའོ། །འདི་ལ་ལས་གཞན་ཡང་ཡོད་དེ། ཟླ་བ་གཟས་ཟིན་པ་ལ་བཙག་ཡུག་སྣམ་གྲོ་བ་
ལ་བཏུམས་ཏེ་ཁར་བཅུག་ནས་ཇི་སྲིད་དུ་ཟླ་བ་གཟས་བཏང་གི་བར་དུ་བཟླས་ན། དེ་ནས་བཙག་ཡུག་སྣམ་གྱི་བུད་མེད་དམ་སྐྱེས་པ་གང་གི་མིང་བྲིས་པ་དེ་དཔག་ཚད་བརྒྱ་ན་གནས་ཀྱང་དེ་ནས་འོང་བར་བྱེད་དོ། །ཐོ་རངས་ནི་དེ་ཉིད་དུ་ཁྱེར་བར་བྱེད་དོ། །སྲིང་མོ་བཞིན་དུ་བྱ་བ་རྣམས་
ཀྱང་བྱེད་དོ། །ཕོངས་པའི་དུས་སུ་ཡང་སྲུང་བ་ཆེན་པོ་བྱེད་དོ། །བཟླས་པ་ཙམ་གྱིས་བུད་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །མིའི་དབང་མོའི་ཆོ་ག་ནི་འདིའོ། །གནོད་སྦྱིན་གཞོན་ནུ་མའི་སྔགས་ནི། ཨོཾ་ཡཀྵ་ཀུ་མཱ་རི་ཀེ་སྭཱཧཱ། འདིའི་ཆོ་ག་ནི་གྲོ་བ་ལ་གི་
ཝང་གིས་བྲི་བར་བྱ་སྟེ། གཞོན་ནུ་མ་མགོའི་སྐྲ་ཕྱེད་བཅིངས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་གཅིག་པ་ལག་པ་གཡས་པ་ན་མ་དུ་ལུང་གའི་འབྲས་བུ་འཛིན་པ་ལག་པ་གཡོན་པས་ཤིང་མྱ་ངན་མེད་ལ་འཛིན་པ། དེ་ལྟ་བུའི་གྲོ་བའི་འདབ་མ་མགོའི་གནས་ཀྱི་སྟེང་
དུ་གཞག་པར་བྱས་ནས། དགོན་པའི་ཕྱོགས་སུ་གཅིག་པུ་ཉལ་བར་བྱས་ཏེ། ཙནྡན་དཀར་པོའི་ལྡེ་གུས་དཀྱིལ་འཁོར་བྱས་ལ་དུས་གསུམ་དུ་སྣ་མའི་མེ་ཏོག་གིས་གཅལ་བཀྲམ་པར་བྱས་ལ་གུ་གུལ་གྱི་བདུག་པས་བདུགས་ནས། རིག་པ་སྟོང་རྩ་བརྒྱད་ཟླ་བ་
Vol. 88 · folio 302b
གཅིག་གི་བར་དུ་བཟླས་ཏེ། དེ་ནས་ཟླ་བ་ཉ་བ་ལ་སྣ་མའི་མེ་ཏོག་གིས་མཆོད་པ་ཆེན་པོ་བྱས་ལ། མར་གྱི་མར་མེ་དང་ལྷ་བཤོས་ཀྱང་ཕུལ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས། ཇི་སྲིད་དུ་རྣམ་ཐོས་སྲས་ཀྱི་བུ་མོ་རང་གི་གཟུགས་ཉིད་ཀྱིས་གཞོན་ནུ་མ་ལྔ་བརྒྱས་
