འདུལ་བ་ཕྲན་ཚེགས་ཀྱི་གཞི

Sanskrit title (Tibetan script, as in the text) བི་ན་ཡ་ཀྵུ་དྲ་ཀ་བསྟུ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 10 · folio 56b

ཅུང་ཟད་ཡོད་དམ་སྙམ་པ་དང་། ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་པ་དང་། བདག་ཁོ་ན་ལ་སྟེ། དེས་འདམ་ནས་ཕྱུང་ནས་ལག་པས་ཕྱིས་སོ། །དེ་ནས་བཞིན་བཟངས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་

བའོ་ཞེས་ཆོས་ཚིག་གསུམ་བཤད་དེ་ང་ལ་དད་པར་ཡང་གྱིས་ཤིག་དང་། དེ་ལྟ་ན་བྱོལ་སོང་གི་སྐྱེ་གནས་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་སྨྲས་ནས་སོང་ངོ་། །དེ་ཡང་ཝ་དག་གིས་ཟོས་པ་དང་། དེ་ཝ་དག་གིས་ཟ་བའི་ཚེ་བསམས་པ། གལ་ཏེ་འཕགས་པ་དེ་འདིར་མ་ཕྱིན་ན་བདག་འདི་

འདྲ་བའི་གནས་སྐབས་སུ་མི་འགྱུར་རོ་སྙམ་ནས། དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་མངོན་པར་དང་བར་བྱས་ནས་དུས་ལས་འདས་ཏེ། མཉན་ཡོད་ན་བྲམ་ཟེ་ལས་དྲུག་ལ་བརྩོན་པའི་རིགས་ཞིག་ཏུ་སྐྱེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་གླང་དེའི་གནས་སྐབས་དེ་ཇི་ལྟ་བུ་ཞིག་ཡིན་བསམས་པ་

དང་། ཇི་ཙམ་ན་དུས་ལས་འདས་པར་མཐོང་ངོ་། །ཡང་གར་སྐྱེས་བསམས་པ་དང་། མཉན་ཡོད་ཉིད་དུ་བྲམ་ཟེ་ལས་དྲུག་ལ་བརྩོན་པའི་རིགས་སུ་སྐྱེས་པར་མཐོང་ནས་དེ་ཁྱིམ་དེར་ཡང་དང་ཡང་དུ་སོང་ཞིང་དེས་བྲམ་ཟེ་དེ་ཆུང་མ་དང་བཅས་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་

བཀོད་དོ། །དེ་དུས་གཞན་ཞིག་ན་ཕྱི་བཞིན་འབྲང་བའི་དགེ་ཚུལ་མེད་པར་སོང་བ་དང་། བྲམ་ཟེ་དེས་སྨྲས་པ། འཕགས་པ་ཅི་ཕྱི་བཞིན་འབྲང་བའི་དགེ་ཚུལ་མི་མངའ་འམ། དེས་སྨྲས་པ། བཞིན་བཟངས་ཅི་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་ཚུལ་དག་རྩྭ་ཀུ་ཤ་ལས་བཟུང་བ་འམ། རྩྭ་ཀུ་ཤ་

ལ་བཟུང་བས་འབྱུང་ངམ། ཁྱོད་ལྟ་བུ་ལས་རྙེད་པ་གང་ཡིན་པ་དེ་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་ཚུལ་དུ་འགྱུར་མོད། འཕགས་པ་བདག་གི་མཆིས་འབྲང་འདི་ལ་སེམས་ཅན་ཞུགས་ཏེ་གལ་ཏེ་ཁྱེའུར་བཙས་ན་དེ་ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་ཚུལ་བགྱིའོ། །བཞིན་བཟངས་ནད་མེད་ཅིག་བླངས་སོ་ཞེས་

སྨྲས་ནས་སོང་ངོ་། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་བུ་བ་ལང་གི་ཤ་ཚུགས་ལྟ་བུ་ཞིག་བཙས་པ་དང་། དེའི་ཉེ་དུ་རྣམས་ལྷགས་ཏེ་འདུས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ། ཁྱེའུའི་མིང་ཅིར་གདགས། ཉེ་དུ་རྣམས་ཀྱིས་

Vol. 10 · folio 57a

སྨྲས་པ། གང་གི་ཕྱིར་ཁྱེའུ་འདི་ཤ་ཚུགས་བ་ལང་དང་འདྲ་བའི་དེའི་ཕྱིར་ཁྱེའུའི་མིང་བ་ལང་བདག་ཏུ་གདགས་སོ་ཞེས་མིང་བ་ལང་བདག་ཅེས་བྱ་བར་བཏགས་སོ། །དེ་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་པ་དང་། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་

ལྷུང་བཟེད་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་དེས་བྲམ་ཟེ་དེའི་ཁྱིམ་དུ་ཕྱིན་པ་དང་། བྲམ་ཟེ་དེས་བྱོན་པ་ལེགས་སོ་ཞེས་བྱ་བའི་སྨྲ་བ་ཀུན་དུ་སྤྱད་ནས་རྐང་པ་ལ་ཕྱག་བྱས་སོ། །ཆུང་མས་ཀྱང་དེ་ལ་བཟའ་བ་དང་བཅའ་བ་གཙང་

ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་གདོང་དུ་ལྟ་ནས་དེས་བྲམ་ཟེ་ལ་བརྡ་བྱས་པ་དང་། དེས་ཁྱེའུ་དེ་ལ་སྨྲས་པ། བུ་ཁྱོད་ངས་མ་བཙས་པ་ནས་འཕགས་པ་ཤཱ་རིའི་བུའི་ཕྱི་བཞིན་འབྲང་བའི་དགེ་ཚུལ་དུ་ཕུལ་གྱིས་འཕགས་པ་དང་ལྷན་ཅིག་སོང་ཤིག །སེམས་

ཅན་དེ་སྲིད་པ་ཐ་མ་པ་ཞིག་སྟེ། དེའི་ཕྱི་བཞིན་སོང་བ་དང་། དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ། གདམས་ངག་བྱིན་ནོ། །དེས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་། མི་གཡོ་བ་ཆ་ལྔ་པ་འདི་ཉིད་རྟོགས་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཆོས་ཉིད་ཀྱིས་

འཇིག་པ་ལྟུང་བ། འགྱེས་པ། རྣམ་པར་འཇིག་པའི་ཆོས་ཅན་དུ་བསྒོམས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། སེམས་གསེར་དང་བོང་བར་མཚུངས་པ། ཙན་དན་དང་སྟེའུར་འདྲ་བ། ནམ་མཁའ་

དང་ལག་མཐིལ་དུ་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་ལ་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་། ཕྱག་

བྱ་བ་དང་། གུས་པར་སྨྲ་བར་བྱ་བའི་དགྲ་བཅོམ་པར་གྱུར་ཏོ། །དེ་ལ་ལས་ལས་སྐྱེས་པའི་མིད་པ་གཉིས་ཡོད་དེ། གཅིག་ནས་ནི་སྐྱུགས་པ་འབྱིན་ཏོ། །ཅིག་ཤོས་ནས་ནི་མིད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་ཀྱི་བསླབ་པ་མ་བཅས་པ་དེའི་ཚེ་ནི་བསྐྱུགས་ཤིང་

Vol. 10 · folio 57b

མིད་དོ། །གང་གི་ཚེ་བཅས་པ་དེའི་ཚེ་ནི་བསྐྱུགས་ཤིང་འདོར་བས་དེ་ལུས་རྐེ། ཉམ་ཆུང་། ཤིག་ཤིག་པོ། རོད་ཉམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་

དགའ་བོ་བ་ལང་བདག་ཅིའི་ཕྱིར་ལུས་རྐེ། ཉམ་ཆུང་། ཤིག་ཤིག་པོ། རོད་ཉམས་པར་གྱུར། དེས་ཇི་ལྟར་གྱུར་པ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་མིད་པ་གཉིས་གྲུབ་པ་དེས་སྐྱུགས་པ་ལན་གཉིས་

སམ། གསུམ་བོར་ཏེ་ཁ་བཀྲུས་ནས་ལྷག་མ་མིད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་རྣམས་ཟས་ཟོས་ནས་བསྐྱུགས་ཏེ་དེ་དག་འགྱོད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་གཞན་ཞིག་ཟན་ཟོས་ཏེ་སྐྱུགས་ན་དེས་ཁ་བཀྲུ་བར་བྱ་སྟེ། འདི་

ལ་འགྱོད་པར་མི་བྱའོ། །གང་གི་ཚེ་ཚེ་དང་ལྡན་པ་བ་ལང་བདག་རབ་ཏུ་བྱུང་བ་དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་སྨོད། ཁ་ཟེར་ཞིང་དགེ་སྦྱོང་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ཉམས་ཤིང་ཚངས་པའི་ཚུལ་ཉམས་ཏེ། ད་ནི་བ་ལང་བདག་ལ་སོགས་པ་འཇིགས་འཇིགས་ལྟ་

རྣམས་ཀྱང་རབ་ཏུ་འབྱིན་ཏོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་སྐྱེ་བོའི་ཚོགས་ཕལ་པོ་ཆེ་མ་དད་པར་བྱེད་ཀྱིས། དེ་ལྟ་བས་ན་བ་ལང་བདག་ཡུལ་དབུས་སུ་གནས་སུ་མི་

གཞུག་གོ་སྙམ་ནས། ཚེ་དང་ལྡན་པ་བ་ལང་བདག་ལ་བཀའ་སྩལ་པ། བ་ལང་བདག་ཁྱོད་དེང་ཕྱིན་ཆད་ཡུལ་དབུས་ན་མ་གནས་པར་མཐའ་འཁོབ་ཀྱི་གནས་མལ་དག་སྟེན་ཅིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་བ་ལང་བདག་གིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་མཉན་

ཡོད་ནས་མི་སྣང་བར་གྱུར་ཏེ། ཤིང་ཤིར་ཤ་ཀའི་གཞལ་མེད་ཁང་སྟོང་པར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ་སློང་བ་ལང་

Vol. 10 · folio 58a

བདག་འདི་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་བ་ལང་བདག་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཤ་ཚུགས་བ་ལང་ལྟ་བུར་གྱུར་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བ་ལང་བདག་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། ཆུ་བོ་བཞིན་ཉེ་བར་གནས་པ་ངེས་པར་མྱོང་བར་འགྱུར་བ་ཡིན་ཏེ། བ་ལང་བདག་ཉིད་ཀྱིས་བྱས་པའི་ལས་རྣམས་གཞན་སུ་ཞིག་གིས་མྱོང་བར་

འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། སྐྱེ་

མཆེད་དང་། ཁམས་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་

ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ་དེའི་

བསྟན་པ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏོ། །དགེ་སློང་གང་གིས་རབ་ཏུ་བྱུང་བ་དེ་རྒས་འཁོགས་ཉམ་ཆུང་བ་ཞིག་སྟེ། དེས་དེའི་ལྷུང་བཟེད་འཁྲུ་བ་ན་དགེ་སློང་གཞན་ཞིག་དང་ལྷན་ཅིག་ཁ་ཏོན་ཟེར་བ་ལས་རིང་ཞིག་ཐོགས་ནས་དེའི་མཁན་པོ་དེས་རང་དགར་ཟན་ཟོས་པ་དང་། དེ་ཁ་ཏོན་ལ་ཆགས་པས་མཁན་

པོ་དེ་ལས་འཕྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཟན་ཟོས་ནས་བདག་ཉིད་ཀྱི་ལྷུང་བཟེད་བཀྲུས་ཏེ་མཁན་པོའི་དྲུང་དུ་སོང་བ་དང་། ད་དུང་ཟན་ཟ་བ་མཐོང་ནས་དེ་ཀུན་ནས་དཀྲིས་པས་སྨྲས་པ། མཁན་པོ་ཅི་ཁྱོད་གླང་རྒན་བཞིན་དུ་ལྡད་ཅིང་བཞུགས་སམ། དེས་བསམས་པ། འདི་ཀུན་ནས་

Vol. 10 · folio 58b

དཀྲིས་པས་གལ་ཏེ་ཅུང་ཟད་ཅིག་སྨྲས་ན། ཇེ་ཐུ་བར་འཁྲུག་པ་སྐྱེད་པར་འགྱུར་གྱིས་གང་གི་ཚེ་འདི་ཀུན་ནས་དཀྲིས་པ་དང་བྲལ་བ་དེའི་ཚེ་དྲི་བར་བྱའོ་སྙམ་ནས། དེས་དེ་ཀུན་ནས་དཀྲིས་པ་དང་བྲལ་བ་དང་སྨྲས་པ། ཚེ་དང་ལྡན་པ་ཅི་ཟེར། དེས་སྨྲས་པ། ཁྱོད་གླང་རྒན་བཞིན་ལྡད་དམ་ཞེས་དེ་སྐད་

མཆི་མོད། དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ང་སུ་ཡིན་ཤེས་སམ། འཚལ་ཏེ་ཁྱོད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བ་ལགས་ལ། བདག་ཀྱང་དེ་ཁོ་ནའི་གསུང་རབ་ལ་རབ་ཏུ་བྱུང་བ་ལགས་སོ། །དེས་སྨྲས་པ། དེ་ནི་དེ་ལྟ་

ཡིན་ཏེ་བདེན་ན་འོན་ཀྱང་རབ་ཏུ་བྱུང་བས་བྱ་བ་འམ་བྱེད་པ་གང་ཡིན་པ་དེ་ངས་བྱས་ཏེ། དེ་ལྟ་བས་ན་ང་ནི་འཆིང་བ་ཐམས་ཅད་ལས་གྲོལ་བ་ཡིན། ཁྱོད་ནི་འཆིང་བ་མཐའ་དག་གིས་བཅིངས་པ་ཡིན་ན་ཁྱོད་ཀྱིས་ངག་གི་ལས་རྩུབ་མོ་སྨྲས་ཀྱིས། ཁྱོད་ཀྱིས་ལས་དེ་ཅི་ནས་ཀྱང་བསྲབས་པ་

ཉིད་དང་། ཡོངས་སུ་ཟད་པ་ཉིད་དང་། ཡོངས་སུ་གཏུགས་པར་འགྱུར་བར་ཉེས་པ་ལ་ཉེས་པར་ཤོགས་ཤིག །དེས་ཉེས་པ་ལ་ཉེས་པར་བཤགས་སོ། །གང་འདིས་དགེ་སློང་དགྲ་བཅོམ་པ་ལ་གླང་རྒན་ཞེས་བྱ་བའི་སྨྲ་བ་ཀུན་དུ་སྤྱོད་པ་ཀུན་དུ་སྤྱད་པའི་ལས་དེའི་རྣམ་པར་སྨིན་པས་

ཚེ་རབས་ལྔ་བརྒྱར་བ་ལང་གི་སྐྱེ་གནས་སུ་སྐྱེས་སོ། །ལས་ཀྱི་ལྷག་མ་དེ་ཉིད་ཀྱིས་ད་ལྟར་ཤ་ཚུགས་བ་ལང་ལྟ་བུར་སྐྱེས་སོ། །ཡང་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་བ་ལང་བདག་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་

སྨིན་པས། བཅོམ་ལྡན་འདས་ཀྱིས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་ལུང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་སྨོན་ལམ་བཏབ་ལགས། འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དེ་ཁོ་ནའི་

གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་ཏོ། །གང་གི་ཐད་དུ་རབ་ཏུ་བྱུང་བ་དེ་ནི་བཅོམ་ལྡན་འདས་འོད་སྲུང་གིས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་ལུང་བསྟན་ཏོ། །དེ་ན་

Vol. 10 · folio 59a

འདིས་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་གི་ཐད་དུ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་གྱིས། དགེ་བའི་རྩ་བ་འདིས་བདག་བཅོམ་

ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེའི་གསུང་རབ་

ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཞིང་། ཇི་ལྟར་བདག་གིས་མཁན་པོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་བསྟན་པ་དེ་བཞིན་

དུ་བདག་ཀྱང་ཤཱཀྱའི་རྒྱལ་པོ་ཤཱཀྱ་ཐུབ་པ་དེས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་སྟོན་པར་གྱུར་ཅིག །སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་

ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་དག་ལ་བརྩལ་བར་བྱ་སྟེ།

དགེ་སློང་དག་གིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་འདི་བྱིན་ཅིག །འདི་ལས་བྱིན་ཅིག་ཅེས་འདམ་ཞིང་འདམ་ཞིང་ཟས་ཟ་བ་དང་འདྲིམ་པ་འཁྲུགས་པར་

གྱུར་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་བདམས་ཤིང་ཟས་བཟའ་བར་མི་བྱ་སྟེ། ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་

Vol. 10 · folio 59b

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་ཟས་ཟ་བ་ན་ལྷུང་བཟེད་བཟེད་པ་ལས་དེ་ལྷུང་བཟེད་ཀྱི་གཞིའི་སྟེང་དུ་ལྷུང་ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་དུ་ལྷུང་ནས་དེ་རྣམས་འགྱོད་དེ་མི་ཟ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྷུང་བཟེད་བཟེད་པ་ལས་ལྷུང་བཟེད་ཀྱི་གཞིའི་སྟེང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ། ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་ཀྱི་ནང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ། ལྷུང་བཟེད་བཟེད་པ་ལས་ལྷུང་བཟེད་ཀྱི་ནང་དུ་ལྷུང་ན་བྱིན་

ལེན་བྱས་པ་ཞེས་བྱ། ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་ཀྱི་གཞིའི་ནང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ་སྟེ། འོན་ཀྱང་བྱིན་ལེན་གྱི་སེམས་ནི་ཉེ་བར་གཞག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་

བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བོ་ཁར་བའི་མགར་བའི་དྲུང་དུ་སོང་ནས་དེས་སྨྲས་པ། བཞིན་བཟངས་ཁར་བའི་ལྷུང་བཟེད་ཅིག་བྱ་ན་ནུས་སམ། དེས་སྨྲས་པ། འཕགས་པ་འདི་ཉིད་བདག་གི་བཟོ་ལགས་ཀྱིས་ཚད་ཇི་ཙམ་ཞིག་བགྱི། ཆེན་པོར་བྱའོ། །འཕགས་པ་ཁྱོད་

ལ་ཁར་བའི་ལྷུང་བཟེད་ཆེན་པོ་ཅི་འཚལ། བཀྲེན་པ་ཁྱོད་ཅི་རིན་མེད་པར་བྱེད་དུ་འཇུག་སྙམ་མམ། རིན་ཐང་སྦྱིན་གྱིས་བྱོས་ཤིག །དེས་བསམས་པ། འདི་ལ་བདག་གི་ཁར་བ་ཅི་ཞིག་འགོད་བྱའོ་སྙམ་ནས་དེས་དེའི་ཁར་བའི་ལྷུང་བཟེད་ཆེན་པོ་ཞིག་བྱས་སོ། །དེས་སྨྲས་པ། གང་

འདིའི་ནང་དུ་ཆུད་པ་གཞན་ཞིག་ཀྱང་གྱིས་ཤིག །དེས་གཞན་ཡང་བྱས་སོ། །དེ་བཞིན་དུ་གཞན་གང་ཡིན་པ་བདུན་པའི་བར་དུ་བྱས་ནས་དེ་རྣམས་ཚེ་དང་ལྡན་པ་ཉེ་དགའ་བོས་དགེ་ཚུལ་འཁྲུར་བཅུག་སྟེ། ཚོན་སྣ་ལྔ་པའི་སྐུད་པ་ལས་དྲ་བ་བྱེད་དུ་བཅུག་ནས་དེ་རྣམས་དེར་བཅུག་སྟེ།

གོ་རིམས་བཤམས་ནས་དགེ་ཚུལ་གྱི་མགོ་ལ་བསྐུར་ཏེ་གང་དུ་མགྲོན་དུ་བོས་པ་དེར་འགྲོའོ། །སོན་ནས་དེ་དག་བཀྲམ་སྟེ་འདུག་པ་དང་། ཁྱིམ་བདག་དང་བྲམ་ཟེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཅི་ཁྱོད་ཀྱིས་ཁར་བའི་མགར་བའི་ཟོང་བཀྲམ་མམ། དེས་སྨྲས་པ། བཀྲེན་པ་

Vol. 10 · folio 60a

ཁྱེད་ཅི་ཤེས། འདིར་ནི་རེ་ཞིག་ཕྱེ་དག་བླང་ངོ་། །འདིར་ནི་སྣུམ་ཁུར་དག་གོ། །འདིར་ནི་འབྲས་ཆན་དག་གོ། །གཞན་རྣམས་སུ་ནི་ཚོད་མ་དག་བླང་ངོ་། །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཀོ་རེས་འགའ་ཚོད་མ་མང་པོ་དག་འབྱུང་བས་གཞན་དག་དང་

གཞན་དག་ཀྱང་ཉེ་བར་གཞག་དགོས་སོ་ཞེས་བྱས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་ཁར་བའི་ལྷུང་བཟེད་འཆང་བ་ལས་གྱུར་

གྱིས་དེ་ལྟ་བས་ན་དགེ་སློང་གིས་ཁར་བའི་ལྷུང་བཟེད་བཅང་བར་མི་བྱའོ། །འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁ་གཟར་དང་། ཚྭ་ཁུག་དང་། ཕུལ་བའི་བཏུང་ཕོར་ནི་མ་གཏོགས་སོ།། །།སྡོམ་ནི། རྐང་པ་བཀྲུ་བ་བཀག་པ་དང་། །ཤོལ་ཟངས་དག་ནི་གནང་བ་དང་། །དེ་བཞིན་བསིལ་

ཡབ་ཉིད་དང་ནི། །སྦྲང་མ་རྣམས་ལ་གཡབ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་བབ་བབ་ཏུ་རྐང་པ་འཁྲུ་བ་དེར་སྦྲང་བུ་དག་གིས་གང་བར་འདུག་གོ། །ཇི་ཙམ་ན་བྲམ་ཟེ་དང་

