འདུལ་བ་ཕྲན་ཚེགས་ཀྱི་གཞི

Sanskrit title (Tibetan script, as in the text) བི་ན་ཡ་ཀྵུ་དྲ་ཀ་བསྟུ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 10 · folio 225a

མཆིང་ཕོར་ནས་ཆུ་འཐུང་བ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་མས་མཆིང་ཕོར་དུ་ཆུ་བཏུང་བར་མི་བྱའོ་སྙམ་དུ་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་མ་དག་མཆིང་ཕོར་ནས་ཆུ་འཐུང་བ་ལས་གྱུར་གྱིས། དེ་

ལྟ་བས་ན་དགེ་སློང་མས་མཆིང་ཕོར་ནས་ཆུ་བཏུང་བར་མི་བྱ་ཞིང་གཞན་ཡང་བཏུང་བ་དང་བཟའ་བར་མི་བྱའོ། །དགེ་སློང་མ་མཆིང་ཕོར་ནས་ཆུའམ་གཞན་དུ་ཡང་རུང་འཐུང་ངམ་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། རི་མོའི་མཁར་ལེན་མེ་དང་ནི། །ཁྲུས་དང་

འགགས་དང་ལྷུང་བཟེད་ཀྱི། །ལྷག་རོལ་མ་ཡིན་ལྷུང་བཟེད་གཞིར། །རྐང་པ་མི་གཞག་ལྷམ་དག་གོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་

སྦྱིན་གྱིས་ཕྱོགས་བཞིའི་དགེ་འདུན་ལ་རྒྱལ་བྱེད་ཀྱི་ཚལ་ཕུལ་བ་དེའི་ཚེ་དེའི་བློ་སྐྱེས་པ་འདི་རི་མོ་མ་བྲིས་པས་མི་སྡུག་སྟེ། དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་འདི་རི་མོ་བྲིའོ་སྙམ་དུ་རིག་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་

ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་རྒྱལ་བྱེད་ཀྱི་ཚལ་འདི་རི་མོ་མ་བྲིས་པས་མི་སྡུག་སྟེ། དེའི་སླད་དུ་བཅོམ་

ལྡན་འདས་ཀྱིས་གནང་ན་བདག་གིས་འདི་རི་མོ་བྲི་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་གིས་རི་མོ་རིས་ཤིག །བཅོམ་ལྡན་འདས་ཀྱིས་རི་མོ་རིས་ཤིག་ཅེས་བཀའ་སྩལ་ནས། དེས་ཚོན་རྩི་དག་ཀྱང་བསོགས། རི་མོ་

མཁན་རྣམས་ཀྱང་བོས་ཏེ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱིས་གནང་གིས། དེའི་ཕྱིར་ཚོན་རྩི་འདི་དག་གིས་རྒྱལ་བྱེད་ཀྱི་ཚལ་རི་མོ་རིས་ཤིག །དེ་དག་གིས་སྨྲས་པ། ཁྱིམ་བདག་རི་མོ་བྲི་ན་ཕྱོགས་གང་དུ་ཅི་ཞིག་བྲི་བ་གསུང་ཤིག །དེས་སྨྲས་པ།

Vol. 10 · folio 225b

ཤེས་ལྡན་དག་བདག་གིས་མི་ཤེས་ཀྱིས་སྡོད་ཅིག་དང་བཅོམ་ལྡན་འདས་ལ་ཞུའོ། །དེ་དག་གིས་སྨྲས་པ། ཁྱིམ་བདག་ལེགས་ཏེ་དེ་བཞིན་དུ་མཛོད་ཅིག་དང་སྡོད་དོ། །དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་

འདས་ཚོན་རྩི་དག་ཀྱང་བསོགས། རི་མོ་མཁན་རྣམས་ཀྱང་བོས་ན་དེ་དག་གི་མཆིད་ནས་ཁྱིམ་བདག་ཕྱོགས་གང་དུ་ཅི་ཞིག་བྲི་བ་སྨྲོས་ཤིག་ཅེས་མཆི་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཕྱོགས་གང་དུ་ཅི་ཞིག་བྲི་བ་བཀའ་སྩལ་དུ་གསོལ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ན་སོང་ལ་རེ་ཞིག་ཕྱི་སྒོར་གནོད་སྦྱིན་ལག་ན་དབྱུག་ཐོགས་འདྲིར་བཅུག་ནས། སྒོ་ཁང་དུ་ནི་ཆོ་འཕྲུལ་ཆེན་པོ་དང་འཁོར་བའི་འཁོར་ལོ་ཆ་ལྔ་པ། ཁྱམས་སུ་ནི་སྐྱེས་པའི་རབས་ཀྱི་ཕྲེང་བ། དྲི་གཙང་ཁང་གི་སྒོར་ནི་

གནོད་སྦྱིན་ལག་ན་ཕྲེང་བ་ཐོགས་པ་དག །རིམ་གྲོའི་ཁང་པར་ནི་དགེ་སློང་གནས་བརྟན་གནས་བརྟན་དག་ཆོས་རྣམ་པར་གཏན་ལ་འབེབས་པར་བྱེད་པ། བཀད་སར་ནི་གནོད་སྦྱིན་ལག་ན་ཟས་ཐོགས་པ་དག །མཛོད་ཀྱི་སྒོར་ནི་གནོད་སྦྱིན་ལག་ན་ལྕགས་ཀྱུ་ཐོགས་པ་དག །ཆུའི་ཁང་

པར་ནི་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག །ཁྲུས་ཁང་ངམ། བསྲོ་གང་དུ་ནི་ལྷའི་མདོ་ལས་འབྱུང་བའམ། གཞན་དམྱལ་བའི་རབས། ནད་པའི་སྨན་ཁང་དུ་ནི་དེ་བཞིན་གཤེགས་པ་ནད་པའི་ནད་གཡོག་མཛད་པ། ཆབ་ཁུང་སར་ནི་དུར་ཁྲོད་ཤིན་ཏུ་

འཇིགས་སུ་རུང་བ། གནས་ཁང་གི་སྒོར་ནི་རུས་པའི་ཀེང་རུས་དང་། མགོའི་ཐོད་པ་བྲིའོ། །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཐམས་ཅད་དེ་ཁོ་ན་བཞིན་དུ་འདྲིར་བཅུག་གོ། །གང་གི་ཚེ་ཁྱིམ་བདག་

མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་རི་མོ་བྲིས་པ་དེའི་ཚེ་དགེ་སློང་ཤེས་བཞིན་མེད་པར་གནས་པ་ཁ་ཅིག་གིས་དེར་མེ་བུས་པས་དུ་བས་རི་མོ་མ་རུང་བར་གྱུར་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

Vol. 10 · folio 226a

སྩལ་པ། དགེ་སློང་དག་ངས་མེའི་ཁང་པ་གནང་གིས་དགེ་སློང་གང་ཞིག་ལ་མེ་དགོས་པ་དེས་མེའི་ཁང་པར་མེ་བུད་པར་བྱའི་ཁང་བཟངས་སུ་ནི་མ་ཡིན་ནོ། །ཁང་བཟངས་སུ་མེ་འབུད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མེའི་ཁང་

པར་མེ་བུད་པར་བྱའི་ཁང་བཟངས་སུ་ནི་མ་ཡིན་ནོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་ནད་པ་དག་ཅིག་འཁོད་པ་དེ་དག་མེས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་གང་དག་མེས་ཕོངས་པ་དེ་དག་གིས་གཙུག་ལག་ཁང་གི་ཕྱི་

རོལ་ལམ། རྫིང་དྲུང་དུ་མེ་བུས་ལ་མདག་མ་དུ་བ་མེད་པ་ནང་དུ་གཞག་པར་བྱའོ། །དགེ་སློང་རྣམས་ཁང་བཟངས་སུ་ཁྲུས་བྱེད་པས་རི་མོ་བྱིད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁང་བཟངས་སུ་ཁྲུས་མི་བྱའི་འོན་ཀྱང་རྫིང་གི་གྲྭ་གཅིག་ཏུ་སྟོན་པའི་སྤྱན་སྔར་

མ་བབ་པའམ། ཁྲུས་ཀྱི་ཁང་པ་བྱས་ནས་དེར་ཁྲུས་བྱའོ། །འདམ་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་དེར་སོ་ཕག་གི་གཅལ་དགྲམ་པར་བྱའོ། །ཆུ་འཁྱིལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་སྟོར་ཁུང་གདོད་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་ཆུའི་སྟོར་ཁུང་གདོད་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཆུའི་སྟོར་ཁུང་གི་ཁ་འགགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱ་ཞིང་ཆུའི་སྟོར་ཁུང་གི་ཁ་ཉིད་དུ་ཁྲུས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་གི་བུ་ན་བར་གྱུར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །སྨན་པས་སྨྲས་པ། ཇོ་བོ་ཅི་བཞེད་

གསུང་ཤིག །དེས་སྨྲས་པ། ཀྱེ་དགེ་བ་ཅུང་ཟད་ཀྱང་མི་འདོད་མོད་ཀྱི། འོན་ཀྱང་ཁོ་བོའི་བུ་ནད་འདི་དང་འདིས་ཐེབས་ཀྱིས་སྨན་སྟོན་ཅིག །སྨན་པ་དེ་དད་པ་ཅན་ཞིག་པས་དེས་སྨྲས་པ། བྲམ་ཟེ་འཕགས་པ་རྣམས་ཀྱི་དྲུང་དུ་བཞུད་ལ་ལྷུང་བཟེད་ཀྱི་ཆུ་སློངས་ལ་དེ་ཁྲུས་

Vol. 10 · folio 226b

ཤིག་དང་སོས་པར་འགྱུར་རོ། །དེས་བྲམ་ཟེ་བཀྲ་ཤིས་པར་གྱུར་ཅིག་ཅེས་སྨྲས་ནས་ཆས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་ཡིན་ཏེ། ཚེ་དང་ལྡན་པ་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་

གྱི་སྒོ་ན་འཆགས་པ་དེས་བྲམ་ཟེ་དེ་མཐོང་ནས་སྨྲས་པ། བྲམ་ཟེ་ཆེན་པོ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟ་བུར་གནས་པ་ཡིན་ན་རིང་མོ་ཞིག་སྟེ་ག་ལས་འོངས། འཕགས་པ་ཕྱག་འཚལ་ལོ། །རིང་མོ་ཞིག་སྟེ་མཐོང་བ་ནི་ལེགས་ཏེ། ཡང་དང་ཡང་དུ་

མཐོང་བས་ནི་བརྙས་པར་འགྱུར་རོ། །དགོས་པ་ཅི་ཞིག་ལ་འོངས། འཕགས་པ་བདག་གི་བུ་བྲོ་ཚབས་ཆེན་པོ་ཞིག་གིས་ཐེབས་ཏེ། དེ་ལ་སྨན་པས་འཕགས་པ་རྣམས་ཀྱི་ཐད་ནས་ལྷུང་བཟེད་ཀྱི་ཆུ་བླངས་ཏེ་དེས་བཀྲུས་དང་སོས་པར་འགྱུར་རོ་ཞེས་བསྟན་ནས། བདག་ལྷུང་བཟེད་ཀྱི་

ཆུ་བསླང་བའི་སླད་དུ་འདིར་མཆིས་ཀྱིས་སྩོལ་ཅིག །དེས་སྨྲས་པ། ཁྱོད་ཀོ་ལྷུང་བཟེད་ཀྱི་ཆུའི་ཕྱིར་འདིར་འོངས་པ་ལྟ། འཕགས་པ་དེ་ལྟ་ལགས་ཏེ་དགོས་པ་དེ་ནི་མཆིས་སོ། །གལ་ཏེ་དེ་ལྟ་ན་སྡོད་ཅིག་དང་ཁོ་བོས་ལྷུང་བཟེད་ཀྱི་ཆུ་བླང་ངོ་ཞེས་བྱས་ནས་དེ་ནང་དུ་སོང་ངོ་། །

དེས་ཟན་ཟོས་ནས་ལྷུང་བཟེད་བཀྲུས་ཏེ་དེར་རུས་པ་དང་། ཤའི་ཁམ་ཚད་དང་། ཉའི་གྲམ་དང་། འབྲས་ཅན་གྱི་བྲུལ་མ་དང་། ཕྱེ་དང་། ཚོང་ཤོལ་དང་། ཁུར་བ་ཅུང་ཟད་ཅིག་བླུགས་སོ། །དེ་ནས་ཕྱིར་བྱུང་ནས་སྨྲས་པ། བྲམ་ཟེ་ལྷུང་བཟེད་ཀྱི་ཆུ་འདེ་རེ་ཁྱེར་ཅིག །བྲམ་ཟེས་

མཐོང་ནས་སྨྲས་པ། འཕགས་པ་བདག་གི་བུ་གུམ་བླའི་ཆུ་འདི་ལྟ་བུ་མི་གཙང་བས་ཁྲུས་བགྱིས་པ་ནི་མི་རུང་ངོ་། །ཚེ་དང་ལྡན་པ་ཉེ་དགའས་སྨྲས་པ། ཁྱོད་དད་པ་འདི་ལྟ་བུ་དང་ལྡན་པས་ཁྱོད་ཀྱི་བུ་སོས་ཟིན་དུ་ཟད་དོ། །བྲམ་ཟེ་དེ་འཕྱ་བ་ལ་ཞུགས་ནས། སྐབས་དེ་

དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ལྷུང་བཟེད་ནས་ལྷག་རོལ་འདོར་བ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་ལྷུང་བཟེད་ནས་ལྷག་རོལ་དོར་བར་མི་བྱའོ་སྙམ་

Vol. 10 · folio 227a

དུ་དགོངས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ནས་ལྷག་རོལ་དོར་བར་མི་བྱའོ། །འདོར་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་ངས་དགེ་སློང་གིས་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱེད་པའི་

ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱེད་པས་ལྷུང་བཟེད་ལན་གསུམ་བཀྲུས་ཏེ། ལྷུང་བཟེད་ཀྱི་ཆུ་ལ་གཙུག་ལག་གི་ཚིགས་སུ་བཅད་པས་མངོན་པར་བསྔགས་ནས་སྦྱིན་པར་བྱའོ། །དགེ་སློང་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱེད་པས་ཀུན་

ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་ལྷུང་བཟེད་ཀྱི་གཞི་ལ་རྐང་

པ་བཞག་སྟེ་ཟན་ཟ་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་གཙང་སྦྲ་མེད་པ་སྟེ། ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་ཟའོ། །ཞེས་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་བཟའ་བར་མི་བྱའོ། །དགེ་སློང་ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་ཟ་ན་འགལ་ཚབས་ཅན་དུ་

འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དགེ་སློང་དག་ལྷམ་མ་ཕུད་པར་ཟན་ཟ་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་གཙང་སྦྲ་མེད་པ་སྟེ་ལྷམ་མ་ཕུད་

པར་ཟན་ཟའོ་ཞེས་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་འཕྱ་བ་ནི་ཐོག་ཏུ་བབ་བོ། །དེ་ལྟ་བས་ན་དགེ་སློང་གིས་ལྷམ་མ་ཕུད་པར་ཟན་བཟའ་བར་མི་

Vol. 10 · folio 227b

བྱའོ། །དགེ་སློང་ལྷམ་མ་ཕུད་པར་ཟན་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷམ་མ་ཕུད་པར་ཟན་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་གིས་ལྷམ་ཕུད་དེ་ཟན་ཟ་བར་བརྩམས་པ་དང་། དེ་དག་ན་བར་གྱུར་པའི་སྐབས་

དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་གང་དག་ཡིན་པ་དེ་དག་གིས་ནི་མ་ཕུད་པར་ཟན་བཟའ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི། ལྷུང་བཟེད་མེད་དང་གྲགས་པ་དང་། །དབྱར་

གནས་པ་དང་གནས་མེད་དང་། །ལོ་ལྔ་རྙེད་པ་གཅིག་པ་དང་། །གློ་དང་རྒྱབ་དང་རྐེད་པ་མགོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགའ་བོས་གཅིག་ཅིག་རབ་ཏུ་ཕྱུང་བ་དེ་ལ་

སྔ་ནས་ལྷུང་བཟེད་ཉེ་བར་མ་བཞག་གོ། །ཇི་ཙམ་ན་དགེ་སློང་རྣམས་ཟས་ཀྱི་དུས་ལ་བབ་སྟེ་རང་རང་གི་ལྷུང་བཟེད་དག་བཀྲུས་ནས་ལྷུང་བཟེད་ཀྱི་གཞི་ལ་བཞག་སྟེ་མཆོད་རྟེན་ལ་ཕྱག་འཚལ་དུ་དོང་བ་དང་། དེས་བསམས་པ། ལྷུང་བཟེད་འདི་དག་མང་མོ་ཞིག་འདུག་པས་གདོན་མི་ཟ་བར་

གང་གང་གིས་ཇི་ལྟར་བླངས་པ་དེས་ཟོས་ཤིང་ཟོས་ནས་འདི་ཉིད་དུ་འཇོག་གོ། །དེ་ལྟ་བས་ན་རེ་ཞིག་བདག་གིས་ཀྱང་བླངས་ལ་སླར་བཞག་གོ་སྙམ་ནས་དེས་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱའི་ལྷུང་བཟེད་བླང་བར་བརྩམས་པ་དང་། གཞན་ཞིག་གིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ལྷུང་བཟེད་

འདི་ནི་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱའི་ཡིན་གྱིས་འདི་མ་ལེན་ཅིག །དེས་དེ་བཞག་ནས་ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་པོ་དང་། རླངས་པ་དང་། མིང་ཆེན་དང་། གང་པོ་དང་། དྲི་མ་མེད་པ་དང་། བ་ལང་བདག་དང་། ལག་བཟངས་དང་། དགེ་སློང་གཞན་དག་ཅིག་གི་ལྷུང་བཟེད་དག་བླང་

བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ལ་ལྷུང་བཟེད་མེད་ན་ལྷུང་བཟེད་མེད་པ་ཁྱོད་སུས་རབ་ཏུ་ཕྱུང་། དེས་སྨྲས་པ། མཁན་པོ་ཉེ་དགའས་སོ། །དགེ་སློང་རྣམས་འཕྱ་བར་བྱེད་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་མ་ཡིན་པ་གཞན་སུ་ཞིག་གིས་ལྷུང་

Vol. 10 · folio 228a

བཟེད་མེད་པ་རབ་ཏུ་འབྱིན་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ལྷུང་བཟེད་མེད་པ་རབ་ཏུ་དབྱུང་བར་མི་བྱ་སྟེ། རབ་ཏུ་འབྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །རབ་ཏུ་

འབྱིན་པར་བྱེད་པས་ཡོ་བྱད་དྲུག་གིས་མི་བྲེལ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་རེ་ཞིག་དགེ་སློང་དག་གིས་ལྷུང་བཟེད་མེད་པ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བརྗོད་པར་བགྱི་འམ། ཉེ་བ་

འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ། །བཙུན་པ་དགེ་སློང་དག་གིས་ལྷུང་བཟེད་ཆུང་ངུའམ། ལྷུང་བཟེད་ཆེན་པོའམ། ལྷུང་བཟེད་སྐྱ་བོས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་

བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་

ཆོམ་རྐུན་པར་གྲགས་པ་ཞིག་རྐུན་པོ་བྱེད་པ་ཚོར་ནས་དེས་བཟུང་བ་དང་། བརྐུས་པ་བོར་ནས་བྲོས་སོ། །དེ་ལམ་གྱི་ངལ་བས་དུབ་ནས་རྒྱལ་བྱེད་ཀྱི་ཚལ་གྱི་ལམ་ཀ་ཤིང་ཞིག་གི་དྲུང་ན་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། ཚེ་དང་ལྡན་པ་ཉེ་དགའ་

སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཆས་པ་དེས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་སུའི། དེས་སྨྲས་པ། འཕགས་པ་བདག་ནི་མགོན་མེད་པ་ཞིག་སྟེ། བདག་ལ་ཅི་ཡང་མ་མཆིས་སོ། །དེས་སྨྲས་པ། བཞིན་

བཟངས་གལ་ཏེ་དེ་ལྟ་ན་ཅི་སྟེ་རབ་ཏུ་མི་འབྱུང་། དེས་སྨྲས་པ། འཕགས་པ་ཁྱོད་རབ་ཏུ་བྱུང་བ་ལགས་པས་རེ་ཞིག་དྲང་པོར་སྨྲ་བར་བགྱི་སྟེ། བདག་ནི་ཆོམ་རྐུན་པར་གྲགས་པ་ལགས་ན་སུ་ཞིག་བདག་རབ་ཏུ་འབྱིན། བུ་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་ཐུགས་རྗེས་རབ་ཏུ་ཕྱེ་བ་

Vol. 10 · folio 228b

ཡིན་པས་སུ་ཞིག་རབ་ཏུ་མི་འབྱིན། སེམས་རྟོན་ཅིག་དང་ངས་རབ་ཏུ་དབྱུང་ངོ་། །འཕགས་པ་ལེགས་ཏེ་རབ་ཏུ་འབྱུང་ངོ་། །དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ནས། སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་གསོས་ཀྱིས་མཉན་ཡོད་རྒྱ་ཆེན་པོར་རང་གི་སྤྱོད་