ཡོངས་སུ་བསྐོར་བ་འོང་ཞིང་ཕྱོགས་དེ་ཐམས་ཅད་སྣང་བར་བྱས་ནས། རང་གི་གཟུགས་ཀྱི་ནམ་མཁའ་ལ་འདུག་པར་འགྱུར་ཞིང་། དེ་ཡང་འདི་སྐད་དུ་བདག་གིས་ཅི་ཞིག་བྱ་ཞེས་སྨྲས་པ་དང་། དེ་ནས་སྒྲུབ་པ་པོས་སྨྲ་བར་བྱ་བ་ནི། མཆོག་གསུམ་ལས་གང་
ཡང་རུང་བ་གཅིག་དོན་དུ་གཉེར་བར་བྱ་བ་ནི། མ་ཉིད་དང་སྲིང་མོ་ཉིད་དང་ཆུང་མ་ཉིད་དོ། །གལ་ཏེ་མར་གྱུར་ན་ནི་སེམས་ལ་འགྱོད་པར་མི་བྱ་སྟེ། འགྱོད་ན་ནི་རྣམ་པར་འཇིག་པ་འབྱུང་བར་འགྱུར་བས་མ་བཞིན་དུ་བསྒྲུབ་པར་བྱའོ། །མ་དེས་ཀྱང་བསམས་པ་
ཙམ་གྱིས་འཁོར་ལྔ་བརྒྱ་དང་བཅས་པའི་ཟས་དང་། གོས་དང་རྒྱན་གྱི་ཁྱད་པར་ཐམས་ཅད་ཀྱང་ཡང་དག་པར་སྒྲུབ་པར་བྱེད་དོ། །ཉིན་རེ་ཞིང་ཡང་ཏི་ན་ར་སྟོང་སྟེར་བར་འགྱུར་ཞིང་གལ་ཏེ་འཛམ་བུའི་གླིང་ཐམས་ཅད་དུ་རྣམ་པར་རྒྱུ་ན་ཡང་ཐམས་ཅད་ཡང་དག་པར་སྒྲུབ་
པར་བྱེད་དོ། །གང་གི་ཚེ་སྲིང་མོར་གྱུར་ན་ཡང་དེའི་ཚེ་དཔག་ཚད་བརྒྱ་ལས་ཀྱང་བུད་མེད་འགུགས་པར་བྱེད་ཅིང་དེ་ཉིད་དུ་ཡང་ཁྱེར་བར་བྱེད་དེ། སྲིང་མོའི་ལས་ཐམས་ཅད་ཀྱང་ཡང་དག་པར་སྒྲུབ་པར་བྱེད་དོ། །ཅི་སྟེ་ཆུང་མར་གྱུར་ན་ནི་རང་གི་ཁྱིམ་དུ་ཁྱེར་ཞིང་ལོ་
སྟོང་དུ་འཚོ་བར་ཡང་བྱེད་དོ། །གང་གི་ཚེ་འཆི་བར་གྱུར་པ་དེའི་ཚེ་ཡང་རིགས་བཟང་པོར་སྐྱེ་བར་འགྱུར་ཏེ། ངག་ཐམས་ཅད་ཀྱང་ཆུང་མ་བཞིན་དུ་ཡང་དག་པར་སྒྲུབ་པར་བྱེད་དོ། །ཆུང་མ་གནོད་སྦྱིན་མའི་སྔགས་ནི། །ཨོྃ་ནིཿ། ཆུང་མ་གནོད་སྦྱིན་མོ་འདིའི་ཆོ་ག་ནི་
ཙནྡན་དཀར་པོའི་ལྡེ་གུས་ལག་པ་གཡས་པ་དང་གཡོན་པ་གུར་གུམ་གྱི་ལྡེ་གུས་ཉེ་བར་བྱུགས་ལ། ལན་སྟོང་དུ་མངོན་པར་བསྔགས་པ་བྱས་ནས། མཚན་མོ་གཅིག་པུ་མི་སྨྲ་བའི་དཀའ་ཐུབ་དང་དབེན་པའི་ས་ཕྱོགས་སུ་སྒོ་བཅད་ལ། བ་རུ་རའི་འབྲས་བུ་ལྔའམ་