ཁྱིམ་བདག་གཙུག་ལག་ཁང་ལྟར་འོངས་པ་དེ་དག་གིས་མཐོང་ནས་སྨྲས་པ། འཕགས་པ་སྦྲང་བུ་ཟ་ཟི་མཆི་བས་གང་བའི་ཕྱོགས་འདི་ཅི་ཞིག །དགེ་སློང་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་འདིར་རྐང་པ་བཀྲུས་སོ། །དེ་དག་འཕྱ་སྟེ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་གཙང་

སྦྲ་མེད་དེ་བབ་བབ་ཏུ་རྐང་པ་འཁྲུའོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བབ་བབ་ཏུ་བཀྲུ་བར་མི་བྱའི། འོན་ཀྱང་གནས་ཁང་གི་སྟེང་ཤར་ལྷོའི་མཚམས་སུ་རྐང་པ་བཀྲུ་བའི་གནས་བྱའོ། །བཅོམ་ལྡན་

འདས་ཀྱིས་རྐང་པ་བཀྲུ་བའི་གནས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་ཇི་ལྟ་བུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུ་སྦལ་ལྟ་བུར་བྱའོ། །རབ་ཏུ་འཇམ་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩུབ་པོར་བྱའོ། །དགེ་སློང་རྒས་

Vol. 10 · folio 60b

པ་འཁོགས་པ་ཉམ་ཆུང་བ་དེ་དག་ཕྱོགས་དེར་འགྲོ་མི་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་གྱོ་མོ་ཉེ་བར་གཞག་པར་བྱའོ། །དགེ་སློང་རྣམས་གྱོ་མོར་འཁྲུ་བ་ན་དེ་ཆག་ནས་ཇི་མ་རུང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོལ་ཟངས་ཉེ་བར་གཞག་

པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤོལ་ཟངས་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཤོལ་ཟངས་དག་ཉེ་བར་བཞག་གོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་འདི་ཅི་ཞིག །

དེ་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་ཤོལ་ཟངས་གནང་ངོ་། །འཕགས་པ་ཅི་དགེ་སྦྱོང་ཁྱེད་འདོད་པའི་ཡོན་ཏན་དག་གིས་གནོད་དམ། དེ་དག་གིས་སྨྲས་པ། ཁྱེད་ཀྱི་མགྲིན་པར་རྡོག་པས་མནན་ཏོ། །དེ་དག་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུརྱ་ལས་བྱས་པའི་ཤོལ་ཟངས་དག་ཉེ་བར་གཞག་པར་མི་བྱ་སྟེ། འོན་ཀྱང་འཇིམ་པ་ལས་བྱས་པའི་ཤོལ་ཟངས་ཉེ་བར་གཞག་པར་བྱའོ། །རྔ་མོ་ལྟ་བུ་ཉེ་བར་གཞག་པ་དང་། དེ་ལྡེག་ནས་བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་རྐང་པ་ལྟ་བུར་བྱ་ཞིང་དེའི་དབུས་སུ་འབུར་ཀ་དམ་པའི་མེ་ཏོག་ལྟ་བུར་བྱའོ། །ཤིན་ཏུ་འཇམ་པོར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩུབ་པོར་བྱའོ། །དགེ་སློང་རྣམས་ཤོལ་ཟངས་བབ་བབ་ཏུ་འཇོག་ནས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ནི་ཁང་ཏོག་ཏུ་ཁས་ཕུབ་ལ་ཞོག་ཅིག །གང་ཟག་དག་གི་ནི་གནས་ཁང་གི་སྒོ་ལྐོག་ཏུ་ཞོག་ཅིག །སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀཽ་ཤཱམྦཱི་ན་སྒྲ་ལེན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དཔྱིད་ཀྱི་དུས་ལ་བབ་ནས་དགེ་སློང་རྣམས་ཚ་བས་རྨྱ་སྟེ། དེ་དག་

ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རྐེ། ཉམ་ཆུང་། ཤིག་ཤིག་པོ། རོད་ཉམས་པར་གྱུར་པ་ཁྱིམ་བདག་དང་། བྲམ་ཟེ་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་ཁྱེད་ཅིའི་སླད་དུ་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རྐེ། ཉམ་ཆུང་ཤིག་ཤིག་པོ། རོད་ཉམས་པར་གྱུར། དེ་དག་གིས་

Vol. 10 · folio 61a

ཇི་ལྟར་གྱུར་པ་བསྙད་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་ཁྱེད་བསིལ་ཡབ་མི་འཆང་ངམ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་བསིལ་ཡབ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བསིལ་ཡབ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་ཡུ་བ་གསེར་དང་། དངུལ་དང་། ཤེལ་དང་།

བཻ་ཌཱུརྱ་ལས་བྱས་པ་བསྲུབས་པ། བཀྲ་བ་དང་། ཉེ་བར་བཀྲ་བའི་ཡུ་བ་ཅན་གྱི་བསིལ་ཡབ་དག་བཅངས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཞེས་བྱ་བ་ནས། ཁྱེད་ཀྱི་མགྲིན་པ་རྡོག་པས་མནན་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་དག་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུ་བ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པ་བསྲུབས་པ་བཀྲ་བ་དང་། ཉེ་བར་བཀྲ་བའི་ཡུ་བ་ཅན་གྱི་བསིལ་ཡབ་དག་ཉེ་བར་གཞག་པར་མི་བྱའི། འོན་ཀྱང་བསིལ་ཡབ་གཉིས་པོ་རྩྭ་བ་རུ་ཏ་

ལས་བྱས་པ་དང་། ཤིང་ཏ་ལའི་འདབ་མ་བཅང་བར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་སློང་རྣམས་ལ་བསིལ་ཡབ་རྣམ་པ་སྣ་ཚོགས་འབུལ་བ་ན་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་འདུན་གྱི་ཕྱིར་བཅང་བར་

བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དགེ་སློང་རྣམས་ལ་སྦྲང་མ་དག་ཟ་སྟེ། དེ་དག་གི་ལུས་སྦྲང་མས་ཟོས་པས་འབྲུམ་བུས་གང་སྟེ། དེ་དག་གིས་ཡང་དང་ཡང་དུ་ཕྲུགས་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་

སྨྲས་པ། འཕགས་པ་དག་ཁྱེད་ཅིའི་ཕྱིར་ལུས་འདི་ལྟར་འབྲུམ་བུས་གང་། དེ་དག་གིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་ཁྱེད་སྦྲང་ཡབ་མི་འཆང་ངམ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ནི་ཐུགས་

Vol. 10 · folio 61b

རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྦྲང་ཡབ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྦྲང་ཡབ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་

སྡེ་རྣམས་ཀྱིས་ཡུ་བ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པ་དང་། རྔ་མ་ལས་བྱས་པའི་སྦྲང་ཡབ་དག་ཉེ་བར་གཞག་པ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྦྲང་ཡབ་ནི་ལྔ་སྟེ། བལ་ལས་བྱས་པ་དང་། ཤ་ན་ལས་བྱས་པ་

དང་། རས་བལ་ལས་བྱས་པ་དང་། རས་མ་དང་། ལོ་མ་སྦམས་པའོ།། །།སྡོམ་ནི། གོས་མདུད་པ་དང་ལུས་དང་ནི། །ཁར་བ་དྲ་བ་འཆང་བ་དང་། །སྒོག་སྐྱ་དག་ནི་བཀག་པ་དང་། །ནད་པ་ལ་ནི་གནང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་སྟོངས་མོ་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ན་དགེ་སློང་གཅིག་སྐས་ལ་འཛེག་པ་ན་འོག་ན་ཤིང་མཁན་ཞིག་འདུག་པ་དེས་དེ་མདོམས་དང་བ་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་སྐྱེས་པའི་དབང་པོ་དང་ལྡན་

པས་བདག་གིས་ཕོ་ལགས་པར་གདོད་འཚལ་ལོ། །དེ་གནོང་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་གོས་མདུད་པ་མ་བོར་བ་ཉིད་དུ་སྐས་ལ་འཛེག་པ་ལས་

གྱུར་གྱིས་དེའི་ཕྱིར་དགེ་སློང་མཁར་ལེན་བྱེད་པ་གོས་མདུད་པ་བོར་ནས་མཁར་ལེན་བྱེད་དུ་གཞུག་གོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་སྟོངས་མོ་བྱེད་པས་གོས་མདུད་པ་བོར་ནས་མཁར་ལེན་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་

གོས་མདུད་པ་བོར་ནས་མཁར་ལེན་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་གོས་མདུད་པ་བོར་ནས་མཁར་ལེན་བྱེད་པ་ན་མ་དད་པ་རྣམས་འཕྱ་སྟེ། འཕགས་པ་ཅི་སྟོབས་འགྱེད་དམ། དེ་དག་གིས་སྨྲས་པ། བཞིན་བཟངས་དག་མཁར་ལེན་བྱེད་དོ། །དེ་དག་ཅང་མི་སྨྲ་བར་འདུག་པའི་

Vol. 10 · folio 62a

སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་སྐས་ལ་འཛེག་པ་དེ་དག་གིས་མདུད་པ་བོར་བར་བྱའི་གཞན་དག་གིས་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ལུས་ཀྱིས་ཁུར་ཁྱེར་བ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་འཕྱ་སྟེ། འཕགས་པ་བདག་ཅག་ནི་རེ་ཞིག་ཕ་མ་དང་བུ་དང་ཆུང་མའི་སླད་དུ་ཁུར་ཐོགས་ན་ཁྱེད་སུའི་སླད་དུ་ལུས་ཀྱིས་ཁུར་བསྣམས། དེ་དག་གིས་སྨྲས་

པ། བཞིན་བཟངས་དག་བདག་ཅག་ལ་ཡང་སྟོན་པ་མཆོད་པ་དང་། དགེ་འདུན་བཤོས་གསོལ་བ་དང་། ནད་པ་རྣམས་ཀྱི་རིམ་གྲོ་དང་། བྱ་བ་མང་པོ་ཡོད་དོ། །དེ་དག་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ལུས་ཀྱིས་ཁུར་བཀུར་བར་མི་བྱའོ། །ཁྱེར་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དགེ་སློང་རྣམས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེག་ཅིང་འབབ་པ་ན་དེ་དག་གྲེད་ཅིང་རྡེག་

འཆོས་ཏེ་སྣད་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། དེ་ལྟ་བས་ན་དགེ་སློང་རྣམས་ཀྱི་ཁར་བ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཁར་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་

དང་། དྲུག་སྡེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཁར་བ་བསྲུབས་པ། བཀྲ་བ་ཉེ་བར་བཀྲ་བ་དག་བཅངས་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་གཉིས་ཀྱིས་ཁར་བ་བཅང་བར་བྱ་སྟེ། རྒན་པོ་རྒས་ཏེ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་ནུས་པས་སོ། །བཅོམ་ལྡན་འདས་ཀྱིས་གཉིས་ཀྱིས་ཁར་བ་བཅང་བར་བྱ་སྟེ། རྒན་པོ་རྒས་ཏེ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པས་སོ་ཞེས་བཀའ་སྩལ་པ་

Vol. 10 · folio 62b

དང་། རྒན་པོར་གཏོགས་པ་དང་། ནད་པར་གཏོགས་པ་རྣམས་ཀྱང་ཁར་བ་འཆང་བ་ལ་ཞུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པོ་དང་ནད་པས་དགེ་འདུན་ལ་ཁར་བའི་སྡོམ་པ་གསོལ་བར་བྱ་ཞིང་། གང་ལ་དགེ་འདུན་གྱིས་ཁར་བའི་སྡོམ་པ་བྱིན་པ་དེས་ཁར་བ་བཅང་བར་

བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པས་རྒན་པའི་མཐར་ཙོག་ཙོག་པོར་འདུག་ལ་ཐལ་མོ་

སྦྱར་ཏེ་འདི་སྐད་ཅེས་སྨྲ་བར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ་ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁར་བའི་སྡོམ་པ་གསོལ་ན། དགེ་འདུན་ཐུགས་བརྩེ་བ་ཅན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་

བཟུང་སྟེ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་

པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ཁར་བའི་སྡོམ་པ་གསོལ་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་

དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་པའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་

པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁར་བའི་སྡོམ་པ་གསོལ་ཏེ། དེའི་སླད་དུ་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་

Vol. 10 · folio 63a

མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་

བའི་སྡོམ་པ་སྩལ་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་ལ་དགེ་འདུན་གྱིས་ཁར་བའི་སྡོམ་པ་བྱིན་པ་དེས་ཁར་བ་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་དྲུག་པ། སངས་རྒྱས་བཅོམ་ལྡན་འདས་

རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་། རླུང་ནད་ཅན་རྣམས་བྱ་རྒོད་ཕུང་པོའི་རི་ལ་འཛེག་པ་དང་། འབབ་པ་ན་གྲེད་ཅིད་རྡེག་འཆོས་ནས་སྣད་པར་ཡང་གྱུར། བྱ་མ་བུམ་དང་། རིལ་བ་སྤྱི་བླུགས་དག་ཀྱང་ཆག་གོ། །སྐབས་དེ་དགེ་

སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དྲ་བ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དྲ་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་ཚོན་སྣ་ལྔ་པའི་སྐུད་པ་ལས་བྱས་

པའི་དྲ་བ་བཅངས་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བར་བྱེད་དོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སྣ་ལྔ་པའི་སྐུད་པ་ལས་བྱས་པའི་དྲ་བ་བཅང་བར་མི་བྱའི་འོན་ཀྱང་ཚོན་སྣ་གཅིག་པ་ལས་བྱས་

པའོ། །བཅོམ་ལྡན་འདས་ཀྱིས་ཚོན་སྣ་གཅིག་ལས་བྱས་པའི་དྲ་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། རྒས་པས་ཉམ་ཆུང་བར་གཏོགས་པ་རྣམས་དང་། རླུང་ནད་ཅན་དུ་གཏོགས་པ་རྣམས་ཀྱང་དྲ་བ་འཆང་བ་ལ་ཞུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པོ་དང་རླུང་ནད་ཅན་གྱིས་

ཀྱང་དགེ་འདུན་ལས་དྲ་བའི་སྡོམ་པ་གསོལ་བར་བྱ་ཞིང་། གང་ལ་དགེ་འདུན་གྱིས་དྲ་བའི་སྡོམ་པ་བྱིན་པ་དེས་དྲ་བ་བཅང་བར་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཏེ་འདུག་པ་དང་། དགེ་སློང་

Vol. 10 · folio 63b

རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་གྱིས་རྒན་པའི་མཐར་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་དྲ་བའི་

སྡོམ་པ་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུའོ། །དེའི་འོག་ཏུ་དགེ་

སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་དྲ་བའི་སྡོམ་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་

བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་

ནད་ཅན་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་དྲ་བའི་སྡོམ་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་

འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩལ་ལགས་

ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་ལ་དགེ་འདུན་གྱིས་དྲ་བའི་སྡོམ་པ་བྱིན་པར་གྱུར་པ་དེས་དྲ་བ་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་གཞན་དག་ཅིག་ལ་ཁར་བ་ཡང་དགོས། དྲ་བ་ཡང་དགོས་ནས་དེ་དག་ལ་དགེ་སློང་རྣམས་ཀྱིས་

Vol. 10 · folio 64a

ཁར་བ་དང་། དྲ་བའི་སྡོམ་པ་སོ་སོར་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁར་བ་དང་དྲ་བའི་སྡོམ་པ་ཅིག་ཅར་སྔ་མ་བཞིན་སྦྱིན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་

སོ། །མཉན་ཡོད་ན་དགེ་སློང་ཞིག་འདུག་པ་དེས་སྒོག་སྐྱ་ཟོས་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་དགེ་སློང་

ཁྱོད་ལ་ཆོས་བསྟན་གྱིས་རྣ་བ་གཏོད་ལ་འདུག་ཅིག །དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་པར་བརྩམས་ཏེ། ཇི་ལྟ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་པ་དེ་ལྟ་དེ་ལྟར་དགེ་སློང་

དེ་བཅོམ་ལྡན་འདས་ལ་དྲིས་གནོད་པར་གྱུར་ན་མི་རུང་ངོ་སྙམ་ནས་ཁ་ལོགས་ཤིག་ཏུ་ལྟའོ། །ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་དགེ་སློང་དགེ་སློང་ཁྱོད་ལ་ཆོས་བསྟན་གྱིས་རྣ་གཏོད་ཅིག་ཅེས་བཀའ་སྩལ་ན། དགེ་སློང་དེ་ལན་གཉིས་ལན་

གསུམ་དུ་ཡང་ཁ་གཞན་དུ་བལྟས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་

དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་ངས་ཇི་ལྟ་ཇི་ལྟར་ཆོས་བསྟན་པ་དེ་ལྟ་དེ་ལྟར་དགེ་སློང་དེ་ཁ་གཞན་དུ་ལྟ། དེས་གསོལ་པ། བཙུན་པ་དགེ་སློང་དེས་སྒོག་སྐྱ་འཚལ་ཏོ། །ཀུན་དགའ་བོ་དགེ་སློང་དག་གང་གིས་ན་བདེན་པ་རྣམས་ཀྱི་བར་ཆད་དུ་འགྱུར་བ་སྒོག་སྐྱ་ཟ་ལྟ། བཅོམ་ལྡན་འདས་

འཚལ་ལགས་སོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་འདིས་དེ་རིང་སྒོག་སྐྱ་ཟོས་པར་མ་གྱུར་ན་དེང་ཉིད་དུ་འདིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་གིས་ད་ཕྱིན་ཅད་སྒོག་

Vol. 10 · folio 64b

སྐྱ་དང་ཀུན་དོང་དང་། ཀིའུ་ཡོངས་སུ་ལོངས་སྤྱད་པར་མི་བྱ་སྟེ། ཡོངས་སུ་ལོངས་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བསམས་པ། དགེ་སློང་འདིས་དེ་རིང་བདེན་པ་དག་མ་མཐོང་ན་རེ་ཞིག་སང་མཐོང་བར་འགྱུར་

རམ་བལྟའོ་སྙམ་ནས་སེམས་པ་ལ་ཞུགས་པ་དང་མ་མཐོང་ངོ་། །དེས་རབ་ཀྱི་མཐའ་བའི་བསམ་གཏན་བཞི་པ་ལ་རྣམ་པར་བལྟས་ནས་དུས་ཇི་ཙམ་ན་མཐོང་བར་འགྱུར་བ་སེམས་པ་ལ་ཞུགས་ན། འོན་ཀྱང་མ་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཚིགས་སུ་བཅད་དེ་སྨྲས་པ།

དལ་བའི་མཆོག་འདི་འདིར་བོར་ནས། །འདི་ཡིས་འདི་ན་བདེན་པ་དག །ནམས་ཀྱང་ཤིན་ཏུ་མཐོང་བར་ནི། །མི་འགྱུར་བ་ཡི་གནས་དེ་ཡོད། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་མཁྱེན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་སངས་

རྒྱས་ཀྱི་ཡུལ་ལ་ལག་འཇུག་པར་མ་བྱེད་ཅིག །འདི་ནི་འདི་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་ལས་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་

འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་སྟོན་པ་འབྱུང་བར་འགྱུར་ཏེ། དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་སྐད་ཅེས་

གསུངས་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་སྒོག་སྐྱ་ཟ་བ་ལས་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་གིས་སྒོག་སྐྱ་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྒོག་སྐྱ་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་པ་

དང་། དགེ་སློང་ཞིག་ན་བ་དེ་སྨན་པའི་དྲུང་དུ་སོང་སྟེ། ནད་མེད་ཅིག་ཅེས་བྱས་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ལ་ནད་འདི་ལྟ་བུ་ཞིག་བྱུང་ན་སྨན་སྟོན་ཅིག །སྨན་པས་སྨྲས་པ། འཕགས་པ་སྒོག་སྐྱ་གསོལ་ཅིག་དང་ཁྱོད་སོས་པར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་

Vol. 10 · folio 65a

མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྨན་འདི་ཡིན་ཏེ། གཞན་གྱིས་ནི་གསོས་པར་མི་ནུས་སོ། །སྐབས་དེ་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པས་དགེ་སློང་ཁྱོད་ཀྱི་སྨན་

འདི་ཡིན་ཏེ། གཞན་གྱིས་ནི་གསོས་པར་མི་ནུས་སོ་ཞེས་ཟེར་ན་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པས་སྨན་པའི་ལུང་གིས་སྒོག་སྐྱ་བཟའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ནད་པས་སྒོག་སྐྱ་ཟོས་ནས་གཙུག་ལག་ཁང་ལ་ཡང་ལོངས་སྤྱོད་པར་བྱེད།

གནས་མལ་དང་། སྣམ་ཕྱིས་དང་། ཆབ་ཁུང་དུ་ཡང་འཇུག །དགེ་འདུན་གྱི་ནང་དུ་ཡང་འགྲོ། བྲམ་ཟེ་དང་ཁྱིམ་བདག་འོངས་ཞིང་ལྷགས་པ་རྣམས་ལ་ཡང་ཆོས་སྟོན། མཆོད་རྟེན་ལ་ཡང་ཕྱག་བྱེད། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་ཡང་ཉེ་བར་འགྲོ། སྐྱེད་མོས་ཚལ་དང་། འདུན་

ས་དང་། ལྷ་ཁང་དང་། སྐྱེ་བོས་གང་བའི་ཕྱོགས་གཞན་དག་ཏུ་ཡང་འདུག་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དྲི་ཚོར་ནས་འཕྱ་སྨོད་ཁ་ཟེར་ཞིང་། དགེ་སློང་ཤཱཀྱའི་བུ་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ཉམས། ཚངས་པའི་ཚུལ་ཉམས་ཏེ། ད་ནི་རབ་ཏུ་བྱུང་བ་རྣམས་སྒོག་སྐྱ་ཟའོ་ཞེས་

པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་སྒོག་སྐྱ་ཟ་བའི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་སྒོག་སྐྱ་ཟ་བས་སྒོག་སྐྱ་ཟ་བཞིན་དུ་གཙུག་ལག་ཁང་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱ།