ཡུལ་ཕ་ཡུལ་དུ་བསོད་སྙོམས་ལ་རྒྱུས་ལ་འཚོ་བར་གྱིས་ཤིག །དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་བསོད་སྙོམས་ལ་རྒྱུ་བ་ན། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ངོ་ཤེས་ནས། དེ་ན་ཁ་ཅིག་ན་རེ་ཤེས་

ལྡན་དག་འདི་ནི་ཆོམ་རྐུན་པར་གྲགས་པ་དེ་ཡིན་ན་རབ་ཏུ་བྱུང་ངོ་ཞེས་ཟེར། གཞན་དག་ན་རེ་དགེ་སྦྱོང་ཤཱཀྱའི་བུ་པ་རྣམས་ཀྱི་ཆོས་ནི་བཟང་སྟེ་ཆོམ་རྐུན་པར་གྲགས་པ་ཡང་རབ་ཏུ་འབྱིན་པར་བྱེད་དོ། །འདི་དག་ནི་ཉིན་མོ་བསོད་སྙོམས་པའི་ཆ་བྱད་ཀྱིས་ཁྱིམ་དག་ཏུ་གླགས་བཅད་ནས་ནུབ་

མོ་རྐུར་འོང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ཆོམ་རྐུན་པར་གྲགས་པ་རབ་ཏུ་འབྱིན་པ་ལས་གྱུར་ཏེ། དེའི་ཕྱིར་དགེ་སློང་གིས་ཆོམ་རྐུན་པར་གྲགས་

པ་རབ་ཏུ་དབྱུང་བར་མི་བྱའོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་

གིས་ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཆོམ་རྐུན་པ་ཡིན་པར་མངོན་པ་མེད་པ་དག་ཀྱང་རབ་ཏུ་མ་ཕྱུང་བས་དེ་དག་གི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་པའི་སྐབས་དེ་དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོམ་རྐུན་པ་ཡིན་པར་མངོན་པ་རབ་ཏུ་དབྱུང་བར་མི་བྱའི། མངོན་པ་མེད་པ་ནི་རབ་ཏུ་དབྱུང་བར་བྱའོ། །དེ་ལྟ་བས་ན་གང་ཡང་རུང་བ་ཞིག་གི་དྲུང་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་ཉེ་

Vol. 10 · folio 229a

བར་འོངས་ན། དེས་དེ་ལ་ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་

ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་གནས་ཞིག་ན་དགེ་སློང་མང་པོ་ཞིག་གཅིག་ཅིག་ལ་གནས་བཅས་ཏེ་འདུག་པ་ལས། ཇི་ཙམ་ན་དེ་དག་གི་གནས་ཀྱི་སློབ་དཔོན་དེ་དུས་ལས་འདས་པ་དང་། དེ་དག་གིས་སུ་ཞིག་ལ་

བདག་ཅག་གིས་འཕྲལ་གྱི་བྱ་བ་ཞུ་བར་བྱ་བ་དང་། གང་ལ་གནས་བཅས་ཏེ་འདུག་པར་བྱ་བ་མི་ཤེས་ནས། སྐབས་དེ་དགེ་སློང་རྣམས་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་

དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། ཅི་སྟེ་རྙེད་ན་དེ་ལྟ་ན་ལེགས། ཅི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ་འདུག་ན་འགལ་ཚབས་

ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཞིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་གནས་པར་ཁས་བླང་བར་འདོད་པ་ལས། དེ་དག་གི་གནས་ཀྱི་སློབ་དཔོན་དེ་ཡང་དུས་ལས་འདས་ནས་དེ་དག་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཀྱང་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཇི་སྟེ་མ་

རྙེད་ན་དགེ་སློང་དེ་དག་གིས་གནས་དེར་དབྱར་སྔ་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་སྔ་མར་གནས་པར་དམ་བཅས་པ་ལས་དེ་

Vol. 10 · folio 229b

དག་གི་སློབ་དཔོན་དེ་ཡང་དུས་ལས་འདས་ནས། དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཀྱང་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་།

གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཅི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་གནས་པར་མི་བྱའི་གཞན་དུ་སོང་ལ་དབྱར་ཉེ་བར་སྦྱོར་བ་གཉིས་པར་དབྱར་གནས་པར་ཁས་བླང་བར་བྱའོ། །དེར་གནས་

ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་གནས་པར་ཁས་བླང་བར་འདོད་པ་ལས། དེ་དག་གི་གནས་ཀྱི་སློབ་དཔོན་དེ་ཡང་དུས་ལས་འདས་ནས། དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་པའི་སྐབས་

དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཀྱང་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་

ན་དེ་ལྟ་ན་ལེགས། ཇི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་དབྱར་སྔ་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་ཕྱི་མར་གནས་པར་

དམ་བཅས་པ་ལས། དེ་དག་གི་སློབ་དཔོན་དེ་ཡང་དུས་ལས་འདས་ནས་དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པར་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཟླ་བ་གཉིས་ཀྱི་བར་དུ་གཅིག་

ལ་གཅིག་དྲི་ཞིང་སོ་སོར་བརྟགས་པར་གནས་པར་བྱའོ། །ཟླ་བ་གཉིས་འདས་ནས་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཇི་སྟེ་མ་རྙེད་ན་དགེ་སློང་དེ་

Vol. 10 · folio 230a

དག་གིས་གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ། འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་དགེ་སློང་གཅིག་ཅིག་གིས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་པ་ལས། དེ་དག་གི་མཁན་པོ་དེ་དུས་ལས་

འདས་པ་དང་། དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་ཞེས་བྱ་བ་ནས་ཐམས་ཅད་སློབ་དཔོན་ལ་ཇི་ལྟ་བར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་འོར་ཞིག་

ན་ཁྱིམ་བདག་ཅིག་གནས་པ་དེས་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་ཡོ་བྱད་ཐམས་ཅད་ཀྱིས་བཀང་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་རྒྱལ་པོའི་ཕོ་བྲང་དུ་བཟུང་བ་དང་། དགེ་སློང་རྣམས་ཀྱིས་ཐོས་སོ། །དེ་དག་གིས་ཐོས་

ནས་གཙུག་ལག་ཁང་བོར་ཏེ་བྲོས་པ་དང་། དཀོན་མཆོག་གསུམ་གྱི་དཀོར་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་སོ། །ཇི་ཙམ་ན་ཁྱིམ་བདག་དེ་སླར་བཏང་སྟེ། དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་གི་བདག་པོ་དེ་ཇི་ལྟར་སླར་བཏང་བ་ཐོས་ནས་དེ་དག་ཁྱིམ་བདག་དེའི་དྲུང་དུ་སོང་བ་དང་།

ཁྱིམ་བདག་དེས་ཇི་ལྟར་དགེ་སློང་དག་གཙུག་ལག་ཁང་བོར་ཏེ་བྲོས་ནས་དཀོན་མཆོག་གསུམ་གྱི་དཀོར་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་པ་སྔ་ནས་ཐོས་པས་དེས་དེ་དག་བསྐྱེངས་པ། འཕགས་པ་ཁྱེད་ཅིའི་ཕྱིར་བྲོས། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་རྒྱལ་པོའི་ཕོ་བྲང་དུ་

ཇི་ལྟར་བཟུང་བ་ཐོས་ཏེ་ཐོས་ནས་དེ་ནས་བདག་ཅག་སྐྲག་སྟེ་བྲོས་སོ། །འཕགས་པ་དག་གལ་ཏེ་བདག་རྒྱལ་པོའི་ཕོ་བྲང་དུ་བཟུང་ཡང་ཁྱེད་ཀོ་ཅིའི་སླད་དུ་འབྲོས། བདག་གི་ཉེ་དུ་དག་ནི་མ་བཟུང་ན་ཅི་དེ་དག་ཀྱང་ཁྱེད་ཀྱི་ཡོ་བྱད་སྦྱོར་བར་མི་འགྱུར་རམ། དེ་དག་སྤོབས་པ་མེད་པར་ཅང་མི་ཟེར་

བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་འབྲོས་པར་མི་བྱའི་འོན་ཀྱང་གཙུག་ལག་ཁང་གི་བདག་པོའི་ཉེ་དུ་དག་ལ་གཙུག་ལག་ཁང་གི་བདག་པོ་ནི་རྒྱལ་པོའི་ཁབ་ཏུ་བཟུང་ན། ཅི་ཁྱེད་ཀྱིས་བདག་

Vol. 10 · folio 230b

ཅག་གི་བསོད་སྙོམས་ཀྱི་ཡོ་བྱད་སྦྱར་ནུས་སམ་ཞེས་དྲི་བར་བྱ་སྟེ། གལ་ཏེ་དེ་དག་སྦྱོར་ན་དེ་ལྟ་ན་ལེགས། ཅི་སྟེ་མི་སྦྱོར་ན་ལོ་ལྔའི་བར་དུ་བསོད་སྙོམས་བྱ་ཞིང་འདུག་པར་བྱའོ། །ལོ་ལྔ་འདས་ནས་གལ་ཏེ་གཙུག་ལག་ཁང་གི་བདག་པོ་སླར་བཏང་ན་དེ་ལྟ་ན་ལེགས། ཇི་སྟེ་མ་བཏང་ན་

གསོལ་བ་དང་གཉིས་ཀྱི་ལས་བྱས་ནས་གཙུག་ལག་ཁང་དེའི་ཉེན་ཀོར་གྱི་གཙུག་ལག་ཁང་དག་ཡོངས་སུ་སྐྱོང་བར་བྱེད་པ་རྣམས་དང་། རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པ་དག་གིས་ལོ་གཞན་ལྔའི་བར་དུ་འདུག་པར་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། ཉེན་ཀོར་གྱི་གཙུག་ལག་ཁང་

དག་ཏུ་གནས་མལ་བཤམས་ཏེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་

ལག་ཁང་ཆེ་གེ་མོ་ཞིག་གི་བདག་པོ་རྒྱལ་པོས་བཟུང་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཙུག་ལག་ཁང་དེ་གཙུག་ལག་ཁང་འདི་དག་དང་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་བགྱིའོ། །འདི་ནི་

གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་ཆེ་གེ་མོ་ཞིག་གི་བདག་པོ་རྒྱལ་པོས་བཟུང་སྟེ། དེའི་སླད་དུ་དགེ་འདུན་གྱིས་གཙུག་ལག་ཁང་དེ་གཙུག་ལག་ཁང་འདི་དག་དང་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་མཛད་

ན། ཚེ་དང་ལྡན་པ་གང་དག་གཙུག་ལག་ཁང་དེ་གཙུག་ལག་ཁང་འདི་དག་དང་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གཙུག་ལག་ཁང་ཆེ་གེ་

མོ་ཞིག་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་རྣམ་པ་དེས་ལོ་བཅུའི་བར་དུ་གནས་པ་རྣམས་ལ་གཙུག་ལག་ཁང་གི་བདག་པོ་འོངས་ན་དེ་ལྟ་ན་ལེགས། ཇི་སྟེ་མ་འོངས་ན་ཉེན་ཀོར་གྱི་གཙུག་ལག་ཁང་དག་ཏུ་

Vol. 10 · folio 231a

གནས་མལ་དང་། སྣོད་དང་། ཡོ་བྱད་དག་བཞག་ནས་ནང་སྒོ་བཅད་དེ་འགྲོ་བར་བྱའོ། །གང་གི་ཚེ་གཙུག་ལག་ཁང་གི་བདག་པོ་སླར་བཏང་བ་དེའི་ཚེ་ཉེན་ཀོར་གྱི་གཙུག་ལག་ཁང་ནས་རྫས་ཇི་ལྟར་བཞག་པ་རྣམས་ཕྱིར་བླངས་ཏེ་དེ་ཉིད་དུ་སྦྱིན་པར་བྱའོ། །གལ་ཏེ་ཉེན་ཀོར་

གྱི་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་ཀྱིས་བྱིན་ན་དེ་ལྟ་ན་ལེགས། ཅི་སྟེ་མ་བྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ལུས་ཀྱིས་

ཁུར་ཁྱེར་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བར་བྱེད་དེ། འཕགས་པ་རེ་ཞིག་བདག་ཅག་ནི་ཁྱིམ་པ་ཁྱིམ་ན་གནས་པ་ལགས་པས་ཕ་མ་དང་བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྒྱལ་པོ་དང་། ལྷ་དང་། གཤིན་ངོག་

དང་། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དོན་དུ་ལུས་ཀྱིས་ཁུར་འཚལ་ན་ཁྱེད་ཀོ་སུའི་དོན་དུ་ཁུར་སྣོམས། དེ་དག་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་

བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་ལུས་ཀྱིས་ཁུར་བཀུར་བར་མི་བྱའོ། །དགེ་སློང་ལུས་ཀྱིས་ཁུར་ཁྱེར་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལུས་ཀྱིས་ཁུར་བཀུར་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་།

དྲུག་སྡེ་རྣམས་ཀྱིས་རྒྱབ་དང་། རྐེད་པ་དང་། གློ་དང་། མགོས་ཁུར་བཀུར་བར་བརྩམས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱབ་ཀྱིས་མ་ཡིན། རྐེད་པས་མ་ཡིན། གློས་མ་ཡིན། མགོས་ཁུར་བཀུར་བར་མི་བྱ་སྟེ། འཁུར་ན་འགལ་

ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། གནས་དང་ཡོ་བྱད་དྲུག་དང་ནི། །དེ་ནས་དེ་ལས་ཕྲོགས་པ་དང་། །ཡིད་གཅུགས་ལེན་པ་ལྔ་དང་ནི། །བཙོ་བླག་སྒོ་ཁང་འཆག་སའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་

Vol. 10 · folio 231b

གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་རབ་ཏུ་འབྱུང་བར་འདོད་པ་ཞིག་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཇི་ཙམ་ན་དགེ་སློང་ལག་ན་ལྷུང་བཟེད་ཐོགས་པ་མང་པོ་ཁར་གསིལ་ཐོགས་ནས་བསོད་སྙོམས་ལ་ཆས་པ་དེ་དག་དེས་མཐོང་ནས་དེས་བསམས་པ། རེ་ཞིག་འདི་དག་གང་དུ་འགྲོ་

དྲིའོ་སྙམ་ནས་དེས་དེ་དག་ལ་དྲིས་པ། འཕགས་པ་གང་དུ་བཞུད་དེ་དག་གིས་སྨྲས་པ། བྲམ་ཟེ་བསོད་སྙོམས་ལ་འགྲོའོ། །དེས་སྨྲས་པ། འཕགས་པ་དགེ་སློང་ཐམས་ཅད་བསོད་སྙོམས་ལ་རྒྱུའམ། དེ་དག་གིས་སྨྲས་པ། བྲམ་ཟེ་དགེ་སློང་བཤེས་གཉེན་ཅན་གང་དག་ཡིན་པ་དེ་དག་ལ་ནི་བྲམ་ཟེ་

དང་ཁྱིམ་བདག་རྣམས་བསོད་སྙོམས་གཙུག་ལག་ཁང་དུ་ཁྱེར་ཏེ་འོངས་ནས་འབུལ་ལོ། །བཤེས་གཉེན་མེད་པ་གང་དག་ཡིན་པ་དེ་དག་ནི་བསོད་སྙོམས་ལ་འགྲོའོ། །དེས་བསམས་པ། དགེ་སྦྱོང་ཤཱཀྱའི་བུ་པ་རྣམས་ཀྱི་ནང་དུ་རབ་ཏུ་ཕྱུང་བ་དང་ཁྱད་པར་ཅི་ཡོད་ཀྱིས་བདག་གིས་འདིར་ཡང་དེ་བཞིན་

དུ་བསོད་སྙོམས་ལ་འགྲོ་བར་བྱའོ་སྙམ་མོ། །དེས་ཡང་བསམས་པ། རེ་ཞིག་དགེ་སློང་གཞན་ཞིག་ལ་ཡང་ཅི་འདི་དག་བསོད་སྙོམས་ཁོ་ན་ལ་གནས་ཏེ་རབ་ཏུ་བྱུང་ངམ། འོན་ཏེ་གནས་གཞན་ཡང་ཡོད་དྲི་བར་བྱའོ་སྙམ་ནས། དེ་དགེ་སློང་ཞིག་གི་དྲུང་དུ་སོང་བ་དང་། དེས་དེ་ལ་འོངས་པ་ལེགས་

སོ་ཞེས་བྱ་བའི་ཀུན་ཏུ་སྤྱོད་པ་ཀུན་ཏུ་སྤྱད་ནས་སྨྲས་པ། བྲམ་ཟེ་ཁྱོད་གང་ནས་ཅིའི་ཕྱིར་འདིར་འོངས། དེས་སྨྲས་པ། འཕགས་པ་ཁྱོད་བལྟ་བ་ཁོ་ནའི་ཕྱིར་འོངས་ཏེ། རེ་ཞིག་ཁྱོད་ཅི་ལ་གནས་ནས་རབ་ཏུ་བྱུང་བ་དྲིའོ། །དེས་སྨྲས་པ། བྲམ་ཟེ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་རྟོག་པ་

ནི་བཟང་སྟེ་འདུག་ཤིག་དང་གཏམ་བྱའོ། །བྲམ་ཟེ་རབ་ཏུ་འབྱུང་བར་འདོད་པ་དེས་རྐང་པ་ལ་ཕྱག་བྱས་ནས་དེའི་མདུན་དུ་འདུག་པ་དང་། དེས་སྨྲས་པ། བྲམ་ཟེ་བཞི་པོ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པ་དགེ་སློང་གི་

གནས་སུ་བཅས་པ་ཡིན་ནོ། །བྲམ་ཟེ་བཞི་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གོས་རྣམས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་

Vol. 10 · folio 232a

རོ། །ཟས་རྣམས་ཀྱི་ནང་ན་བསོད་སྙོམས་དང་། གནས་མལ་རྣམས་ཀྱི་ནང་ན་ཤིང་དྲུང་དང་། སྨན་རྣམས་ཀྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་

འགྱུར་རོ་ཞེས་བཀའ་སྩལ་ཏོ། །བྲམ་ཟེ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གནས་སུ་བཅས་པ་ནི་བཞི་པོ་འདི་དག་ཡིན་ཏེ། འདི་དག་ལ་གནས་ནས་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བྲམ་

ཟེས་སྨྲས་པ། འཕགས་པ་སུ་ཞིག་གནས་འདི་དག་གིས་འཚོ་བར་ནུས། བདག་རབ་ཏུ་འབྱུང་ངོ་སྙམ་སྟེ་འདིར་མཆིས་ན་རབ་ཏུ་འབྱུང་བ་འདི་ཡང་དཀའ་བ་ཞིག་པས་ཕྱག་འཚལ་ལོ་མཆིའོ་ཞེས་སྨྲས་ཏེ་སོང་ངོ་། །དེ་ཉིད་དེ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོའི་

བར་ཆད་དུ་གྱུར་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་རབ་ཏུ་མ་བྱུང་བ་ཁོ་ན་ལ་གནས་བཞི་བརྗོད་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་རབ་ཏུ་མ་བྱུང་བའམ།

བསྙེན་པར་མ་རྫོགས་པ་ལ་གནས་བཞི་བརྗོད་པར་མི་བྱའི། གང་གི་ཚེ་རབ་ཏུ་བྱུང་བསྙེན་པར་རྫོགས་པ། དེའི་ཚེ་གནས་བཞི་བརྗོད་པར་བྱའོ། །རབ་ཏུ་མ་བྱུང་བསྙེན་པར་མ་རྫོགས་པ་ལ་གནས་བཞི་རྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་

བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཞེས་བྱ་བ་སྔ་མ་བཞིན་ནོ། །རིགས་དང་མཐུན་པའི་མིང་བཏགས་ཏེ་དེ་བསྐྱེད་བསྲིངས་

ནས་ཆེན་པོར་གྱུར་ཏོ། །དེ་དུས་གཞན་ཞིག་ན་ཕས་སྤྱོས་པ་དང་། དེས་བསམས་པ། ཕ་མགུ་དཀའ་བར་གྱུར་གྱིས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ལ་རབ་ཏུ་འབྱུང་ངོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་

Vol. 10 · folio 232b

པ་ཡིན་ཏེ། ཚེ་དང་ལྡན་པ་ཉེ་དགའ་སྒོ་ན་འདུག་པ་དེས་དེ་མཐོང་ནས་སྨྲས་པ། བཞིན་བཟངས་འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟ་བུར་གནས་པ་ཡིན་ན་རིང་མོ་ཞིག་ལོན་ཏེ་ག་ལས་འོངས། དེས་སྨྲས་པ། འཕགས་པ་རིང་མོ་ཞིག་ལོན་ཏེ་མཐོང་བ་ནི་ལེགས་ཀྱི། ཡང་དང་ཡང་མཐོང་བ་ནི་