Vol. 88 · folio 303a
བརྒྱད་ཏིལ་མར་གྱི་ནང་དུ་བཅུག་ལ་བཙོས་ཏེ། ཏིལ་མར་དེ་ལས་བ་རུ་རའི་འབྲས་བུ་བླངས་ནས་དེ་ལ་ཡོངས་སུ་བཟླས་ཏེ། གསེར་དང་། དངུལ་དང་། ཟངས་མ་དང་། ས་ལས་བྱས་པའི་སྣོད་སར་པ་ལ་བཅུག་ནས། ཉལ་བའི་རྐང་པའི་མཐར་བཞག་
ལ། གནོད་སྦྱིན་འདི་ཉིད་ཀྱི་སྔགས་ཡི་གེ་གཅིག་པ་སྟོང་གིས་མངོན་པར་བསྔགས་པ་བྱས་ནས། གནས་དབེན་ཞིང་མུན་པའི་ཕྱོགས་སུ་མེ་ཏོག་གིས་གཅལ་བཀྲམ་པ་ལ་ཉལ་བར་བྱས་ན། མི་མ་ཡིན་པ་འོངས་ནས་རྐང་པ་གཉིས་ལ་ལྷའི་བདེ་བའི་རེག་པ་འཇམ་པའི་
ལག་པའི་མཐིལ་གྱིས་བསྐུ་ཞིང་བྱུག་པར་བྱེད་དེ། གང་གིས་རེག་པ་ཙམ་གྱི་ལྷའི་བདེ་བའི་རེག་པས་གཉིད་འབྱུང་བར་འགྱུར་ཏེ། གང་གི་ཉི་མ་ཤར་ན་ཡང་མཚན་མོའི་མཐར་དཀའ་བའི་གཉིད་སད་པར་འགྱུར་ཏེ། རབ་ཏུ་སད་ན་ཡང་དེ་ཉིད་སེམས་པར་འགྱུར་ཏེ། དེ་
དང་ལྷན་ཅིག་འདོད་པ་སྤྱད་པར་ཡང་མི་བྱ་སྨྲ་བར་ཡང་མ་བྱས་ན་ཟླ་བ་དྲུག་གིས་འགྲུབ་པར་འགྱུར་རོ། །དེ་ནས་དེ་ལྷའི་གཟུགས་དང་ལྡན་པའི་བག་མ་སར་པ་འདྲ་བ། གཡོག་འཁོར་གྱིས་ཡོངས་སུ་བསྐོར་བ། ལག་ན་མར་མེ་ཐོགས་པ། འཇིག་རྟེན་རྣམས་འོད་བཟང་
པོ་དག་གིས་གསལ་བར་བྱས་པ། མལ་སྟན་ཡོངས་སུ་འཛིན་པ། རྒྱན་སྣ་ཚོགས་འབར་བ་དང་ལྡན་པ་འོངས་ནས་ཀྱང་ཚིག་རྗོད་པར་བྱེད་ལ། འདོད་པ་ལ་ལོངས་སྤྱོད་པའི་ཡོ་བྱད་ཡོངས་སུ་འཛིན་པ་འོངས་ནས་ཀྱང་། སྒྲུབ་པ་པོ་ལ་མགུལ་པ་ནས་འཁྱུད་
པར་བྱེད་དེ། དེ་ནས་བཟུང་ནས་ཆུང་མ་སྡུག་པ་བཞིན་དུ་རྗེས་སུ་མཐུན་པར་བྱེད་དོ། །འོངས་ན་ཡང་འདོད་པ་ལ་བརྟེན་པར་བྱའོ། །མཚན་མོ་ཡོངས་སུ་སྤྱད་ནས་ཐོ་རངས་མི་སྣང་བར་འགྱུར་ཏེ། གསེར་སྲང་སྟོང་རི་བའི་མུ་ཏིག་གི་ཕྲེང་བ་མལ་དུ་ཉིན་རེ་ཞིང་ཡོངས་
