འཕགས་པ་འོད་ཟེར་ཀུན་དུ་བཀྱེ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Sanskrit title (Tibetan script, as in the text) ཨཱརྱ་རཤྨི་སམནྟ་མུཀྟོ་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 40 · folio 195b
འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་གཅིག་པ་སྟེ། འོད་ཟེར་ཀུན་དུ་བཀྱེ་བ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་རཤྨི་སམནྟ་མུཀྟོ་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འོད་ཟེར་ཀུན་དུ་
བཀྱེ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་རང་
དབང་ཆེན་པོ་ཐོབ་པ་ལྔ་བརྒྱ་དང་། གཞན་ཡང་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་
ཁྲག་ཁྲིག་ཕྲག་བཞི་བཅུ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་འཁོར་འདུས་པ་དེ་ཉིད་དུ་ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་པ་དེ་འདུག་པའི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་
ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་ཕྲིན་ལས་ཅི་ཞིག་མཛད་ན་འདི་ལྟར་རྣམ་པར་ངེས་པའི་འོད་ཟེར་དང་། ཡོངས་སུ་སྡུད་པའི་འོད་ཟེར་དང་། ཀུན་ནས་
སློང་བའི་འོད་ཟེར་དང་། རབ་ཏུ་སྟོན་པའི་འོད་ཟེར་དང་། ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་དང་། ཁ་དོག་འདྲེས་པ་མ་མཆིས་པའི་འོད་ཟེར་དང་། རྒྱ་ཆུང་ངུའི་འོད་ཟེར་དང་། རྒྱ་ཆེན་པོའི་འོད་ཟེར་དང་། རྣམ་པར་དག་པའི་འོད་ཟེར་དང་། ཤིན་ཏུ་རྣམ་པར་དག་པའི་འོད་ཟེར་དང་། དྲི་མ་
མ་མཆིས་པའི་འོད་ཟེར་དང་། ཤིན་ཏུ་དྲི་མ་མ་མཆིས་པའི་འོད་ཟེར་དང་། དྲི་མ་དང་བྲལ་བའི་འོད་ཟེར་དང་། རིམ་གྱིས་འཕེལ་བའི་འོད་ཟེར་དང་། གསལ་བའི་འོད་ཟེར་དང་། ཤིན་ཏུ་གསལ་བའི་འོད་ཟེར་དང་། མཐའ་མ་མཆིས་པའི་འོད་ཟེར་དང་། ཤིན་ཏུ་མཐའ་མ་མཆིས་
Vol. 40 · folio 196a
པའི་འོད་ཟེར་དང་། ཚད་མ་མཆིས་པའི་འོད་ཟེར་དང་། ཤིན་ཏུ་ཚད་མ་མཆིས་པའི་འོད་ཟེར་དང་། གྲངས་ཀྱི་ཚད་མ་མཆིས་པའི་འོད་ཟེར་དང་། ཤིན་ཏུ་གྲངས་ཀྱི་ཚད་མ་མཆིས་པའི་འོད་ཟེར་དང་། མྱུར་བའི་འོད་ཟེར་དང་། ཤིན་ཏུ་མྱུར་བའི་འོད་ཟེར་དང་། གནས་པ་
མ་མཆིས་པའི་འོད་ཟེར་དང་། གནས་མ་མཆིས་པའི་འོད་ཟེར་དང་། རབ་ཏུ་འབར་བའི་འོད་ཟེར་དང་། སྣང་བར་བགྱིད་པའི་འོད་ཟེར་དང་། མོས་པར་བགྱིད་པའི་འོད་ཟེར་དང་། ཕ་རོལ་དུ་ཕྱིན་པར་བགྱིད་པའི་འོད་ཟེར་དང་། ཐོགས་པ་མ་མཆིས་པའི་འོད་ཟེར་དང་། གཡོ་བ་མ་མཆིས་
པའི་འོད་ཟེར་དང་། དྲང་པོའི་འོད་ཟེར་དང་། དཔག་ཏུ་མ་མཆིས་པ་ལ་གནས་པའི་འོད་ཟེར་དང་། གཟུགས་ཀྱི་མཚན་གྱི་འོད་ཟེར་དང་། གཟུགས་ཀྱི་མཚན་སྣ་ཚོགས་ཀྱི་འོད་ཟེར་དང་། གཟུགས་ཀྱི་མཚན་ཚད་མ་མཆིས་པའི་འོད་ཟེར་དང་། ཁ་དོག་སྔོན་པོ་དང་། སེར་པོ་དང་།
དམར་པོ་དང་། དཀར་པོའི་མཚན་ཉིད་ཀྱི་འོད་ཟེར་དང་། ཁ་དོག་ལེ་བརྒན་གྱི་མཚན་ཉིད་ཀྱི་འོད་ཟེར་དང་། ཆུ་ཤེལ་གྱི་ཁ་དོག་གི་མཚན་ཉིད་ཀྱི་འོད་ཟེར་དང་། ནམ་མཁའི་ཁ་དོག་གི་མཚན་ཉིད་ཀྱི་འོད་ཟེར་དང་། འདི་ལྟ་བུ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་འོད་ཟེར་རེ་རེ་ཀུན་ཀྱང་ཁ་
དོག་རྣམ་པ་ལྔའི་འོད་ཟེར་འདྲེས་པར་གྱུར་པ་སྟོན་པར་མཛད་པ་ནས་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་དངོས་པོ་རེ་རེ་ཀུན་ཀྱང་འོད་ཟེར་ཁ་དོག་རྣམ་པ་སྣ་ཚོགས་ཚད་མ་མཆིས་པ་དཔག་ཏུ་མ་མཆིས་པ་དག་དང་འདྲེས་པར་གྱུར་པ་རབ་ཏུ་སྟོན་པར་མཛད་པའི་བར་
དུ་བརྙེས་པར་གྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ད་ནི་བསམ་གྱིས་མི་ཁྱབ་པའི། །དགེ་བའི་ལས་ཀྱི་རྒྱུ་རྐྱེན་གྱིས། །རྨོངས་པ་རྣམས་ནི་རབ་སྤངས་པས། །འོད་ཟེར་སྣ་ཚོགས་གྲུབ་པ་ཡིན། །གཞན་
ཡང་སྤྱོད་པ་སྣ་ཚོགས་ཀྱིས། །སངས་རྒྱས་ལམ་ལ་རབ་གནས་ཤིང་། །སྟོང་བ་བྱེད་མེད་ཤེས་རབ་ཀྱིས། །འདྲེས་པའི་འོད་ཟེར་བསྟན་པ་ཡིན། །ཇི་ལྟར་ཕྱི་རོལ་ཆོས་དག་ལ། །མཚན་ཉིད་བྱེ་བྲག་སྣ་ཚོགས་སྣང་། །དེ་ནི་སྟོང་ཞིང་བདག་ཀྱང་མེད། །བྱེད་པ་མེད་ཅིང་སེམས་ཡིད་
Vol. 40 · folio 196b
མེད། །གཞན་ཡང་ཇི་ལྟར་ནང་གི་ལུས། །སྟོང་ཞིང་བདག་མེད་བྱེད་མེད་ཀྱང་། །དེ་ལས་རྣམ་པ་སྣ་ཚོགས་ཀྱི། །སྒྲ་སྐད་དག་ནི་རབ་ཏུ་སྟོན། །དེ་ལྟར་བྱེད་མེད་དབང་གིས་ན། །ཁ་དོག་དཔག་མེད་འོད་བསྟན་ནས། །མོས་པ་དག་ནི་ཇི་བཞིན་དུ། །རེ་བ་དག་ནི་སྐོང་བར་མཛད། །
རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་གཉིས་བསྐྱེད་ནས། །སོ་སོར་རབ་འབྲིང་ཐ་མ་ཡི། །བྱེ་བྲག་ཡོད་པ་རབ་ཏུ་སྟོན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་གསུམ་བསྐྱེད་ནས། །སོ་སོར་རབ་འབྲིང་ཐ་མ་ཡི། །བྱེ་བྲག་ཡོད་པ་རབ་
ཏུ་སྟོན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་བཞི་བསྐྱེད་ནས། །སོ་སོར་རབ་འབྲིང་ཐ་མ་ཡི། །བྱེ་བྲག་ཡོད་པ་རབ་ཏུ་སྟོན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་ལྔ་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ལས་གཙང་ལས་
ནི་སྐྱེས་པ་ཡིན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་དྲུག་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཐབས་མཁས་ལས་ནི་སྐྱེས་པ་ཡིན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་བདུན་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ལས་
དགེ་ལས་ནི་སྐྱེས་པ་ཡིན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་བརྒྱད་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །དགེ་བའི་ཆོས་ལས་སྐྱེས་པ་ཡིན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་དགུ་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །
ཚོགས་དག་ལས་ནི་སྐྱེས་པ་ཡིན། །རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་བཅུ་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །སྦྱིན་པ་ལས་ནི་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་ཉི་ཤུ་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །
ཚུལ་ཁྲིམས་བསྲུངས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་སུམ་ཅུ་གང་བྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །བཟོད་པ་ལས་ནི་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བཞི་བཅུ་གང་བྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །
Vol. 40 · folio 197a
བརྩོན་འགྲུས་ལས་ནི་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་ལྔ་བཅུ་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །བསམ་གཏན་ལས་ནི་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་དྲུག་བཅུ་གང་འབྱུང་བ། །
སོ་སོར་རབ་འབྲིང་ཐ་མ་ཡང་། །ཤེས་རབ་ལས་ནི་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བདུན་ཅུ་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །བྱམས་སེམས་ལས་ནི་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བརྒྱད་ཅུ་གང་
འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །སྙིང་རྗེའི་སེམས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་དགུ་བཅུ་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །དགའ་བའི་སེམས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་
ནི། །ཁ་དོག་རྣམ་བརྒྱ་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །བཏང་སྙོམས་སེམས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་སྟོང་ནི་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཡོན་ཏན་སྟོན་ལས་སྐྱེས་པ་ཡིན། །རེས་འགའ་
དངོས་པོ་གཅིག་ལས་ནི། །ཁ་དོག་ཁྲི་ནི་གང་འབྱུང་བ། །སོ་སོར་རབ་འབྲིང་ཐ་མ་ཡང་། །བསོད་ནམས་ཚོགས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་གང་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཡིད་ཆེས་པ་ལས་སྐྱེས་པ་ཡིན། །རེས་འགའ་
དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་གཉིས་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །རྗེས་སུ་ཡི་རང་ལས་སྐྱེས་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་གསུམ་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཤིན་ཏུ་སྦྱངས་ལས་སྐྱེས་པ་ཡིན། །རེས་འགའ་
དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་བཞི་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །སངས་རྒྱས་གུས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་ལྔ་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཆོས་ལ་གུས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་
Vol. 40 · folio 197b
པོ་གཅིག་ལས་ནི། །ཁ་དོག་བྱེ་བ་དྲུག་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །དགེ་འདུན་གུས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་བདུན་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཚུལ་ཁྲིམས་གུས་ལས་སྐྱེས་པ་ཡིན། །རེས་འགའ་
དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་བརྒྱད་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཏིང་འཛིན་གུས་ལས་སྐྱེས་པ་ཡིན། །རེས་འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་དགུ་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །ཀུན་བརྩེ་ལས་ནི་སྐྱེས་པ་ཡིན། །རེས་
འགའ་དངོས་པོ་གཅིག་ལས་ནི། །ཁ་དོག་བྱེ་བ་བཅུ་སྟོན་པ། །སོ་སོར་རབ་འབྲིང་ཐ་མ་ཡང་། །བག་ཡོད་ལས་ནི་སྐྱེས་པ་ཡིན། །གཞན་ཡང་སྤུ་ཁུང་གཅིག་ལས་ནི། །འོད་ཟེར་མང་པོ་གང་སྟོན་པ། །འོད་ཟེར་སྣ་ཚོགས་མིང་དེ་དག །དེང་འདིར་ཁྱོད་ལ་བཤད་པར་བྱ། །ང་ལ་འོད་
ཟེར་གཅིག་ཡོད་དེ། །དེ་མིང་སྤྲིན་གཙང་སྣང་ཞེས་བྱ། །འོད་ཟེར་དེ་ནི་དགེ་བའི་རྩ། །དཔག་མེད་བསགས་ལས་སྐྱེས་པ་ཡིན། །འདི་ལྟར་འདས་པའི་དུས་ཀྱི་ཚེ། །སེམས་ཅན་རྣམ་པ་ཇི་སྙེད་པ། །ནད་རྣམས་སྣ་ཚོགས་བཏབ་པ་ལས། །སྙིང་བརྩེའི་སེམས་ནི་རབ་བསྐྱེད་
ནས། །སྨན་ནི་མང་པོ་རབ་བཏང་ཞིང་། །དེ་དག་སོས་པར་བྱས་པ་ཡི། །རྒྱུ་དང་རྐྱེན་ནི་འདི་ཡི་ཕྱིར། །དེ་འདྲའི་འོད་ཟེར་ཐོབ་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་མིག་ཅེས་བྱ། །མར་མེས་སངས་རྒྱས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་
ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་རྣ་ཞེས་བྱ། །སྒྲ་དབྱངས་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་སྣ་ཞེས་བྱ། །སྤོས་ཆུ་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་
ཡོད་དེ། །དེ་མིང་རྣམ་དག་ལྕེ་ཞེས་བྱ། །རོ་མཆོག་དག་གིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ལུས་ཤེས་བྱ། །འདི་ལྟར་གོས་ཀྱིས་མཆོད་བྱས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་
Vol. 40 · folio 198a
དེ། །དེ་མིང་རྣམ་དག་སེམས་ཞེས་བྱ། །རྟག་ཏུ་སངས་རྒྱས་ཡིད་ཆེས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་གཟུགས་ཞེས་བྱ། །སངས་རྒྱས་གཟུགས་ནི་བྲིས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་
ཡང་ཡོད་དེ། །དེ་མིང་རྣམ་དག་སྒྲ་ཞེས་བྱ། །རྟག་ཏུ་ཆོས་ལ་བསྔགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་དྲི་ཞེས་བྱ། །རྟག་ཏུ་དགེ་འདུན་གུས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་
རོ་ཞེས་བྱ། །ཡིད་བཞིན་དུ་ནི་སྦྱིན་བཏང་བས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་རེག་ཅེས་བྱ། །བྱུག་སྤོས་དག་གིས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཆོས་ཞེས་བྱ། །ཆོས་རྣམས་
ཡོངས་སུ་བཟུང་བས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ས་ཞེས་བྱ། །སངས་རྒྱས་དགེ་འདུན་ས་ཕྱགས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཆུ་ཞེས་བྱ། །ཆུ་མིག་ཁྲོན་པས་མཆོད་པས་
ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་མེ་ཞེས་བྱ། །མི་འཛིན་མཆོད་ཅིང་སྦྱིན་བཏང་བས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་རླུང་ཞེས་བྱ། །རླུང་ཡབ་ཐོགས་ནས་མཆོད་པས་ན། །དེ་ཕྱིར་དེ་ལས་
སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཕུང་ཞེས་བྱ། །ལུས་ཀྱིས་སངས་རྒྱས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཁམས་ཞེས་བྱ། །རྟག་ཏུ་བྱམས་པའི་སེམས་བསྒོམས་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །
ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་བདེན་ཞེས་བྱ། །རྟག་ཏུ་བརྫུན་ནི་སྤངས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཞི་ཞེས་བྱ། །རྟག་ཏུ་སྦྱིན་པ་བཏང་བས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་
Vol. 40 · folio 198b
རྣམ་དག་སྒྲ་ཞེས་བྱ། །སངས་རྒྱས་རྣམས་ཀྱི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་དྲན་ཞེས་བྱ། །ཏིང་འཛིན་བསྔགས་པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་སྤོབས་
ཞེས་བྱ། །ཀུན་འཛིན་བསྔགས་པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་འཐུན་ཞེས་བྱ་བ་ཡིན། །རྩོད་པ་དག་ནི་བསྡུམས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་དོན་རབ་བསྟན་ཅེས་བྱ། །སྟོང་ཉིད་
རབ་ཏུ་རྟོགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཁ་དོག་སྔོ་ཞེས་བྱ། །པད་མ་སྔོན་པོས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཁ་དོག་སེར་ཞེས་བྱ། །ཙམ་པ་ཀས་ནི་མཆོད་པས་ན། །དེ་ཕྱིར་དེ་
ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཁ་དོག་དམར་ཞེས་བྱ། །མུ་ཏིག་དག་གིས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཁ་དོག་དཀར་ཞེས་བྱ། །གསེར་གྱི་གདུགས་ཀྱིས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་
ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཡོན་ཏན་མཆོག་ཅེས་བྱ། །ཚོན་སྣ་མང་པོས་བརྒྱན་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཀླུའི་གཟི་ཞེས་བྱ། །ཀླུ་ཡི་བ་དན་གྱིས་མཆོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་
ཡང་ཡོད་དེ། །དེ་མིང་གླང་པོའི་གཟི་ཞེས་བྱ། །གླང་པོའི་བ་དན་གྱིས་མཆོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་སེང་གེ་རྒྱལ་ཞེས་བྱ། །སེང་གེའི་བ་དན་གྱིས་མཆོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །
དེ་མིང་ཁྱུ་མཆོག་རྒྱལ་ཞེས་བྱ། །ཁྱུ་མཆོག་བ་དན་གྱིས་མཆོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་ཟླ་བ་ཡིན། །སངས་རྒྱས་མཆོད་རྟེན་ཕྱགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་
Vol. 40 · folio 199a