གནས་མལ་ལ་མ་ཡིན། སྣམ་ཕྱི་སར་འཇུག་པར་མི་བྱ། ཆབ་ཁུང་སར་མ་ཡིན། དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱ། མཆོད་རྟེན་ལ་ཕྱག་མི་བྱ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་ཉེ་བར་འགྲོ་བར་མི་བྱ།

སྐྱེད་མོས་ཚལ་དང་། འདུན་ས་དང་། ལྷ་ཁང་དང་། སྐྱེ་བོས་གང་བ་གཞན་དག་ཏུ་གནས་པར་མི་བྱའི། ཕྱོགས་དབེན་པ་གང་དུ་གཞན་དག་གིས་མཐོང་ན་མ་དད་པ་སྐྱེ་བར་མི་འགྱུར་བར་བཟའ་བར་བྱའོ། །གང་གི་ཚེ་བྱ་བ་ཟིན་པར་གྱུར་པ་དེའི་ཚེ་ཕྱོགས་དེ་ཉིད་དུ་ཞག་བདུན་འདུག་པར་བྱའོ། །ཀུན་དོང་

Vol. 10 · folio 65b

ན་ནི་ཞག་གསུམ། ཀིའུ་ན་ནི་ཞག་གཅིག་གོ། །དེ་ནས་ཁྲུས་བྱས་ལ་ཆོས་གོས་དག་ཀྱང་བཀྲུ་བར་བྱ་ཞིང་བདུག་པ་དག་གིས་བདུག་པར་བྱའོ། །དེ་ནས་དྲི་ང་བ་མེད་པ་དང་། གཙུག་ལག་ཁང་དུ་འཇུག་པར་བྱ་ཞིང་ཇི་ལྟར་བཀག་པ་ཡང་བྱའོ། །སྒོག་སྐྱ་ཟ་བའི་དགེ་སློང་གིས་ཀུན་དུ་སྤྱད་པའི་ཆོས་

ཇི་ལྟར་བཅས་པ་རྣམས་ཡང་དག་པར་བླངས་ཏེ། མི་གནས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཕྲན་ཚེགས་ལས་སྒོ་དང་པོ་རྫོགས་སོ།། །།བསྡུས་པའི་སྡོམ་ནི། ཆན་པས་འདྲེག་དང་གདུགས་དང་ནི། །བེའུ་རས་དང་ནི་རྒྱན་སྤེལ་མ། །ལེན་དང་ཚོགས་དང་ཁྲུས་དང་ནི། །གཅིན་

དང་སྒོ་འཕར་སྤོ་བའོ། །སྡོམ་ནི། ཆན་པས་འདྲེག་དང་མདོམས་དང་ནི། །དེ་བཞིན་བྱིན་པ་ཉིད་དང་ནི། །ཁྲི་དང་རྩྭ་སྟན་གཅིག་དང་ནི། །ཁྱིམ་ན་གནས་དང་བགོ་བ་མིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཕྱོགས་བཞིའི་དགེ་འདུན་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕུལ་བ་དེའི་ཚེ་དེས་འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེགས་ཤིག་ཅེས་འབྲེག་མཁན་གྱི་མི་བཏང་བ་དང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཉེ་དགའ་བོས་སྨྲས་པ། བཞིན་

བཟངས་ཁྱོད་སྐྲ་ཆན་པས་འབྲེག་ཤེས་སམ། དེས་སྨྲས་པ། འཕགས་པ་དེ་ཉིད་བདག་གི་བཟོ་ལགས་སོ། །བཞིན་བཟངས་གལ་ཏེ་དེ་ལྟ་ན་ཚུར་ཤོག་བྲེགས་ཤིག །དེས་སྐྲ་ཆན་པས་བྲེགས་པ་དང་། ཉེ་དགའ་བོས་སྨྲས་པ། ད་རུང་བྲེགས་ཤིག །དེས་ཡང་བྲེགས་པ་དང་། དེས་སྨྲས་པ། ད་རུང་

ཡང་བྲེགས་ཤིག །དེས་ཡང་བྲེགས་སོ། །དེ་བཞིན་དུ་ཇི་ཙམ་ཉི་མ་ནུབ་ཀྱི་བར་དུ་མ་བཏང་ནས། དེའི་འོག་ཏུ་འདི་སྐད་ཅེས་སྨྲས་སོ། །བཀྲེན་པ་ཁྱོད་ཅི་ཡང་མི་ཤེས་པ་ཞིག་འདི་ཁོ་ན་བཞིན་མཉམ་པར་བྱོས་ཏེ་སོང་ཤིག་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དགེ་སློང་གིས་སྐྲ་ཆན་པས་བྲེག་པར་མི་བྱའོ། །དགེ་སློང་སྐྲ་ཆན་པས་འབྲེག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྐྲ་ཆན་པས་བྲེག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གི་མགོ་ལ་རྨ་བྱུང་ནས་སྤུ་གྲིས་རེག་པ་ན་དེ་དག་སྣད་པའི་སྐབས་དེ་དགེ་སློང་དག་གིས་

Vol. 10 · folio 66a

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨའི་ཐན་ཀོར་གྱི་སྐྲ་ཆན་པས་བྲེག་པར་བྱ་ཞིང་། ལྷག་མ་རྣམས་སྤུ་གྲིས་བྲེག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །དེ་ནས་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འབྲེག་མཁན་གྱི་མི་བཏང་སྟེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཞིན་བཟངས་མདོམས་ཀྱི་ཕྱོགས་ཀྱི་སྤུ་འབྲེགས་ཤེས་སམ། དེས་སྨྲས་པ། འཕགས་པ་དེ་ཉིད་བདག་གི་བཟོ་ལགས་སོ། །བཞིན་བཟངས་གལ་ཏེ་དེ་

ལྟ་ན་ཚུར་ཤོག་བྲེགས་ཤིག །འཕགས་པ་ཇི་འདྲ་བར་བྲེག །བཞིན་བཟངས་མཛེས་པར་བྲེགས་ཤིག །དེས་བྲེག་པར་བརྩམས་པ་དང་། ཉེ་དགའས་སྨྲས་པ། བཞིན་བཟངས་འདི་ལྟར་བྱོས་ཤིག །དེས་དེ་བཞིན་བྱས་པ་དང་། ཡང་སྨྲས་པ། གཞན་འདི་ལྟ་བུར་ཡང་བྱོས་ཤིག་ཅེས་དེས་

དེ་ཇི་ཙམ་ཉི་མ་ནུབ་ཀྱི་བར་དུ་མ་བཏང་ནས། དགེ་སྦྱོང་ཤཱཀྱའི་སྲས་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཉམས། ཚངས་པའི་ཚུལ་ནི་ཉམས་ཏེ། ད་ནི་གསང་བའི་ཕྱོགས་ཀྱི་སྤུ་ཡང་འབྲེག་པར་བྱེད་དོ་ཞེས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་མདོམས་ཀྱི་ཕྱོགས་ཀྱི་སྤུ་བྲེག་པར་མི་བྱའོ། །དགེ་སློང་མདོམས་ཀྱི་ཕྱོགས་ཀྱི་སྤུ་འབྲེག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མདོམས་ཀྱི་

ཕྱོགས་ཀྱི་སྤུ་བྲེག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་མདོམས་ཀྱི་ཕྱོགས་སུ་རྨ་བྱུང་བ་དང་། དགེ་སློང་དག་འགྱོད་ནས་སྤུ་འབྲེག་པར་མི་བྱེད་དོ། །དགེ་སློང་གཞན་དག་ལ་ཡང་སྲིན་བུ་བྱུང་སྟེ། དེ་དག་དེའི་གནོད་པས་དགེ་བའི་ཕྱོགས་ཀྱི་བྱ་བ་མི་ནུས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གནས་བརྟན་གནས་བརྟན་དག་ལ་བསྟན་ནས་རྨའམ་སྲིན་བུའི་ཕྱིར་ནི་མདོམས་ཀྱི་ཕྱོགས་ཀྱི་སྤུ་བྲེག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་

Vol. 10 · folio 66b

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འབྲེག་མཁན་གྱི་མི་བཏང་བ་དང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཞིན་བཟངས་ཁྱོད་བྱིན་སྤུ་འབྲེག་ཤེས་སམ། འཕགས་པ་དེ་ཉིད་བདག་གི་བཟོ་ལགས་སོ། །བཞིན་བཟངས་གལ་ཏེ་དེ་ལྟ་ན་

ཚུར་ཤོག་བྲེགས་ཤིག །འཕགས་པ་ཅི་འདྲ་བར་བྲེག་པར་བགྱི། བཞིན་བཟངས་མཛེས་པར་བྲེགས་ཤིག །དེས་བྲེག་པར་བརྩམས་པ་དང་། ཉེ་དགའ་བོས་སྨྲས་པ། བཞིན་བཟངས་འདི་ལྟར་བྱོས་ཤིག །དེས་དེ་བཞིན་བྱས་པ་དང་ཡང་སྨྲས་པ། གཞན་འདི་ལྟར་ཡང་བྱོས་ཤིག །དེས་དེ་

ཇི་ཙམ་ནམ་སྲོས་ཀྱི་བར་དུ་མ་བཏང་བས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་ལ་ཞེས་བྱ་བ་ནས། དྲིས་པ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེས་ཇི་ལྟར་གྱུར་པ་སྨྲས་པ་དང་། དེ་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བྱིན་སྤུ་བྲེག་པར་མི་བྱའོ། །དགེ་སློང་བྱིན་སྤུ་འབྲེག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བྱིན་སྤུ་བྲེག་

པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱི་བརླ་ལ་རྨ་བྱུང་ཞིང་དགེ་སློང་གཞན་དག་ལ་སྲིན་བུ་བྱུང་ནས། དེ་དག་དེའི་གནོད་པས་དགེ་བའི་ཕྱོགས་བྱ་བར་མི་ནུས་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རྨ་བྱུང་བའི་ཕྱིར་རམ། སྲིན་བྱུང་བའི་ཕྱིར་ནི་བྱིན་སྤུ་བྲེག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ཁྲི་གཅིག་ལ་ཉལ་བར་བྱེད་ཅིང་། དེ་དག་དེར་ཉལ་

ནས་ཀུ་རེ་བྱེད། རྩེ་བར་བྱེད། ཅ་ཅོ་སྨྲ་བར་བྱེད། དགོད་པ་དང་འཕྱར་གཡེང་དང་། ལུས་ལ་རྡེག་པར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་ཁྲི་གཅིག་ལ་ཉལ་བར་བྱེད་པ་ལས་

Vol. 10 · folio 67a

གྱུར་པས་དེའི་ཕྱིར་དགེ་སློང་གཞན་དང་ལྷན་ཅིག་ཁྲི་གཅིག་ལ་ཉལ་དུ་མི་གཞུག་གོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དེང་ཕྱིན་ཅད་དགེ་སློང་གིས་ཁྲི་གཅིག་ལ་ཉལ་བར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་

ཀྱིས་དགེ་སློང་གིས་ཁྲི་གཅིག་ལ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། ཇི་ཙམ་ན་དགེ་སློང་མང་པོ་རྣམས་ལྗོངས་རྒྱུ་ཞིང་དོང་སྟེ། ལྗོངས་རྒྱུ་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་དེར་ཁྲི་བརྙས་པ་དང་། དེ་དག་གིས་ཁྲི་དག་བྱིན་ནོ། །དེ་རྣམས་ཀྱིས་སྨྲས་པ། འདི་དག་ཉུང་གིས་གཞན་

ཡང་སྣོམས་ཏེ་སྤྱོན་ཅིག །དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་ནི་ཁྲི་རེ་རེ་ལ་སྐྱེ་བོ་མང་པོ་དག་ཉལ་བར་བགྱིད་ན། ཁྱེད་གཞན་ཡང་གཡོར་རམ། རེ་རེ་ལ་གཉིས་སམ་གསུམ་གཟིམས་པར་མཛོད་ཅིག །དེ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཁྲི་གཅིག་ལ་གཉིས་སམ་

གསུམ་ཉལ་དུ་མ་གནང་ན་ཇི་ལྟར་ཉལ་བར་བྱ། དེ་དག་གིས་སྨྲས་པ། འཕགས་པ་དག་ཁྲི་གཞན་ནི་མ་མཆིས་སོ། །དེ་སྐད་སྨྲས་པས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གང་དག་

ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ། བསླབ་པ་འདོད་པ་དེ་དག་གིས་དྲན་པ་ཉེ་བར་བཞག་སྟེ། གདིང་བ་བཏིང་བ་ལ་བར་དུ་ཆོས་གོས་ཀྱི་གཏུར་བུའམ། ལྷུང་བཟེད་ཀྱི་སྣོད་དག་བཅུག་ལ་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཁྲི་ལ་ཇི་ལྟ་བར་རྩྭ་སྟན་དང་གཞན་དག་ལ་ཡང་དེ་དང་འདྲའོ། །

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མང་པོ་རྣམས་ལྗོངས་རྒྱུ་ཞིང་དོང་བ་དང་། རི་བྲགས་ཤིག་ཏུ་ཕྱིན་ནས་དེ་རྣམས་ཀྱིས་ཁྱིམ་བདག་ཅིག་ལས་བསྟི་གནས་བརྙས་སོ། །གྲང་བའི་དུས་ལ་བབ་པས་དེ་རྣམས་

ཀྱིས་གོས་བརྙས་པ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་འདི་དག་ནི་རབ་ཏུ་བྱུང་བ་ཡིན་ནོ་སྙམ་སྟེ། སྙིང་རྗེ་ཉེ་བར་བདག་སྟེ་གོས་དག་བྱིན་པ་དང་། གང་གིས་གང་ཐོབ་པ་དེས་དེ་གྱོན་ཏེ་ཉལ་ནས་དགེ་སློང་གཞན་དག་གྲང་བས་སྦྲེབས་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་

Vol. 10 · folio 67b

དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་གང་ཐོབ་པ་དེ་དག་ཉིད་ཀྱིས་བགོ་བར་མི་བྱའི་ཐམས་ཅད་ཀྱིས་བགོ་བར་བྱ་སྟེ། གཅིག་རྙེད་པར་གྱུར་པ་གང་ཡིན་པ་དེ་ཐམས་ཅད་ཀྱི་སྟེང་དུ་རྒན་རིམས་བཞིན་ཇི་ཙམ་ཡོག་པ་དགབ་པར་བྱའོ། །ཇི་ཙམ་ན་ཡང་རི་བྲགས་གཞན་ཞིག་

ཏུ་དོང་བ་དང་། དེར་གོས་གཅིག་ཅིག་རྙེད་ནས་དེ་དག་གི་སྟེང་དུ་གཡོགས་པ་ན་ཉེ་དགའས་དེ་གྱོན་ཏེ་འཆག་ཏུ་སོང་བ་དང་། དགེ་སློང་རྣམས་གྲང་བས་སྡུག་བསྔལ་བར་གྱུར་ནས་སྨྲས་པ། བཙུན་པ་ཉེ་དགའ་བོ་བདག་ཅག་ནི་གྲང་བས་སྡུག་བསྔལ་ན་ཁྱོད་འབའ་ཞིག་གྱོན་ནས་འཆག་གམ། དེས་

སྨྲས་པ། ཁོ་བོས་བཀག་གམ་ཅི། ཁྱེད་ཀྱང་ཅིའི་ཕྱིར་མི་འཆག །དེ་རྣམས་གྲང་བའི་སྡུག་བསྔལ་གྱིས་མཚན་འདས་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆག་པ་གང་ཡིན་པ་དེས་གང་ཟག་གི་གོས་

བགོས་ཏེ་བཅག་པར་བྱའོ། །གཞན་གྱིས་འཆག་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གྲང་བའི་དུས་ལ་བབ་པས་དགེ་སློང་རྣམས་གྲང་བའི་གནོད་པས་གློས་

ཕབ་སྟེ་འདུག་གོ། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཙུག་ལག་ཁང་དུ་འོངས་པ་དང་། དེས་དེ་དག་མཐོང་ནས་སྨྲས་པ། འཕགས་པ་ཅིའི་སླད་དུ་གཅིག་ཏུ་བརྩོན་པའི་གསུང་རབ་ལ་གློས་ཕབ་སྟེ་བཞུགས་ཤིང་དགེ་བའི་ཕྱོགས་དག་མི་མཛད། དེ་དག་གིས་སྨྲས་པ། ཁྱིམ་བདག་

བདེ་བ་དང་ལྡན་པ་དག་ནི་ཆོས་དྲན་པར་འགྱུར་གྱི། ཁོ་བོ་ཅག་ཤིན་ཏུ་གྲང་བས་སྡུག་བསྔལ་བར་གྱུར་ཏོ། །དེས་ཁྱིམ་དུ་སོང་ནས་བེའུ་རས་ལྔ་བརྒྱ་བསྐུར་བ་དང་། དགེ་སློང་རྣམས་ཀྱིས་ཁྱིམ་པའི་གོས་དེ་དག་བགོས་ཏེ་ཕྱི་རོལ་དུ་དོང་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་ཅོ་དྲི་ཞིང་སྨྲས་པ།

འཕགས་པ་དག་ཅི་ཁྱེད་བབས་སམ། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་གྲང་བར་གྱུར་ནས་བགོས་ཀྱིས་ཚེ་དང་ལྡན་པ་དག་དེ་སྐད་མ་ཟེར་ཅིག །དེ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་

Vol. 10 · folio 68a

ཁྱིམ་པའི་གོས་བགོ་བར་མི་བྱའོ། །དེ་ལྟ་བུའི་རྐྱེན་ཅིག་བྱུང་ན་སྟེང་དུ་གོས་ངུར་སྨྲིག་གིས་གཡོགས་ནས་བགོ་བར་བྱའོ། །དགེ་འདུན་གྱི་ཡང་དེ་བཞིན་དུ་གྱོན་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ནི་འོག་ཏུ་གོས་བཅུག་ནས་སྟེང་ནས་གཡོགས་ཏེ་བགོ་བར་

བྱའི་གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། གདུགས་དང་འཇིག་རྟེན་རྒྱང་འཕེན་དང་། །བསྡེབས་སྦྱར་དེ་བཞིན་ནགས་མེ་དང་། །གནས་མེད་པར་ནི་ལམ་དག་དང་། །ལ་བ་བགོས་པས་མི་འཆག་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་གོས་སྤྱོད་པ་ཞིག་འདུག་པ་དེ་གོས་བྱས་ཤིང་བྱས་ཤིང་འཚོང་བར་བྱེད་དོ། །དུས་གཞན་ཞིག་ན་དེས་གོས་མང་པོ་རྙེད་པར་གྱུར་ནས། དེས་བསམས་པ་ཐབས་ཇི་ལྟ་བུ་ཞིག་བྱས་ན་དེས་བསོད་ནམས་ཀྱང་འཐོབ་ཅིང་རྙེད་པ་ཡང་འགྲུབ་པར་འགྱུར་

སྙམ་པ་དང་། དེ་དད་པ་ཅན་ཞིག་པས་དེའི་བློ་སྐྱེས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ལ་གོས་ཀྱི་གདན་བཤམས་ཏེ་གདུགས་ཚོད་གསོལ་ལོ། །དེ་ལྟར་བྱས་ན་གོས་ཀྱང་ཡོངས་སུ་སྤྱད་པར་འགྱུར་ལ། གོས་ཡོངས་སུ་ལོངས་སྤྱད་པ་དང་། ཞལ་ཟས་ཡོངས་སུ་ལོངས་སྤྱད་

པས་བསོད་ནམས་ཆེན་པོ་ཡང་འཐོབ་པར་འགྱུར་རོ་སྙམ་དུ་རིག་ནས། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཞལ་ཟས་གཙང་ཞིང་བསོད་པ་བཤམས་ཏེ་གདན་དག་གི་སྟེང་དུ་གོས་བཏིང་ངོ་། །དེ་ནས་གདམ་བཤམས་ཟིན་པ་དང་། བཅོམ་

ལྡན་འདས་སྤྱན་འདྲེན་གྱིས་སྤྱན་དྲངས་ན་དགེ་སློང་གི་དགེ་འདུན་ནི་གཤེགས། བཅོམ་ལྡན་འདས་ནི་གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་དྲངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་རྣམ་པ་ལྔས་གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་འདྲེན་ཏེ། ལྔ་གང་ཞེ་ན།

ནང་དུ་ཡང་དག་འཇོག་བཞེད་པར་གྱུར་པ་དང་། ལྷ་རྣམས་ལ་ཆོས་སྟོན་བཞེད་པར་གྱུར་པ་དང་། ནད་པ་གཟིགས་བཞེད་པར་གྱུར་པ་དང་། གནས་མལ་གཟིགས་བཞེད་པར་གྱུར་པ་དང་། ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདི་ལ་ནི་སངས་རྒྱས་བཅོམ་

Vol. 10 · folio 68b

ལྡན་འདས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་ནས། གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་དྲངས་སོ། །དགེ་སློང་རྣམས་ལམ་ཀར་ཆར་པ་བབ་ནས་དེ་དག་གི་གོས་ཆར་པས་གཤེར་བཞིན་དུ་འཁོད་པས་གང་གི་གོས་ཅི་འདྲ་བས་འཁོད་པ་དེའི་དེ་ཁོ་ན་ལྟ་བུའི་སྦྲ་

སྦྲེ་བྱུང་བར་གྱུར་པ་བྲམ་ཟེ་དེས་མཐོང་བ་དང་འཁྲུགས་ནས་སྨྲས་པ། བདག་གི་ཟོང་འདི་ལྟ་བུ་དག་ཟོང་དུ་མི་རུང་བར་བགྱིས་ཀྱིས་གོས་འདི་དག་ཁྱེད་ཐལ་བྱུང་སྣོམས་ཤིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། དགེ་སློང་དག་བྲམ་ཟེ་དེས་མ་དད་པ་སྐྱེས་ནས་བྱིན་པས་བླང་བར་མི་བྱའོ། །དེ་འཁྲུགས་པ་དེ་དང་བྲལ་ནས་ཡང་དེས་དད་པའི་སེམས་ཀྱིས་ཕུལ་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་