སུ་བོར་ནས་འགྲོ་བར་ཡང་བྱེད་དོ། །ལྷག་མ་མ་ལུས་པར་ཐམས་ཅད་ཉིན་རེ་ཞིང་ཟད་པར་བྱས་ཏེ། གལ་ཏེ་ཅུང་ཟད་འཇོག་པར་བྱེད་ན་ཡང་ཡོད་པར་མི་འགྱུར་རོ། །སུ་ལ་ཡང་བརྗོད་པར་མི་བྱ་སྟེ། གལ་ཏེ་རྗོད་པར་བྱེད་ན་ཕྱིར་ཡང་འོང་བར་མི་འགྱུར་རོ། །
Vol. 88 · folio 303b
ཡང་ན་འཆི་བའི་མཐའི་བར་དུ་ཕུང་ཁྲོལ་བྱེད་པར་འགྱུར་རོ། །འདི་དག་ནི་མཆོག་ཏུ་གསང་ཞིང་མཆོག་ཏུ་སྦ་བར་བྱ་བ་སྟེ། སེམས་ཅན་གཉིས་པ་ལ་བརྗོད་པ་ནི་བཟོད་པ་མ་ཡིན་ཏེ། ཐ་ན་མ་དང་ཕ་དང་། གཉེན་བཤེས་དང་བདག་པོ་ལ་ཡང་སྨྲ་བར་མི་བྱའོ། །དུད་
འགྲོའི་སྐྱེས་གནས་སུ་སོང་བའི་ཕྱུགས་ཀྱི་སྲོག་ཆགས་ལ་ཡང་བརྗོད་པར་མི་བྱ་སྟེ། འདི་ནི་མཆོག་ཏུ་གསང་བ་ཡིན་ཏེ་གསང་བ་པ་ཐམས་ཅད་དང་གནོད་སྦྱིན་མོ་ཐམས་ཅད་ཀྱིའང་མཆོག་འདི་ཉིད་དོ། །གལ་ཏེ་གཞན་ལ་བརྗོད་ན་ནི་གྲུབ་པ་ཡང་མི་འགྲུབ་པར་འགྱུར་
རོ། །བུད་མེད་གཞན་དང་རང་གི་ཆུང་མ་ལ་ཡང་འགྲོ་བ་རྟག་ཏུ་སྤང་བར་བྱའོ། །ཡིད་དུ་འོང་མའི་སྔགས་ནི། ཨོཾ་མ་ནོ་ཧ་རེ་མདོཏྶ་བ་ཀ་རི་པི་ཙི་ཏྲ་རུ་བི་ཎེ་མཻ་ཐུ་ན་པྲི་ཡེ་སྭཱ་ཧཱ། དེའི་ཆོ་ག་ནི་སྐྱེད་མོས་ཚལ་ཤིང་མྱ་ངན་མེད་ཀྱི་རྩར་ཤིན་ཏུ་དབེན་པར་ཁང་པ་བྱེད་དུ་
བཅུག་ལ་ཤིན་ཏུ་རབ་ཏུ་དབེན་པར་བྱ་ཞིང་། ར་བ་ཤིན་ཏུ་མཐོ་བ་ལ་གསེར་གྱི་སྒོ་འཕར་བྱ་ཞིང་གཙང་མར་བྱས་ལ། བཟླས་པ་འབུམ་ཕྲག་གཅིག་བྱས་ནས་དེ་ནས་ལས་བརྩམ་པར་བྱ་སྟེ། ཞག་ཆེན་པོ་བླངས་ལ་དུར་ཁྲོད་ཀྱི་སྐྲས་སྙིང་པོ་བྱ་ཞིང་སྒོ་བཅད་ལ་མར་མེ་སྦར་བར་
བྱའོ། །རས་ཁ་ཚར་དང་བཅས་ཤིང་སྐྲ་དང་བྲལ་བར་བ་ཏུ་གསར་པ་སྒོའི་ཕྱི་རོལ་ཏུ་བཞག་ན། མཚན་མོ་དེ་གཅེར་བུར་འོངས་ནས་གོས་དེ་བགོས་ནས་ནང་དུ་འཇུག་ཅིང་། མིའི་བུད་མེད་ཀྱི་གཟུགས་སུ་བྱས་ཤིང་དེ་ནས་སྒྲུབ་པ་པོ་དེ་དང་ལྷན་ཅིག་ཇི་སྲིད་མར་མེ་