ཀླུ་གདུལ་ཞེས་བྱའོ། །དར་གྱི་ལྡ་ལྡི་ཕུལ་བས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་གནོད་སྦྱིན་འདུལ་ཞེས་བྱ། །སོ་སོར་ལེགས་པར་བརྟགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་
བུད་མེད་རྟོགས་ཞེས་བྱ། །བུད་མེད་མཚན་མ་སྤངས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་སྐྱེས་པ་རྟོགས་ཞེས་བྱ། །སྐྱེས་པའི་མཚན་མ་སྤངས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྡོ་རྗེ་སྟོབས་ཞེས་
བྱ། །ལས་ཀྱི་ཤེས་པ་དག་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་སྟོང་པ་སྟོན་ཞེས་བྱ། །འཇིག་རྟེན་རྣམ་སྨིན་སྟོན་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཡང་དག་རྟོགས་ཞེས་བྱ། །ཕྱིན་ཅི་ལོག་
ནི་སྤངས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །སངས་རྒྱས་གསུང་ནི་སྟོན་ཞེས་བྱ། །ཆོས་དབྱིངས་བསྔགས་པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །སྐྱོན་རྣམས་སྤངས་པ་ཞེས་བྱའོ། །མོས་པའི་
བསྔགས་པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །བཀོད་པ་ཀུན་ཏུ་སྣང་ཞེས་བྱ། །མར་མེ་ཕུལ་བའི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་སྲེད་པ་སྤངས་ཞེས་བྱ། །ཏིང་འཛིན་ཤེས་
རབ་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་བག་ཆགས་སྤངས་ཞེས་བྱ། །སྔོན་མཐའི་ཤེས་པ་སྤངས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཆགས་པ་སྤངས་ཞེས་བྱ། །མི་སྐྱེ་ཡེ་ཤེས་
བསྔགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །འགྲོ་བ་རྣམས་ནི་སྤངས་ཞེས་བྱ། །ཟག་ཟད་ཡེ་ཤེས་བསྔགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་གནས་སྤངས་ཞེས་བྱ་སྟེ། །སྡུག་བསྔལ་ཤེས་པ་
Vol. 40 · folio 199b
བསྔགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །སངས་རྒྱས་ཆོ་འཕྲུལ་ཞེས་བྱའོ། །རྫུ་འཕྲུལ་མཐུ་ཡི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་གཟུགས་མེད་སྟོན་ཅེས་བྱ། །རྫུ་འཕྲུལ་རྐང་གི་
བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དགེ་བའི་གྲོགས་ལ་མོས་ཞེས་བྱ། །རྟོགས་པའི་རང་བཞིན་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །མིག་གི་སྔོན་མཐའ་ཞེས་བྱའོ། །མིག་
གི་སྔོན་མཐའ་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །མིག་གི་མཐའ་ཟད་ཅེས་བྱའོ། །མིག་ཟད་བསྔགས་པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་སྲིད་པའི་མཐའ་ཞེས་བྱ། །སྲིད་
མེད་བསྔགས་པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་འཇིག་པ་མེད་ཅེས་བྱ། །འགོག་པ་མེད་ཀྱི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་མཐའ་མེད་ཅེས་བྱའོ། །མཐའ་མེད་བསྔགས་
པ་བརྗོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་མཚན་མ་མེད་ཅེས་བྱ། །འདུས་མ་བྱས་ཀྱི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་འགྱུར་བ་མེད་ཅེས་བྱ། །ཁྱད་པར་མེད་པའི་
བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་འགྱུར་བ་མེད་ཅེས་བྱ། །ཞེན་པ་མེད་པའི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་འབྱུང་བ་མེད་ཅེས་བྱ། །སྐྱེ་བ་མེད་པའི་བསྔགས་
བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་སྐྱེ་བ་མེད་ཅེས་བྱ། །འབྱུང་བ་མེད་པའི་བསྔགས་བརྗོད་པས། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་བསྟན་མེད་ཅེས་བྱ་ཡོད། །སྐྱེ་དགུ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། །ང་ལ་འོད་
Vol. 40 · folio 200a
ཟེར་ཆོས་ཉིད་ཅེས་བྱ་ཡོད། །སངས་རྒྱས་ཞིང་ནི་བྱེ་བ་གཡོ་བར་བྱེད། །ང་ལ་འོད་ཟེར་བདུད་འདུལ་ཞེས་བྱ་ཡོད། །འོད་ཟེར་དེ་ཡི་གཟིས་ནི་བདུད་སྐྲག་བྱེད། །ང་ལ་འོད་ཟེར་བསོད་ནམས་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་དག་ནི་གནོད་པ་སྤོང་། །ང་ལ་འོད་
ཟེར་སྟོབས་ལྡན་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་དག་ནི་དགྲ་རབ་སྤོང་། །ང་ལ་འོད་ཟེར་རབ་ཞི་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་དག་ནི་འདོད་ཆགས་སྤོང་། །ང་ལ་འོད་ཟེར་བསམ་གཏན་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་དག་ནི་ལོག་སྤྱོད་སྤོང་། །ང་ལ་འོད་ཟེར་གྲགས་
པའི་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་དག་ནི་གྲགས་པ་འཐོབ། །ང་ལ་འོད་ཟེར་ཡིད་དགའ་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་དག་ནི་མྱ་ངན་མེད། །ང་ལ་འོད་ཟེར་སྡོམ་གཙང་རྒྱལ་མཚན་ཡོད། །དེ་ཡི་མིང་འཛིན་ཚུལ་ཁྲིམས་འཆལ་པ་སྤོང་། །ང་ལ་འོད་ཟེར་སྤོས་མཆོག་རྒྱལ་
མཚན་ཡོད། །དེ་ཡི་མིང་འཛིན་མི་གཙང་མེད་པར་འགྱུར། །ང་ལ་འོད་ཟེར་ཆོས་ཟབ་ཅེས་བྱ་ཡོད། །དེ་ཡི་མིང་འཛིན་ཐེ་ཚོམ་མེད་པར་འགྱུར། །ང་ལ་འོད་ཟེར་གནས་པ་མེད་པ་ཡོད། །དེ་ཡི་མིང་འཛིན་སྲེད་པ་སྤོང་བར་འགྱུར། །ང་ལ་འོད་ཟེར་རྟོག་བྲལ་ཞེས་བྱ་ཡོད། །དེ་ཡི་མིང་
འཛིན་འཛིན་པ་མེད་པར་འགྱུར། །ང་ལ་འོད་ཟེར་རི་རབ་ཅེས་བྱ་ཡོད། །དེ་ཡི་མིང་འཛིན་གཡོ་བ་མེད་པར་འགྱུར། །ང་ལ་འོད་ཟེར་གསང་བའི་སྤྱོད་པ་ཡོད། །དེ་ཡི་མིང་འཛིན་མངོན་པར་ཞེན་པ་མེད། །ང་ལ་འོད་ཟེར་རྣམ་གྲོལ་སྤྱོད་པ་ཡོད། །དེ་ཡི་མིང་འཛིན་འཆིང་བ་མེད་པར་འགྱུར། །
ང་ལ་འོད་ཟེར་ལེགས་འདུལ་ཞེས་བྱ་ཡོད། །དེ་ཡི་མིང་འཛིན་མཉེན་དེས་ཐོབ་པར་འགྱུར། །ང་ལ་འོད་ཟེར་མི་གཡོ་ཞེས་བྱ་ཡོད། །དེ་ཡི་མིང་འཛིན་འདོད་ཆགས་ཞེན་སྤོང་འགྱུར། །ང་ལ་འོད་ཟེར་རབ་འདུལ་ཞེས་བྱ་ཡོད། །དེ་ཡི་མིང་འཛིན་ཚུལ་ཁྲིམས་རྫོགས་པར་འགྱུར། །ང་
ལ་འོད་ཟེར་དགེ་མང་སྤྱོད་པ་ཡོད། །དེ་ཡི་མིང་འཛིན་གོས་པ་མེད་པར་འགྱུར། །ང་ལ་འོད་ཟེར་ཕན་མང་བྱེད་པ་ཡོད། །གང་གིས་མིང་ཐོས་ཉེས་པ་རྣམ་སྤོང་འགྱུར། །ང་ལ་འོད་ཟེར་མཆོག་ཤེས་མཐོང་བ་ཡོད། །གང་གིས་མིང་ཐོས་རྨོངས་པ་མེད་པར་འགྱུར། །ང་ལ་འོད་ཟེར་ཕན་
Vol. 40 · folio 200b
ཚོལ་ཞེས་བྱ་ཡོད། །གང་གིས་མིང་ཐོས་ཞེ་སྡང་མེད་པར་འགྱུར། །ང་ལ་འོད་ཟེར་སེམས་དགའ་བྱེད་པ་ཡོད། །གང་གིས་མིང་ཐོས་བདེ་བ་ཐོབ་པར་འགྱུར། །ང་ལ་འོད་ཟེར་གདུང་བ་མེད་པ་ཡོད། །གང་གིས་མིང་འཛིན་སྟོང་ཉིད་རྟོགས་པར་འགྱུར། །ང་ལ་འོད་ཟེར་ངོ་བོ་ཉིད་མེད་
ཡོད། །གང་གིས་མིང་འཛིན་སྤྲོས་ལས་འདའ་བར་འགྱུར། །ང་ལ་འོད་ཟེར་རྟེན་པ་མེད་པ་ཡོད། །གང་གིས་མིང་འཛིན་གཡོ་བ་མེད་པར་འགྱུར། །ང་ལ་འོད་ཟེར་རྨོངས་དང་བྲལ་བ་ཡོད། །གང་གིས་མིང་འཛིན་སོམ་ཉི་མེད་པར་འགྱུར། །ང་ལ་འོད་ཟེར་གནས་མེད་ཅེས་བྱ་ཡོད། །
གང་གིས་མིང་འཛིན་གཏི་མུག་མུན་པ་སྤོང་། །ང་ལ་འོད་ཟེར་ནང་ལུས་སྐྱོ་བ་ཡོད། །གང་གིས་མིང་འཛིན་དེ་ནི་ལེན་མི་འགྱུར། །ང་ལ་འོད་ཟེར་འཛིན་མེད་ཅེས་བྱ་ཡོད། །གང་གིས་མིང་འཛིན་ཡི་གེ་ཚིག་འབྲུ་སྤོང་། །ང་ལ་འོད་ཟེར་རྨོངས་པ་མེད་པ་ཡོད། །གང་གིས་མིང་འཛིན་
བརྗོད་དང་བྲལ་བར་འགྱུར། །ང་ལ་འོད་ཟེར་འགྲོ་མེད་ཅེས་བྱ་ཡོད། །གང་གིས་མིང་འཛིན་མ་འོངས་ཤེས་པར་འགྱུར། །ང་ལ་འོད་ཟེར་ཀུན་མཐའ་ཞེས་བྱ་ཡོད། །གང་གིས་མིང་འཛིན་འདས་པ་ཤེས་པར་འགྱུར། །ང་ལ་འོད་ཟེར་མཚུངས་མེད་ཅེས་བྱ་ཡོད། །གང་གིས་མིང་འཛིན་ཟག་
མེད་རྟོགས་པར་འགྱུར། །ང་ལ་འོད་ཟེར་འཕགས་ཐོབ་ཅེས་བྱ་ཡོད། །གང་གིས་མིང་འཛིན་མཆོག་གྱུར་ཤེས་པར་འགྱུར། །ང་ལ་འོད་ཟེར་དྲི་མ་མེད་པ་ཡོད། །གང་གིས་མིང་འཛིན་མངོན་པར་ཞེན་པ་སྤོང་། །ང་ལ་འོད་ཟེར་རྡུལ་སྤོང་ཞེས་བྱ་ཡོད། །གང་གིས་མིང་འཛིན་མུན་པ་མེད་
པར་འགྱུར། །ང་ལ་འོད་ཟེར་སྲེད་པ་མེད་པ་ཡོད། །གང་གིས་མིང་འཛིན་རྟེན་དག་སྤོང་བར་འགྱུར། །ང་ལ་འོད་ཟེར་མཆོག་རྒྱལ་ཞེས་བྱ་ཡོད། །གང་གིས་མིང་འཛིན་ཕ་རོལ་སྨྲ་བ་ནོན། །ང་ལ་འོད་ཟེར་དར་ལ་བབ་པ་ཡོད། །གང་གིས་མིང་འཛིན་སྤྱོད་པ་དྲུག་འགྲུབ་འགྱུར། །ང་ལ་འོད་
ཟེར་མཆོག་བཙུན་ཞེས་བྱ་ཡོད། །གང་གིས་མིང་འཛིན་ཤེས་པ་ཐོགས་མེད་འགྱུར། །ང་ལ་འོད་ཟེར་མྱུར་བ་ཞེས་བྱ་ཡོད། །གང་གིས་མིང་འཛིན་དགེ་སློང་མཆོག་འགྲུབ་འགྱུར། །ང་ལ་འོད་ཟེར་མཚན་ལྡན་ཞེས་བྱ་ཡོད། །གང་གིས་མིང་འཛིན་ཆོས་ཟབ་རྟོགས་པར་འགྱུར། །ང་ལ་
Vol. 40 · folio 201a
འོད་ཟེར་མཚན་མ་མེད་པ་ཡོད། །གང་གིས་མིང་འཛིན་ང་རྒྱལ་སྤོང་བར་འགྱུར། །ང་ལ་འོད་ཟེར་སྐྱེ་མེད་ཅེས་བྱ་ཡོད། །གང་གིས་མིང་འཛིན་འཐོབ་མེད་རྙེད་པར་འགྱུར། །ང་ལ་འོད་ཟེར་སངས་རྒྱས་དྲན་པ་ཡོད། །དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་
བསྔགས། །སངས་རྒྱས་མང་ལ་སྤྱོད་པ་རྣམས་བསྒྲུབས་པས། །འདི་ལྟ་བུ་ཡི་འོད་ཟེར་གྲུབ་པ་ཡིན། །སངས་རྒྱས་སྐུ་ལས་བྱུང་བའི་འོད་ཟེར་རྣམས། །རྡུལ་ཕྲན་གྲངས་ནི་བརྒྱ་སྟོང་བྱེ་སྙེད་མངའ། །དེ་བཞིན་ཞིང་ནི་ཚད་མེད་བྱེ་སྙེད་མངའ། །དེ་ཡི་གྲངས་ནི་རྒྱ་མཚོའི་བྱེ་མ་སྙེད། །རྡུལ་
དེ་སྙེད་ཀྱི་འོད་ཟེར་རྣམས་ཀྱང་ནི། །སོ་སོ་ལ་ཡང་འཁོར་ནི་མང་པོ་ཡོད། །འོད་ཟེར་དེས་ནི་སངས་རྒྱས་མེད་ཞིང་དུ། །དེ་བཞིན་གཤེགས་པའི་རྣམ་དག་སྐུར་སྤྲུལ་ནས། །ཤིན་ཏུ་ཟབ་མོའི་ཆོས་ནི་སྟོན་མཛད་པས། །སེམས་ཅན་བཟོད་ལ་རབ་ཏུ་འགོད་པར་མཛད། །ང་ལ་འོད་ཟེར་སངས་རྒྱས་
ཞེས་བྱ་ཡོད། །སེམས་ཅན་སངས་རྒྱས་ལམ་ལ་གནས་པར་མཛད། །ང་ལ་འོད་ཟེར་ཆོས་ཤེས་བྱ་བ་ཡོད། །ཤིན་ཏུ་རྣམ་དག་གསལ་བྱེད་དྲི་མ་མེད། །ང་ལ་འོད་ཟེར་དགེ་འདུན་ཞེས་བྱ་ཡོད། །དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས། །ང་ལ་འོད་ཟེར་རྣམ་དག་ཅེས་བྱ་
ཡོད། །འོད་ཟེར་དེ་ནི་ཁྱད་འཕགས་རྙེད་པར་དཀའ། །ང་ལ་འོད་ཟེར་པད་མ་ཞེས་བྱ་ཡོད། །སེམས་ཅན་ཕན་འདོགས་ཡོངས་སུ་སྨིན་པར་བྱེད། །ང་ལ་འོད་ཟེར་ཚངས་པ་ཞེས་བྱ་ཡོད། །ཁ་ཅིག་བརྒྱ་བྱིན་ཡང་ན་ལྷ་ཞེས་བྱ། །ཟླ་བ་ཀླུ་དང་གནོད་སྦྱིན་ཞེས་ཀྱང་བྱ། །ལྷ་མ་ཡིན་དང་ནམ་
མཁའ་ལྡིང་ཞེས་བྱ། །ཁ་ཅིག་རྒྱལ་པོ་བུད་མེད་ཞེས་ཀྱང་བྱ། །ཁ་ཅིག་བུ་མོ་ཁ་ཅིག་ཁྱེའུ་ཞེས་བྱའོ། །དེ་ལྟར་འོད་ཟེར་སྣ་ཚོགས་མང་པོ་རྣམས། །སོ་སོར་དགེ་ཆོས་དག་གིས་སྐལ་མཚུངས་འདུལ། །འཁོར་ནི་ཚད་མེད་བྱེ་བ་སྙེད་དག་ཀྱང་། །ཐམས་ཅད་བྱང་ཆུབ་ཡོངས་སུ་སྨིན་པར་
བྱེད། །ང་ལ་འོད་ཟེར་ཤེས་རབ་ཅེས་བྱ་ཡོད། །ཁ་ཅིག་ཚུལ་ཁྲིམས་ཁ་ཅིག་མིང་བྱམས་པ། །ཁ་ཅིག་སྙིང་རྗེ་དགའ་དང་སྒྲོན་ཞེས་བྱ། །ཁ་ཅིག་བྱུག་སྤོས་ཁ་ཅིག་རོལ་མོ་སྒྲ། །འདི་ལྟ་བུ་ལ་སོགས་པའི་འོད་ཟེར་རྣམས། །སྔོན་གྱི་སྤྱོད་པའི་རྗེས་སུ་འཐུན་པར་ནི། །སྐྱེ་དགུའི་རྣམ་པ་ཚད་
Vol. 40 · folio 201b
མེད་ཡོངས་བསྡུས་པས། །དེས་ན་འོད་ཟེར་འདི་དག་རྫོགས་པ་ཡིན། །ང་ལ་འོད་ཟེར་གཙོ་བོ་ཞེས་བྱ་ཡོད། །དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས། །སངས་རྒྱས་བསྟན་པ་རྣམས་ལ་རྟག་གུས་པས། །དེས་ན་འོད་ཟེར་འདི་ནི་རྫོགས་པ་ཡིན། །སངས་རྒྱས་སྤྱན་གྱིས་སེམས་ཅན་
གྲངས་གཟིགས་ནས། །སྤུ་ཁུང་ཀུན་ནས་འོད་ཟེར་སྣ་ཚོགས་གཏོང་། །འོད་ཟེར་མང་པོ་དེ་དག་རེ་རེ་ཡང་། །སོ་སོར་འཁོར་མང་དག་གིས་རབ་ཏུ་བསྐོར། །སེམས་ཅན་རྣམས་ཀྱི་མོས་པ་ཇི་བཞིན་དུ། །སངས་རྒྱས་འོད་ཟེར་གཏོང་ཞིང་སྨིན་པར་མཛད། །གང་གིས་འོད་ཟེར་བསྟན་པ་
འདི་ཐོས་ནས། །རབ་ཏུ་དགའ་ཞིང་མོས་པར་གང་བྱེད་པ། །དེ་སྔོན་སངས་རྒྱས་མང་པོ་དག་ལས་ནི། །མདོ་སྡེ་འདི་ནི་ཐོས་པར་གྱུར་པ་ཡིན། །ང་ལ་འོད་ཟེར་ཁྱད་པར་འཕགས་པ་ཡོད། །འཁོར་ནི་བྱེ་བ་བརྒྱད་ཅུ་གྲངས་སྙེད་ཡོད། །སྔོན་གྱི་སངས་རྒྱས་དག་ལ་ཚིགས་བཅད་གཅིག །བསྔགས་
པས་དེ་ཕྱིར་འོད་ཟེར་འདི་གྲུབ་པོ། །ང་ལ་འོད་ཟེར་མྱ་ངན་མེད་པ་ཡོད། །འཁོར་ནི་ཁྲག་ཁྲིག་བརྒྱད་ཅུ་སྙེད་ཡོད་དེ། །དེ་བཞིན་གཤེགས་པའི་བསྟན་པ་གཅིག་བཟུང་བས། །དེ་ཕྱིར་འོད་ཟེར་འདི་ནི་གྲུབ་པ་ཡིན། །ང་ལ་འོད་ཟེར་རྣམ་དག་མཆོག་ཡོད་དེ། །འཁོར་ནི་བྱེ་བ་བརྒྱད་ཅུ་གྲངས་
སྙེད་ཡོད། །ཏིང་འཛིན་གཅིག་ནི་ཡོངས་སུ་བཟུང་བས་ན། །དེ་ཕྱིར་འོད་ཟེར་འདི་ནི་གྲུབ་པ་ཡིན། །འདས་པའི་དུས་ཀྱི་སངས་རྒྱས་མཚན། །ཁྱད་པར་འཕགས་པ་ཞེས་བྱ་བྱུང་། །སངས་རྒྱས་དེས་ནི་འཇིག་རྟེན་ན། །སྐུ་ཚེའི་ཚད་ནི་མེད་པར་བཞུགས། །དང་པོ་མངོན་པར་སངས་རྒྱས་ཚེ། །
ཆོས་བསྟན་འཁོར་དུ་འདུས་པ་ཡི། །གྲངས་ནི་ཁྲག་ཁྲིག་བརྒྱད་ཅུ་སྙེད། །དེ་ཉིད་དུ་ནི་འདུས་པར་གྱུར། །དེ་ཡི་ཚེ་ན་འཛམ་བུ་ཡི། །གླིང་ཆེན་དག་ནི་འདི་དག་ཏུ། །ཡུལ་གྱི་རྒྱལ་པོ་དེ་ཡི་མིང་། །སྒྲ་ལ་མོས་ཞེས་བྱ་བ་བྱུང་། །རྒྱལ་པོ་ཆེན་པོ་དེ་ལ་ནི། །བུ་ཕོ་དག་ནི་ལྔ་བརྒྱ་ཡོད། །
བྱད་བཞིན་དག་ནི་སྡུག་མཛེས་པས། །མཐོང་བ་དག་ནི་དགའ་བར་འགྱུར། །དེ་ཡི་ཚེ་ན་རྒྱལ་པོའི་ཡབ། །གཟི་བྱིན་རང་དབང་རབ་ལྡན་ཞིང་། །དཀོན་མཆོག་དག་ནི་གསུམ་པོ་ལ། །ཤིན་ཏུ་དང་བ་སྐྱེས་པར་གྱུར། །རྒྱལ་པོ་དེ་ལ་སྐྱེད་མོས་ཚལ། །མཆོག་ཏུ་གྱུར་པ་ཇི་སྙེད་པ། །
Vol. 40 · folio 202a
དེ་དག་ཐམས་ཅད་གུས་པས་ནི། །བཅོམ་ལྡན་དེ་ལ་རབ་ཏུ་ཕུལ། །སྐྱེད་མོས་ཚལ་ནི་དེ་དག་ཏུ། །འཆག་ས་དག་ནི་ཇི་སྙེད་པ། །དེ་དག་ཐམས་ཅད་ཀུན་དུ་ནི། །ལྗོན་ཤིང་ཙམ་པ་ཀ་དག་དང་། །ལྗོན་ཤིང་ནྱ་གྲོ་དྷ་དག་དང་། །ལྗོན་ཤིང་ཀིང་ཤུ་ཀ་དང་ནི། །ལྗོན་ཤིང་
ཨུ་དུམ་བ་ར་དང་། །ལྗོན་ཤིང་པ་ལ་པ་ཏྲ་དང་། །ལྗོན་ཤིང་ཤི་རི་ཤ་དག་དང་། །ལྗོན་ཤིང་མྱ་ངན་འཚད་ལ་སོགས། །དེ་དག་གྲངས་ནི་སོ་སོར་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་ཡོད། །ལྗོན་ཤིང་མང་པོ་དེ་དག་ཀྱང་། །དབྱར་དང་དགུན་ནི་འདྲ་བར་ཡང་། །མེ་ཏོག་འབྲས་བུ་ཡལ་ག་དག །ཁ་
དོག་དག་ནི་གསལ་ཞིང་རྒྱས། །དྲི་མཆོག་དམ་པ་རབ་འབྱུང་ཞིང་། །དེ་བཞིན་གཤེགས་པའི་སྐུ་ལ་འཐུལ། །དགེ་སློང་དག་ནི་ཇི་སྙེད་པ། །ལུས་ཀྱི་ཁ་དོག་གསེར་དང་འདྲ། །དེ་དག་ཐམས་ཅད་ཀུན་ཀྱང་ནི། །ལྗོན་ཤིང་དག་ནི་དེ་དྲུང་དུ། །འདུག་ནས་རབ་ཏུ་བརྩོན་པས་ན། །གཟུངས་
ནི་རབ་ཏུ་ཐོབ་པར་གྱུར། །དེ་ཚེ་དེ་བཞིན་གཤེགས་པ་དེ། །རྒྱལ་པོ་ཡབ་དང་སྲས་རྣམས་དང་། །གཞན་ཡང་འཁོར་ནི་མང་པོ་ལ། །ཤིན་ཏུ་ཐུགས་ནི་བརྩེ་བའི་ཕྱིར། །རྣམ་པར་ངེས་པའི་འོད་ཟེར་མདོ། །དེ་དག་ལ་ནི་རབ་ཏུ་བསྟན། །རྒྱལ་པོ་དེས་ནི་ཐོས་གྱུར་ནས། །སེམས་ནི་རབ་ཏུ་
དགའ་བར་གྱུར། །ཚིགས་སུ་བཅད་པ་ཚད་མེད་པས། །དེ་བཞིན་གཤེགས་པའི་བསྔགས་པ་བརྗོད། །གཞན་ཡང་རྒྱལ་པོ་ཆེན་པོ་དེས། །རིན་པོ་ཆེ་ཡི་གདུགས་དམ་པ། །བྱེ་བ་ཕྲག་ནི་བརྒྱད་ཅུ་སྙེད། །བཅོམ་ལྡན་དེ་ལ་རབ་ཏུ་ཕུལ། །རིན་ཆེན་གདུགས་ནི་རེ་རེ་ལ། །ཡིད་བཞིན་
ནོར་བུའི་དྲ་བ་དག །མཐའ་མ་འཁོར་བར་རབ་ཏུ་བརྒྱན། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དེ་དག་རེ་རེའི་རིན་ཐང་ཡང་། །འཛམ་བུའི་གསེར་ནི་བཙོ་མ་དག །སྲང་ནི་བྱེ་བ་བརྒྱད་ཅུ་རི། །རིན་ཆེན་གདུགས་ནི་རེ་རེ་ཡང་། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བྱེ་བ་ཕྲག་ནི་བརྒྱད་ཅུ་
སྙེད། །ཕྲེང་བ་དག་ཏུ་བྱས་པར་གྱུར། །ཡིད་བཞིན་རིན་ཆེན་དེ་དག་ཀྱང་། །ཁ་དོག་དག་ནི་རབ་གསལ་བས། །ཉིན་མཚན་དག་ནི་མེད་པར་ཡང་། །རྟག་ཏུ་འོད་ཟེར་རབ་ཏུ་གཏོང་། །འོད་ཟེར་དེ་དག་རེ་རེས་ཀྱང་། །དཔག་ཚད་བརྒྱ་ནི་སྣང་བར་བྱེད། །འོད་ཟེར་དེ་དག་རབ་གསལ་བས། །
Vol. 40 · folio 202b
ཉི་ཟླ་དག་ནི་ཟིལ་གྱིས་གནོན། །གཞན་ཡང་རིན་ཆེན་གདུགས་དེ་དག །སེང་གེ་རིན་ཆེན་ཆུན་འཕྱང་ནི། །བྱེ་བ་ཕྲག་ནི་བརྒྱད་ཅུ་དང་། །གསེར་སྐུད་རིན་ཆེན་ཕྲེང་བ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་དག །ངོས་བཞི་དག་ནི་རབ་ཏུ་བརྒྱན། །གཞན་ཡང་རིན་ཆེན་དམ་པ་ནི། །འདི་ལྟར་