ནི་བྲམ་ཟེ་དེས་དད་པའི་སེམས་ཀྱིས་ཕུལ་བས་བླང་བར་བྱ་སྟེ། བླངས་ནས་ཀྱང་རུང་བ་བྱས་ལ་བགོ་བར་བྱའོ། །དགེ་སློང་དག་གིས་བླངས་པ་དང་། བྲམ་ཟེ་དེས་སྨྲས་པ། ཨེ་མའོ་འཕགས་པ་དག་གདུགས་བཅང་བའི་རིགས་སོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟ་ན་རྗེས་སུ་གནང་སྟེ། དགེ་སློང་དག་གིས་གདུགས་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་གདུགས་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་གདུགས་ཀྱི་རྩ་བ་གསེར་དང་།

དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་ཤིང་། གཞན་ཡང་བཀྲ་ཞིང་ཉེ་བར་བཀྲ་བ་དང་། བསྲུབས་པ་ལས་བྱས་ལ། གདུགས་ནི་དཀར་པོ་དང་། རྨ་བྱའི་མདོངས་དག་ལས་བྱས་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཅི་

ལགས། བཅོམ་ལྡན་འདས་ཀྱིས་གདུགས་གནང་ངོ་། །འཕགས་པ་དག་དགེ་སྦྱོང་ཁྱེད་ཅི་འདོད་པའི་ཡོན་ཏན་གྱིས་གཟིར་ཏམ། གང་གི་ཕྱིར་འདི་འདྲ་བའི་གདུགས་དག་འཆང་། དེ་དག་གིས་སྨྲས་པ། དགྲ་བོ་རྣམས་ཀྱི་མགྲིན་པ་རྡོག་པས་མནན་ནས་འདོད་པའི་ཡོན་ཏན་གྱིས་གཟིར་ཏོ། །

Vol. 10 · folio 69a

དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་གདུགས་དག་བཅང་བར་མི་བྱའོ། །འོན་ཀྱང་རྩྭ་བ་རུ་རྟ་དང་། ལོ་མ་ལས་བྱས་པའི་གདུགས་རྣམ་པ་གཉིས་བཅང་བར་བྱའོ། །

བཅོམ་ལྡན་འདས་ཀྱིས་གདུགས་རྣམ་པ་གཉིས་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་གདུགས་ཀྱི་རྩ་བ་རིང་པོ་རིང་པོར་བྱས་ནས་གདུགས་ཀྱི་རྩ་བ་བསྒྲེང་སྟེ་གྲོང་ཁྱེར་གྱི་ནང་དུ་སོང་བ་དང་། བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་ནས་འདི་ལྟ་བུ་ནོར་ཅན་ནམ། ཚོང་དཔོན་

ནམ། དེད་དཔོན་ནམ། སུ་ཞིག་འོང་ཞེས་ལངས་ནས་རྟོག་པར་བྱེད་དོ། །ཁ་ཅིག་སྩུར་དོང་བ་དང་། གང་གི་ཚེ་མཐོང་བར་གྱུར་པ་དེའི་ཚེ་མ་དད་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདུགས་ཀྱི་རྩ་བ་

རིང་པོ་རིང་པོར་མི་བྱའི་འོན་ཀྱང་གདུགས་ཀྱི་ཚད་ཙམ་གྱི་རྩ་བ་གདགས་པར་བྱ་ཞིང་གྲོང་གི་ནང་དུ་གདུགས་ཐོགས་ཏེ་འགྲོ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གྲོང་གི་ནང་དུ་གདུགས་ཐོགས་ཏེ་འགྲོ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། ཇི་ཙམ་ན་དགེ་སློང་མང་པོ་དག་དོན་མཐུན་དང་ལྷན་ཅིག་

ལྗོངས་རྒྱུ་ཞིང་དོང་བ་དང་། རེ་ཞིག་ན་གྲོང་དུ་ལམ་བྱུང་བར་གྱུར་ནས་དེ་དག་གིས་བསམས་པ། བཅོམ་ལྡན་འདས་ཀྱིས་གྲོང་གི་ནང་དུ་གདུགས་ཐོགས་ཏེ་འགྲོ་བར་མི་བྱའོ་ཞེས་བཀའ་སྩལ་པས་གྲོང་དོར་བར་བྱའོ་སྙམ་ནས་དེ་དག་གིས་གྲོང་སྤངས་པ་དང་། དོན་མཐུན་རྣམས་དང་བྲལ་བས་ཆོམ་པོས་

བཅོམ་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གྲོང་གི་དབུས་སུ་ལམ་བྱུང་བར་གྱུར་ན་གདུགས་གློར་བསྙལ་ནས་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བསོད་སྙོམས་པ་རྣམས་བསོད་སྙོམས་ལ་ཞུགས་པ་

དང་། ཆར་པ་བབ་ནས་ཆར་ཆུས་གོས་གཤེར་བར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསོད་སྙོམས་པས་གདུགས་ཀྱི་རྩ་བ་རུང་བར་བྱས་ནས་འཇུག་པར་བྱ་སྟེ། ཞུགས་ནས་གལ་ཏེ་ཆར་པ་ཆད་ན་གདུགས་ཁྱིམ་

Vol. 10 · folio 69b

དང་པོར་བཞག་ལ་འཇུག་པར་བྱ་ཞིང་དེ་ནས་ཕྱིར་བླངས་ཏེ་འགྲོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ལྷོ་ཕྱོགས་ཀྱི་ཡུལ་ནས་ཀུན་དུ་རྒྱུ་འཇིག་རྟེན་རྒྱང་འཕེན་པ་འཆར་བ་ཞེས་བྱ་བ་ཞིག་ལྗོངས་རྒྱུ་ཞིང་

མཉན་ཡོད་དུ་འོངས་སོ། །དེ་ངལ་བསོས་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། ཀྱེ་དགེ་སློང་ཁོ་བོས་བླ་མ་དག་ལས་བླངས་པའི་ཡི་གེ་ཅུང་ཟད་ཡོད་དེ། དེའི་ཕྱིར་ཁྱོད་དང་ལྷན་ཅིག་གཏམ་བྱ་བར་འདོད་དོ། །དེས་དེ་ལ་སྨྲས་པ། བྲམ་ཟེ་ཁོ་བོ་སྨྲ་བ་དོན་དུ་

གཉེར་བ་མ་ཡིན་གྱིས་སོང་ཤིག །དེ་ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་པོ་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ག་ལ་བ་དེར་སོང་བ་དང་། དེ་རྣམས་ཀྱིས་ཀྱང་དེ་ཁོ་ན་སྐད་སྨྲས་སོ། །དེ་ནས་ཚེ་དང་

ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། ཀྱེ་དགེ་སློང་ཁོ་བོས་བླ་མ་ལས་ཡི་གེ་ཅུང་ཟད་བླངས་པ་དག་ཡོད་དེ། དེའི་ཕྱིར་ཁྱོད་དང་ལྷན་ཅིག་གཏམ་བྱ་བར་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། ཅི་ཀུན་དུ་རྒྱུ་འདི་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་འོན་ཏེ་མེད་

སྙམ་ན་ཡོད་པར་མཐོང་ངོ་། །སུ་ལ་རག་ལས་བརྟགས་ན་བདག་ཉིད་ལའོ། །ཅི་སྨྲ་བས་འདུལ་བ་གཞན་ཅུང་ཟད་ཡོད་དམ་སྙམ་ན་ཡོད་པར་མཐོང་ངོ་། །ཇི་ཙམ་ན་ཚོགས་པ་བརྟགས་ན་ཞག་བདུན་ཚུན་ཆད་ཀྱིས་ཆོགས་པར་ཤེས་ནས་སྨྲས་པ། ལེགས་ཏེ་དེ་བཞིན་བྱ་ན་རིག་པའི་

གནས་གང་དུ་བྱ། ཆེ་གེ་མོ་ཞིག་ཏུའོ། །སྨྲ་བའི་ཞལ་ཆེ་བ་བཞག་སྟེ་ཕྱོགས་སྔ་མ་དང་ཕྱི་མ་རྣམ་པར་བཞག་ནས། སུས་ཕྱོགས་སྔ་མ། སུས་གཟུགས་ཤེས་གླེངས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཀུན་དུ་རྒྱུ་གློ་བུར་དུ་འོངས་པ་ཡིན་པས་འདི་ཉིད་ཀྱིས་ཕྱོགས་ས་སྔ་

མ་ཚུགས་ཤིག །ཀུན་དུ་རྒྱུས་ཕྱོགས་སྔ་མ་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བཟླས་ནས་ཁྱོད་ཀྱི་འདི་ནི་མི་རིགས་སོ། །འདི་ནི་མི་འདྲའོ། །འདི་ནི་མི་འཐད་དོ་ཞེས་སྐྱོན་བཏགས་སོ། །དེས་ཡང་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་འཇུག་ཏུ་མ་ཕྱིན་པར་བཞག་གོ། །

Vol. 10 · folio 70a

ལྷོ་ཕྱོགས་ཀྱི་ཡུལ་ནས་ཀུན་དུ་རྒྱུ་འཇིག་རྟེན་རྒྱང་འཕེན་པ་འཆར་བ་ཞེས་བྱ་བ་ཞིག་མཉན་ཡོད་དུ་འོངས་ཏེ། དེ་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་བརྩད་ནས། དེང་དུ་ཞག་བདུན་ལོན་ནོ་ཞེས་ཀུན་དུ་སྒྲ་གྲགས་པ་དང་། སྲོག་ཆགས་བརྒྱ་ཕྲག་མང་པོ་དག་ཁ་ཅིག་ནི་ཡ་མཚན་སྐྱེས།

ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་ནས་འདུས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། བདག་གི་སྨྲ་བས་འདུལ་བ་འདུས་སམ་སྙམ་ན་འདུས་པར་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་མ་ལུས་པར་སྨྲས་པ་དང་། ཀུན་དུ་རྒྱུ་དེ་ཚར་གཅད་དོ། །དེ་ནས་མངོན་

པར་དད་པར་གྱུར་ཏེ་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་འཐོབ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རབ་ཏུ་

ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ། གདམས་ངག་བྱིན་ནོ། །དེས་བརྩལ་བ་དང་འབད་པ་དང་བསྒྲིམ་པ་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ་ཞེས་བྱ་བ་ནས་གུས་པར་སྨྲ་བར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་འཁོར་དེ་དག་འཕགས་

པ་ཤཱ་རིའི་བུས་འདི་ལྟ་བུའི་སྨྲ་བ་ཆེན་པོ་ཕམ་པར་བྱས་སོ། །ཞེས་ཤིན་ཏུ་ཡ་མཚན་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་རྟོགས་ནས་དེ་དག་དང་མཐུན་པར་ཆོས་བསྟན་ཏེ། སྲོག་ཆགས་འབུམ་ཕྲག་མང་

པོ་དག་གིས་དེ་ཐོས་ནས་ལྷག་པའི་ཁྱད་པར་ཆེན་པོ་ཐོབ་པ་འདི་ལྟ་སྟེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཁ་ཅིག་གིས་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནས་དགེ་འདུན་ལ་གཞོལ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །

སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཐམས་ཅད་དུ་དགེ་སློང་ཤཱ་རིའི་བུ་འམ། ཤཱ་རིའི་བུ་དང་འདྲ་བར་མི་འགྱུར་བས་དེ་ལྟ་བས་ན་གནང་གིས་དགེ་སློང་དག་གིས་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་ཕྱི་རོལ་པའི་

Vol. 10 · folio 70b

བསྟན་བཅོས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་ཕྱི་རོལ་པའི་བསྟན་བཅོས་བསླབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་བྱིས་པའམ། རྨོངས་པ་འམ། མི་གསལ་བ་དག་གིས་ཀྱང་ཐམས་ཅད་ཀྱིས་ཁྱད་པར་མེད་པར་

བསླབས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་གང་ཡིན་པ་དེ་དག་གིས་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་ཕྱི་རོལ་པའི་བསྟན་བཅོས་བསླབ་པར་བྱའི། བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་དག་གིས་མ་ཡིན་

ནོ། །དེ་རྣམས་དེ་ལ་བརྩོན་པ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་དུ་བྱས་ལ། དུས་གཉིས་ནི་སངས་རྒྱས་ཀྱི་གསུང་རབ་བཀླག་པར་བྱ་ཞིང་གསུམ་པ་ལ་ནི་ཕྱི་རོལ་པའི་བསྟན་བཅོས་དག་གོ། །བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་བྱའོ་ཞེས་བཀའ་

སྩལ་པ་དང་། དགེ་སློང་རྣམས་ལོ་དང་ཟླ་བའི་དུས་དག་ཏུ་སློབ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཚེ་ནི་སྐད་ཅིག་མ་ཡིན་པས་ངས་ལོ་དང་ཟླ་བའི་དུས་ལ་དགོངས་ཏེ་མ་གསུངས་ཀྱི། འོན་ཀྱང་ཉིན་གཅིག་ལ་ཆ་གསུམ་དུ་བྱའོ། །དགེ་སློང་རྣམས་

གསལ་བའི་དུས་སུ་ནི་ཕྱི་རོལ་པའི་བསྟན་བཅོས་འདོན་ལ། གཞན་དག་ཏུ་ནི་སངས་རྒྱས་ཀྱི་གསུང་རབ་འདོན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསལ་བའི་དུས་སུ་སངས་རྒྱས་ཀྱི་གསུང་རབ་གདོན་པར་བྱ་སྟེ། ཕྱི་རོལ་པའི་བསྟན་བཅོས་ནི་མ་ཡིན་ནོ། །སངས་རྒྱས་

བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེའི་ཁྱེའུ་ལྷ་སྦྱིན་དང་། བ་ལང་འབྱོར་གཉིས་རབ་ཏུ་ཕྱུང་ནས། དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུས་མདོ་སྡེ་འདོན་དུ་བཅུག་གོ། །ཇི་ཙམ་དུས་གཞན་

ཞིག་ན་ལྗོངས་རྒྱུ་ཞིང་དོང་ནས་རི་བྲགས་ཤིག་ཏུ་ཕྱིན་པ་དང་། དེར་དེ་དག་ལ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་ནས་དེ་གཉིས་དེར་འཁོད་དོ། །དེ་གཉིས་སྔོན་གོམས་པའི་ཤུགས་ཀྱིས་སངས་རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང་། ཚིག་དང་རིམ་པ་སྦྱར་ནས་ཁ་ཏོན་དུ་འདོན་ཏོ། །དེ་དག་ལས་གཅིག་ནི་ཤིའོ། །ཅིག་

Vol. 10 · folio 71a

ཤོས་ཀྱིས་གཞུང་བརྗེད་པར་གྱུར་ནས། དེ་ལ་ཁ་ཏོན་ལས་བྱུང་བའི་རྙེད་པ་མེད་ནས་དེ་དང་དེ་དག་ཏུ་འཁྱམ་འཁྱམ་ནས་ཕྱིར་མཉན་ཡོད་དུ་འོངས་སོ། །དེ་ནས་ངལ་བསོས་ཏེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ག་ལ་བ་དེར་སོང་སྟེ་ཕྱག་བྱས་ནས་སྨྲས་པ། གནས་བརྟན་གཡར་ཏོན་དབོག་ཏུ་

གསོལ། དེས་སྨྲས་པ། བུ་ལེགས་སོ་དེ་བཞིན་ཁ་ཏོན་བསླབ་བོ་ཞེས་དེས་དེ་དང་ལྷན་ཅིག་ཁ་ཏོན་བྱ་བར་བརྩམས་པ་དང་། ཁ་ཏོན་ཐུང་ངུར་འདོན་ནས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་རིང་པོར་མ་བཏོན་པས་གདོན་ནོངས་སོ། །དེས་སྨྲས་པ། བུ་ཁོ་བོས་དེ་ལྟར་བསླབས་སོ། །དེས་

དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་པོ་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། གནས་བརྟན་

གཡར་ཏོན་དབོག་ཏུ་གསོལ། དེས་སྨྲས་པ། བུ་ལེགས་སོ་དེ་བཞིན་ཁ་ཏོན་བསླབ་པར་བྱའོ་ཞེས་དེས་དེ་དང་ལྷན་ཅིག་ཁ་ཏོན་གདོན་པར་བརྩམས་པ་དང་། དེ་ནས་ཁ་ཏོན་ཐུང་ངུར་བཏོན་ནས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་གདོན་ནོངས་སོ། །དེས་སྨྲས་པ། བུ་ཁོ་བོས་དེ་ལྟར་

བསླབས་སོ། །དེས་དེའི་རྐང་པ་ལ་ཕྱག་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་ཕྱག་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོས་གཡར་ཏོན་དབོག་ཏུ་གསོལ། དེས་སྨྲས་པ། བུ་ལེགས་

སོ། །དེ་བཞིན་དུ་ཁ་ཏོན་དུ་བསླབ་བོ། །དེས་དེ་དང་ལྷན་ཅིག་ཁ་ཏོན་བྱ་བར་བརྩམས་པ་དང་། ཇི་ཙམ་ན་ཁ་ཏོན་རིང་པོར་བཏོན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་རིང་པོར་བཏོན་པ་དང་། དེས་སྨྲས་པ། མཁན་པོ་དགེ་སློང་དེ་དག་ཀུན་གྱིས་ནི་གདོན་ནོངས་ཀྱི། ཁྱོད་ཉག་གཅིག་

གིས་མ་ཉམས་པར་བཏོན་ཏོ། །དེས་སྨྲས་པ། མི་བླུན་པོ་ཁྱོད་ཉིད་ཀྱིས་གདོན་ཉེས་ཀྱི། དགེ་སློང་དག་གིས་ནི་མ་ཉམས་པར་བཏོན་ཏོ་ཞེས་དེས་དེ་སྤྱོས་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ།

Vol. 10 · folio 71b

ཉེས་དམིགས་ཅུང་ཟད་གང་བྱུང་བ་ནི་དགེ་སློང་རྣམས་སངས་རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང་། ཚིག་དང་རིམ་པ་སྦྱར་ནས་འདོན་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་སངས་རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང་། ཚིག་དང་རིམ་པར་སྦྱར་ནས་གདོན་པར་མི་བྱའོ། །དགེ་སློང་གིས་སངས་

རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང་། ཚིག་དང་རིམ་པར་སྦྱར་ནས་འདོན་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡུལ་གྱི་ངེས་པའི་ཚིག་དང་། སྐད་ཀྱི་ངེས་པའི་ཚིག་དང་། ལྗོངས་ཀྱི་ངེས་པའི་ཚིག་ཡིན་ན་ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་རྒས་པའི་གནས་སྐབས་ན་ཡང་རྒོད་བག་བྱེད་པ་དང་། དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་མགོ་སྐྱས་ཀྱང་ད་དུང་རྒོད་བག་མི་གཏོང་ངམ། དེ་དག་ཅང་མི་སྨྲ་བར་འཁོད་ནས་མཐའ་གཅིག་ཏུ་དོང་སྟེ་སྨྲས་པ།

དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་དཀོས་ཐག་པ་འདི་དག་ལ་མི་དགའ་བ་ཞིག་བྱའོ་ཞེས་དེ་དག་དེ་ལྟར་གླགས་ཚོལ་བ་ལ་བརྩོན་པར་འཁོད་པ་ན་དགེ་སློང་གནས་བརྟན་གནས་བརྟན་དག་དགོན་པའི་གནས་སུ་དོང་སྟེ་བསམ་གཏན་དང་བཀླག་པར་བྱ་བ་དག་བརྩམས་སོ། །དེ་ནས་དྲུག་སྡེ་རྣམས་

ཀྱིས་གནས་གསུམ་ནས་ནགས་མེས་བཏང་སྟེ་ངོས་གཅིག་ཏུ་འདུས་ནས་བསྡད་པ་དང་། དགེ་སློང་རྣམས་ནགས་མེས་ཚིག་པའི་གནོད་པ་བྱུང་བས་རིངས་པ་རིངས་པར་འབྲོས་པར་བརྩམས་སོ། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། གནས་བརྟན་དག་ཅིའི་སླད་དུ་རིངས་རིངས་ལྟར་བཞུད།

ཚེ་དང་ལྡན་པ་དག་ནགས་ཀྱི་མེ་མ་མཐོང་ངམ། གནས་བརྟན་དག་བཅོམ་ལྡན་འདས་ཀྱིས་བདེ་བའི་གནས་སྐབས་སུ་ཚུལ་ཁྲིམས་གསུངས་སམ་ཅི་ལགས་ཞེས་ཅུང་ཟད་བགད་པ་དང་། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་ཁོ་བོ་ཅག་ལ་བསམས་བཞིན་དུ་མ་གཙེས་གྲང་།

བཀྲེན་པ་དག་ཁྱེད་དེ་ལྟར་མི་དགའ་བར་བྱའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ནགས་མེས་གཏང་བར་མི་བྱའོ། །གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་

Vol. 10 · folio 72a

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་རྒན་པོ་ཞིག་དང་། གསར་བུ་ཞིག་ལྗོངས་རྒྱུ་ཞིང་དོང་བ་དང་། རྒན་པོ་ལ་ནི་སྣོད་མང་ཞིང་ཡོ་བྱད་མང་ལ། གསར་བུ་ནི་མ་གྲགས་ཤིང་ཆོས་གོས་གསུམ་

ལས་ལྷག་པ་མེད་པ་ཞིག་པས། རྒན་པོས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོ་ངལ་གྱིས་རེ་ཞིག་ཆོས་གོས་ཀྱི་གཏུར་བུ་ཁྱེར་ཏེ་ཤོག་ཤིག །གསར་བུ་དེས་སྨྲས་པ། གནས་བརྟན་བཀའ་འབབ་པར་མི་འགྱུར་ན་རེ་ཞིག་ཅུང་ཟད་ཅིག་གསོལ་བ་མཆིས་སོ། །ཚེ་དང་ལྡན་པ་འདི་ལ་སུ་