འབར་གྱི་བར་དུ་དགའ་བར་བྱེད་དོ། །མར་མེ་ཟད་ནས་ནི་མི་སྣང་བར་འགྱུར་རོ། །དེ་ལ་གོས་གཅིག་བཅིངས་ཏེ་གོས་ཡོངས་སུ་བཞག་ནས་མལ་སྟན་ནས་འགྲོ་བར་བྱེད་དོ། །ཡང་ན་སྒྲུབ་པ་པོས་ལག་པའི་སོར་གདུབ་བཞག་པ་ལས་སོར་གདུབ་གཉིས་པ་ཡང་
བཞག་ནས་འགྲོ་བར་བྱེད་དོ། །ཡང་ན་གདུ་བུ་དང་རྐེད་པའི་འོག་པག་དང་རྐང་པ་གཉིས་ཀྱི་རྐང་གདུབ་དང་མགོའི་ནོར་བུ་དང་དེ་བཞིན་དུ་གཞན་དང་། གཞན་ལྷའི་རྒྱན་གཅིག་ཅིག་གང་དེ་ཁྱེར་བ་དེ་དང་དེ་རྗེས་སུ་སྟེར་བར་བྱེད་དོ། །འགྲོ་བ་དང་འོང་བ་ཡང་དོན་མེད་པར་མི་བྱེད་
Vol. 88 · folio 304a
དོ། །དེ་བཞིན་དུ་ཉིན་རེ་ཞིང་ཡང་མ་ལུས་པར་ཐམས་ཅད་ཟད་པར་བྱའོ། །དེ་བཞིན་དུ་ཟླ་བ་དྲུག་ན་སྨྲ་བར་བྱེད་ན། དེའི་ཚེ་སྨྲ་བར་བྱས་ན་ཆུང་མར་འགྱུར་རོ། །རྟག་ཏུ་གནས་ན་བཅུད་ཀྱིས་ལེན་ཡང་རབ་ཏུ་སྦྱིན་ཞིང་། གང་འཐུངས་པས་དུས་
རིངས་པོར་འཚོ་བར་འགྱུར་རོ། །ཡིད་ཀྱིས་བསྒོམས་ནས་སེང་ལྡེང་གི་ཕུར་བུས་ས་བརྐོས་ན་ལྷའི་གཞལ་མེད་ཁང་འབྱུང་བར་འགྱུར་ལ་ཕྱུང་ན་ནི་མི་སྣང་བར་འགྱུར་རོ། །འདིའི་སྔགས་གཉིས་པ་ཡོད་པ་ནི། ཨོཾ་མ་ཧཱ་ནགྣི་ནགྣི་ཛེ་སྭཱ་ཧཱ། དེ་ཉིད་ཀྱིས་མར་མེ་རབ་
ཏུ་སྦར་ལ། སྔགས་འདིས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ན་ངེས་པར་འོང་བར་འགྱུར་རོ། །ཕུར་བུས་མངོན་པར་བསྔགས་པ་བྱས་ནས་བརྐོ་བར་བྱའོ། །ཕུར་བུ་ཕྱུང་ཞིང་མར་མེ་ཟད་ན་མི་སྣང་བར་འགྱུར་རོ། །ཕུར་བུ་དང་མིའི་ཞག་གི་མར་