རྣམ་པ་སྣ་ཚོགས་ཀྱིས། །མུ་ཏིག་རིན་ཆེན་དྲ་བ་དག །སྤེལ་མ་དག་ཏུ་རྣམ་པར་བརྒྱན། །འདི་ལྟ་བུ་ཡི་གདུགས་དག་གིས། །སྐྱེད་མོས་ཚལ་ནི་ཀུན་ཏུ་གཡོགས། །དེ་ཡི་སྟེང་དུ་གཞན་ཡང་ནི། །པད་མ་སུ་མ་ན་དང་ནི། །པད་མ་ཨ་ཏི་མུག་ཏ་ཀ། །བཏང་བཟུང་ཞེས་ནི་བྱ་བ་དང་། །
པད་མ་ཨུ་དུམ་བ་ར་དང་། །པད་མ་སྔོན་པོ་ལ་སོགས་དང་། །དེ་བཞིན་རྣམ་པ་སྣ་ཚོགས་ཀྱི། །པད་མའི་གདུགས་ནི་ཚད་མེད་པ། །རེ་རེ་ཐམས་ཅད་ཀུན་ཀྱང་ནི། །རིན་ཆེན་དྲ་བ་འཚམ་པར་བྱས། །གཞན་ཡང་གསེར་གྱི་སྐུད་པ་ལས། །བྱས་པའི་གོས་དག་གིས་ཀྱང་ནི། །བླ་རེ་
དག་ཏུ་རབ་བྱས་ནས། །དེ་ཡི་སྟེང་དུ་ཁྱབ་པར་གཡོགས། །གཞན་ཡང་ཙན་དན་རིན་ཆེན་ཁྲི། །གསེར་དག་ལས་ནི་རྐང་བྱས་པ། །དེ་ཡི་གྲངས་ཀྱང་བྱེ་བ་ཕྲག །བརྒྱད་ཅུ་སྙེད་ནི་རབ་ཏུ་བཤམས། །རིན་ཆེན་ཁྲི་ནི་དེ་དག་ལ། །ཟབ་དར་དག་ལས་བྱས་པ་ཡི། །སྟན་ནི་བྱེ་བ་
ཕྲག་བརྒྱད་ཅུ། །དེ་ཡི་སྟེང་དུ་རབ་བརྒྱན་ཏོ། །དེ་ཡི་ཚེ་ན་སེམས་ཅན་གྱི། །རྣམ་པ་དག་ནི་ཇི་སྙེད་པ། །སྲིད་པའི་རྩེ་མོ་མན་ཆད་ཀྱང་། །ཐམས་ཅད་དེར་ནི་འདུས་གྱུར་ནས། །དེ་བཞིན་གཤེགས་པ་དེ་ལས་ནི། །མདོ་སྡེ་འདི་ནི་རབ་ཏུ་མཉན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །
དྲི་ཟ་ཡི་ནི་རྒྱལ་པོ་དང་། །ལྟོ་འཕྱེ་ཆེན་པོ་ལྷ་མ་ཡིན། །དེ་དག་མདོ་སྡེ་འདི་ཐོས་ནས། །རབ་ཏུ་དགའ་བའི་སེམས་སྐྱེས་པས། །ཚིགས་སུ་བཅད་པ་བརྒྱད་སྟོང་གིས། །དེ་བཞིན་གཤེགས་པའི་བསྔགས་བརྗོད་ནས། །དེ་དག་ཐམས་ཅད་ཀུན་གྱིས་ཀྱང་། །བྱང་ཆུབ་ཆེན་པོར་སྨོན་
ལམ་བཏབ། །ལྷ་དང་ཀླུ་དང་ལྷ་མ་ཡིན། །དེ་ལ་སོགས་པ་ཐམས་ཅད་ཀྱང་། །ཡོངས་སུ་དང་བའི་སེམས་ཀྱིས་ནི། །མེ་ཏོག་མན་དཱ་ར་བ་དང་། །མུ་ཏིག་རིན་ཆེན་ལ་སོགས་པའི། །ཆར་ཕབ་མཆོད་པ་རབ་ཏུ་བྱས། །དེ་ཡི་ཚེ་ན་གཞན་ཡང་ནི། །ལྷ་ཆེན་མཐུ་དང་གཟི་ལྡན་པ། །
Vol. 40 · folio 203a
བྱེ་བ་ཕྲག་ནི་བརྒྱད་ཅུ་སྙེད། །མདོ་སྡེ་འདི་ནི་ཐོས་པས་ན། །རབ་ཏུ་དགའ་བའི་སེམས་བསྐྱེད་ནས། །བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ། །མ་འོངས་པ་ཡི་དུས་ཀྱི་ཚེ། །འོད་ཟེར་འདི་འདྲ་ཐོབ་པར་ཤོག །དེ་བཞིན་གཤེགས་པས་དེ་ཡི་ཚེ། །དེ་ཡི་བསམ་པ་ཐུགས་
ཆུད་པས། །མ་འོངས་སངས་རྒྱས་འགྲུབ་འགྱུར་ཞེས། །བྱང་ཆུབ་ཏུ་ནི་ལུང་ཡང་བསྟན། །དེ་ཡི་ཚེ་ན་གཞན་ཡང་ནི། །བརྒྱ་བྱིན་ལྷ་ཡི་དབང་པོ་དང་། །ཚངས་པ་འཁོར་དང་བཅས་པ་ཡང་། །བྱེ་བ་ཕྲག་ནི་བརྒྱད་ཅུ་སྙེད། །འོད་ཟེར་རབ་ཏུ་སྟོན་པ་ཡི། །མདོ་སྡེ་འདི་ནི་ཐོས་པས་ན། །
རབ་ཏུ་དགའ་བའི་སེམས་བསྐྱེད་ནས། །བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད། །མ་འོངས་སངས་རྒྱས་འགྲུབ་འགྱུར་ཞེས། །བྱང་ཆུབ་ཏུ་ནི་ལུང་ཡང་བསྟན། །དེ་ཡི་ཚེ་ན་གཞན་ཡང་ནི། །ཀླུ་ནི་བྱེ་བ་ཁྲག་ཁྲིག་ཕྲག །བརྒྱད་ཅུ་སྙེད་ནི་འདུས་པ་དག །མདོ་སྡེ་འདི་ནི་ཐོས་པས་ན། །བྱང་
ཆུབ་ཏུ་ནི་སེམས་བསྐྱེད་པས། །ལུང་བསྟན་པ་ཡང་ཐོབ་པར་གྱུར། །དེ་ཡི་ཚེ་ན་གཞན་ཡང་ནི། །གསེར་འདབ་རྒྱལ་པོ་བྱེ་བ་ཕྲག །བརྒྱད་ཅུ་སྙེད་ནི་འདུས་པ་དག །མདོ་སྡེ་འདི་ནི་ཐོས་པས་ན། །སྡོམ་པ་ལྔ་ནི་རབ་བསྲུངས་ཏེ། །ལུང་བསྟན་པ་ཡང་ཐོབ་པར་གྱུར། །དེ་ཡི་ཚེ་ན་
གཞན་ཡང་ནི། །དྲི་ཟའི་རྒྱལ་པོ་བྱེ་བ་ཕྲག །བརྒྱད་ཅུ་སྙེད་ནི་འདུས་པ་དག །མདོ་སྡེ་འདི་ནི་ཐོས་པས་ན། །རོལ་མོ་བརྒྱ་སྟོང་རྣམས་བྱས་ཏེ། །སྒྲ་སྙན་དག་ནི་རབ་ཕྱུང་ནས། །བཅོམ་ལྡན་དེ་ལ་མཆོད་བྱས་པས། །ལུང་བསྟན་པ་ཡང་ཐོབ་པར་གྱུར། །དེ་ཡི་ཚེ་ན་གཞན་ཡང་ནི། །
གནོད་སྦྱིན་རྒྱལ་པོ་ཁྲག་ཁྲིག་སྙེད། །མདོ་སྡེ་འདི་ནི་ཐོས་པས་ན། །སངས་རྒྱས་ཡེ་ཤེས་དག་ལས་ནི། །ཤིན་ཏུ་དད་པ་སྐྱེས་པར་གྱུར། །དེ་དག་ཐམས་ཅད་ཀུན་གྱིས་ཀྱང་། །བྱང་ཆུབ་ལུང་བསྟན་ཐོབ་པར་གྱུར། །ཟླ་འོད་འདི་ལྟར་ཤེས་པར་གྱིས། །དེ་ཚེ་རྒྱལ་པོ་སྒྲ་མོས་པས། །མཆོད་
པ་རྣམ་པ་སྣ་ཚོགས་ཀྱིས། །བཅོམ་ལྡན་དེ་ལ་མཆོད་བྱས་པ། །གཞན་ཡིན་སྙམ་དུ་མི་བལྟ་སྟེ། །དེ་ནི་ཁྱོད་དག་ཉིད་ཡིན་ནོ། །ཁྱོད་ནི་སྔོན་འདས་དུས་ཀྱི་ཚེ། །མདོ་སྡེ་འདི་ནི་ཐོས་པའི་རྒྱུས། །དེ་ལྟ་བས་ན་དེང་འདིར་ཡང་། །འདི་ཉིད་སླར་ཡང་ཞུས་པ་ཡིན། །ང་ནི་མྱ་ངན་འདས་
Vol. 40 · folio 203b
པའི་འོག །གང་ཡང་རུང་བ་སུ་ཞིག་གིས། །དམ་པའི་ཆོས་ཀྱི་འཁོར་ལོ་དག །རྣམ་པར་འཇིག་པའི་དུས་ཀྱི་ཚེ། །ཆོས་ཀྱི་བསྟན་པ་འདི་དག་ནི། །དང་བའི་སེམས་ནི་གང་བསྐྱེད་པ། །འདི་ལྟ་བུ་ཡི་མདོ་སྡེ་དག །རྒྱ་ཆེར་ཡང་དག་སྟོན་པར་ནུས། །མ་འོངས་མདོ་སྡེ་འདི་ནི་གང་སྟོན་པ། །
དེས་ནི་ང་ཡི་ཆོས་འཛིན་སྲུང་བར་བྱེད། །དེ་ནི་འདྲོན་མང་དེད་པའི་དེད་དཔོན་འདྲ། །རིན་ཆེན་གཏེར་འཛིན་སྲུང་བ་ཞེས་ཀྱང་བྱ། །མ་འོངས་དུས་ཚེ་མདོ་འདི་གང་ཐོས་ནས། །སྐད་ཅིག་ཙམ་དུ་མོས་པ་སྐྱེད་བྱེད་པ། །དེ་ནི་སངས་རྒྱས་བྱིན་གྱིས་བརླབས་པ་ཡིན། །འཇམ་དཔལ་བྱིན་གྱིས་
བརླབས་པར་རིག་པར་བྱ། །དེས་ནི་སངས་རྒྱས་མང་པོ་མཐོང་འགྱུར་བས། །གསང་བའི་ཆོས་གཏད་ཤེས་རབ་རྣོ་བར་འགྱུར། །སེམས་ཅན་གང་དག་སེམས་དྲང་མཉེན་དེས་ཤིང་། །རྟག་ཏུ་སངས་རྒྱས་རིམ་གྲོ་བྱེད་ལ་བརྩོན། །བདག་མེད་སྒོམ་ཞིང་བྱམས་དང་བཟོད་སྐྱེད་པ། །དེས་
ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་རྟག་ཏུ་མི་དགེའི་སེམས་འཆང་ཞིང་། །རྙེད་ལ་གདུ་ཞིང་ཆོག་མི་ཤེས་པ་དང་། །རབ་དབེན་རྣམས་ལ་མོས་པར་མི་འགྱུར་བ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་དེ་བཞིན་གཤེགས་པ་རྣམས་མཆོད་དང་། །དམ་ཆོས་ཟབ་མོ་
ལེགས་པར་རྟོགས་པ་དང་། །སངས་རྒྱས་ཡང་དག་ཡེ་ཤེས་ཡིད་ཆེས་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་སེམས་གཡེང་དད་པའི་སེམས་མེད་ཅིང་། །རྟག་ཏུ་སྲོག་གཅོད་གདུལ་བར་རབ་དཀའ་དང་། །འདོད་པའི་ཡུལ་རྣམས་ཀུན་གྱི་བྲན་བྱེད་པ། །དེས་ནི་མདོ་སྡེ་
འདི་ལ་མོས་མི་འགྱུར། །གང་ཞིག་རྟག་ཏུ་དགོན་གནས་རབ་མོས་ཤིང་། །གཅིག་པུ་དབེན་པར་འདུག་ཅིང་སེམས་ཞི་དང་། །རྙེད་དང་གཉེན་ལ་མངོན་པར་ཞེན་མེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་གྲོགས་ངན་དག་གི་རྗེས་འབྲང་ཞིང་། །བདག་དང་གཞན་
གྱི་དགེ་བ་འཇིག་བྱེད་དང་། །ཚུལ་ཁྲིམས་ཏིང་འཛིན་དག་ནི་ཆེར་ཉམས་པ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་ཡིད་མོས་ཤིན་ཏུ་རྣམ་དག་ཅིང་། །རྟག་ཏུ་ཤེས་རབ་ཆོས་རྣམས་རབ་འབྱེད་དང་། །དགེ་བའི་བཤེས་གཉེན་དག་གིས་རབ་བསྲུངས་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་
Vol. 40 · folio 204a
འགྱུར། །གང་ཞིག་གཉེན་གྱི་ཁྱིམ་ལ་རབ་ཆགས་ཤིང་། །མེ་ཏོག་འབྲས་བུ་བྱིན་ནས་དགའ་བྱེད་དང་། །སེམས་ལ་དྲང་པོ་མེད་ཅིང་སྒྱུ་འཆང་བ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་རྟག་ཏུ་སངས་རྒྱས་དྲིན་དྲན་ཞིང་། །དགེ་བའི་རྩ་བ་མཆོག་ལ་མོས་
པ་དང་། །བྱང་ཆུབ་བསྔོ་ཞིང་གཡོ་སྒྱུ་མེད་གྱུར་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་ཆུང་མ་བུ་མོ་སྲེད་ཆགས་ཤིང་། །གོས་མཆོག་སྣ་ཚོགས་དག་གིས་རབ་བརྒྱན་ནས། །རྟག་ཏུ་དེ་དང་ལྷན་ཅིག་རྩེ་སྨོན་པ། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་སེམས་ཟབ་
གནས་པ་མེད་གྱུར་ཅིང་། །འདོད་པའི་ཡུལ་གྱིས་གོས་པ་མེད་པ་དང་། །ཟས་སྐོམ་དག་གིས་གཡོ་སྒྱུ་མི་སྐྱེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་སྐྱེ་དགུ་རྣམས་ལ་འདི་སྐད་དུ། །འདོད་ཆགས་སྤྱད་ཀྱང་ཉེས་མེད་གང་ཟེར་བ། །དུས་གསུམ་སངས་རྒྱས་རྣམས་ལ་སྐུར་
བ་ཡིན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་ཡིད་ཆེས་རྟག་ཏུ་རབ་བརྟན་ཞིང་། །ནན་ཏན་བསྐྱེད་ནས་ཆོས་རྣམས་ཚོལ་བ་ལ། །སྐྱོ་བ་མེད་ཅིང་བརྙས་པར་མི་བྱེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་ཆུང་མ་བུ་མོ་མངོན་ཞེན་ཅིང་། །རྟག་ཏུ་འདོད་
པའི་ཡུལ་ནི་རྗེས་དྲན་དང་། །ཤེས་རབ་མི་སྒོམ་རྒྱ་ཆེར་ཕན་མི་འདོགས། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་རི་དང་ནགས་ཁྲོད་རབ་གནས་ཤིང་། །ཤེས་རབ་བསྒོམས་ནས་ཤིན་ཏུ་དགའ་གྱུར་དང་། །འཚོ་བའི་ཡོ་བྱད་དག་ལ་འདོད་མེད་པ། །དེས་ནི་མདོ་སྡེ་འདི་ལ་མོས་
པར་འགྱུར། །གང་ཞིག་མིག་གི་སྔོན་དང་ཕྱི་མའི་མཐའ། །རྟག་ཏུ་རྨོངས་དང་མི་རྟོགས་གང་ཡིན་པ། །དེ་ནི་གཏི་མུག་བདུད་ཀྱིས་བཅིངས་པས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་གི་སྔོན་དང་ཕྱི་མའི་མཐའ། །རྟག་ཏུ་རྟོགས་ཤིང་རྨོངས་པ་མེད་གྱུར་པ། །དེ་ནི་
བདུད་ཀྱིས་བཅིངས་ལས་གྲོལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་མཐའ་ཡོད་དང་མེད་པ་ལ། །རྟག་ཏུ་རྨོངས་ནས་ཁོང་དུ་མ་ཆུད་པ། །དེ་ནི་གཏི་མུག་བདུད་ཀྱིས་བཅིངས་པས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་མཐའ་ཡོད་དང་
Vol. 40 · folio 204b
མེད་པ་དག །རྟག་ཏུ་རྟོགས་ཤིང་རྨོངས་པ་མེད་གྱུར་པ། །དེ་ནི་བདུད་ཀྱིས་བཅིངས་ལས་གྲོལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མི་གནས་འཇིག་པའི་མཚན་ཉིད་ལ། །རྟག་ཏུ་རྨོངས་ཤིང་ཁོང་དུ་མི་ཆུད་པ། །དེ་ནི་གཏི་མུག་བདུད་ཀྱིས་བཅིངས་པས་
ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མི་གནས་འཇིག་པའི་མཚན་ཉིད་དག །རྟག་ཏུ་ཁོང་དུ་ཆུད་ཅིང་རྨོངས་མེད་པ། །དེ་ནི་བདུད་ཀྱིས་བཅིངས་ལས་གྲོལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །རྣ་བ་སྣ་དང་ལྕེ་ལུས་ཡིད་དག་དང་། །གཟུགས་
སྒྲ་དྲི་རོ་རེག་བྱ་ཆོས་རྣམས་དང་། །ས་ཆུ་མེ་རླུང་ངོ་བོ་ཉིད་དག་དང་། །དངོས་པོ་སེམས་ཅན་སྡུག་བསྔལ་ཕུང་པོ་དང་། །ཁམས་དང་འཇིག་རྟེན་སྐྱེ་སྒྲ་མི་བདེན་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་སྲེད། །འཆབ་རྒྱགས་སེར་སྣ་ཕྲག་དོག་གཡོ་སྒྱུ་དང་། །ཁྲོ་སོགས་པར་ཡང་དེ་
བཞིན་རིག་པར་གྱིས། །གང་ཞིག་མིག་ཟད་མཐའ་ནི་དེ་དག་ལ། །རྟག་ཏུ་རྨོངས་ཤིང་ཁོང་དུ་མི་ཆུད་པ། །དེ་ནི་སྐྱེ་བོའི་སྤྱོད་པར་ལྷུང་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་ཟད་མཐའ་ནི་དེ་དག་ལ། །རྟག་པར་ཁོང་དུ་ཆུད་ཅིང་རྨོངས་མེད་པ། །དེ་ནི་སྐྱེ་
བོའི་སྤྱོད་དང་བྲལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་གི་འཇིག་པ་དེ་དག་ལ། །རྟག་ཏུ་རྨོངས་ཤིང་ཁོང་དུ་མ་ཆུད་པ། །དེ་ནི་སྐྱེ་བོའི་སྤྱོད་པར་ལྷུང་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་གི་འཇིག་པ་དེ་དག་ལ། །རྟག་
པར་ཁོང་དུ་ཆུད་ཅིང་རྨོངས་མེད་པ། །དེ་ནི་སྐྱེ་བོའི་སྤྱོད་དང་བྲལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་གི་རབ་དབེན་དེ་དག་ལ། །རྟག་ཏུ་རྨོངས་ཤིང་ཁོང་དུ་མ་ཆུད་པ། །དེ་ནི་སྐྱེ་བོའི་སྤྱོད་པར་ལྷུང་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་
མིག་གི་རབ་དབེན་དེ་དག་ལ། །རྟག་པར་ཁོང་དུ་ཆུད་ཅིང་རྨོངས་མེད་པ། །དེ་ནི་སྐྱེ་བོའི་སྤྱོད་དང་བྲལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་གི་འགྲོ་འོང་མེད་པ་ལ། །རྟག་ཏུ་རྨོངས་ཤིང་ཁོང་དུ་མ་ཆུད་པ། །དེ་ནི་སྐྱེ་བོའི་སྤྱོད་པར་ལྷུང་བས་ན། །དེས་ནི་
Vol. 40 · folio 205a
མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་གི་འགྲོ་འོང་མེད་པ་དག །རྟག་པར་ཁོང་དུ་ཆུད་ཅིང་རྨོངས་མེད་པ། །དེ་ནི་སྐྱེ་བོའི་སྤྱོད་དང་བྲལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་ལ་བདག་མེད་མ་རྟོགས་ནས། །མིག་ཟད་ངོ་བོ་ཉིད་ལ་རྟག་
རྨོངས་པ། །དེ་ནི་སྐྱེ་བོའི་སྤྱོད་པར་ལྷུང་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་ལ་བདག་མེད་རབ་རྟོགས་ནས། །མིག་ཟད་ངོ་བོ་རྟག་ཏུ་རྟོགས་གྱུར་པ། །དེ་ནི་སྐྱེ་བོའི་སྤྱོད་དང་བྲལ་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་ལ་བདག་མེད་
མ་རྟོགས་ནས། །བཟོད་པའི་གནས་ལ་རྟག་ཏུ་རྨོངས་གྱུར་པ། །དེ་ནི་སྐྱེ་བོའི་སྤྱོད་པར་ལྷུང་བས་ན། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་ལ་བདག་མེད་རབ་རྟོགས་ནས། །བཟོད་པའི་གནས་ནི་རྟག་ཏུ་རྟོགས་གྱུར་པ། །དེ་ནི་སྐྱེ་བོའི་སྤྱོད་དང་བྲལ་བས་ན། །དེས་
ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་ཟད་ངོ་བོ་མ་རྟོགས་པ། །དེ་ནི་མི་གནས་ཚུལ་ཁྲིམས་བསྒྲུབ་མི་ནུས། །མི་གནས་ཚུལ་ཁྲིམས་མངོན་པར་མི་སྒྲུབ་པས། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་ཟད་ངོ་བོ་རབ་རྟོགས་པ། །དེས་ནི་མི་གནས་ཚུལ་
ཁྲིམས་བསྒྲུབ་པར་ནུས། །མི་གནས་ཚུལ་ཁྲིམས་མངོན་པར་བསྒྲུབ་པས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་ཟད་ངོ་བོ་མ་རྟོགས་པ། །དེས་ནི་ཟག་མེད་ཚུལ་ཁྲིམས་བསྒྲུབ་མི་ནུས། །ཟག་མེད་ཚུལ་ཁྲིམས་མངོན་པར་མི་བསྒྲུབ་པས། །དེས་ནི་མདོ་སྡེ་འདི་
ལ་མོས་མི་འགྱུར། །གང་ཞིག་མིག་ཟད་ངོ་བོ་རབ་རྟོགས་པ། །དེས་ནི་ཟག་མེད་ཚུལ་ཁྲིམས་བསྒྲུབ་པར་ནུས། །ཟག་མེད་ཚུལ་ཁྲིམས་མངོན་པར་བསྒྲུབ་པས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་འགྱུར། །གང་ཞིག་མིག་ཟད་ངོ་བོ་མ་རྟོགས་པ། །དེས་ནི་ཟག་མེད་ཤེས་རབ་
བསྒྲུབ་མི་ནུས། །ཟག་མེད་ཤེས་རབ་མངོན་པར་མི་སྒྲུབ་པས། །དེས་ནི་མདོ་སྡེ་འདི་ལ་མོས་མི་འགྱུར། །གང་ཞིག་མིག་ཟད་ངོ་བོ་རབ་རྟོགས་པ། །དེས་ནི་ཟག་མེད་ཤེས་རབ་བསྒྲུབ་པར་ནུས། །ཟག་མེད་ཤེས་རབ་མངོན་པར་བསྒྲུབ་པས་ན། །དེས་ནི་མདོ་སྡེ་འདི་ལ་མོས་པར་
Vol. 40 · folio 205b
འགྱུར། །གང་ཞིག་མིག་ཟད་ངོ་བོ་མ་རྟོགས་པ། །མིག་སྟོང་ཉིད་ལ་རྟག་ཏུ་རྨོངས་པར་འགྱུར། །དེས་ནི་ཀུན་འཛིན་ཡེ་ཤེས་མི་སྐྱེད་པས། །མདོ་སྡེ་འདི་ལ་རབ་ཏུ་མོས་མི་འགྱུར། །གང་ཞིག་མིག་ཟད་ངོ་བོ་རབ་རྟོགས་པ། །མིག་སྟོང་ཉིད་ནི་རྟག་པར་རྟོགས་པར་འགྱུར། །དེས་ནི་ཀུན་
འཛིན་ཡེ་ཤེས་རབ་བསྐྱེད་པས། །མདོ་སྡེ་འདི་ལ་རབ་ཏུ་མོས་པར་འགྱུར། །གང་ཞིག་མིག་ཟད་ངོ་བོ་ཉིད་རྟོགས་པ། །དེས་ནི་ཀུན་འཛིན་ཡེ་ཤེས་བསྒྲུབ་པ་ན། །བླ་མེད་མ་ཆགས་ཡེ་ཤེས་རབ་བསྒྲུབས་པས། །མདོ་སྡེ་འདི་ལ་རབ་ཏུ་མོས་པར་འགྱུར། །གང་ཞིག་མདོ་སྡེ་འདི་ལ་མ་
མོས་པ། །མིག་ཟད་ངོ་བོ་ཉིད་ལ་རྟག་ཏུ་རྨོངས། །དེས་ནི་ཏིང་འཛིན་རྣམས་ལས་ཉམས་པས་ན། །བླ་མེད་ཡེ་ཤེས་ཐོབ་པར་ཤིན་ཏུ་དཀའ། །གང་ཞིག་མདོ་སྡེ་འདི་ལ་རབ་མོས་ཤིང་། །མིག་ཟད་ངོ་བོ་ཉིད་ནི་མངོན་རྟོགས་པ། །དེས་ནི་ཏིང་འཛིན་མངོན་པར་བསྒྲུབས་པས་ན། །བླ་མེད་
ཡེ་ཤེས་མངོན་བྱེད་དཀའ་བ་མེད། །གང་ཞིག་མིག་ཟད་ངོ་བོ་ཉིད་རྟོགས་ཤིང་། །བདག་མེད་པ་ཡི་མཚན་ཉིད་རབ་ཤེས་པ། །དེས་ནི་རྟག་ཏུ་ཆོས་འདི་ཐོས་པས་ན། །མངོན་པར་ཡིད་ཆེས་ཐེ་ཙོམ་མེད་པ་འཐོབ། །གང་ཞིག་མིག་ཟད་ངོ་བོ་ཉིད་སེམས་ཤིང་། །ཉིན་མཚན་རབ་བརྩོན་ལེ་ལོ་
མེད་གྱུར་པ། །དེས་ནི་ཀུན་འཛིན་སྤོབས་པ་མངོན་བསྒྲུབས་ནས། །མདོ་སྡེ་འདི་ནི་རྟག་ཏུ་སྟོན་པར་འགྱུར། །གང་ཞིག་མདོ་སྡེ་འདི་ནི་སེམས་བྱེད་པ། །འོད་ཟེར་འབྱིན་པའི་ཡེ་ཤེས་རྫོགས་པར་འགྱུར། །དེས་ནི་དེ་བཞིན་གཤེགས་པ་རབ་སྟོན་ཅིང་། །མིག་སྟོང་ཉིད་ནི་རབ་ཏུ་རྟོགས་པར་
འགྱུར། །གང་ཞིག་མཆོད་རྟེན་བརྒྱ་སྟོང་རབ་བྱས་ཤིང་། །སངས་རྒྱས་ཐམས་ཅད་མཆོད་པ་བྱས་པ་བས། །གང་ཞིག་མདོ་སྡེ་འདི་ནི་སེམས་བྱེད་ན། །འདི་ཡི་ཡོན་ཏན་དེ་བས་ཁྱད་པར་འཕགས། །གང་གིས་རོལ་མོ་བརྒྱ་སྟོང་རབ་བྱས་ནས། །དེ་བཞིན་གཤེགས་པའི་རིང་བསྲེལ་
མཆོད་པ་བྱས། །གང་ཞིག་མདོ་སྡེ་འདི་ནི་ཐོས་གྱུར་ན། །འདི་ཡི་ཡོན་ཏན་དེ་བས་ཁྱད་པར་འཕགས། །སངས་རྒྱས་སྤྱན་གྱིས་གཟིགས་པའི་སེམས་ཅན་རྣམས། །བསྐལ་པ་དག་ནི་བྱེ་བ་ཚད་མེད་པར། །དེ་བཞིན་གཤེགས་དང་མཚུངས་པར་མཆོད་པ་བས། །མདོ་སྡེ་འདི་བཟུང་