ཞིག་གཤེ་སྨྲོས་ཤིག །གནས་བརྟན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གཟིགས་སམ་ཅི། རྨོངས་པའི་ཡོ་བྱད་འདིས་ཅི་ཞིག་བགྱི། བཞིན་བཟངས་གལ་ཏེ་མི་བཀུར་བ་ནི་རེ་ཞིག་རུང་ན་འདི་དྲི་བར་བྱ་སྟེ། ཁྱོད་ཁོ་བོའི་མཁན་པོ་འམ། སློབ་དཔོན་ཡིན་ནམ། ཅི་གང་གི་ཕྱིར་རྗེས་

སུ་སྟོན་པར་བྱེད། དེ་ཅང་མི་སྨྲ་བར་འདུག་པ་དང་། རྒན་པོས་བསམས་པ། བཀྲེན་པ་འདི་མི་དགའ་བར་བྱའོ་སྙམ་མོ། །ཇི་ཙམ་ན་དེ་གཉིས་གཙུག་ལག་ཁང་དུ་དོང་བ་དང་། དེ་ན་ནུབ་གཅིག་ཀྱང་མི་གནས་པར་འདུག་པར་མི་བྱ་བའི་ཁྲིམས་སུ་བྱ་བ་ཡོད་དེ། དེ་གཉིས་ལ་གནས་མལ་གྱི་

ཞལ་ཏ་བྱེད་པས་གནས་མལ་དག་སྣོམས་ཤིག་ཅེས་སྨྲས་པ་དང་། རྒན་པོས་ནི་བླངས་སོ། །གསར་བུ་དེས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོས་གནས་མ་བཅས་ཀྱིས། ཇེ་གནས་གསོལ་ལོ་ཞེས་དེ་དགེ་འདུན་གྱི་གནས་བརྟན་གྱི་གན་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། གནས་བརྟན་

བདག་གི་གནས་མཛད་དུ་གསོལ། དེས་སྨྲས་པ། བཞིན་བཟངས་ཁྱོད་སུ་དང་ལྷན་ཅིག་འོངས། གནས་བརྟན་དགེ་སློང་ཆེ་གེ་མོ་ཞིག་དང་ངོ་། །བཞིན་བཟངས་དེ་དགེ་འདུན་གྱི་གནས་བརྟན་གྱིས་བདག་འཁོར་དང་ཕྱེའོ་ཞེས་ཟེར་དུ་འོང་གིས་སོང་ལ་དེ་ཉིད་ལ་གནས་གསོལ་ཅིག །དེ་གཞན་དག་

གི་གན་དུ་སོང་བ་དང་། ཐམས་ཅད་ཀྱིས་དེ་བཞིན་སྤངས་ནས་ནམ་སྲོས་ཏེ་རྒན་པོ་དེ་ཉིད་ཀྱི་གན་དུ་སོང་ནས་སྒོ་ལ་བརྡབས་ཏེ་སྨྲས་པ། གནས་བརྟན་ཕྱག་འཚལ་ལོ། །ཁྱོད་སུ་ཞིག་བདག་མིང་འདི་ཞེས་བགྱི་བ་དེ་ལགས་སོ། །ཁྱོད་ནད་མེད་པར་གྱུར་ཅིག །གནས་བརྟན་གཙུག་ལག་ཁང་འདི་ན་

Vol. 10 · folio 72b

ནུབ་གཅིག་ཀྱང་མི་གནས་པར་མཆིས་པར་མི་བགྱི་བའི་ཁྲིམས་སུ་མཛད་པ་མཆིས་ན་བདག་གི་གནས་མཛད་དུ་གསོལ། བཞིན་བཟངས་དགེ་འདུན་གྱིས་དེ་ལྟ་བུའི་ཁྲིམས་སུ་བཅའ་བ་མཛད་པ་ལེགས་ཏེ། གལ་ཏེ་མ་མཛད་ན་ཁོ་བོས་འཆར་གཞུག་པ་ཞིག་དེའི་ཚེ་ནི་ཁོ་བོ་སྣོད་མང་ཞིང་ཡོ་བྱད་མང་བ་ཡིན་

ལ། ང་ནི་གནས་བརྟན་ཡིན་ནམ། ཁྱོད་མ་གུས་པ་བྱས་ཀྱང་གནས་སྟེར་བ་གང་ཡིན་པ་དེ་ལ་གནས་ཆོས་ཤིག །དེ་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འདུག་སྟེ། དེའི་གནས་བར་ཆད་དུ་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། གནས་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱ། དགེ་སློང་གིས་སེང་གེ་བཞིན་གཏུམ་པོར་མི་བྱ། དགེ་འདུན་གྱིས་ཀྱང་དགེ་སློང་རྣམས་ལ་གནོད་པར་འགྱུར་བའི་ཁྲིམས་བཅའ་བར་མི་བྱ་སྟེ། དགེ་སློང་གནས་མ་བཅས་པར་ལྗོངས་རྒྱུ་ཞིང་འགྲོའམ། སེང་

གེ་བཞིན་གཏུམ་པོར་བྱེད་དམ། དགེ་འདུན་གྱིས་ཁྲིམས་སུ་བྱ་བ་དེ་ལྟ་བུ་བཅས་ན་ཐམས་ཅད་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཞབས་འབྲིང་བ་ཚེ་དང་ལྡན་པ་ཀླུ་སྐྱོང་དང་ཡུལ་མ་ག་དྷཱར་ལྗོངས་རྒྱུ་ཞིང་གཤེགས་ཏེ་གྲོང་ཁྱེར་སད་ཀར་ཅན་དུ་གཤེགས་ནས།

སད་ཀར་ཅན་ན་གནོད་སྦྱིན་བ་ཀུ་ལའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་མཚན་མོ་ནམ་སྲོས་ཏེ། མུན་གནག་ཅིང་ཁད་ཀྱིས་ཅུང་ཟད་ཅུང་ཟད་ཆར་འབབ་ཅིང་གློག་འབྱུང་བ་ན་བླ་གབ་མེད་པའི་འཆག་ས་ན་འཆག་པ་མཛད་དོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་

ལྡན་འདས་རྣམས་ཀྱི་ཞབས་འབྲིང་བ་དགེ་སློང་རྣམས་ནི་ཇི་སྲིད་སངས་རྒྱས་བཅོམ་ལྡན་འདས་རྣམས་ནང་དུ་ཡང་དག་འཇོག་ལ་མི་བཞུགས་པ་དེ་སྲིད་དུ་ནང་དུ་ཡང་དག་འཇོག་ལ་མི་འཇུག་གོ། །བརྒྱ་བྱིན་ལྷའི་དབང་པོའི་ཤེས་པ་དང་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་བསམས་པ།

སངས་རྒྱས་བཅོམ་ལྡན་འདས་དེ་གྲོང་ཁྱེར་སད་ཀར་ཅན་ནས་སད་ཀར་ཅན་གྱི་རི་ལ་གནོད་སྦྱིན་བ་ཀུ་ལའི་གནས་ན་བཞུགས་ཤིང་། དེ་མཚན་མོ་ནམ་སྲོས་ཏེ་མུན་གནག་ཅིང་ཁད་ཀྱིས་ཅུང་ཟད་ཅུང་ཟད་ཆར་འབབ་ཅིང་གློག་འབྱུང་བ་ན། བླ་གབ་མེད་པའི་འཆག་ས་ན་འཆག་སྟེ། མ་ལ་བདག་

Vol. 10 · folio 73a

དེར་ཉེ་བར་འགྲོའོ་སྙམ་དུ་རིག་ནས་བཻ་ཌཱུརྱ་ལས་བྱས་པའི་དྲི་གཙང་ཁང་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་འཆག་པ་མཛད་པའི་ཞབས་འབྲིང་ན་འཆག་ཅིང་འདུག་གོ། །དེའི་ཚེ་ཡུལ་མ་ག་དྷཱ་པའི་མི་

རྣམས་ཁྱེའུ་དང་བུ་མོ་ངུ་བ་གང་ཡིན་པ་དེ་དག་ལ་དེ་རྣམས་གནོད་སྦྱིན་བ་ཀུ་ལའི་མིང་གིས་སྡིགས་པར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀླུ་སྐྱོང་གིས་འདི་སྙམ་དུ་བསམས་ཏེ། ཀྱེ་མ་བཅོམ་ལྡན་འདས་ཧ་ཅང་ཡུན་རིང་དུ་བླ་གབ་མེད་པའི་འཆག་ས་ན་འཆག་པ་མཛད་པས་མ་ལ་བདག་གིས་དེ་ལ་

གནོད་སྦྱིན་བ་ཀུ་ལས་བསྡིགས་སོ་སྙམ་དུ་རིག་ནས་ལ་བ་བཟློག་སྟེ་བགོས་ནས་འཆག་སའི་སླད་དུ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བ་ཀུ་ལ་བ་ཀུ་ལ་དགེ་སྦྱོང་ང་ནི་གནོད་སྦྱིན་བ་ཀུ་ལ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀླུ་སྐྱོང་ལ་འདི་སྐད་

ཅེས་བཀའ་སྩལ་ཏོ། །མི་བླུན་པོ་ཁྱོད་ཀྱང་དེ་བཞིན་གཤེགས་པ་ལ་གནོད་སྦྱིན་བ་ཀུ་ལས་བསྡིགས་པར་སེམས་སམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བསྙེངས་པ་དང་བག་ཚ་བ་དང་བྲལ་བ་སྟེ། དེ་བཞིན་གཤེགས་པ་ལ་བསྙེངས་

པའམ། ཞུམ་པའམ། སྤུ་ཟིང་ཞེས་བྱེད་པ་མི་མངའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་མ་དད་པར་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཆོས་འདུལ་བ་འདི་ལ་འདི་འདྲ་བའི་གང་ཟག་ཀྱང་མཆིས་སམ། ཀཽ་ཤི་ཀ་ཁྱོད་སྡོད་ཅིག །གཽ་ཏ་མའི་

རིགས་ནི་རྒྱ་ཆེ་བ་ཡིན་པས་འདི་ཡང་ཕྱིས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ལ་བ་བཟློག་སྟེ་གྱོན་པ་ལས་གྱུར་པར་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མི་བླུན་

པོ་ཀླུ་སྐྱོང་གིས་ལ་བ་བཟློག་སྟེ་བགོས་ནས་དེ་བཞིན་གཤེགས་པ་ལ་བ་ཀུ་ལ་བ་ཀུ་ལ། དགེ་སྦྱོང་ང་ནི་གནོད་སྦྱིན་བ་ཀུ་ལ་ཡིན་ནོ། །ཞེས་ཟེར་ཏེ། དེ་ལྟ་བས་ན་དགེ་སློང་གིས་ལ་བ་བཟློག་སྟེ་བགོ་བར་མི་བྱའོ། །གྱོན་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་

Vol. 10 · folio 73b

གིས་ལ་བ་བཟློག་སྟེ་བགོ་བར་མི་བྱའོ། །གྱོན་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཀའ་སྩལ་པ་དང་། དགེ་སློང་བ་ལང་གི་གནས་ན་འཁོད་པ་དེ་དག་གིས་དེར་ལ་བའི་བགོ་བ་དག་རྙེད་པ་དང་། དེ་དག་ལ་ཤིག་ཞུགས་ཏེ། དགེ་སློང་རྣམས་ཤིག་གིས་ཟོས་པས་བདེ་བ་མི་འཐོབ་པའི་སྐབས་དེ་དགེ་

སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལ་བ་བཟློག་སྟེ་གྱོན་པས་འདུག་པར་བྱ། ཉལ་བར་བྱའི་བཅག་པར་ནི་མི་བྱའོ།། །།སྡོམ་ནི། བེའུ་རས་དང་ནི་ལ་བ་དང་། །དེ་བཞིན་ལ་བའི་མཆོག་དང་ནི། །སྒྲོག་མིག་སྒྲོག་རྟེན་མདུད་པ་

དང་། །སྐ་རགས་དག་ནི་གསུམ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་དགེ་འདུན་ལ་བེའུ་རས་

གྲུབ་ན་ཡང་གནང་ལ། གང་ཟག་ལ་ཡང་གནང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཤིང་སྔ་མ་བཞིན་ཏེ། དགེ་འདུན་ལ་ལ་བ་གྲུབ་ན་ཡང་གནང་ལ། གང་ཟག་ལ་ཡང་གནང་ངོ་། །སངས་རྒྱས་བཅོམ་

ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཤིང་སྔ་མ་བཞིན་ཏེ། དགེ་འདུན་ལ་ལ་བ་མཆོག་གྲུབ་ན་ཡང་གནང་ལ། གང་ཟག་ལ་ཡང་གནང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་

གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་པ་ཞིག་འདུག་པ་དེ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ཆོས་གོས་ནར་ནས། དེས་མྱུར་བ་མྱུར་བར་ལྷུང་བཟེད་

ས་ལ་བཞག་ནས། དེ་ཚགས་བྱས་པ་དང་། དེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་ཞིང་དགེ་སློང་ཤཱཀྱའི་བུ་རྣམས་ནི་གཙང་སྦྲ་མེད་དེ། ལྷུང་བཟེད་བབ་བབ་ཏུ་འཇོག་གོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

Vol. 10 · folio 74a

སྩལ་པ། དགེ་སློང་གིས་ལྷུང་བཟེད་བབ་བབ་ཏུ་གཞག་པར་མི་བྱའོ། །དགེ་སློང་ལྷུང་བཟེད་བབ་བབ་ཏུ་འཇོག་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་ཆོས་གོས་བསྲུང་བའི་ཕྱིར་ཆོས་གོས་ཀྱི་སྒྲོག་མིག་གདགས་པར་བྱའོ། །དགེ་སློང་རྣམས་ཀྱིས་བཏགས་པ་དང་། དེས་ཆོས་གོས་རལ་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲོག་ཟུངས་ཀྱིས་གློན་ལ་ཐོགས་ཤིག །དགེ་སློང་རྣམས་ཀྱིས་སྒྲོག་ཟུངས་ཀྱིས་གླན་ནས་བཏགས་པ་དང་། དེ་སྒྲོག་མདུད་མེད་པས་མ་ཆགས་ཏེ་ཉེས་དམིགས་སུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུད་པ་བྱའོ། །

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་པ་ཞིག་འདུག་པ་དེ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་

སོ། །དེ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་སྨད་གཡོགས་སྙིལ་བ་དང་། དེ་མྱུར་བ་མྱུར་བར་ལྷུང་བཟེད་ས་ལ་བཞག་སྟེ། དེ་ཚགས་བཅོས་སོ། །བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་བསྲུང་བའི་

ཕྱིར་སྐ་རགས་རྣམ་པ་གསུམ་པོ། ཤུར་བུ་དང་། ཤུར་བུ་ཕྲེའུ་དང་། ལྕག་པོད་བཅང་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བདུན་པ། སྡོམ་ནི། སྟོན་པ་སེར་སྐྱའི་གནས་བཞུགས་པས། །རྒྱན་སྤེལ་མ་དང་ཕྱང་ཕྲུལ་ཅན། །ཟླ་གམ་དང་ནི་གསེར་སྐུད་

ཅན། །ཁྲ་བོ་ཐམས་ཅད་བཀག་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཤཱཀྱ་མིང་ཆེན་གྱི་ཁྱིམ་གྱི་ཞལ་ཏ་བ་དུས་ལས་འདས་པ་དང་། རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་དག་ཤཱཀྱ་མིང་ཆེན་ག་ལ་བ་དེར་སོང་སྟེ་

སྨྲས་པ། རྗེ་ཁྱོད་ཀྱི་ཁབ་ཀྱི་ཞལ་ཏ་བ་གུམ་ན། ཞལ་ཏ་བ་གཞན་ཞིག་བསྐོར་གསོལ། དེས་དེའི་དྲུང་ན་བྲམ་ཟེའི་ཁྱེའུ་ཞིག་འདུག་པ་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་རེ་ཞིག་ཁྱོད་སོང་ཤིག །ཇི་ཙམ་ན་ཞལ་ཏ་བ་གཞན་ཞིག་བཏང་ངོ་། །དེ་སོང་ནས་དེས་ཆོས་བཞིན་དུ་རིགས་པར་སྤྱད་

Vol. 10 · folio 74b

པས་དཔྱ་ནར་མ་དང་། བླ་སྐྱེས་རབ་ཏུ་མང་པོར་ཕུལ་བ་དང་། ཤཱཀྱ་མིང་ཆེན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་དཔྱ་ནར་མ་དང་བླ་སྐྱེས་འདི་ལྟར་མང་བ་ཁྱོད་ཀྱིས་སྐྱེ་བོའི་ཚོགས་ལ་གནོད་པར་མ་བྱས་གྲང་། དེས་སྨྲས་པ། རྗེ་དཔྱ་ནར་མ་དང་བླ་སྐྱེས་འདི་རིགས་པས་མཆིས་པ་ལགས་ཏེ། བདག་

གིས་སྐྱེ་བོའི་ཚོགས་ལ་གནོད་པ་བགྱིས་པ་མ་ལགས་སོ། །དེས་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་དེ་ལ་སྨྲས་པ། ཤེས་ལྡན་དག་བྲམ་ཟེའི་ཁྱེའུ་འདིས་ཁྱེད་འགའ་ལ་གནོད་པ་མི་བྱེད་གྲང་། རྗེ་དཔྱ་ནར་མ་དང་བླ་སྐྱེས་འདི་རིགས་པས་མཆིས་པ་ལགས་ཏེ། འདིས་འགའ་

ལ་ཡང་གནོད་པ་མ་བགྱིས་སོ་ཞེས་སྨྲས་པ་དང་། དེས་དེ་རི་བྲགས་ཀྱི་ཞལ་ཏ་བར་བཅུག་གོ། །འཇིག་རྟེན་ནི་འབྱོར་པ་འདོད་ཅིང་རྒུད་པ་དང་མི་མཐུན་པ་ཡིན་པས། དེ་ལ་བྲམ་ཟེ་གཞན་ཞིག་གིས་བུ་མོ་བྱིན་པ་དང་། དེས་དེ་ཉི་མ་དང་། ཚེས་གྲངས་དང་། ཡུད་ཙམ་དང་སྦྱར་ནས་བག་

མར་བླངས་སོ། །དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་ཁྱེའུ་ཞིག་བཙས་ཏེ། དེ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པའི་མིང་ཡང་བཏགས་སོ། །ཡང་

དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་ཡང་རྒྱ་ཆེར་བྱས་ནས་མིང་ཟླ་བ་ཞེས་བྱ་བར་བཏགས་སོ། །དེ་བསྐྱེད་བསྲིངས་ཏེ་ཆེན་མོར་གྱུར་པ་དང་། དེ་མཁས་ཤིང་སྤྱོད་ལམ་དང་འགྲོ་འདུག་འོ་གཟེ་བས་རི་བྲགས་ན་གནས་པའི་སྐྱེ་བོའི་

ཚོགས་ཐམས་ཅད་ཀྱི་ཡིད་དུ་འོང་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེའི་ཁྱེའུ་དེ་ན་བར་གྱུར་ནས་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་གྱིས་རིམ་གྲོ་བྱས་ཀྱང་ནད་དེ་ཞི་བར་མ་གྱུར་ནས། རི་བྲགས་པ་དེས་དཔྱ་ནར་མ་དང་། བླ་སྐྱེས་ཕུལ་བ་གང་ཡིན་པ་དེ་དག་

ཐམས་ཅད་སྤྱད་ཅིང་སྐྱིན་པོ་གཞན་དག་བླངས་ནས། འོན་ཀྱང་སོས་པར་མ་གྱུར་ནས་དེ་དེ་ཉིད་དུ་དུས་ལས་འདས་སོ། །རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་དག་ཤཱཀྱ་མིང་ཆེན་ག་ལ་བ་དེར་འོངས་ཏེ་སྨྲས་པ། རྗེ་ཞལ་ཏ་བ་དེ་ནི་གུམ་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་དེ་ན་དཔྱ་ནར་མ་དང་བླ་སྐྱེས་

Vol. 10 · folio 75a

སུ་ཕུལ་བ་ཡོད་དམ། རྗེ་ཏེ་པོར་མང་དུ་ཕུལ་མོད་ཀྱི་དེས་བྲོ་འཚལ་བའི་ཡོ་བྱད་དུ་སྤྱད་ན་འོན་ཀྱང་སོས་པར་མ་གྱུར་ནས་སྐྱིན་པོ་གཞན་དག་ཀྱང་བགྱིས་སོ། །ངེད་ལ་དེ་ན་ལྷག་མ་ཅུང་ཟད་ཅི་ཡོད་པ་དེས་བུ་ལོན་སོབས་ཤིག །རྗེ་དེ་ན་ཅུང་ཟད་ཀྱང་མ་མཆིས་ཏེ། ལུས་པར་བཏབ་ན་དེའི་མཆིས་

འབྲང་དང་། བུ་ཕོ་དང་བུ་མོ་མཆིས་ཏེ། དེའི་བུ་མོ་དེ་མཁས་ཤིང་སྤྱོད་ལམ་དང་འགྲོ་འདུག་འོ་གཟེ་བ་ལགས་པས་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་ཡིད་དུ་མཆི་བར་གྱུར་ཏོ། །མིང་ཆེན་གྱིས་སྨྲས་པ། ཤེས་ལྡན་དག་དེའི་ཆུང་མ་དང་བུ་ཕོ་དག་ཅི་དགར་ཐོང་ལ་བུ་མོ་དེ་འདིར་ཁུག་

ཤིག །དེ་རྣམས་ཀྱིས་དེའི་ཆུང་མ་དང་བུ་ཕོ་དེ་དག་ཅི་དགར་བཏང་ནས་བུ་མོ་དེ་མིང་ཆེན་གྱི་གན་དུ་ཁྲིད་དོ། །ཤཱཀྱ་མིང་ཆེན་གྱི་ཆུང་མ་རྒན་མོ་གཅིག་ཁ་ཟས་གཡོ་བ་དང་། མེ་ཏོག་ཐུ་བའི་ལས་རྣམ་གཉིས་བྱེད་པ་དེས་སྨྲས་པ། ཇོ་བོ་ད་ནི་བདག་ཤིན་དུ་རྒས་པས་སུག་ལས་རྣམ་གཉིས་བགྱིད་རྔོ་