དང་བའི་རྭའམ་མ་ཧེ་ནག་པོའི་རྭ་དང་དུར་ཁྲོད་ཀྱི་རས་ཀྱི་སྙིང་པོ་འཆང་ན། ཡུལ་གཞན་དུ་གང་ཅི་འདོད་པ་དེ་ཡང་སྟེར་བར་བྱེད་དོ། །ཡང་ན་རང་ཉིད་བྱ་སྟེ་སྔགས་ཀྱང་གཞན་ལ་མི་སྦྱིན་ནོ། །ཅི་སྟེ་བྱིན་ན་ནི་རིག་པ་ཆད་པར་འགྱུར་རོ། །གང་ལ་བྱིན་པ་དེའི་ཕུན་
སུམ་ཚོགས་པར་འགྱུར་ཏེ། གང་འདོད་པ་དེ་ཡང་གནས་དབེན་པར་བྱེད་ན་འདིའི་གྲུབ་པ་དོན་མེད་པར་མི་འགྱུར་རོ། །ཡང་ན་གཞན་དང་རྩེ་བར་ནི་བྱེད་དེ། འོན་ཀྱང་དེ་དང་ལྷན་ཅིག་སྨྲ་བར་ནི་མི་བྱེད་དོ། །བུད་མེད་གཞན་དང་ཕྲད་པར་མངོན་པར་འདོད་པའམ་ཡིད་
ལ་སེམས་ན་ཡང་དེའི་ཚེ་ཟློས་པ་དེའི་གན་དུ་འོང་བར་མི་འགྱུར་ཏེ། བུད་མེད་གཞན་དང་མ་ཕྲད་པ་དེའི་དབང་དུ་འགྱུར་བ་ཡིན་ནོ། །ལྷ་མཛེས་མའི་སྔགས་ནི། ཨོཾ་སུ་ར་སུནྡ་རི་སྭཱ་ཧཱ། འདིའི་ཆོ་ག་ནི་སེང་ལྡེང་གི་ཤིང་གིས་མེ་རབ་དུ་སྦར་ལ། མར་གྱི་སྲེག་བླུགས་
ཀྱིས་ཟླ་བ་གཅིག་ལ་དུས་གསུམ་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱ་ཞིང་། དེ་ནས་ཡར་ངོའི་ཟླ་བ་ཉ་ལ་བསང་བྱེད་ཀྱི་ཁྲེས་ལ་འདུག་སྟེ། གཙང་ཞིང་གཙང་བའི་ས་ཕྱོགས་དབེན་པར་ཇི་སྲིད་ནམ་ཕྱེད་པ་དེ་སྲིད་དུ་སྔགས་བཟླས་པ་བྱས་ན་ངེས་པར་འོང་བར་འགྱུར་ཞིང་
Vol. 88 · folio 304b
དེ་ནས་མ་དང་སྲིང་མོ་དང་ཆུང་མ་སྔར་ཇི་ལྟ་བ་དེ་ཐམས་ཅད་བྱེད་པར་འགྱུར་ཏེ། ཐམས་ཅད་ཀྱང་རྒྱ་ཆེར་བརྗོད་པར་བྱའོ། །བདུན་པོ་འདི་དག་གནོད་སྦྱིན་མ། །ཕྱག་ན་རྡོ་རྗེའི་བཀའ་ཡིས་ཀྱང་། །ལྷ་དང་ལྷ་མིན་ཁམས་གསུམ་དུ། །ས་རྣམས་ཀུན་ཏུ་ཡོངས་སུ་རྒྱུ། །
མི་ཡུལ་དག་ན་སྦྱོར་བར་དགའ། །སྙིང་རྗེར་ལྡན་ཞིང་རྣམ་པར་རྒྱུ། །ཁ་ཅིག་ཕག་མ་བྱིས་པ་དང་། །གནོད་སྦྱིན་མ་གཞན་བླུན་པའོ། །གཞན་དག་ཕན་བྱེད་འཚེ་བ་ཡང་། །དེ་བཞིན་མཚན་མོ་ཡོངས་སུ་རྒྱུ། །བྱིས་པའི་འཚོ་བ་འཕྲོག་པའི་ཕྱིར། །བསྐམ་