Vol. 40 · folio 206a
བསོད་ནམས་ཁྱད་པར་འཕགས། །གང་ཞིག་མདོ་སྡེ་འདི་ལ་ཚིག་བཞི་པའི། །ཚིགས་བཅད་གཅིག་ཙམ་འཛིན་ཅིང་སྟོན་བྱེད་ན། །དེ་ལ་རྒྱལ་བ་ཐུགས་རྗེ་ཆེན་པོ་ཡི། །གཙོ་ལྟར་གུས་པ་རབ་ཏུ་བསྐྱེད་པར་བྱ། །ང་ནི་འདས་པའི་བསྐལ་པ་བརྒྱ་སྟོང་དུ། །
སྲིད་པ་གསུམ་དུ་འཁོར་བར་གྱུར་པའི་ཚེ། །སངས་རྒྱས་དག་ནི་ཚད་མེད་པ་རྣམས་ལ། །མདོ་སྡེ་འདི་ཡི་ཕྱིར་ནི་རིམ་གྲོ་བྱས། །རེས་འགའ་མར་མེ་བརྒྱ་སྟོང་ཚད་མེད་པ། །སྙིང་པོ་རེ་རེའི་ཚད་ཀྱང་དཔག་ཚད་ཙམ། །སྦར་ནས་མདོ་སྡེ་འདི་ལ་རང་དབང་དག །འཐོབ་པར་བྱ་ཕྱིར་
འདྲེན་པ་རྣམས་ལ་མཆོད། །རེས་འགའ་མེ་ཏོག་ཙམ་པ་ཀ་དང་ནི། །སུ་མ་ན་དང་མྱ་ངན་མེད་པ་ཡི། །ཕྲེང་བ་རྒྱལ་མཚན་གདུགས་ནི་སྣ་ཚོགས་ཀྱིས། །དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་བྱས། །ང་སྔོན་འཁོར་བའི་འཁོར་བར་གྱུར་པའི་ཚེ། །སློང་དུ་འོངས་པ་
དག་ལ་སྦྱིན་བཏང་སྟེ། །རེས་འགའ་མེ་ཏོག་འབྲས་བུ་དག་ཀྱང་བཏང་། །རེས་འགའ་ཟམ་པ་ཁྲོན་པ་ཆུ་མིག་བཏང་། །རེས་འགའ་གླང་པོ་ཆེ་དང་བཞོན་པ་བཏང་། །རེས་འགའ་རིན་ཆེན་རྟ་དང་ཆུང་མ་བཏང་། །རེས་འགའ་གསེར་གྱི་ཁྲི་དང་རིན་ཆེན་གུར། །རེས་འགའ་སེ་
མོ་དོ་དང་ཕྲེང་བ་བཏང་། །དེ་བཞིན་བསྐལ་པ་བརྒྱ་སྟོང་རྫོགས་པར་ནི། །མདོ་སྡེ་འདི་ཕྱིར་སེམས་ལ་སེར་སྣ་མེད།། །།བམ་པོ་གཉིས་པ། ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས། །ཏིང་འཛིན་ཤེས་རབ་རྟག་ཏུ་
བསྒོམས། །སེམས་ཅན་རྣམས་ལ་སྦྱིན་པ་བཏང་། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །གཏུམ་པོ་དག་གིས་བརྒྱད་བཀག་ཀྱང་། །དེ་ཚེ་ང་ནི་སྙིང་བརྩེ་བས། །དེ་ལ་གནོད་པ་ཡོད་མ་བྱས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །སློང་དུ་འོངས་པ་དག་ལ་ནི། །ཇི་ལྟར་མོས་བཞིན་རབ་
བཏང་བས། །ཐམས་ཅད་རབ་ཏུ་དགའ་བར་བྱས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །གཞལ་མེད་ཁང་ཆེན་རྣམས་ལ་ནི། །རིན་ཆེན་དྲ་བས་རབ་བརྒྱན་ནས། །སངས་རྒྱས་རྣམས་ལ་ཡོངས་སུ་ཕུལ། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །
Vol. 40 · folio 206b
ཡིད་བཞིན་ནོར་བུ་རིན་པོ་ཆེས། །སངས་རྒྱས་རྣམས་ལ་མཆོད་པ་བྱས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །དྲིན་ཡོད་རྣམས་ལ་རྟག་དྲན་པས། །ཐ་ན་ཚིགས་བཅད་གཅིག་མཉན་པ། །དེ་ལ་ཡང་ནི་བཀུར་སྟི་བྱས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །ཚུལ་ཁྲིམས་ལྡན་ལ་རབ་བཀུར་
བས། །ཐ་ན་འཆག་པའི་ཚེ་ན་ཡང་། །དེ་ལ་རྟག་ཏུ་གུས་པ་བསྐྱེད། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །འཁོར་བ་དག་ན་འཁོར་བའི་ཚེ། །དྲིན་ནི་ཅུང་ཟད་ཡོད་པ་ལའང་། །དེ་ལ་རྟག་ཏུ་དྲིན་དུ་གཟོས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །རྙེད་པ་མ་བཙལ་ཆོས་མ་སྐུར། །ཉེ་བཤེས་
སེམས་ཅན་རྣམས་ལ་ནི། །སྙིང་བརྩེ་དག་ནི་རབ་ཏུ་བསྐྱེད། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །མང་ཐོས་ལེགས་བཤད་ལྡན་པས་ན། །ཆོས་ལ་མངོན་པར་ཞེན་བྱེད་ཅིང་། །བཤེས་པའི་ཁྱིམ་ལ་སེར་སྣ་མེད། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །མི་དགེའི་སེམས་ནི་སྐྱེས་གྱུར་ན། །མྱུར་
བ་ཉིད་དུ་རབ་བཤགས་པས། །འཕེལ་བར་ཡང་ནི་ཡོད་མ་བྱས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །རྒྱལ་པོའི་བུར་ནི་གྱུར་བ་ན། །རིན་པོ་ཆེ་དང་བྱུག་སྤོས་དང་། །སྤོས་ཀྱི་ཕྱེ་མ་ཇི་སྙེད་པ། །དད་པའི་སེམས་ནི་ངས་བསྐྱེད་ནས། །སངས་རྒྱས་རྣམས་ལ་བསྔོས་ཤིང་ཕུལ། །ང་སྔོན་མདོ་
སྡེ་འདི་ཡི་ཕྱིར། །ཁྲི་མོན་བཙོན་ལ་སྙིང་བརྩེ་བས། །སྡུག་བསྔལ་སྣ་ཚོགས་གང་མྱོང་བ། །ལུས་ཀྱི་སྐྱིན་པར་དང་དུ་བླངས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །འདོད་པའི་ཡོན་ཏན་ལྔ་སྤངས་ནས། །རྟག་ཏུ་དུས་དྲུག་དག་གི་ཚེ། །སྡོམ་པ་དག་ནི་རབ་ཏུ་བླངས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །
རྟག་ཏུ་བཟོད་པ་རབ་བསྒོམས་པས། །ཐ་ན་ཆུང་མ་དག་ལ་ཡང་། །འདོད་པའི་སེར་སྣ་ཡོང་མ་བསྐྱེད། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །དབུལ་ཕོངས་དག་ནི་ཐམས་ཅད་ཀུན། །བདེ་བ་དག་ནི་ཐོབ་བྱའི་ཕྱིར། །ནོར་དག་གིས་ནི་ཕྱུག་པོར་བྱས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །དགེ་
སྦྱོང་དང་ནི་བྲམ་ཟེ་དང་། །སྐྱེ་དགུ་རྣམ་པ་སྣ་ཚོགས་ཀུན། །ཐམས་ཅད་དག་ནི་རབ་ཏུ་བསྡུས། །ང་སྔོན་མདོ་སྡེ་འདི་ཡི་ཕྱིར། །ཐམས་ཅད་ཀུན་ལ་ཕན་གདགས་ཕྱིར། །རྟག་ཏུ་སྦྱིན་བདག་ཆེར་བྱས་ནས། །སློང་བ་དག་ལ་ཡོངས་སུ་བཏང་། །རེས་འགའ་མེ་ཏོག་འབྲས་བུ་དག །
Vol. 40 · folio 207a
གཞན་དག་གཅོད་དུ་མི་གཞུག་པར། །སེམས་ཅན་རྣམས་ལ་ཡོངས་བཏང་ཞིང་། །ཡིད་བཞིན་དུ་ནི་ཚིམ་པར་བྱས། །ང་སྔོན་སྦྱིན་པ་གཏོང་བའི་ཚེ། །སེམས་ནི་རྟག་ཏུ་སྙོམས་པས་ན། །ཚུལ་ཁྲིམས་ཡོན་ཏན་ལྡན་པ་དང་། །ཚུལ་ཁྲིམས་འཆལ་དང་ངོ་ཚ་
མེད། །རྫུ་འཕྲུལ་ཆེན་པོ་ཐོབ་པ་ནས། །སོ་སོའི་སྐྱེ་བོའི་བར་དག་ལ། །ངོ་མཚར་སྙམ་པའི་སེམས་བསྐྱེད་ནས། །གུས་པས་ཀུན་ལ་སྦྱིན་པ་བཏང་། །ང་སྔོན་སྦྱིན་པ་གཏོང་བའི་ཚེ། །སེམས་ལ་མཐོ་དམའ་མེད་པས་ན། །སྡུག་བསྔལ་འགྲོ་བ་མི་ཚོལ་ཞིང་། །མདོ་སྡེ་འདི་
ལ་རྩེ་གཅིག་མོས། །རེས་འགའ་ཡུལ་ཁམས་དག་ཏུ་ནི། །ཕྱིར་རྒོལ་ཐམས་ཅད་མེད་བྱས་ཤིང་། །ཀླུ་རྣམས་ཀུན་ནི་རབ་བཏུལ་ནས། །དུས་བཞིན་ཆར་ནི་རབ་ཏུ་ཕབ། །ཟླ་འོད་ཁྱོད་ཀྱིས་ཤེས་པར་གྱིས། །ངས་ནི་ཚེ་རབས་དཔག་མེད་ནས། །མདོ་སྡེ་འདི་ནི་གཉེར་བའི་
ཕྱིར། །དཀའ་བ་རྣམས་ནི་རབ་ཏུ་སྤྱད། །བསྐལ་པ་བརྒྱ་སྟོང་སྙེད་དུ་ནི། །བརྗོད་ཀྱང་མཐར་ཐུག་མི་འགྱུར་རོ། །ཡིད་ཆེས་པ་ལ་ཁྱོད་གནས་ནས། །མ་འོངས་ཐ་མ་དུས་ཀྱི་ཚེ། །ཡང་དག་དྲན་པའི་སེམས་སྐྱེད་ལ། །མདོ་སྡེ་འདི་ནི་བཤད་པར་གྱིས། །ངས་ནི་སངས་རྒྱས་
སྤྱན་དག་གིས། །མ་འོངས་དུས་ནི་གསལ་གཟིགས་པས། །སྤྱོད་པ་སྣ་ཚོགས་ཇི་ལྟ་བ། །ཐམས་ཅད་རབ་ཏུ་མཁྱེན་པ་ཡིན། །དགེ་སློང་དག་ནི་གང་ཞིག་གིས། །བླ་མེད་ཡེ་ཤེས་བཙལ་བའི་ཕྱིར། །ཤིན་ཏུ་དང་བའི་སེམས་ཀྱིས་ནི། །མདོ་སྡེ་འདི་ནི་གང་སྟོན་པ། །གང་
ཟག་དེ་དང་ཕྱོགས་རྣམས་ཀྱང་། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །མ་འོངས་ཐ་མ་དུས་ཀྱི་ཚེ། །མདོ་འདི་ཐོས་ནས་གང་མོས་པ། །བསམ་པ་དང་ནི་ཐབས་རྣམས་ཀྱང་། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །དམན་པ་དག་ནི་གང་ཞིག་གིས། །མདོ་སྡེ་འདི་
ནི་མ་ཐོས་པས། །ཆོས་བསྟན་པ་ལ་སྐུར་འདེབས་པ། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །དགེ་སློང་རྣམས་ནི་གང་ཞིག་དང་། །དགེ་སློང་མ་ནི་གང་ཞིག་གིས། །མདོ་སྡེ་འདི་ནི་ཐོས་གྱུར་ནས། །ཤིན་ཏུ་གདུང་བས་ངུ་བྱེད་པ། །དེ་ཀུན་ངས་ནི་ལུང་བསྟན་ནས། །རྒྱལ་བ་
Vol. 40 · folio 207b
གཙོ་བོ་མཐོང་བར་འགྱུར། །ཟླ་འོད་ཁྱོད་ཀྱིས་ཤེས་པར་གྱིས། །སངས་རྒྱས་རྫུ་འཕྲུལ་སྟོབས་ཀྱིས་ནི། །གང་དག་ཡིད་ནི་དག་པ་དང་། །གང་དག་གི་ནི་མ་དག་དང་། །ཐ་ན་མོས་པ་གང་ཡིན་པ། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །སེམས་ཅན་དག་ནི་གང་ཞིག་
གིས། །རབ་ཞི་དབེན་ལ་རྟག་མོས་ཤིང་། །ཏིང་འཛིན་རྣམས་ལ་རབ་གནས་ནས། །འཁོར་བ་དག་ལ་མ་ཆགས་པས། །ཐ་ན་བག་ཆགས་རྣམས་ཀྱང་ནི། །གཏན་ནས་རབ་ཏུ་གང་སྤངས་དང་། །དེ་ལ་སོགས་པའི་ཡོན་ཏན་རྣམས། །ཐམས་ཅད་མ་ལུས་ཐུགས་སུ་
ཆུད། །སེམས་ཅན་དག་ནི་གང་ཞིག་གིས། །མི་བདེན་ཆོས་ལ་ཞེན་པ་དང་། །སེམས་ཅན་དག་ནི་གང་ཞིག་གིས། །སངས་རྒྱས་ལ་ནི་རབ་མོས་པ། །མ་འོངས་དངོས་པོ་འདི་ལྟ་བུ། །ཐམས་ཅད་མ་ལུས་ཐུགས་སུ་ཆུད། །སེམས་ཅན་དག་ནི་གང་ཞིག་གིས། །འཇིག་རྟེན་
བདེ་ལ་རབ་ཆགས་པས། །སངས་རྒྱས་བྱང་ཆུབ་ས་བོན་དག །ལེགས་པ་ཉིད་དུ་མི་སྐྱེད་པ། །རྒྱུ་དང་རྐྱེན་ནི་དེ་ཡི་ཕྱིར། །སྦྱོར་བ་རྣམས་ནི་ཉམས་པར་འགྱུར། །སུ་ཡང་རུང་བ་གང་ཞིག་གིས། །བྱང་ཆུབ་ས་བོན་རྟོགས་གྱུར་ན། །གང་ཟག་དེ་ཡིས་ངེས་པར་ནི། །རྣམ་དག་
འོད་ཟེར་དཔག་མེད་ཐོབ། །ཟླ་འོད་ཁྱོད་ཀྱིས་འདི་ལྟ་བུར། །འོད་ཟེར་འདི་ལ་སོགས་པ་ཡི། །རྒྱུ་དང་རྐྱེན་ནི་རེ་རེ་ཀུན། །སོ་སོ་ཐ་དད་ཉིད་དུ་ལྟོས། །ཁྱོད་ཀྱིས་ཤེས་རབ་སྟོབས་ཀྱིས་ནི། །ཐམས་ཅད་དེ་ལྟར་རིག་པར་གྱིས། །གང་ཞིག་མི་དགེ་གྲོགས་སྤངས་ཏེ། །དགེ་
བའི་བཤེས་གཉེན་ལ་བསྟེན་བྱས། །ཚུལ་ཁྲིམས་རྣམ་དག་གང་སྲུང་བ། །སངས་རྒྱས་འོད་ཟེར་སྒྲུབ་པར་འགྱུར། །ཁྱོད་ཀྱིས་དབང་པོ་རབ་སྲུངས་ལ། །ངོ་ཚ་ཁྲེལ་མེད་རབ་ཏུ་སྤོངས། །དགེ་བའི་ཆོས་ནི་རབ་བསྒོམས་ལ། །སེམས་ཅན་རྣམས་ནི་བསྲུང་བར་གྱིས། །ཁྱོད་ཀྱིས་
རྩོད་པ་རབ་སྤོངས་ལ། །སྟོང་ཉིད་དག་ནི་རྟོགས་པར་གྱིས། །རྙེད་པ་དག་ལ་མ་གདུ་བར། །མང་ཐོས་ལེགས་བཤད་ལྡན་པར་གྱིས། །ཁྱོད་ཀྱིས་རྙེད་པ་དག་ལ་ནི། །མི་གཙང་ལྟ་བུར་བལྟ་བར་གྱིས། །རྙེད་པའི་དྲི་མ་དག་གིས་ནི། །རྣམ་དག་སེམས་ནི་སྦགས་མ་བྱེད། །རྣམ་པར་
Vol. 40 · folio 208a
གྲོལ་བ་བཙལ་བར་བྱོས། །བླ་མེད་རྙེད་པ་ཐོབ་པར་འགྱུར། །ཁྱོད་ཀྱིས་སངས་རྒྱས་ལམ་བསྒྲུབས་ལ། །སངས་རྒྱས་ཆོས་ཉིད་འདྲ་བར་ལྟོས། །ཆོས་ཀྱི་སྒྲོན་ཆེན་རྟག་སྦོར་ལ། །འཇིག་རྟེན་ཀུན་ནི་སྣང་བར་གྱིས། །ཁྱོད་ཀྱི་སེམས་ནི་རི་རྒྱལ་ལྟར། །མི་གཡོ་ཉིད་
དུ་རབ་ཏུ་བྱོས། །ཁ་ངན་དང་ནི་བརྡེགས་པ་ཡང་། །ཐམས་ཅད་བཟོད་པ་དང་དུ་ལོང་། །ཁྱོད་ནི་སེམས་ཅན་རྣམས་ཀྱི་ཕྱིར། །དགེ་བཤེས་ཡང་དག་རབ་ཏུ་བྱོས། །དམན་པའི་སེམས་ནི་ཡོངས་སྤོངས་ལ། །རྣམ་དག་ལས་ནི་རྟག་ཏུ་སྒྲུབས། །ཁྱོད་ཀྱི་སེམས་ནི་བརྟན་བྱོས་ལ། །
བླ་མེད་ཆོས་ནི་རབ་ཏུ་སྟོན། །མདོ་སྡེ་དམ་པ་འདི་ལྟ་བུ། །བརྩེ་བ་ཅན་ལ་སྦྱིན་པར་གྱིས། །བླ་མེད་ཡེ་ཤེས་གང་ཚོལ་བ། །འཁོར་བ་དག་ལ་འཇིགས་མ་བྱེད། །དེས་ནི་སྡིག་པ་རྣམ་སྤངས་ནས། །ཕན་ཡོན་མཆོག་ནི་ཐོབ་པར་འགྱུར། །དཔེར་ན་བློ་དང་ལྡན་པ་དག །མེ་ལ་
སྤྱོད་པར་མཁས་པ་གང་། །རོ་རྣམས་སྣ་ཚོགས་སྦྱིན་བྱེད་ཀྱང་། །མེས་ནི་སྲེག་པར་ཡོང་མི་འགྱུར། །གང་ཞིག་བློ་དང་མི་ལྡན་པ། །ཐབས་དག་ལ་ནི་མི་མཁས་པས། །མེ་ཁྱེར་ལག་མཐིལ་གང་བཞག་པ། །མེས་ནི་རབ་ཏུ་སྲེག་པར་འགྱུར། །ཇི་ལྟར་མི་ཞིག་དུག་དག་གིས། །
སེམས་ནི་འཁྲུགས་ནས་མྱོས་པ་གང་། །མེ་ལ་རབ་ཏུ་བསྲོས་ན་ནི། །དེ་ཡི་རྒྱུ་ཡིས་སོས་པར་འགྱུར། །ཟླ་འོད་ཁྱོད་ཀྱིས་ཤེས་པར་གྱིས། །བློ་དང་ལྡན་པའང་དེ་བཞིན་དུ། །ཡིད་བརྟེན་ཡིད་ནི་སྟོང་པར་རིག །དེ་ཕྱིར་འཁོར་བར་གནས་ཀྱང་ནི། །མིག་བརྟེན་མིག་ནི་སྟོང་
རིག་པས། །མིག་ལ་མངོན་པར་ཞེན་པ་མེད། །གལ་ཏེ་དེ་ལྟར་རབ་ཤེས་ན། །མིག་ལ་གནས་ཀྱང་ཉོན་མོངས་མེད། །གལ་ཏེ་མིག་ཉིད་སྟོང་རིག་ན། །ཡང་དག་ཡེ་ཤེས་སྒྲུབ་པར་འགྱུར། །ཡང་དག་ཡེ་ཤེས་ཐོབ་པའི་ཕྱིར། །འོད་ཟེར་དག་ནི་འབྱུང་བར་འགྱུར། །གལ་
ཏེ་མིག་ཉིད་སྟོང་རིག་ན། །འདོད་ཆགས་དག་ནི་གཏན་ནས་སྤོང་། །འདོད་ཆགས་དག་ནི་མེད་པའི་ཕྱིར། །འོད་ཟེར་དག་ནི་འབྱུང་བར་འགྱུར། །དེ་བཞིན་ཞེ་སྡང་གཏི་མུག་དང་། །ངར་འཛིན་འཆབ་དང་ཁྲོ་བ་དང་། །སེར་སྣ་ཕྲག་དོག་ངོ་ཚ་མེད། །མི་བཟོད་སེམས་ནི་མཐོ་བ་དང་། །
Vol. 40 · folio 208b
རྒྱགས་དང་མངོན་པའི་ང་རྒྱལ་དང་། །གཡོ་སྒྱུ་དང་ནི་བག་མེད་དང་། །གྱ་གྱུ་ལ་སོགས་བར་དུ་ཡང་། །ཐམས་ཅད་འདོད་ཆགས་བཞིན་དུ་བཤད། །ཡང་དག་ཡེ་ཤེས་ཐོབ་གྱུར་ན། །མིག་ནི་ཞི་བ་ཉིད་དུ་རྟོགས། །ཞི་བ་ཉིད་དུ་རྟོགས་པའི་ཕྱིར། །འོད་ཟེར་དག་ནི་འབྱུང་བར་འགྱུར། །ཡང་
དག་ཡེ་ཤེས་ཐོབ་གྱུར་ན། །སངས་རྒྱས་ཚུལ་ལ་རབ་ཏུ་གནས། །ཚུལ་ལ་རབ་ཏུ་གནས་པའི་ཕྱིར། །འོད་ཟེར་དག་ནི་འབྱུང་བར་འགྱུར། །ཡང་དག་ཡེ་ཤེས་ཐོབ་གྱུར་ན། །སངས་རྒྱས་ཐབས་ལ་གནས་པར་འགྱུར། །ཐབས་ལ་རབ་ཏུ་གནས་པའི་ཕྱིར། །འོད་ཟེར་དག་ནི་འབྱུང་བར་
འགྱུར། །ཡང་དག་ཡེ་ཤེས་མ་བསྒྲུབས་པར། །སྒྲིབ་པ་དག་ནི་གཏན་སྤོང་ཞིང་། །འོད་ཟེར་འབྱུང་བ་སྒྲུབ་པར་ནི། །ངས་སྔོན་མ་ཐོས་མ་མཐོང་ངོ་། །ཡང་དག་ཡེ་ཤེས་རབ་བསྒྲུབས་ནས། །སྒྲིབ་པའི་གནོད་པ་གཏན་སྤོང་ཞིང་། །སྤྱོད་པ་འདི་རྗེས་གང་འབྲང་བ། །འོད་ཟེར་འགྱེད་པ་ཐོབ་
པར་འགྱུར། །རྒྱལ་བའི་སྤྱོད་པ་ཡོངས་ཚོལ་ཞིང་། །མདོ་སྡེ་འདི་ལ་བསླབས་བྱས་ནས། །དེ་བཞིན་གཤེགས་ལ་གང་མཆོད་པ། །ཡང་དག་ཡེ་ཤེས་ཐབས་ཐོབ་འགྱུར། །ཡང་དག་ཡེ་ཤེས་གང་བསྒྲུབས་པ། །སངས་རྒྱས་རྣམས་ལ་མཆོད་པར་གྱིས། །འོད་ཟེར་འགྱེད་པ་རྫོགས་
པར་འགྱུར། །ལག་མཐིལ་འབྲས་བུ་ཇི་བཞིན་ནོ། །མིག་ལ་བདག་མེད་གང་རྨོངས་པ། །དགེ་སྦྱོང་ཆོས་ནི་ཉམས་པར་འགྱུར། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་མི་འགྱུར། །མིག་ལ་བདག་མེད་གང་རྟོགས་པ། །དགེ་སློང་ཆོས་ནི་སྒྲུབ་པར་འགྱུར། །གང་ཟག་
དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་པར་འགྱུར། །མིག་གི་མཐའ་ཟད་གང་རྟོགས་པ། །རྣ་བ་སྐྱེ་བའི་མཐའ་ཡང་རྟོགས། །རྣ་བ་སྐྱེ་བའི་མཐའ་རྟོགས་པས། །དགེ་སྦྱོང་ཆེན་པོའི་ཆོས་ཤེས་བྱ། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་ཡོངས་སུ་མ་ཤེས་ན། །མིག་ནི་
སྐྱེ་བའི་མཐའ་དག་ཀྱང་། །ཡོངས་སུ་ཤེས་པར་མི་འགྱུར་བས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་མི་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་ཡོངས་སུ་ཤེས་གྱུར་ན། །མིག་ནི་སྐྱེ་བའི་མཐའ་དག་ཀྱང་། །ཡོངས་སུ་ཤེས་པ་ཉིད་དུ་འགྱུར། །
Vol. 40 · folio 209a
གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་པར་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་ལེགས་པར་མ་ཤེས་ན། །མིག་གི་སྐྱེ་བའི་མཐའ་དག་ཀྱང་། །ལེགས་པ་ཉིད་དུ་མི་ཤེས་པས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་
མི་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་ལེགས་པར་ཤེས་གྱུར་ན། །མིག་ནི་སྐྱེ་བའི་མཐའ་དག་ཀྱང་། །ལེགས་པ་ཉིད་དུ་ཤེས་འགྱུར་བས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་པར་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་མངོན་སུམ་མ་ཤེས་
ན། །མིག་ནི་སྐྱེ་བའི་མཐའ་དག་ཀྱང་། །མངོན་སུམ་ཉིད་དུ་མི་ཤེས་པས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་མི་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་མངོན་སུམ་ཤེས་གྱུར་ན། །མིག་ནི་སྐྱེ་བའི་མཐའ་དག་ཀྱང་། །མངོན་སུམ་ཉིད་དུ་རབ་ཤེས་པས། །
གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་པར་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་ལེགས་པར་མ་ཤེས་ན། །མིག་ནི་སྐྱེ་བའི་མཐའ་དག་ཀྱང་། །ཡོངས་སུ་ཤེས་པར་མི་འགྱུར་བས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་མི་འགྱུར། །
གལ་ཏེ་མིག་གི་ངོ་བོ་ཉིད། །མཐའ་ནི་ལེགས་པར་ཤེས་གྱུར་ན། །མིག་ནི་སྐྱེ་བའི་མཐའ་དག་ཀྱང་། །མངོན་སུམ་ཉིད་དུ་ཤེས་འགྱུར་བས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་པར་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །རྣམ་དག་ལེགས་པར་མ་ཤེས་ན། །
རྣ་བའི་ངོ་བོ་རྣམ་དག་པ། །ལེགས་པ་ཉིད་དུ་མི་ཤེས་པས། །གང་ཟག་དེ་ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་མི་འགྱུར། །གལ་ཏེ་མིག་གི་ངོ་བོ་ཉིད། །རྣམ་དག་ལེགས་པར་ཤེས་གྱུར་ན། །རྣ་བའི་ངོ་བོ་རྣམ་དག་པ། །ལེགས་པ་ཉིད་དུ་རྟོགས་འགྱུར་བས། །གང་ཟག་དེ་