མི་ཐོག་ན། ཟླ་བ་འདི་བདག་གི་དན་གྲོགས་སུ་བསྐོར་གསོལ། དེས་དེ་ངན་གྲོགས་སུ་བསྐོས་སོ། །དེ་ལ་དེས་སྨྲས་པ། ཟླ་བ་ཁྱོད་ནི་ཀུན་དགའ་བར་སོང་ལ་མེ་ཏོག་ཐུས་ཤིག །ངས་ནི་ཁ་ཟས་གཡོའོ། །དེ་ཀུན་དགའི་ར་བར་སོང་ནས་མེ་ཏོག་བཏུས་ཏེ་དེ་ནས་ཕྲེང་བ་ལེགས་པར་བརྒྱུས་

ནས་མིང་ཆེན་གྱི་གན་དུ་སོང་བ་དང་། དེ་མཐོང་ནས་ཡོངས་སུ་དགའ་སྟེ་སྨྲས་པ། ལེགས་སོ་ཞོག་ཤིག་ཅེས་སྨྲས་ནས་ཆུང་མ་རྒན་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་སྔོན་ནི་མེ་ཏོག་ཉུང་ལ་དེ་རིང་མང་བར་གྱུར། དེས་སྨྲས་པ། སྔོན་ནི་ཁྱོད་ཀྱི་གཉེན་དག་མཆིས་ནས་བདག་ལ་སློང་བ་ན་

བདག་གིས་དེ་དག་ལ་སྩལ་པ། འདིས་ནི་སུ་ལ་ཡང་མ་སྩལ་བ་དང་བདག་ནི་རྒས་པས་མིག་རྟུལ་ལ། འདི་ནི་མིག་རྣོ་བས་ཐུ་མཁས་པ་ལས་གྱུར་ཏོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་དེ་ཀུན་དགའ་ར་བར་ཐོང་ལ་དེར་ཞོག་ཤིག །དེས་དེ་ཀུན་དགའི་ར་བ་དེ་ཉིད་དུ་བཞག་པ་དང་། དེ་མེ་ཏོག་གི་

ཕྲེང་བ་བཟང་པོ་རྒྱུད་པར་བྱེད་པས་དེའི་མིང་ཕྲེང་ལྡན་མ་ཕྲེང་ལྡན་མ་ཞེས་བྱ་བར་གྲགས་སོ། །དུས་གཞན་ཞིག་ན་དེ་ཁྱིམ་ནས་རང་གི་ཟན་བླངས་ཏེ་ཀུན་དགའ་ར་བར་སོང་བ་དང་། བཅོམ་ལྡན་འདས་ཀྱང་བསོད་སྙོམས་ལ་གཤེགས་སོ། །དེས་བཅོམ་ལྡན་འདས་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཤིན་ཏུ་

Vol. 10 · folio 75b

བདེ་ཞིང་རབ་ཏུ་དགའ་བས་རྟོག་པར་བྱེད་ཅིང་བསམས་པ། འདི་ལྟ་བུའི་ཡོན་གནས་ཡང་དག་པ་ལ་བདག་གིས་བྱ་བ་མ་བྱས་པས་དེས་ན་བདག་འདི་ལྟ་བུའི་གནས་སྐབས་སུ་གྱུར་པར་གདོན་མ་ཟོས་སོ། །དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལས་བསོད་སྙོམས་བཞེས་ན། བདག་གིས་

བཅོམ་ལྡན་འདས་ལ་དབུལ་ལོ་སྙམ་པ་དང་། སྐབས་དེ་ལྟ་བུ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་ཞེས་བྱ་བ་ནས། ལུས་

ཅན་རྣམས་ལ་འབྲས་བུར་སྨིན་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྗེས་སུ་གཟུང་བའི་ཕྱིར་ལྷུང་བཟེད་བཟེད་དེ་སྲིང་མོ་ཁྱོད་ཀྱིས་གལ་ཏེ་ཡོངས་སུ་བཏང་ན་ལྷུང་བཟེད་འདིར་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། དེས་ཤིན་ཏུ་དད་པས་བཅོམ་ལྡན་འདས་ལ་བསོད་

སྙོམས་དེ་ཕུལ་ནས་ཞབས་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། བདག་གི་དགེ་བའི་རྩ་བ་འདིས་བྲན་མོ་དང་དབུལ་པོར་མི་འགྱུར་བར་ཤོག་ཤིག །ཇི་ཙམ་ན་དེའི་ཕའི་གྲོགས་པོ་བྲམ་ཟེ་མཚན་མཁན་ཞིག་ཡོད་པ་དེས་དེ་མཐོང་ནས་སྨྲས་པ། བུ་མོ་ཁྱོད་ག་ལས་འོངས།

རི་བྲགས་དེ་ཁོ་ན་ནས་སོ། །སུ་ལ་གནས་ཤིང་འདུག་དེས་སྨྲས་པ། གང་ན་སྐལ་བ་ཆུང་ངུ་གནས་པ་ན་སྟེ། བདག་མིང་ཆེན་གྱི་བྲན་མོ་བགྱིས་སོ། །ཁྱོད་ཀྱི་ཕ་དེ་གར་སོང་། གུམ་མོ། །མ་དང་མིང་པོ་དེ་དག་གར་དོང་། གར་མཆིས་མ་འཚལ་ཏོ། །ཟླ་བ་ཁྱོད་བྲན་མོའི་འོས་མ་ཡིན་ན་ལག་

པ་རྐྱོང་ཤིག་དང་བལྟའོ། །དེས་ལག་པ་བརྐྱང་བ་དང་། དེས་བལྟས་ནས་ཚིགས་སུ་བཅད་དེ་སྨྲས་པ། གང་གི་ལག་པའི་མཐིལ་དག་ལ། །ལྕགས་ཀྱི་འཁོར་ལོའི་མཚན་ཡོད་པ། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང་། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །གང་གི་བཞིན་ནི་

རྒྱས་པ་དང་། །ངང་པའི་རྒྱལ་པོའི་གདངས་འདྲ་བ། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང་། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །གང་གི་རྐང་པའི་མཐིལ་དག་ལ། །གྲོང་ཁྱེར་ཅོག་དང་རྟ་བབས་བཅས། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང་། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །

Vol. 10 · folio 76a

ཁྱོད་མི་དགར་མ་བྱེད་པར་སོང་ཤིག་དང་། ཁྱོད་བྲན་མོར་མི་འགྱུར་གྱི་ཁྱོད་རྒྱལ་པོའི་བཙུན་མོར་འགྱུར་རོ། །དེ་གནས་དེ་ནས་སྐྱེད་མོས་ཚལ་དུ་སོང་བ་དང་། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་དགས་ཤོར་དུ་ཆས་པ་རྟས་ཁ་ཁྱེར་ཏེ། གཅིག་པུ་སེར་སྐྱའི་གནས་སུ་

ཕྱིན་ཏོ། །དེ་ཕན་ཚུན་འཁྱམ་པ་ལས་མིང་ཆེན་གྱི་ཀུན་དགའ་ར་བར་སོང་ནས། དེས་བུ་མོ་དེ་ལ་དྲིས་པ། བུ་མོ་འདི་སུའི་ཀུན་དགའ་ར་བ་ཡིན། དེས་སྨྲས་པ། ལྷ་ཤཱཀྱ་མིང་ཆེན་གྱི་ལགས་སོ། །དེ་རྟ་ལས་བབས་ཏེ་སྨྲས་པ། བུ་མོ་རྐང་པ་བཀྲུས་ཆུ་ལོང་ཤིག །དེ་ཤིན་དུ་མྱུར་

བར་རྫིང་བུར་སོང་སྟེ་ཉི་མའི་འོད་ཟེར་གྱིས་བསྲོས་པའི་ཆུ་བླངས་པ་དང་། དེས་རྐང་པ་བཀྲུས་ནས་ཡུད་ཙམ་ཞིག་བསྡད་དེ་སྨྲས་པ། བུ་མོ་གདོང་བཀྲུས་ཆུ་ལོང་ཤིག །དེས་ཆུའི་སྟེང་རིམ་ལག་པས་བསལ་ཏེ། ཆུ་ཧ་ཅང་དྲོ་བ་ཡང་མ་ཡིན་ཧ་ཅང་གྲང་བ་ཡང་མ་ཡིན་པ་བླངས་ནས་དེས་གདོང་

བཀྲུས་སོ། །དེས་ཡང་སྨྲས་པ། བུ་མོ་བཏུང་དགོས་ཀྱིས་ཆུ་ལོང་ཤིག །དེས་ཆུ་རྣམ་པར་གློངས་ཏེ་ཆུ་བསིལ་བའི་ལོ་མའི་སྣོད་དུ་བླངས་པ་རྒྱལ་པོས་འཐུངས་ནས་སྨྲས་པ། བུ་མོ་ཀུན་དགའ་ར་བ་འདི་ན་རྫིང་བུ་གསུམ་ཡོད་དམ་ཅི་ན། ཁྱོད་ཀྱིས་ཆུ་རྣམ་པ་གསུམ་ཁྱེར་ཏེ་འོངས། དེས་

སྨྲས་པ། ལྷ་འདི་ན་རྫིང་བུ་གཅིག་ཁོ་ན་མཆིས་ཀྱི། གསུམ་ནི་མ་མཆིས་སོ། །དེས་སྨྲས་པ། འོ་ན་ཁྱོད་ཀྱིས་ཆུ་རྣམ་པ་གསུམ་ག་ལས་ཁྱེར་ཏེ་འོངས། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། རྒྱལ་པོས་སྨྲས་པ། དེས་ནི་གོ་འོ་འདི་དྲི་བར་བྱ་སྟེ། ཅིའི་ཕྱིར་ཁྱོད་ཀྱི་ཆུ་རྣམ་པ་གསུམ་

ཁྱེར་ཏེ་འོངས། དེས་སྨྲས་པ། ལྷ་བདག་གིས་དང་པོར་ཆབ་དྲོན་པོ་འཚལ་ཏེ་མཆིས་པ་ནི་ལྷ་མཉེལ་བསོས་པར་བགྱི་བའི་སླད་དུའོ། །སླད་ཀྱིས་ཧ་ཅང་དྲོ་བ་ཡང་མ་ལགས། ཧ་ཅང་གྲང་བ་ཡང་མ་ལགས་པ་འཚལ་ཏེ་མཆིས་པ་ནི་དྲོ་བ་དང་གྲང་བ་གང་ལགས་པ་དག་སྤྱན་ལ་གནོད་པའི་སླད་དུའོ། །

རྣམ་པར་གློངས་ནས་ཤིན་ཏུ་བསིལ་བ་འཚལ་ཏེ་མཆིས་པ་ནི་ལྷ་སྐྱེམས་པ་དང་བྲལ་བར་བགྱི་བའི་སླད་དུའོ། །དེས་བསམས་པ། བུ་མོ་འདི་ནི་མཁས་པ་ཡིན་ནོ་སྙམ་དུ་རིག་ནས་སྨྲས་པ། བུ་མོ་མཛངས་ཤིང་མཁས་པ་ཁྱོད་རྐང་པ་མཉེ་དགོས་ཀྱིས་རེ་ཞིག་མལ་ཆོས་ཤིག །དེས་དེའི་རྐང་པ་

Vol. 10 · folio 76b

མཉེས་པ་དང་། དེ་རེག་བྱ་དང་ལྡན་པ་ཡིན་པས་མཉེས་མ་ཐག་ཉིད་དུ་དེ་གཉིད་ལོག་གོ། །དེ་གཉིད་ལོག་པ་དང་། དེས་བསམས་པ། རྒྱལ་པོ་འདི་དག་ལ་ནི་དགྲ་མང་བས་གལ་ཏེ་འདི་གཉིད་ལོག་པ་ལ་འགའ་ཞིག་གིས་གནོད་པ་བྱེད་ན་ངེས་པར་བདག་གི་རྗེ་བོ་ལ་གྲགས་པ་མ་ཡིན་པར་

འགྱུར་བས་སྒོ་གཅད་པར་བྱའོ་སྙམ་ནས། དེ་སྒོ་བཅད་དེ་འདུག་པ་དང་། ཇི་ཙམ་ན་གཅིག་ནས་གཅིག་ཏུ་ཐོས་ཏེ་དཔུང་གི་ཚོགས་ཡན་ལག་བཞི་པ་དག་སྐྱེད་མོས་ཚལ་དེར་ལྷགས་ནས་དེ་རྣམས་སྒོ་ཕྱེ་ཞེས་ཟེར་རོ། །དེས་སྒོ་མ་ཕྱེ་བ་དང་། རྒྱལ་པོ་ཀུ་ཆོའི་སྒྲས་སད་ནས་སྨྲས་པ། བུ་མོ་

དེ་ཅི་ཞིག །དེས་སྨྲས་པ། ལྷ་མི་དག་ཅིག་ཆབ་སྒོ་ཕྱེ་ཞེས་མཆི་ཞིང་། ལྷའི་མཚན་ཡང་སྨོས་སོ། །དེས་སྨྲས་པ། བུ་མོ་སྒོ་འདི་སུས་བཅད། ལྷ་བདག་གིས་བཀུམ་མོ། །ཅིའི་ཕྱིར་བཅད། ལྷ་བདག་གིས་གློ་བ་ལ་རྒྱལ་པོ་འདི་དག་ལ་ནི་དགྲ་མང་བས་གལ་ཏེ་འདི་མནལ་ལོག་པ་ལ་

འགའ་ཞིག་གིས་གནོད་པ་བགྱིས་ན་ངེས་པར་བདག་གི་རྗེ་བོ་ལ་གྲགས་པ་མ་ལགས་པར་འགྱུར་རོ་སྙམ་ནས། དེའི་སླད་དུ་བདག་གིས་ཆབ་སྒོ་བཀུམ་མོ། །དེས་སྨྲས་པ། བུ་མོ་མཛངས་མ་ཁྱོད་ལ་ངའི་ཐེ་ཚོམ་འདི་དྲི་བར་བྱ་སྟེ། རེ་ཞིག་ཁྱོད་མིང་ཆེན་གྱི་ཅིར་འོང་སྨྲོས་ཤིག །དེས་སྨྲས་

པ། བདག་དེའི་མངག་གཞུག་བགྱིད་པའི་བྲན་མོ་ལགས་སོ་ཁྱོད་དེའི་མངག་གཞུག་བྱེད་པའི་བྲན་མོ་མ་ཡིན་གྱི། ཁྱོད་ངེས་པར་དེའི་བུ་མོ་ཡིན་གྱིས་དྲང་པོར་སྨྲོས་ཤིག །དེ་ཅང་མི་སྨྲ་བར་འདུག་པ་དང་། རྒྱལ་པོས་སྨྲས་པ། བུ་མོ་ཁྱོད་མིང་ཆེན་གྱི་གན་དུ་སོང་ལ། རྒྱལ་པོ་གསལ་

རྒྱལ་ཁྱོད་ཀྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱོས་ཤིག །དེ་མྱུར་བ་མྱུར་བར་སོང་སྟེ། ཇོ་བོ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁྱོད་ཀྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་སྨྲས་སོ། །ཤཱཀྱ་མིང་ཆེན་གྱིས་ཐོས་ནས་བཟའ་བ་དང་། བཏུང་བ་དང་། དྲི་དང་ཕྲེང་བ་དག་བཤམས་ནས། སྐྱེ་བོ་

ཕལ་པོ་ཆེས་བསྐོར་ཏེ་ཀུན་དགའ་ར་བར་སོང་ངོ་། །དེ་ནས་གཅིག་ལ་གཅིག་བྱོན་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་པས་སོ་སོ་ཡང་དག་པར་དགའ་བར་བྱས་ནས། རྒྱལ་པོ་ཁྲུས་བྱས་ཤིང་ཟན་ཟོས་ནས་གཏམ་དག་བྱས་ཏེ་ཡུད་ཙམ་ཞིག་བསྡད་ནས་སྨྲས་པ། མིང་ཆེན་བུ་མོ་འདི་ཁྱོད་ཀྱི་ཅིར་འོང་།

Vol. 10 · folio 77a

ལྷ་མངག་གཞུག་བགྱིད་པའི་བྲན་མོ་ལགས་སོ། །འདི་ཁྱོད་ཀྱི་མངག་གཞུག་བྱེད་པའི་བྲན་མོ་མ་ཡིན་གྱི། འདི་ཁྱོད་ཀྱི་བུ་མོ་ཡིན་གྱིས་ང་ལ་བྱིན་ཅིག །དེས་སྨྲས་པ། ལྷ་ཤཱཀྱའི་བུ་མོ་གཞན་འདི་བས་ཆེས་ཁྱད་པར་འཕགས་པ་དག་མཆིས་ན་དེ་དག་བཞེས་སུ་གསོལ། འདི་

ཅིར་འཚལ། རྒྱལ་པོས་སྨྲས་པ། འདི་ཉིད་ང་ལ་དགོས་ཀྱིས། འདི་ང་ལ་བྱིན་ཅིག །དེས་སྨྲས་པ། ལྷ་གལ་ཏེ་དེ་ལྟ་ན་ཚུལ་བཞིན་བགྱིས་ཏེ་དབུལ་ལོ། །དེ་བཞིན་བྱོས་ཤིག །དེ་ནས་ཤཱཀྱ་མིང་ཆེན་གྱིས་གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་སྟེ། བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་

བཀླུབས་ནས་གླང་པོ་ཆེ་ལ་བསྐྱོན་ཏེ་ལམ་པོ་ཆེ་དང་། སྲང་དང་། ལམ་གྱི་སུམ་མདོ་དང་། བཞི་མདོ་དག་ཏུ་གྲོང་ཁྱེར་སེར་སྐྱའི་གནས་ན་འཁོད་པ་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ལ་ཤེས་ལྡན་དག་ཉོན་ཅིག་ཤཱཀྱ་མིང་ཆེན་གྱི་བུ་མོ་ཕྲེང་ལྡན་མ་ཀོ་ས་ལའི་རྒྱལ་པོ་གསལ་

རྒྱལ་གྱི་བཙུན་མོར་ཕུལ་ལོ་ཞེས་དྲིལ་བསྒྲག་པ་བྱས་སོ། །དེ་ནས་དེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོར་ཕུལ་བར་སྐྱེ་བོ་ཕལ་པོ་ཆེ་རྣམས་ཀྱིས་ཀྱང་ཤེས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དཔལ་གྱི་འབྱོར་པ་ཆེན་པོས་བླངས་ནས་མཉན་ཡོད་དུ་ཁྲིད་པ་དང་། དེའི་མས་

བདག་གི་བུས་བྲན་མོ་ཆུང་མར་བླངས་སོ་ཞེས་ཐོས་ཏེ། དེ་ཀུན་ནས་དཀྲིས་པ་སྐྱེས་ནས་བསམས་པ། འདི་ནི་ངེས་པར་ཕ་དེའི་བུ་མ་ཡིན་པའམ། བདག་གི་ཁོང་དུ་དོན་མེད་པ་ཞིག་བསྲེལ་ཏེ། འདི་ལྟར་བྲན་མོའི་ཁྱོར་སྐྱེས་པར་གྱུར་ཏོ་སྙམ་ནས། དེ་ཡང་སེམས་ཁོང་དུ་ཆུད་ཅིང་འདུག་

པ་དང་། རྒྱལ་པོས་ཀྱང་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ་སོང་ལ་སྒྱུག་མོའི་ཞབས་ལ་ཕྱག་བྱོས་ཤིག །དེ་སོང་སྟེ་དེའི་རྐང་པ་གཉིས་ལ་བཟུང་བ་དང་། དེ་རེག་བྱ་དང་ལྡན་པ་ཡིན་པས་དེས་རེག་པ་ཙམ་གྱིས་དེ་གཉིད་ལོག་སྟེ་སད་ནས་བསམས་པ། བུ་ཟན་མའི་བུ་མོ་འདིའི་རེག་པ་འདི་

འདྲ་བས་ཀོ་ས་ལའི་རིགས་འདི་རྒྱས་པར་འགྱུར་རོ་སྙམ་མོ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཙུན་མོ་དམ་པ་རྒྱལ་རིགས་དབྱར་ཚུལ་མ་དང་། ཕྲེང་ལྡན་མ་གཉིས་ཡོད་དེ། གང་གི་ཚེ་རྒྱལ་པོ་ཕྲེང་ལྡན་མ་དང་ཐབས་ཅིག་ཏུ་བཞུགས་པ་དེའི་ཚེ། ཕྲེང་ལྡན་མ་རྒྱལ་རིགས་དབྱར་

Vol. 10 · folio 77b

ཚུལ་མ་ནི་འདི་ལྟ་བུར་ཡང་གཟུགས་བཟང་ངོ་ཞེས་དབྱར་ཚུལ་མའི་བསྔགས་པ་བརྗོད་པ་དང་། དེས་སྨྲས་པ། ལྷ་དེ་བདག་གིས་ནམ་ཞིག་ན་མཐོང་བར་འགྱུར་ལགས། རྒྱལ་པོས་སྨྲས་པ། མ་རིངས་ཤིག་དང་རིང་པོ་མི་ཐོགས་པར་མཐོང་བར་འགྱུར་རོ། །དེ་རེ་བ་དང་བཅས་པས་

འདུག་གོ། །གང་གི་ཚེ་རྒྱལ་རིགས་དབྱར་ཚུལ་མ་དང་ཐབས་ཅིག་ཏུ་འདུག་པ་དེའི་ཚེ་ཡང་དབྱར་ཚུལ་མ་ཕྲེང་ལྡན་མ་ནི་དེ་ལྟ་བུའི་རེག་བྱ་དང་ཡང་ལྡན་པ་ཡིན་ནོ་ཞེས་ཕྲེང་ལྡན་མའི་བསྔགས་པ་བརྗོད་པ་དང་། དེས་སྨྲས་པ་ལྷ་དེ་བདག་གིས་ནམ་ཞིག་ན་མཐོང་བར་འགྱུར་ལགས། རྒྱལ་