ཞིང་ཤ་ནི་ཟ་བྱེད་གཞན། །གང་ཕྱིར་འཛམ་གླིང་འོངས་པ་ནི། །དེ་བཞིན་ཁྲག་ལ་ཆགས་བྱེད་པའོ། །རྟག་ཏུ་སྲོག་ལ་གནོད་བྱེད་པའི། །ཁྲག་ལ་དགའ་བའི་གནོད་སྦྱིན་མོ། །སྲུང་བྱེད་འཆི་དང་བཅས་གྱུར་པའི། །ཁྱིམ་ནི་ཀུན་ཏུ་ཡོངས་སུ་རྒྱུ། །དེ་
དག་ཚར་བཅད་བསྒྲུབ་དོན་དུ། །དམ་ཚིག་འདི་ནི་རབ་ཏུ་བསྟན། །ཇི་ལྟར་འདོད་ཆགས་འཆིང་བ་ལ། །བྱིས་པ་རྣམས་ནི་བསྡུས་པའི་དོན། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དེ་ལྟར་འདི་ཀུན་གསུངས་པ་ཡིན། །འདོད་ཆགས་ཀྱིས་ལྡོངས་
སེམས་རྨོངས་པའི། །གང་ཚེ་སྔགས་པ་འཁྲིག་དོན་གཉེར། །སྔགས་ཀྱིས་བཀུག་བྱས་ལོངས་སྤྱད་པ། །གནོད་སྦྱིན་མོའམ་སྲིན་མོའམ། །ཀླུ་མོའམ་ཡང་ན་དྲི་ཟ་འམ། །མི་འམ་ཅི་འམ་ལྷ་མིན་མ། །ལྷ་མིན་ལྷ་བས་མཆོག་གྱུར་པའི། །ས་
འོག་གནས་ནི་ཉམས་དགའ་བར། །གང་དུ་བུད་མེད་གྲངས་མེད་པ། །སྔགས་ཤེས་དེར་ནི་རབ་ཏུ་འཇུག །སྔགས་ཤེས་སྔགས་ནི་ཟློས་པ་དག །དེར་སོང་བསྐལ་པར་གནས་པར་འགྱུར། །བྱམས་པ་ཞེས་བྱའི་རྫོགས་སངས་རྒྱས། །སངས་རྒྱས་ཆེན་པོ་
འབྱུང་འགྱུར་ཏེ། །དེ་ཚེ་དེ་ནི་དམ་ཆོས་ཐོས། །ཐོས་ནས་རབ་ཏུ་གྲོལ་བར་འགྱུར། །ལྷ་དང་ལྷ་མིན་བུ་མོ་དང་། །རིག་འཛིན་བུ་མོ་དམ་པ་དག །སྔགས་ཀྱིས་བཀུག་ནས་སྤྱོད་བྱེད་ཅིང་། །དེ་ཚེ་ལྷ་ཡི་བདེ་བས་དགའ། །སྔགས་པ་འཛམ་བུའི་གླིང་གནས་
Vol. 88 · folio 305a
པས། །དེ་ཉིད་དུ་ནི་རྟག་འདྲེན་པ། །གང་ཚེ་གཙང་གནས་གསང་བ་དང་། །གཙང་སྦྲ་སྤྱོད་ལ་རྟག་དགའ་བའོ། །གྲུབ་པ་དམ་པ་རྨོངས་རྣམས་ལ། །ནམ་ཡང་སེམས་ལ་འབྱུང་མི་འགྱུར། །བཤང་གཅི་མི་གཙང་གནས་དང་ནི། །རྟག་ཏུ་དྲི་ང་