ཡིས་དེ་ལྟ་བུའི། །འོད་ཟེར་འགྱེད་པ་ཐོབ་པར་འགྱུར། །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་ཆོས་དང་ས་ཆུ་དང་། །མེ་རླུང་དག་གི་དངོས་པོ་དང་། །འཇིག་རྟེན་སྡུག་བསྔལ་ཕུང་པོ་དང་། །ཁམས་དང་འཇིག་རྟེན་སྐྱེ་མཆེད་དང་། །སྒྲ་དང་མིང་ལ་སོགས་
Vol. 40 · folio 209b
པ་ཡང་། །ཐམས་ཅད་དེ་བཞིན་རིག་པར་གྱིས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་གང་ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་འོད་ཟེར་འགྱེད་པ་དེ་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དེས་དགེ་
བའི་རྩ་བའི་ཚོགས་རྣམ་པ་བརྒྱད་ཅུ་པོ་འདི་དག་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྲུང་ཞིང་རྗེས་སུ་དྲན་པ་དང་། གནོད་སེམས་མེད་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་སྲུང་ཞིང་ཉམས་པར་མི་བྱེད་པ་དང་། སེམས་
ཤིན་ཏུ་མཉམ་པ་དང་། གཡོ་སྒྱུ་མེད་པ་དང་། སེར་སྣ་མེད་པ་དང་། ཕྲག་དོག་མེད་པ་དང་། འདོད་ཆགས་ཀྱི་བསམ་པ་མེད་པ་དང་། བསླུ་བའི་བསམ་པ་མེད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་དམ་པ་དག་ལ་མངོན་པར་ཡིད་ཆེས་པ་དང་། དབང་ཕྱུག་དང་། རྒྱགས་པ་ལ་ཞེན་ཅིང་
སྲེད་པ་མེད་པ་དང་། བཟོད་པའི་སྟོབས་ཕུན་སུམ་ཚོགས་པ་དང་། སྨོན་ལམ་ལས་ཕྱིར་མི་ལྡོག་པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པར་གྱུར་པ་དང་། དགོན་པ་ན་གནས་པ་དང་། འཁོར་རྣམས་ལ་མི་རྟེན་པ་དང་། རྙེད་པ་ལ་མི་རྟེན་པ་དང་། གྲགས་པ་ལ་མི་རྟེན་པ་དང་། བསམ་གཏན་
རྣམས་ལ་རབ་ཏུ་གནས་པ་དང་། འོད་ཟེར་གྱི་ཏིང་ངེ་འཛིན་རབ་ཏུ་སྟོན་པ་དང་། ཚུལ་ཁྲིམས་དང་ལྡན་པ་དག་ལ་སྒྱུ་མེད་པར་རིམ་གྲོ་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་དག་ལ་མཆོག་གི་བསམ་པ་སྐྱེད་པ་དང་། ཆོས་ལ་གུས་པའི་ཕྱིར་མཁན་པོ་དང་སློབ་དཔོན་དག་ལ་ཤིན་ཏུ་བཀུར་བ་དང་།
མདོ་སྡེའི་དོན་རབ་ཏུ་རྟོགས་པ་དང་། ཡང་དག་པར་བསྟན་པ་ལ་རབ་ཏུ་མཁས་པ་དང་། ཚིག་སྨྲས་པ་དག་ལ་མི་བདེན་པ་མེད་པ་དང་། ཡང་དག་པའི་བསམ་པ་ལ་གནས་པ་དང་། དགེ་བའི་རྩ་བ་བསྐྱེད་པ་ལ་བརྩོན་པ་དང་། རྟག་ཏུ་སྦྱིན་པ་གཏོང་བ་དང་། བདུད་ཀྱི་ལས་རབ་ཏུ་རྟོགས་པ་དང་།
དབང་པོ་རྣམས་དམ་དུ་སྲུང་བ་དང་། ཚིག་རབ་ཏུ་བརྟགས་པ་དང་། དོན་དམ་པའི་བདེན་པ་ལ་མཁས་པ་དང་། ས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་རྟོགས་པ་དང་། གཟུངས་ཟད་མི་ཤེས་པ་ཡོངས་སུ་ཚོལ་བ་དང་། ལུས་དང་སྲོག་ལ་ཕོངས་པ་མེད་པ་དང་། འཁོར་བཞི་པོ་དག་ལ་རྗེས་སུ་
Vol. 40 · folio 210a
སྟོན་པར་བྱེད་པ་དང་། འཇིག་རྟེན་པའི་བསམ་པ་ཡོངས་སུ་བཅད་པ་དང་། འཇིག་རྟེན་ཕྱི་མའི་ཆོས་མེད་དོ་ཞེས་ཟེར་བའི་ལོག་པར་ལྟ་བ་རྣམས་སྤངས་པ་དང་། ད་དུང་མ་བསླབས་པ་དག་ལ་གྱ་གྱུའི་མཚན་མ་མི་སྟོན་པ་དང་། གང་བསླབ་པར་འདོད་པ་དག་ལ་ཅི་ནུས་ཀྱིས་
རྣམ་པར་ཕྱེ་ནས་རབ་ཏུ་སྟོན་པ་དང་། གླུ་དང་རོལ་མོའི་སྒྲ་དག་གི་བསྔགས་པ་མི་བརྗོད་པ་དང་། རྒྱན་དང་ཡོ་བྱད་ཀྱི་བསྔགས་པ་མི་བརྗོད་པ་དང་། བདེན་པ་རྣམས་ལ་ཡང་དག་པར་ཞུགས་པ་དང་། མང་དུ་ཐོས་པ་ཕུན་སུམ་ཚོགས་པ་དང་། གཉིད་རབ་ཏུ་སྤངས་པ་དང་། ཡང་དག་པའི་
ཆོས་ཡོངས་སུ་ཚོལ་བ་ལ་རབ་ཏུ་བརྩོན་པ་དང་། སངས་རྒྱས་ལ་གུས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། འཇིག་རྟེན་པའི་ལས་ཡོངས་སུ་སྤངས་པ་དང་། བསླབ་པའི་གནས་རྣམས་ལ་ཡང་དག་པར་བརྩོན་པ་དང་། ཆོས་ལ་སྲེད་པའི་ཕྱིར་གྲོགས་ཁྱད་པར་ཅན་ལ་རྟེན་པར་བྱེད་པ་
དང་། དགེ་བའི་རྩ་བ་རྣམས་ཡོངས་སུ་ཚོལ་བ་ལ་སྐྱོ་བ་མེད་པ་དང་། རབ་ཏུ་འབྱུང་བ་ལ་ཤིན་ཏུ་མོས་པ་དང་། སངས་རྒྱས་ཀྱི་ཆོས་སྲུང་ཞིང་ཡོངས་སུ་འཛིན་པར་བྱེད་པ་དང་། སྡིག་པའི་ལས་མི་སློང་བ་དང་། བསྟན་པ་རྣམས་ལ་ཐེ་ཚོམ་མེད་པ་དང་། དཔེས་སྟོན་པ་ལ་རབ་ཏུ་མཁས་
པ་དང་། གསང་བ་རྣམས་རྣམ་པར་ཕྱེ་ནས་སྟོན་པར་བྱེད་པ་དང་། བྱང་ཆུབ་ཆེན་པོ་ཡོངས་སུ་ཚོལ་བ་ལ་ངལ་བ་མེད་པ་དང་། མདོ་སྡེ་ཡང་དག་པར་བཟུང་བ་རྣམས་བརྗེད་པར་མི་བྱེད་པ་དང་། རང་གི་བསླབ་པ་མི་སྤོང་བ་དང་། ཕ་རོལ་གྱི་སྨྲ་བ་རྣམས་ཚར་གཅོད་པ་དང་། ངེས་པར་འབྱུང་
བའི་ལམ་ཡོངས་སུ་ཚོལ་བ་དང་། སྤྱོད་པ་ཚད་མེད་པ་རྣམས་མངོན་པར་སྒྲུབ་པ་དང་། ཆོས་ཀྱི་ཡེ་ཤེས་དེ་དག་ལ་སེམས་ངེས་པར་གྱུར་པ་དང་། རྒྱུ་དང་འབྲས་བུ་གསལ་བར་མཐོང་ཞིང་འཁོར་བའི་རྒྱུན་མི་གཅོད་པ་དང་། སྲིད་པ་གསུམ་པོ་དག་ལ་ཆགས་པ་མེད་པ་དང་། མངོན་པའི་ང་རྒྱལ་
སྤངས་པ་དང་། མངོན་པར་ཡིད་ཆེས་པ་དག་ལ་གཉེན་པོ་རྣམ་པར་གཞག་པ་དག་སྟོན་པར་བྱེད་པ་དང་། མ་འོངས་པའི་འབྲས་བུ་རྣམ་པར་སྨིན་པའི་བྱེ་བྲག་རྟོགས་པར་ཁོང་དུ་ཆུད་པ་དང་། སྔོན་གྱི་མཐའ་ཡོངས་སུ་ལེགས་པར་ཤེས་པ་དང་། གཞན་གྱི་དྲིང་ལ་མི་ལྟོས་བ་དང་། ཡོངས་སུ་
Vol. 40 · folio 210b
སྤོང་བའི་སྤྱོད་པ་དག་ལ་བརྩོན་འགྲུས་ཀྱིས་གྲུབ་པར་བྱེད་པ་དང་། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ཀྱི་བཀོད་པ་དག་ཕུན་སུམ་ཚོགས་པར་བྱེད་པ་གང་ཡིན་པ་འདི་ནི་རྣམ་པ་བརྒྱད་ཅུ་ཞེས་བྱའོ། །གཞན་ཡང་ཟླ་འོད་གཞོན་ནུ་ཆོས་བརྒྱད་ཅུ་པོ་འདི་དག་ནི་ཆོས་ལྔའི་ནང་དུ་འཇུག་པར་འགྱུར་རོ། །
ཆོས་ལྔ་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ཤེས་པ་དང་། མྱ་ངན་ལས་འདས་པ་ཤེས་པ་དང་། ཉོན་མོངས་པ་ཟད་པ་ཤེས་པ་དང་། མཆོག་ཏུ་གྱུར་པ་ཤེས་པ་དང་། བསོད་ནམས་ཀྱི་འབྲས་བུ་ཤེས་པ་གང་ཡིན་པའོ། །གཞན་ཡང་ཟླ་འོད་གཞོན་ནུ་ཆོས་ལྔ་པོ་དེ་དག་ནི་ཆོས་གཉིས་
ཀྱི་ནང་དུ་འཇུག་པར་འགྱུར་རོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཡོངས་སུ་དག་པས་རབ་ཏུ་བརྒྱན་པ་དང་། གཟུགས་ཡོངས་སུ་དག་པས་རབ་ཏུ་བརྒྱན་པ་གང་ཡིན་པའོ། །གཞན་ཡང་ཟླ་འོད་གཞོན་ནུ་ཆོས་གཉིས་པོ་དེ་དག་ནི་ཆོས་གཅིག་གི་ནང་དུ་འཇུག་པར་འགྱུར་རོ། །
གཅིག་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐོགས་པ་མི་མངའ་བའི་རྣམ་པར་གྲོལ་བ་མངོན་པར་གྲུབ་པ་གང་ཡིན་པའོ། །གཞན་ཡང་ཟླ་འོད་གཞོན་ནུ་ཡང་ཆོས་རྣམ་པ་བརྒྱད་ཅུ་ཡོད་དེ། དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐོགས་པ་མི་མངའ་བའི་
རྣམ་པར་གྲོལ་བ་ལེགས་པར་ཡོངས་སུ་རྫོགས་པར་བྱེད་པའོ། །རྣམ་པ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཚོགས་དང་། ཤེས་རབ་རྒྱ་ཆེན་པོར་གྱུར་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་སྒྲུབ་པ་དང་། ཉོན་མོངས་པའི་གདུང་བ་དང་བྲལ་བ་དང་། ང་རྒྱལ་
རབ་ཏུ་བཅོམ་པ་དང་། ཚིག་མཉེན་པ་དང་། དངོས་པོ་སྣ་ཚོགས་རབ་ཏུ་ཤེས་པ་དང་། དགེ་བའི་གྲོགས་པོ་ཡོངས་སུ་ཤེས་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང་། བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་དང་། སྤྱོད་ལམ་གྱིས་སེམས་ཅན་འདུལ་བ་དང་། ཉོན་མོངས་
པར་ལྟུང་བ་རྣམས་ཀྱི་ཐེ་ཚོམ་རབ་ཏུ་གཅོད་པ་དང་། མི་དགེ་བ་རྣམས་ལ་སྨོད་ཅིང་ཆོས་དཀར་པོ་རྣམས་མངོན་པར་བསྒྲུབ་པ་དང་། མི་དགེ་བའི་གྲོགས་པོ་དང་མི་འགྲོགས་པ་དང་། དགེ་བའི་རྩ་བ་རྣམས་བསྐྱེད་པ་ལ་ཡོངས་སུ་སྐྱོབ་མེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བརྩོན་
Vol. 40 · folio 211a
འགྲུས་རབ་ཏུ་རྩོམ་པ་དང་། བདུད་ཀྱི་དངོས་པོ་རབ་ཏུ་རྟོགས་པ་དང་། བདེན་པ་རྣམས་མངོན་དུ་གྱུར་པ་དང་། ཡང་དག་པ་ཁོ་ནར་མཆོད་པ་བྱེད་པ་དང་། ཐེ་ཚོམ་ཡོངས་སུ་གཅོད་པ་དང་། སེམས་ཀྱིས་རྟག་ཏུ་སེམས་ཅན་ཡོངས་སུ་བཟླ་བར་སེམས་པ་དང་།
སྲིད་པ་རྣམས་ལ་མངོན་པར་ཞེན་པ་མེད་པ་དང་། སེམས་རྒྱ་ཆེན་པོ་ཡོངས་སུ་བསྐྱེད་པ་དང་། སེམས་ཅན་མི་དགེ་བ་རྣམས་ལ་ཉེས་དམིགས་ཡང་དག་པར་སྟོན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་སྤོང་བ་དང་། འདོད་པའི་ཕན་པ་ཡོངས་སུ་མི་ཚོལ་བ་དང་།
སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་འཆོས་པ་དང་། འཕགས་པ་རྣམས་ལ་གུས་པ་སྐྱེད་པ་དང་། ཐེག་པ་ཆེན་པོ་ལ་གནས་པ་དག་ལ་རྟེན་ཅིང་རིམ་གྲོ་བྱེད་པ་དང་། ཐེག་པ་དམན་པ་དག་གི་བསྔགས་པ་མི་བརྗོད་པ་དང་། ཉན་ཐོས་ཀྱི་
ཐེག་པ་པ་དག་ཐག་རིང་དུ་སྤོང་བ་དང་། ཕྱིར་རྒོལ་བ་རྣམས་ཚར་གཅོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བཤམས་ནས་ཁྱད་པར་དུ་འཕགས་པའི་སེམས་ཀྱིས་དབུལ་བར་བྱེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པ་དང་། སྤོབས་པ་ཕུན་
སུམ་ཚོགས་པ་དང་། དཔེ་སྣ་ཚོགས་ཀྱིས་ཡང་དག་པའི་ཆོས་རབ་ཏུ་སྟོན་པར་བྱེད་པ་དང་། སྟོང་པའི་ངོ་བོ་ཉིད་དང་འགལ་བར་མི་བྱེད་པ་དང་། ཆོས་ཡོངས་སུ་ཚོལ་བ་ལ་ལེ་ལོ་མེད་པ་དང་། དོན་ཟབ་མོ་ཡང་དག་པར་སྟོན་པ་དང་། གཟུངས་ཆེན་པོ་དང་ལྡན་པ་དང་། ཆོས་
ཡང་དག་པར་སྟོན་པར་བྱེད་ཀྱང་མངོན་པར་ཞེན་པ་མེད་པ་དང་། ཆོས་རྒྱ་ཆེར་སྤེལ་བར་བྱེད་པ་དང་། ཡོངས་སུ་འདྲེན་པ་ལ་ཆོག་ཤེས་པ་མེད་པ་དང་། སྤྱོད་པ་རྣམས་ཡོངས་སུ་རྫོགས་པ་དང་། གཟི་བྱིན་ཆེན་པོ་དང་ལྡན་པ་དང་། སྤོབས་པ་ཐོགས་པ་མེད་པ་དང་། མང་དུ་ཐོས་
པ་ཕུན་སུམ་ཚོགས་པ་དང་། མི་དགེ་བ་རྣམས་ཀྱི་བསྔགས་པ་མི་རྗོད་པ་དང་། དགེ་བའི་ལས་ཡང་དག་པར་སྒྲུབ་པ་དང་། ཕུང་པོ་རྣམས་ཁོང་དུ་ཆུད་པ་དང་། ལྟ་བ་རྣམས་རབ་ཏུ་སྤངས་པ་དང་། རྒྱུའི་ངོ་བོ་ཉིད་རབ་ཏུ་རྟོགས་པ་དང་། སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང་།
Vol. 40 · folio 211b
སྤྱོད་ཡུལ་མ་ཡིན་པ་ཡོངས་སུ་སྤངས་པ་དང་། ཡོངས་སུ་དང་བསྐྱེད་པ་དང་། ཡང་དག་པའི་ལམ་ལ་གནས་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་དགའ་བ་དང་། མཉམ་པ་ཉིད་དུ་ཡོངས་སུ་སྡུད་པར་བྱེད་པ་དང་། བདག་མེད་པ་ལ་མངོན་པར་མ་ཆགས་པ་དང་། འཁོར་བ་ལ་ཡོངས་སུ་སྐྱོ་
བ་མེད་པ་དང་། མྱ་ངན་ལས་འདས་པ་ཡོངས་སུ་ཚོལ་བ་ལ་མོས་པ་དང་། འདོད་པ་ཆུང་བའི་ཕྱིར་དགོན་པ་ལ་གནས་པ་དང་། རྟག་ཏུ་བསོད་སྙོམས་སློང་ཞིང་ལེ་ལོ་མེད་པར་གྱུར་པ་དང་། ཇི་ཙམ་རྙེད་པ་དེ་ཉིད་ཀྱིས་ཆོག་པར་འཛིན་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་སྤངས་
པ་དང་། སངས་རྒྱས་རྣམས་ལ་བསྙེན་པར་བྱེད་པ་དང་། དགེ་བའི་གྲོགས་པོ་དང་ལྷན་ཅིག་གནས་པ་དང་། བདག་གི་ཟླ་མ་ཡིན་པ་རྣམས་རབ་ཏུ་སྤོང་བ་དང་། སོ་སོའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བ་དང་། སེམས་ཅན་གྱི་སྤྱོད་པ་དང་འཐུན་པར་བྱེད་པ་དང་། སངས་རྒྱས་ལ་ཤིན་ཏུ་དང་
བ་དང་། སྣོད་མ་ཡིན་པ་ཡོངས་སུ་སྤོང་བ་དང་། མི་འཐུན་པ་རྣམས་ལ་ཚིག་སྦྱིན་པར་མི་བྱེད་པ་དང་། གསོལ་བ་མི་འདེབས་པ་དག་ལ་ཡང་དག་པར་སྟོན་པར་མི་བྱེད་པ་དང་། གསོལ་བ་འདེབས་པ་ཞིག་འོངས་ན་ཅི་རིགས་པར་སྟོན་པར་བྱེད་པ་དང་། ཟས་ལ་སྙོམས་པར་གྱུར་པ་དང་།
རྟག་ཏུ་གཏོང་ཞིང་མཉམ་པ་ཉིད་དུ་གཏོང་བ་དང་། སྒོ་ཆེན་པོ་ཕྱེ་ནས་གཏོང་བར་བྱེད་པ་གང་ཡིན་པ་དེ་དག་ནི་གཞོན་ནུ་ཆོས་རྣམ་པ་བརྒྱད་ཅུ་ཅེས་བྱ་སྟེ། འདི་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐོགས་པ་མི་མངའ་བའི་རྣམ་པར་གྲོལ་བ་ཐོབ་པར་བྱེད་དོ། །དེའི་ཚེ་ཟླ་འོད་གཞོན་
ནུར་གྱུར་པས་ཆོས་དེ་ལྟ་བུ་ཐོས་པས་རབ་ཏུ་དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། དེ་བཞིན་གཤེགས་པ་མིག་ཟད་མཐའ་མཁྱེན་པས། །དེ་སླད་རྣམ་དག་ཡེ་ཤེས་སྟོན་མཛད་ལགས། །རྣམ་དག་ཡེ་ཤེས་སྟོན་པར་མཛད་
པས་ན། །རྣམ་དག་འོད་ཟེར་ཕུན་སུམ་ཚོགས་པ་ལགས། །དེ་བཞིན་གཤེགས་པས་མིག་བདག་མེད་མཁྱེན་པས། །དེ་སླད་རྣམ་དག་དབྱངས་ནི་སྟོན་མཛད་ལགས། །རྣམ་དག་དབྱངས་ནི་སྟོན་པར་མཛད་པས་ན། །ཚངས་དབྱངས་མཚན་ཉིད་ཕུན་སུམ་ཚོགས་པ་ལགས། །
Vol. 40 · folio 212a
བཅོམ་ལྡན་སྔོན་ནི་སེམས་ཅན་ཕན་བཏགས་པས། །དེ་སླད་རྣམ་དག་གསུང་ནི་རྫོགས་པ་ལགས། །རྣམ་དག་གསུང་ནི་ཡོངས་སུ་རྫོགས་པས་ན། །འཇིག་རྟེན་ཚད་མེད་རྣམས་ལ་ཕན་འདོགས་མཛད། །དེ་བཞིན་གཤེགས་པས་མིག་ཉིད་སྟོང་མཁྱེན་པས། །
དེ་སླད་ཀུན་འཛིན་མཁྱེན་པ་རྫོགས་པ་ལགས། །ཀུན་འཛིན་མཁྱེན་པ་ཡོངས་སུ་རྫོགས་པས་ན། །དེ་བཞིན་གཤེགས་པའི་འོད་ཟེར་དཔག་མེད་སྟོན། །དེ་བཞིན་གཤེགས་པས་མིག་གི་ཁྱད་པར་མཁྱེན། །མིག་གི་ཁྱད་པར་དག་ཀྱང་མཐའ་མ་མཆིས། །མཁྱེན་པའི་མིང་ནི་
དཔག་ཏུ་མ་མཆིས་པས། །དེ་བཞིན་གཤེགས་པའི་འོད་ཟེར་དཔག་མེད་སྟོན། །སངས་རྒྱས་ཡི་གེ་ཁྱད་པར་སྒོ་མཁྱེན་པས། །མིག་སྟོང་ཡི་གེ་བྲལ་བར་རབ་ཏུ་མཁྱེན། །མིག་སྟོང་ཡི་གེ་བྲལ་བར་མཁྱེན་པས་ན། །དེ་བཞིན་གཤེགས་པའི་འོད་ཟེར་དཔག་མེད་སྟོན། །གང་
ཞིག་མིག་ལ་བདག་མེད་རབ་སེམས་པ། །སངས་རྒྱས་གསུང་ནི་བདེན་པ་ཉིད་དུ་རྟོགས། །སངས་རྒྱས་གསུང་ནི་བདེན་པར་རྟོགས་པས་ན། །དེ་བཞིན་གཤེགས་པའི་འོད་ཟེར་ངེས་པ་སྟོན། །བཅོམ་ལྡན་རྫུ་འཕྲུལ་མཆོག་ནི་ཡོངས་རྫོགས་པས། །མིག་གི་འཇིག་པ་དཔག་
མེད་ཐུགས་སུ་ཆུད། །མིག་གི་འཇིག་པ་རབ་ཏུ་མཁྱེན་པས་ན། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་འདོགས་མཛད། །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །མིག་གི་སྐྱེ་བ་དཔག་མེད་རབ་ཏུ་མཁྱེན། །ཇི་ལྟར་བཅོམ་ལྡན་མིག་གི་སྐྱེ་མཁྱེན་པ། །བདག་ཀྱང་རིང་པོར་མི་
ཐོགས་དེ་བཞིན་ཤོག །དེ་བཞིན་རྣ་བ་སྣ་དང་ལྕེ་ལུས་ཡིད། །གཟུགས་སྒྲ་དྲི་རོ་རེག་བྱ་དག་དང་ཆོས། །འཇིག་རྟེན་སྐྱེ་དང་སྒྲ་དང་མིང་ལ་སོགས། །ཐམས་ཅད་ལ་ཡང་དེ་བཞིན་རབ་ཏུ་མཁྱེན། །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྦྱིན་པའི་ཕ་རོལ་བྱོན་པ་ཕུན་སུམ་ཚོགས། །
ཇི་ལྟར་བཅོམ་ལྡན་སྦྱིན་པའི་ཕ་རོལ་བྱོན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཚུལ་ཁྲིམས་རྣམ་དག་ཕ་རོལ་བྱོན་དང་ལྡན། །ཇི་ལྟར་བཅོམ་ལྡན་ཚུལ་ཁྲིམས་ཕ་རོལ་བྱོན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །
Vol. 40 · folio 212b
ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བཟོད་པའི་ཕ་རོལ་བྱོན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བཟོད་པའི་ཕ་རོལ་བྱོན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བརྩོན་འགྲུས་ཕ་རོལ་བྱོན་པ་ཕུན་སུམ་
ཚོགས། །ཇི་ལྟར་བཅོམ་ལྡན་བརྩོན་འགྲུས་ཕ་རོལ་བྱོན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བསམ་གཏན་ཕ་རོལ་བྱོན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བསམ་གཏན་ཕ་རོལ་བྱོན། །བདག་ཀྱང་རིང་པོར་
མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཤེས་རབ་ཕ་རོལ་བྱོན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཤེས་རབ་ཕ་རོལ་བྱོན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཆོས་སྐུའི་ཕ་
རོལ་བྱོན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཆོས་སྐུའི་ཕ་རོལ་བྱོན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །རྣམ་དག་གཟུགས་ནི་དཔག་མེད་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་རྣམ་དག་གཟུགས་ལྡན་
པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །རྣམ་དག་ཡིད་ནི་དཔག་མེད་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་རྣམ་དག་ཡིད་ལྡན་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་