པོས་སྨྲས་པ། མ་རིངས་ཤིག་དང་རིང་པོར་མི་ཐོགས་པར་མཐོང་བར་འགྱུར་རོ། །དེ་དག་རྒྱལ་པོས་ཇི་ལྟ་ཇི་ལྟར་ཡ་མཚན་བསྐྱེད་པ་དེ་ལྟ་དེ་ལྟར་ཕན་ཚུན་མཐོང་བར་སྤྲོ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་སོ་གའི་དུས་ལ་བབ་སྟེ། ནགས་ཚལ་ན་ཤིང་རྣམས་མེ་ཏོག་རྒྱས་པར་གྱུར་

ཅིང་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་སྒྲ་འབྱིན་པའི་སྐྱེད་མོས་ཚལ་གྱི་གནས་སུ་རྒྱལ་པོ་བཙུན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་གཤེགས་སོ། །བུད་མེད་ནི་མེ་ཏོག་དང་འབྲས་བུ་ལ་དགའ་བ་ཡིན་པས་སྐྱེད་མོས་

ཚལ་དེ་དང་དེ་དག་ཏུ་འཁྱམ་པར་བརྩམས་པ་དང་། རྒྱལ་རིགས་དབྱར་ཚུལ་མ་ངལ་བས་སྐྱོ་ཞིང་སྙོམ་པར་གྱུར་ནས་ཤིང་མྱ་ངན་འཚང་ལ་སྙེས་ཏེ་འདུག་པ་དང་། ཇི་ཙམ་ན་ཕྲེང་ལྡན་མས་མཐོང་ངོ་། །དེ་དེའི་གཟུགས་བཟང་བ་མཐོང་བས་ཤིང་གི་ལྷ་མོ་ཡིན་ནོ་སྙམ་དུ་རིག་ནས། མོད་

ལ་རྐང་པ་ལ་ཕྱག་བྱས་པ་དང་། ཕྲེང་ལྡན་མའི་ལག་པས་རེག་མ་ཐག་པ་ཉིད་དུ་གཉིད་ལོག་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོས་དབྱར་ཚུལ་མ་ལ་ཕྲེང་ལྡན་མའི་བསྔགས་པ་བརྗོད་པར་བརྩམས་པ་དང་། དེས་སྨྲས་པ། ལྷ་དེ་བདག་གིས་ནམ་ཞིག་ན་མཐོང་བར་འགྱུར་ལགས། རྒྱལ་

པོས་སྨྲས་པ། དེ་ཁྱེད་ཀྱིས་མཐོང་ངོ་། །ལྷ་བདག་མི་དྲན་ནོ། །ངས་ཁྱོད་དྲན་པར་བྱའོ། །ལེགས་སོ། །གང་གིས་ལག་པ་གཉིས་ཀྱིས་ཁྱོད་ཀྱི་རྐང་པ་ལ་བཟུང་བ་དེ་དྲན་ནམ། ལྷ་དེ་ལྷ་མོ་ཕྲེང་ལྡན་མ་ལགས་སམ། དེ་ཡིན་ནོ། །ལྷ་གང་ཁྱོད་རེག་བྱ་དང་ལྡན་པའི་བཙུན་མོ་དེ་ལྟ་

Vol. 10 · folio 78a

བུ་སྤངས་ཏེ། བདག་གི་དྲུང་དུ་གཤེགས་པ་དེ་ནི་ཁྱོད་བདག་ལ་ངེས་པར་བྱམས་ཤིང་ཐུགས་གཅུགས་པ་ལགས་སོ། །དེ་བཞིན་དུ་ཕྲེང་ལྡན་མ་ལ་དབྱར་ཚུལ་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས་བསྔགས་པ་བརྗོད་པར་བརྩམས་པ་དང་། དེས་སྨྲས་པ། ལྷ་བདག་གིས་ནམ་ཞིག་ན་

མཐོང་བར་འགྱུར་ལགས། རྒྱལ་པོས་སྨྲས་པ། དེ་ཁྱོད་ཀྱིས་མཐོང་ངོ་། །ལྷ་བདག་མི་དྲན་ནོ། །ངས་ཁྱོད་དྲན་པར་བྱའོ། །ལེགས་སོ། །ཁྱོད་ཀྱིས་ཤིང་མྱ་ངན་འཚང་ལ་སྙེས་ཏེ་འདུག་པ་གང་ལ་ཕྱག་བྱས་པ་དེ་དྲན་ནམ། ལྷ་ཅི་དེ་དབྱར་ཚུལ་མ་ལགས་སམ། དེ་ཡིན་ནོ། །ལྷ་གང་ཁྱོད་

ཀྱིས་བཙུན་མོ་གཟུགས་བཟང་བ་དེ་ལྟ་བུ་སྤངས་ཏེ་བདག་གི་དྲུང་དུ་གཤེགས་པ་དེ་ནི་ཁྱོད་ངེས་པར་བདག་ལ་བྱམས་ཤིང་ཐུགས་གཅུགས་པ་ལགས་སོ། །སྐབས་དེར་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཙུན་མོ་དམ་པ་རྒྱལ་རིགས་དབྱར་ཚུལ་མ་དང་། ཕྲེང་ལྡན་མ་གཉིས་ཡོད་དེ། དེ་དག་ལས་

གཅིག་ནི་གཟུགས་བཟང་བ་རྣམས་ཀྱི་མཆོག་ཡིན་ལ། ཅིག་ཤོས་ནི་རེག་བྱ་དང་ལྡན་པ་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཕྱོགས་སུ་སྒྲ་གྲགས་པ་དང་། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་མོ་ཕྲེང་ལྡན་མ་

དང་། དབྱར་ཚུལ་མས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གཅིག་ནི་རེག་བྱ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གྱུར་ལ། ཅིག་ཤོས་ནི་གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། །

རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་སའི་ཁམས་ལ་རྣམ་པར་སྨིན་

པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་

Vol. 10 · folio 78b

ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད།

དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱད་པས་བུ་ཁྱེའུ་ཞིག་བཙས་སོ། །ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་ཏེ། དེ་དག་བསྲིངས་ཤིང་བསྐྱེད་ནས་ཆེན་པོར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་

ན་བྲམ་ཟེ་དེ་ཆུང་མ་དང་བཅས་ཏེ་ཤི་ནས་བྲམ་ཟེའི་ཁྱེའུ་དེ་ཕ་མ་དང་བྲལ་བས་དབེན་པ་ལ་དགའ་བར་གྱུར་ཏེ། དེ་སྲིང་མོ་དེ་ཁྲིད་དེ་དགོན་པའི་གནས་སུ་སོང་ནས་འཁོད་དེ། དེར་དེ་དག་རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་དག་གིས་འཚོ་བར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་སློང་དག་སྦྲུལ་ནག་པོ་ལ་ནི་ཉེས་དམིགས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཁུ་བ་དང་། བྱས་པ་མི་གཟོ་བ་དང་། དུག་རྣོ་བའོ། །དེ་བཞིན་དུ་བུད་མེད་ཁ་ཅིག་ལ་ཡང་ཉེས་དམིགས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། ཁྲོ་བ་དང་།

ཁོན་དུ་འཛིན་པ་དང་། འཁུ་བ་དང་། བྱས་པ་མི་གཟོ་བ་དང་། དུག་རྣོ་བའོ། །དགེ་སློང་དག་དེ་ལ་བུད་མེད་ཀྱི་དུག་རྣོ་བ་ནི་འདི་ཡིན་ཏེ། འདི་ལྟར་བུད་མེད་ནི་ཕལ་ཆེར་འདོད་ཆགས་ལྷག་པར་ཆེ་བའོ། །དེའི་སྲིང་མོ་དེ་ཉོན་མོངས་པ་དག་གིས་གདུངས་ནས། དེས་སྨྲས་པ། མིང་པོ་བདག་དགོན་

པའི་རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུས་འཚོ་བའི་རྔོ་མི་ཐོག་གིས་གྲོང་མཐར་བཞུད་དོ། །དེས་དེ་ཁྲིད་དེ་གྲོང་མཐར་སོང་སྟེ། དེ་བྲམ་ཟེ་ཞིག་གི་དེར་སློང་མོ་ལ་ཞུགས་སོ། །དེས་སྲིང་མོ་དང་ལྷན་ཅིག་སློང་མོའི་ཕྱིར་ཅིག་ཅར་སྒྲ་ཕྱུང་བ་བྲམ་ཟེས་ཐོས་ནས་ཕྱིར་ཕྱུང་ནས་སྨྲས་པ།

དྲང་སྲོང་དག་ཀྱང་ཆུང་མ་དང་བཅས་ཏེ་རྒྱུའམ། དེས་སྨྲས་པ། འདི་བདག་གི་ཆུང་མ་མ་ཡིན་གྱི་སྲིང་མོའོ། །འདི་སུ་ལ་བྱིན། སུ་ལ་ཡང་མ་བྱིན་ནོ། །གལ་ཏེ་དེ་ལྟ་ན་ཁོ་བོ་ལ་ཅིའི་ཕྱིར་མི་བྱིན། འདི་ནི་དམ་པ་མ་ཡིན་པ་སྡིག་པའི་ཆོས་དེ་སྤངས་པ་ཡིན་ནོ། །དེ་འདོད་པའི་འདོད་ཆགས་ཀྱིས་གདུངས་

Vol. 10 · folio 79a

པས་སྨྲས་པ། མིང་པོ་ཅི་བདག་དགོན་པའི་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུས་འཚོ་བའི་རྔོ་མི་ཐོག་པ་མེད་སྙམ་མམ། བདག་གིས་ནི་ཉོན་མོངས་པ་སྤང་རྔོ་མ་ཐོག་པའི་སླད་དུ་ཁྱོད་ལ་འདི་སྐད་བགྱིས་ཀྱིས། བདག་བྲམ་ཟེ་འདི་ལ་སྩོལ་ཅིག །དེས་

སྨྲས་པ། དེ་ནི་ཆོས་དང་འགལ་བས་ངས་ཁྱོད་སྦྱིན་པར་མི་བྱའི་ཁྱོད་ཉིད་ཤེས་པར་ཟད་དོ། །བྲམ་ཟེ་དེས་དེ་དང་དེའི་བསམ་པ་ཤེས་པ་ནས་འབྱོར་པའི་དཔལ་ཆེན་པོས་དེ་བག་མར་བླངས་ཏེ། རང་གི་ཁྱིམ་དུ་བཅུག་གོ། །དེ་ནས་དེའི་མིང་པོ་དེ་ལ་སྨྲས་པ། མིང་པོ་ཚུར་སྤྱོན་ཁྱོད་ཀྱི་ཁབ་

དབུབ་པར་མཛོད་ཅིག་དང་ཐབས་ཅིག་ཏུ་བཞུགས་སོ། །དེས་སྨྲས་པ། སྲིང་མོ་ཁོ་བོ་ནི་འདོད་པ་དོན་དུ་མི་གཉེར་ཏེ། ཁྱོད་ཀྱིས་གནང་ན་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་ཁྱོད་སྐབས་སྐབས་སུ་བདག་གཟིགས་ཤིང་བྱོན་ན་གནང་བར་བགྱིའོ། །

དེས་སྨྲས་པ། ལེགས་ཏེ་དེ་བཞིན་བྱའོ། །དེ་དེས་གནང་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ་། །དེ་དགེ་བའི་རྩ་བ་བསྐྱེད་པ་ཡིན་པས་དེས་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་མངོན་དུ་བྱས་ཏེ་རང་བྱང་ཆུབ་མངོན་སུམ་དུ་བྱས་ནས་དེས་བསམས་པ།

བདག་གིས་སྲིང་མོ་དེ་ལ་འོང་ངོ་ཞེས་དམ་བཅས་པས་དེའི་ཕྱིར་དེའི་གན་དུ་འགྲོ་བར་བྱའོ་སྙམ་ནས། དེ་དེའི་གན་དུ་སོང་ངོ་། །སོང་ནས་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འབྱུང་བའི་ཆོ་འཕྲུལ་དག་བྱ་བར་བརྩམས་པ་དང་། སོ་སོའི་སྐྱེ་བོ་དག་ནི་རྫུ་འཕྲུལ་ལ་མྱུར་དུ་དད་པ་

ཡིན་པས་དེ་ཤིང་དྲུངས་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། མིང་པོ་ཁྱོད་ཀྱིས་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་ཐོབ་བམ། ཐོབ་བོ། །གལ་ཏེ་དེ་ལྟ་ན་ཁྱོད་ནི་བསོད་སྙོམས་དོན་དུ་གཉེར་བ་ལགས། བདག་ཀྱང་བསོད་ནམས་དོན་དུ་གཉེར་བ་ལགས་པས་དེའི་སླད་དུ་འདི་

ཉིད་དུ་བཞུགས་ཤིག་དང་། ཁྱོད་ལ་བདག་གིས་བསོད་སྙོམས་དབུལ་བར་བགྱིའོ། །དེས་སྨྲས་པ། སྲིང་མོ་ཁྱོད་ནི་གཞན་ལ་རག་ལས་པ་ཡིན་གྱིས། ཁྱིམ་ཐབ་ལ་ཇེ་དྲིས་ཤིག །ལེགས་ཏེ་དེ་བཞིན་བགྱིའོ། །དེས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་གི་མིང་པོ་རབ་ཏུ་བྱུང་བ་

Vol. 10 · folio 79b

བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་ཏེ། གལ་ཏེ་ཁྱོད་ཀྱིས་གནང་ན་བདག་གིས་ཟླ་བ་གསུམ་དུ་བསོད་སྙོམས་ལ་སྤྱན་དྲང་ངོ་། །དེས་སྨྲས་པ། བཟང་མོ་གལ་ཏེ་འདི་རབ་ཏུ་བྱུང་བར་མ་གྱུར་ན་བདག་ཅག་གིས་མི་འདོད་བཞིན་གསོ་དགོས་པར་འགྱུར་ན། ད་རབ་ཏུ་བྱུང་སྟེ་བརྟུལ་ཞུགས་གྲུབ་པ་

བདག་ཉིད་ཆེན་པོར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས། སོང་ལ་སྤྱན་དྲོངས་ཤིག །དེས་དེ་ཟླ་བ་གསུམ་དུ་བསོད་སྙོམས་ལ་སྤྱན་དྲངས་སོ། །བྲམ་ཟེ་དེའི་ཆུང་མ་གཉིས་པ་གཞན་ཞིག་ཡོད་པ་དེས་བསམས་པ། བདག་ཅག་ལོངས་སྤྱོད་ཐུན་མོང་ལས་འདི་ནི་བསོད་ནམས་འདི་ལྟ་བུ་བྱེད་ན་བདག་གི་ཅིའི་

ཕྱིར་མི་བྱ་སྙམ་དུ་རིག་ནས་དེ་ལ་སྨྲས་པ། ཕུ་ནུ་མོ་ཁྱོད་ཀྱི་དྲལ་གང་ལགས་པ་དེ་བདག་གི་མིང་པོ་ཡང་དེ་ཁོ་ན་ལགས་པས་ཁྱོད་ཀྱི་གདུགས་གཅིག་བཤོས་གསོལ་ལ། བདག་གིས་ཀྱང་གདུགས་གཅིག་བཤོས་གསོལ་བར་བགྱིའོ། །དེས་སྨྲས་པ། ལེགས་ཏེ། དེ་བཞིན་བགྱིའོ། །རང་སངས་

རྒྱས་ཀྱི་སྲིང་མོ་དེ་དེའི་སེམས་བསྲུང་བའི་ཕྱིར་ཟས་བསོད་པ་རེག་བྱ་ཕུན་སུམ་ཚོགས་པ་ཟས་དམན་པས་གཡོགས་ཏེ་དེ་ལ་བསྟན་ནས་ཕུ་ནུ་མོ་ཁྱོད་རྗེས་སུ་ཡི་རང་བར་བྱོས་ཤིག །བདག་གི་མིང་པོ་ལ་ཞལ་ཟས་འདི་ལྟ་བུ་གསོལ་ལོ། །དེས་སྨྲས་པ། ལེགས་སོ། །རྗེས་སུ་ཡི་རང་ངོ་། །དེ་ཡང་དེའི་

སེམས་བསྲུང་བའི་ཕྱིར་ཟས་དམན་པ་བསོད་པ་དག་གིས་གཡོགས་ཏེ་དེ་ལ་བསྟན་ནས། ཕུ་ནུ་མོ་ཁྱོད་ཀྱང་རྗེས་སུ་ཡི་རང་བགྱིས་ཤིག །བདག་ཀྱང་དྲལ་ལ་ཞལ་ཟས་བསོད་པ་ཁ་དོག་ཕུན་སུམ་ཚོགས་པ་འདི་ལྟ་བུ་གསོལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། རང་སངས་རྒྱས་ཀྱི་སྲིང་མོ་གང་

ཡིན་པ་དེས་རང་སངས་རྒྱས་ལ་རེག་བྱ་ཕུན་སུམ་ཚོགས་པ་ཟས་དམན་པས་བཀབ་སྟེ་འབུལ་བ་གང་ཡིན་པ་དེ་ནི་ལྷ་མོ་ཕྲེང་ལྡན་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདིས་གང་རང་སངས་རྒྱས་ལ་རེག་བྱ་ཕུན་སུམ་ཚོགས་པ་ཟས་དམན་པས་བཀབ་སྟེ། ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་

རེག་བྱ་དང་ལྡན་པར་གྱུར་ཏེ། དའི་བར་དུ་ཡང་རེག་བྱ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །ཅིག་ཤོས་གང་ཡིན་པ་དེས་རང་སངས་རྒྱས་ལ་ཟས་དམན་པ་ཁ་དོག་ཕུན་སུམ་ཚོགས་པས་བཀབ་སྟེ་ཕུལ་བ་གང་ཡིན་པ་དེ་ནི་རྒྱལ་རིགས་དབྱར་ཚུལ་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་གང་འདིས་རང་སངས་

Vol. 10 · folio 80a

རྒྱས་ལ་ཟས་དམན་པ་ཁ་དོག་ཕུན་སུམ་ཚོགས་པས་བཀབ་སྟེ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་གཟུགས་བཟང་བར་གྱུར་ཏེ། དའི་བར་དུ་ཡང་གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་

པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས། དགེ་སློང་དག་འདི་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དུས་གཞན་ཞིག་ན་ལྷ་མོ་ཕྲེང་ལྡན་མ་སེམས་ཅན་ཞུགས་པར་གྱུར་ཏོ། །ཉི་མ་གང་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉི་མ་ལ་བྲམ་ཟེ་མདུན་ན་འདོན་

གྱི་ཆུང་མ་ལ་ཡང་སེམས་ཅན་ཞུགས་པར་གྱུར་ཏེ། ཉི་མ་གང་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉི་མ་ནས་སྡུག་བསྔལ་གྱིས་ཉེན་ཏོ། །ཇི་ཙམ་ན་ལྷ་མོ་ཕྲེང་ལྡན་མ་ཟླ་བ་དགུ་ལོན་ནས་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཞིག་བཙས་སོ། །དེའི་བཙས་པའི་བཙས་སྟོན་

རྒྱ་ཆེར་བྱས་ནས། ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན། རྒྱལ་པོས་སྨྲས་པ། སོང་ལ་འདི་ཕྱི་མོ་ལ་ཕུལ་ཅིག་དང་། དེ་ཉིད་མིང་འདོགས་པར་འགྱུར་རོ། །བློན་པོ་རྣམས་ཀྱིས་དེ་ཁྱེར་ཏེ་དེའི་གན་དུ་དོང་ནས་སྨྲས་པ། ལྷ་མོ་ལྷའི་ཞལ་ནས་གཞོན་ནུའི་མིང་

གདགས་སུ་གསོལ་ཞེས་བྱུང་ངོ་། །དེས་སྨྲས་པ། ཤེས་ལྡན་དག་ངས་དང་པོ་ཉིད་ནས་བུ་ཟན་མའི་བུ་མོ་འདིས་ཀོ་ས་ལའི་རིགས་འདི་རྒྱས་པར་འགྱུར་རོ། །ཞེས་མ་སྨྲས་སམ། བློན་པོ་དག་གིས་སྨྲས་པ། དེའི་དོན་འཚལ་ཏེ། ལྷ་མོས་འདི་མ་བལྟམ་པ་ཉིད་ནས་འཕགས་སྐྱེས་པོ་

ཞེས་ཀུན་དུ་སྤྱད་པས་དེའི་སླད་དུ་གཞོན་ནུའི་མཚན་འཕགས་སྐྱེས་པོ་ཞེས་གདགས་སོ་ཞེས་དེའི་མིང་འཕགས་སྐྱེས་པོ་ཞེས་བྱ་བར་བཏགས་སོ། །གང་གི་ཉིན་པར་གཞོན་ནུ་འཕགས་སྐྱེས་པོ་བཙས་པ་དེ་ཉིད་ཀྱི་ཉི་མ་ལ་མདུན་ན་འདོན་གྱི་བུ་བཙས་ནས། དེའི་ཉེ་དུ་དག་ཀྱང་འོངས་ཤིང་

འདུས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན། དེ་ན་ཁ་ཅིག་གིས་སྨྲས་པ། འདི་གང་གི་ཉི་མ་ལ་མའི་མངལ་དུ་ཞུགས་པ་དེའི་ཉིན་མོ་ཉིད་ནས་མ་སྡུག་བསྔལ་གྱིས་ཉེན་ཅིང་། སྐྱེས་ནས་ཀྱང་སྡུག་

Vol. 10 · folio 80b

བསྔལ་བ་ཁོ་ན་ཡིན་པས་དེའི་ཕྱིར་ཁྱེའུའི་མིང་མ་ལ་གནོད་ཅེས་གདགས་སོ་ཞེས་དེའི་མིང་མ་ལ་གནོད་ཅེས་བྱ་བར་བཏགས་སོ། །གཞོན་ནུ་འཕགས་སྐྱེས་པོ་མ་མ་བརྒྱད་པོ་ནུ་མ་སྣུན་པའི་མ་མ་གཉིས་དང་། པང་ན་འཚོ་བའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེ་ན་གྲོགས་ཀྱི་