བརྙས་པར་འགྱུར་རོ། །འོན་ཀྱང་འཕགས་པ་རབ་ཏུ་འབྱུང་བར་འཚལ་གྱིས་རབ་ཏུ་ཕྱུང་ཤིག །བཞིན་བཟངས་ཁྱོད་ཀྱི་སེམས་བསྐྱེད་པ་ནི་བཟང་སྟེ་རབ་ཏུ་བྱུང་བ་ནི་མཆོག་གོ། །བཅོམ་ལྡན་འདས་ཀྱིས་ཕན་ཡོན་ལྔ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་བྱ་བར་མོས་པར་བྱ་བའི་རིགས་སོ་ཞེས་བྱ་བ་

ནས། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལྟ་བས་ན་ལེགས་ཀྱིས་རབ་ཏུ་ཕྱུང་ཤིག །དེ་ལྟ་མོད་ཀྱི་འདི་ལ་ཡོ་བྱད་དྲུག་དགོས་ན་ཁྱོད་ལ་ཡོ་བྱད་དྲུག་ཡོད་དམ། འཕགས་པ་ཡོ་བྱད་

དྲུག་པོ་དེ་དག་ཇི་ལྟ་བུ་ཞིག་ལགས། བཞིན་བཟངས་ལྷུང་བཟེད་དང་། ཆུ་ཚགས་དང་། ཆོས་གོས་གསུམ་དང་། གདིང་བའོ། །འཕགས་པ་མ་མཆིས་སོ། །བཞིན་བཟངས་ཁོ་བོ་ལ་ཡང་མེད་དེ། རེ་ཞིག་སོང་ཤིག་དང་ཁོ་བོས་ཡོ་བྱད་དྲུག་བཙལ་ལོ། །དེ་ཕ་སྤངས་ནས་གཉེན་དག་གི་དྲུང་དུ་སོང་

བ་དང་། དེ་དག་གིས་ཁྱེའུ་དེ་ཇི་ལྟར་རབ་ཏུ་འབྱུང་བ་ཐོས་པས་དེ་དག་གིས་དེའི་ཆུང་མ་བླངས་སོ། །ཚེ་དང་ལྡན་པ་ཉེ་དགའས་ཡོ་བྱད་དྲུག་བཞག་སྟེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེས་ཁྱེའུ་དེ་སྲང་དུ་མཐོང་ནས། དེས་སྨྲས་པ། བཞིན་བཟངས་ཁོ་བོས་ཡོ་བྱད་དྲུག་པོ་དེ་

དག་རྙེད་དེ། ཚུར་རབ་ཏུ་དབྱུང་གིས་འདོང་། དེས་སྨྲས་པ། འཕགས་པ་བདག་གིས་ཀྱང་ཡོ་བྱད་དྲུག་རྙེད་དོ། །བཞིན་བཟངས་ཅི་འདྲ་བ་དག་ཅིག །འཕགས་པ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །བཞིན་བཟངས་དེ་ཇི་ཐ་ཚིག །འཕགས་པ་བདག་ཉེ་

དུ་རྣམས་ཀྱིས་ཆུང་མ་བླངས་ན། ཅི་ད་རབ་ཏུ་འབྱུང་ངམ། དེ་ཉིད་དེའི་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་

Vol. 10 · folio 233a

ལྟ་བས་ན་གནང་གིས་ཡོ་བྱད་དྲུག་བརྙས་ནས་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྙེད་དཀའ་བས་ཡོ་བྱད་དྲུག་པོ་དག་རིམ་གྱིས་བཙལ་ནས་བརྙས་པ་སླར་

བྱིན་ཅིག །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་ལྗོངས་རྒྱུ་ཞིང་དོང་བ་དང་རྐུན་པོ་དག་གིས་བཅོམ་ནས་དེ་དག་གིས་ཕྲོགས་པ་དེ་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་ལྷགས་ནས་བཙོང་བར་བརྩམས་སོ། །དགེ་སློང་བཅོམ་པ་དེ་དག་ཀྱང་དེ་ཉིད་དུ་འོངས་ནས་དགེ་སློང་དེ་དག་གིས་

རང་གི་ལྷུང་བཟེད་དང་ཆོས་གོས་དག་ངོ་ཤེས་ཏེ་དེ་དག་གིས་ཀུ་ཆོའི་སྒྲ་བཏོན་ནས་ཤེས་ལྡན་དག་འདི་དག་གིས་བདག་ཅག་གི་ལྷུང་བཟེད་དང་ཆོས་གོས་འདི་ཕྲོགས་ཀྱིས། རྐུན་པོ་རྣམས་ཟུང་ཤིག་ཟུང་ཤིག་ཅེས་བྱས་པ་དང་། དེ་དག་ཀུ་ཆོའི་སྒྲ་ཐོས་ནས་སྐྲག་སྟེ་བྲོས་སོ། །དགེ་སློང་རྣམས་

ཀྱིས་རང་རང་གི་ལྷུང་བཟེད་དང་ཆོས་གོས་བླངས་ནས་འདུག་སྟེ་ཅི་འདི་བདག་ཅག་ལ་རུང་བ་ཡིན་ནམ་འོན་ཏེ་རུང་བ་མ་ཡིན་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་གང་གིས་ཕྲོགས་པ་དེ་ཁོ་ནའི་

ཡིན་པས་དེ་དག་བསྡིགས་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ནི་གང་གིས་ཕྲོགས་པ་དེ་ཁོ་ནའི་ཡིན་ནོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་ཅིག་ལྗོངས་རྒྱུ་ཞིང་དོང་བ་དང་། རྐུན་པོ་རྣམས་ཀྱིས་མཐོང་ནས་དེ་དག་གིས་དེ་རྣམས་གཞོམ་པར་བརྩམས་ཏེ། དེ་དག་

གིས་དེ་རྣམས་ཀྱི་ལྷུང་བཟེད་དང་ཆོས་གོས་ཇི་སྙེད་ལ་ལག་པས་རེག་པ་དེ་རྙེད་ལྟ་བ་མེད་པར་བོར་ནས་དེ་རྣམས་ལྷུང་བཟེད་དང་། ཆོས་གོས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་རྐུན་པོ་

དག་གིས་ཕྲོགས་ཁྱེར་ནས་སྦྱོར་བའི་རྒྱུན་མ་བཅད་པ་དེ་སྲིད་དུ་ལྟ་བ་མེད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་རྐུན་པོ་དག་གིས་ཕྲོགས་པ་ཁྱེར་ནས་སྦྱོར་བ་རྒྱུན་མ་བཅད་པ་དེ་སྲིད་དུ་ལྟ་བ་མེད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། རྐུན་པོ་དེ་དག་གིས་ཕྲོགས་པ་དེ་ཁྱེར་ནས་

Vol. 10 · folio 233b

མཉན་ཡོད་དུ་ཞུགས་ཏེ་སྲང་དུ་བཙོང་བར་བརྩམས་སོ། །དགེ་སློང་དེ་རྣམས་ཀྱིས་ཕྲོགས་པ་དེ་ངོ་ཤེས་ཏེ་ངོ་ཤེས་ནས་རྐུན་པོ་དེ་རྣམས་རྒྱལ་པོའི་ཕོ་བྲང་དུ་ཁྲིད་དེ། དེ་དག་དེར་གསད་པ་དང་། བཅིང་བ་དང་། གཅད་པ་དང་། དབུག་པ་ལ་སོགས་པ་སྡུག་བསྔལ་གྱི་ཁྱད་པར་དག་གིས་

ཉེ་བར་གཟིར་ཅིང་ཤིན་ཏུ་སྡུག་བསྔལ་བར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོའི་ཕོ་བྲང་དུ་སྦྲོན་པར་མི་བྱའི་འོན་ཀྱང་སྔར་ཆོས་བཤད་ནས་བསླང་བར་བྱའོ། །གལ་ཏེ་མི་སྟེར་ན་རིན་ཕྱེད་ཀྱིས་

བླང་བར་བྱའོ། །གལ་ཏེ་དེ་ལྟར་ཡང་མི་སྟེར་ན་རིན་ཚང་བར་བྱིན་ལ་བླང་བར་བྱ་སྟེ། དགེ་སློང་དག་གིས་ལྷུང་བཟེད་དང་ཆོས་གོས་བྱས་པ་མཐར་ཕྱིན་པ་ནི་རྙེད་པར་དཀའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་དག་གིས་ལྕི་བ་སྐམ་པོ་དང་། སོ་ཤིང་ཚོན་རྩིའི་ཤལ་མ་ལ་

སོགས་པ་དེ་བཞིན་དུ་བོར་ནས་མི་ལྟ་བར་དོང་བ་དང་། དེ་དག་དགེ་སློང་འགས་ཀྱང་འགྱོད་པས་མ་བླངས་པས་དེ་ཉིད་དུ་ཆུས་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་གཅུགས་པ་ལྔས་ལེན་པ་

མཛའ་བ་དང་། ཡིད་དུ་འོང་བ་དང་། བླ་མ་དང་། དྲན་པར་བྱ་བ་དང་། ཐོས་ནས་དགའ་བར་འགྱུར་རོ་སྙམ་ནས་ལེན་པ་ནི་ལེགས་པར་བླངས་པ་ཡིན་ཏེ་འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་བཙོ་བླག་གི་ལས་བྱའོ་ཞེས་བཀའ་སྩལ་པ།

དགེ་སློང་དག་གིས་སྒོ་ཁང་དང་འཆག་ས་དག་ཏུ་ཆོས་གོས་དག་བཙོས་པས་དེ་དག་རྡུལ་གྱིས་ཀྱང་ཕོག །རྫི་ཆར་གྱིས་ཀྱང་གཤེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་དུ་བཙོ་བླག་

གི་ལས་བྱའོ། །དགེ་སློང་དག་གིས་གཙུག་ལག་ཁང་དུ་བཙོ་བླག་གི་ལས་བྱ་བར་བརྩམས་པ་དང་། ཚོན་ས་ལ་བོ་བ་ཁྲག་ལྟ་བུར་སྣང་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་ཕྱོགས་འདིར་ར་ལུག་གསད་དམ་ཅི། དེ་དག་གིས་སྨྲས་པ། ཤེས་ལྡན་

Vol. 10 · folio 234a

དག་བདག་ཅག་གིས་ཕྱོགས་འདིར་བཙོ་བླག་གི་ལས་བྱས་པས་འདིར་ཚོན་རྩི་བོའོ། །དེ་དག་གིས་སྨྲས་པ། འཕགས་པ་གལ་ཏེ་ཚོན་རྩི་ཕོ་ན་ཏེ་པོར་མི་སྡུག་པར་སྣང་གིས་ས་བྱི་དོར་བགྱིད་དུ་སྩོལ་ཅིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞལ་ཞལ་བྱུག་པར་བྱའོ། །དེ་དག་གིས་ཐམས་ཅད་དུ་བྱུགས་པ་དང་། རྡོ་ཐལ་དག་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་ཐལ་ཅན་ནི་བཀྲུ་བར་བྱའོ། །གཞན་དུ་ནི་ཞལ་ཞལ་གྱིས་བྱུག་པར་བྱའོ།། །།

སྡོམ་ནི། ཤིང་རྣམས་བསྐྱེད་པར་གནང་བ་དང་། །ན་མེ་རུ་ཀ་གོས་དག་དང་། །ཁ་ཚར་རིང་པོ་ཚིགས་བཅད་དུ། །བསྡུས་ནས་སྡོམ་དུ་ཡང་དག་བསྟན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་བཅོམ་

ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལུས་འཕགས་རི་ལ་བདེན་པ་ལ་བཞག་པའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་དེར་དུས་སྟོན་བཙུགས་པས་དེར་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་འདུའོ། །ལུས་འཕགས་རི་རྡོ་ཅན་ཤིང་མེད་པ་ཞིག་པས་ཡུལ་མ་ག་དྷཱ་ན་

གནས་པའི་སྐྱེ་བོའི་ཚོགས་ཚ་བས་གདུངས་ཏེ་སྨྲས་པ། འཕགས་པ་ཀྱེ་མ་ཁྱོད་ཀྱིས་འདིར་ཤིང་བསྐྱེད་མཛོད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་འདི་ལ་ཅི་ཞིག་འགལ། དེ་དག་ཅང་མི་སྨྲ་བར་འདུག་པའི་སྐབས་

དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ཤིང་བསྐྱེད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤིང་བསྐྱེད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཤིང་བསྐྱེད་དེ་དོང་བས་

དེ་དག་དེ་བཞིན་དུ་བསྐམས་སོ། །ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཕྱི་དེ་ལོ་ལྷགས་པ་དང་། དེ་བཞིན་དུ་ཚ་བས་གདུངས་ནས་སྨྲས་པ། འཕགས་པ་ཁྱེད་ཀྱིས་ཤིང་དེ་དག་མ་བསྐྱེད་དམ། ཤེས་ལྡན་དག་བསྐྱེད་ན་འོན་ཀྱང་ཞལ་ཏ་མ་བྱས་པས་མ་རུང་ངོ་། །འཕགས་པ་

Vol. 10 · folio 234b

གལ་ཏེ་ཁྱེད་ཀྱང་ཕ་མ་དག་གིས་བསྐྱེད་ནས་ཞལ་ཏ་བྱས་པར་མ་གྱུར་ན་ཁྱེད་ཀྱང་མ་རུང་བར་འགྱུར་རོ། །ཀྱེ་མ་ཁྱེད་ཀྱིས་ཞལ་ཏ་མཛོད་ཅིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བསྐྱེད་ནས་ཡལ་བར་

དོར་བར་མི་བྱའི་འོན་ཀྱང་ཞལ་ཏ་བྱའོ། །བཅོམ་ལྡན་འདས་ཀྱིས་ཤིང་བསྐྱེད་ནས་ཡར་བར་དོར་བར་མི་བྱའི་འོན་ཀྱང་ཞལ་ཏ་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཇི་ལྟར་ཞལ་ཏ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་

ཆུས་བཅུ་བར་བྱའོ། །དགེ་སློང་དག་དེ་ཁོ་ན་ལྷུར་ལེན་པས་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྷུར་བླང་བར་མི་བྱའི་ལ་ལར་ནི་ལག་པ། ལ་ལར་ནི་རྐང་པ་བཀྲུ་བར་བྱའོ། །ལ་ལར་ནི་སོ་ཤིང་བཟའ་བར་བྱའོ། །ལ་ལར་

ནི་ལྷུང་བཟེད་བཀྲུ་བར་བྱའོ། །ལ་ལར་ནི་ཁྲུས་བྱའོ། །དེ་དག་དགུན་སྟོད་ཀྱི་དུས་སུ་ཁ་བས་ཚིག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚས་སུ་གཞུག་པར་བྱའོ། །དགེ་སློང་དག་གིས་ཚས་སུ་བཅུག་པ་དང་། དེ་དག་ནགས་མེ་ཤོར་བས་ཚིག་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ར་བས་བསྐོར་བར་བྱའོ། །རླུང་མ་ཤོར་བས་ཚ་བས་གདུངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་གདོད་པར་བྱའོ། །དབྱར་སྦྱོང་བཞིན་དུ་ཆུས་གང་སྟེ་འདུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱར་གྱི་དུས་སུ་རྩིག་པ་བཤིག་

ལ་ཆུ་འབོ་བར་བྱའོ། །དགེ་སློང་དག་གིས་ཇི་སྲིད་ཤིང་དེ་དག་ཆེན་པོར་མ་གྱུར་པར་དེ་དག་བོར་ཏེ་དོང་བ་དང་། དེ་དག་དེ་བཞིན་དུ་བསྐམས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་ཤིང་

སྐྱེད་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ཤིང་སྐྱེད་པར་བྱེད་པས་གལ་ཏེ་མེ་ཏོག་གི་ཤིང་བསྐྱེད་པར་གྱུར་ན་ཇི་སྲིད་དུ་མེ་ཏོག་མ་ཆགས་པ་དེ་སྲིད་དུ་འགྲོ་བར་མི་བྱའོ། །འོན་ཏེ་འབྲས་བུའི་ཤིང་བསྐྱེད་པར་གྱུར་ན་ཇི་སྲིད་དུ་འབྲས་བུ་མ་ཆགས་པ་དེ་སྲིད་དུ་འགྲོ་

Vol. 10 · folio 235a

བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཤིང་སྐྱེད་པར་བྱེད་པས། ཇི་སྲིད་དུ་མེ་ཏོག་དང་འབྲས་བུ་མ་ཆགས་པ་དེ་སྲིད་དུ་འགྲོ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ལ་བྱ་བ་རིངས་པ་དག་ཅིག་བྱུང་སྟེ། དེ་དག་གིས་ཇི་ལྟར་བསྒྲུབ་པ་

མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཀུན་དགའ་ར་བ་པའམ། དགེ་སློང་སྨོས་འདྲིན་ལ་བཅོལ་ནས་འགྲོ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །རྒྱལ་པོ་ས་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་

ལ་ལ་བ་རིན་པོ་ཆེ་ཞིག་སྐྱེས་སུ་བསྐུར་བ་དང་། དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་བྱིན་ནོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་དེ་གྱོན་ནས་དགོན་པའི་གནས་སུ་སོང་སྟེ་འདུག་པ་དང་། རྐུན་པོ་རྣམས་ཀྱིས་རྒྱལ་པོ་ས་འཛིན་གྱིས་རྒྱལ་པོ་གཟུགས་

ཅན་སྙིང་པོ་ལ་ལ་བ་རིན་པོ་ཆེ་ཞིག་བསྐུར་བ་དེ་དེས་འཕགས་པ་པི་ལིན་དའི་བུ་ལ་བྱིན་པ་དང་། དེས་དེ་གྱོན་ནས་དགོན་པའི་གནས་ཆེ་གེ་མོ་ཞིག་ན་འདུག་གོ་ཞེས་ཇི་ལྟ་བ་བཞིན་དུ་ཐོས་ནས་དེ་དག་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་དེ་སྐད་ཅེས་གྲག་ན་འདི་

ལ་ཇི་ལྟར་བསྒྲུབ་པར་བྱ། ཁ་ཅིག་གིས་སྨྲས་པ། འདི་ལ་ཅི་ཞིག་བསྒྲུབ་ཏུ་ཡོད། ཚུར་དོང་ལ་དབྲོག་མོད། དེ་དག་དོང་སྟེ་སྒོ་ལ་དལ་གྱིས་བརྡུངས་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། འདི་སུ་ཞིག །དེ་དག་གིས་སྨྲས་པ། འཕགས་པ་བདག་

ཅག་ནི་རྐུན་པོའོ། །ཅི་འདོད། འཕགས་པ་ལ་བ་རིན་པོ་ཆེའོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་ན་སྐར་ཁུང་ནས་ལག་པ་རྐྱོང་ཤིག །དེ་ནས་གཅིག་ཅིག་གིས་ལག་པ་བརྐྱང་བ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་ལ་བ་རིན་པོ་ཆེ་དེ་མ་འཆད་ཅིག །མ་

འཚིག་ཅིག་འདྲེན་པ་ན་ཟད་པར་མ་གྱུར་ཅིག་ཅེས་དེ་ལྟར་བྱིན་གྱིས་བརླབས་ནས་སྐར་ཁུང་ནས་དེའི་ཕྱོགས་ཅིག་ཕྱུང་བ་དང་། རྐུན་པོ་རྣམས་ཀྱིས་དྲང་ཤིང་དྲང་ནས་ཕུང་པོར་བྱས་ཏེ་དྲངས་ནས་ཟད་དུ་མ་བཏུབ་ནས་དེ་དག་གིས་མཚོན་གྱིས་བཅད་པར་བརྩམས་ན་ཡང་མ་

Vol. 10 · folio 235b

ཆོད། མེས་བསྲེགས་པར་བརྩམས་ན་ཡང་འཚིག་ཏུ་མ་བཏུབ་ནས། དེ་དག་གིས་སྨྲས་པ། འཕགས་པ་པི་ལིན་དའི་བུ་བདག་ཅག་ལ་ཅི་ཞིག་ཐོ་བཙམ། ཐོང་ཤིག །དེས་སྨྲས་པ། སྐྱེས་བུ་གཏི་མུག་དག་ཁྱེད་ཀྱིས་ཐོ་མ་བཙམས་ན་ངས་ཇི་ལྟར་ཐོ་བཙམ། ཁྱེད་

ཀྱི་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་གང་ཡིན་པ་དེས་དྲངས་ན་ངས་ཇི་ལྟར་མི་གཏང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་འཕགས་པ་པི་ལིན་དའི་བུ་རྫུ་འཕྲུལ་ཆེན་པོ་མཐུ་ཆེན་པོས་མ་བཏང་ཕན་ཆད་འཛིན་པ་འོངས་ན་མི་རུང་གིས་བྲོས་ཏེ་འདོང་ངོ་

ཞེས་དེ་དག་བྲོས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དེ་ལྟ་བུའི་རིན་པོ་ཆེ་དག་གྱོན་ནས་དགོན་པའི་གནས་ན་འདུག་པ་ལས་གྱུར་གྱིས། དེའི་