གྱུར་པ། །ཡོན་ཏན་མཆོག་ནི་དཔག་མེད་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཡོན་ཏན་མཆོག་ལྡན་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །གཟུགས་ཀྱི་མཚན་ནི་དཔག་མེད་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་གཟུགས་
ཀྱི་མཚན་ལྡན་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །རྣམ་དག་སྒྲ་ནི་དཔག་མེད་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་རྣམ་དག་སྒྲ་ལྡན་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་
Vol. 40 · folio 213a
གྱུར་པ། །རྫུ་འཕྲུལ་ཆེན་པོ་དཔག་མེད་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་རྫུ་འཕྲུལ་ཆེར་ལྡན་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སེམས་ཅན་གདུལ་སླད་སྲིད་པ་གསུམ་ན་བཞུགས། །ཇི་ལྟར་
བཅོམ་ལྡན་སེམས་ཅན་གདུལ་མཛད་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །འཁོར་བའི་སྤྱོད་པ་དཔག་མེད་དག་ལས་འདས། །ཇི་ལྟར་བཅོམ་ལྡན་འཁོར་བའི་སྤྱོད་འདས་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་
ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །འདོད་ཆགས་སྤྱོད་པ་དཔག་མེད་དག་ལས་འདས། །ཇི་ལྟར་བཅོམ་ལྡན་འདོད་ཆགས་སྤྱོད་འདས་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཞེ་སྡང་སྤྱོད་པ་དཔག་
མེད་དག་ལས་འདས། །ཇི་ལྟར་བཅོམ་ལྡན་ཞེ་སྡང་སྤྱོད་འདས་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །གཏི་མུག་སྤྱོད་པ་དཔག་མེད་དག་ལས་འདས། །ཇི་ལྟར་བཅོམ་ལྡན་གཏི་མུག་སྤྱོད་འདས་པ། །བདག་ཀྱང་རིང་པོར་
མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །འདོད་ཆགས་ཞེ་སྡང་སྤྱོད་པ་དཔག་མེད་འདས། །ཇི་ལྟར་བཅོམ་ལྡན་འདོད་སྡང་སྤྱོད་འདས་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཞེ་སྡང་གཏི་
མུག་སྤྱོད་པ་དཔག་མེད་འདས། །ཇི་ལྟར་བཅོམ་ལྡན་སྡང་རྨོངས་སྤྱོད་འདས་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །འདོད་ཆགས་གཏི་མུག་སྤྱོད་པ་དཔག་མེད་འདས། །ཇི་ལྟར་བཅོམ་ལྡན་འདོད་རྨོངས་སྤྱོད་འདས་པ། །བདག་
ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཆ་མཉམ་སྤྱོད་པ་དཔག་མེད་ཡང་དག་འདས། །ཇི་ལྟར་བཅོམ་ལྡན་ཆ་མཉམ་སྤྱོད་འདས་པ། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །འདྲེན་པ་འདོད་ཆགས་དག་ལས་ཡོངས་འདས་པས། །
Vol. 40 · folio 213b
འཇིག་རྟེན་ཀུན་ལ་ཤིན་ཏུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་རྟེན་ཕན་འདོགས་པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །འདྲེན་པ་ཞེ་སྡང་དག་ལས་ཡོངས་འདས་པས། །འཇིག་རྟེན་ཀུན་ལ་ཤིན་ཏུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་རྟེན་ཕན་འདོགས་
པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །འདྲེན་པ་གཏི་མུག་སྤྱོད་ལས་ཡོངས་འདས་པས། །འཇིག་རྟེན་ཀུན་ལ་ཤིན་དུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་རྟེན་ཕན་འདོགས་པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །འདྲེན་པ་འདོད་ཆགས་ཞེ་སྡང་སྤྱོད་
འདས་པས། །འཇིག་རྟེན་ཀུན་ལ་ཤིན་ཏུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་རྟེན་ཕན་འདོགས་པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །འདྲེན་པ་ཞེ་སྡང་གཏི་མུག་སྤྱོད་འདས་པས། །འཇིག་རྟེན་ཀུན་ལས་ཤིན་ཏུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་
རྟེན་ཕན་འདོགས་པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །འདྲེན་པ་འདོད་ཆགས་གཏི་མུག་སྤྱོད་འདས་པས། །འཇིག་རྟེན་ཀུན་ལས་ཤིན་ཏུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་རྟེན་ཕན་འདོགས་པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །འདྲེན་པ་ཆགས་
སྡང་གཏི་མུག་སྤྱོད་འདས་པས། །འཇིག་རྟེན་ཀུན་ལས་ཤིན་ཏུ་ཕན་འདོགས་མཛད། །ཇི་ལྟར་བཅོམ་ལྡན་འཇིག་རྟེན་ཕན་འདོགས་པ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་པར་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ལྷ་ཚོགས་མང་པོ་ཐམས་ཅད་འདུལ་བར་མཛད། །
བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ལྷ་མི་ཁ་ལོ་སྒྱུར་བའི་སྟོན་པར་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ཀླུ་ཚོགས་མང་པོ་ཐམས་ཅད་འདུལ་བར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ལྷ་མི་ཁ་ལོ་སྒྱུར་བའི་སྟོན་པར་ཤོག །དེ་
བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །གནོད་སྦྱིན་མང་པོ་ཐམས་ཅད་འདུལ་བར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ལྷ་མི་ཁ་ལོ་སྒྱུར་བའི་སྟོན་པར་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །དྲི་ཟ་ཐམས་ཅད་རབ་ཏུ་འདུལ་མཛད་ཅིང་། །
Vol. 40 · folio 214a
དེ་བཞིན་གྲུལ་བུམ་དཔག་ཏུ་མ་མཆིས་པ། །འཁོར་བཅས་ཇི་སྙེད་རབ་ཏུ་འདུལ་བར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ལྷ་མི་ཁ་ལོ་སྒྱུར་བའི་སྟོན་པར་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ཆོས་རྣམས་ཡང་དག་དོན་ནི་རབ་
ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ཡང་དག་དེ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པ་སྡུག་བསྔལ་ཟད་མཐའ་མཁྱེན། །སྐྱེ་དགུ་ཐམས་ཅད་ལ་ནི་ཕན་འདོགས་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །སྡུག་བསྔལ་ཟད་ལ་ཐེ་ཚོམ་མ་
མཆིས་ཤོག །དེ་བཞིན་གཤེགས་པས་རྒྱུ་ཟད་མཐའ་མཁྱེན་པས། །སྐྱེ་དགུ་ཐམས་ཅད་ལ་ནི་ཕན་འདོགས་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །རྒྱུ་ཟད་དེ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཇིག་རྟེན་སྤྱོད་པ་དག་
ནི་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་སྤྱོད་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཇིག་རྟེན་གནས་དང་གནས་མེད་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་
རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཇིག་རྟེན་ལས་དང་འབྲས་བུ་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་
པས། །འཇིག་རྟེན་རང་བཞིན་སྣ་ཚོགས་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ཐམས་ཅད་ཀུན་དུ་འགྲོ་བའི་སྤྱོད་པ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་
གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཇིག་རྟེན་མོས་པ་སྣ་ཚོགས་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་
Vol. 40 · folio 214b
གཤེགས་པ་མཁྱེན་པ་མཆོག་ལྡན་པས། །དབང་པོ་རྣམས་ཀྱི་རང་བཞིན་ཐམས་ཅད་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །བསམ་གཏན་སྤྱོད་པ་དག་ནི་རབ་ཏུ་མཁྱེན། །
བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །རྣམ་པར་ཐར་པའི་སྤྱོད་པ་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །
དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ཆ་མཉམ་སྤྱོད་པ་དག་ནི་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །སྙོམས་འཇུག་སྤྱོད་པ་དག་ནི་རབ་ཏུ་
མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་འཁོར་བ་རབ་མཁྱེན་པས། །འཁོར་བ་ཉོན་མོངས་རྒྱུ་ལས་སྐྱེས་པར་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་
ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པས་ཐམས་ཅད་རབ་མཁྱེན་པས། །འཇིག་རྟེན་ཕན་འདོགས་དཔེ་ཟླ་ཡོང་མ་མཆིས། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པས་ཏིང་
འཛིན་རབ་གནས་པས། །ཁྱད་པར་ཐབས་ཀྱི་ཡེ་ཤེས་སྐྱེད་པར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །སྔོན་གྱི་གནས་ཀྱི་སྤྱོད་པ་དཔག་མེད་མཁྱེན། །བདག་
ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཆི་འཕོ་སྐྱེ་བ་དཔག་མེད་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །
Vol. 40 · folio 215a
དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ཉོན་མོངས་ཟད་པ་ཐམས་ཅད་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །བླ་མེད་བྱང་ཆུབ་
ཡང་དག་མངོན་སངས་རྒྱས། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །ཉོན་མོངས་བག་ཆགས་དག་ནི་རབ་ཏུ་སྤངས། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་
རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཁོར་བ་ངེས་འབྱུང་ཆོས་ནི་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པས་ཆོས་དོན་རབ་མཁྱེན་པས། །
སེམས་ཅན་དཔག་མེད་རྣམས་ནི་གོ་བར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པས་ཆོས་ཉིད་སྒྱུ་མ་དང་། །རྨི་ལམ་སྨིག་རྒྱུ་ལྟ་བུར་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་
རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པས་འཇིག་རྟེན་ཐམས་ཅད་ཀྱི། །ཡི་གེ་དག་དང་བརྗོད་པ་རབ་ཏུ་མཁྱེན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་སྤོབས་པ་མཆོག་ལྡན་པས། །
དམ་ཆོས་ཟབ་མོ་དག་ནི་སྟོན་པར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་དུལ་པས། །ཐམས་ཅད་ཡེ་ཤེས་རྗེས་སུ་འབྲང་བར་མཛད། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་
ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་པས་དུས་གསུམ་རབ་མཁྱེན་པས། །འཛིན་དང་ཆགས་པ་མི་མངའ་ཐོགས་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་བགྱིད་ཤོག །དེ་བཞིན་གཤེགས་
Vol. 40 · folio 215b
པས་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་བསྒྲུབས་པས་དེ་ལས་ལྡོག་མི་འགྱུར། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ཁམས་གསུམ་ཐུགས་རྗེ་ཆེན་པོའི་གཙོར་གྱུར་ཅིག །དེ་བཞིན་གཤེགས་པས་རྣམ་གྲོལ་རབ་བསྒྲུབས་པས། །རྣམ་གྲོལ་མཁྱེན་དང་གཟིགས་པ་
ལྡོག་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ཁམས་གསུམ་ཐུགས་རྗེ་ཆེན་པོའི་གཙོར་གྱུར་ཅིག །དེ་བཞིན་གཤེགས་པས་ཞི་གནས་ལྷག་མཐོང་བསྒྲུབས། །ལྷ་མི་འཇིག་རྟེན་དག་ན་མཚུངས་མ་མཆིས། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ཁམས་
གསུམ་ཐུགས་རྗེ་ཆེན་པོའི་གཙོར་གྱུར་ཅིག །དེ་བཞིན་གཤེགས་པ་མཁྱེན་པ་མཆོག་ལྡན་པས། །འཇིག་རྟེན་ཆོས་རྣམས་ལ་ནི་ཞེན་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །ཁམས་གསུམ་ཐུགས་རྗེ་ཆེན་པོའི་གཙོར་གྱུར་ཅིག །དེ་བཞིན་གཤེགས་པས་འཇིག་
རྟེན་མཁྱེན་ལྡན་པས། །འགྲོ་བ་སྣ་ཚོགས་དག་ནི་གསལ་བར་གཟིགས། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འགྲོ་བ་དེ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པ་སྐྱེ་ཟད་མཐའ་མཁྱེན་པས། །དེ་སླད་དེ་ལ་རྨོངས་པ་ཡོང་མི་མངའ། །བདག་ཀྱང་དེ་
འདྲའི་ཡེ་ཤེས་གྲུབ་གྱུར་ནས། །སྐྱེ་ཟད་ཉིད་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པས་རབ་ཞི་མཐའ་མཁྱེན་པས། །དེ་སླད་དེ་ལ་རྨོངས་པ་ཡོང་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །རབ་ཞི་དེ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་
གཤེགས་པ་འཁོར་བའི་མཐའ་མཁྱེན་པས། །དེ་སླད་དེ་ལ་རྨོངས་པ་ཡོང་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །འཁོར་བ་དེ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པས་སྔོན་དང་ཕྱི་མཐའ་མཁྱེན། །དེ་སླད་སློབ་དཔོན་མ་མཆིས་མཁྱེན་དང་
ལྡན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །སྔ་ཕྱིའི་མཐའ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པས་སྐྱོན་ཟློག་མཐའ་རབ་མཁྱེན། །དེ་སླད་སློབ་དཔོན་མ་མཆིས་མཁྱེན་དང་ལྡན། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །སྐྱོན་ཟློག་དེ་ལ་ཐེ་ཚོམ་མ་མཆིས་
Vol. 40 · folio 216a
ཤོག །དེ་བཞིན་གཤེགས་པས་སྔོན་དང་ཕྱི་མཐའ་མཁྱེན། །མིག་གི་རྟག་ཆད་དག་ལ་འཛིན་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །སྔ་ཕྱི་མཐའ་ལ་ཐེ་ཚོམ་མ་མཆིས་ཤོག །དེ་བཞིན་གཤེགས་པས་སྐྱེ་ཟད་མཐའ་མཁྱེན་པས། །མིག་
གི་རྟག་ཆད་དག་ལ་འཛིན་མི་མངའ། །བདག་ཀྱང་དེ་འདྲའི་ཡེ་ཤེས་གྲུབ་གྱུར་ནས། །སྐྱེ་ཟད་ཉིད་ལ་ཐེ་ཚོམ་མ་མཆིས་ཤོག །གང་ཞིག་སྔོན་དང་ཕྱི་མཐའ་མ་རྟོགས་པས། །དེས་ནི་འདོད་པ་དག་ལ་ཞེན་པ་སྐྱེད། །དེ་བཞིན་གཤེགས་པས་དེ་ནི་རབ་མཁྱེན་པས། །དེ་སླད་འདོད་
པ་དག་ལ་ཞེན་མི་མངའ། །གང་ཞིག་ཡོད་མེད་མཐའ་ནི་མ་རྟོགས་པ། །དེས་ནི་འདོད་པ་དག་ལ་ཞེན་པ་སྐྱེད། །དེ་བཞིན་གཤེགས་པས་དེ་ནི་རབ་མཁྱེན་པས། །དེ་སླད་འདོད་པ་དག་ལ་ཞེན་མི་མངའ། །གང་ཞིག་ཟད་དང་མི་ཟད་མ་རྟོགས་པ། །དེས་ནི་འདོད་པ་དག་ལ་ཞེན་པ་སྐྱེད། །དེ་
བཞིན་གཤེགས་པས་དེ་ནི་རབ་མཁྱེན་པས། །དེ་སླད་འདོད་པ་དག་ལ་ཞེན་མི་མངའ། །གང་ཞིག་འཇུག་དང་མི་འཇུག་མ་རྟོགས་པ། །དེས་ནི་འདོད་པ་དག་ལ་ཞེན་པ་སྐྱེད། །དེ་བཞིན་གཤེགས་པས་དེ་ནི་རབ་མཁྱེན་པས། །དེ་སླད་འདོད་པ་དག་ལ་ཞེན་མི་མངའ། །ཞེ་སྡང་གཏི་མུག་
ཁོང་ཁྲོ་འཆབ་པ་དང་། །གཡོ་སྒྱུ་ཕྲག་དོག་ང་རྒྱལ་ཁེངས་པ་དང་། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་དག་ཀྱང་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་འཛུམ་པ་མཛད་དེ།
འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་རབ་ཏུ་བཀྱེའོ། །འོད་ཟེར་དེས་ཀྱང་སངས་རྒྱས་ཀྱི་ཞིང་ཚད་མེད་དཔག་ཏུ་མེད་པ་རྣམས་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཕན་པ་དག་བྱས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པའི་གཙུག་ཏོར་ཉིད་དུ་
ཐིམ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པ་འདུག་པའི་སྟན་ལས་ལངས་ནས། །བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། གུས་པས་ཐལ་མོ་སྦྱར་ནས།
Vol. 40 · folio 216b
ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དེ། བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ། འབྲུག་དང་སེང་གེའི་སྒྲ་སྒྲོགས་ཤིང་། །ཀ་ལ་པིང་ཀའི་སྒྲ་ཕྱུང་བས། །ཆོས་རྔ་ཆེན་པོའི་སྒྲ་འབྱིན་པ། །ཅི་ཡི་སླད་དུ་འཛུམ་པ་མཛད། །ཉི་མ་སྟོང་བས་ཁྱད་པར་འཕགས། །རྣམ་པར་སྒྲ་རབ་དག་
དང་ལྡན། །ཡོན་ཏན་ངོ་མཚར་རབ་མངའ་བ། །ཅི་སླད་འོད་ཟེར་བཀྱེ་བ་མཛད། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་བརྒྱན་པས། །ཐམས་ཅད་དག་ནི་ཡོངས་རྫོགས་པས། །ཅི་སླད་འོད་ཟེར་བཀྱེ་བ་མཛད། །དེ་བཞིན་གཤེགས་པ་དབྱངས་
མཉེན་པས། །ངག་རྩུབ་རྣམས་ནི་རྟག་ཏུ་སྤངས། །སེམས་ཅན་ནད་ནི་ལེགས་གསོ་བ། །ཅི་སླད་འོད་ཟེར་བཀྱེ་བ་མཛད། །ཐུགས་རྗེ་ཆེན་པོ་རྐང་གཉིས་གཙོ། །མིག་ནི་རྟག་ཏུ་སྟོང་དབེན་མཁྱེན། །རྣམ་དག་ཚངས་པའི་དབྱངས་མངའ་བས། །སེམས་ཅན་རྣམས་ལ་ཆོས་སྟོན་མཛད། །
རྣ་བ་སྣ་ལྕེ་ལུས་དང་ཡིད། །སྒྲ་དང་མིང་ལ་སོགས་པ་ནས། །ཀུན་འབྱུང་འགོག་པ་ལམ་དག་དང་། །ཡེ་ཤེས་བཟོད་པའི་བར་དེ་བཞིན། །ཐུགས་རྗེ་ཆེན་པོ་རྐང་གཉིས་གཙོ། །མིག་ཟད་སྐྱེ་བའི་མཐའ་དག་དང་། །རབ་ཞི་དག་ནི་འཁོར་བ་དག །ཐམས་ཅད་སྟོང་དབེན་ཉིད་དུ་