མ་མ་གཉིས་ལ་གཏད་དེ། མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་གཙོ་བོ་དག་གིས་རྫིང་ན་གནས་པའི་པད་མ་བཞིན་དུ་བསྲིངས་ཤིང་བསྐྱེད་དོ། །གང་གི་ཚེ་དེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་

བསླབས་ཏེ། ཡི་གེ་མཐར་ཕྱིན་ནས་བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། ཤིང་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་དག་ལ་མཁས་པར་གྱུར་ཅིང་།

དབྱེ་བ་དང་། བཀླག་པ་ལ་མཁས་ཤིང་སྤྱོད་པ་གསལ་བ། རྣམ་པ་ཐམས་ཅད་ཀྱི་ཚུལ་ལ་མཁས་ཏེ། དེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་གྱི་དབང་ཕྱུག་མཐུ་དང་། བརྩོན་འགྲུས་ཐོབ་པ་སའི་དཀྱིལ་འཁོར་ཆེན་པོ་ཆམ་དུ་ཕབ་སྟེ། གནས་པ་རྣམས་ཀྱི་བཟོའི་

གནས་དང་ལས་ཀྱི་གནས་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་བཞོན་པ་དང་། རྟ་ལ་བཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། གཞུ་གཟུང་བ་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། ཞགས་པ་གདབ་

པ་དང་། མདའ་བོ་ཆེའི་འཕེན་ཐབས་དང་། འཛིན་སྟངས་དང་། གོམ་སྟབས་དང་། ཐོར་ཚུགས་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་དང་། དྲལ་བ་དང་། དབུག་པ་དང་། གཅད་པའི་གནས་ལྔ་པོ་

དག་ལ་མཁས་པར་གྱུར་ཏོ། །ཁྱེའུ་མ་ལ་གནོད་ཀྱང་མ་མ་བརྒྱད་པོ་དག་ལ་གཏད་དེ་ཞེས་བྱ་བ་ནས་རྫིང་ན་གནས་པའི་པད་མ་བཞིན་དུ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་བསླབས་ཏེ། བྲམ་ཟེའི་ལྟ་བ་དང་། སྤྱོད་ལམ་དང་། ཚུལ་དང་། གཙང་སྦྲ་དང་།

Vol. 10 · folio 81a

སྤྱོད་ཚུལ་དང་། རིལ་བ་གཟུང་བ་དང་། ས་བླང་བ་དང་། ཐལ་བ་བླང་བ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། དྲང་སྲོང་ག་རྒས་བྱས་པ་དང་། མཱ་ཐ་

རས་བྱས་པ་དང་། ས་གཡོ་བའི་དཔྱད་དང་། བར་སྣང་གི་དཔྱད་དང་། བྲམ་ཟེའི་ལས་ཀྱི་མཐའ་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་དག་ལ་མཁས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་

འཕགས་སྐྱེས་པོ་དང་། མ་ལ་གནོད་ལྷན་ཅིག་རི་དགས་བཤོར་བའི་ཕྱིར་དོང་བ་དང་། དེ་རྟས་ཁ་ཁྱེར་ཏེ་སེར་སྐྱའི་གནས་སུ་ཕྱིན་ནས་དེ་དང་དེ་དག་ན་འཁྱམ་ཞིང་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཀྱི་སྐྱེད་མོས་ཚལ་དུ་སོང་ངོ་། །སྐྱེད་མོས་ཚལ་སྲུང་བའི་མིས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལ་སྨྲས་

པ། ཤེས་ལྡན་དག་འཕགས་སྐྱེས་པོ་རྟས་ཁ་ཁྱེར་ཏེ་ཁྱེད་ཀྱི་སྐྱེད་མོས་ཚལ་དུ་འོངས་སོ། །དེ་རྣམས་མི་བཟོད་པ་སྐྱེས་ནས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དུས་ལ་བབ་པ་འདི་ཡིན་གྱིས་འདོང་དེ་བསད་དོ། །དེ་བཞིན་བྱའོ་ཞེས་དེ་རྣམས་གོ་བགོས་ཏེ་དོང་བ་དང་། ཤཱཀྱ་རྒན་རབས་རྣམས་

ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། གཞོན་ནུ་དག་གར་འདོང་། དེ་རྣམས་ཀྱིས་སྨྲས་པ། འཕགས་སྐྱེས་པོ་བདག་ཅག་གི་སྐྱེད་མོས་ཚལ་དུ་མཆིས་ཏེ། དེ་འགུམས་སུ་མཆིའོ། །ཤཱཀྱ་རྒན་རབས་རྣམས་ཀྱིས་སྨྲས་པ། གཞོན་ནུ་དག་དེ་གློ་བུར་པ་ཡིན་པས་དེའི་ཉེས་པ་འགའ་བཟོད་

པ་གྱིས་ལ་ཕྱིར་ལོག་ཤིག །དེ་རྣམས་ཕྱིར་ལོག་པ་དང་། ཇི་ཙམ་ན་འཕགས་སྐྱེས་པོའི་དཔུང་གི་ཚོགས་ཡན་ལག་བཞི་པས་གཅིག་ནས་གཅིག་ཏུ་ཐོས་ནས་ཚོལ་ཞིང་སྐྱེད་མོས་ཚལ་དུ་འོངས་ནས་དཔུང་གི་ཚོགས་ཡན་ལག་བཞི་པས་སྐྱེད་མོས་ཚལ་ཀུན་ནས་ཁྱབ་པར་གྱུར་པ་དང་། སྐྱེད་

མོས་ཚལ་སྲུང་བའི་མིས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཕགས་སྐྱེས་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམས་སྐྱེད་མོས་ཚལ་དུ་ལྷགས་ཏེ། གླང་པོ་ཆེ་དང་། རྟའི་མི་གཙང་བ་དག་གིས་སྐྱེད་མོས་ཚལ་ཐམས་ཅད་མ་རུང་བར་བྱས་སོ། །དེ་རྣམས་

Vol. 10 · folio 81b

ཤིན་ཏུ་མི་བཟོད་པ་སྐྱེས་ནས་ཤཱཀྱ་རྒན་པོའི་ཚིག་བཅག་སྟེ་འཕགས་སྐྱེས་པོ་གསད་པའི་ཕྱིར་དོང་བ་དང་། འཕགས་སྐྱེས་པོས་འདི་ལྟར་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་བདག་གསོད་དུ་འོང་ངོ་ཞེས་ཐོས་ནས། དེས་མི་ཞིག་བཞག་སྟེ་སྨྲས་པ། ཀྱེ་སྐྱེས་བུ་ང་གུད་དུ་འགྲོས། །ཁྱོད་ཀྱི་སེར་སྐྱ་ན་

གནས་པའི་ཤཱཀྱ་རྣམས་ཅི་ཟེར་བ་དེ་ང་ལ་ཟློས་ཤིག །སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་སྐྱེད་མོས་ཚལ་དུ་འོངས་པ་ན་འཕགས་སྐྱེས་པོ་མི་སྣང་ནས། དེ་རྣམས་ཀྱི་མི་དེ་ལ་བྲན་མོའི་བུ་དེ་གར་སོང་ཞེས་དྲིས་པ་དང་། དེས་སྨྲས་པ། བྲོས་ཏེ་མཆིས་སོ། །དེ་དག་ལས་ཁ་ཅིག་གིས་སྨྲས་པ།

དེ་གལ་ཏེ་བདག་ཅག་གིས་མཐོང་བར་གྱུར་ན། བདག་ཅག་གིས་དེའི་ལག་པ་བཅད་པར་འགྱུར་རོ། །གཞན་དག་གིས་སྨྲས་པ། གལ་ཏེ་བྲོས་པར་མ་གྱུར་ན། དེ་ཁོ་བོ་ཅག་གིས་རྐང་པ་བཅད་པར་འགྱུར་རོ། །ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་གིས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་

དང་ཕྲལ་བར་འགྱུར་བ་ཞིག་ན། གལ་ཏེ་བྲོས་ན་ད་ཇི་ལྟར་བྱ། དེ་དག་གི་གླ་མི་རྣམས་ལ་བསྒོ་བ། སྐྱེད་མོས་ཚལ་ཕྱག་དར་བྱོས་ལ་བྲན་མོའི་བུས་ཕྱོགས་གང་དུ་བཅག་པའི་ཕྱོགས་དེའི་ས་དག་འོར་ལ་ས་གཞན་གྱིས་ཁོང་ཤིག །རྩིག་པའི་ཕྱོགས་གང་ལ་བརྟེན་པ་དེ་དག་ཀྱང་ཞལ་ཞལ་

ཁོགས་ལ་གཞན་གྱིས་ཡུགས་ཤིག །འོ་མའི་ཆུས་ཆག་ཆག་ཐོབ་ལ་སྤོས་ཆུས་ཐོར་ཏེ། དྲི་དང་མེ་ཏོག་ལ་སོགས་པས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་བྱོས་ཤིག །དེས་དེ་བཞིན་དུ་བྱས་སོ། །དེ་ནས་མི་དེས་ཇི་ལྟར་གྱུར་པ་དག་མཐོང་ནས་འཕགས་སྐྱེས་པོའི་གན་དུ་སོང་སྟེ་རྐང་པ་

གཉིས་ལ་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་གོ། །འཕགས་སྐྱེས་པོས་སྨྲས་པ། ཀྭའེ་སྐྱེས་བུ་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཅི་ཟེར། ལྷ་ཇི་སྐད་མཆི་བ་ལྷ་ལ་གསོལ་བའི་རྔོ་མི་ཐོག་སྟེ། དེ་ནི་དེ་དག་ཉིད་ལ་གྱུར་ཅིག །ཀྭའེ་སྐྱེས་བུ་དེ་ཡང་ཤེས་པ་ཙམ་དུ་བྱས་སྨྲོས་ཤིག །

དེས་དེ་དུས་ཀྱིས་འཆུ་བར་རྟོགས་ནས་རྒྱས་པར་བསྙད་པ་དང་། དེས་ནང་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་གི་ཚེ་ང་ཡབ་འདས་ཏེ་རྒྱལ་པོར་གྱུར་པ་དེའི་ཚེ་ངས་དེ་དག་སྲོག་དང་དབྲལ་བ་གང་ཡིན་པ་དེ་ཁོ་ན་ཐོག་མར་བྱ་དགོས་ཀྱིས། ཁྱེད་ཀྱིས་ཇི་ལྟར་གྱུར་པ་འདི་ཐམས་ཅད་སྐུལ་ཅིག་དང་། ངས་

Vol. 10 · folio 82a

སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཁ་གདག་གོ། །དེ་རྣམས་ཀྱིས་ཀྱང་ཁས་བླངས་སོ། །མ་ལ་གནོད་ཀྱིས་སྨྲས་པ། ལེགས་སོ་ལེགས་སོ། །ལྷ་ཁྱོད་ཀྱིས་ཀྱང་དེ་ནི་གདོན་མི་འཚལ་བར་བགྱི་འཚལ་ཏེ། དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ལགས་སོ། །དེས་སྨྲས་

པ། ང་དུས་ཇི་ཙམ་ཞིག་ན་རྒྱལ་པོར་འགྱུར་བ་དེ་མི་ཤེས་སོ། །མ་ལ་གནོད་ཀྱིས་སྨྲས་པ། དེ་ལྟར་མ་དགོངས་ཤིག །རྒྱལ་པོ་བགྲེས་པོ་ནི་རིང་པོར་མི་ཐོགས་པར་ལྷ་ཉིད་དུ་གཤེགས་པས་ཁྱོད་ཉིད་རྒྱལ་པོར་འགྱུར་རོ། །འདོད་པ་བསྟེན་པས་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་

ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བློན་པོ་ལྔ་བརྒྱ་ཡོད་པ་ལས་འཕགས་སྐྱེས་པོ་བློན་པོ་རྣམས་དང་དབྱེ་བར་བརྩམས་པ་དང་། སྤྱོད་པའི་བུ་རིང་པོ་མ་གཏོགས་པ་ཐམས་ཅད་ཁ་ཕྱིན་ཏོ། །བློན་པོའི་མཆོག་དེ་ནི་རྗེ་བོ་ལ་སྙིང་ཉེ་བ་ཡིན་པས་ཁ་མ་ཕྱིན་ཏོ། །ཇི་ཙམ་དུས་གཞན་ཞིག་ན་སྤྱོད་པའི་བུ་རིང་

པོ་བྱ་བ་ཞིག་གི་ཕྱིར་འཕགས་སྐྱེས་པོའི་གན་དུ་སོང་བ་དང་། འཕགས་སྐྱེས་པོས་རྒྱལ་པོ་གསལ་རྒྱལ་གསད་པའི་སྦྱོར་བས་སྤྱོད་པའི་བུ་རིང་པོ་ལ་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལ་ངས་ཤ་གླན་པར་བྱ་ན། ང་ནམ་རྒྱལ་པོར་འགྱུར་བ་སྨྲོས་ཤིག །དེས་སྨྲས་པ། ལྷ་ཅིའི་

སླད་དུ་བསོད་ནམས་མ་ལགས་པ་སྐྱེད་པར་མཛད། རྒྱལ་པོ་བགྲེས་པོ་ནི་རིང་པོར་མི་ཐོགས་པར་ལྷ་ཉིད་དུ་གཤེགས་ཏེ་རྒྱལ་པོར་གཞན་མི་འགྱུར་གྱི་ཁྱོད་ཉིད་འགྱུར་རོ། །སྤྱོད་པའི་བུ་རིང་པོ་དེ་ནི་ངས་བགམ་པར་ཁྱོད་ཁོ་ན་ལ་སྨྲས་ཀྱི། ཁྱོད་ཀྱིས་སུ་ལ་ཡང་སྨྲ་བར་མི་བྱའོ། །ལྷ་བདག་གིས་

མ་འཚལ་ཏམ་ཅི། སུ་ལ་ཡང་ཇི་ལྟར་བརྗོད་པར་བགྱི་ཞེས་སྨྲས་ཏེ་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ཞེས་བྱ་བ་ན་བཞུགས་ཏེ། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཞོན་པ་བཟང་པོ་ལ་ཞོན་ཏེ་ཁ་ལོ་སྒྱུར་བ་སྤྱོད་པའི་བུ་རིང་པོ་དང་། །

ལྗོངས་རྒྱུ་ཞིང་འགྲོ་བ་ན་གྲོང་ཁྱེར་ཞིག་ཏུ་ཕྱིན་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགོན་པའི་ནགས་འདབ་བས་མཐའི་གནས་མལ་དབེན་པ་སྐྱེ་བོ་སྡིག་ཅན་དང་བྲལ་བ་མི་ཆིག་རྐྱ་ཐུབ་པས་སོ་སོར་བསྟེན་པ་ནང་དུ་ཡང་དག་འཇོག་དང་མཐུན་པ་མཐོང་ངོ་། །མཐོང་ནས་ཡང་སྤྱོད་པའི་བུ་རིང་པོ་

Vol. 10 · folio 82b

ལ་སྨྲས་པ། སྤྱོད་པའི་བུ་རིང་པོ་བཅོམ་ལྡན་འདས་དེ་དགོན་པ་ནགས་འདབ་བས་མཐའི་གནས་མལ་དབེན་པ་སྐྱེ་བོ་སྡིག་ཅན་རྣམས་དང་བྲལ་བ་མི་ཆིག་རྐྱ་ཐུབ་པས་སོ་སོར་བསྟེན་པ་ནང་དུ་ཡང་དག་འཇོག་དང་མཐུན་པ་འདི་ལྟ་བུ་ན་བཞུགས་ཏེ། དེར་ངས་བཅོམ་ལྡན་འདས་དེ་ལ་རེ་འགའ་བསྙེན་བཀུར་བྱས་

ན་རིང་པོ་བཅོམ་ལྡན་འདས་ད་ལྟར་གང་ན་བཞུགས། ཇི་ག་ཁྱོད་ཀྱིས་ཐོས་སམ། ལྷ་བདག་གིས་ཐོས་ཏེ་བཅོམ་ལྡན་འདས་ནི་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ཞེས་བགྱི་བ་ན་བཞུགས་སོ། །རིང་པོ་ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ཞེས་བྱ་བར་ཐག་ཇི་སྲིད་ཡོད། །ལྷ་རྒྱང་

གྲགས་གསུམ་ལྷག་ཙམ་མཆིས་སོ། །དེས་རིང་པོ་ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ག་ལ་བ་དེར་ཤིང་རྟ་དྲོངས་ཤིག །ལྷ་དེ་བཞིན་འཚལ་ལོ་ཞེས་སྤྱོད་པའི་བུ་རིང་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ལྟར་མཉན་ནས། ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ག་ལ་བ་དེར་ཤིང་རྟ་ཁྲིད་དེ་བཞོན་པས་འགྲོ་བའི་

ས་ཇི་སྲིད་པ་དེ་ཇི་སྲིད་དུ་ཞོན་ཏེ་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའི་ར་བར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གཙུག་ལག་ཁང་ཆེན་པོ་སྒོ་བཅད་པ་ཞིག་ན་ཉིན་མོ་གནས་པས་བཞུགས་སོ། །དགེ་སློང་མང་པོ་རྣམས་ནི་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པའི་འཆག་ས་ན་འཆག་

པར་བྱེད་པ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་ངོ་། །དགེ་སློང་མང་པོ་དག་ཐག་རིང་པོ་ཉིད་ནས་མཐོང་ནས་ཀྱང་དགེ་སློང་མང་པོ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་མང་པོ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དག་བཅོམ་ལྡན་འདས་ག་ལ་བཞུགས། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་

ནི་གཙུག་ལག་ཁང་ཆེན་པོ་ཆབ་སྒོ་བཀུམ་པ་འདི་ན་ཉིན་མོ་གནས་པས་བཞུགས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་བཞེད་ན་གཙུག་ལག་ཁང་ཆེན་པོ་སྒོ་བཀུམ་པ་ག་ལ་བ་དེར་བཞུད་དེ། དེར་བྱོན་པ་དང་ཁད་ཀྱིས་དལ་བུ་དལ་བུས་སྒོ་གླེགས་ལ་རྡུངས་ཤིག་དང་། བཅོམ་ལྡན་འདས་ཆབ་སྒོ་འབྱེད་པར་འགྱུར་རོ། །

དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རྒྱལ་པོའི་རྟགས་ལྔ་པོ་གཙུག་ཏོར་དང་། གདུགས་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། ལྷམ་ཁྲ་བོ་དག་ཕུད་དེ། སྤྱོད་པའི་བུ་རིང་པོ་ལ་བྱིན་ནས་ཁ་ཕྱིར་ལྟའོ། །དེ་ནས་སྤྱོད་པའི་བུ་རིང་པོ་འདི་སྙམ་དུ་སེམས་ཏེ། ལྷས་རྒྱལ་པོའི་རྟགས་

Vol. 10 · folio 83a

ལྔ་པོ་གཙུག་ཏོར་དང་། གདུགས་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། ལྷམ་ཁྲ་བོ་དག་བདག་ལ་བཞག་སྟེ། ཞལ་ཕྱིར་གཟིགས་པ་ལས་ན། ལྷ་ནི་ཕྲིན་ལས་གསང་བ་ཞིག་མཛད་པར་བཞེད་པས་བདག་འདི་ཉིད་དུ་འདུག་པར་བྱའོ་སྙམ་མོ། །དེ་ནས་ཀོ་ས་ལའི་

རྒྱལ་པོ་གསལ་རྒྱལ་གཙུག་ལག་ཁང་ཆེན་པོ་སྒོ་བཅད་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁད་ཀྱིས་དལ་བུ་དལ་བུས་སྒོ་གླེགས་ལ་བརྡབས་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་སྒོ་ཕྱེའོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་

ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གདོང་དང་ཁ་ཕྱིས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིང་མོ་ཞིག་ལགས་ནས་མཐོང་ངོ་། །བདེ་བར་གཤེགས་པ་བདག་གིས་རིང་མོ་ཞིག་ལགས་ནས་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་

གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་ཤིན་ཏུ་དམན་པ་བས་ཀྱང་ཆེས་དམན་པ་བྱེད། བཙུན་པ་བཅོམ་ལྡན་འདས་བདག་ལ་ཆོས་ལས་བྱུང་བའི་དད་པ་མཆིས་ཏེ། དེས་ན་བདག་འདི་སྙམ་དུ་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཁྱོད་ཀྱི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ་སྙམ་མོ། །རྒྱལ་པོ་ཆེན་པོ་ཁྱོད་ང་ལ་ཆོས་ལས་བྱུང་བའི་དད་པ་ཇི་ལྟ་བུ་ཞིག་ཡོད། བཙུན་པ་བདག་གིས་འདི་ན་དགེ་སྦྱོང་དང་བྲམ་ཟེ་

མཁས་པ་མཁས་པའི་ང་རྒྱལ་ཅན་སྨྲ་བ་དང་། ཕས་ཀྱི་རྒོལ་བ་ལ་གོམས་པར་བགྱིས་པ། སྐྱེ་བོ་ཕལ་པོ་ཆེ་ལ་བྱིས་པའི་དང་ཡས་འབིགས་པའི་ངོ་བོར་བཀུར་བ་ཁ་ཅིག་མཐོང་སྟེ། དེ་དག་རང་གི་ཤེས་རབ་དང་སྤོབས་པས་གཞན་གྱི་ལྟ་བའི་རྣམ་པ་འདྲེན་མའི་ངོ་བོ་དག་འཇིག་ཅིང་དེ་དག་ཞུ་བ་རྩོམ་

པར་བགྱིད་དེ། བདག་ཅག་ཤེས་ལྡན་གཽ་ཏ་མ་དེའི་དྲུང་དུ་དོང་ལ་དྲི་བ་འདི་དང་འདི་ལྟ་བུ་དག་དྲི་སྟེ། གལ་ཏེ་ལུང་སྟོན་པར་མི་བྱེད་ན་ནི་བརྩད་པར་བྱའོ། །གལ་ཏེ་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ། །ཞེས་ལུང་སྟོན་པར་བྱས་ན། དེ་ལྟ་ན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཀྱེ་གཽ་ཏ་མ་ཁྱོད་ཀྱི་འདི་ནི་མི་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words