ཕྱིར་དགེ་སློང་གིས་དེ་ལྟ་བུའི་རིན་པོ་ཆེ་དག་དགོན་པའི་གནས་སུ་བཀུར་བར་མི་བྱའོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་པི་ལིན་དའི་བུས་ལ་བ་རིན་པོ་ཆེ་དེ་འདྲ་བ་གྱོན་ནས་དགོན་པའི་གནས་སུ་འདུག་པ་གང་ཡིན་པ་ནི་མ་ལེགས་

པ་ཞིག་བྱས་སོ། །དེ་ལྟ་བས་ན་དགེ་སློང་གིས་ལ་བ་རིན་པོ་ཆེ་དེ་ལྟ་བུ་གྱོན་ནས་དགོན་པའི་གནས་སུ་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་དགེ་སློང་དགོན་པའི་གནས་ན་གནས་པ་གང་ཞིག་ལ་ལ་བ་རིན་པོ་ཆེ་དེ་ལྟ་བུ་བདོག་པ་

དེས་ཁྱིམ་དུ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ལ་བ་རིན་པོ་ཆེ་དེ་འདྲ་བ་ཁྱིམ་དུ་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དགོན་པའི་གནས་ན་འདུག་པ་གཞན་ཞིག་ལ་ཆེན་པོ་ལ་འོས་པའི་ལ་བ་གྲུབ་པ་དེས་དེ་ཁྱིམ་དུ་བཞག་པ་དང་། སྲོག་

ཆགས་དག་གིས་རྨུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་མེ་རུ་ཀས་བཏབ་སྟེ་གཞག་པར་བྱའོ། །གལ་ཏེ་མ་རྙེད་ན་ཤིང་ཀུན་ནམ། བ་ཤ་ཀའི་ལོ་མའམ། ཨ་རི་སྟའི་

Vol. 10 · folio 236a

ལོ་མས་རིམ་པ་རིམ་པར་བཏབ་ནས་གཞག་པར་བྱའོ། །རིམ་པ་རིམ་པས་གདབ་ཏུ་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་འབྱོར་པ་མེད་ན་སྟེང་དུ་བཏབ་ནས་གཞག་པར་བྱ་ཞིང་དུས་དུས་སུ་བསྐམ་པར་བྱའོ། །གླེང་གཞི་ནི་མཉན་ཡོད་

ནའོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དེའི་ཚེ་དེའི་དུས་ན་དུས་སུ་སྟོན་པའི་ཞབས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ཕྱག་འཚལ་དུ་འོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དགུན་ག་

དགེ་སློང་རྣམས་ལྷགས་པས་སྦྲེབས་ནས་བསྐུམས་ཏེ་གནས་ཁང་དག་ན་ཉལ་ཞིང་འདུག་གོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྟོན་པའི་ཞབས་ལ་ཕྱག་འཚལ་དུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དེས་དགེ་སློང་དེ་དག་དགེ་བའི་ཕྱོགས་བཏང་སྟེ་དེ་བཞིན་དུ་འདུག་པ་མཐོང་ནས་དེས་

སྨྲས་པ། འཕགས་པ་གཅིག་ཏུ་བརྩོན་པའི་བསྟན་པ་ལ་ཅི་སྟེ་དགེ་བའི་ཕྱོགས་བཏང་སྟེ་བཞུགས། དེ་དག་གིས་སྨྲས་པ། ཁྱིམ་བདག་ལྷགས་པས་སྦྲེབས་སོ། །དེ་ཅང་མི་སྨྲ་བར་རྐང་པ་ལ་ཕྱག་བྱས་ཏེ་སོང་ངོ་། །དེས་ཁྱིམ་དུ་ཕྱིན་ནས་གོས་ལྔ་བརྒྱ་དགེ་འདུན་ལ་བསྐུར་བ་

དང་། དགེ་སློང་རྣམས་ཀྱིས་ཁ་ཚར་བཅད་ནས་བཙག་དང་ཚོན་གཞན་གྱིས་ཅི་དགའ་མགུར་ཁ་བསྒྱུར་ཏེ་གྱོན་ནོ། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་སྟོན་པའི་ཞབས་ལ་ཕྱག་འཚལ་དུ་འོངས་པས་དགེ་སློང་རྣམས་ཀྱི་གནས་ཁང་དུ་བལྟས་ན་གོས་དེ་དག་

མི་སྣང་ནས་དེས་སྨྲས་པ། འཕགས་པ་གོས་དེ་དག་མི་གདའ་ན་ཁྱེད་ཀྱིས་གང་དུ་བཞག །དེ་དག་གིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེས་སྨྲས་པ། འཕགས་པ་ཁྱེད་ཀྱིས་ཆེན་པོ་ལ་འོས་པའི་གོས་དེ་ལྟ་བུ་ཆུད་གསན་ཏོ། །ཀྱེ་མ་ཁྱེད་ཀྱིས་ཁ་ཚར་རིང་པོ་ཉིད་དང་

དཀར་པོར་བཞག་མཛོད་ཅིག །དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་འདུན་གྱིས་གོས་སར་པ་ཁ་ཙར་རིང་པོ་རིང་པོ་དག་

Vol. 10 · folio 236b

བཅང་བར་བྱའོ། །འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་སྒོ་བཞི་པ་རྫོགས་སྷོ།། །།བསྡུས་པའི་སྡོམ་ནི། ལུས་དང་གླེང་བ་སངས་རྒྱས་དང་། །སྤང་བ་དག་དང་ང་འདས་དང་། །མཚམས་ལས་ཕྱི་རོལ་དགེ་སློང་རྣམས། །དུས་སྟོན་རྒྱུ་བར་བཅས་པའོ། །སྡོམ་

ནི། རོ་ནི་བསྲེག་པར་བྱ་བ་དང་། །ཤཱ་རིའི་བུ་ཡི་མཆོད་རྟེན་དང་། །དེར་ནི་དུས་སྟོན་བྱ་བ་དང་། །དུང་དང་ཉ་ཕྱིས་ཚོང་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་

ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཅེས་བྱ་བ་ནས། བུ་ཕོ་ཞིག་བཙས་ཏེ་དེ་བཙས་པའི་བཙས་སྟོན་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ་བསྲིངས་བསྐྱེད་ནས་ཆེན་པོར་

གྱུར་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། དེའི་ཁམས་མ་མཉམ་ནས་ན་བར་གྱུར་ཏེ། དེ་རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་རིམ་གྲོ་བྱས་ན་མ་

ཕན་ཏེ་དུས་ལས་འདས་སོ། །དེ་དགེ་སློང་དག་གིས་ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་པར་ལམ་དང་ཉེ་བ་ཞིག་ཏུ་བོར་རོ། །ཇི་ཙམ་ན་ལམ་དེ་ནས་བྲམ་ཟེ་དང་ཁྱིམ་བདག་འགྲོ་བ་དེ་དག་གིས་དེ་མཐོང་སྟེ། དེ་ན་ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་

ཤཱཀྱའི་བུ་ཞིག་དུས་ལས་འདས་སོ། །གཞན་དག་གིས་སྨྲས་པ། ཚུར་ཤེག་བལྟ་བར་བྱའོ། །དེ་དག་གིས་མཐོང་ནས་ངོ་ཤེས་ཏེ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ནི་ཁྱིམ་བདག་ཆེ་གེ་མོའི་བུ་ཡིན་ཏེ། དགེ་སྦྱོང་ཤཱཀྱའི་བུ་པ་མགོན་མེད་པ་རྣམས་ཀྱི་

ནང་དུ་རབ་ཏུ་བྱུང་བས་གནས་སྐབས་འདི་འདྲ་བར་གྱུར་ཏོ། །འདི་དག་གི་ནང་དུ་རབ་ཏུ་བྱུང་བར་མ་གྱུར་ན་དེ་ཉེ་དུ་དག་གིས་འདི་རིམ་གྲོ་བྱས་པར་འགྱུར་བ་ཞིག །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

Vol. 10 · folio 237a

པ། དགེ་སློང་དག་དེ་ལྟ་བས་ན་གནང་གིས་དགེ་སློང་ཤི་བའི་རིམ་གྲོ་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཤི་བའི་རིམ་གྲོ་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་ཇི་ལྟར་རིམ་གྲོ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྲེག་

པར་བྱའོ། །བཅོམ་ལྡན་འདས་ཀྱིས་བསྲེག་པར་བྱའོ་ཞེས་གསུངས་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་དོ་ཞེས་གང་གསུངས་པ་དེ་དག་ཇི་ལྟ་བུ་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་དེ་སྐྱེས་མ་ཐག་ཏུ་དེ་དག་ཀྱང་སྐྱེ་ལ། ཤི་བའི་ཚེ་དེ་དག་ཀྱང་འཆི་མོད་ཀྱི་འོན་ཀྱང་རྨའི་སྒོ་རྣམས་སུ་བརྟགས་ཏེ་བསྲེག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བསྲེག་པར་བྱའོ་ཞེས་གསུངས་པ་དང་། ཤིང་མ་འབྱོར་ནས་

སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ཀླུང་དག་ཏུ་དོར་བར་བྱའོ། །ཆུ་ཀླུང་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་བརྐོས་ཏེ་གཞུག་པར་བྱའོ། །དབྱར་ཁ་ས་ཡང་འཐས་ལ་

ཤིང་ཡང་སྲོག་ཆགས་ཅན་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐིབས་པོའི་ཕྱོགས་སུ་མགོ་བྱང་ཕྱོགས་སུ་བསྟན་ཏེ་སྔས་སུ་རྩྭའི་བམ་པོ་བཞག་ལ་གློ་གཡས་པས་བསྙལ་ཏེ་རྩྭའམ་ལོ་མའི་ཚོགས་ཀྱིས་གཡོགས་ལ་ཡོན་བསྔོ་ཞིང་རྒྱུན་ཆགས་

གསུམ་གྱི་ཆོས་མཉན་པ་བྱིན་ནས་འདོང་བར་བྱའོ། །དགེ་སློང་དག་དེ་བཞིན་དུ་དོང་བ་དང་། བྲམ་ཟེ་དང་ཁྱིམ་བདག་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་རོ་བསྐྱལ་ནས་ཁྲུས་མི་བྱེད་པར་དེ་བཞིན་འདོང་སྟེ་གཙང་སྦྲ་མེད་དོ། །ཞེས་འཕྱ་བར་བྱེད་ནས། སྐབས་དེ་བཅོམ་

ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་འདོང་བར་མི་བྱའི་འོན་ཀྱང་ཁྲུས་བྱའོ། །དེ་དག་ཐམས་ཅད་བཀྲུ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཁྲུས་མི་

Vol. 10 · folio 237b

བྱའི་གང་དག་རེག་པ་དེ་དག་གིས་གོས་དང་བཅས་ཏེ་བཀྲུ་བར་བྱའོ། །གཞན་དག་གིས་ནི་རྐང་ལག་ཉི་ཚེ་བཀྲུ་བར་བྱའོ། །དེ་དག་མཆོད་རྟེན་ལ་ཕྱག་མི་འཚལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆོད་རྟེན་ལ་ཕྱག་འཚལ་བར་བྱའོ། །སངས་རྒྱས་བཅོམ་

ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱི་ཀུན་ཏུ་སྤྱོད་པ་ནི་དུས་དུས་སུ་སེམས་ཅན་དམྱལ་བར་ཡང་རྒྱུ་ཞིང་འདོང་། དུད་འགྲོར་ཡང་འདོང་། ཡི་དགས་དག་ཏུ་ཡང་འདོང་། ལྷའི་

ནང་དུ་ཡང་འདོང་། མི་དག་ཏུ་ཡང་རྒྱུ་ཞིང་འདོང་ངོ་། །དེ་གཉིས་དུས་གཞན་ཞིག་ན་དམྱལ་བར་རྒྱུ་ཞིང་འདོང་བ་ལས་མནར་མེད་པའི་དམྱལ་བ་ཆེན་པོར་སོན་པ་དང་། དེར་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་སྨྲས་པ། ཚེ་དང་ལྡན་པ་མཽད་

གལ་གྱི་བུ་དམྱལ་བ་པའི་སེམས་ཅན་རྣམས་ངལ་སོས་པར་གྱིས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་བགྱིའོ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུའི་ལྟར་མཉན་ཏེ། ནམ་མཁའ་ལ་འཕགས་ནས་ཆར་ཤིང་རྟའི་སྲོག་ཤིང་ཙམ་གྱི་

རྒྱུན་དབབ་པར་བརྩམས་པ་དང་། ཆུ་དེ་མནར་མེད་པའི་མེ་ལྕེའི་འོད་ཀྱིས་བར་དུ་བསྐམས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་གཞེས་ཤིག་དང་། བདག་གིས་ངལ་སོས་པར་བགྱིའོ། །དེས་སྨྲས་པ། ལེགས་

ཀྱིས་དེ་བཞིན་དུ་ངལ་སོས་པར་མཛོད་ཅིག་ཅེས་སྨྲས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསྡད་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཏིང་ངེ་འཛིན་མོས་པ་ཅན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་དེས་མནར་མེད་པ་ཆེན་པོ་དེ་བསིལ་བར་བྱས་ཏེ། མནར་

མེད་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུན་བཅད་དོ། །དེ་ནས་དེ་གཉིས་ཀྱིས་རྫོགས་བྱེད་ཆོས་ལོག་པར་སྟོན་པས་ལུས་ཆེན་པོར་གྱུར་ཅིང་དེའི་ལྕེ་ལ་ཡང་གཤོལ་ལྔ་བརྒྱས་རྨེད་པ་མཐོང་བ་དང་། དེས་སྨྲས་པ། འཕགས་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་

Vol. 10 · folio 238a

གལ་ཏེ་འཛམ་བུའི་གླིང་དུ་གཤེགས་ན་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བདག་གི་མཆིད་ནས། ངས་ཆོས་ལོག་པར་བསྟན་པས་སྐྱེ་བོའི་ཚོགས་མང་པོ་བསླུས་ཏེ། ང་ལས་ཡང་དག་པར་བླངས་ཤིང་ཀུན་ཏུ་སྤྱད་པ་དེས་ལྕེ་ལ་གཤོལ་

ལྔ་བརྒྱས་རྨེད་ཅིང་ཁྱེད་ཀྱིས་ཇི་ལྟ་ཇི་ལྟར་ངའི་མཆོད་རྟེན་ལ་རྗེད་པ་བྱས་པ་དེ་ལྟ་དེ་ལྟར་ང་ལ་སྡུག་བསྔལ་ཆེས་མི་བཟད་པར་གྱུར་གྱིས་ཕྱིན་ཅད་མ་བྱེད་པར་ཐོང་ཤིག་ཅེས་མཆིའོ་ཞེས་གསུངས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དག་གིས་རྫོགས་

བྱེད་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་མནར་མེད་པ་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་ཏུ་དོང་ངོ་། །དེ་གཉིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་དག་ཅིག་ཕྱིར་བྱུང་ནས་

དེ་དག་ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་བརྡེག་གོ། །ཁ་ཅིག་གིས་སྨྲས་པ། དེ་བཞིན་ཁོ་ནར་བརྡེགས་ན་མ་ལེགས་ཏེ་ཀླན་ཀ་བཙལ་ནས་བརྡེག་པར་བྱའོ། །དེ་དག་གིས་སྨྲས་པ། དེ་བཞིན་དུ་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་

སྔར་སོང་བ་དང་། དེ་དག་གིས་དེ་ལ་སྨྲས་པ། འཕགས་པ་ཤཱ་རིའི་བུ་ཀུན་ཏུ་འཚོ་བ་དག་ལ་དགེ་སྦྱོང་ཡོད་དམ། དེས་ཚིགས་སུ་བཅད་དེ་སྨྲས་པ། ཀུན་ཏུ་འཚོ་ལ་དགེ་སྦྱོང་མེད། །ཤཱཀྱ་རྣམས་ཀྱི་ནང་ན་ཡོད། །དགྲ་བཅོམ་དག་ལ་ཆགས་ལྡན་མེད། །བུས་པ་སོ་

སོའི་སྐྱེ་བོའང་མེད། །དེ་དག་གིས་ཚིགས་སུ་བཅད་པ་དེའི་དོན་ཁོང་དུ་མ་ཆུད་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ནི་བདག་ཅག་གི་བསྔགས་པ་སྨྲས་ཀྱིས་སུ་ཅི་ཡང་མ་སྨྲ་བར་འགྲོར་ཆུག་ཤིག་ཅེས་བྱས་ཏེ་དེ་སོང་ངོ་། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཕྱི་

བཞིན་དུ་འོང་བ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པས་དལ་ནས་དལ་ནས་འོང་བ་དེ་དག་གིས་མཐོང་ནས། འཕགས་པ་མཽད་གལ་གྱི་བུ་ཀུན་ཏུ་འཚོ་བ་དག་ལ་དགེ་སྦྱོང་ཡོད་དམ། དེས་སྨྲས་པ། ཤེས་ལྡན་དག་ཀུན་ཏུ་འཚོ་བ་དག་ལ་དགེ་སྦྱོང་ག་ལ་ཡོད་

Vol. 10 · folio 238b

དེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལ་དགེ་སྦྱོང་དང་པོ་ཡོད། འདི་ལ་གཉིས་པ་ཡོད། འདི་ལ་གསུམ་པ་ཡོད། འདི་ལ་བཞི་པ་ཡོད་ཀྱི་འདི་ལས་ཕྱི་རོལ་པ་ལ་ནི་དགེ་སྦྱོང་དང་བྲམ་ཟེ་མེད་དེ་ཕ་རོལ་རབ་ཏུ་སྨྲ་བ་རྣམས་ནི་དགེ་སྦྱོང་དང་བྲམ་ཟེས་སྟོང་ངོ་། །དེ་ལྟ་བས་ན་འདིར་

འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་སོ། །ཞེས་གསུངས་སོ། །གཞན་ཡང་ཁྱེད་ཀྱི་སྟོན་པ་དེ་མནར་མེད་པ་ཆེན་པོར་སྐྱེས་ཏེ། ཆོས་ལོག་པར་བསྟན་པས་ལུས་ཆེན་པོར་གྱུར་ཅིང་ལྕེ་ལ་གཤོལ་ལྔ་བརྒྱས་རྨེད་དོ། །དེས་ང་ལ་ཐན་བཏང་བ་བདག་གི་ཚངས་

པ་མཚུངས་པར་སྤྱོད་པ་རྣམས་ལ་ངས་ཆོས་ལོག་པར་བསྟན་པས་སྐྱེ་བོའི་ཚོགས་མང་པོ་བསླུས་ཏེ། ང་ལས་ཡང་དག་པར་བླངས་ཤིང་ཀུན་ཏུ་སྤྱད་པ་དེས་ལྕེ་ལ་གཤོལ་ལྔ་བརྒྱས་རྨེད་ཅིང་ཁྱེད་ཀྱིས་ཇི་ལྟ་ཇི་ལྟར་ངའི་མཆོད་རྟེན་ལ་རྗེད་པར་བྱས་པ་དེ་ལྟ་དེ་ལྟར་ང་ལ་སྡུག་

བསྔལ་ཆེས་མི་བཟད་པར་གྱུར་ཏོ། །ཞེས་གསུངས་ཤིག་ཅེས་ཟེར་རོ། །དེ་དག་རྔམ་ནས་སྨྲས་པ། ཤེས་ལྡན་དག་མགོ་རེག་ངན་པ་བདག་ཅག་ལ་ཁ་ཟེར་བར་མ་ཟད། བདག་ཅག་གི་སྟོན་པ་ལ་ཡང་མི་སྙན་པ་ཟེར་ན་ཇི་ལྟར་བསྒྲུབ་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། འདི་

ལ་བསྒྲུབ་ཏུ་ཅི་ཡོད། འདི་ཏེ་པོར་གཏལ་དུ་ཟད་མོད། གཞན་དག་གིས་སྨྲས་པ། སྔར་ཡང་བདག་ཅག་གིས་སྨྲས་པ་ཡིན་ཏེ། དེ་དེ་བཞིན་དུ་བརྡེག་གིས་ཚུར། ཁྱེད་ན་རེ་ཀླན་ཀ་བཙལ་ནས་བརྡེག་གོ་ཞེས་ཟེར་བ་དེ་ནི་ད་བདག་ཅག་དང་བདག་ཅག་གི་སྟོན་པ་ལ་ཁ་བྱས་

པས་དོན་གྱིས་གྲུབ་པོ་ཞེས་དེ་དག་གིས་དེའི་ཡན་ལག་དང་ཉིང་ལག་འདམ་བུ་བཞིན་བཅོམ་ནས་དོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཅི་ཐོགས་སྙམ་བསམ་ནས། དེས་ཕྱིར་ལོག་སྟེ་བལྟས་ན་ཇི་ཙམ་ན་ཡན་ལག་དང་ཉིང་ལག་འདམ་བུ་བཞིན་