མཁྱེན། །རྣ་བ་སྣ་ལྕེ་ལུས་དང་ཡིད། །གཟུགས་སྒྲ་དྲི་རོ་རེག་བྱ་ནས། །སྒྲ་དང་མིང་ལ་སོགས་པའི་བར། །ཐམས་ཅད་ཀྱང་ནི་དེ་བཞིན་ནོ། །གཞན་ཡང་རྟེན་ཅིང་འབྲེལ་འབྱུང་ཆོས། །ཆད་དང་རྟག་པ་ཡོངས་བྲལ་ནས། །བདག་དང་གཞན་གྱིས་བྱས་མིན་པས། །རྐྱེན་
བབ་ལས་བྱུང་ཉིད་དུ་གསུང་། །རེས་འགའ་རྣམ་གྲངས་སྣ་ཚོགས་ཀྱིས། །སྡུག་བསྔལ་གཞི་ནི་སྟོན་པར་མཛད། །རེས་འགའ་དོན་ནི་སྣ་ཚོགས་ཀྱིས། །སངས་རྒྱས་འོད་ཟེར་བསྔགས་པར་མཛད། །རེས་འགའ་ཚིག་ནི་ཚད་མེད་ཀྱིས། །རབ་དབེན་ཆོས་ནི་སྟོན་མཛད་ཅིང་། །
གང་ཟག་སྲོག་དང་བདག་མེད་དང་། །སེམས་ཅན་མེད་པ་ཉིད་དུ་སྟོན། །འདས་པའི་སངས་རྒྱས་ཚད་མེད་ཀྱང་། །བསམ་གྱིས་མི་ཁྱབ་པ་དག་གི། །ཚིགས་སུ་བཅད་པ་བརྒྱ་སྟོང་གིས། །དེ་འདྲའི་ཆོས་ནི་སྟོན་པར་མཛད། །དེ་བཞིན་གཤེགས་པས་ཡོན་ཏན་ཆོས། །ཡང་
Vol. 40 · folio 217a
དག་ཉིད་ནི་སྟོན་མཛད་ཀྱང་། །རྗོད་དང་བརྗོད་བྱ་མི་མངའ་བས། །བརྗོད་མཛད་ཆོས་ཀྱང་ཡོང་མི་མངའ། །བཅོམ་ལྡན་ཡང་དག་ཆོས་གསུང་ཞིང་། །སྐྱེ་དགུ་རྣམས་ནི་གོ་མཛད་པས། །ལྷ་རྣམས་དང་ནི་གནོད་སྦྱིན་དག །གང་ཐོས་དེ་དག་རྟོགས་པར་འགྱུར། །ལྷ་མ་
ཡིན་ནི་ཐམས་ཅད་ཀྱང་། །མོས་པ་དག་ནི་རྣམ་པར་དག །མི་ནི་མང་པོ་ཚད་མེད་ཀྱང་། །ཐེ་ཚོམ་དྲ་བ་ཆད་པར་གྱུར། །འདོད་ཆགས་རང་བཞིན་རབ་ཏུ་རྟོགས། །ཞེ་སྡང་གཏི་མུག་རྣམ་པར་བཤིག །སྲེད་དང་ང་རྒྱལ་མ་རིག་དང་། །གཡོ་སྒྱུ་ཕྲག་དོག་སྤྲོས་པ་ནས། །སྡུག་བསྔལ་
ཕུང་པོ་ལ་སོགས་པར། །ཐམས་ཅད་ཀྱང་ནི་ཡོངས་སུ་སྤངས། །འདི་ལ་སོགས་པའི་ཚིག་གི་དོན། །མཐར་ནི་ཀུན་ཀྱང་རྣམ་པར་དག །དེ་བཞིན་གཤེགས་པས་ཆོས་གཅིག་ལ། །སྣ་ཚོགས་མིང་ནི་རབ་མཁྱེན་པས། །གྲངས་ནི་བརྒྱ་སྟོང་མང་པོ་རྣམས། །བསམ་གྱིས་མི་ཁྱབ་རབ་ཏུ་
སྟོན། །སངས་རྒྱས་ཚད་མེད་མང་པོ་ལས། །དེ་འདྲའི་ཆོས་ནི་ལེགས་བསླབས་པས། །ཆོས་ཀྱི་དངོས་པོ་གཅིག་ལ་ཡང་། །བརྗོད་པ་ཐུག་པ་མེད་པ་སྟོན། །དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི། །རྣམ་གྲངས་སྣ་ཚོགས་རབ་མཁྱེན་པས། །མིང་ཚིག་དང་པོ་བར་མ་དང་། །ཐ་
མ་རྣམ་འབྱེད་རབ་ཏུ་མཁྱེན། །ཐ་དད་ཚིག་ནི་སྣ་ཚོགས་དག །ཐམས་ཅད་རབ་ཏུ་བསླབས་པས་ན། །དོན་མཆོག་དག་ནི་གྱ་ནོམ་པ། །སྟོན་པ་དག་ནི་རབ་ཏུ་མཁྱེན། །དེ་འདྲའི་དབྱངས་ནི་རྣམ་དག་པ། །རྒྱུ་རྐྱེན་ཚོགས་པ་ལས་བྱུང་བས། །ལྕེ་འབའ་ཞིག་ལ་རྟེན་པ་ནས། །ལུས་སེམས་
བར་ལ་རྟེན་པའང་མིན། །ས་ནི་རྣམ་པ་དྲུག་ཏུ་གཡོས། །ཕྱོགས་བཅུའི་འཁོར་ནི་ཡོངས་འདུས་ནས། །ཐལ་སྦྱར་བཅོམ་ལྡན་ཞལ་ལྟ་ན། །ཐེ་ཚོམ་དག་ནི་བསལ་དུ་གསོལ། །དེ་བཞིན་གཤེགས་པས་མིག་ཟད་དང་། །སྐྱེ་མཐའ་དག་ནི་རང་བཞིན་གྱིས། །རྟག་ཏུ་སྟོང་ཞིང་དབེན་པ་དང་། །
འགྲོ་འོང་མེད་པར་རབ་ཏུ་མཁྱེན། །བཞུགས་དང་གནས་ནི་མི་མངའ་བས། །ཡང་དག་མཐའ་ལ་རབ་ཏུ་བཞུགས། །བཅོམ་ལྡན་སྤྱན་ནི་ཐོགས་མི་མངའ། །དེ་སླད་དེང་བདག་ཞུ་བ་ལགས། །དེ་བཞིན་གཤེགས་པས་མིག་ཉིད་ཀྱི། །སྔོན་དང་ཕྱི་མའི་མཐའ་དག་དང་། །ཟད་དང་མ་ཟད་
Vol. 40 · folio 217b
འཁོར་བ་ནི། །རང་བཞིན་སྟོང་དབེན་རབ་མཁྱེན་པས། །ཆོས་ཀྱི་དོན་རྣམས་རབ་ཕྱེ་ནས། །འཇིག་རྟེན་རྣམས་ནི་དགའ་བར་མཛད། །ཐུབ་པ་དབྱངས་སྙན་རབ་མངའ་བས། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་སྔོན་དང་ཕྱི་མཐའ་དང་། །མིག་ཉིད་སྟོང་དབེན་རབ་མཁྱེན་
ཅིང་། །རྣམ་རྟོག་ཚིག་དང་བྲལ་ལགས་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་མིག་ནི་དཔག་མེད་དང་། །བརྗོད་པ་སྣ་ཚོགས་རང་བཞིན་གྱིས། །རྟག་ཏུ་སྟོང་དབེན་མཁྱེན་ལགས་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ཟད་དང་སྐྱེ་མཐའ་དང་། །མིག་
ཉིད་སྟོང་དབེན་རབ་མཁྱེན་ཅིང་། །ཉོན་མོངས་རྣམས་ནི་ཡོངས་སྤངས་པས། །སངས་རྒྱས་བྱང་ཆུབ་མཁྱེན་པ་བརྙེས། །གྲགས་པ་མཆོག་ནི་ཕུན་སུམ་ཚོགས། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ཡུན་རིང་བསྒོམ་བསླབས་པས། །བསམ་གྱིས་མི་ཁྱབ་སྟོན་པར་མཛད། །
མིག་ཉིད་སྟོང་པ་ཉིད་དུ་མཁྱེན། །དྲི་བྲལ་རྟག་ཏུ་རྣམ་པར་དག །སེམས་ཀྱི་སྤྱོད་པ་ཚད་མེད་རྣམས། །དགོངས་པ་གཅིག་གིས་ཐམས་ཅད་མཁྱེན། །འོད་ཟེར་འཇིག་རྟེན་སྣང་མཛད་པ། །འདི་ནི་གང་གི་སྔ་རྟགས་ལགས། །དྲང་སྲོང་ཆེན་པོ་མངོན་སངས་རྒྱས། །རྐང་གཉིས་གཙོ་བོ་
ཁྱད་པར་འཕགས། །ཉོན་མོངས་དག་ནི་རབ་བསལ་བས། །ཐུགས་ནི་རྟག་ཏུ་ཞི་ཞིང་དབེན། །དེ་བཞིན་གཤེགས་པ་མཁྱེན་མཆོག་གིས། །མིག་ཟད་མཐའ་ནི་རབ་ཏུ་རྟོགས། །རྒྱུ་དང་རྐྱེན་ནི་གང་གི་སླད། །དེང་འདིར་འཛུམ་པ་སྟོན་པར་མཛད། །རྣ་བ་སྣ་ལྕེ་ལུས་དང་ཡིད། །
ཡུལ་དྲུག་དང་ནི་འབྱུང་ཆེན་བཞི། །སྒྲ་དང་མིང་ལ་སོགས་པའི་བར། །ཐམས་ཅད་ཀྱང་ནི་དེ་བཞིན་ནོ། །བཅོམ་ལྡན་མིག་ལ་བདག་མེད་མཁྱེན། །རྣ་བ་མི་རྟག་ཉིད་དུ་རྟོགས། །སྣ་ཉིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ལྕེ་ལ་བདག་མེད་
མཁྱེན། །ལུས་ཀྱང་མི་རྟག་ཉིད་དུ་རྟོགས། །སེམས་ཡིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་གཟུགས་ལ་བདག་མེད་མཁྱེན། །སྒྲ་ཡང་མི་རྟག་ཉིད་དུ་རྟོག །དྲི་ཉིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་
Vol. 40 · folio 218a
ལྡན་རོ་ལ་བདག་མེད་མཁྱེན། །རེག་བྱ་མི་རྟག་ཉིད་དུ་རྟོགས། །ཆོས་ཉིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ས་ལ་བདག་མེད་མཁྱེན། །ཆུ་ཡང་མི་རྟག་ཉིད་དུ་རྟོགས། །མེ་ཉིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་
པར་མཛད། །བཅོམ་ལྡན་རླུང་ལ་བདག་མེད་མཁྱེན། །ངོ་བོ་མི་རྟག་ཉིད་དུ་རྟོགས། །དངོས་ཉིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་འཇིག་རྟེན་བདག་མེད་མཁྱེན། །སྡུག་བསྔལ་མི་རྟག་ཉིད་དུ་རྟོགས། །ཕུང་པོ་སྟོང་པར་རབ་མཁྱེན་ན། །ཅི་
སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ཁམས་ལ་བདག་མེད་མཁྱེན། །འཇིག་རྟེན་མི་རྟག་ཉིད་དུ་རྟོགས། །སྐྱེ་ཉིད་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་སྒྲ་ལ་བདག་མེད་མཁྱེན། །མིང་ཡང་མི་རྟག་ཉིད་དུ་རྟོགས། །ལམ་ཉིད་སྟོང་པར་རབ་
མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ཡེ་ཤེས་བདག་མེད་མཁྱེན། །རབ་དབེན་མི་རྟག་ཉིད་དུ་རྟོགས། །སེམས་ཅན་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་རང་བཞིན་རང་བཞིན་མེད། །བདག་དང་བདག་མེད་པ་ཡང་མཁྱེན། །
མོས་པ་སྟོང་པར་རབ་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །འཁོར་བ་བདག་མེད་ཉིད་དུ་གཟིགས། །རྟག་དང་མི་རྟག་པ་ཡང་མཁྱེན། །མྱ་ངན་འདས་པ་སྟོང་མཁྱེན་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །དེ་བཞིན་གཤེགས་པ་ཐུགས་རྣམ་གྲོལ། །གྲགས་པ་
ཁམས་གསུམ་ཀུན་དུ་གང་། །བརྒྱ་བྱིན་མི་ཡི་དབང་པོ་དང་། །ཀླུ་རྣམས་ལ་སོགས་ཀུན་གྱིས་མཆོད། །དེ་བཞིན་གཤེགས་པས་མིག་ཟད་དང་། །སྐྱེ་མཐའ་རབ་དབེན་མཁྱེན་ལགས་ན། །ཅི་སླད་འཛུམ་པ་སྟོན་པར་མཛད། །སངས་རྒྱས་སྲས་ནི་ཚད་མེད་པ། །འཁོར་འདིར་ཐམས་
ཅད་རབ་ཏུ་འདུས། །སངས་རྒྱས་གསུང་ལས་སྐྱེས་པ་དང་། །ཆོས་ལས་སྤྲུལ་ཏེ་གང་བྱུང་བ། །ཐམས་ཅད་བཅོམ་ལྡན་སྤྱན་སྔར་མཆིས། །གུས་པས་ཐལ་མོ་རབ་སྦྱར་ལགས། །འཁོར་འདུས་དེ་དག་སླད་དུ་ནི། །འོད་ཟེར་རྒྱུ་རྐྱེན་འདི་ཞུ་ལགས། །དེ་བཞིན་གཤེགས་པས་མིག་ཉིད་ནི། །
Vol. 40 · folio 218b
སྟོང་ཞིང་བདག་མེད་མཁྱེན་པས་ན། །ཁྱིམ་ན་གནས་པའི་རྣལ་འབྱོར་པ། །ཐམས་ཅད་ལས་ནི་ཡང་དག་འདས། །དེ་བཞིན་གཤེགས་པས་ཆོས་རྣམས་ནི། །བྱེ་བྲག་མེད་ཅིང་མཉམ་མཁྱེན་པས། །བཅོམ་ལྡན་དགོངས་པ་རབ་མཁྱེན་གྱི། །རྫུ་འཕྲུལ་དག་གིས་གཟིགས་མ་ལགས། །
བཅོམ་ལྡན་མིག་ལ་བདག་མེད་མཁྱེན། །ངོ་བོ་ཉིད་སྟོང་འགྲོ་འོང་མེད། །རྣམ་དག་མཁྱེན་པ་ཚད་མ་མཆིས། །ཅི་སླད་འཛུམ་པ་སྟོན་པར་མཛད།། །།བམ་པོ་གསུམ་པ། དེ་བཞིན་གཤེགས་པ་སྐྱེ་མཐའ་རབ་ཟད་པ། །ཐུགས་རྗེ་ཆེན་པོས་འཇིག་རྟེན་ཀུན་སྐྱོབ་མཛད། །
ཆོས་རྗེ་མཆོག་གྱུར་མི་ཡི་གཙོར་གྱུར་པ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མ་མཆིས། །གཞན་ཡང་ལྷ་ཚོགས་གཟི་བྱིན་ཆེ་བ་རྣམས། །མཁའ་ལ་གདུགས་ནི་དམ་པ་དག་ཀྱང་ཐོགས། །ས་ཆེན་འདི་ནི་རབ་ཏུ་གཡོས་པར་གྱུར། །
གང་ཞིག་སྔོན་ནི་དེ་བཞིན་གཤེགས་པ་ལས། །ཡུན་རིང་དགེ་བའི་ཆོས་ནི་གང་བསྒྲུབས་པ། །མཉམ་པར་དགའ་མཛད་ཐུགས་རྗེ་ཆེན་པོའི་གཙོ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །གང་ཞིག་སྔོན་ནི་སངས་རྒྱས་རབ་མཆོད་ནས། །ཆོས་འདི་ཐོས་ནས་དགའ་བ་རབ་
སྐྱེས་པས། །འདྲེན་པ་རབ་མཆོག་མི་ཡི་གཙོར་གྱུར་པ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །བཅོམ་ལྡན་གསུང་ནི་མང་པོ་དགའ་མཛད་པས། །བྱ་རྒྱལ་ངང་པ་བཞིན་དུ་དབྱངས་རབ་སྙན། །སྒྲ་སྙན་ཚད་མེད་རང་གི་ངང་གིས་འབྱུང་། །ཅི་སླད་འོད་ཟེར་འདི་བཀྱེ་བཤད་དུ་
གསོལ། །ཚིགས་བཅད་བྱེ་བ་ཚད་མ་མཆིས་པ་ཡིས། །རྗེས་འཐུན་གསུང་གི་བསྔགས་པ་བརྗོད་གྱུར་ཅིང་། །ཀུ་ཙི་ར་ཡི་སྒྲ་སྐད་མཆོག་ལྡན་པ། །ཅི་སླད་འོད་ཟེར་བཀྱེ་བ་བཤད་དུ་གསོལ། །འབྲུག་སྒྲ་ཟབ་མོས་ཆོས་ནི་བསྟན་པའི་སྒྲ། །འཇིག་རྟེན་བརྒྱ་སྟོང་དཔག་མེད་གྲགས་གྱུར་པ། །
ཐུགས་རྗེས་ཚིག་རྩུབ་ཡང་ན་འཇམ་སྟོན་པ། །ཅི་སླད་འོད་ཟེར་གསེར་གྱི་ཁ་དོག་བཀྱི། །སྐྱེ་དང་མི་སྐྱེ་ཟད་དང་མི་ཟད་མཁྱེན། །མིག་ཉིད་བྲལ་ཞིང་འགྲོ་འོང་མེད་པར་རྟོགས། །འཇིག་རྟེན་སྣང་མཛད་བདུད་རྩིའི་མཆོག་གྱུར་པ། །ཅི་སླད་འོད་ཟེར་གསེར་གྱི་ཁ་དོག་བཀྱེ། །མིག་གི་བྱུང་བ་རྟག་
Vol. 40 · folio 219a
ཏུ་སྟོང་དབེན་དང་། །འགྲོ་འོང་མ་མཆིས་གནས་པ་མ་མཆིས་དང་། །སྨིག་རྒྱུ་ཆུ་བུར་ལྟ་བུར་རབ་མཁྱེན་པ། །རྒྱུ་རྐྱེན་གང་གི་སླད་དུ་འཛུམ་བསྟན་ལགས། །དེ་བཞིན་རྣ་བ་སྣ་ལྕེ་ལུས་དང་ཡིད། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ནས། །སྒྲ་དང་མིང་ལ་སོགས་པའི་
བར་དུ་ཡང་། །ཐམས་ཅད་དེ་བཞིན་དུ་ནི་རིག་པར་བགྱི། །རྡོ་རྗེ་རྟག་པའི་སྐུ་དང་མི་འཇིག་སྐུ། །མཚན་མཆོག་བརྒྱ་སྟོང་དག་ནི་ཕུན་སུམ་ཚོགས། །སྐུ་ལ་འཁྲུལ་འཁོར་མི་མངའ་གཡོ་མཛད་པ། །རྒྱུ་རྐྱེན་གང་སླད་འཛུམ་པ་བཤད་དུ་གསོལ། །བྱིན་པ་ཟླུམ་ཞིང་ཞབས་ཀྱི་རྟིང་པ་རིང་། །
ཕྱལ་གྱི་མཚན་མ་མི་གདའ་སེང་གེ་འདྲ། །ལྟེ་བ་ཤིན་ཏུ་ཟབ་ཅིང་རྐེད་རྒྱས་པ། །རྒྱུ་རྐྱེན་གང་སླད་འཛུམ་མཛད་བཤད་དུ་གསོལ། །གསེར་སྐུ་རྣམ་དག་རྡུལ་དང་དྲི་མ་སྤངས། །བ་སྤུ་རེ་རེ་ཁ་དོག་མཐོན་མཐིང་ལྡན། །གཡས་སུ་འཁྱིལ་ཅིང་སྤོས་ཀྱི་ངད་ལྡང་བ། །རྒྱུ་རྐྱེན་གང་སླད་
འཛུམ་མཛད་བཤད་དུ་གསོལ། །སྐུ་མཆོག་དམ་པ་ཡོངས་རྫོགས་རྟག་གནས་པ། །དཔེར་ན་ནྱ་གྲོ་དྷ་ཡི་ཤིང་རྒྱལ་བཞིན། །ཡོན་ཏན་ཐམས་ཅད་ཀྱིས་ནི་རབ་ཏུ་བརྒྱན། །གསུང་དབྱངས་དག་གིས་འཁོར་ནི་དགའ་བར་མཛད། །དཔུང་པ་ཟླུམ་ཞིང་ཕྲག་པ་སྟུག་ལ་མཛེས། །གཙུག་
ཏོར་ཡོངས་རྫོགས་གཡས་སུ་འཁྱིལ་བར་གདའ། །ཞིང་ནི་བརྒྱ་སྟོང་དཔག་མེད་རྒྱུ་བར་མཛད། །སེམས་ཅན་ལོག་དང་ཡང་དག་ལམ་སྟོན་མཛད། །ཚེམས་དཀར་དྲི་མི་མངའ་བས་དུང་དང་འདྲ། །ལྗགས་མཚན་སྲིད་རིང་ཞལ་ནི་ཀུན་དུ་ཁེབས། །འགྲམ་པ་སེང་གེ་འདྲ་ཞིང་ཤངས་ནི་
མཐོ། །ཐམས་ཅད་ཐབས་དང་རྣམ་དག་ཐུགས་ལས་སྐྱེས། །ཨུད་པ་ལ་ཡི་བསུང་ནི་ཞལ་ནས་འབྱུང་། །ཙན་དན་དྲི་དག་སྐུ་ནི་ཀུན་དུ་ཁྱབ། །སྔོན་ནི་བྱམས་པ་རྒྱ་ཆེར་བསྒོམས་པས་ན། །རྣམ་དག་མོས་པ་རྟག་ཏུ་རྒྱུན་མི་འཆད། །དེ་བཞིན་གཤེགས་པའི་ཞབས་མཐིལ་ཤིན་ཏུ་མཉམ། །
ས་ལ་རེག་ཀྱང་རྡུལ་ནི་གོས་མི་འགྱུར། །གོམ་པ་སེང་གེ་གླང་པོ་ཆེ་འདྲ་བས། །འཇིག་རྟེན་ཐམས་ཅད་ལས་ནི་ཡང་དག་འདས། །འཁོར་ལོ་རྩིབས་སྟོང་མཚན་གྱིས་མཛེས་པར་བརྒྱན། །ཁྱད་འཕགས་འོད་ཟེར་དག་ནི་རབ་ཏུ་གསལ། །དགེ་བ་དག་གིས་སྐྱེ་དགུ་ཕན་འདོགས་པས། །གང་
Vol. 40 · folio 219b
གིས་མཐོང་བ་དང་བ་རབ་ཏུ་སྐྱེ། །སོར་གཅིག་འོད་ཟེར་བརྒྱ་སྟོང་རབ་བཀྱེ་ནས། །སངས་རྒྱས་ཞིང་ནི་དཔག་མེད་སྣང་བར་མཛད། །སྔོན་ནི་དགེ་སྦྱོང་མང་པོ་རབ་བསྒྲུབས་པས། །མཚན་གྱི་བཀོད་པ་སྣ་ཚོགས་འདི་བརྙེས་ལགས། །གཟུགས་སྐུ་ཡོངས་རྫོགས་དཔེ་ཟླ་ཡོང་མ་མཆིས། །ཞལ་
མཚན་རབ་མཛེས་ཤིན་ཏུ་ཁྱད་པར་འཕགས། །རྫུ་འཕྲུལ་དག་གིས་འཇིག་རྟེན་ཕན་འདོགས་པ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །བྱིན་པ་རི་དགས་ཨེ་ན་ཡ་དང་འདྲ། །སྐུ་དབྱིབས་མི་རྒུ་སེང་གེ་ཇི་ལྟ་བཞིན། །འཇིག་རྟེན་བྱུང་ནས་འཇིག་རྟེན་སྣང་མཛད་པ། །ཅི་སླད་
འཛུམ་པ་བསྟན་མཛད་བཤད་དུ་གསོལ། །ཅང་ཤེས་བཞིན་དུ་མཚན་སྦས་རྡུལ་མི་མངའ། །ཕྱག་མཐིལ་མཉམ་རྒྱས་ཕྱག་ནི་པུས་མོ་འདས། །མི་ཡི་སེང་གེ་ངོ་མཚར་ཁྱད་པར་འཕགས། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །སྐུ་ལས་འོད་ཟེར་དཔག་མེད་རབ་འགྱེད་
ཅིང་། ཁ་དོག་གྱ་ནོམ་རབ་ཞི་རྟག་གསལ་བ། །རྣམ་དག་ཐུགས་ནི་རྟག་ཏུ་རྒྱུན་མི་འཆད། །མདོ་སྡེ་ཚད་མེད་པ་དག་སྟོན་པར་མཛད། །རྟག་དང་ཆད་པ་དག་ལ་གནས་པ་ཡིས། །དེ་འདྲའི་ཆོས་ནི་བསྒྲུབ་པར་འགྱུར་མ་ལགས། །གང་གིས་མཐར་ལྟ་རྣམས་ནི་རབ་སྤངས་ན། །བཅོམ་
ལྡན་རྣམ་དག་སྐུ་ནི་མྱུར་ཐོབ་འགྱུར། །ལྷ་རྔ་འབྲུག་སྒྲ་གསུང་ནི་ཀུན་གྲགས་ཤིང་། །ཀ་ལན་དཀའི་དབྱངས་སྙན་རབ་ཏུ་གསལ། །ལྷ་ཡི་གླུ་སྒྲ་བརྒྱ་སྟོང་མང་ལྡན་པ། །ཅི་སླད་འོད་ཟེར་བཀྱེ་བ་བཤད་དུ་གསོལ། །འདྲེན་པས་གསུང་གཅིག་ཏུ་ནི་ཆོས་བསྟན་པས། །འཆལ་པའི་ཚུལ་
ཁྲིམས་ཅན་དག་རྒྱུན་ཡང་བཅད། །དེ་བཞིན་གཤེགས་པས་དབྱངས་རབ་གང་གསུངས་པ། །དེ་ཀུན་ཟབ་ཅིང་ངོ་མཚར་ཆོས་ལགས་སོ། །ཁྱུ་མཆོག་སྨིན་མཚམས་འོད་ཟེར་རབ་བཀྱེ་བས། །སངས་རྒྱས་ཞིང་ནི་བརྒྱ་སྟོང་གསལ་བར་མཛད། །སྤྱན་མཆོག་དག་ནི་ཁ་དོག་མཐོན་མཐིང་
འདྲ། །གཙུག་ཏོར་མཚན་ནི་མཁའ་ཡི་ལྷས་མི་མཐོང་། །ཚེམས་དཀར་གཏམས་པ་བཞི་བཅུ་དག་དང་ལྡན། །དཔེར་ན་རིན་ཆེན་ཆུ་ཤེལ་དག་དང་མཚུངས། །དགེ་བའི་ཕྲིན་ལས་ཚད་མེད་དག་ལས་སྐྱེས། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །དེ་བཞིན་གཤེགས་པ་ཡོན་ཏན་
Vol. 40 · folio 220a
རྫོགས་པའི་སྐུ། །ཁ་དོག་དམ་པ་དཔག་མེད་ཕུན་ཚོགས་ཤིང་། །འོད་ཟེར་རྣམ་དག་ངོ་མཚར་རབ་བཀྱེ་བ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །ཐུགས་རྗེ་ཆེན་པོ་མཆོག་རྒྱལ་རྐང་གཉིས་གཙོ། །སེམས་ཅན་ཡང་དག་བསམ་པ་ཐུགས་སུ་ཆུད། །ཐོགས་པ་མ་མཆིས་སྤོབས་
པ་མཆོག་བརྙེས་པ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །དེ་བཞིན་གཤེགས་པས་ཕ་རོལ་རབ་བྱོན་པས། །རིག་པ་གསུམ་དང་མངོན་ཤེས་དྲུག་ཕུན་ཚོགས། །རྣམ་དག་འོད་ཟེར་དཔག་མེད་སྟོན་མཛད་པ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །བཅོམ་ལྡན་སྔོན་ནི་བསྐལ་པ་
དཔག་མེད་སྙེད། །བཅོམ་ལྡན་བརྒྱ་སྟོང་སྙེད་ལ་མཆོད་པ་མཛད། །དེ་འདྲའི་རྒྱུ་འབྲས་ཆབ་ནི་མི་འཚལ་བ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །བཅོམ་ལྡན་སྔོན་ནི་བསྐལ་པ་དཔག་མེད་སྙེད། །ཏིང་འཛིན་མཆོག་རྣམས་ལ་ནི་རབ་བཞུགས་པས། །མིག་གི་སྐྱེ་མཐའ་ཟད་པའི་མཐའ་མཁྱེན་
ན། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །འདས་པ་དང་ནི་མ་འོངས་ད་ལྟར་དུས། །འདྲེན་པས་དེ་དག་ཀུན་ནི་རབ་ཏུ་མཁྱེན། །རྣམ་དག་མཁྱེན་པ་ཐོགས་མེད་བསམ་མི་ཁྱབ། །ཅི་སླད་འཛུམ་པ་བསྟན་མཛད་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་མདུན་དུ་