རུལ་བ་དང་། །ནད་ཀྱིས་སྡུག་བསྔལ་མྱ་ངན་དང་། །ཐ་མར་འཆི་ཞིང་སྡུག་བསྔལ་སྣོད། །བྲལ་བའི་རྣམ་པར་ཡང་དག་ལྡན། །མི་ཡི་བུད་མེད་རེག་མི་བྱ། །མི་རྟག་སྡུག་བསྔལ་སྟོང་པ་དང་། །སྟོང་པ་གསོག་དང་ཐེར་ཟུག་མེད། །བྱིས་པ་རྣམས་ནི་རྗེས་བྲིད་དང་། །
ཀུན་ཏུ་རྟོགས་ལས་བྱུང་བ་ལ། །ཐོག་མ་མེད་ལས་འདོད་ཀུན་འབྱུང་། །སྔགས་པས་འདོད་པ་བསྟེན་མི་བྱ། །དེ་དག་ཆགས་བྲལ་ཞེས་གསུངས་ཏེ། །རྣམ་གྲོལ་དེ་དག་གྲུབ་པ་ཉིད། །གང་ཞིག་འདོད་ལ་ཆགས་བྲལ་བ། །འདི་ཡི་སྔགས་ནི་འགྲུབ་པར་
འགྱུར། །བཤང་གཅི་ཁྲག་གིས་བརླན་པ་དང་། །རུལ་བས་ཀུན་ཏུ་ཁྱབ་པ་དང་། །རྒ་དང་འཆི་དང་མྱ་ངན་བཅས། །མི་ཡི་ལུས་ལ་རེག་མི་བྱ། །རྨོངས་པའམ་ཆགས་པའི་སེམས་ཀྱིས་ནི། །དེར་ནི་འཁྲིག་པ་བརྟེན་མི་བྱ། །དེ་དག་རྟག་ཏུ་མི་གཙང་
བརྟེན། །སྔགས་ཀྱི་གྲུབ་པ་རྙེད་མི་འགྱུར། །སྔགས་ཤེས་སྔགས་ཀྱི་གཟུགས་ཅན་དང་། །ཤེས་ལྡན་དབང་པོ་ཐུལ་བ་དང་། །དཔའ་བོ་གཙང་བའི་སྤྱོད་ལ་དགའ། །རྟག་ཏུ་དེ་ཡི་སྔགས་ཀྱང་འགྲུབ། །པདྨ་མཐོ་མ་རབ་དགའ་མ། །མི་ཕམ་མ་དང་རྟག་
རྒྱལ་དང་། །སྔོ་བསངས་ལྡན་པའི་གནོད་སྦྱིན་མོ། །རྫུ་འཕྲུལ་ཆེ་འདི་གནོད་སྦྱིན་མོ། །པདྨ་མཐོ་མའི་སྔགས་ནི། ཨོཾ་པདྨ་ཨུཙྪེ་སྭཱ་ཧཱ། འདིའི་ཆོ་ག་ནི་གང་གཱའི་ངོགས་སམ་རྒྱ་མཚོའི་ངོགས་སམ་སྐྱེད་མོས་ཚལ་གྱི་མེ་ཏོག་གི་ལྡུམ་རའི་ནང་དུ་ལོ་མའི་སྤྱིལ་པོ་བྱས་ཏེ་
རབ་ཏུ་གཙང་ཞིང་བདག་ཉིད་ཀྱང་གཙང་བར་བྱས་ལ། རྡོའམ་སའི་སྒོ་གླེགས་བྱས་ལ་དེ་ཉིད་དུ་མཚན་མོ་སྒོ་བཅད་ནས་འདོད་པའི་ཡོ་བྱད་ཀྱི་ལོངས་སྤྱོད་རྣམས་བསོགས་ཏེ། དེ་ཉིད་དུ་བདག་ཉིད་དང་ཉེ་བར་གནོད་སྦྱིན་མོའི་མལ་ཡང་བཤམ་པར་བྱ་སྟེ། རིག་པ་སྟོང་ཕྲག་བཅུ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words