དུ་བཅོམ་ནས་ས་ལ་འགྱེལ་བ་མཐོང་སྟེ། དེས་སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་འདི་ཅི་ཉེས། དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་སུ་ཟད་མོད་གཞན་ཅི་ཞིག་ཡིན་པར་འགྱུར། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་

Vol. 10 · folio 239a

བུ་ཁྱོད་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་མ་བསྟན་ཏམ། དེ་ཇི་ལྟར་གྱུར། དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ལས་ཀྱིས་ནོན་པས་རྫུ་ཞེས་བྱ་བ་ཡང་མི་དྲན་ན་རྫུ་འཕྲུལ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་

བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་བྱིས་པ་ཆུང་ངུ་བཞིན་དུ་བླ་གོས་ཀྱི་ནང་དུ་བཅུག་ནས་གཙུག་ལག་ཁང་དུ་ཁྱེར་བ་དང་། དགེ་སློང་དག་གིས་དེ་ལྟ་བུའི་མི་སྡུག་པ་མཐོང་ནས་སྔངས་ཏེ་འདུས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དྲིས་པ། འདི་ཅི་ཞིག །དེས་སྨྲས་པ། ཚེ་དང་

ལྡན་པ་མཽད་གལ་གྱི་བུ་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱིས་འདི་ལྟ་བུར་བྱས་མོད་ཅེས་སྨྲས་ཏེ། དེས་དེ་དལ་གྱིས་ས་ལ་བསྙལ་ལོ། །དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་བསྟན་པ་མ་ཡིན་

ནམ། དེས་སྨྲས་པ། བསྟན་ན་ཚེ་དང་ལྡན་པ་དག་ལས་རྣམས་ཀྱི་མཐུ་ལ་ལྟོས། གང་གིས་ལྷ་རྣམས་ཀྱི་དབང་པོ་རྒྱ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་རྐང་པ་གཡས་པའི་མཐེ་བོས་བསྒུལ། རབ་ཏུ་བསྒུལ། ཀུན་ཏུ་རབ་ཏུ་བསྒུལ་ཏེ། བཅོམ་ལྡན་འདས་ཀྱིས་རྫུ་

འཕྲུལ་ཆེ་བ་དང་མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེང་ལས་ཀྱིས་ནོན་ནས་རྫུ་ཞེས་བྱ་བ་མི་དྲན་ན་རྫུ་འཕྲུལ་ལྟ་སྨོས་ཀྱང་ཅི་དགོས། དེ་ན་དགེ་སློང་གང་དག་འཕགས་པའི་ལམ་མ་སྐྱེས་པ་དེ་དག་མི་དགའ་ཞིང་ཤིན་ཏུ་སྐྱོ་ནས་དགོན་པ་དང་། ནགས་ཁྲོད་དང་། བས་མཐའི་

གནས་མལ་དག་ཏུ་གནས་ནས་ཡིད་ལ་བྱེད་པ་བསྐྱེད་པར་བརྩམས་སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཀུན་དུ་ཀུན་དུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱིས། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་བརྡེགས་ཏེ་ཡན་ལག་དང་ཉིང་ལག་འདམ་བུ་བཞིན་དུ་བཅོམ་ནས། འཕགས་

པ་ཤཱ་རིའི་བུས་བུ་ཆུང་ངུ་བཞིན་དུ་བླ་གོས་ཀྱི་ནང་དུ་བཅུག་སྟེ་འོད་མའི་ཚལ་དུ་ཁྱེར་ནས་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་དེ་རིང་པོ་མི་ཐོགས་པར་དུས་བྱེད་པར་འགྱུར་རོ། །ཞེས་བྱ་བའི་སྒྲ་དེ་གྲགས་ནས་སྲོག་ཆགས་བརྒྱ་སྟོང་དུ་མ་འོད་མའི་ཚལ་དུ་འདུས་པ་དང་། རྒྱལ་པོ་མ་

Vol. 10 · folio 239b

སྐྱེས་དགྲའི་བློན་པོ་དག་གིས་ལྷ་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ཀུན་དུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱིས་བརྡེགས་ཏེ་ཡན་ལག་དང་ཉིང་ལག་འདམ་བུ་བཞིན་དུ་བཅོམ་ནས། འཕགས་པ་ཤཱ་རིའི་བུས་དེ་བུས་པ་ཆུང་ངུ་བཞིན་དུ་བླ་གོས་ཀྱི་ནང་དུ་བཅུག་སྟེ། འོད་མའི་ཚལ་

དུ་འཚལ་ཏེ་མཆིས་ན། སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཏེ་རིང་པོ་མི་ཐོགས་པར་དུས་བགྱིད་པར་འགྱུར་རོ། །ཞེས་སྦྲན་པ་དང་། དེས་ཐོས་ནས་ཁྲོས་དེ་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཀུན་དུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཚོལ་ཅིག་ཅེས་སྨྲས་ནས། དེ་བཙུན་

མོའི་འཁོར་དང་། གཞོན་ནུ་དང་། ཕོ་བྲང་འཁོར་གྱི་མི་དག་དང་ལྷན་ཅིག་འོད་མའི་ཚལ་དུ་སོང་ངོ་། །དེ་ནས་སྐྱེ་བོའི་ཚོགས་མང་པོས་རྒྱལ་པོ་མཐོང་ནས་ལམ་ཕྱེ་བ་དང་། དེ་མིག་མཆི་མས་གང་ཞིང་སྙིང་རྗེ་རྗེ་སྐད་དུ་མི་དགའ་བའི་ཚིག་གིས་དལ་གྱིས་དྲིས་པ། འཕགས་

པ་མཽད་གལ་གྱི་བུ་ཆེན་པོ་འདི་ཅི་ཞིག །དེས་སྨྲས་པ། རྒྱལ་པོ་ཆེན་པོ་ལས་སུ་བས་མོད། གཞན་ནི་ཅི་ཞིག་ཏུ་འགྱུར། འཕགས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་བསྟན་པ་མ་ཡིན་ནམ། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ་བསྟན་མོད་ཀྱིས་

ལས་ཀྱིས་ནོན་པས་འོན་ཀྱང་རྫུ་ཞེས་བྱ་བ་ཡང་མི་དྲན་ན་རྫུ་འཕྲུལ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ནི་གཉིས་སུ་མི་གསུང་བ་སྟེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་

ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཅེས་གསུངས་པ་དེ་ཉེ་བར་གནས་པར་གྱུར་ཏོ་ཞེས་བྱས་པ་དང་། རྒྱལ་པོས་གོས་ཀྱི་མཐའ་མས་མཆི་མ་ཕྱིས་ཏེ་སྨན་པ་ཐམས་ཅད་བཀུག་ནས་བསྒོ་བ། ཤེས་ལྡན་དག་གལ་ཏེ་འཕགས་པ་མཽད་གལ་གྱི་བུ་ཆེན་

པོ་ཞག་བདུན་ན་སོས་པར་མ་བྱས་ན་ཁྱེད་ཀྱི་དབང་ཐང་གཅད་པར་བྱའོ། །ཞེས་བསྒོ་སྟེ་བློན་པོ་དག་ལ་ཡང་གཏད་ནས་སོང་ངོ་། །ཀུན་དུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱང་ཐོས་ནས་བྲོས་སོ། །སྨན་པ་རྣམས་ཀྱིས་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་

Vol. 10 · folio 240a

དག་རྒྱལ་པོས་ནི་དེ་སྐད་བཀའ་སྩལ་ན་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ནི་བགྲེས་ལ། དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་འདམ་བུ་བཞིན་དུ་བཅོམ་པས་དེ་ཇི་ལྟར་གསོ་བར་ནུས། ཡེ་དེ་ཉིད་མཐུ་ཆེ་བ་རྫུ་འཕྲུལ་

ཆེ་བ་ཡིན་པས་དེ་ཉིད་ལ་སྐྱབས་སུ་འདོང་ངོ་། །ཁ་ཅིག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བྱའོ་ཞེས་དེ་དག་ཐམས་ཅད་འདུས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་བྱས་ནས། སྨྲས་པ། འཕགས་པ་བདག་ཅག་ལ་ལྷས་འདི་

སྐད་དུ་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ཞག་བདུན་ན་མ་སོས་ན་ཁྱེད་ཀྱི་དབང་ཐང་གཅད་དོ་ཞེས་བཀའ་སྩལ་ན། ཁྱོད་ནི་བགྲེས་པས་སྔོན་བཞིན་དུ་བགྱི་བར་བདག་ཅག་གིས་རྔོ་མི་ཐོག་སྟེ། ཁྱོད་ཉིད་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བས་ཇི་ལྟར་བདག་ཅག་གི་དབང་ཐང་གཅད་པར་མི་

འགྱུར་བ་དེ་ལྟར་མཛད་དུ་གསོལ། དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དེང་ལ། རྒྱལ་པོ་མ་སྐྱེས་དགྲ་ལ་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་བདག་ཉིད་ཞག་བདུན་ན་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་འཇུག་གོ་ཞེས་གྱིས་ཤིག །དེ་དག་རབ་ཏུ་དགའ་ནས་དེའི་

རྐང་པ་གཉིས་ལ་ཕྱག་བྱས་ནས་རྒྱལ་པོ་མ་སྐྱེས་དགྲའི་ཐད་དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ་ལྷ་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་བདག་ཉིད་དགུང་བདུན་ན་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་འཇུག་གོ། །རྒྱལ་པོ་རབ་ཏུ་དགའ་ནས་སྨྲས་པ། ཤེས་ལྡན་

དག་གལ་ཏེ་དེ་ལྟ་ན་ལེགས་སོ། །ཇི་ཙམ་ན་ཞག་བདུན་ལོན་པ་དང་། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་རང་ཉིད་ཀྱི་རྫུ་འཕྲུལ་གྱིས་མི་བདེ་བ་དེ་མེད་པར་བྱས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དགྲ་བཅོམ་པ་རྣམས་ཀྱི་ཡེ་ཤེས་མཐོང་བ་ནི་བསམ་པས་

འཇུག་པས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རབ་ཏུ་ན་ན་ཅིའི་ཕྱིར་བདག་ཉིད་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ཤེས་བསམ་པ་ལ་ཞུགས་ན་ཡོངས་སུ་མྱ་ངན་ལས་འདའ་འདོད་པར་མཐོང་ངོ་། །དེ་དེ་དང་མཛའ་བའི་བག་ཆགས་ཀྱིས་

Vol. 10 · folio 240b

རྒྱུད་བསྒོས་པས་དེ་ཉིད་ཀྱི་ཉིན་པར་ནས་ན་བར་གྱུར་ཏེ། དེས་བསམ་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་ན་བདག་ཅི་སྟེ་འདུག །བདག་ཆེས་སྔར་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་བསམས་ཏེ། རྒྱལ་པོའི་ཁབ་ནས་གྲོང་ན་ལ་དར་

སོང་སྟེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡུལ་མ་ག་དྷཱའི་གྲོང་ཁྱེར་ན་ལ་ད་ན་རིམ་གྲོ་པ་དགེ་སྦྱོང་གི་ཆེད་སྐུལ་བྱེད་དང་། ནད་ཚབས་ཆེན་པོས་མི་བདེ་ཞིང་སྡུག་བསྔལ་ཏེ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ནད་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་།

ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་གྲོང་ཁྱེར་ཤིང་ཐགས་ཅན་དུ་སོང་ནས། དེའི་ཕྱི་དྲོ་ཡོངས་སུ་མྱ་ངན་ལས་འདས་སོ། །གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དགེ་སློང་ཕལ་ཆེར་དབང་དང་ལྡན་པ་ཤ་སྟག་ལ་བརྒྱད་ཁྲི་ཡོངས་

སུ་མྱ་ངན་ལས་འདས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། ཡང་དགེ་སློང་ཕལ་ཆེར་དབང་དང་ལྡན་པ་ཤ་སྟག་ལ་བདུན་ཁྲི་བདུན་སྟོང་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་དགེ་སྦྱོང་གི་ཆེད་སྐུལ་བྱེད་

ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རིང་བསྲེལ་ལ་ལུས་ཀྱིས་མཆོད་པ་བྱས་ཏེ། རིང་བསྲེལ་དང་། ལྷུང་བཟེད་དང་། ཆོས་གོས་དག་ཁྱེར་ནས། རྒྱལ་པོའི་ཁབ་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ་རིམ་གྱིས་རྒྱུ་ཞིང་སོང་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དགེ་སྦྱོང་གི་ཆེད་སྐུལ་བྱེད་ལྷུང་

བཟེད་དང་ཆོས་གོས་ཆམ་དུ་ཕབ་ནས། རྐང་པ་གཉིས་བཀྲུས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སྦྱོང་

གི་ཆེད་སྐུལ་བྱེད་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོས་མཁྱེན་པར་མཛོད་ཅིག །བདག་གི་མཁན་པོ་བཙུན་པ་ཤཱ་རིའི་བུ་ནི་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་རིང་བསྲེལ་དང་། ལྷུང་བཟེད་དང་། ཆོས་གོས་ཀྱང་

Vol. 10 · folio 241a

འདི་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། དགེ་སྦྱོང་གི་ཆེད་སྐུལ་བྱེད་ཁྲིད་དེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་

གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སྦྱོང་གི་ཆེད་སྐུལ་བྱེད་ཀྱིས་འདི་བདག་གང་ན་བ་དེར་མཆིས་ཏེ། མཆིས་ནས་བདག་ལ་འདི་སྐད་དུ། བཙུན་པ་ཀུན་དགའ་བོས་མཁྱེན་པར་མཛོད་ཅིག །

བདག་གི་མཁན་པོ་བཙུན་པ་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་རིང་བསྲེལ་དང་། ལྷུང་བཟེད་དང་། ཆོས་གོས་ཀྱང་འདི་ལགས་སོ། །ཞེས་མཆིས་ནས། བཙུན་པ་བདག་གི་ལུས་གདུང་བར་གྱུར་ཅིང་ཕྱོགས་ཀྱང་བསླང་། ཆོས་ཤེས་པ་རྣམས་ཀྱང་བསྐྱུད་

པར་གྱུར་ཏོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་གཅིག་པ། ཀུན་དགའ་བོ་ཅི་དགེ་སློང་ཤཱ་རིའི་བུས་ཚུལ་ཁྲིམས་ཀྱི་ཕུང་པོ་ཁྱེར་ཏེ་ཡོངས་སུ་མྱ་ངན་ལས་འདས་སམ། བཙུན་པ་མ་ལགས་སོ། །ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་

ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཁྱེར་ཏེ་ཡོངས་སུ་མྱ་ངན་ལས་འདས་སམ། བཙུན་པ་མ་ལགས་སོ། །གང་ཡང་ངས་ཉིད་ཀྱི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་པའི་

ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་ཁྱེར་ཏེ་ཡོངས་སུ་མྱ་ངན་ལས་འདས་

སམ། བཙུན་པ་མ་ལགས་ཏེ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚུལ་ཁྲིམས་ཀྱི་ཕུང་པོ་འཚལ་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་མ་ལགས། ཏིང་ངེ་འཛིན་གྱི་ཕུང་པོ་ཡང་མ་ལགས། ཤེས་རབ་ཀྱི་ཕུང་པོ་ཡང་མ་ལགས། རྣམ་པར་གྲོལ་བའི་ཕུང་པོ་ཡང་

Vol. 10 · folio 241b

མ་ལགས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འཚལ་ཏེ་མྱ་ངན་ལས་འདས་པ་ཡང་མ་ལགས། གང་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཤད་པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་

བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་འཚལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་ལགས་མོད་ཀྱི་འོན་ཀྱང་།

ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། ཆོག་ཤེས་པ། འདོད་པ་ཆུང་བ་རབ་ཏུ་དབེན་པ། བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གནས་པ། མཉམ་པར་གཞག་པ། ཤེས་རབ་ཅན། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ།

ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། ཡང་དག་པར་སྟོན་པར་བགྱིད་པ། ཡང་

དག་པར་ལེན་དུ་འཇུག་པར་བགྱིད་པ། ཡང་དག་པར་གཟེངས་སྟོད་པར་བགྱིད་པ། ཡང་དག་པར་རབ་ཏུ་དགའ་བར་བགྱིད་པ། ཡང་དག་པར་སྟོན་པ་དང་། ཡང་དག་པར་ལེན་དུ་འཇུག་པ་དང་། ཡང་དག་པར་གཟེངས་སྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བའི་

བསྔགས་པ་བརྗོད་པ། འཁོར་བཞི་ལ་ཆོས་སྟོན་པ་ན་དུབ་པ་མ་མཆིས་པ་སྟེ། བདག་ཚེ་དང་ལྡན་པ་ཤཱ་རིའི་བུའི་ཆོས་དང་། ཆོས་ཀྱི་ལོངས་སྤྱོད་གང་དག་ལགས་པ་དེ་དག་རྗེས་སུ་དྲན་ན། ཚེ་དང་ལྡན་པ་ཤཱ་རིའི་བུའི་ཡོངས་སུ་མྱ་ངན་ལས་འདས་པ་དེའི་སླད་དུ་དབྱར་

ངན་དང་། སྨྲེ་སྔགས་འདོན་ཏོ། །ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། བློང་བར་མ་བྱེད། སྨྲེ་སྔགས་འདོན་པར་མ་བྱེད་ཅིག །གང་སྐྱེས་པ་དང་། བྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། བསམས་པ་དང་། རྟེན་ཅིང་འབྲེལ་བར་བྱུང་བ་དེ་ནི་

Vol. 10 · folio 242a

འཇིག་པའི་ཆོས་ཅན་ཏེ། དེ་དང་ལྡན་པ་ལ་འཇིག་པར་མི་འགྱུར་བ་དེ་ག་ལ་ཡོད་དེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་ངས་སྔ་ནས་ཁྱོད་ལ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་ཐམས་ཅད་ནི་འགྱེས་པ་དང་། མེད་པ་དང་། བྲལ་

བ་དང་། མི་ལྡན་པར་འགྱུར་བར་མ་བསྟན་ཏམ། ཀུན་དགའ་བོ་དཔེར་ན་ལྗོན་ཤིང་ཆེན་པོ་རྩ་བ་དང་བཅས། སྙིང་པོ་དང་བཅས། སྡོང་པོ་དང་། ལོ་མ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་དང་ལྡན་པའི་འདབ་མ་གང་ཆེས་མཐོ་བ་དེ་དང་པོར་ལྟུང་ངོ་། །རིན་པོ་

ཆེའི་རི་ཆེན་པོའི་རྩེ་མོ་གང་ཆེས་མཐོ་བ་དག་ཀྱང་དང་པོར་རྙིལ་ལོ། །དེ་བཞིན་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ནང་ན་དགེ་སློང་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་ཏེ། དགེ་སློང་ཤཱ་རིའི་བུ་ཕྱོགས་གང་ན་གནས་པའི་ཕྱོགས་དེར་ང་ཐུགས་ཁྲལ་

ཆུང་ངུར་བཞུགས་སོ། །འདི་ལྟ་སྟེ། དགེ་སློང་ཤཱ་རིའི་བུ་གང་ན་གནས་པའི་ཕྱོགས་དེ་ངས་སྟོང་པ་མ་ཡིན་པར་མཐོང་ངོ་། །དེ་ལྟ་བས་ན་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། བློང་བར་མ་བྱེད། སྨྲེ་སྔགས་འདོན་པར་མ་བྱེད་ཅིག །གང་སྐྱེས་པ་དང་། བྱུང་བ་དང་། བྱས་

པ་དང་། འདུས་བྱས་པ་དང་། བསམས་པ་དང་། རྟེན་ཅིང་འབྲེལ་པར་བྱུང་བ་དེ་ནི་འཇིག་པའི་ཆོས་ཅན་ཏེ། དེ་དང་ལྡན་པ་ལ་འཇིག་པར་མི་འགྱུར་བ་དེ་ག་ལ་ཡོད་དེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་ངས་སྔ་ནས་ཁྱོད་ལ་འདོད་པ་དང་། སྡུག་པ་དང་། དགའ་བ་

དང་། ཡིད་དུ་འོང་བ་ཐམས་ཅད་ནི་འགྱེས་པ་དང་། མེད་པ་དང་། འབྲལ་བ་དང་། མི་ལྡན་པར་འགྱུར་བར་མ་བསྟན་ཏམ། ཀུན་དགའ་བོ་དེ་ལྟ་བས་ན་ད་ལྟ་ངའམ། ང་འདས་ཀྱང་རུང་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་གླིང་དང་། ཆོས་སྐྱབས་

དང་། གླིང་གཞན་མ་ཡིན་པ་དང་། སྐྱབས་གཞན་མ་ཡིན་པར་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ད་ལྟར་རམ། ང་འདས་ཀྱང་རུང་གང་དག་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་གླིང་དང་། ཆོས་སྐྱབས་དང་། གླིང་གཞན་མ་ཡིན་