ཕྱག་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ། ཟླ་འོད་གཞོན་ནུར་གྱུར་པའི་སྤྱི་བོ་ལ་བཞག་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། །གཞོན་ནུ་ཤིན་ཏུ་ལེགས་པར་ཉོན། །ངས་ནི་དེང་འདིར་བྱང་ཆུབ་ཆོས། །འོད་ཟེར་རབ་ཏུ་སྟོན་པའི་མདོ། །ཁྱོད་ལ་ཤིན་ཏུ་ཡོངས་གཏད་ཀྱིས། །མ་འོངས་ཐ་མ་དུས་ངན་ཚེ། །
ཆོས་ནི་རྣམ་པར་འཇིག་པ་ན། །ཁྱོད་ཀྱིས་སེམས་ཅན་རྣམས་ལ་ནི། །རབ་ཏུ་ཕྱེ་ནས་བཤད་པར་གྱིས། །ངས་ནི་སངས་རྒྱས་སྤྱན་དག་གིས། །མ་འོངས་ཐ་མ་དུས་ཀྱི་ཚེ། །ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི། །མདོ་སྡེ་དམ་པ་འདི་དག་ལ། །གང་མོས་གང་ནི་མི་མོས་པ། །ཐམས་ཅད་ཀུན་ཀྱང་གཟིགས་ཤིང་
མཁྱེན། །སེམས་ཅན་དག་ནི་གང་ཞིག་གིས། །བྱང་ཆུབ་ལམ་ནི་རབ་ཚོལ་བ། །རྟག་ཏུ་སངས་རྒྱས་རྗེས་དྲན་ཞིང་། །མདོ་སྡེ་འདི་ནི་གཟུང་བར་གྱིས། །གང་ཞིག་དད་པ་རབ་འཇིག་ཅིང་། །འདུ་འཛི་ལ་ནི་མོས་འགྱུར་དང་། །ཉིན་མཚན་གཉིད་ལ་གང་དགའ་བ། །མདོ་སྡེ་འདི་ལ་མོས་མི་འགྱུར། །ང་ཡི་བསྟན་
Vol. 40 · folio 220b
པ་དག་ལས་ནི། །རབ་ཏུ་བྱུང་བར་གྱུར་ནས་ཀྱང་། །མྱ་ངན་འདས་པའི་ཆོས་དག་ལ། །མོས་པ་དག་ནི་མི་སྐྱེ་བ། །སྐྱེས་བུ་བླུན་པོ་དེ་དག་ནི། །དད་པས་བྱིན་པ་ཆུད་གཟོན་འགྱུར། །འདུས་བྱས་རྣམས་ཀྱི་ཆོས་དག་ལ། །ཉེས་དམིགས་མང་བར་ཐོས་ཀྱང་ནི། །འཇིག་རྟེན་དག་ལ་མངོན་ཞེན་ནས། །འཇིགས་པ་དག་
ནི་མི་སྐྱེ་བ། །སྐྱེས་བུ་བླུན་པོ་དེ་དག་ནི། །མཁས་པ་རྣམས་ཀྱིས་སྨོད་པར་འགྱུར། །ཆོས་གོས་དག་ནི་བགོས་གྱུར་ཀྱང་། །དེ་ལ་ཤེས་རབ་ཅི་ཡང་མེད། །ཐུབ་པས་ལེགས་པར་གསུངས་པ་ཡི། །ཡང་དག་བཀའ་ནི་གང་ཡིན་པ། །ཤེས་པ་མེད་པས་ཐོས་གྱུར་ན། །ཡིད་ཆེས་ལེན་པར་མི་འགྱུར་ཏེ། །
སྐྱེས་བུ་བླུན་པོ་དེ་དག་དང་། །ལྷན་ཅིག་གནས་པར་མི་བྱའོ། །ཁྱད་པར་འཕགས་པའི་ཆོས་འདི་དག །གལ་ཏེ་ཐོས་པར་གྱུར་ནས་ཀྱང་། །རབ་ཏུ་དགའ་ཞིང་མོས་པ་ཡི། །སེམས་ཀྱང་སྐྱེ་བར་མི་འགྱུར་བ། །དེ་འདྲའི་གང་ཟག་དག་ལ་ནི། །ངས་ནི་རབ་ཏུ་སྨོད་པར་བྱེད། །མི་ལུས་ཐོབ་པར་གྱུར་མོད་
ཀྱང་། །དེ་ནི་དོན་མེད་ཆུད་ཟོས་ཡིན། །གལ་ཏེ་ཤིན་ཏུ་ཟབ་པའི་ཆོས། །འདི་དག་ཐོས་པར་གྱུར་ནས་ནི། །རབ་ཏུ་དགའ་ཞིང་མོས་པ་ཡི། །སེམས་ནི་རབ་ཏུ་སྐྱེ་འགྱུར་བ། །དེ་འདྲའི་གང་ཟག་དེ་དག་ནི། །སྔོན་ཆད་སངས་རྒྱས་ཕྲད་པས་ན། །གདོན་མི་ཟ་བ་ཁོ་ནར་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །
སྐྱེས་བུ་བླུན་པོ་གང་དག་ཅིག །ལྟ་བ་ངན་པས་རབ་སྨས་ནས། །ཤེས་རབ་སྲོག་ནི་གཅོད་བྱེད་པ། །བྱང་ཆུབ་ཡོངས་སུ་སྤོང་བར་འགྱུར། །དེ་ལྟ་བས་ན་མི་དགེ་བའི། །བཤེས་གཉེན་དག་ནི་རབ་སྤངས་ནས། །བློ་ལྡན་མཁས་པ་དག་ལ་ནི། །བསྟེན་ཅིང་གུས་པ་བསྐྱེད་པར་བྱ། །འཇིག་རྟེན་དག་ནི་ཐམས་
ཅད་ན། །ཉེས་དམིགས་ཚད་མེད་གང་ཡོད་དང་། །སེམས་ཅན་ངན་སོང་གསུམ་པོར་ནི། །རྟག་ཏུ་བྱིང་བར་གང་བྱེད་པ། །ཐམས་ཅད་གཏི་མུག་རྨོངས་པ་ཡི། །རྒྱུ་དང་རྐྱེན་ལས་བྱུང་བས་ན། །ཉོན་མོངས་རྗེས་སུ་འཇུག་བྱེད་ཅིང་། །རང་དབང་དག་ནི་འཐོབ་མི་འགྱུར། །ཡང་དག་ཆོས་ནི་སྤོང་བྱེད་ཅིང་། །ཆོས་མ་
ཡིན་པ་སྤྱོད་པར་བྱེད། །དེ་ལྟ་བས་ན་རྨོངས་པ་ཡི། །སྐྱེས་བུ་དམན་པ་སྤང་བར་བྱ། །ཇི་ལྟར་ཁ་ལོ་སྒྱུར་བ་ཡིས། །རང་གི་སྲོག་ཤིང་བཅག་པ་བཞིན། །མི་དགེ་ལས་ནི་བྱས་པས་ན། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར། །ཁ་ནས་ཚིག་ངན་ཕྱུང་ནས་ནི། །རྟག་ཏུ་བདག་ལ་གནོད་བྱེད་པ། །ཇི་ལྟར་སྟ་རེ་རྣོ་
Vol. 40 · folio 221a
ཐོགས་ནས། །རང་གི་ལུས་ནི་གཅོད་བྱེད་འདྲ། །ཆོས་རྣམས་རྒྱུ་དང་རྐྱེན་དག་གིས། །བྱས་པའི་ལས་ཀྱི་རྗེས་སུ་ནི། །རྣམ་སྨིན་མྱོང་བ་སྐྱབས་མེད་པར། །དེ་ལྟར་ཁོང་དུ་མ་ཆུད་པས། །འཇིག་རྟེན་དྲང་སྲོང་ལ་བསྟེན་ནས། །དགེ་བའི་གྲོགས་པོ་ཡིན་སྙམ་སེམས། །དེ་ནས་རང་ཉིད་འདི་
སྙམ་དུ། །སྟོང་པ་ཉིད་ནི་གང་བསྒོམ་པ། །འདུས་མ་བྱས་ནི་རྟོགས་སྙམ་ནས། །ཆད་པར་ལྟ་བ་སྐྱེད་པར་བྱེད། །ལུས་ནི་སྣོད་ཆག་པ་དང་འདྲ། །སེམས་ཀྱང་རྗེས་སུ་འགག་གྱུར་ཞེས། །ཕལ་ཆེར་ཀྱལ་བའི་ཚིག་དག་ལ། །མོས་པ་ཉིད་དུ་རབ་འགྱུར་ཞིང་། །འདི་ལ་མངོན་པར་ཞེན་པས་ན། །ཕན་པའི་
དོན་ནི་ཅི་ཡང་མེད། །གལ་ཏེ་སྦྲུལ་ནི་གདུག་པ་ཡིས། །གནོད་པ་དག་ནི་རབ་བྱས་ཀྱང་། །ནམ་ཡང་སྐྱེ་དགུ་མང་པོ་རྣམས། །ངན་འགྲོ་དག་ཏུ་ལྟུང་མི་བྱེད། །བླུན་པོ་གང་ཞིག་ཆོས་སྟོན་པ། །དགེ་བའི་རྩ་བ་འཇིག་བྱེད་པས། །སྐྱེ་དགུ་མང་པོ་ཚད་མེད་སྙེད། །སེམས་ཅན་དམྱལ་བར་ལྟུང་བར་བྱེད། །
ཁྱེད་ལ་སོགས་པ་འཁོར་འདུས་པ། །འདི་ལྟ་བུར་ནི་ལྟ་བར་གྱིས། །དེང་འདིར་ང་ཡི་སྤྱན་སྔར་ནི། །ཟླ་འོད་གཞོན་ནུ་གང་འདུག་པ། །འདིས་ནི་སྔོན་ཆད་འདས་པ་ཡི། །སངས་རྒྱས་དག་ནི་བཅོམ་ལྡན་འདས། །ཚད་མེད་གང་གཱའི་ཀླུང་བྱེ་སྙེད། །མཆོད་པ་རིམ་གྲོ་རབ་བྱས་ཤིང་། །ཤིན་ཏུ་བརྟན་པར་
ཡོངས་བསྒོམས་ནས། །བླ་མེད་ཡེ་ཤེས་བཙལ་བས་ན། །སྲིད་པ་དག་ནི་ཐམས་ཅད་ལ། །སེམས་ཀྱིས་གནས་པ་ཅི་ཡང་མེད། །མིག་གི་སྐྱེ་མཐའ་གཏན་དུ་ནི། །རྣམ་པར་དག་པར་ཤེས་པས་ན། །སྤྲོས་པ་དག་ནི་ཡོངས་སྤངས་ནས། །མངོན་པར་ཞེན་པ་ཅི་ཡང་མེད། །སེམས་ཅན་དག་ནི་ཚད་མེད་
ལ། །ཕན་པ་དག་ནི་བྱ་བའི་ཕྱིར། །བླ་མེད་འོད་ཟེར་སྟོན་པ་ཡི། །མདོ་སྡེ་དག་ནི་སྟོན་པར་བྱེད། །སྐྱེས་བུ་བླུན་པོ་གང་ཡིན་པ། །ཆོས་འདི་སློབ་པར་མི་ནུས་པས། །རྣལ་འབྱོར་བསྒོམ་པ་དག་ལ་ནི། །སྐྱོན་ཉིད་དུ་ཡང་ལྟ་བར་བྱེད། །དེ་ལྟ་བས་ན་བླུན་པོ་དག །ཐག་རིང་པོར་ནི་ཡོངས་སྤངས་ནས། །དེ་དག་ལ་ནི་
བསྟན་མི་བྱ། །དེ་ཡི་ཆོས་ཀྱང་མི་བསླབ་བོ། །སྐྱེས་བུ་བླུན་པོ་གང་ཡིན་པ། །རྩོད་པའི་སྨྲ་ལ་མོས་པས་ན། །རྩོད་སྨྲ་མེད་པའི་སྤྱོད་པ་ལ། །ནན་ཏན་བསྒྲུབ་པར་མི་ནུས་པས། །སྐྱེས་བུ་དེ་དག་རྣམས་ལ་ནི། །ཚུལ་བཞིན་སེམས་ནི་ཅི་ཡང་མེད། །དེ་ལྟ་བས་ན་དེ་དག་ལ། །བསྙེན་བཀུར་མི་བྱ་བསྔགས་མི་བརྗོད། །སྐྱེས་
Vol. 40 · folio 221b
བུ་བླུན་པོ་གང་ཡིན་པ། །ལེ་ལོ་སྙོམ་ལས་ལ་གནས་པས། །རྟག་ཏུ་ལུས་དང་ངག་ཡིད་ཀྱི། །མི་དགེ་ལས་ནི་སྤྱོད་པས་ན། །དེ་ལ་ཚུལ་ཁྲིམས་དག་པ་དང་། །ཤེས་རབ་མང་ཐོས་ཅི་ཡང་མེད། །རྟག་ཏུ་འདོད་པའི་ཡུལ་སེམས་ཤིང་། །འདུ་འཛི་དག་ལ་མོས་པར་བྱེད། །ཁྱེད་ཀྱིས་འདི་ལྟར་བླུན་པོ་དེ། །རིགས་
དང་རུས་དང་ལུས་ཀྱང་ནི། །དམན་པ་ཡིན་པར་རབ་ཏུ་ལྟོས། །ཁོང་ཁྲོ་བཀའ་བློ་མི་བདེ་ཞིང་། །བྱད་བཞིན་དག་ནི་མི་སྡུག་ལ། །གལ་ཏེ་དགེ་བའི་གནས་སྐྱེས་ཀྱང་། །ལུས་ནི་རྟག་ཏུ་མ་རབས་འགྱུར། །བདག་ཏུ་འདུ་ཤེས་ལ་ཞེན་པས། །ཡང་དག་དོན་ལ་རྨོངས་པར་འགྱུར། །བློ་གྲོས་དག་དང་མི་ལྡན་
པས། །ཚིག་གི་བྱེ་བྲག་འབྱེད་མི་ནུས། །རང་བཞིན་སྟོང་པའི་ཆོས་ཐོས་ཀྱང་། །དེ་ལ་མོས་པ་སྐྱེད་མི་འགྱུར། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཡུན་རིང་པོ་ནས་འཇིག་རྟེན་པའི། །ཚིག་གི་སྤྲོས་པ་གང་ཡིན་པ། །ཐམས་ཅད་རབ་ཏུ་སྤངས་པ་ཡིན། །སོ་སོའི་སྐྱེ་བོས་འདི་དག་ལ། །ཤིན་
ཏུ་ཞེན་ཅིང་ཆགས་པས་ན། །ཇི་སྲིད་འཚོ་བའི་བར་དུ་ཡང་། །རྟོགས་ཤིང་ཁོང་དུ་ཆུད་མི་འགྱུར། །ཚུལ་ཁྲིམས་བསྔགས་པ་རྗོད་བྱེད་ཀྱང་། །ཚངས་པར་སྤྱོད་པ་སྒྲུབ་མི་བྱེད། །ཁ་ནས་ཆོས་ནི་སྟོན་བྱེད་ཀྱང་། །ལུས་ཀྱིས་ཆོས་མིན་སྤྱོད་པར་བྱེད། །རང་གིས་འདུལ་བ་སྟོན་བྱེད་ཀྱང་། །རྟག་ཏུ་འདུལ་
མིན་སྤྱོད་པར་བྱེད། །སངས་རྒྱས་སློབ་མ་དག་ལ་ནི། །ཁ་དོག་བསྒྱུར་བའི་གོས་གྱོན་གསུངས། །འཆལ་བའི་ཚུལ་ཁྲིམས་ཅན་དག་གིས། །གོས་འདི་རབ་ཏུ་བགོས་གྱུར་ཀྱང་། །ང་རྒྱལ་དང་ནི་བག་མེད་པའི། །སེམས་ནི་རབ་ཏུ་འཕེལ་བར་བྱེད། །དད་པས་བྱིན་པ་ཅི་ཟོས་པ། །ཐུ་ལུམ་འབར་བ་
མིད་པ་འདྲ། །དེ་ལྟར་ཁྱིམ་གྱི་གནས་སྤངས་ནས། །འདོད་པ་ལྔ་ཡི་བདེ་བའང་མེད། །གཞན་ཡང་སངས་རྒྱས་ཆོས་དག་ལ། །མཆོག་གི་བདེ་བ་མ་ཐོབ་ནས། །སྤྱོད་པ་འདྲེན་མ་མོས་བྱེད་པས། །མཐའ་གཉིས་དག་ནི་སྤོང་མི་འགྱུར། །ཡིད་ཀྱི་མོས་པ་ཇི་སྙེད་པ། །ཐམས་ཅད་ཀྱང་ནི་དག་མི་འགྱུར། །
དེ་འདྲའི་གང་ཟག་བླུན་པོ་ནི། །འཁོར་མང་ནང་དུ་གནས་གྱུར་ཀྱང་། །དཔེར་ན་ཇི་ལྟར་ཝ་སྐྱེས་དག །སེང་གེའི་ཁྱུར་ནི་ཞུགས་པ་བཞིན། །དེ་ལྟར་རབ་ཏུ་ཞི་བ་ཡི། །ཆོས་ནི་ཡང་དག་བསྟན་བྱས་ཀྱང་། །དེ་བཞིན་ཉིད་དང་སྟོང་པའི་དོན། །རྟོགས་ཤིང་ཁོང་དུ་མ་ཆུད་པས། །འཁོར་མང་དག་ལ་བསྟན་བསྔགས་
Vol. 40 · folio 222a
ཀྱང་། །ཁེངས་པའི་སེམས་ནི་སྐྱེད་པར་བྱེད། །སྟོན་པ་ཆེན་པོ་མི་དྲན་པས། །ངོ་ཚ་དམན་པའི་སེམས་ཀྱང་མེད། །མི་གཙང་དངོས་པོ་ལེན་བྱེད་ཀྱང་། །ཡིད་བཞིན་ནོར་བུ་ཐོབ་པ་བཞིན། །ཤིན་ཏུ་དགའ་བས་འཛིན་བྱེད་པས། །སེམས་ཀྱིས་ཆུང་ཟད་གཏོང་མི་བྱེད། །འདི་ལྟ་
བུ་ཡི་མ་རབས་དག །ཁྱིམ་ནས་རབ་ཏུ་བྱུང་ནས་ནི། །སྤྱོད་ལམ་དག་ཀྱང་སྲུང་བ་དང་། །ཆོས་གོས་ལྷུང་བཟེད་འཛིན་བྱེད་ཀྱང་། །ཆ་བྱད་ཙམ་དང་ལྡན་པས་ན། །ཡང་དག་ཤེས་རབ་ཅི་ཡང་མེད། །ཁ་སྤུ་དག་ནི་བྲེགས་གྱུར་ཀྱང་། །སྡིག་པའི་སེམས་ནི་མི་སྤོང་ཞིང་། །དགེ་སྦྱོང་མ་ཡིན་པ་ཡི་ཆོས། །ལོག་
ལྟ་དག་ཏུ་ལྷུང་གྱུར་ན། །རབ་དབེན་མྱ་ངན་འདས་པའི་ལམ། །དེ་དག་རབ་ཏུ་ཉམས་པར་འགྱུར། །དགེ་སྦྱོང་མངོན་དུ་བྱ་བ་ཡི། །འབྲས་བུ་དག་ཀྱང་འཐོབ་མི་འགྱུར། །མ་རིག་ཉོན་མོངས་རྣམས་ཀྱང་ནི། །རྡུལ་ཙམ་ཉམས་པར་མི་འགྱུར་རོ། །གྲོང་ཁྱེར་དག་ཏུ་རྣམ་རྒྱུ་ཞིང་། །རང་ཉིད་དབེན་པའི་བསྔགས་
བརྗོད་ཀྱང་། །སྐྱེས་བུ་བླུན་པོ་བློ་མེད་པས། །ཡང་དག་བགྲོད་པ་ཤེས་མི་འགྱུར། །སེམས་ཀྱི་འདུན་པ་ཅི་ཡོད་པ། །དེ་དག་ཐམས་ཅད་མི་དགེ་ཡིན། །རྙེད་པ་འདོད་པའི་རྒྱུ་ཡི་ཕྱིར། །དགོན་པ་དག་ན་གནས་བྱེད་ཀྱི། །མྱ་ངན་འདས་པའི་ཡང་དག་རྒྱུ། །བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །རྨུགས་དང་གཉིད་
ལ་རབ་ཏུ་དགའ། །ལུས་ནི་ཇི་ལྟར་བདེ་སྙམ་ནས། །རྟག་ཏུ་དེ་ལྟའི་དངོས་པོ་དག །སྒྲུབ་པ་ལ་ནི་མོས་པར་བྱེད། །དགོན་པའི་གནས་ནི་དེ་དག་ཏུ། །ལོ་ནི་མང་པོར་གནས་བྱེད་ཀྱང་། །ཕྱིན་ལོག་ལྟ་བར་གྱུར་པའི་ཕྱིར། །མྱ་ངན་འདས་ལམ་སྟོར་བས་ན། །ནམས་ཀྱང་དགེ་སྦྱོང་ལམ་དག་གི །འབྲས་བུ་
དག་ནི་ཐོབ་མི་འགྱུར། །ཡང་དག་ལྟ་བ་རབ་ཉམས་ཤིང་། །ཚུལ་ཁྲིམས་དག་དང་འགལ་བྱས་པས། །གོས་བཟང་དག་གིས་ལུས་བརྒྱན་པ། །དེ་ལ་ཤིན་ཏུ་སྲེད་པར་འགྱུར། །འདོད་པའི་བདེ་བ་རྣམས་ལ་ནི། །རྟག་ཏུ་སྲེད་པ་སྐྱེད་པར་བྱེད། །གལ་ཏེ་གྲོང་ཁྱེར་ཞུགས་ན་ཡང་། །ང་རྒྱལ་མཚན་མ་
སྟོན་བྱེད་ཅིང་། །ལུས་ཀྱི་ལས་ནི་མི་སྲུང་བས། །སྤྱོད་ལམ་དག་ལ་གནས་མི་བྱེད། །རེས་འགའ་གྲོང་ཁྱེར་ཞུགས་ནས་ནི། །རྒྱུ་ཚེ་རང་ཉིད་འདི་སྐད་དུ། །དགོན་པའི་གནས་ནི་དེ་དག་ན། །རི་ཕུག་དག་ནི་གང་ཡོད་པ། །ཁྱེད་རྣམས་འདི་ལྟར་ཤེས་པར་གྱིས། །དེ་ནི་བདག་གི་གནས་ཡིན་ཏེ། །མཐོ་
Vol. 40 · folio 222b
དམའ་རན་པར་ལྟ་བ་དང་། །འགྲོ་གོམ་ཚུལ་ལ་གནས་སོ་ཞེས། །ཐ་དད་མཚན་མའི་ཚིག་བརྗོད་དེ། །དགྲ་བཅོམ་པ་ཡི་རྟགས་བསྟན་པས། །ཁྱིམ་པ་དག་ནི་ཇི་སྙེད་པ། །ཕན་ཚུན་དུ་ནི་འདི་སྐད་དུ། །དགོན་པའི་དགེ་སློང་གང་ཡིན་པ། །ཡང་དག་འཕགས་པ་ཡིན་ཞེས་ཟེར། །རེས་འགའ་དགོན་
པ་དེ་དག་ན། །གནས་པར་གྱུར་པ་དེ་ཡི་ཚེ། །གལ་ཏེ་གཞན་དག་འོངས་གྱུར་ན། །འདི་ལྟ་བུར་ནི་སྟོན་པར་བྱེད། །བདག་ནི་དགོན་གནས་འདི་དག་ཏུ། །ཉིན་མཚན་འཆག་པར་བྱེད་ཅེའམ། །ཡང་ན་རྩྭ་འཇམ་བཏིང་ནས་ནི། །འདིར་ནི་འདུག་པར་བྱེད་ཅེས་ཟེར། །རེས་འགའ་གྲོང་ཁྱེར་ཞུགས་
གྱུར་ནས། །ཁྱིམ་པའི་དེར་ནི་ཕྱིན་པའི་ཚེ། །གཡོ་སྒྱུས་ནན་ཏན་འདི་སྐད་དུ། །བདེ་འམ་ཞེས་ནི་འདྲི་བར་བྱེད། །འཇིག་རྟེན་པ་ཡི་འདུ་འཛིའི་གཏམ། །རྒྱལ་པོ་ཆོམ་རྐུན་ལ་སོགས་པའི། །སྣ་ཚོགས་དག་ནི་རྗོད་པར་བྱེད། །རེས་འགའ་ཆགས་པའི་སེམས་དག་གིས། །བུད་མེད་རྣམས་ཀྱི་མདུན་
དག་ཏུ། །ཐབས་ནི་རྣམ་པ་སྣ་ཚོགས་ཀྱིས། །རང་གི་ཡོན་ཏན་རྗོད་པར་བྱེད། །བདག་ནི་འཇིག་རྟེན་ཐམས་ཅད་ཀྱི། །བསོད་ནམས་ཞིང་ནི་ཆེན་པོ་བྱེད། །བདག་ནི་རྒྱལ་ཐབས་རབ་སྤངས་ནས། །རབ་ཏུ་བྱུང་ནས་ལམ་སྒོམ་ཡིན། །བཙུན་མོ་དང་ནི་སྲས་རྣམས་ཀྱང་། །མཐོ་རིས་སྐྱེས་པར་གྱུར་
ཅེས་ཟེར། །དེ་དག་དེ་སྐད་ཐོས་ནས་ནི། །ཤིན་ཏུ་གུས་པ་རབ་བསྐྱེད་དེ། །གོས་ཟས་དང་ནི་བཏུང་བ་དག །སྣ་ཚོགས་སྦྱར་ནས་མཆོད་པར་བྱེད། །བཙུན་པས་ཐུགས་རྗེར་རབ་དགོངས་ཤིང་། །བདག་ཅག་ཐད་དུ་ཡང་གཤེགས་ཟེར། །རོ་ཞིམ་དག་ལ་ཞེན་ཆགས་ཤིང་། །ཉེས་དམིགས་རྣམས་
ནི་མི་ཤེས་པས། །བདུད་ཀྱིས་གླགས་ཀྱང་རྙེད་འགྱུར་ཏེ། །རུ་སྦལ་རྒྱ་མོས་ཟིན་པ་འདྲ། །དགོན་པར་གནས་པ་དག་ལ་ཡང་། །རྙེད་པ་དག་གིས་སྙེམས་པར་བྱེད། །དགེ་སློང་བརྩོན་འགྲུས་ཅན་དག་ལ། །བརྙས་ཤིང་སྐུར་པ་འདེབས་པར་བྱེད། །རྙེད་དང་གྲགས་པས་སེམས་རྨོངས་པས། །ཡང་ནས་
ཡང་དུ་ཞེན་པ་སྐྱེད། །ལུས་ནི་ཡོངས་སུ་གསོ་བའི་ཕྱིར། །རྟག་ཏུ་གཡོ་སྒྱུ་སྤྱོད་པས་ན། །ལུས་དང་ངག་གི་མི་དགེ་ལས། །ཡང་ནས་ཡང་དུ་འཕེལ་བར་བྱེད། །གལ་ཏེ་སྦྱིན་བདག་དད་པ་ཡིས། །དད་པའི་སེམས་ཀྱིས་མཆོད་ན་ཡང་། །ལེ་ལོ་སྙོམ་ལས་དབང་གིས་ནི། །དེ་ཡི་བསོད་ནམས་འབྲི་བར་བྱེད། །
Vol. 40 · folio 223a
སྐྱེས་བུ་བླུན་པོ་དེ་དག་ནི། །རྟག་ཏུ་མི་དགེ་འདོད་བསྐྱེད་པས། །སྟོང་པ་ཉིད་ཀྱི་ཆོས་འདི་ལ། །རྗེས་འཐུན་བཟོད་སེམས་འཐོབ་མི་འགྱུར། །གང་དག་ང་ཡི་བསྟན་པ་ལས། །ཉེས་དམིགས་དེ་དག་རབ་སྤངས་ནས། །ནན་ཏན་བག་ཡོད་སྒྲུབ་བྱེད་ན། །ཆོས་འདི་ཐོས་པར་དཀའ་མི་
འགྱུར། །རྙེད་པ་དང་ནི་མི་རྙེད་དང་། །བསྟོད་སྨད་སྡུག་བསྔལ་བདེ་ལ་སོགས། །འཇིག་རྟེན་ཆོས་ཀྱིས་མི་གཡོས་པ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །ལུས་ལ་མི་གཙང་འདུ་ཤེས་དང་། །ཕུང་པོ་རྨ་ཡི་འདུ་ཤེས་དང་། །ཟས་ནི་རྨ་བསྐུས་འདུ་ཤེས་པ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །
གོས་བཟང་དག་ནི་ཐོབ་གྱུར་ཀྱང་། །དྲེགས་པ་དག་ནི་མི་སྐྱེད་ཅིང་། །ངོ་ཚ་དགབ་པའི་ཕྱིར་གྱོན་པ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །གཟུགས་དང་སྟོབས་ནི་མི་སྙེམས་ཤིང་། །ཟས་ལ་ཆགས་པ་མེད་པ་དང་། །སྲོག་གནས་ཕྱིར་ནི་གང་ཟ་བ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །སྲེད་པ་
རྣམས་ནི་སྟོང་ཤེས་ནས། །འདོད་པ་དག་ལ་བླང་དོར་མེད། །རྟག་ཏུ་སྟོང་དབེན་གང་སྤྱོད་པ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །དཔག་ཚད་གཅིག་འདས་རི་ཁྲོད་དུ། །གཅིག་པུ་འདུག་ནས་མཉམ་བཞག་ཅིང་། །འདུས་བྱས་བདག་མེད་གང་རྟོགས་པ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །
མི་ཟད་སྐྱེ་བའི་མཐའ་དག་དང་། མིག་འཇུག་མཚན་ཉིད་རྟོགས་བྱེད་ཅིང་། །མིག་གཙང་ལམ་ནི་རབ་སྒྲུབ་པ། །ཆོས་འདི་ཐོབ་པར་དཀའ་མི་འགྱུར། །རྣ་བ་སྣ་ལྕེ་ལུས་དང་ཡིད། །གཟུགས་སྒྲ་དྲི་རོ་རེག་བྱ་ནས། །སྒྲ་དང་མིང་གི་བར་དུ་ཡང་། །ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ། །དེ་བཞིན་མ་
འོངས་དུས་ཀྱི་ཚེ། །དགེ་སློང་དག་ནི་ཚད་མེད་སྙེད། །བརྩོན་པ་དང་ནི་ལེ་ལོ་ཅན། །ཐམས་ཅད་དེ་བཞིན་ཤེས་པར་གྱིས། །དགེ་དང་མི་དགེའི་གྲོགས་པོ་དག །སྒྲུབ་པ་དང་ནི་མི་སྒྲུབ་པ། །ཡིད་ཆེས་པ་དང་ཡིད་མི་ཆེས། །ཐམས་ཅད་དེ་བཞིན་ཤེས་པར་གྱིས། །དགེ་དང་མི་དགེའི་གྲོགས་པོ་དག །
མིག་ཟད་ལམ་ནི་གང་ཡིན་པ། །སྒྲུབ་པ་དང་ནི་མི་སྒྲུབ་པ། །ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གང་ཞིག་བྱང་ཆུབ་རབ་མོས་ཤིང་། །ཟླ་གཅིག་གཉིས་གསུམ་འདས་ནས་ནི། །དུས་གཞན་ཕྱིར་ནི་གང་ལྡོག་པ། །ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གང་ཞིག་ཆོས་འདི་ཐོས་གྱུར་ནས། །མོས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words