Vol. 10 · folio 242b

པ་དང་། སྐྱབས་གཞན་མ་ཡིན་པ་ལ་གནས་པ་དེ་དག་ནི་འདི་ལྟ་སྟེ། ངའི་དགེ་སློང་བསླབ་པ་འདོད་པ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །ཇི་ལྟར་དགེ་སློང་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་གླིང་དང་། ཆོས་སྐྱབས་དང་། གླིང་གཞན་མ་ཡིན་པ་དང་། སྐྱབས་

གཞན་མ་ཡིན་པར་གནས་པ་ཡིན་ཞེ་ན། འདི་ན་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་བརྟུལ་ནས་རྟུན་པ་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པར་གནས་ཤིང་ཕྱིའི་ལུས་དང་། ཕྱི་ནང་གི་ལུས་དང་། ནང་གི་ཚོར་

བ་དང་། ཕྱིའི་ཚོར་བ་དང་། ཕྱི་དང་ནང་གི་ཚོར་བ་དག་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་དང་ནང་གི་སེམས་དང་། ནང་གི་ཆོས་དང་། ཕྱིའི་ཆོས་དང་། ཕྱི་དང་ནང་གི་ཆོས་དག་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་

བརྟུལ་ནས་རྟུན་པ་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པར་གནས་པ་ཡིན་ཏེ། ཀུན་དགའ་བོ་དེ་ལྟར་ན་དགེ་སློང་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་གླིང་དང་། ཆོས་སྐྱབས་དང་། གླིང་གཞན་མ་ཡིན་པ་དང་། སྐྱབས་གཞན་མ་ཡིན་པར་གནས་

པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །རྒྱལ་པོའི་ཁབ་ན་གནས་པའི་

སྐྱེ་བོའི་ཚོགས་ཀྱིས་ཇི་ལྟར་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱིས་འཕགས་པ་མཽད་གལ་གྱི་བུ་ཆེན་པོའི་ཡན་ལག་དང་ཉིང་ལག་དག་འདམ་བུ་བཞིན་དུ་བཅོམ་པས། འཕགས་པ་ཤཱ་རིའི་བུ་རྒྱུད་དེ་དང་མཛའ་བའི་བག་ཆགས་ཀྱིས་བསྒོས་པ་ཡང་གྲོང་ན་ལ་དར་

སོང་སྟེ། སྔ་དྲོ་ཡོངས་སུ་མྱ་ངན་ལས་འདས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་གྲོང་ཤིང་ཐགས་ཅན་དུ་སོང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཐོས་སོ། །བར་སྐབས་དེར་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ།

Vol. 10 · folio 243a

སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱིས་འདིའི་ཡན་ལག་དང་། ཉིང་ལག་འདམ་བུ་བཞིན་དུ་

བཅོམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་ཞེས་བྱ་

བ་ནས། ལུས་ཅན་རྣམས་ལ་འབྲས་བུར་སྨིན་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་བྲམ་ཟེ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་དེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་

དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་ཞིག་བཙས་ཏེ་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་དེ་བཙས་པའི་བཙས་སྟོན་རྒྱས་པར་བྱས་

ནས་མིང་བཏགས་ཏེ་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་ཏོ། །ཕས་དེའི་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཅིང་དེ་ལ་ཡང་རབ་ཏུ་ཆགས་སོ། །དེ་ལ་དེའི་མས་རྟག་ཏུ་ཚིག་ཡིད་དུ་མི་འོང་བ་ངན་པར་སྨྲ་བ་དག་གིས་སྤྱོས་

པ་དང་། དེས་ཁྱོ་ལ་བཟླས་ནས་དེས་དེ་ཅི་ནས་ཀྱང་མ་ལ་ཤིན་ཏུ་བྱམས་པ་མེད་པ་དང་། དེའི་བྱ་དགུ་ལ་ཕྱི་ལང་བྱེད་པ་དེ་ལྟ་དེ་ལྟར་བསླུས་སོ། །དེས་སྨྲས་པ། ཁྱོད་གང་གི་ཕྱིར་དེ་ལ་ཤིན་ཏུ་ཆགས་པས་ང་ལ་ཕྱིར་ལང་བྱེད་དམ། དེ་ངོ་ཚ་ནས་ཅང་མི་ཟེར་བར་འདུག་པ་དང་། དེའི་ཆུང་

མས་བསམས་པ། རེ་ཞིག་ཁ་དུག་ཅན་འདི་ལང་ཚོ་ཡལ་ཡང་རང་གི་ཁྱོ་ལ་ཆགས་པ་ཅུང་ཟད་ཀྱང་མི་གཏོང་ཞིང་བདག་གི་ཁྱོ་ལ་གཤེ་བར་བྱེད་དོ་སྙམ་དུ་རིག་ནས་དེ་གླགས་ཚོལ་བར་ཞུགས་སོ། །ཇི་ཙམ་ན་དུས་གཞན་ཞིག་ན་དེའི་མ་སྐར་མ་དང་སྦྱར་ཏེ་ཁྲུས་བྱས་ནས་དྲི་དང་མེ་ཏོག་དག་

Vol. 10 · folio 243b

གིས་ལུས་བརྒྱན་ཏེ་ཉི་མ་མ་ནུབ་པ་ཁོ་ནར་དེས་ཁྱིམ་མི་དག་མ་བརྟགས་པར་ཁྱོ་དང་ལྷན་ཅིག་གསང་བ་སྤྱོད་དོ། །དེ་ནས་མནའ་མ་དེས་ཁྱོ་དེ་ཁྲིད་ནས་ཅི་ནས་ཀྱང་ཕྱོགས་དེར་སོན་པ་དེ་ལྟར་བྱས་པ་དང་། ཇི་ཙམ་ན་ཕ་དང་མ་གཉིས་གསང་བ་སྤྱོད་པ་མཐོང་ནས། དེས་བསམས་པ།

འདུག་ཅན་འདི། བདག་ལ་ནི་ཁྱོད་བུད་མེད་ལ་ཤིན་ཏུ་ཆགས་སོ། །ཞེས་གཤེ་བར་བྱེད་ན་འདི་ད་རུང་ཡང་ཞི་བ་མེད་དེ། ཁྱིམ་མི་དག་ལ་ཡང་མི་རྟོག་པར་ཉི་མ་མ་ནུབ་པ་ཉིད་དུ་གསང་བ་སྤྱོད་དོ། །སྙམ་དུ་བསམས་ནས་ཁྲོས་ཏེ། གང་ཞིག་འདི་གཉིས་ཀྱི་ཡན་ལག་དང་ཉིང་

ལག་འདམ་བུ་བཞིན་བཅོམ་པ་དེ་འགའ་མེད་དམ་ཞེས་ངག་གི་ལས་རྩུབ་མོ་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཡིན་ཏེ། གང་

འདིས་སེམས་འཁྲུགས་ཏེ། ཕ་དང་མ་ལ་ངག་གི་ལས་རྩུབ་མོ་སྨྲས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་འདིའི་ཡན་ལག་དང་ཉིང་ལག་འདམ་བུ་བཞིན་དུ་བཅོམ་སྟེ། ད་ལྟར་སྲིད་པ་ཐ་མ། གནས་ཐ་མ། ལུས་ཐ་མ། བདག་ཉིད་ཐ་མ་ཐོབ་སྟེ། རྫུ་འཕྲུལ་ཅན་གྱི་ནང་

ན་མཆོག་ཏུ་བསྟན་པའི་བར་དུ་ཡང་ཡན་ལག་དང་ཉིང་ལག་འདམ་བུ་བཞིན་དུ་བཅོམ་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག །གཅིག་ཏུ་དཀར་བ་རྣམས་ཀྱི་ཡང་གཅིག་དུ་དཀར། འདྲེན་མ་རྣམས་

ཀྱི་ཡང་འདྲེན་མའོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་རྣམས་སྤངས་ནས། ལས་གཅིག་ཏུ་དཀར་བ་དག་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།

དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་རྣམས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་བཏང་། ཚེ་དང་ལྡན་པ་མཽད་གལ་གྱི་

Vol. 10 · folio 244a

བུ་ཆེན་པོ་ནི་བརྡེགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི། འདས་པའི་དུས་ན་ཡང་ཇི་ལྟར་ཤཱ་རིའི་བུ་ནི་བཏང་ལ། མཽད་གལ་གྱི་བུ་ནི་བརྡེགས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་

རིའི་འོར་ཞིག་ན་ཁྱེའུ་དང་། བུ་མོ་དག་ཅིག་རྩེ་བ་དེ་དག་གིས་བྲམ་ཟེའི་ཁྱེའུ་གཉིས་ཤིག་མཐོང་ནས་དེ་དག་གིས་སྨྲས་པ། བྲམ་ཟེའི་ཁྱེའུ་ཕ་བི་དག་བརྡེག་གོ། །ཡང་སྨྲས་པ། རེ་ཞིག་མི་བརྡེག་པར་ཇེ་དྲི་བ་ཞིག་དྲིས་ལ། གལ་ཏེ་སེམས་མགུ་བར་བྱས་ན་ནི་མི་བརྡེག་ཇི་སྟེ་མ་ཡིན་

ན་ནི་བརྡེག་གོ། །དེ་དག་གིས་བྲམ་ཟེའི་ཁྱེའུ་གཅིག་ལ་དྲིས་པ་དུས་གང་དུ་གྲང་། དེས་བསམས་པ། ཇི་ལྟ་བུའི་སེམས་ཀྱིས་འདི་དག་བདག་ལ་འདྲི་སྙམ་ན་དེས་གོར་མ་ཆག་པར་འདི་དག་བརྡེག་པར་འདོད་པར་ཤེས་ནས། དེས་ཚིགས་སུ་བཅད་དེ་སྨྲས་པ། གྲང་ངམ་གལ་ཏེ་

དྲོ་ཡང་རུང་། །གང་གི་ཚེ་ན་རླུང་ལངས་པ། །རླུང་གིས་བཏབ་ན་གྲང་བ་སྟེ། །རླུང་མེད་པ་ཡི་གྲང་བ་མེད། །དེ་དེ་དག་གིས་བཏང་ནས། ཅིག་ཤོས་ལ་དྲིས་པ་དང་། དེས་སྨྲས་པ་དགུན་དྲང་མོད་ཅེས་བྱས་པ་དང་། དེ་དེ་དག་གིས་བརྡེགས་སོ། །དགེ་སློང་དག་ཇི་སྙམ་དུ་

སེམས། བཏང་བ་གང་ཡིན་པ་དེ་ནི་ཤཱ་རིའི་བུ་འདི་ཉིད་ཡིན་ནོ། །བརྡེགས་པ་གང་ཡིན་པ་དེ་ནི་མཽད་གལ་གྱི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་ཤཱ་རིའི་བུ་ནི་བཏང་ལ། མཽད་གལ་གྱི་བུ་ནི་བརྡེགས་སོ། །ད་ལྟར་ཡང་ཤཱ་རིའི་བུ་ནི་བཏང་ལ། མཽད་གལ་གྱི་བུ་ནི་བརྡེགས་སོ། །ཡང་ཇི་

ལྟར་ཤཱ་རིའི་བུ་ནི་བཏང་ལ། མཽད་གལ་གྱི་བུ་ནི་བརྡེགས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཆུ་ཀླུང་བསྐམས་པའི་ཤོལ་ཅིག་ན་ཁྱེའུ་དང་བུ་མོ་དག་ཅིག་རྩེ་བ་དེ་དག་གིས་ཤིང་ཤལ་མ་ལའི་མེ་ཏོག་ཆུའི་རྒྱུན་གྱིས་ཁྱེར་བ་ཞིག་དང་། བྲམ་ཟེའི་ཁྱེའུ་གཉིས་ཤིག་འོང་

བ་མཐོང་ནས་ཞེས་བྱ་བ་ནས། དེ་དག་གིས་བྲམ་ཟེའི་ཁྱེའུ་གཅིག་ལ་དྲིས་པ། ཆུས་ཁྱེར་བ་འདི་ཅི་ཞིག །དེས་བསམས་པ། ཅི་འདྲ་བའི་སེམས་ཀྱིས་འདི་དག་བདག་ལ་འདྲི་སྙམ་ན། གོར་མ་ཆག་པར་བརྡེག་འདོད་པར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེས་

Vol. 10 · folio 244b

ཀྱང་ཚིགས་སུ་བཅད་དེ་སྨྲས་པ། སྟོབས་དང་ལྡན་པས་ཚར་བཅད་པ། །ངེས་པར་འབྱུང་བའི་ཚོལ་བ་ཡིས། །ཤལ་མ་ལི་ཞེས་མི་བསམ་སྟེ། །སྐམ་གྱི་པད་མ་བཞིན་པར་བསམ། །དེ་དེ་དག་གིས་བཏང་ནས། ཅིག་ཤོས་ལ་དྲིས་པ་དང་། དེས་སྨྲས་པ། མ་མཐོང་ངམ།

ཤིང་ཤལ་མ་ལིའི་མེ་ཏོག་ཡིན་མོད་ཅེས་བྱས་པ་དང་། དེ་དེ་དག་གིས་བརྡེགས་སོ། །དགེ་སློང་དག་ཅི་སྙམ་དུ་སེམས་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་ཇི་ཙམ་དགྱེས་པར་བཞུགས་ནས་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་སོ། །རྒྱུ་

ཞིང་གཤེགས་པ་དང་། རིམ་གྱིས་མཉན་ཡོད་དུ་བྱོན་ཏེ་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཕགས་པ་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་རིང་བསྲེལ་འཕགས་པ་ཀུན་

དགའ་བོའི་ལག་ན་ཡོད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་

མགོན་མེད་ཟས་སྦྱིན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །འཕགས་པ་ཤཱ་རིའི་བུ་ནི་བདག་གི་ཡུན་རིང་པོ་ནས་སྡུག་པ་དང་། ཡིད་དུ་འོང་བ་དང་། བླ་མ་དང་། དྲན་པར་བགྱིད་པ་ལགས་

ན། དེ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་རིང་བསྲེལ་ཁྱོད་ཀྱི་ཕྱག་ན་མངའ་བ་དེ་དག་བདག་ལ་སྩོལ་ཅིག་དང་། དེའི་རིང་བསྲེལ་ལ་རིང་བསྲེལ་གྱི་མཆོད་པ་བགྱིའོ། །དེས་སྨྲས་པ། ཁྱིམ་བདག་དེ་ནི་བདག་གི་ཡང་ཡུན་རིང་པོ་ནས་སྡུག་པ་དང་། ཡིད་དུ་འོང་

བ་དང་། བླ་མ་དང་དྲན་པར་བྱ་བ་ཡིན་པས་བདག་ཉིད་དེའི་རིང་བསྲེལ་ལ་རིང་བསྲེལ་གྱི་མཆོད་པ་བྱེད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་

Vol. 10 · folio 245a

ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཁྱེན་པར་མཛད་དུ་གསོལ། འཕགས་

པ་ཤཱ་རིའི་བུ་ནི། བདག་གི་ཡུན་རིང་པོ་ནས་སྡུག་པ་དང་། ཡིད་དུ་འོང་བ་དང་། བླ་མ་དང་། དྲན་པར་བགྱི་བ་ལགས་ཏེ། དེའི་རིང་བསྲེལ་འཕགས་པ་ཀུན་དགའ་བོའི་སུག་པ་ན་མཆིས་པ། བཅོམ་ལྡན་འདས་ཀྱིས་བདག་ལ་སྩོལ་དུ་སྩལ་བར་གསོལ། བདག་

དེའི་རིང་བསྲེལ་ལ་རིང་བསྲེལ་གྱི་མཆོད་པ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་ཤཱ་རིའི་བུའི་རིང་བསྲེལ་རྣམས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྱིན་ལ། དེ་

མཆོད་པ་བྱེད་དུ་ཆུག་ཤིག །བྲམ་ཟེ་དང་། ཁྱིམ་བདག་རྣམས་ནི་དོན་འདིས་ན་དད་པ་ཅན་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་འདི་ཙམ་གྱིས་ན། ཁྱོད་ཀྱིས་ངའི་བསྟན་པ་ལ་ཕན་པ་བྱས་པའམ། ལན་ལོན་པ་མ་ཡིན་ནོ། །དེ་ལྟ་བས་ན་ཁྱོད་ཀྱིས་རབ་ཏུ་ཕྱུང་ཤིག །

བསྙེན་པར་རྫོགས་པར་གྱིས་ཤིག །གནས་བྱིན་ཅིག །དགེ་སྦྱོང་གི་ཆེད་ཉེ་བར་ཞོག་ཤིག །དེ་དག་ལ་ཡང་ཇི་ལྟར་ཐོན་པ་བཞིན་འདོན་དུ་ཆུག་ཤིག །འཛིན་དུ་ཆུག་ཤིག །སློབས་ཤིག་དང་འདི་ཙམ་གྱིས་ན། ཁྱོད་ཀྱིས་ངའི་བསྟན་པ་ལ་ཕན་བཏགས་པ་དང་།

ལན་ལོན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྟོན་པའི་བཀས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ། ཚེ་དང་ལྡན་པ་ཤཱ་རིའི་བུའི་རིང་བསྲེལ་དག་བྱིན་ཏེ། འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། ལན་འགའ་ཡང་ཡབ་ཡུམ་དང་།

མཁན་པོ་དང་། སློབ་དཔོན་དང་། གཞན་བླ་མའི་གནས་ལྟ་བུ་དག་གི་ཚིག་མ་བཅག་པས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རིང་བསྲེལ་དག་ཁྱེར་ནས། རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་དག་ཁྱིམ་གྱི་

Vol. 10 · folio 245b

མཆོག་གི་ནང་དུ་མཐོན་པོ་ཞིག་ཏུ་བཞག་ནས་ནང་མི་དང་བཅས། མཛའ་བོ་དང་། ཉེ་དུ་དང་། ཕུ་ནུ་དང་བཅས་ཏེ། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་མཆོད་པ་བྱ་བར་བརྩམས་སོ། །མཉན་

ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཇི་ལྟར་འཕགས་པ་ཤཱ་རིའི་བུ་ཡུལ་མ་ག་དྷཱའི་གྲོང་ན་ལ་དར་ཡོངས་སུ་མྱ་ངན་ལས་འདས་པ་དེའི་རིང་བསྲེལ་དག་འཕགས་པ་ཀུན་དགའ་བོས་བླངས་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྱིན་ཏེ། དེས་དེ་དག་ཁྱིམ་དུ་

བཞག་ནས་ནང་མི་དང་བཅས། མཛའ་བོ་དང་། གཉེན་དང་། ཕུ་ནུ་དང་བཅས་ཏེ། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དག་གིས་མཆོད་པ་ཐོས་སོ། །དེ་བཞིན་དུ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་

ཐོས་ནས། བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་ཚུལ་མ་དང་། དྲང་སྲོང་བྱིན་དང་། རྙིང་པ་དག་དང་། རི་དགས་འཛིན་གྱི་མ་ས་ག་དང་། གཞན་ཡང་དད་པ་ཅན་མང་པོ་དག་དང་། ལྷན་ཅིག་དེ་དག་ཐམས་ཅད་མཆོད་པའི་ཡོ་བྱད་དག་ཁྱེར་ཏེ། ཁྱིམ་བདག་

མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་དོང་ནས། དེ་རྣམས་ཀྱིས་མཆོད་པའི་ཡོ་བྱད་དག་གིས་མཆོད་པར་བརྩམས་པ་ལས་དེར་ཁ་ཅིག་གིས་ཡོན་ཏན་གྱི་ཚོགས་དག་ཐོབ་བོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་རི་འོར་ཞིག་ཏུ་བྱ་བ་ཅུང་ཟད་ཞིག་བྱུང་ནས་དེས་དེར་

སྒོ་བཅད་ནས་སོང་ངོ་། །སྐྱེ་བོ་ཕལ་པོ་ཆེ་དག་དེ་བཞིན་དུ་འོངས་པ་དང་། ཇི་ཙམ་ན་སྒོ་བཅད་པ་མཐོང་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྒོ་བཅད་དེ་སོང་བས་དེས་བདག་ཅག་གི་བསོད་ནམས་ཀྱི་བར་ཆད་བྱས་སོ། །ཞེས་དེ་དག་འཕྱ་བར་བྱེད། གཞོགས་འཕྱས་བྱེད། སྨོད་པར་བྱེད་

དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་རི་འོར་དེ་ནས་འོངས་པ་དང་། དེའི་ནང་མིས་སྨྲས་པ། ཁྱིམ་བདག་སྐྱེ་བོའི་ཚོགས་ཆེན་པོ་མཆོད་པའི་ཡོ་བྱད་ཐོགས་ཏེ་འོངས་པ་ལས་སྒོ་བཅད་པ་མཐོང་ནས། དེས་བདག་ཅག་གི་བསོད་ནམས་ཀྱི་བར་ཆད་བྱས་སོ། །ཞེས་འཕྱ་བར་བྱེད། གཞོགས་འཕྱས་བྱེད།

Vol. 10 · folio 246a

སྨོད་པར་བྱེད་དོ། །དེ་འདི་སྙམ་དུ་འདི་ཉིད་བདག་གིས་བྱ་བ་ཡིན་ནོ་སྙམ་དུ་ཤེས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་

འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཕགས་པ་ཤཱ་རིའི་བུ་ལ་རབ་ཏུ་དད་པའི་སྐྱེ་བོའི་ཚོགས་ཆེན་པོ་མཆོད་པའི་ཡོ་བྱད་དག་ཐོགས་ཏེ། བདག་གི་སྡུམ་པར་མཆིས་པ་ལས་བདག་བགྱི་བ་ཅུང་ཟད་ཅིག་གི་སླད་དུ་ཆབ་སྒོ་བཀུམ་ནས་གཞན་དུ་མཆིས་པ་དང་། དེ་དག་ཁྱིམ་

བདག་མགོན་མེད་ཟས་སྦྱིན་གྱིས་སྒོ་བཅད་དེ་སོང་བས། བདག་ཅག་གི་བསོད་ནམས་ཀྱི་བར་ཆད་བྱས་སོ་ཞེས་འཕྱ་བར་བགྱིད། གཞོགས་འཕྱས་བགྱིད་སྨོད་པར་བགྱིད་དོ། །དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས། འཕགས་པ་ཤཱ་རིའི་བུའི་

མཆོད་རྟེན་ཕྱོགས་སྣང་ཡལ་ཅན་ཞིག་ཏུ་བགྱིས་ལ། དེར་སྐྱེ་བོའི་ཚོགས་ཆེན་པོ་བག་ཡངས་སུ་མཆོད་པ་བགྱིད་དུ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་གིས་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་གནང་གིས་བྱོས་ཤིག་ཅེས་བཀའ་

སྩལ་པ་དང་། དེས་ཇི་ལྟ་བུར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིམ་གྱིས་བང་རིམ་བཞི་བྱས་ལ་དེ་ནས་བུམ་རྟེན་བྱའོ། །དེ་ནས་བུམ་པ་དང་བྲེ་དང་སྲོག་ཤིང་དང་། གདུགས་གཅིག་དང་། གཉིས་དང་། གསུམ་དང་། བཞི་བྱ་བ་བྱས་ནས་བཅུ་

གསུམ་གྱི་བར་དུ་བྱ་ཞིང་ཆར་ཁབ་དག་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མཆོད་རྟེན་དེ་ལྟ་བུ་བྱའོ་ཞེས་གསུངས་པ་དང་། དེས་ཅི་འཕགས་པ་ཤཱ་རིའི་བུ་འབའ་ཞིག་ལ་མཆོད་རྟེན་རྣམ་པ་དེ་ལྟ་བུའམ། འོན་ཏེ་འཕགས་པ་ཐམས་ཅད་ལ་བྱ་བ་མི་ཤེས་ནས། སྐབས་དེ་

བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རེ་ཞིག་དེ་བཞིན་གཤེགས་པའི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ཆར་ཁབ་མི་གཞག་པར་བྱའོ། །དགྲ་བཅོམ་པའི་ནི་གདུགས་

Vol. 10 · folio 246b

བཞིའོ། །ཕྱིར་མི་འོང་བའི་ནི་གསུམ་མོ། །ཕྱིར་འོང་བའི་ནི་གཉིས་སོ། །རྒྱུན་དུ་ཞུགས་པའི་ནི་གཅིག་གོ། །སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱི་མཆོད་རྟེན་ནི་བྱི་བོར་བྱའོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ཀྱི་མཆོད་རྟེན་ནི་རྣམ་པ་འདིས་སོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་འདིས་

སོ་ཞེས་བཀའ་སྩལ་པ་དང་། དེས་གང་གི་གནས་གང་དུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་དེ་བཞིན་གཤེགས་པ་བཞུགས་པ་ན། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དག་འདུག་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་བྱའོ། །

གཞན་ཡང་གནས་བརྟན་གནས་བརྟན་རྣམས་ཀྱི་མཆོད་རྟེན་ནི་རྒན་རིམས་བཞིན་སྦྲེང་བར་བྱའོ། །སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱི་ནི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསོལ་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་

གིས་འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་གྱི་དུས་སྟོན་དག་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་གྱིས་ཤིག །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཇི་ལྟར། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འཕགས་

པ་ཤཱ་རིའི་བུའི་མཆོད་རྟེན་གྱི་དུས་སྟོན་གཟུགས་པར་གསོལ་བ་ལས། བཅོམ་ལྡན་འདས་ཀྱིས་འཛུགས་པར་གནང་བ་ཐོས་ནས། མ་ལ་བདག་གིས་ཀྱང་དེའི་གྲོགས་བྱའོ་སྙམ་ནས། དེས་འདི་ལྟར་དྲིལ་བསྒྲགས་ནས། ཤེས་ལྡན་མཉན་ཡོད་ན་གནས་པའི་གྲོང་ཁྱེར་པ་རྣམས་དང་།

ཡུལ་གཞན་ནས་ལྷགས་པའི་སྐྱེ་བོའི་ཚོགས་དག་ཉོན་ཅིག །འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་གྱི་དུས་སྟོན་ལ་བབ་པའི་ཚེ་ཟོང་ཐོགས་ནས་འོངས་པ་གང་ཡིན་པ་དེ་ལ་ཤོ་གམ་ཡང་མེད་ལ་གཅན་ཀྱང་མེད། གྲུ་བཙས་ཀྱང་མེད་ཀྱིས་དེ་བག་ཡངས་སུ་འདིར་ཤོག་ཤིག །བར་སྐབས་

དེར་རྒྱ་མཚོ་ཆེན་པོ་ནས་ཚོང་པ་ལྔ་བརྒྱ་ཞིག་གྲུ་བོ་ཆེའི་ནོར་གྲུབ་སྟེ། མཉན་ཡོད་དུ་ཕྱིན་པ་དེ་དག་གིས་ཇི་ལྟར་རྒྱལ་པོས་མཉན་ཡོད་དུ་དྲིལ་བསྒྲགས་ཏེ། འདི་སྐད་དུ་གང་ཞིག་འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་གྱི་དུས་སྟོན་ལ་བབ་པའི་ཚེ་ཟོང་ཐོགས་ཏེ་འོང་བ་དེ་ལ་ཤོ་གམ་ཡང་མེད་ལ་

Vol. 10 · folio 247a

གཅན་ཡང་མེད། གྲུ་བཙས་ཀྱང་མེད་ཀྱིས་དེ་བག་ཡངས་སུ་འདིར་ཤོག་ཤིག །ཅེས་བསྒོ་བ་ཐོས་ནས་རེ་ཞིག་རྒྱལ་པོ་འདི་རང་གི་བསོད་ནམས་ཀྱི་འབྲས་བུ་ལ་གནས་ཀྱང་བསོད་ནམས་དག་གིས་ངོམས་མི་ཤེས་ཏེ། སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་

ན་བདག་གིས་ཅིའི་ཕྱིར་སྦྱིན་པ་དག་མི་སྦྱིན། བསོད་ནམས་དག་མི་བྱ་སྙམ་ནས། དེ་དག་ཡིད་རབ་ཏུ་དང་བ་སྐྱེས་ཏེ། དུས་སྟོན་དེའི་དུས་སུ་དུང་དང་། ནོར་བུ་དང་མུ་ཏིག་ལ་སོགས་པ་ཕུལ་བ་དང་། དགེ་སློང་དག་གིས་ཇི་ལྟར་བསྒྲུབ་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། པུད་དུད་གང་ཡིན་པ་དེ་དག་ནི་ཤིང་འཛམ་བུའི་གྲིབ་མ་ན་བཞུགས་པའི་སྐུ་གཟུགས་ལ་དབུལ་བར་བྱའོ། །གཞན་ཡང་ཆུང་ཤས་ཤིག་ནི་ཤཱ་རིའི་བུའི་མཆོད་རྟེན་དེའི་བཅོས་ལེགས་བྱ་བར་བཞག་ལ་ལྷག་མ་ནི་དགེ་འདུན་ཚོགས་པས་བགོ་བར་བྱའོ། །དེ་དེ་བཞིན་གཤེགས་

པའི་མཆོད་རྟེན་གྱི་མ་ཡིན་གྱི། ཤཱ་རིའི་བུའི་མཆོད་རྟེན་གྱི་ཡིན་ཏེ། དེ་ལྟ་བས་ན་འགྱོད་པར་མི་བྱའོ།། །།སྡོམ་ནི། གླེང་དང་དྲན་པ་ཉིད་དང་ནི། །སྐབས་དབྱེ་བ་དང་སྨྲ་མི་བྱ། །ལུང་འབོགས་པ་དང་གསོ་སྦྱོང་དང་། །དགག་དབྱེ་འཇོག་པར་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དྲུག་སྡེ་དག་གིས་ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་དགེ་སློང་དག་ལ་གླེངས་སོ། །དགེ་སློང་དག་ལ་ཉེས་པར་མཐོང་བ་དང་། ཉེས་པར་ཐོས་

པ་དང་། ཉེས་པར་དོགས་པས་གླེངས་པ་ན་དེ་དག་བག་ཚ་བཞིན་དུ་གནས་སོ། །དེ་དག་བག་ཚ་བཞིན་དུ་གནས་པས་རིད་པ་དང་། སྐེམ་པ་དང་། རྙིས་པ་དང་། ལུས་ལས་སུ་མ་རུང་བར་གྱུར་ཏེ་ལུང་སྟོན་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དག་ཤོར་ནས་

སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་དགེ་སློང་ལ་ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་བ་ལས་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་གིས་དགེ་སློང་ལ་ཉེས་པར་

Vol. 10 · folio 247b

མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་བར་མི་བྱའོ། །དགེ་སློང་གིས་ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་དགེ་སློང་ལ་གླེང་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་བར་བྱེད་པ་ཇི་ལྟ་བར་དྲན་པར་བྱེད་པ་དང་། སྐབས་འབྱེད་པར་བྱེད་པ་དང་། མི་སྨྲ་

བར་བྱེད་པ་དང་། ལུང་འབོགས་པར་བྱེད་པ་དང་། གསོ་སྦྱོང་འཇོག་པར་བྱེད་པ་དང་། དགག་དབྱེ་འཇོག་པར་བྱེད་པ་ཡང་དེ་དང་འདྲ་སྟེ། སྡོམ་གྱི་ཚིགས་སུ་བཅད་པ་ཐམས་ཅད་སྔ་མ་བཞིན་དུ་བརྗོད་པར་བྱའོ།། །།སྡོམ་ནི། སངས་རྒྱས་མཚན་ནས་སྨོས་པ་དང་། །ཚེ་དང་ལྡན་པ་ཀུན་མི་སྤྱད། །འཕྲལ་

ཐབས་ཅན་ལ་མ་དད་དང་། །འདུལ་བ་མདོར་ནི་བསྡུས་པའོ། །སངས་རྒྱས་བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་དག་ལ་བཀའ་སྩལ་པ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་

འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བ་

འཕགས་པའི་ལམ་མོ། །ཞེས་ཚུལ་བཞིན་དུ་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ། །ཞེས་ཚུལ་

བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་

པ་དང་རིག་པ་དང་བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་། རྟོགས་པ་སྐྱེས་སོ། །

Vol. 10 · folio 248a

དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་བསྒོམ་པར་བྱའོ། །ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་

རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ། །ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་

པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ། །ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །

ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྱུར་བ་འཕགས་པའི་ལམ་དེ་མངོན་པར་ཤེས་པས་བསྒོམས་སོ། །ཞེས་ཚུལ་བཞིན་ཡིད་ལ་བྱས་པ་ན་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ། །དགེ་སློང་དག་གང་ལ་

ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པའི་མིག་སྐྱེས་པར་མ་གྱུར། ཤེས་པ་མ་ཡིན། རིག་པ་མ་ཡིན། བློ་མ་ཡིན། རྟོགས་པ་མ་སྐྱེས་པ་དེ་སྲིད་དུ་ང་འཇིག་རྟེན་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་

བཅས། ལྷ་དང་མི་དང་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་བྱུང་བ་དང་། བྲལ་བ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་པ་དེ་སྲིད་དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཤེས་པར་མ་གྱུར་གྱི་དགེ་སློང་དག་གང་ནས་

བཟུང་སྟེ། ང་ལ་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པའི་མིག་སྐྱེས། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་པ་དེ་ནས་བཟུང་སྟེ། ང་འཇིག་རྟེན་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས། ལྷ་དང་མི་དང་

Vol. 10 · folio 248b

བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་བྱུང་བ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར། དེ་ནས་བཟུང་སྟེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཤེས་པར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་

འདི་བཤད་པ་ན་ཚེ་དང་ལྡན་པ་ཀཽཎྜི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ཏོ། །ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་

ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ཏོ། །ཚེ་དང་ལྡན་པ་ཀཽཎྜི་ནྱ་ཆོས་ཀུན་ཤེས་པ་དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ནྱའི་མིང་ཀུན་ཤེས་ཀཽཎྜི་ནྱ་ཞེས་བྱ་བར་ཆགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱ་ཆོས་ཀུན་ཤེས་པ་ན་ས་བླ་བའི་གནོད་སྦྱིན་རྣམས་ཀྱིས་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་པ། གྲོགས་

པོ་དག་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བར་མཛད་པའི་སླད་དུ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པ་གང་གིས་ཀྱང་ཆོས་དང་

མཐུན་པར་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པ་འདི་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་བསྐོར་བས་ལྷའི་རིས་དག་ནི་མངོན་པར་འཕེལ་བར་འགྱུར། ལྷ་མ་ཡིན་གྱི་རིས་དག་ནི་ཡོངས་སུ་ཉམས་པར་འགྱུར་རོ། །ས་བླ་པའི་གནོད་

སྦྱིན་རྣམས་ཀྱི་སྒྲ་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་ཐོས་ནས་སྐད་ཅིག་དེ་དང་། ཐང་ཅིག་

དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག་དང་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་པར་གྱུར་ཏེ། ཚངས་རིས་པའི་ལྷ་རྣམས་ཀྱི་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་པ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ལྷ་དང་མི་རྣམས་ཀྱི་ཞེས་བྱ་བ་ནས། འདི་ཡུལ་བཱ་རཱ་ཎ་སཱི་

Vol. 10 · folio 249a

དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་བསྐོར་བས་ལྷའི་རིས་དག་ནི་མངོན་པར་འཕེལ་བར་འགྱུར། ལྷ་མ་ཡིན་གྱི་རིས་དག་ནི་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་

མཐུན་པ་ལན་གསུམ་གྱི་བར་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པ་བསྐོར་ཏེ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་དག་གི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་དག་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གྱུར་པ་དེའི་ཚེ་དེ་དག་

དེ་བཞིན་གཤེགས་པ་ལ་ཤིན་ཏུ་མཚན་ནས་སྨོས་པ་དང་། གདུང་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་སྤྱོད་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཤིན་ཏུ་མཚན་ནས་སྨོས་པ་དང་། གདུང་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་

མ་སྤྱོད་ཅིག །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། གང་ཞིག་དེ་བཞིན་གཤེགས་པ་ལ་ཤིན་ཏུ་མཚན་ནས་སྨོས་པ་དང་། གདུང་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་སྤྱོད་པ་དེ་ནི་སྐྱེས་བུ་གཏི་མུག་དེ་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་སྡུག་བསྔལ་བར་འགྱུར་རོ། །བཅོམ་ལྡན་

འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་དེ་བཞིན་གཤེགས་པ་ལ་མཚན་ནས་སྨོས་པ་དང་། གདུང་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་སྤྱོད་པ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་དེ་བཞིན་གཤེགས་པ་ལ་མཚན་ནས་སྨོས་པ་དང་། གདུང་ནས་

སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་སྤྱད་པར་མི་བྱའོ་སྙམ་དུ་དགོངས་ནས་དགེ་སློང་ལྔ་པོ་དག་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་དེ་བཞིན་གཤེགས་པ་ལ་མཚན་ནས་སྨོས་པ་དང་། གདུང་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་དུ་སྤྱད་པར་མི་བྱ་སྟེ། ཀུན་ཏུ་

སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དེ་བཞིན་གཤེགས་པ་ལ་མཚན་ནས་སྨོས་པ་དང་། གདུང་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་སྤྱད་པར་མི་བྱ་སྟེ། ཀུན་ཏུ་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞོན་

Vol. 10 · folio 249b

ནུ་གཞོན་ནུ་དག་དགེ་སློང་རྒན་པ་རྒན་པ་དག་ལ་མིང་ནས་སྨོས་པ་དང་། རུས་ནས་སྨོས་པ་དང་། ཚེ་དང་ལྡན་པ་ཞེས་སྨོས་པ་ཀུན་ཏུ་སྤྱོད་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཞོན་ནུས་དགེ་སློང་ཆེས་རྒན་པ་ལ་

མིང་ནས་སྨོས་པ་དང་། རུས་ནས་སྨོས་པ་ཀུན་ཏུ་སྤྱད་པར་མི་བྱའོ། །འོན་ཀྱང་ཚེ་དང་ལྡན་པ་ཞེས་བོད་པའམ། བཙུན་པ་ཞེས་བོད་པ་གཉིས་ཀུན་ཏུ་སྤྱད་པར་བྱའོ། །དགེ་སློང་གཞོན་ནུས་དགེ་སློང་ཆེས་རྒན་པ་ལ་མིང་ནས་སྨོས་སམ། རུས་ནས་སྨོས་པ་ཀུན་ཏུ་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་

རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་འཕྲལ་ཐབས་ཅན་དང་། དགེ་སློང་མ་གསོད་མོ་ཇི་ལྟ་ཇི་ལྟར་སྐྱེ་བོའི་ཚོགས་མང་པོ་མི་དད་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་དག་ཏུ་རྒྱུ་བ་བྱེད་ཅེས་བྱ་བ་རྒྱས་པར་རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །སངས་རྒྱས་བཅོམ་

ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེན་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་ཡང་མ་བསྟན་པས་

ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་བཤད་དོ། །དགེ་སློང་དག་ཁྱེད་ཀྱིས་ངས་སྔོན་གནང་བ་ཡང་མེད། བཀག་པ་ཡང་མེད་པ་གང་ཡིན་པ་དེ་ཡང་གལ་ཏེ་མི་རུང་བ་སྟེན་ཅིང་རུང་བ་དང་མི་མཐུན་ན་རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་བ་སྟེན་ཅིང་མི་རུང་བ་དང་མི་མཐུན་ན་རུང་

བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི། སྤངས་པ་དག་ནི་བགེད་པ་དང་། །སྦྲང་མ་རྣམས་ཀྱི་སྐྱབས་དང་ནི། །སྤྱད་ཚགས་དང་ནི་གྱོ་མོ་དང་། །སྲ་བརྐྱང་གདིང་དང་མང་པོའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་ལ་ཆོས་གོས་ཀྱི་སྤང་བ་བྱུང་ནས། དེས་དེ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་དགེ་འདུན་ལ་སྤངས་སོ། །དགེ་སྐོས་ཀྱིས་བསམས་པ། འདི་ནི་དགེ་འདུན་གྱི་རྙེད་པ་གྲུབ་པ་ཡིན་ཏེ་སྤེལ་ནས་བགོ་བར་བྱའོ་སྙམ་ནས། དེས་

Vol. 10 · folio 250a

དེ་སྤེལ་ནས་དགེ་འདུན་ལ་བྲིམས་པ་དང་། དགེ་སློང་དེ་ཕོངས་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་སྤང་བ་དགེ་འདུན་ལ་སྤངས་པ་ལས་

གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་དགེ་འདུན་ལ་སྤང་བར་མི་བྱའོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཞིག་གིས་སྤང་བ་དགེ་འདུན་ལ་སྤངས་པ་དང་། དེ་དགེ་སྐོས་ཀྱིས་སྤེལ་ཏེ་བགོས་ཀྱིས། དེ་ལྟ་བས་ན་དགེ་སློང་གིས་སྤང་བ་དགེ་འདུན་

ལ་སྤང་བར་མི་བྱའི། འོན་ཀྱང་གང་ཟག་ལ་སྤང་བར་བྱའོ། །གལ་ཏེ་མི་ཤེས་པས་སྤངས་ན་ཡང་དགེ་འདུན་གྱིས་བགོ་བར་མི་བྱའོ། །དགེ་སློང་གིས་སྤང་བ་དགེ་འདུན་ལ་སྤངས་སམ། དགེ་འདུན་གྱིས་བགོས་ན་གཉི་ག་ལ་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་

དགེ་སློང་གི་སྤང་བ་དགེ་འདུན་ལ་སྤང་བར་མི་བྱའི། འོན་ཀྱང་གང་ཟག་ལ་སྤང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་ཞིག་ལ་ཆོས་གོས་ཀྱི་སྤང་བ་བྱུང་སྟེ། དེས་དགེ་སློང་མི་ཤེས་པ་ཞིག་ལ་སྤངས་པ་དང་། དེས་བླངས་ནས་ཅང་མི་ཟེར་བར་འདུག་གོ། །སྐབས་དེ་དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཞན་གྱིས་བརྡ་སྤྲད་པར་བྱ་སྟེ། གལ་ཏེ་བྱིན་ན་ལེགས། ཅི་སྟེ་མི་སྟེར་ན་མཐུས་ཕྲོགས་ལ་བྱིན་གྱིས་བརླབ་པར་བྱའོ། །རུང་བར་བྱ་བའི་ཕྱིར་སྤངས་པ་ཡིན་པས་སྤངས་པ་གཏན་

བཀུར་བར་མི་བྱའི་འོན་ཀྱང་སྤངས་པ་སླར་སྦྱིན་པར་བྱའོ། །གླེང་གཞི་ནི་ཡངས་པ་ཅན་ནའོ། །དབྱར་གྱི་དུས་སུ་དགེ་སློང་དག་སྦྲང་བུ་མཆུ་རིངས་ཀྱིས་ཟོས་ཏེ། དེ་དག་གཡའ་སྟེ་སེན་མོས་ལུས་ཀུན་ཕྲུགས་པ་དང་། བར་བར་དུ་ཁྲག་གི་ཐིགས་པ་དང་ཐོར་བུ་དག་བྱུང་བར་སྣང་

ངོ་། །དེ་ལྟར་ལུས་མི་སྡུག་པ་དེ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། དེ་དག་གིས་སྨྲས་པ། འཕགས་པ་ཁྱེད་ཅི་ཞིག་གིས་ལུས་ཀྱི་གནས་སྐབས་འདི་ལྟ་བུར་གྱུར། དེ་དག་གིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེ་དག་གིས་སྨྲས་པ། འཕགས་པ་ཁྱེད་སྦྲང་

Vol. 10 · folio 250b

སྐྱབས་མི་འཆང་ངམ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ན་ཇི་ལྟར་བཅང་། འཕགས་པ་ཁྱེད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་དག་གིས་སྦྲང་སྐྱབས་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྦྲང་སྐྱབས་བཅང་བར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་གིས་ཅི་འདྲ་བ་བཅང་བར་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་སྲིད་དུ་ཁྲུ་བཞི་

ཞེང་དུ་ཁྲུ་དོ་པ་དེ་ཤིང་ལ་བརྒྱངས་ལ་སྟེང་ནས་དགབ་པར་བྱ་ཞིང་རས་ཁྲུ་བཅུ་གཉིས་པས་ངོས་ཁོར་ཡུག་ཏུ་བསྐོར་བར་བྱའོ། །དགེ་སློང་དག་གིས་རས་དེ་མ་ལུས་པར་བྱས་པ་དང་། གློ་ནས་སྦྲང་བུ་མཆུ་རིངས་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་ལྷག་མ་དང་བཅས་པ་

བཅང་བར་བྱ་ཞིང་དེས་གློ་ནས་དཀྲི་བར་བྱའོ། །དགེ་སློང་དག་གིས་སྦྲང་སྐྱབས་བྱས་ནས་རས་དེ་ཕྱོགས་གཅིག་ནས་བཏེག་སྟེ་འཛུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གདོད་པར་བྱའོ། །དགེ་སློང་དག་གིས་སྒོ་ཐད་ཀར་བཏོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། བསྣོལ་མར་བྱའོ། །ཚ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་དུ་བསིལ་ཡབ་གཞག་པར་བྱའོ། །འོག་ནས་སྦྲང་མ་མཆུ་རིངས་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་གྱིས་དགབ་པར་བྱ་ཞིང་རྣམ་པ་གང་དང་གང་གིས་སྦྲང་བུ་མཆུ་རིངས་

ཟ་བ་དེ་ཐམས་ཅད་རུང་བ་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་ཆུ་བཙག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ལག་པས་ཆུ་ཚགས་འཛིན་པས་དེ་དག་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལ་བཏགས་ཏེ་བཙག་པར་

བྱའོ། །དགེ་སློང་དག་གིས་ཤིང་ལ་བཏགས་ཏེ་བཙགས་ན་འོན་ཀྱང་ངལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུག་གུ་གསུམ་བཅང་བར་བྱའོ། །དགེ་སློང་དག་གིས་དབྱུག་གུ་གསུམ་ལ་བཏགས་ན་འདུག་ཏུ་མ་བཏུབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཕུག་ལ་སྲད་

Vol. 10 · folio 251a

བུའམ། གཟེར་བུས་སྦྲེལ་ལ་ཆུ་ཚགས་གདགས་པར་བྱའོ། །དགེ་སློང་དག་གིས་ཆུ་ཚགས་བཏགས་ནས་ཆུ་བླུགས་པ་དང་། ཕྱེད་ས་ལ་བོ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ནས་ས་ལ་མི་འབོ་བར་དྲན་པ་ཉེ་བར་གཞག་སྟེ་བླུག་པར་བྱའོ། །དགེ་སློང་

དག་གིས་བུམ་པ་ཞབས་རྟེན་མེད་པར་བཞག་པས་དེ་འདྲིལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞབས་རྟེན་གཞུག་པར་བྱའོ། །དགེ་སློང་གཞན་དག་གཅིག་གིས་ཆུ་བླང་བར་བརྩམས་པ་དང་། དེ་ཆུ་ཚགས་སུ་མ་ཚགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅལ་གཞུག་པར་བྱའོ། །དགེ་སློང་དག་གིས་ཅི་ཞིག་གཞུག་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེ་མའམ། བ་ལང་གི་ལྕི་བའོ། །འོན་ཀྱང་མ་ཚགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཚགས་རྟེན་སྣོད་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚགས་རྟེན་སྣོད་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཇི་ལྟ་བུ་བཅང་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚགས་རྟེན་སྣོད་ནི་གཉིས་ཏེ། ཟངས་ལས་བྱས་པ་དང་།

ས་ལས་བྱས་པའོ། །དགེ་སློང་དག་གིས་ཚགས་རྟེན་སྣོད་ལག་པས་བཟུང་བ་དང་། དེ་དག་ངལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟངས་ལས་བྱས་པ་གང་ཡིན་པ་དེ་ནི་ཕུག་ལ་ལྕགས་ཐག་འཇམ་པོས་དབྱུག་གུ་གསུམ་ལ་གདགས་པར་བྱའོ། །ས་ལས་བྱས་པ་གང་ཡིན་

པ་དེ་ནི་ཕུག་ལ་ཐ་གུས་གདགས་པར་བྱའོ། །ཆུ་ཚགས་གཞན་དག་ཆུ་མ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་གློར་ཡང་དང་ཡང་དུ་བརྡབ་པར་བྱའོ། །དགེ་སློང་དག་ཆུ་རྟོག་པ་ན་བུམ་པ་མ་གང་བ་ལ་བརྟགས་པས་སྲོག་ཆགས་དག་མ་རྟོགས་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུམ་པ་ལེགས་པར་བཀང་ལ་ཇི་སྲིད་དུ་ཆུ་མི་གཡོ་བ་དེ་སྲིད་དུ་གཞག་པར་བྱ་ཞིང་། དེ་ནས་བརྟག་པར་བྱའོ། །བུམ་པ་བཀང་བ་དང་། སྟེང་དུ་རྡུལ་ཞུགས་པ་དགེ་སློང་དག་གིས་དེ་མ་བསལ་བས་སྲོག་ཆགས་དག་མ་རྟོགས་ནས། བཅོམ་

Vol. 10 · folio 251b

ལྡན་འདས་ཀྱིས་བཀའ་སྩལ་པ། རྡུལ་བསལ་ནས་བརྟག་པར་བྱའོ། །དགེ་སློང་དག་གིས་སྲོག་ཆགས་མཛུབ་མོའི་རྩེ་མོས་བསྟན་པས་དེ་དག་འགུལ་ཏེ་མིག་གིས་མ་སོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བུའི་རྩེ་མོའམ། རྩྭའི་རྩེ་མོའམ་ཕྲ་མོ་གཞན་གང་ཡང་

རུང་བས་བསྟན་པར་བྱའོ། །དགེ་སློང་དག་གིས་ཆུ་ཚགས་ཉིད་ནས་ཆུ་ཁྲོན་པར་ཕོ་བ་དང་། སྲོག་ཆགས་དག་རྡབ་སྣུན་པས་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསལ་ཚགས་བསྲེལ་བར་བྱའོ། །དགེ་སློང་དག་གིས་བཀང་སྟེ་བཏང་ན་ཕྱིར་གང་བཞིན་དུ་འོང་བ་གང་

ཡིན་པ་དེ་ལྟ་བུ་བསྲེལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀང་སྟེ་བཏང་ན་ཕྱིར་སྟོང་པར་འོང་བ་ཅི་འདྲ་བ་དེ་འདྲ་བ་བསྲེལ་བར་བྱའོ། །གཞན་དག་གཅིག་གིས་བསལ་ཚགས་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ནི་ཆུ་ཚགས་ཐེ་གུས་བཏགས་

ལ་ཅི་ནས་བཀང་སྟེ་བཏང་ན་ཕྱིར་སྟོང་པར་འོང་བ་དེ་ལྟར་གཏང་བར་བྱའོ། །དགེ་སློང་དག་གིས་ཆུ་ཕོ་ནས་ཆུ་ཚགས་བཤལ་བར་མི་བྱེད་འཁྲུ་བར་མི་བྱེད། འཚིར་བར་མི་བྱེད། སྐེམས་པར་མི་བྱེད། ལྟོབ་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ཚགས་ཀྱིས་ཆུ་ཕོ་ནས་དེ་བཤལ་

བར་བྱ། བཀྲུ་བར་བྱ། བཙིར་བར་བྱ། བསྐམ་པར་བྱ། བལྟབ་པར་བྱའོ། །དགེ་སློང་དག་དགེ་འདུན་གྱི་ཆུ་ཡང་ཆུ་ཚགས་ཀྱིས་ཚག་པར་བྱེད་པ་དང་། དགེ་སློང་གི་དགེ་འདུན་ཕལ་ཆེས་པས་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་གི་དགེ་འདུན་ཕལ་ཆེ་བར་

གྱུར་ན་ཆུ་ཚགས་མང་པོ་བཅང་བའམ། ཡང་ན་བུམ་ཚགས་གཅེའུ་ཅན་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བུམ་ཚགས་གཅེའུ་ཅན་གྱིས་བཙག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་བུམ་ཚགས་གཅེའུ་ཅན་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་འམ་ཟངས་

ལས་བུམ་པའི་དབྱིབས་ལྟ་བུ་བྱ་ཞིང་དེ་ལ་པད་མའི་སྙིང་པོ་ལྟ་བུའི་བུ་ག་དག་གདོད་པར་བྱའོ། །དེ་དག་བསྡུ་བའི་ཕྱིར་དེ་དག་གི་སྟེང་དུ་བུ་ག་ཆེན་པོ་གཅིག་གདོད་དོ། །དེ་དག་ཉིད་བསྡུ་བའི་ཕྱིར་གཅེའུ་གཞུག་པར་བྱའོ། །དེ་ནས་སྟེང་རས་ཀྱིས་གཡོགས་ལ་ཆུ་བཙག་པར་བྱ་ཞིང་རས་དེ་ཡང་བཤལ་བར་བྱ། བཀྲུ་བར་བྱ། བསྐམ་པར་

Vol. 10 · folio 252a

བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་གཉིས་པ། དགེ་སློང་དག་གིས་ཤིག་དང་། རྩྭ་ཤིག་དང་། སྲོག་ཆགས་གཞན་དག་གཡང་ས་ནས་བོར་བ་དང་། དེ་དག་དྲན་པ་ཉམས་ཤིང་གནོད་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་ཆགས་ཐམས་ཅད་གཡང་ས་ནས་དོར་བར་མི་བྱའོ། །དེ་དག་གིས་གར་བབ་བབ་ཏུ་བོར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གར་བབ་བབ་ཏུ་བོར་བར་མི་བྱའི། ཤིག་ནི་

ར་དེའི་ནང་དུ་གཞུག་པར་བྱ། དེ་མ་རྙེད་ན་ཀ་བའི་སེར་ཀའམ། རྩིག་པའི་བུ་གར་ཆུག་ཤིག །རྩྭ་ཤིག་ནི་ནེའུ་གསིང་སྔོན་པོའི་ས་ཕྱོགས་སུ་གཞག་པར་བྱའོ། །དེ་མ་རྙེད་ན་བསིལ་བའི་ཕྱོགས་སུའོ། །སྲོག་ཆགས་གཞན་ཡང་རང་རང་གི་གནས་སུ་གཏང་བར་

བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཆབ་བཙགས་པ་མ་བརྟགས་པ་འཚལ་དུ་རུང་ལགས་སམ། ཉེ་བ་འཁོར་མིག་གིས་མ་བརྟགས་ན་མི་རུང་ངོ་། །བཙུན་པ་ཆབ་བཙགས་པ་བརྟགས་པ་འཚལ་དུ་རུང་

ལགས་སམ། ཉེ་བ་འཁོར་མིག་གིས་བརྟགས་པའི་ཕྱིར་རུང་ངོ་། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱིས་སྲ་བརྐྱང་གདིང་བར་བྱའོ་ཞེས་བཀའ་སྩལ་པ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་

ཐོས་ནས་དེས་དགེ་འདུན་ལ་སྲ་བརྐྱང་ཕུལ་ལོ། །དེ་བཞིན་དུ་བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་ཚུལ་མ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དྲང་སྲོང་བྱིན་དང་། རྙིང་པ་དག་དང་། ཕྱ་མཁན་དག་དང་། གཞན་མང་པོ་དག་གིས་སྲ་བརྐྱང་

ཕུལ་བ་དང་། དགེ་སློང་དག་གིས་སྲ་བརྐྱང་གཅིག་ཅིག་བྱིན་གྱིས་བརླབས་ནས་ལྷག་མ་གཞན་དེ་དག་ཉིད་ལ་སླར་བསྐུར་བར་བརྩམས་པ་དང་། དེ་དག་གིས་འཕགས་པ་འདི་དག་ནི་བདག་ཅག་གིས་དགེ་འདུན་ལ་ཕུལ་བ་ལགས་པས་བདག་ཅག་སླར་ཇི་ལྟར་འཚལ།

Vol. 10 · folio 252b

སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་གནང་གིས་བླང་བར་བྱ་ཞིང་བླངས་ནས་ཀྱང་གཏན་པ་འདིང་བའི་དགེ་སློང་མང་པོ་བསྐོ་བར་བྱའོ། །ཇི་ལྟར་སྔར་བསྐོས་པ་དེ་ལས་ཕྱིས་གཅིག་གདིང་

བར་བྱའོ། །ལྷག་མ་རྣམས་ནི་གཞག་པར་བྱ་ཞིང་། དེ་ནི་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱི་བགོ་བའི་རྙེད་པ་ཡིན་པས་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་ཚོགས་པས་ཅི་དགར་བགོ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི།

ང་འདས་པ་ལ་སྦྱིན་མེད་དང་། །གང་གིས་བསྔོས་པ་ཤི་བ་དང་། །གང་ལ་གཏད་པ་ཤི་བ་དང་། །བབས་པ་དང་ནི་འགྱོད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་

ཡོད་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་རིམ་གྱིས་བུ་གསུམ་བྱུང་ངོ་། །དེ་

རྣམས་ཀྱི་ཐ་ཆུངས་གང་ཡིན་པ་དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་དུས་གཞན་ཞིག་ན་ལྗོངས་རྒྱུ་ཞིང་སོང་ངོ་། །ལྗོངས་རྒྱུ་ཞིང་སོང་བ་ན་དེའི་ཕ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་

སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་དེའི་ནད་དེ་ཞི་བར་མ་གྱུར་ཏེ། གང་གི་ཚེ་དེ་ཤི་ལ་ཐུག་པའི་ཚོར་བ་བྱུང་སྟེ། རིང་པོ་མི་ཐོགས་པར་འཆི་བའི་དུས་བྱེད་པར་འགྱུར་བ་དེའི་ཚེ་དེས་མཛའ་བོ་དང་། གཉེན་དང་ཕུ་ནུ་བོ་དང་། ཁྱིམ་ཚེས་རྣམས་བསྡུས་ནས་བུ་དེ་གཉིས་ལ་སྨྲས་

པ། བུ་ངའི་ཁྱིམ་ན་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ཁྱེར་ཏེ་ཤོག་ཤིག །དེ་དག་གིས་ཀྱང་དེའི་ཚིག་མཉན་ཏེ་ཐམས་ཅད་ཁྱེར་ཏེ་འོངས་པ་དང་། དེས་མཛའ་བོ་དང་། གཉེན་དང་། ཕུ་ནུ་དེ་དག་དང་། ཁྱིམ་ཚེས་ཀྱི་མི་དེ་ལ་སྨྲས་པ། ཤེས་ལྡན་དག་གསོན་ཅིག །

Vol. 10 · folio 253a

བདག་གི་བུ་གསུམ་ཡོད་པ་ལས་ཕུ་བོ་གཉིས་ནི་འདི་དག་ཡིན། ཐ་ཆུངས་གང་ཡིན་པ་དེ་ནི་དགེ་སྦྱོང་ཤཱཀྱའི་ནང་དུ་རབ་ཏུ་བྱུང་ངོ་། །དེའི་ཕྱིར་བདག་གི་ཁྱིམ་ན་ནོར་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་དེ་རྣམས་མཉམ་པར་བགོས་ཤིག་ཅེས་སྨྲས་ནས། བསགས་

པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོའི་མཐའ་ནི་རྙིལ་བར་འགྱུར། །འདུ་བའི་མཐའ་ནི་འབྲལ་བ་སྟེ། །གསོན་པོའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏེ། དེ་ཁྱོགས་གོས་སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་དག་

གིས་བརྒྱན་ཏེ་དུར་ཁྲོད་དུ་ཁྱེར་ནས་བསྲེགས་སོ། །དེའི་བུ་དེ་དག་གིས་དེའི་ཤིད་བཏང་བ་དང་མྱ་ངན་བསང་བ་བྱས་ཏེ་འདུག་གོ། །དེའི་བུ་དེས་བདག་གི་ཕ་དེ་ཤིའོ་ཞེས་ཐོས་ནས། དེ་འདི་སྙམ་དུ་བདག་སོང་ལ་མ་ཡར་མོ་དེ་དང་། ཕུ་བོ་དེ་དག་ལ་ཆོས་བཤད་དེ་མྱ་ངན་བསང་བར་བྱའོ་

སྙམ་དུ་བསམས་ནས་དེ་ཇི་སྲིད་འདོད་པར་ལྗོངས་ན་འདུག་ནས་ལྷུང་བཟེད་དང་། ཆོས་གོས་ཁྱེར་ཏེ། མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་སོང་ནས། རིམ་གྱིས་རྒྱུ་ཞིང་སོང་བ་ལས་མཉན་ཡོད་དུ་ཕྱིན་ཏོ། །དེས་ཆོས་གོས་དང་ལྷུང་བཟེད་རྒྱལ་བྱེད་ཀྱི་ཚལ་དུ་བཞག་སྟེ་ལམ་

གྱིས་དུབ་པ་ངལ་བསོ་ནས་རང་གི་ཁྱིམ་དུ་སོང་ངོ་། །ནང་མི་རྣམས་ཀྱིས་དེ་མཐོང་ནས་ངུས་སོ། །ངུ་བ་དེ་ཐོས་ནས་ཁྱིམ་ཚེས་རྣམས་འདུས་ཏེ། ལ་ལ་ནི་སྐད་ཕྱུང་སྟེ་ངུ་། ལ་ལ་ནི་མིག་མཆི་མས་གང་བར་གྱུར་ཏོ། །དེ་སོ་སོའི་སྐྱེ་བོ་ཡིན་པས་སྐྱེ་བོའི་ཚོགས་ཆེན་

པོ་སྨྲེ་ཞིང་འདུག་པ་ཐོས་ནས་ད་ཡང་མིག་མཆི་མས་གང་ཞིང་འདུག་པ་དང་། དེ་ལ་ཁྱིམ་ཚེས་ཀྱི་བུད་མེད་གཅིག་གིས་སྨྲས་པ། བུ་མྱ་ངན་མ་བྱེད་ཅིག །ཁྱོད་ཀྱི་ཕ་དེ་བསོད་ནམས་བྱས་པས་ལྷ་ཡུལ་དུ་སོང་ངོ་། །ཁྱོད་ལ་ཡང་ཕས་མཛའ་བོ་དང་། གཉེན་དང་། ཕུ་ནུ་

བོ་དང་། ཁྱིམ་ཚེས་རྣམས་བསྡུས་ཏེ་ནོར་གྱི་སུམ་ཆ་གཅིག་ཀྱང་བྱིན་ནོ། །དེས་བསམས་པ་བཅོམ་ལྡན་འདས་ཀྱིས་ང་འདས་ནས་འདི་ལ་བྱིན་ཅིག་ཅེས་ཟེར་བ་ནི་མེད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་འདི་ལྟ་བུ་ཡིན་ནོ་སྙམ་དུ་རིག་ནས་ང་དེའི་ཕྱིར་མྱ་ངན་བྱེད་པ་ནི་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words